དད་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ
Sanskrit title (Tibetan script, as in the text) ཤྲདྡྷ་པྲ་ལ་ནཱ་མ་སྟ་བ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 36 · folio 306a
༄༅༅། །རྒྱ་གར་སྐད་དུ། ཤྲདྡྷ་པྲ་ལ་ནཱ་མ་སྟ་བ། བོད་སྐད་དུ། དད་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །
ཉེས་པའི་དྲི་མ་མ་ལུས་བསལ། །ཡོངས་དག་ཡོན་ཏན་ཚོགས་བརྙེས་པ། །རྒྱལ་བ་ཀུན་གནས་ཁྱོད་ཉིད་ཞབས། །པདྨ་གཉིས་ལ་ཕྱག་འཚལ་ལོ། །སྲིད་པའི་སྡུག་བསྔལ་བསལ་དཀའི་མེ། །ཚ་བ་ཉེ་བར་ཞི་མཛད་ཅིང་། །བསོད་ནམས་ཚོགས་ནི་མ་ལུས་པས། །ཐུགས་ནི་ཡོངས་སུ་རྒྱས་མཛད་
པ། །ཁྱོད་ཀྱི་ཡོན་ཏན་ཟག་མེད་རྣམས། །བྱང་ཆུབ་སེམས་དཔའ་མཆོག་གི་ཕུལ། །འདོད་ཆགས་ལ་སོགས་དབང་གྱུར་ཀྱང་། །བདག་འདྲའི་སྤྱོད་ཡུལ་ག་ལ་ལགས། །འགྲོ་བའི་སྣང་བ་གཞིར་གྱུར་པ། །ཉི་མ་སྤྲིན་དང་བྲལ་བ་ལ། །མེ་ཁྱེར་ཉོན་མོངས་དག་གིས་ནི། །སྣང་བ་བགྱིད་ལྟ་ཅི་ཞིག་
འཚལ། །དེ་ལྟ་མོད་ཀྱི་ངག་གི་ཚོགས། །དམན་པས་ཀྱང་ནི་སྟོད་བགྱིད་པ། །བདག་གིས་ཅུང་ཞིག་གང་སྨྲས་དེ། །མགོན་ལ་དད་པས་དྲངས་པ་ལགས། །ལྟ་བས་མི་ངོམས་ཡིད་འོང་ཞིང་། །མཆོག་ཏུ་སེམས་དཔའ་སྩོལ་མཛད་པ། །སྲོག་དང་བྲལ་བའི་ངོ་བོ་ཉིད། །ཐུགས་རྗེའི་བདག་ཉིད་
ཅན་ཕྱག་འཚལ། །རབ་ཞི་བདུད་རྩི་འཛག་པའི་སྐུ། །སུ་ཞིག་ལ་ནི་ཞི་མི་བགྱིད། །སྲིད་པའི་སྲེད་པས་གདུངས་པ་རྣམས། །བཅོམ་ལྡན་ཁྱེད་ཀྱིས་རྟག་ཞི་མཛད། །ཡིད་འོང་མཚོ་ལས་བྱུང་བ་ཡི། །བདུད་རྩི་དཀར་པོ་དང་འདྲ་ཞིང་། །རྟག་ཏུ་དེ་ཉིད་དཔལ་གྱིས་ནི། །མཚན་མོའི་ཡོན་
Vol. 36 · folio 306b
ཏན་དག་གིས་བརྒྱན། །རྫོགས་པའི་བྱང་ཆུབ་པདྨ་ཡིས། །སེམས་ཅན་བུང་བ་ཚིམ་མཛད་པ། །ཁྱེད་མཐོང་ན་ནི་རྟག་པ་རུ། །དགའ་མཆོག་སུ་ཞིག་སྐྱེ་མི་འགྱུར། །ཁྱེད་ལ་མངོན་དད་ཡིད་འོང་བའི། །བདེ་ལ་གནས་པའི་སེམས་ཅན་ལ། །ལྷ་ཡུལ་བུད་མེད་བཞིན་གྱི་མདངས། །ཟླ་
འདྲ་འདོད་ཆགས་བདེ་བསྐྱེད་དང་། །མངོན་འདོད་འབྲས་བུས་ཀུན་སྟེར་བའི། །དཔག་བསམ་ཤིང་གིས་རྣམ་བརྒྱན་ཞིང་། །ཡིད་འོང་ཐམས་ཅད་རྙེད་སླ་བའི། །དགའ་བའི་ཚལ་ལའང་ཆགས་མི་འགྱུར། །མཆོག་ཏུ་སེམས་དཔའ་སྐྱེད་མཛད་ཅིང་། །ལྟ་ངན་རབ་རིབ་སྡུག་པོ་ནི། །ཤིན་ཏུ་
ལེགས་པར་འཇོམས་གྱུར་པའི། །བར་སྣང་ལས་ནི་རྟགས་ཤར་བ། །བདག་ཉིད་ཆེན་པོ་གང་གིས་མཐོང་། །དེས་ནི་གཞན་དག་ལྟ་མི་འགྱུར། །ལུས་ཅན་ཁམས་གསུམ་འབྲོག་དགོན་ནི། །ཆེན་པོར་རྟག་ཏུ་འཁྱམས་གྱུར་ཅིང་། །རྟག་ཏུ་ལམ་མཆོག་ལས་ཉམས་ལ། །ཁྱེད་ལམ་མངོན་
སུམ་སྟོན་པ་མཛད། །སེམས་ཅན་གྱི་ནི་པདྨའི་ཚལ། །དམ་ཆོས་འོད་ཟེར་དྲ་བ་ཡིས། །སད་མཛད་ཉིན་མོར་གྱུར་པས་ན། །སྔོན་མེད་ཉི་མ་ཁྱོད་ལགས་སོ། །རབ་དགའི་རྒྱ་མཚོ་ལས་བྱུང་བའི། །བདུད་རྩི་གཉིས་པ་ཁྱོད་ལགས་ཏེ། །རྟག་ཏུ་བདུད་རྩིའི་གནས་བརྙེས་པས། །འགྲོ་བ་ཉམ་
ཐག་སེལ་མཛད་པ། །ཉོན་མོངས་ཐམས་ཅད་སྤངས་པ་ཡིས། །དགྲ་བཅོམ་གོ་འཕང་ཐོབ་པ་གང་། །ཁྱེད་ཀྱི་ཡོན་ཏན་མ་འཚལ་བས། །དེ་ཡང་མཁས་པ་མ་ལགས་སོ། །གློག་འགྱུ་ལྟ་བུར་འབྱུང་བ་ཡི། །སྲོག་ནི་སྡུག་བསྔལ་སྐྱེད་བྱེད་པས། །སྐད་ཅིག་གིས་འཇིག་འཁོར་བ་ན། །
སྙིང་པོ་ཁྱེད་སྐུ་དྲན་པ་ལགས། །རྒྱལ་སྲས་ཁྱེད་ཀྱི་བསམ་གཏན་གྱིས། །བདུད་རྩིས་རྟག་ཏུ་ཚིམ་བྱེད་པའི། །ཡིད་ལ་སྲིད་པའི་སྡུག་བསྔལ་ནི། །མ་ལུས་བརྗེད་དེ་གནས་པ་ལགས། །སྐུ་གསུང་ཐུགས་སྤྲོ་འོད་ཟེར་གྱིས། །འཇིག་རྟེན་ཁམས་ནི་ཚད་མེད་པའི། །གཏི་མུག་གི་ནི་མུན་བསལ་
བ། །ཁྱེད་ཀྱིས་སྐད་ཅིག་གཅིག་གིས་མཛད། །རང་གི་ངོ་བོའི་བདུད་རྩི་ཆེ། །སྐལ་ལྡན་བདེ་བ་བཏང་ནས་ནི། །རྣམ་རྟོག་བག་ཆགས་ཤས་ཆེ་ནས། །འཁྲུལ་བས་འཁོར་བར་གྱུར་པ་ལ། །ཆོས་དབྱིངས་ངོ་བོ་ཉིད་ལགས་ཀྱང་། །འཇིག་རྟེན་མི་ཤེས་བསལ་བའི་ཕྱིར། །ཀུན་རྫོབ་རྣམ་པའི་སྐུ་
Vol. 36 · folio 307a
ཡིས་ནི། །བཞུགས་ཀྱི་ཡང་དག་ཉིད་ཀྱིས་མིན། །ཐུགས་རྗེའི་བདུད་རྩི་བཏུང་མཆོག་གིས། །ཚིམ་མཛད་བདེ་བ་རབ་སྩོལ་ཞིང་། །རྟག་ཏུ་ཉམས་ནི་སྣ་ཚོགས་པའི། །སངས་རྒྱས་རོལ་མོས་གར་མཛད་དོ། །གཉིས་པར་འཁྲུལ་པ་ལས་ཟློག་ཕྱིར། །ཤེས་རབ་ཐབས་ནི་
གཉིས་མེད་མཛད། །ཀུན་དུ་རྨོངས་པ་བསལ་བའི་ཕྱིར། །ཤེས་རབ་མཆོག་གི་འོད་རབ་གསལ། །རྣམ་ཐར་གསུམ་གྱི་བདེ་བརྙེས་པས། །ཞལ་གསུམ་ཡིད་དུ་འོང་བའང་མངའ། །སྦྱིན་སོགས་ཕ་རོལ་ཕྱིན་པ་དྲུག །ལེགས་པར་བརྙེས་པས་ཕྱག་དྲུག་མངའ། །ཤེས་རབ་རྣོན་
པོའི་ངོ་བོ་བས། །ཕྱག་གཉིས་དཀྱིལ་འཁོར་མཆོག་སྦྱིན་མཛད། །བསམ་པ་ཐམས་ཅད་རྫོགས་མཛད་པས། །རིན་ཆེན་མཆོག་ནི་ཕྱག་ན་བསྣམས། །མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ཡིས། །རྟག་ཏུ་རྡོ་རྗེ་པདྨར་སྟོན། །བདེ་བའི་ཐབས་ཀྱིས་དེ་ཐོབ་ཅེས། །དེ་ཉིད་དགའ་བདག་ཅན་ལ་སྟོན། །
ཡོན་ཏན་འབྱོར་བ་ཡོངས་རྫོགས་པས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ལགས། །དཀའ་བ་ལས་ནི་ཟློག་མཛད་པས། །སེམས་དཔའི་སྐྱིལ་ཀྲུང་བདེ་བས་བཞུགས། །དངོས་པོའི་ཚོགས་ནི་དབྱེར་མེད་པས། །ཁྱེད་བཞུགས་པ་ལ་ངེས་སྣང་སྟེ། །སྐུ་ནི་རང་བཞིན་དྲི་མ་མེད། །སྣ་
ཚོགས་གཟུགས་སུ་རྣམ་པར་སྟོན། །གདུལ་བྱ་སྣ་ཚོགས་སེམས་ཅན་དོན། །རྣམ་པ་གཅིག་གིས་འགྲུབ་པ་ནི། །སྣ་ཚོགས་རིགས་ཀྱི་དབྱེ་བ་ཡིས། །ཐུགས་རྗེའི་གཏེར་ཆེན་ཁྱེད་རབ་མཛེས། །བསམ་བྱ་ཁྱེད་ལས་གཞན་མ་མཆིས། །བསམ་གཏན་མཆོག་ཀྱང་ཁྱེད་
ལགས་པས། །མ་རིག་མཚན་མོའི་མུན་རུམ་ན། །དཔག་མེད་འོད་ལྡན་སྟོན་ཟླ་ཁྱེད། །སྲིད་པ་ཉིད་ལ་ཞུགས་གྱུར་ཀྱང་། །སྲིད་པ་མེད་པ་ཉིད་དུ་མཛད། །སྲིད་པ་སྲིད་མེད་པར་ཞེན་པས། །འཇིག་རྟེན་ཉིད་དང་འདྲ་བར་མཛད། །སེམས་ཅན་ཀུན་ལ་ཕན་དགྱེས་ཀྱང་། །སེམས་
ཅན་ཉེར་དམིགས་ཉིད་མི་མངའ། །སྒྱུ་མ་ལྟ་བུར་གནས་མཛད་ཀྱང་། །ཁྱེད་ལ་སྒྱུ་མ་མངའ་མ་ལགས། །ཆགས་སོགས་དྲི་མས་མ་གོས་པར། །སེམས་ཅན་ཆགས་པ་དབང་དུ་མཛད། །ཁྱོད་ནི་རང་བཞིན་ཆེར་ཞི་ཡང་། །བདུད་རྣམས་འཇོམས་པར་མཛད་ལ་དགྱེས། །
Vol. 36 · folio 307b
རང་རིག་ཉམས་སུ་སྟོང་པ་ཡིས། །ཉོན་མོངས་བག་ཆགས་བཅས་ལས་རྒྱལ། །སྲིད་དང་ཐར་པའི་རོ་ལྟར་བས། །རོ་གཅིག་ཉིད་དུ་ཁྱེད་ཀྱིས་མཛད། །གང་ཞིག་དག་པའི་སེམས་ཀྱིས་ནི། །ཁྱེད་ནི་རྟག་ཏུ་སྒོམ་བྱེད་པ། །དེས་ནི་འགྲོ་བ་རྨི་ལམ་དང་། །དྲི་ཟའི་གྲོང་ཁྱེར་ལྟ་བུར་མཐོང་། །དེས་ན་རྣམ་རྟོག་ཚོགས་
ཀྱིས་ནི། །དྲི་མ་རྣམ་པར་དང་བར་འགྱུར། །རྣམ་པ་ཀུན་དུ་སྐྱེ་བ་ནི། །རྒྱུ་ནི་ཉེ་བར་གཅོད་པར་བགྱིད། །འགྲོ་བའི་སྡུག་བསྔལ་ལས་ཟློག་སྟེ། །སླར་ཡང་སྨོན་ལམ་སྟོབས་ཀྱིས་ནི། །སྣ་ཚོགས་ཚུལ་གྱིས་རྣམ་གནས་ཤིང་། །འགྲོ་བ་སྡུག་བསྔལ་ལྡན་རྣམས་སྐྱབས། །ཐུགས་རྗེའི་བྱིན་གྱིས་རྒྱུད་བརླན་པས། །དངོས་
པོ་མེད་ལས་རྒྱབ་ཀྱིས་ཕྱོགས། །བདེ་གཤེགས་སྲས་པོ་ཇི་བཞེད་པའི། །ཚུལ་ནི་རྣམ་པ་དུ་མས་བཞུགས། །གཞན་དག་སྟོང་པ་རྟོགས་བྱའི་ཕྱིར། །རང་རིག་ཉམས་ནི་སྟོན་པར་བརྩོན། །ངལ་བསོའི་གནས་ནི་མཆོག་བརྙེས་ནས། །རྟག་ཏུ་བདེ་བས་ཞུགས་པར་མཛད། །ཁྱེད་ནི་མཐོང་བ་
ཙམ་གྱིས་ཀྱང་། །བཞིན་རས་ཤིན་ཏུ་དང་བ་དང་། །སྤུ་གཡོ་མཆི་མར་བཅས་པ་དང་། །ལུས་ནི་སེམས་མེད་ལྟ་བུ་ཉིད། །ངེས་པ་ཁོ་ནར་འབྱུང་གྱུར་ན། །གཙོ་བོ་ཁྱེད་ཚུལ་མི་གཡོ་བ། །བློ་ཡི་མིག་གིས་མཐོང་བ་དག །དེ་ཡི་བདེ་བ་སྨོས་ཅི་འཚལ། །ཇི་ལྟར་ཁྱེད་ཀྱི་རྣམ་པ་ཀུན། །མཐོང་བ་
ལས་ནི་བདེར་གྱུར་པ། །དེ་ལྟར་སྐད་ཅིག་ཙམ་མཐོང་ལས། །བདེ་བར་གྱུར་པ་ཡོད་མ་ལགས། །ཀུན་བདག་དབང་ཕྱུག་བྱེད་པ་དང་། །ངས་སྤྲུལ་སྐྱེས་བུ་མཆོག་དང་ནི། །ཚངས་པ་མཆོག་གི་རང་བཞིན་དག །འདུ་ཤེས་ཀུན་དང་རྣམ་བྲལ་ཞེས། །ཐར་པ་ལས་ནི་ཕྱིན་ཅི་ལོག །ང་རྒྱལ་ལམ་
གྱི་རྗེས་འགྲོ་རྣམས། །ཁྱེད་ཀྱི་རང་བཞིན་མ་འཚལ་བས། །སྲིད་པ་གསུམ་གྱི་ལམ་ན་འཁོར། །སྲིད་པའི་ས་བོན་ང་རྒྱལ་ཞེས། །ཡང་དག་གསུང་བ་ཁྱེད་ཀྱི་གསུང་། །ང་རྒྱལ་ཡོད་ན་སླར་ཡང་ནི། །དེ་ལས་ལས་དང་སྐྱེ་བར་འགྱུར། །བདག་ང་ཞེས་བྱ་དང་བྲལ་ཞིང་། །གཟུང་དང་འཛིན་
པ་རྣམ་སྤངས་པ། །ཁྱེད་ཀྱི་ངོ་བོར་འཛིན་ཤེས་ན། །རང་བཞིན་གྱིས་ནི་ཡང་དག་སྣང་། །དང་བ་བསྒོམ་པ་ལ་དགའ་བས། །རྟག་ཏུ་སྐད་ཅིག་ཙམ་གྱིས་སྙེག །ངན་རྟོག་རབ་རིབ་ཀྱིས་འཐུམ་པས། །རྨི་ལམ་ན་ཡང་ཁྱེད་མི་མཐོང་། །ཟླ་བ་མར་ངོའི་མུན་རུམ་ན། །དམུས་ལོང་དག་གིས་ནོར་བུ་
Vol. 36 · folio 308a
བཟང་། །འོད་ཚོགས་ཤིན་ཏུ་དྲི་མ་མེད། །ལག་པར་གནས་ཀྱང་མི་མཐོང་ལྟར། །དེ་བཞིན་རྨོངས་པ་སྣ་ཚོགས་པའི། །རྣམ་པར་ཞེན་པས་ཁྱེད་མི་མཐོང་། །བདེ་བ་ཀུན་གྱི་གཏེར་གྱུར་པ། །རྨོངས་པའི་བློ་ཡིས་མཐོང་བ་དང་། །འོད་དང་ལྡན་པས་མཆོག་གྱུར་པ། །ཁྱོད་ནི་
རྟག་ཏུ་མཐོང་མི་འགྱུར། །ཡེ་ཤེས་སྣང་བ་གསལ་བ་ཡིས། །དྲི་མེད་མདངས་ལྡན་ཁྱོད་མཐོང་འགྱུར། །གདུལ་བྱའི་སྐྱེ་བོ་སྣ་ཚོགས་ལ། །ཐུགས་རྗེས་ཡིད་ནི་དྲངས་གྱུར་པ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། །ཁྱེད་ནི་ཚོགས་མཆོག་དག་ཏུ་བསྟན། །གནས་དང་སྐྱེ་དང་
འགག་ལས་འདས། །སྤྲོས་པ་རྣམས་དང་ཉེར་བྲལ་བས། །བཅོམ་ལྡན་ཁྱོད་ནི་བསྟོད་པ་མིན། །ཁྱོད་ནི་སྟོང་ལས་གཞན་མ་ལགས། །ཁྱོད་ཀྱི་སྐུ་ནི་འཇའ་འདྲ་ཞིང་། །སྒྱུ་མ་ལྟ་བུ་བྱུང་གྱུར་པ། །ཀུན་རྫོབ་ཏུ་ནི་དེ་བསྔགས་ཀྱི། །དམ་པའི་དོན་དུ་ཡོད་མ་ཡིན། །ཁྱེད་ནི་
དངོས་མིན་དངོས་མེད་མིན། །གཉིས་ཀ་མ་ཡིན་གོས་པ་མེད། །ཡོད་དང་མེད་པར་སྤྱོད་པ་ཡིས། །རྟོག་གེའི་སྤྱོད་ཡུལ་དག་ལས་འདས། །ཤེས་རབ་དམ་པ་ལ་དགྱེས་པས། །མཆོག་ཏུ་ཞི་བའི་བདུད་རྩི་ཅན། །འགྱུར་བ་མེད་པའི་ངོ་བོ་ཉིད། །ཞི་བའི་སྐུ་ལ་ཕྱག་འཚལ་
ལོ། །རྟག་ཏུ་ཀུན་གྱི་བདུད་རྩི་རིག །ཀུན་མཁྱེན་བདེ་བར་གཤེགས་པའི་བདག །དཔལ་མཆོག་དང་པོར་ཕྱག་འཚལ་འདུད། །ཕྱག་འཚལ་ཕྱག་འཚལ་ཁྱེད་ཕྱག་འཚལ། །ཀུན་རྫོབ་ཏུ་ནི་ཐ་སྙད་ཀྱིས། །མཁའ་དང་མཉམ་པ་ཁྱོད་བསྟོད་ཀྱིས། །རྣམ་རྟོག་བྲལ་བ་ཁྱོད་ལ་ནི། །
བདག་འདྲས་བསྟོད་པ་བྱེད་མི་རིགས། །སེམས་ཅན་མང་པོ་ལ་བྱམས་ཤིང་། །ཐུགས་རྗེས་ཐུགས་ནི་དྲངས་གྱུར་ལ། །བྱིས་པ་ཉེས་སྨྲ་ལྟ་བུ་ལ། །གཙོ་བོ་ཁྱོད་ནི་བཟོད་པར་མཛོད། །དེ་ལྟར་ཐུབ་དབང་གཙོ་ལ་བསྟོད། །བསོད་ནམས་བདག་གིས་གང་བསགས་པ། །དེས་ནི་སེམས་ཅན་
རང་རིག་པའི། །བདེ་བ་ཁྱེད་དང་འདྲ་བར་ཤོག །དད་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཤྲཱི་གུཔྟ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words