རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་གསང་བ་འདུས་པའི་འགྲེལ་པ
Sanskrit title (Tibetan script, as in the text) རཏྣ་པརྴཱ་ནཱ་མ་ར་ཧ་སྱ་ས་མ་ཛ་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 39 · folio 1b
༄༅༅། །རྒྱ་གར་སྐད་དུ། རཏྣ་པརྴཱ་ནཱ་མ་ར་ཧ་སྱ་ས་མ་ཛ་བྲྀཏྟི། བོད་སྐད་དུ། རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་གསང་བ་འདུས་པའི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་
འཚལ་ལོ། །གང་གིས་དངོས་ཀུན་གདོད་ནས་གསལ་བས་མཁའ་བཞིན་ཞི་ཞིང་དག །ཡང་དག་གསལ་བས་བསྲེས་པའི་འཁོར་ལོ་ཀུན་འདས་རབ་བཟློག་པ། །རྟག་སོགས་རྒྱལ་བ་སྐྱེད་བྱེད་འགྲོ་
ཀུན་དེ་ཉིད་གཅིག་པ་པོ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དེ་ལ་ཕྱག་འཚལ་ལོ། །དེ་ཡི་གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་རྣམས། །འཁྲུལ་དང་བྲལ་བས་དྲི་མེད་ཕུང་
པོ་དངོས་པོར་གྲུབ་པ་སྟེ། །འདོད་ཆགས་ལ་སོགས་ཐབས་ཀྱིས་ངེས་སྤྱོད་མངོན་པར་བྱང་ཆུབ་ཕྱིར། །སེམས་དོན་བདག་བཅས་རྣམ་རིག་ལ་སོགས་རྟག་སོགས་དེ་ལ་འདུད། །ས་ཆུ་མེ་རླུང་རང་
བཞིན་གྱུར་ཅིང་ཚངས་སྤྱོད་བཞི་ལས་སྐྱེས། །འཇོ་སྒེག་རོལ་གདུང་རབ་ཏུ་བྲོད་པའི་ཡི་དགས་གང་གི་སེམས། །སྒྱུ་མའི་སྐུ་ཡིས་རང་སྦྱོར་མཐའ་རུ་དེ་སྒྲོལ་རབ་མཁས་པ། །རྡོ་རྗེ་ཐེག་པར་འགྲོ་བའི་
Vol. 39 · folio 2a
ལམ་མཆོག་སྤྱན་སོགས་དེ་ལ་འདུད། །དེ་བཞིན་མིག་ལ་སོགས་པའི་གཏི་མུག་དམ་ཚིག་ལས་བྱུང་ཞིང་། །མ་ནིང་གནས་སུ་རྒྱས་བཏབ་དེ་ལ་ཐམས་ཅད་མཁྱེན་པ་སྟེ། །རིག་པའི་རྒྱལ་པོས་ལྷ་ཡི་
མིག་སོགས་གང་ལ་སྩོལ་མཛད་པ། །ས་སྙིང་ལ་སོགས་སེམས་དཔའི་ཚོགས་ཆེན་དེ་ལ་རབ་ཏུ་འདུད། །གཟུགས་ལ་སོགས་པའི་སྤྱོད་ཡུལ་གདུལ་བར་དཀའ་བ་ཉམས་བྱས་པ། །བླ་ན་མེད་པའི་འདོད་པ་རྣམས་ཀྱིས་རྣལ་
འབྱོར་གང་གི་སེམས། །ཚིམ་པར་མཛད་པ་འདི་ལ་བསྒྲུབ་བྱ་མཆོག་བྱུང་གང་ཡིན་པའི། །གཟུགས་ཀྱི་རྡོ་རྗེ་ལ་སོགས་ལྷ་མོའི་ཚོགས་ཆེན་དེ་ལ་འདུད། །ཀུན་དུ་སྦྱོར་བའི་གདེངས་གཡོས་རབ་བརྒྱན་དྲག་པོའི་ཆ་ལུགས་
འཆང་། །འཇིགས་བྱེད་ཞལ་བཞད་ས་འཛིན་ཐུབ་སྐྲག་སྡིག་ལས་སྤོང་། །དད་པ་ལ་སོགས་སེམས་སུ་གཏོགས་དང་དེ་ཡི་རང་བཞིན་ཆོས། །དམ་པར་གཟུང་སོགས་རྣམ་དག་གཤིན་རྗེ་གཤེད་སོགས་དེ་ལ་འདུད། །ཤེས་རབ་
ཆེན་པོ་ལས་སྐྱེས་དེ་རྣམས་ཤིན་ཏུ་དག་མཛད་ཅིང་། །འཇམ་ཞིང་མཉེན་པའི་དབྱངས་ཀྱིས་འགྲོ་བའི་རྒྱུད་ནི་ཚིམ་མཛད་པ། །འབར་ཞིང་ཟུར་ཕུད་ལྔ་ལྡན་བརྒྱད་གཉིས་ལོན་པའི་ཚུལ། །དབང་པོའི་གཞུ་མཚུངས་འཇམ་
Vol. 39 · folio 2b
དབྱངས་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །འཁོར་བ་འདམ་ཚོགས་ནང་གནས་པ། །ཐུགས་རྗེའི་ཕྱག་གིས་དྲང་མཛད་ནས། །ཡེ་ཤེས་བདུད་རྩིས་ཚིམ་མཛད་པ། །བླ་མའི་ཞབས་ཀྱི་པདྨར་འདུད། །མཆོག་གི་མཆོག་སྟེ་ལམ་གཉིས་ཀྱིས། །ཕྱུགས་ནང་བདག་ཉིད་རྣམ་དག་སྟེ། །རང་བཞིན་
དོན་ལ་རྟག་འཇུག་པར། །བདག་ཅི་འདྲ་བར་ཁྱེད་ཀྱིས་མཁྱེན། །གསང་འདུས་རིན་ཆེན་མཛོད་མཚུངས་འདི། །གང་གིས་འདི་ལེན་འདོད་པ་འབྱུང་། །དེད་དཔོན་གྲུ་གཟིངས་འཆའ་ལྟ་བུར། །འདི་རྩོམ་བྱེད་པའི་སེམས་དཔའ་སྐྱེས། །གསང་དང་རབ་གསང་སེམས་ཀྱིས་ནི། །ཕྱི་ནང་དོན་
ཀུན་བདག་གིས་བལྟས། །དེ་ཆུད་བློ་གྲོས་བླུན་ཡང་ཅི། །ཕན་ཕྱིར་རིན་ཆེན་ལྗོན་ཤིང་བརྩམ། །དམ་པས་བདག་ལ་གསོལ་བ་བཏབ་ཕྱིར་རབ་བྲོད་ཅིང་། །རང་གི་རྗེ་བཙུན་གཞུང་གིས་རབ་ཕྱེ་བས། །རང་དང་གཞན་གྱིས་དེ་གཞུང་དྲན་ཞིང་མི་བརྗེད་ཕྱིར། །ནུས་པ་ཇི་བཞིན་གསང་འདུས་བཤད་
པར་བྱ། །འདིའི་ཚིག་དང་། དོན་དང་། འབྲེལ་པ་དང་། དགོས་པ་དང་དགོས་པའི་དགོས་པ་རྣམས་གདོན་མི་ཟ་བར་ཐོག་མར་བརྗོད་དགོས་སོ། །གང་གི་ཕྱིར་ཤེས་རབ་དང་ལྡན་ཞིང་རྟོག་པ་སྔོན་དུ་བཏང་བའི་ཉན་པ་པོ་རྣམས་ཁས་མི་ལེན་ཏེ། དེའི་ཕྱིར་ནམ་མཁའི་དབྱིངས་དང་མཉམ་པའི་སངས་
རྒྱས་ཐམས་ཅད་ཀྱི་རང་བཞིན་གསང་བ་འདུས་པ་རྡོ་རྗེ་འཆང་ཆེན་པོ་ནི་སྤྱིའི་དོན་ཏོ། །རྒྱུད་ཀྱི་གླེང་གཞི་ནས་བསྡུ་བའི་བར་དུ་རྣམ་པར་སྤྲོས་པའི་དབྱེ་བ་ནི་རྒྱས་པའི་དོན་ཏོ། །སློབ་དཔོན་དང་སྒྲུབ་པ་པོ་དེ་གཉིས་ཀར་གྱི་བྱ་བ་ནི་ཁྱད་པར་གྱི་དོན་ཏོ། །འདི་སྐད་ཅེས་པ་ནས་མི་གསུང་བར་བཞུགས་སོ་
ཞེས་པའི་བར་ནི་གཞུང་གི་ཚིག་གོ། །ལེའུ་བཅོ་བརྒྱད་དུ་བསྡེབས་པ་ནི་ལེའུའི་ཚིག་གོ། །ཚིག་བཞི་རེ་རེར་བྱས་པ་ནི་ཚིགས་སུ་བཅད་དོ། །དེ་རྣམས་དང་དོན་གོ་རིམས་བཞིན་དུ་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དུ་གནས་པ་ནི་འབྲེལ་པའོ། །རྒྱུད་གཞན་དག་ལས་བཀག་པའི་གདོལ་
བ་ལ་སོགས་པ་འདུལ་བར་གསུངས་ཏེ། ཆེན་པོ་ཡང་ཆེན་པོའི་རྒྱུད་ལ་མ་དག་པ་གཅིག་ཀྱང་མེད་པས། དེ་གདུལ་བར་བྱ་བའི་ཐབས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ནི་དགོས་པའོ། །དེ་བསྟན་པའི་སྟོབས་ཀྱིས་ཅི་རིགས་པར་ཐུན་མོང་དང་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པ་ནི་དགོས་
Vol. 39 · folio 3a
པའི་ཡང་དགོས་པའོ། །དེ་རྣམས་དང་ལྡན་པའི་ཆོས་ཡང་དག་པའོ་ཞེས་གསུངས་པའི་ཕྱིར་རོ། །ད་ནི་འདི་སྐད་ཅེས་པ་ནས་བརྩམས་ཏེ་གང་བར་སྣང་ངོ་ཞེས་པའི་བར་གྱིས་ནི་རྒྱུད་འདིའི་ཡོན་ཏན་གྱི་གླེང་གཞི་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་གཞན་ཡང་འདོད་ཆགས་
ཆེན་པོའི་ཚུལ་ནས་བརྩམས་ཏེ། ཅང་མི་གསུང་བར་བཞུགས་སོ་ཞེས་པའི་བར་གྱིས་ནི་ཆོ་གའི་ཐབས་ཀྱི་རྒྱུའི་བྱེ་བྲག་རྒྱུད་ཕུན་སུམ་ཚོགས་པ་སྟོན་ཏོ། །དེ་ལ་སྡུད་པར་བྱེད་པ་གསུང་གི་དབང་ཕྱུག་གིས་ཇི་སྐད་དུ་བཤད་པའི་རྒྱུད་བསྡུ་བ་གདུལ་བྱ་ལ་བསྙད་པའི་ཕྱིར། འདི་སྐད་
བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པས་རྒྱུད་ལ་འཇུག་པ་གསུངས་སོ། །དེ་ལ་འདི་སྐད་ཅེས་པ་ནི་འོག་ནས་བཤད་པའི་རྒྱུད་ཀྱི་དོན་ཀུན་བསྡུ་བའི་སྒོ་ནས་བློ་ལ་རྣམ་པར་གནས་པའི་གཏམ་མོ། །བདག་གིས་ཞེས་བྱ་བ་ནི་སྡུད་པར་བྱེད་པ་རྡོ་རྗེ་ཆོས་ཏེ་བདག་ཉིད་ཀྱིས་ཐོས་ཀྱིས་གཞན་ལ་
བརྒྱུད་དེ་བྱུང་བ་མ་ཡིན་པར་སྟོན་ཏོ། །འདུ་ཤེས་ཀྱི་ཕུང་པོ་སངས་རྒྱས་པ་ཉིད་ཀྱི་ལྕེའི་དབང་པོའི་རང་བཞིན་པས་མངོན་དུ་རང་གི་ངོ་བོའི་བཤད་པ་རྟོགས་པ་སྟེ། བསྟན་པ་འདི་གསུང་རྡོ་རྗེ་གཙོ་བོའི་ཕྱིར་བསྡུས་པ་སྟེ། གཞན་རྣམས་ཀྱང་དེ་ལྟ་བས་ན་གཅིག་པུར་འཛིན་པ་ནི་མ་ཡིན་ནོ། །
ཐོས་པ་ཞེས་པ་ནི་རྟོགས་པ་སྟེ་གང་གི་ཚེ་བཅོམ་ལྡན་འདས་མངོན་པར་རྟོགས་པ་དེའི་ཚེ་ན་ཞེས་བྱ་བའོ། །དུས་གཅིག་ན་ཞེས་པ་ནི་བསམ་པ་དང་བྲལ་བའི་སྐད་ཅིག་མ་གཅིག་སྟེ་མཐའ་ཡས་པའི་རྣམ་པར་གྲོལ་བའི་སྒོའི་སྟོབས་མཉེས་པའི་དབང་གིས་ཤེས་ཏེ་ཤེས་རབ་ཕུལ་དུ་བྱུང་བར་བསྟན་
ཏོ། །རིམ་པ་ནས་ཐོས་པ་ནི་དུས་ཐ་དད་པ་ནས་ཚིག་ཡང་དག་པ་མ་ཡིན་པའོ། །རྡོ་རྗེ་འཆང་ཆེན་པོ་ཐམས་ཅད་དུ་སྣང་བ་ནི་གྲུབ་པའི་མཐའ་སྟེ། བཅོམ་ལྡན་འདས་བསམ་པ་དང་བྲལ་བ་ཡང་སེམས་ཅན་རྣམས་དང་དེའི་ཐུགས་རྗེ་འབྲེལ་བས་ན་སྣ་ཚོགས་སུ་སྣང་བ་ལ་འགལ་བ་མེད་དོ། །ཇི་
སྐད་དུ་མོས་པ་ཐ་དད་བསམ་དབང་གིས། ཁྱད་པར་མང་པོ་འཁྲུངས་པར་བྱེད། །གཅིག་པུ་ཡིན་ཡང་དུ་མ་ཡི། །ཆུ་སྣོད་ཟླ་བ་བཞིན་དུ་སྣང་། །ཞེས་སོ། །དེས་གང་ལ་གང་དུ་གང་དང་ལྷན་ཅིག་ཐོས་ཤེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་
Vol. 39 · folio 3b
འཆང་ཆེན་པོའོ། །ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་སྤངས་པ་དང་། སྐལ་བ་ཕུན་སུམ་ཚོགས་པ་བརྙེས་པ་དང་། དགྱེས་པའི་གནས་ན་བཞུགས་པའི་ཕྱིར་ན་བཅོམ་ལྡན་འདས་ཏེ། ངེས་པའི་ཚིག་གི་ཚུལ་གྱིས་སོ། །རྣལ་འབྱོར་བླ་ན་མེད་པའི་ཆོས་སྟོན་པ་དང་རྗེས་སུ་མཐུན་པའི་
གནས་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ན་ཇི་ལྟར་སྐྱེས་པ་བཞིན་དུ་སྐྱེས་པའི་ཕྱིར་དང་། ཇི་ལྟར་འོངས་པ་བཞིན་དུ་འགྲོ་བའི་ཕྱིར་དང་། ཇི་ལྟར་
རྟོགས་པ་བཞིན་དུ་སྟོན་པའི་ཕྱིར་ན་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་གསུམ་མོ། །དེའི་རྡོ་རྗེ་སྙིང་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་མི་ཕྱེད་པ་དང་མི་གཡོ་བའི་ཕྱིར་རོ། །དེའི་བཙུན་མོ་ནི་ཆོས་ཉིད་ཀྱི་ཕྱག་རྒྱ་སྟེ། རང་བཞིན་གྱི་ཤེས་རབ་པོ། །དེ་དང་ལྷན་ཅིག་པ་
ལས་གྱུར་པ་ནི་བྷ་ག་སྟེ་དབྱིངས་གཙོ་བོར་བྱས་པའི་ཕྱིར་རོ། །དེ་ཡང་སྐུ་ལ་སོགས་པའི་རང་བཞིན་གྱི་ཕྱིར་གྲུ་གསུམ་དུ་གནས་པ། གློ་བུར་གྱི་དྲི་མ་ཐམས་ཅད་དང་གདོད་ནས་བྲལ་བ་ཟླ་བ་ལྟར་དག་ཅིང་དཀར་བ། སའི་རིམ་པ་གོང་ནས་གོང་དུ་གནས་སྐབས་ཀྱི་ཁྱད་པར་ཐོབ་པར་བྱ་བའི་ཕྱིར་
ཁ་ཁྱེར་ཆེན་པོ་ནམ་མཁའ་ལས་འཕགས་ཏེ། གྲྭ་ཕྲ་མོ་བར་བལྟས་པའོ། །ལ་ཞེས་པ་ནི་བདུན་པའི་དོན་དུ་བལྟ་བར་བྱས་ཏེ། བཞུགས་པ་མང་བས་ཚིག་མང་བ་ཡིན་ནོ། །བཞུགས་སོ་ཞེས་པ་ནི་གནས་པར་མཛད་པ་སྟེ། དང་པོ་བྱ་བའི་དེ་མ་ཐག་ཏུ་བྱིན་གྱིས་བརླབ་པའི་གནས་སུ་ཟླ་བ་
དང་། རྡོ་རྗེ་དང་འཕྲོ་འདུ་དང་སྐུའི་རིམ་པས་བྱུང་ནས། བཅོམ་ལྡན་འདས་དེ་གྲོང་ཁྱེར་གྱི་ཁང་བཟངས་ལྟར། ཇི་སྐད་དུ་བཤད་པའི་གཞལ་ཡས་ཁང་གི་དབུས་ན་འདོད་ཆགས་ལ་སོགས་པའི་སེམས་ཅན་རྣམས་མངོན་པར་བྱང་ཆུབ་པར་བྱ་བའི་དོན་དུ་ཉམས་རྣམ་པ་དགུས་དེ་རྣམས་ཀྱི་ཐབས་
སུ་དེར་བཞུགས་པ་ནི་དེའི་མཛད་པ་ཡིན་གྱི་དང་པོའི་སྦྱོར་བས་ནི་མ་ཡིན་ཏེ། ཁྱད་པར་གྱི་ཕྲིན་ལས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བརྗོད་ཀྱིས་མི་ལང་བ་ཞེས་པ་ལ་སོགས་པས་འཁོར་ཕུན་སུམ་ཚོགས་པ་གསུངས་སོ། །བརྗོད་ཀྱིས་མི་ལང་བ་
Vol. 39 · folio 4a
ཞེས་པ་ནི་གཟུགས་སོ། །ཡང་བརྗོད་ཀྱིས་མི་ལང་བ་ཞེས་པ་ནི་རེ་རེའི་ཡོན་ཏན་ཡང་བརྗོད་དུ་ནུས་པ་མ་ཡིན་པའི་ཕྱིར་རོ། །དེའི་ཉེ་བའི་མཚན་ཉིད་ཀྱི་དཔེ་སངས་རྒྱས་ཀྱི་ཞིང་ཞེས་ཏེ་སངས་རྒྱས་ཀྱིས་གདུལ་བ་སྟེ་ཞིང་དང་འདྲ་བའི་ཕྱིར་རོ། །དེའི་ཕྱིར་རི་རབ་ཀྱི་རྡུལ་ཕྲ་མོ་
སྙེད་ཅེས་གཟུགས་རྣམ་པར་དག་པའི་དབང་དུ་བྱས་པའི་ཕྱིར་རོ། །དེ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་པ་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པ་ནི་དཀྱིལ་འཁོར་གྱི་འཁོར་ལོས་ཏེ་དེ་ལ་སེམས་དཔའོ། །སེམས་དཔའ་ཆེན་པོ་ཞེས་པ་ནི་སེམས་ཅན་གྱི་ཚོགས་ཆེན་
པོའི་དོན་ལ་མ་བཅད་པར་སེམས་པས་ནའོ། །འཕགས་པ་དང་སོ་སོའི་སྐྱེ་བོ་འགའ་ལས་དགར་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་རྣམས་དང་ལྷན་ཅིག་ཏུ་ཐོས་པའོ། །གང་དུ་ཞེ་ན། གོང་དུ་བྷ་གའི་དཀྱིལ་འཁོར་གྱི་རྟེན་གསུངས་པ། སྙིང་པོ་རྡོ་རྗེ་སྦྱོར་བའི་པདྨོ་ལ། །ཞེས་ཏེ། ཁཾ་གི་སྙིང་པོ་
ལས་བྱུང་བའི་རྩེ་གསུམ་ཁ་བཞི་པའི་སྣ་ཚོགས་རྡོ་རྗེ་ནི་སྙིང་པོ་རྡོ་རྗེའོ། །དེ་དང་སྦྱོར་བ་ནི་པདྨོ་སྟེ། དེའི་རྟེན་པཾ་ལས་བྱུང་བའི་སྣ་ཚོགས་པདྨ་ཞེས་བྱའོ། །དེ་ལ་བཞུགས་པ་ནི་ཞེས་པ་ནི་གོང་དུ་སྨོས་པའི་རྟེན་ལ་ཞེས་པའོ། །བཞུགས་པ་གང་ཞེས་པ་ནི་འདི་ལྟ་སྟེ་ཞེས་
པ་ནི་དེ་རྣམས་ཀྱི་ནང་ནས་མངོན་པར་རྟོགས་པ་ཉེ་བའི་རྣལ་འབྱོར་པ་རྣམས་ལས་འགའ་ཞིག་མ་རྟོགས་པ་བརྗོད་པ་ཡིན་ནོ། །དེ་རྣམས་ཀྱང་གླེང་གཞིའི་ལེའུ་ལས་བསྟན་ཏོ། །བརྗོད་པ་གང་ཞེ་ན། དམ་ཚིག་རྡོ་རྗེ་ཞེས་པ་ལ་སོགས་པའོ། །དེ་ལ་དམ་ཚིག་རྡོ་རྗེ་ཞེས་པ་ནི། མིག་རྣམ་པར་
དག་པའི་རང་བཞིན་སའི་སྙིང་པོའོ། །དེ་ཅིའི་ཕྱིར་ཞེ་ན། བླ་མ་ཆེན་པོ་རྣམ་པར་དག་པ་ཐམས་ཅད་ཀྱི་དང་པོར་དབང་པོ་དྲུག་གི་རྣམ་པར་དག་པ་བསྟན་ཏོ། །དེའི་རིམ་པ་བཞིན་དུ་མངོན་པར་རྟོགས་པའོ། །འོ་ན་སའི་སྙིང་པོ་ལ་སོགས་ཅིའི་ཕྱིར་མ་སྨོས་ཤེ་ན། དེ་དེ་བཞིན་གཤེགས་
པ་རྣམས་ཀྱིས་དགོངས་པ་སྟེ། གང་གི་ཕྱིར་དོན་ཐམས་ཅད་གྲུབ་པའི་སྔོན་དུ་འགྲོ་བ་ནི་དམ་ཚིག་སྟེ། དེའི་བརྡས་སའི་སྙིང་པོ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་དམ་ཚིག་བསྲུངས་ན་མི་ཤིགས་པའི་སྐུ་བརྙེས་པའི་ཕྱིར་ན། དེའི་འོག་ཏུ་རྣ་བ་རྣམ་པར་དག་པའི་ཕྱག་ན་རྡོ་རྗེ་ལ་ལུས་རྡོ་རྗེ་ཞེས་
Vol. 39 · folio 4b
བྱའོ། །དེ་ལྟར་ལུས་གྲུབ་པ་ལས་སྒྲ་བརྙན་ལྟ་བུའི་གསུང་འབྱུང་བའི་ཕྱིར། དེའི་འོག་ཏུ་སྣ་རྣམ་པར་དག་པའི་ནམ་མཁའི་སྙིང་པོ་ལ་ངག་རྡོ་རྗེ་ཞེས་བྱའོ། །སྒྲས་དོན་ཐམས་ཅད་ཤེས་པར་བྱེད་པས་ན། དེའི་འོག་ཏུ་ལྕེ་རྣམ་པར་དག་པའི་འཇིག་རྟེན་དབང་ཕྱུག་ལ་སེམས་རྡོ་རྗེ་ཞེས་བྱ་བའོ། །
ཇི་ལྟ་བ་བཞིན་དུ་ཤེས་པ་ནི་དམིགས་པ་ལ་སེམས་རྩེ་གཅིག་པར་གྱུར་གྱི་གཞན་དུ་མ་ཡིན་ནོ། །དེའི་འོག་ཏུ་ལུས་རྣམ་པར་དག་པའི་སྒྲིབ་པ་རྣམ་པར་སེལ་བ་ལ་ཏིང་ངེ་འཛིན་རྡོ་རྗེ་ཞེས་བྱའོ། །སེམས་རྩེ་གཅིག་པ་ཉོན་མོངས་པ་རྣམས་ཀྱིས་རྣམ་པར་གནོན་པར་མི་ནུས་པས་ན་དེའི་འོག་ཏུ་
ཡིད་རྣམ་པར་དག་པའི་ཀུན་དུ་བཟང་པོ་ལ་རྒྱལ་བ་རྡོ་རྗེ་ཞེས་བྱའོ། །དེ་བས་ན་དེ་རྣམས་ནི་འབྱུང་བ་ལས་གྱུར་པའི་ནང་གི་སྐྱེ་མཆེད་དག་པས་ན་དེ་བྱིན་གྱིས་བརླབ་པ་དགོས་ཀྱི་རྒྱུའི་སྡེ་མེད་པའི་དཀྱིལ་འཁོར་གཉིས་ཀྱི་ལྷ་མ་ཡིན་པར་ཤེས་སོ། །ས་རྡོ་རྗེ་ནི་ས་དང་། སྙིང་རྗེ་དང་། ཐབས་རྣམ་
པར་དག་པའི་སྤྱན་མའོ། །ཆུ་རྡོ་རྗེ་ནི་ཆུ་དང་བྱམས་པ་དང་སྨོན་ལམ་རྣམ་པར་དག་པའི་མཱ་མ་ཀཱིའོ། །མེ་རྡོ་རྗེ་ནི་མེ་དང་དགའ་བ་དང་། སྟོབས་རྣམ་པར་དག་པའི་གོས་དཀར་མོའོ། །རླུང་རྡོ་རྗེ་ནི་རླུང་དང་བཏང་སྙོམས་དང་། ཡེ་ཤེས་རྣམ་པར་དག་པའི་སྒྲོལ་མའོ། །ནམ་མཁའ་རྡོ་རྗེ་ནི་རྟེན་
དང་རྟེན་ཅན་རྣམས་ནམ་མཁའ་བཞིན་དུ་རྣམ་པར་དག་པས་ཟབ་མོའོ། །ཡང་ན་ཆོས་ཀྱི་འབྱུང་གནས་ཀྱི་མཁའོ། །གཟུགས་རྡོ་རྗེ་ནི་དེ་དང་སྦྱིན་པ་དག་པའི་གཟུགས་ཀྱི་རྡོ་རྗེ་མའོ། །སྒྲ་རྡོ་རྗེ་ཞེས་པ་ནི་དེ་དང་ཚུལ་ཁྲིམས་དག་པའི་སྒྲའི་རྡོ་རྗེ་མའོ། །དྲི་རྡོ་རྗེ་མ་ནི་དེ་དང་བཟོད་པ་དག་པའི་
དྲིའི་རྡོ་རྗེ་མའོ། །རོ་རྡོ་རྗེ་མ་ནི་དེ་དང་བརྩོན་འགྲུས་དག་པའི་རོ་རྡོ་རྗེ་མའོ། །རེག་རྡོ་རྗེ་ནི་དེ་དང་བསམ་གཏན་དག་པའི་རེག་གི་རྡོ་རྗེ་མའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ནི་དེ་དང་ཤེས་རབ་དག་པ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ། དེ་རྣམས་འབྱུང་བ་བཞི་དང་འབྱུང་བ་ལས་གྱུར་པའི་
ཕྱིའི་སྐྱེ་མཆེད་དྲུག་རྣམ་པར་དག་པ་སྟེ། ས་རབ་ཏུ་དགའ་བ་ལ་སོགས་པའི་རང་བཞིན་ནོ། །རྒྱུའི་ཚོགས་པ་མང་བས་ན་དཀྱིལ་འཁོར་གྱི་ལྷ་ཡང་ཡིན་ནོ། །དེ་དག་ལ་སོགས་པ་ཞེས་པ་ནི་གཙོ་བོ་སྟེ། གང་གི་ཕྱིར་དེ་དག་རྡོ་རྗེ་འཆང་ཆེན་པོའི་སྐྱེ་མཆེད་ལ་སོགས་པ་སྣང་བར་གྱུར་
Vol. 39 · folio 5a
པས་དེ་དག་གི་ཡང་དེ་བཞིན་དུ་སྣང་བར་གྱུར་པ་དེའི་ཕྱིར་ན་བརྗོད་དུ་མེད་པ་ཞེས་བྱ་བར་མངོན་ནོ། །དེ་ལྟར་རྒྱུ་འབྲས་མ་འཁྲུལ་བར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའི་འཁོར་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་འཁོར་གྱིས་གདུལ་བྱའི་དབང་གིས་སྟོན་པ་
ཡང་བསྟན་པ། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པའོ། །ནམ་མཁའི་དབྱིངས་དང་མཉམ་པ་ཞེས་པ་ནི། ཡེ་ཤེས་རྣམ་པར་དག་པ་གཙོ་བོའི་དབང་དུ་བྱས་ནས་བསྟན་པའོ། །རྡོ་རྗེ་མི་བསྐྱོད་པ་ཞེས་པ་ནི། ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་ཆོས་ཀྱི་ཡེ་ཤེས་ཀྱི་
ཡེ་ཤེས་སུ་དག་པ་སྟེ། བདུད་བཞིས་བསྐྱོད་པར་མི་ནུས་པའི་ཕྱིར་རོ། །རྡོ་རྗེ་རྣམ་པར་སྣང་མཛད་ཅེས་པ་ནི་གཏི་མུག་དང་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་དག་པ་སྟེ། གདུལ་བྱའི་རྣམ་པར་འབར་ཞིང་སྣང་བར་མཛད་པའོ། །རྡོ་རྗེ་རིན་ཆེན་དཔལ་ཞེས་པ་ནི་ང་
རྒྱལ་དང་། ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་དག་པ་སྟེ། དོན་ཐམས་ཅད་འབྱུང་བའི་རྒྱལ་མཚན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཚེ་དཔག་ཏུ་མེད་པ་ཞེས་པ་ནི། འདོད་ཆགས་དང་འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སུ་དག་པ་སྟེ།
གཉིས་སུ་མེད་པའི་སྐུའི་ཚད་མེད་པ་དཔེ་མེད་པའི་ཕྱིར་རོ། །རྡོ་རྗེ་དོན་ཐམས་ཅད་གྲུབ་པ་དང་ཞེས་པ་ནི། ཕྲག་དོག་དང་འདུ་བྱེད་ཀྱི་ཕུང་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་དག་པ་སྟེ། སེམས་ཅན་གྱི་ལུས་ངག་གི་བྱ་བ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་དག་ལ་སོགས་པ་ཞེས་པ་
ནི་གོང་མ་ལྟར་གཙོ་བོ་བརྗོད་པས་བརྗོད་དུ་མེད་དོ། །དེའི་ཉེ་བའི་མཚན་ཉིད་ཀྱི་དཔེ་ནམ་མཁའི་དབྱིངས་དང་མཉམ་པ་ཞེས་བྱ་བ་སྨོས་སོ། །འདི་སྟོན་པར་མཛད་པ་ན་བཞུགས་པ་བསྟན་པའི་ཕྱིར། དཔེར་ན་ཞེས་པ་ལ་སོགས་པའོ། །ཏིལ་གྱི་གང་བུ་བཞིན་དུ་ཞེས་པ་ནི་ཇི་ལྟ་བུ་ཏིལ་
སྐོགས་ཏིལ་གྱི་འབྲས་བུས་ཕན་ཚུན་གཏམས་ཤིང་མ་འདྲེས་ལ། དེ་ཐམས་ཅད་ཀྱང་ཏིལ་མར་གྱིས་ཁྱབ་པ་འདྲ་བར་འདི་སྟོན་པར་མཛད་པའི་དུས་ན་ཡང་ཆོས་འབྱུང་བ་ཡེ་ཤེས་ཀྱིས་ཁྱབ་པའི་འཁོར་གྱིས་གང་བར་སྣང་ངོ་ཞེས་པའི་དོན་ཏོ། །དེ་རྣམས་ཀྱང་བཅོམ་ལྡན་འདས་ཀྱིས་ལས་
Vol. 39 · folio 5b
དང་པོ་པའི་སེམས་ཅན་རྣམས་གཟུང་བར་བྱ་བའི་ཕྱིར་གནས་ལ་སོགས་པ་བསྟན་ཏེ། ཇི་སྐད་དུ། གར་མཁན་བཟང་པོའི་ཚུལ་ལྟ་བུར། །རྡོ་རྗེ་འཆང་བ་དེ་ཉིད་ནི། །གནས་དང་འཁོར་དང་སྟོན་པ་རུ། །དང་པོ་པ་རྣམས་འཇུག་ཕྱིར་བསྟན། །ཞེས་སོ། །དེ་བས་ན་དེ་ལྟ་བུའི་ཚད་མའི་
སྟོན་པ་དེ་ལྟ་བུ་གནས་དེ་ལྟ་བུར་འཁོར་རྣམས་དང་ལྷན་ཅིག་ཏུ་ཐོས་སོ་ཞེས་སྡུད་པ་པོ་གང་ཟག་གཞན་ཡང་ཡིད་བརྟན་དུ་རུང་བར་བྱས་པས་ཆོས་ཡང་དག་པའོ་ཞེས་གསུངས་པའི་ཕྱིར་རོ། །ད་ནི་གོ་རིམས་བཞིན་དུ་མངོན་པར་རྟོགས་པ་མ་བསྟན་པ་ནི། ཤེས་རབ་ཀྱིས་ང་རྒྱལ་བ་
རྣམས་ཀྱི་ང་རྒྱལ་བསལ་བར་བྱ་བ་དང་། གསང་བའི་རྒྱུད་ནི་བླ་མ་ལ་རག་ལས་པར་བསྟན་པའི་ཕྱིར་གོ་རིམས་དཀྲུགས་ནས་བསྟན་པ་ལགས་སོ། །དེ་ལ་བདག་གིས་ནི་རྒྱུད་ཀྱི་དོན་རྣམས་སློབ་དཔོན་དང་སྒྲུབ་པ་པོའི་བྱ་བ་ཁོ་ན་བསྡུ་བར་བྱའི་གཞན་དུ་ནི་མ་ཡིན་ནོ། །དེ་ལ་དེ་ནས་བཅོམ་
ལྡན་འདས་རྣམ་པར་སྣང་མཛད་ཅེས་པ་ནས་ཐུགས་ལ་བཞུགས་སོ། །ཞེས་པའི་བར་གྱིས་ནི་སྣོད་དུ་རུང་བར་ཞུས་པའི་ལན་ལ་གཏོགས་པ་འདོད་ཆགས་ཆེན་པོས་འདུལ་བའི་འཇིག་རྟེན་གསང་བ་འདུས་པའི་སྩོད་དུ་རུང་བར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་མཉེས་པར་བྱས་ནས། གསང་
གནས་ཀྱི་དཀྱིལ་འཁོར་དུ་བཅུག་པའི་སེམས་ཅན་རྣམས་དབང་བསྐུར་བའི་རྒྱུས་ཚིག་བཞི་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དང་པོའི་མགོན་པོ་བསྐྱེད་པའི་དེ་མ་ཐག་གོ། །རྣམ་པར་སྣང་མཛད་ཅེས་པ་ནི་གོང་མ་ལྟར་ཏེ་རྡོ་རྗེ་འཆང་ཆེན་པོའོ། །འདོད་ཆགས་ཆེན་པོ་ཞེས་པ་ནི་
གཉིས་སུ་མེད་པའི་བདེ་བ་དམ་པའོ། །དེའི་ཚུལ་ནི། འཁྱུད་པ་དང་གཞིབ་པ་ལ་སོགས་པའོ། །མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ་དེ་ལྟ་བུ་ལ་རྡོ་རྗེ་འཛིན་པའི་རྣམ་པས་སྙོམས་པར་ཞུགས་སོ་ཞེས་པ་སྟེ། འདོད་ཆགས་ཀྱི་འདོད་ཆགས་དང་བྲལ་བ་ནི་ཐབས་བསྟན་པའི་ཕྱིར་དཔེ་ཁྲིད་པ་
སྟེ་ཚོང་པ་ལ་ཁེ་སྟོན་པ་བཞིན་ནོ། །དེ་བཞིན་གཤེགས་པའི་འཁོར་ཞེས་པ་ནི་སྦྱོར་བའི་བརྡས་བསྐུལ་བའི་དེ་བཞིན་གཤེགས་པ་རྣམས་སོ། །ཉིད་ཀྱིས་སྐུ་ལ་བཞུགས་པར་མཛད་དོ་ཞེས་པ་ནི་བ་སྤུའི་བུ་གར་བཙུད་པ་སྟེ། བདག་ཉིད་ཐབས་ཐམས་ཅད་ཀྱི་རང་བཞིན་དུ་
Vol. 39 · folio 6a
བསྟན་པས་ན་ཤེས་རབ་མ་དགའ་བར་བྱས་པ་སྟེ། འདོད་ཆགས་ཅན་ཕལ་ཆེ་བ་དང་ཆོས་མཐུན་པར་བྱ་བའི་ཕྱིར། དེ་བས་ན་བུད་མེད་རྣམས་བསྐྱེད་པའི་དོན་དུ་ཞེས་པས་སྐབས་མ་ཤེས་པ་སྟེ། དེ་ལ་སོགས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་
རོ། །དེ་བཞིན་དུ་ཐབས་ཀྱང་དགའ་བར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཅེས་པ་ནི་བདེ་བར་གཤེགས་པ་བཞུགས་པ་དེ་དག་གོ། །དེས་ཅི་བྱེད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་མཉེས་པར་བྱ་བའི་ཕྱིར་ཞེས་སོ། །གང་གིས་མཉེས་པར་
བྱེད་ཅེ་ན། ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་ལྟ་བུར་སྤྲུལ་ནས་ཞེས་བྱ་སྟེ། སྔ་མའི་གནས་སྐབས་སྤངས་ནས་ལྷའི་བུ་མོའི་ཆ་ལུགས་ཅན། སྒེག་པའི་ཉམས་ཀྱིས་བརྒྱན་པ་ལྟ་བུར་སྤྲུལ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལས་བྱུང་བར་གྱུར་ཏེ། བདེ་བ་དམ་
པ་སྒྲུབ་པའི་རིམ་པ་ལ་བཞུགས་སོ་ཞེས་སྦྱར་རོ། །ཇི་སྐད་དུ། ཨེ་མ་བྱང་ཆུབ་སེམས་ཉིད་ནི། །སེམས་ཅན་ཀུན་ལ་ཕན་དགོངས་པས། །གང་ཕྱིར་འདུལ་དབང་དཔའ་བོ་རྣམས། །བུད་མེད་གཟུགས་ཀྱང་རབ་ཏུ་མཛད། །ཅེས་སོ། །ཇི་ལྟ་བུའི་བུད་མེད་དུ་ཕྱུང་ཞེ་ན། དེ་ལ་ལ་ནི་
ཞེས་པ་ནི་རྣམ་པར་སྣང་མཛད་རྣམས་སོ། །དེ་སྤྱན་མ་དང་གཟུགས་ཀྱི་རྡོ་རྗེ་མ་ལྟ་བུར་རང་གི་མཚན་མ་དང་མདོག་ཏུ་ལྡན་པར་ཕྱུང་བའོ། །དེ་བཞིན་དུ་མི་བསྐྱོད་པ་མཱ་མ་ཀཱི་དང་སྒྲའི་རྡོ་རྗེ་མ་ལྟ་བུར་ཕྱུང་བའོ། །རིན་ཆེན་འབྱུང་ལྡན་དྲི་རྡོ་རྗེ་མ་ལྟར་ཕྱུང་ངོ་། །སྣང་བ་མཐའ་ཡས་ན་བཟའ་དཀར་
མོ་དང་རོ་རྡོ་རྗེ་མ་ལྟར་ཕྱུང་ངོ་། །དོན་ཡོད་གྲུབ་པ་ནི་ལས་ཐམས་ཅད་ཀྱི་རང་བཞིན་པས་དམ་ཚིག་སྒྲོལ་མ་ལྟ་བུར་མདོག་སེར་བ་དང་། རེག་གི་རྡོ་རྗེ་མ་ལྟ་བུ་མདོག་ལྗང་གུ་དང་ལྡན་པར་ཕྱུང་ངོ་ཞེས་སོ། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དབྱུང་བ་མ་གསུངས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་
གསུམ་གྱི་ངོ་བོ་བས་ན་དགུས་མྱོང་བར་བྱ་བའི་ཕྱིར་རོ། །དེ་བས་ན་གཞི་ལྷ་མོ་ལ་གཞུག་པ་མ་གསུངས་ཀྱང་། ཕྱི་རོལ་གྱི་བུད་མེད་བདེ་མཆོག་གི་རྐྱེན་མ་ཡིན་པའི་ཕྱིར་ལྷན་ཅིག་སྤྱོད་པ་ལ་འཇུག་པར་ཤེས་པར་བྱའོ། །ཇི་སྐད་དུ། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། ཡེ་ཤེས་འཁོར་
Vol. 39 · folio 6b
ལོ་ཀུན་བསྡུས་ནས། །བུད་མེད་དགུ་རུ་སྤྲུལ་ནས་ཀྱང་། །བསྒྲུབ་བྱའི་མ་ཡི་ལུས་ལ་དགོད། །ཅེས་སོ། །ཐབས་དང་ཤེས་རབ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསྟན་པའི་ཕྱིར་ཕྱུང་བ་དང་འཇུག་པ་ཐམས་ཅད་ཀྱི་རྣམ་པར་དག་པ་གོང་མ་བཞིན་དུ་རྒྱས་པར་སྦྱར་རོ། །སེམས་
ཅན་གཞུག་པའི་དོན་དུ་གསང་བའི་དཀྱིལ་འཁོར་བསྐྱེད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །མི་བསྐྱོད་པ་ཞེས་པ་ནི་སྔ་མ་བཞིན་ཏེ་རྡོ་རྗེ་འཆང་ཆེན་པོའོ། །བྱང་ཆུབ་སེམས་དཔའི་གཟུགས་འཛིན་པའི་ཕྱིར་ན་གནས་སྐབས་འདིར་དེ་སྐད་ཅེས་སྨོས་སོ། །བཙུན་མོའི་བྷ་ག་
ཞེས་པ་ནི་བུད་མེད་དེ་རྣམས་གཅིག་ཏུ་བསྡུས་པ་ནི་བཙུན་མོ་སྟེ། དེའི་གསང་བའི་པདྨའོ། །ལ་ཞེས་པ་ནི་ཡོན་ཏན་མང་པོའི་ཕྱིར་ཚིག་མང་པོར་བྱས་པའོ། །རང་གི་ས་བོན་གྱི་འོད་ཀྱིས་དྲངས་པའི་བདེ་བར་གཤེགས་པ་ཞལ་དུ་ཞུགས་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ནི་དམ་ཚིག་ཆེན་
པོའོ། །དེ་ལས་གྱུར་པ་ནི་དཀྱིལ་འཁོར་རོ། །ཅི་འདྲ་ཞེ་ན། རྟོག་པ་ཐམས་ཅད་དང་བྲལ་བས་ན་རྡུལ་བསལ་བའོ། །སངས་རྒྱས་དང་སེམས་ཅན་རྣམས་ཆོས་ཉིད་དུ་མཉམ་པའི་ཕྱིར་གྲུ་བཞི་པའོ། །བྱིན་གྱིས་བརླབས་པ་ཞེས་པ་ནི་རྡོ་རྗེ་འཛིན་པའི་མོས་པས་བྱིན་གྱིས་བརླབས་པས་
ན་བསྐྱེད་པའི་རིམ་པ་མ་ཡིན་པའོ། །ཕྱི་རོལ་དུ་གནས་པས་ཀྱང་ཤེལ་གྱི་ནང་དུ་ཆུད་པ་ལྟར་གསལ་ཞིང་བྱང་ཆུབ་སེམས་ཀྱི་ངོ་བོ་བས་ན་གསལ་བའི་ངོ་བོ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམ་པར་དག་པ་རྟ་བབས་ལ་སོགས་པའི་སྣ་ཚོགས་གཟུགས་ཀྱིས་ཀུན་དུ་རྒྱས་ཞེས་
སྨོས་སོ། །སངས་རྒྱས་ཚོགས་ཀྱིས་རབ་ཏུ་རྒྱས་པ་ནི་མི་བསྐྱོད་པའི་དཀྱིལ་འཁོར་གྱིས་རྒྱས་པ་སྟེ་གང་བའི་ཕྱིར་རོ། །དེ་ཉིད་ཀྱང་ཟླ་བ་དང་ཉི་མའི་གདན་དང་ལྡན་པ་ཉིད་ཀྱི་ཕྱིར། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་བྱའོ། །དེ་ཁོ་ན་འདུ་བ་དང་འོད་ཟེར་འཕྲོ་བ་དང་འདུ་
བ་དང་འཁྲུག་པའི་ངོ་བོར་རྒྱུན་མི་འཆད་པའི་སངས་རྒྱས་རྣམས་ཀྱི་རྟེན་ཡིན་པའི་ཕྱིར། འོད་ཟེར་འཕྲོ་བ་མང་པོ་འཁྲུག །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱའོ། །དེར་སེམས་ཅན་གཞུག་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །སྐུ་དང་གསུང་
Vol. 39 · folio 7a
དང་ཐུགས་རྡོ་རྗེའི་བདག་པོ་ཞེས་པ་ནི་བྱེད་པ་པོའོ། །དེས་གོང་མ་ལྟར་དཀྱིལ་འཁོར་ཆེན་པོ་བྱིན་གྱི་རླབས་ཀྱིས་དབུས་སུ་བཞུགས་པར་གྱུར་ཏོ་ཞེས་ལས་ཀྱི་ཚིག་ཏུ་བལྟ་བར་བྱའོ། །ཞུགས་པ་ཙམ་ལ་གསང་བ་དང་མཆོག་ཏུ་གསང་བ་ལ་སོགས་པ་བསྟན་པར་མི་
རིགས་པས་ན། དེ་རྣམས་ལ་དབང་བསྐུར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཆེན་པོའོ། །ཇི་སྐད་དུ། སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བཤད་
པའོ། །ཞེས་སོ། །ཐུགས་ལ་བཞུགས་སོ་ཞེས་པ་ནི་དབང་བསྐུར་བའི་རྒྱུ་སྟེ། ས་བོན་གྱིས་བསྐུལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ལ་ཞུགས་ནས་ཟླ་བར་ཞུ་བས་ཞེས་བྱ་བའི་དོན་ཏོ། །དེས་དབང་བསྐུར་བ་ནི་ཏིང་ངེ་འཛིན་གཉིས་པས་སྟོན་པ་སྟེ། ལེའུ་བཅུ་
བདུན་པའི་སྐབས་སུ་བཤད་པར་བྱའོ། །ད་ནི་འདུས་པ་ཞེས་པའི་ལན་ལ་གཏོགས་པའི་ཡི་གེ་ལས་ཟླ་བར་གྱུར་པའི་དོན་ཆོ་ག་དང་པོ་ཚིག་གཉིས་པ་གསུངས་པ། དེ་ནས་ཞེས་བྱ་བ་ནས། རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནི་གསོལ་
བ་བཏབ་པའི་དེ་མ་ཐག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་དེ་ཁོ་ན་བཞིན་དུ་འགྲོར་རུང་བའི་ཕྱིར་ན་གཞན་རྣམས་ལ་ཡང་དེ་སྐད་ཅེས་བྱའོ། །ཟིལ་གྱིས་གནོན་པའི་རྡོ་རྗེ་ཞེས་པ་ནི་མཐའ་ཡས་པའི་སེམས་ཅན་ཚོགས་ཀྱིས་བསྡུས་པའི་དངོས་པོར་འཛིན་པ་ནི་དེ་ཁོ་ན་ཉིད་
གསུམ་དུ་ཟིལ་གྱིས་མནན་ནས་གནས་པའི་སེམས་དབུས་ཀྱི་གདན་ལ་གནས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ལ་གཟིགས་ནས་མངོན་པར་རྫོགས་པར་བྱེད་པའི་ཆེད་དུ་རང་གིས་བྱ་བར་ཆད་པ་བཤིག་པར་དོགས་ནས་བདག་པོའི་ཁམས་སུ་དབྱངས་དང་དོན་མཚོན་གྱི་ཡི་
གེར་གྱུར་པ་ནི་ཟིལ་གྱིས་གནོན་པ་སྟེ། མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ་དེ་ལ་སྙོམས་པར་ཞུགས་སོ་ཞེས་པའོ། །དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཅིར་འགྱུར་ཞེ་ན། ནམ་མཁའི་དབྱིངས་ཐམས་ཅད་ཅེས་ཏེ་ནམ་མཁའི་དབྱིངས་དང་མཉམ་པའི་རྒྱུ་གནས་དང་སངས་རྒྱས་ཀྱི་ངོ་བོ་ཐམས་
Vol. 39 · folio 7b
ཅད་དོ། །རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ་ཞེས་པ་ནི། བདག་པོའི་ཁམས་ནས་བྱོན་པ་གཞལ་ཡས་ཁང་གི་གཙུག་ཏོར་ལ་གནས་པ་དང་། དེའི་ཡེ་ཤེས་ཀྱིས་འགྲོ་བའི་སེམས་དྲངས་ནས་གཅིག་ཏུ་འདྲེས་པ་དང་། རྟེན་ལ་བབས་པ་ལས་ཟླ་བ་གཉིས་སུ་གྱུར་པ་ནི་རྡོ་རྗེའི་ངོ་བོ་སྟེ།
དེའི་རང་བཞིན་དུ་གནས་པར་གྱུར་ཏོ་ཞེས་པའི་དོན་ཏོ། །ཡི་གེ་ལས་ཟླ་བ་གྱུར་པའི་སྒྲ་རྒྱུད་འདི་ལས་བསྟན་པ་མེད་ཀྱང་། སྟོང་པ་ཉིད་སྙིང་རྗེའི་བྱང་ཆུབ་སེམས་བཅོམ་ལྡན་འདས་ལ་མངའ་བས་ན་འགལ་བ་མེད་དོ། །འདི་ལྟ་སྟེ། དངོས་པོ་ཐམས་ཅད་མ་སྐྱེས་པའི་ཕྱིར་ན་ཨ་ནི་
ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པའི་སྒྲས་ཡི་གེ་ཨ་ལ་སོགས་པ་ནི་སྟོང་པ་ཉིད་ཀྱི་ང་རྒྱལ་སྟོན་པར་བྱེད་པས་སྟོང་པ་ཉིད་བཅུ་དྲུག་གི་ངོ་བོ་སྟེ། དེ་ཉིད་ཡི་གེའི་གཟུགས་ཉིས་འགྱུར་དུ་གྱུར་པས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་རྒྱུ་ཡང་ཡིན་ནོ། །དེ་བཞིན་དུ་ཀཱ་རུ་ཀརྨ་ཨཀྵ་ར་ཞེས་
པའི་སྒྲས་ཀ་ལ་སོགས་པ་ནི་སྙིང་རྗེ་ཆེན་པོ་སྟོན་པས་ཏེ། ཨ་ལས་འབྱུང་ཞིང་གསལ་བར་བྱེད་པས་ནི་ཐབས་ཀྱི་ངོ་བོའོ། །དེ་ཉིད་ཉིས་འགྱུར་དུ་བསྒྱུར་བས་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྒྱུ་ཡང་ཡིན་ནོ། །དེ་བས་ན་སྟོང་པ་ཉིད་དང་སྙིང་རྗེ་བསྒྱུར་བའི་དབང་གིས་ཆོ་ག་བཞི་པ་ལྟར་སྣང་བས་
འགྲོ་བའི་དོན་བྱེད་པར་ཤེས་སོ། །ཟླ་བ་གཉིས་སུ་སྣང་བ་འདིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་བསྟན་པའོ། །དེ་ཉིད་འོད་ཟེར་འཕྲོ་ཞིང་འདུ་བའི་སྦྱོར་བས་གཅིག་ཏུ་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསྟན་པའོ། །ཆ་མཐུན་པའི་ཆོ་ག་དང་པོ་བས་ན་ཏིང་ངེ་འཛིན་གཅིག་གིས་བསྟན་པའོ། །
འདི་ནི་ཀུན་རྫོབ་ཀྱི་འདུས་པ་ཡིན་པར་རྣལ་འབྱོར་ཆེན་པོའི་ཚུལ་ཁ་ཅིག་ལས་བསྟན་ཏེ། ཇི་སྐད་དུ། རང་བཞིན་གནས་པའི་སངས་རྒྱས་རྣམས། །ཡི་གེ་གསུམ་གྱི་ཚུལ་བཟུང་སྟེ། །ང་ཡི་རྒྱུ་རུ་རབ་ཏུ་གནས། །མངོན་པར་འབྱུང་བའི་སངས་རྒྱས་རྣམས། །ཨཱ་ལི་ཀཱ་ལིའི་
ཚུལ་བཟུང་སྟེ། །དེ་ཡང་ང་ཡི་རྒྱུ་རུ་གནས། །དེ་ཕྱིར་དེ་རྣམས་འདུས་ཞེས་བྱ། །ཞེས་སོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཞུ་བ་གཉིས་པའི་ལན་ལ་གཏོགས་པ་སེམས་ཅན་རྣམས་དབང་བསྐུར་བས་ཟླ་བར་ཞུ་བ་ཚིག་ལྔ་པས་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་ལེའུ་
Vol. 39 · folio 8a
བཅུ་བདུན་པའི་དབང་བསྐུར་བའི་དེ་མ་ཐག་པའོ། །དེ་རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་ངོ་བོས་ཞེས་སོ། །དེས་བསྒྲུབ་པ་གང་ཞེ་ན། བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་ཐ་མལ་པའི་ཕུང་
པོ་ཟླ་བ་ལྟ་བུའི་རང་བཞིན་དུ་གྱུར་པ་ནི་ལུས་བདེ་བ་སྟེ། དེས་ཡིད་བདེ་བ་ཡང་ཐོབ་པར་གྱུར་ཏོ། །ད་ནི་གསང་བ་ལས་བྱུང་བ་ཞེས་པའི་ལན་ལ་གཏོགས་པའི་ཆོ་ག་བཞི་པ་མངོན་པར་བྱང་ཆུབ་པ་ལྔ་པ་དང་པོའི་མགོན་པོ་བསྐྱེད་པའི་ཚིག་གསུམ་པ་གསུངས་པ། དེ་ནས་ཞེས་བྱ་བ་
ནས་གཟིགས་པར་གྱུར་ཏོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནི་བཅུ་གསུམ་པར་གསུངས་པའི་ང་རྒྱལ་བྱ་བའི་དེ་མ་ཐག་གོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་ས་བོན་གྱིས་བདེ་བར་གཤེགས་པ་རྣམས་དེའི་ངོ་བོར་གྱུར་པ་ནི་རིགས་གསུམ་གྱིས་བསྡུས་པའོ། །
དེ་རྣམས་ཀྱི་མཉམ་པ་ཉིད་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། རྒྱལ་བ་ཐམས་ཅད་མི་འདའ་བ་ཉིད་ཀྱི་ཕྱིར་ན་དམ་ཚིག་གོ། །དེ་འབྱུང་བའི་ཏིང་ངེ་འཛིན་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ། དེ་ལ་སྙོམས་པར་ཞུགས་སོ་ཞེས་སོ། །རིག་པའི་སྐྱེས་བུ་ཞེས་པ་ནི་རིག་མ་དང་ལྡན་པའི་ཕྱིར་ན་དེ་སྐད་དེ།
ཇི་སྐད་དུ། རིག་དང་བཅས་པར་ལྡན་པ་ན། །རིག་པའི་སྐྱེས་བུ་ཞེས་སུ་བཤད། །ཅེས་སོ། །དེ་ཉིད་མགོ་ལ་སོགས་པ་དང་ལྡན་པ་ནི་ཆེན་པོའི་གཟུགས་སོ། །སྔགས་ཀྱི་བདག་པོ་འདི་བྱིན་གྱིས་བརླབས་སོ་ཞེས་པ་ནི་བདེ་བར་གཤེགས་པ་རྣམས་ས་བོན་གྱི་ནང་དུ་བཞུགས་པའོ། །
བྱིན་གྱིས་བརླབས་མ་ཐག་ཏུ་ཞེས་པ་ནི་ཞུགས་མ་ཐག་ཏུ་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། ཞལ་གསུམ་པ་ལྟ་བུར་གཟིགས་པར་གྱུར་ཏོ་ཞེས་ཏེ། ས་བོན་དང་བཅས་པ་གནས་གྱུར་པའི་མཚན་ཉིད་སྒྱུ་མ་ལྟ་བུའི་སྐུ་དབུས་དཀར་བ། གཡས་སྔོ་བ། གཡོན་དམར་བ། ཕྱག་དང་པོ་གཉིས་ཀྱིས་
རང་སྣང་བའི་རིག་མ་ལ་འཁྱུད་པ། མ་མཆུ་ཚེམས་ཀྱིས་བཟུང་བའོ། །གཡས་གཉིས་ན་རྡོ་རྗེ་དང་རལ་གྲི། །གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་འཛིན་པ། ལོངས་སྤྱོད་བཞི་དང་། རྟག་པ་ཉིད་དུ་ལྡན་པ་ཟླ་བའི་གདན་དང་འོད་ཀྱི་དཀྱིལ་འཁོར་དུ་ལྡན་པར་གྱུར་ཏོ་ཞེས་པའི་དོན་ཏོ། །དེ་
Vol. 39 · folio 8b
བས་ན་འདི་ནི་སྐུ་གསུང་ཐུགས་ཀྱི་གསང་བའི་ངོ་བོ་བདེ་བར་གཤེགས་པ་རྣམས་བསྡུས་པ་ལས་བྱུང་བས་ན་དེ་སྐད་དེ། ལེའུ་བཅུ་པ་ལས། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །སྙིང་ལ་དེ་ཡིས་རྣམས་བསྒོམས་ན། །དེ་མ་ཐག་ཏུ་དེར་འགྱུར་བ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །
ཀུན་གྱི་གཙོ་བོ་དབང་ཕྱུག་མཆོག །ཅེས་སོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཞུ་བ་གཉིས་པའི་ལན་ལ་གཏོགས་པ། ཟླ་བར་གྱུར་པའི་སེམས་ཅན་རྣམས་ཆོ་ག་བཞིས་བསྐྱེད་པ་རྣམས་ཕྱི་རོལ་དུ་དགོད་པའི་ཚིག་དྲུག་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་བདེ་བ་དང་ཡིད་
བདེ་བ་ཐོབ་པར་གྱུར་པའི་དེ་མ་ཐག་གོ། །མི་བསྐྱོད་པ་ལ་སོགས་པ་ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པར་བསྒྲུབ་པ་སྟེ་དེའི་ཆོ་གས་བསྐྱེད་པའི་ཕྱིར་རོ། །རང་གི་སྦྱོར་བས་ནི་མ་ཡིན་ནོ། །དེ་ཡང་དེའི་རིགས་ཀྱི་སེམས་ཅན་དབང་བསྐུར་བས་ཟླ་བར་ཞུ་བ་ལས་ཧཱུྃ་ལ་སོགས་
པའི་ས་བོན་དུ་གྱུར། དེ་ལས་རྡོ་རྗེ་ལ་སོགས་པའི་མཚན་མ་ས་བོན་གྱིས་མཚན་པ། དེ་ལས་མི་བསྐྱོད་པ་ལ་སོགས་པར་ཁམས་ཀུན་འདུས་པར་བྱས་ནས་ཞེས་སྨོས་པས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བྷ་གའི་སྒྲ་དང་ལྡན་པའི་ཕྱིར་ཤེས་རབ་པོ། །ཐུགས་ཀ་ནས་ཞེས་བྱ་
བ་ནི་དེའི་དབྱིངས་ལས་སོ། །ཇི་སྐད་དུ། ཐམས་ཅད་ཤེས་པར་བྱེད་པའི་ཕྱིར། །ཐུགས་ནི་བུད་མེད་བྷ་གའོ། །ཞེས་སོ། །དེ་ལས་བྱུང་བ་ནི་སྟོན་པའོ། །མ་བཅོལ་བར་སྨྲས་པ་ནི་ཆེད་དུ་བརྗོད་པའོ། །དེ་གང་ཞེ་ན། ཨེ་མའོ་ཞེས་པ་ལ་སོགས་པའོ། །ཨེ་མ་ཞེས་པ་
ནི་ངོ་མཚར་བ་སྟེ་སངས་རྒྱས་ཐམས་ཅད་འདུལ་བའི་དབང་གིས་བྱང་ཆུབ་སེམས་སུ་ཞུ་བ་ལས་རབ་ཏུ་བྱུང་བའོ། །དེ་ངོ་མཚར་ཞེས་སོ། །དེ་ཉིད་གཞན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན། དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཞེས་བྱའོ། །རྗེས་སུ་དཔག་པ་ལ་སོགས་
པས་རྟོགས་སླ་བའི་ཆོས་མེད་པས་ན་རབ་ཏུ་མི་རྟོགས་སོ། །དེ་ཉིད་ཀྱི་ཕྱིར་ན་སྐྱོན་མེད་ཅེས་ཏེ། གཟུང་འཛིན་དང་བྲལ་བའི་ཕྱིར་ཞེས་སོ། །ད་ནི་རིགས་ཐམས་ཅད་ཀྱི་དབང་པོ་ཞི་བ་མྱ་ངན་ལས་འདས་པ་ཐམས་ཅད་དུ་ཁྱབ་པའི་བདག་ཉིད་ཆེན་པོ་ལ་ཉིད་ཀྱི་སྐུ་ལས་བྱུང་བ་ནི་དེ་བཞིན་
Vol. 39 · folio 9a
གཤེགས་པ་ལ་སོགས་པ་རྣམས་ཀྱིས་གར་མཁན་བཟང་པོའི་ཚུལ་ལྟ་བུར། ཕྱིས་མཆོག་ཏུ་འགྱུར་ཞིང་ཀུན་བརྟགས་པའི་མཚན་ཉིད་དང་མ་བྲལ་བ་རྣམས་ཀྱི་དོན་དུ་མཆོད་པའི་ཚོགས་སྔོན་དུ་འགྲོ་བ་རྣམས་ཀྱི་ཚིག་དང་པོ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་
པའོ། །དེ་ལས་དེ་ནས་ཞེས་བྱ་བ་ནི་སྐལ་བ་དང་ལྡན་པའི་འགྲོ་བ་གཟིགས་པའི་དེ་མ་ཐག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ཞེས་པ་ནི་ལྷ་མོ་བཅུ་སྟེ་དེ་དང་འབྲེལ་པའི་ཕྱིར་རོ། །དེ་རྣམས་འཕྲོས་པ་ནི་མང་དུ་བཀང་བའོ། །དེ་ཉིད་རྡོ་རྗེ་འཆང་གི་ངོ་བོ་ལས་མི་
འགྱུར་བས་ན་དེ་ཁོ་ན་ཉིད་དོ། །དམ་ཚིག་ཅེས་པ་ནི་མི་འདའ་བ་སྟེ། དཔའ་བོ་ལྔ་དང་ལྕགས་ཀྱུ་ལྔའོ། །རིན་པོ་ཆེ་ཞེས་པ་ནི་འཁོར་ལོ་རིན་པོ་ཆེ་ལ་སོགས་པའོ། །དེ་རྣམས་ཀྱི་སྤྲིན་གྱིས་མཆོད་དེ་ཞེས་པ་ནི་ཐུགས་ལས་བྱུང་བའི་མཆོད་པས་མཉེས་པར་བྱས་ནས་ཞེས་སྨོས་སོ། །ཕྱག་འཚལ་
ཞེས་པ་ནི་སྐུ་བཏུད་པའོ། །འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་གསུང་གིས་གསོལ་བ་སྟེ། རྒྱུད་བཤད་པར་ཞུས་པའོ། །འདུས་པ་གསང་བ་ལས་བྱུང་བ། །ཞེས་པ་ནི། སྟོན་པའི་སྐུ་སྐྱེ་བའི་རིམ་པ་ཞུས་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཞེས་པ་ལ་སོགས་
པ་ནི་འཁོར་ཡོངས་སུ་རྫོགས་པའི་འབྲས་བུ་ཞུས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེགས་སོ་བའི་ཚིག་སྔོན་དུ་བྱིན་ནས་འཆད་དུ་མ་གནང་བའོ། །འདི་ནི་ཞེས་པ་ནི་གསང་བ་འདུས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་ཐེག་པ་འོག་མ་པའི་སངས་རྒྱས་
རྣམས་སོ། །ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན་ཞེས་པ་ནི་ཡང་དག་པའི་དོན་ལ་ཡིད་གཉིས་ཟ་བ་སྟེ། དེ་རྣམས་ཀྱིས་འདིའི་དེ་ཁོ་ན་ཉིད་མ་རིག་པའི་ཕྱིར་རོ། །ཇི་སྐད་དུ། དེ་ཕྱིར་དེ་དག་ཐམས་ཅད་ནི། །ཡང་དག་མིན་པས་བླ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་ལས། །གོང་
མ་གོང་མ་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡིས། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་པའི་ལུང་གིས་ཀྱང་རིག་གོ། །བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨོས་པ་ནི། གཞན་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སྟེ་ཚེ་འདི་ཉིད་ལ་འདོད་པ་ལྔའི་ལྷ་
Vol. 39 · folio 9b
མོས་གྲོལ་བའི་ལས་སྔོན་མ་ཐོས་པས་ན་ཞེས་པའོ། །ད་ནི་འཁོར་རྣམས་ཀྱིས་བཤད་པའི་གཞི་ཡོད་པར་མཁྱེན་ནས། རང་སྣོད་དུ་རུང་བར་བྱ་བའི་ཕྱིར་ཞུས་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཞེས་པ་ནི་ཐེག་པ་ཐམས་ཅད་ཀྱི་
སོམ་ཉི་བཟློག་པ་སྟེ། མཐར་ཐུག་པའི་གནས་རྟོགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཉིད་ཡོན་ཏན་ཁྱད་པར་དུ་གྱུར་པ་ཡང་ཞེས་པ་ནི། ཁྱད་པར་དུ་འཕགས་པའི་ཡོན་ཏན་མངའ་བ་ཡང་། ཅིའི་ཕྱིར་འདི་སྟོན་པར་མི་བྱེད་ཅེས་པའོ། །འདི་ལྟ་བུའི་འཁོར་དུ་ཞེས་པ་ནི་བདེ་བར་
གཤེགས་པའི་ཕུལ་དུ་བྱུང་བའི་ཡེ་ཤེས་དང་ལྡན་པའི་འཁོར་དུ་ཞེས་པའོ། །སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་པ་ནི། སྦས་པ་ལྟར་སྣང་བ་དང་། རྣམ་པ་བཞིའི་ཚུལ་གྱིས་སྦས་པ་ནི་གསང་བའོ། །དེ་སྟོན་མི་སྤྱོད་པ་དེ་བདག་ཅག་སྣོད་དུ་མ་གྱུར་པར་གཟིགས་པ་ལགས་གྲང་
ཞེས་པའི་དོན་ཏོ། །དེ་བས་ན་བྱིན་གྱིས་བརླབས་པ་མཛད་དེ། གང་གིས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་དམ་ཚིག་འབྱུང་བའི་ཚིག་གིས་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཕྱུང་བ་ནི་དམ་ཚིག་
གོ། །དེ་ལས་བྱུང་བ་ནི་དེས་དག་པར་བྱས་ནས་ཀུན་དུ་བཟང་པོ་ཞེས་བྱ་བའི་ཚིག་གིས་དབང་བསྐུར་བ་སྟེ། དེས་བདེ་བ་དང་ཡིད་བདེ་བ་གོང་དུ་བཤད་པ་དང་། མངོན་པར་ཤེས་པ་ཞེས་པ་ནི་ཆོ་ག་བཞིས་བསྐྱེད་པའི་སྐུའོ། །དེའི་འབྲས་བུ་ནི་རྟོགས་པ་ཕུལ་བ་དང་ཕྱི་རོལ་དུ་ཕྱུང་
བ་ལ་སོགས་པའོ། །དེའི་ཕྱིར་བསྟན་དུ་གསོལ་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་ཞེས་པ་ལ་སོགས་པའི་ལན་ལ་གཏོགས་པ། མཚན་གྱི་སྔགས་ཀྱིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསང་གནས་ནས་སྤྱི་བོའི་དཀྱིལ་འཁོར་དུ་དགོད་པ་ཚིག་བདུན་པ་
གསུངས་པ་དང་། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་ཆོ་ག་གསུམ་པའི་དེ་མ་ཐག་གོ། །གསོལ་བ་བཏབ་པ་དེ་མཁྱེན་ནས། །ཞེས་བྱ་བ་ནི། ཞུ་བ་ཞུས་པའི་ཚིག་རྣམས་སོ། །དེའི་ལན་བསྟན་པའི་ཕྱིར་ཡེ་ཤེས་སྒྲོན་མ་ཞེས་པ་ལ་སོགས་པའོ། །དེ་ལ་
Vol. 39 · folio 10a
ཡེ་ཤེས་ཉིད་རང་བཞིན་གྱིས་འོད་གསལ་བས་ན་སྒྲོན་མ་སྟེ་ཆོས་ཀྱི་དབྱིངས་སོ། །མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ་དེ་ལྟ་བུ་ལ་མི་བསྐྱོད་པའི་ཚུལ་གྱིས་སྙོམས་པར་ཞུགས་སོ། །ཞེ་སྡང་ཞེས་པ་ནི་རྒྱུ་འབྲས་གཉིས་དབྱེར་མེད་པར་ཐུགས་སུ་ཆུད་པའི་ཡེ་ཤེས་ཏེ་གཉིས་ཀྱི་
རྣམ་པ་ལ་སྡང་བའི་ཕྱིར་རོ། །ཇི་སྐད་དུ། རྒྱུ་འབྲས་གཉིས་ལ་སྡང་བས་ན། །རྣམ་ཤེས་ཞེ་སྡང་ཞེས་སུ་བསྟན། །ཞེས་སོ། །དེ་ཉིད་རིགས་ཏེ་ཐོག་མ་མེད་པ་ནས་རྒྱུན་ཆད་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ། རིགས་ནི་རྒྱུད་དུ་བསྟན་པ་སྟེ། །རྒྱུད་ནི་ཐོག་མ་མེད་པའོ། །
ཞེས་སོ། །དེ་ཉིད་མཐའ་ཡས་པར་འཕྲོ་བ་རྣམས་ཀྱིས་ཕྲིན་ལས་མཆོག་མཛད་པས་ན་མཆོག་ཅེས་བྱའོ། །མི་གཡོ་བའི་ཕྱིར་ན་སྙིང་པོ་སྟེ་འབྱུང་བའི་རྒྱུའོ། །འདོད་པའི་འབྲས་བུ་འབྱུང་བའི་ཕྱིར་ན་སྙིང་པོ་སྟེ་མི་བསྐྱོད་པའི་སྐུའོ། །འདི་ཞེས་པ་ནི་འོག་ནས་འབྱུང་བའོ། །
ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཞེས་བྱ་བ་ནི་དབྱེར་མེད་ན་ཡང་ཀུན་རྫོབ་ཀྱི་དབྱེ་བས་ཕྱུང་ངོ་ཞེས་པའི་དོན་ཏོ། །བཛྲ་དྷྲྀཀ །ཅེས་བྱ་བ་ནི་རྒྱུ་དང་འབྲས་བུ་དབྱེར་མེད་པའི་ངོ་བོ་ནི་བཛྲ་སྟེ། དེ་འཛིན་པས་ན་དྷྲྀཀ་གོ། །ཇི་སྐད་དུ། རྒྱུ་ཞེས་ལྔ་དང་འབྲས་བུ་ལྔ། །བཛྲ་
ཞེས་སུ་བསྟན་པ་ཡིན། །འཛིན་པ་ཞེས་བྱ་དྷྲྀཀ་པར་གྲགས། །བཛྲ་དྷྲྀཀ་ཡིག་རྣམ་ཤེས་ཡིན། །ཞེས་སོ། །བཅོམ་ལྡན་འདས་དེ་ཉིད་ཅེས་པ་ནི་རྡོ་རྗེ་འཆང་དེ་ཉིད་དོ། །དབུ་དང་ཡན་ལག་ལ་སོགས་པ་ཐམས་ཅད་མི་བསྐྱོད་པ་དང་འདྲ་བས་ན་མི་བསྐྱོད་པའི་ཕྱག་རྒྱ་ཆེན་
པོའོ། །དེ་ཉིད་རིག་མ་དང་ལྡན་པས་ན་སྦྱོར་བའོ། །དེ་ཉིད་མཐའ་ཡས་པར་སྤྲོས་པའི་སྐུ་ནི་ཐབས་སོ། །ཀྱིས་ཞེས་བྱ་བ་ནི་ཞུགས་པའི་བྱེད་པ་པོར་བལྟ་བར་བྱའོ། །ནག་པོ་ཞེས་པ་ནི་སྐུ་དང་དབུས་ཀྱི་ཞལ་ལོ། །དཀར་པོ་དང་དམར་པོ་ནི་གཡས་པ་དང་གཡོན་པའོ། །རྡོ་རྗེ་
དང་རལ་གྲི་དང་རིན་པོ་ཆེ་དང་པདྨས་མཚན་པའི་ཚུལ་དུ་ཕྱུང་ནས་དོན་བྱས་ཏེ་ཞེས་ཏེ་ཚིག་ལྷག་མའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་སོ་ཞེས་པ་ནི། དངོས་པོ་ཐམས་ཅད་ཀྱིས་བདག་ལ་ཐིམ་པར་བྱའོ་ཞེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ལ་སོགས་ལ་ཡང་
Vol. 39 · folio 10b
ཚུལ་འདི་བཞིན་དུ་ཤེས་པར་བྱའོ། །མི་བསྐྱོད་པ་ལ་སོགས་པ་ཞེས་པ་ནི་རང་རང་གིས་ཞེས་པའི་དོན་ཏོ། །ཚུལ་འདི་ནི་བདག་གིས་རྡོ་རྗེ་འཆང་བའི་ཆོ་ག་བཅུ་དྲུག་རྫོགས་པ་ལྟར་བཤད་པའོ། །འདི་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །ཁྱད་པར་གང་ཡིན་པ་བརྗོད་
པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་པ་ནི་མེ་ལོང་ལྟ་བུ་སྟེ་གཟུགས་བརྙན་དང་འདྲ་བར་འབྱུང་བ་གང་དབྱེར་མེད་པས་རྡོ་རྗེ་སྙིང་རྗེ་ཟེར་ཏེ། དེ་ལྟ་བུ་ལ་རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །གཏི་མུག་ཅེས་པ་
ནི་ཐམས་ཅད་ལ་རང་གིས་ཡང་དག་པར་རིག་པ་འབྱེད་པ་མེད་པའི་རྣམ་པའོ། །བེམས་པོ་བཅིངས་པའི་རང་བཞིན་པས། །གཟུགས་ནི་གཏི་མུག་ཏུ་བསྟན་པ། །ཞེས་སོ། །ཛི་ན་ཛིཀ་ཅེས་པ་ནི། ཡོད་པ་ལ་སོགས་པའི་རྟོག་པ་དང་བྲལ་ཞིང་གཟུགས་ཀྱི་ཆོས་ཇི་སྙེད་པ་ཀུན་དུ་
བརྟགས་པའི་མཚན་ཉིད་དུ་རྒྱལ་བས་ན་རྒྱལ་ལོ། །ཇི་སྐད་དུ། ཡོད་དང་མེད་དང་དབུས་ལས་འདས། །བྱུང་དང་འབྱུང་དང་གྱུར་ལས་བྱུང་། །སེམས་ཅན་ཀུན་གྱི་ལུས་ཡིན་ཏེ། །སྐྱེ་ལས་རྒྱལ་བས་ཛི་ན་ཛིཀ །ཅེས་སོ། །འདི་ཡང་འཁོར་ལོ་དང་རལ་གྲི་དང་རིན་པོ་
ཆེ་དང་པདྨ་འཛིན་པའོ། །དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་རིན་པོ་ཆེ་ཞེས་པ་ནི་མཉམ་པ་ཉིད་དེ། དེའི་འབྱུང་བ་ནི་སྟོབས་བཅུ་ལ་སོགས་པའི་དོན་ཐམས་ཅད་སྐྱེད་པའི་རྒྱུའི་ཕྱིར་རོ། །མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ་དེ་ལྟ་བུའི་རིན་ཆེན་འབྱུང་ལྡན་གྱི་ཚུལ་གྱིས་སྙོམས་པར་ཞུགས་
ནས་ཞེས་སྨོས་སོ། །ཡིད་བཞིན་ནོར་བུ་ཞེས་པ་ནི་ནོར་གྱིས་དྲེགས་ཤིང་རློམ་པ་རྣམས་ཀྱི་དོན་དུ་ཕྱོགས་བཅུ་ཀུན་དུ་ཁྱབ་པའི་ང་རྒྱལ་གྱིས་འཇོམས་པའོ། །ཇི་སྐད་དུ། བདག་ཏུ་རློམ་པའི་ངོ་བོ་བས། །ཚོར་བ་དྲེགས་པ་ཡིན་པར་བཤད། །ཅེས་སོ། །རཏྣ་དྷྲྀཀ་ཅེས་པ་
ནི་དོན་ཐམས་ཅད་མཉམ་པ་ཉིད་ལས་འབྱུང་བས་ན། དེས་དག་པའི་སེམས་ནི་རཏྣའོ། །དེ་ཡང་ཚོར་བ་ཡིས་རང་གིས་རིག་པས་ན་དྷྲྀཀ་སྟེ་རིན་ཆེན་འཛིན་ནོ། །ཇི་སྐད་དུ། དོན་རྣམས་ཐམས་ཅད་འབྱུང་བས་ན། །སེམས་ནི་རཏྣར་བསྟན་པ་ཡིན། །ཚོར་བ་པོ་ཡིས་དེ་ཚོར་
Vol. 39 · folio 11a
བས། །ཚོར་བ་རཏྣ་དྷྲྀཀ་ཅེས་བྱ། །ཞེས་སོ། །རིན་པོ་ཆེ་དང་འཁོར་ལོ་དང་རལ་གྲི་དང་པདྨ་འཛིན་པའོ། །འདོད་ཆགས་ཆེན་པོ་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ། ཆོས་དག་པ་ནི་འདི་དག་གོ། །ཞེས་པདྨའི་འདབ་མ་དག་པ་ལྟར་རྟོག་ཅིང་
རྟོག་པ་མེད་པའོ། །དེའི་འབྱུང་བ་ནི་བསྐྱེད་པས་ཏེ་མི་ཕྱེད་པས་རྡོ་རྗེ་ལྟ་བུ་ལ་སྣང་བ་མཐའ་ཡས་ཀྱི་ཚུལ་གྱིས་སྙོམས་པར་ཞུགས་སོ་ཞེས་སོ། །རྡོ་རྗེ་འདོད་ཆགས་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱིས་དེ་མི་གཏོང་ཞིང་དམ་དུ་བཟུང་བའོ། །ཇི་སྐད་དུ། དངོས་ལས་ཆགས་པའི་
རང་བཞིན་ཅན། །འདུ་ཤེས་ཡང་དག་ཆགས་བདག་ཉིད། །ཅེས་སོ། །ཨཱ་རོ་ལྀཀ་ཅེས་པ་ནི་དཀར་པོ་ལ་སོགས་པའི་མཚན་ཉིད་ངེས་པར་རྟོགས་པའི་ངོ་བོ་དྲུག་པ་ཡིད་རྣམ་པར་དག་པའི་མཚན་ཉིད་ཐམས་ཅད་ལ་རྩེན་ཅིང་རོལ་བའོ། །ཇི་སྐད་དུ། མཚན་གཞི་མཚན་
ཉིད་དངོས་པོ་ཡི། །ཀུན་ལ་ཀུན་གྱིས་ཐམས་ཅད་དུ། །དགའ་བའི་མཚན་ཉིད་མཚན་གཞི་ནི། །ཨཱ་རོ་ལྀཀ་ཅེས་བཤད་པ་ཡིན། །ཞེས་སོ། །པདྨ་དང་རལ་གྲི་དང་རིན་པོ་ཆེ་དང་འཁོར་ལོ་འཛིན་པའོ། །གདོན་མི་ཟ་བའི་དམ་ཚིག་ཅེས་བྱ་བ་ལ་ནན་ཏན་ཏེ་སེམས་ཅན་
གྱི་དོན་ལས་མི་འདའ་ཞིང་དོན་ཡོད་པའོ། །མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ། དེ་ལྟ་བུ་ལ་དོན་ཡོད་གྲུབ་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སྨོས་སོ། །དམ་ཚིག་འགུགས་པའི་ཞེས་པ་ནི་སྙིང་རྗེ་ཆེན་པོའི་དམ་ཚིག་གིས་འགུགས་ཏེ། བདག་ཁོ་ནས་དོན་བྱའོ། །
གཞན་ལ་ནི་གོ་སྐབས་མི་སྦྱིན་ནོ་ཞེས་པའི་ཕྲག་དོག་གིས་འདྲེན་པས་ན་དེ་སྐད་དོ། །ཇི་སྐད་དུ། རྐྱེན་གྱིས་དྲངས་པའི་བདག་ཉིད་ཅན། །འདུ་བྱེད་རྟག་ཏུ་ཕྲག་དོག་གོ། །ཞེས་སོ། །ཡང་ན་དམ་ཚིག་ནི་ལམ་གྱི་སྔོན་དུ་འགྲོ་བ་རྣམས་སོ། །དེ་འགུགས་པ་ནི་གང་ཉམས་
པ་དེའི་སྦྱོར་བས་སོར་ཆུད་པར་བྱེད་པའོ། །པྲཛྙཱ་དྷྲྀཀ་ཅེས་པ་ནི་རིམ་པ་གང་གིས་ཀྱང་རྣམ་པར་ཤེས་པ་རབ་དང་རབ་ཀྱི་མཐར་ཕྱིན་པར་བྱེད་པ་ནི་ཤེས་རབ་དེ་ལ་པྲཛྙཱ་ཞེས་བྱའོ། །དེ་འདུ་བྱེད་དག་པའི་སེམས་ཀྱིས་འཛིན་པས་ན་པྲཛྙཱ་དྷྲྀཀ་ཅེས་སུ་བཤད་ཅེས་སོ། །འདི་ཡང་རལ་
Vol. 39 · folio 11b
གྲི་དང་། འཁོར་ལོ་དང་། པདྨ་དང་། རིན་པོ་ཆེ་འཛིན་པའོ། །དེ་རྣམས་ཀྱང་རལ་པའི་དབུ་རྒྱན་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་འབར་བའི་པྲོག་ཟེའུས་བརྒྱན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཕྱག་དང་པོ་གཉིས་ཀྱིས་རིག་མ་ལ་འཁྱུད་པའོ། །རྣམ་པར་སྣང་མཛད་ཟླ་བའི་
གདན་དང་། འོད་ཀྱི་དཀྱིལ་འཁོར་དུ་ལྡན་པས་གསུམ་པོ་ཉི་མར་ཤེས་པར་བྱའོ། །རྣམ་པར་སྤྲོས་པ་དབྱེ་བས་རིགས་ལྔར་ངེས་པ་བསྟན་པའི་ཕྱིར་ཞེ་སྡང་ཞེས་པ་ལ་སོགས་པའོ། །རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས། །ཞེས་བྱ་བ་ནི། འདོད་པ་ལ་ཡང་རིགས་ལྔར་གཏོགས་
པའོ། །འདོད་དང་ཞེས་པ་ནི་ཉོན་མོངས་པ་གསུམ་དང་ལྡན་པའི་སེམས་སོ། །ཇི་སྐད་དུ། འདོད་ཆགས་ཞེ་སྡང་རྨོངས་ལྡན་པ། །འདོད་པའི་སེམས་སུ་གསུངས་པ་ཡིན། །ཞེས་སོ། །དེ་ཡང་རང་རིག་པ་ལ་ཕྱོགས་ཤིང་རིམ་པ་གཉིས་པ་ལ་གནས་ནས་འདོད་པ་ལྔ་རིགས་ལྔའི་
བདག་ཉིད་དུ་འདོད་ཆགས་ལ་སོགས་པའི་སེམས་ཀྱིས་སྒོམ་པར་བྱེད་པ་དེ་ནི་ཐར་པ་རབ་སྒྲུབ་པའོ་ཞེས་ཏེ། འདོད་པའི་ཐར་པ་དེ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །ཇི་སྐད་དུ། དམ་ཚིག་སྣ་ཚོགས་འདྲ་བས་ན། །མངོན་པར་ཕྱོགས་པ་ལས་སྐྱེས་འབྲས། །ཞེས་
སྨོས་སོ། །ད་ནི་ལོངས་སྤྱོད་ཀྱི་རྒྱན་ལྷ་མོ་བཞི་དབྱུང་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་འཛིན་པ་ཞེས་པ་ནི་མི་བསྐྱོད་པའོ། །དེ་མཉེས་པར་བྱེད་པ་ནི་མཱ་མ་ཀཱི་སྟེ། མི་འདའ་བའི་ཕྱིར་ན་དམ་ཚིག་སྟེ། དེ་ལྟ་བུ་ལ་སྙོམས་པར་ཞུགས་སོ་ཞེས་སོ། །བཙུན་
མོ་མཆོག་ཅེས་པ་ནི་བདེ་བ་མཆོག་ཕུན་སུམ་ཚོགས་པའི་རྒྱུའི་དངོས་པོའི་ཕྱིར་ཏེ། ཇི་སྐད་དུ། བུད་མེད་ཡང་དག་བདེ་བའི་མཆོག །ཅེས་སོ། །དྭེ་ཥ་ར་ཏི་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཕན་ཚུན་དུ་འཛེར་བ་ལོངས་སྤྱོད་པ་ནི་ཞེ་སྡང་དགའ་མའོ། །ཇི་སྐད་དུ། དེ་ལ་ཕན་ཚུན་
འཛེར་བ་ནི། ཞེ་སྡང་ཞེས་ནི་བསྟན་པ་ཡིན། །ཞེས་སོ། །བཅོམ་ལྡན་འདས་དེ་ཉིད་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ཞེས་པ་ནི་སྔ་མ་ལྟར་འདུལ་བའི་དབང་གིས་བུད་མེད་གཟུགས་མེ་ཏོག་གི་ཅོད་པན་དང་ནུ་མ་དང་པདྨར་ལྡན་པ། སྐུ་མདོག་དང་
Vol. 39 · folio 12a
མཚན་མའི་ལྷག་མ་མི་བསྐྱོད་པ་དང་འདྲ་བར་རང་གི་མཚན་མའི་ཨུཏྤ་ལ་དམར་པོ་ཐོགས་པའོ། །སྔོན་གྱི་གྲྭར་བཞུགས་སོ་ཞེས་པ་ནི་པདྨའི་ནང་གི་གྲྭ་གང་ལ་གནས་པ་དེ་ལ་བཞུགས་ཏེ། དེ་ལྷོ་ནུབ་ཀྱི་གྲྭ་ལ་ཟླ་བའི་གདན་ལ་བཞུགས་སོ་ཞེས་སོ། །མོ་ཧ་ར་ཏི།
ཞེས་པ་ནི་ཆོས་ཉིད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འབྱེད་པ་མེད་པ་ལ་ལོངས་སྤྱོད་པ་ནི་གཏི་མུག་དགའ་མའོ། །ཇི་སྐད་དུ། གཉིས་མེད་ཆོས་ཀྱི་ཡེ་ཤེས་ལས། །ང་རྒྱལ་ཉིད་ནི་མོ་ཧར་གསུངས། །ཞེས་སྨོས་སོ། །འདི་ནི་ཐམས་ཅད་རྣམ་པར་སྣང་མཛད་དང་འདྲ་
བའོ། །རཱ་ག་ར་ཏི། ཞེས་པ་ནི་ཡེ་ཤེས་གང་གིས་ཡུལ་མི་གཏོང་བའི་ཡེ་ཤེས་དེས་ལོངས་སྤྱོད་པ་ནི་འདོད་ཆགས་དགའ་མའོ། །འདི་ཡང་ཐམས་ཅད་སྣང་བ་མཐའ་ཡས་དང་འདྲ་བའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་དོན་ཡོད་གྲུབ་པ་སྟེ། ཐམས་ཅད་ཀྱི་ཕྲིན་ལས་དང་
ལྡན་པའི་ཕྱིར་རོ། །དེ་སླུ་བ་ནི་འདྲིད་པ་སྟེ་སྒྲོལ་མའོ། །མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟར་གྱུར་པ་དེ་ལ་སྙོམས་པར་ཞུགས་སོ་ཞེས་སོ། །བཛྲ་ར་ཏི། ཞེས་པ་ནི་གང་མི་ཤིགས་ཤིང་མི་ཆོམས་པའི་ཡེ་ཤེས་དེས་ལོངས་སྤྱོད་པའི་རྡོ་རྗེ་དགའ་མའོ། །ཇི་སྐད་དུ། ཡེ་ཤེས་འདི་ནི་རྡོ་རྗེར་
གསུངས། །ར་ཏི་ཤིན་ཏུ་ལོངས་སྤྱོད་རྫོགས། །ཞེས་བརྗོད་དོ། །འདི་ཡང་རིན་ཆེན་དབང་ཕྱུག་ལྟ་བུའི་སྐུ་མདོག་ལ་ལྷག་མ་དོན་ཡོད་གྲུབ་པ་ལྟ་བུ་རང་གི་མཚན་མ་ཨུཏྤལ་ལྗང་སེར་འཛིན་པའོ། །བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ་ཞེས་པ་ནི་སྔ་མ་བཞིན་ཏེ། དེ་
ཡང་ཡེ་ཤེས་ཀྱིས་དག་པའི་དབང་དུ་བྱས་ནས། བདེ་མཆོག་ཕུན་སུམ་ཚོགས་པའི་རྒྱུ་དེ་ལུས་ཀྱི་སྐུའི་ངོ་བོ་ཉིད་ཅེས་པ་ལ་སོགས་པའི་ངོ་བོས་མཆོད་པའི་ལྷ་མོའོ། །ཆོས་ཅན་གྱི་དག་པའི་དབང་དུ་བྱས་ནས་མཆོག་མ་ཡིན་ཏེ་རྗེས་སུ་སྤྱོད་པ་ཙམ་དུ་ཤེས་པར་བྱའོ། །ཡང་དག་པར་ན་ལྷ་
མོ་དེ་རྣམས་རྡོ་རྗེ་དགའ་མས་ཁྱད་པར་དུ་བྱས་པས་ན། རང་རང་གི་རིགས་ཀྱི་ཕུན་སུམ་ཚོགས་པའི་དམ་པ་ཡིན་པས་ན་བཙུན་མོའི་མཆོག་ཡིན་ཏེ། དང་པོའི་སྦྱོར་བ་ལ་འཇུག་པ་དང་མི་འཇུག་པའི་བྱེ་བྲག་ཙམ་དུ་ཟད་དོ། །ཇི་སྐད་དུ། མོ་ཧ་དྭེ་ཥ་རཱ་ག་དང་། བཛྲ་ར་ཏི་རྟག་ཏུ་སྦྱོར། །འདི་
Vol. 39 · folio 12b
ནི་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་སུ་བཤད། །ཅེས་སོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་བགེགས་འཇོམས་པར་བྱེད་པའི་སྒོ་སྲུང་དབྱུང་བ་གསུངས་པ། རྣམ་པར་སྣང་མཛད་འཁོར་ལོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེའི་འབྱུང་བ་གང་རྡོ་རྗེ་ལྟར་
མི་ཕྱེད་པ་དེ་ལ་སྙོམས་པར་ཞུགས་ནས་དེའི་རིགས་ཀྱི་ཁྲོ་བོ་ཕྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེས་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་བརླབས་པ་ནི་དཀྱིལ་འཁོར་གཞན་དགུག་པས་དེ་བྱིན་གྱིས་བརླབས་པའོ། །ཁྲོ་བོ་ཞེས་
པ་ནི་དྲག་པོ་རྣམས་འདུལ་བའི་ཆེད་དུ་བཏང་སྙོམས་ཆེན་པོ་ལ་གནས་པ་རྣམས་ཀྱང་ཉམས་དེ་ལྟར་སྟོན་པ་སྟེ། དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ལས། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཤིན་ཏུ་བརྟན་པ་རྡོ་རྗེ་ཅན། །དྲག་པོ་རྣམས་ལ་ཕན་དོན་དུ། །ཞི་བ་རྣམས་ཀྱང་ཁྲོ་བོར་འགྱུར། །
ཞེས་སོ། །རྩ་བའི་རྒྱུད་ལས་ཀྱང་། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་འདི་ནི་བླ་ན་མེད། །གང་ཕྱིར་འདུལ་དབང་རྣམས་ཀྱིས་ནི། །ཁྲོ་བོར་གྱུར་པ་དྲི་མ་མེད། །ཅེས་སོ། །ལྷ་ཆེན་པོ་རྣམས་ལ་ཡང་ཁྲོ་བོའི་ཆ་ལུགས་མངའ་བས་ན་ཆེན་པོའོ། །ཡ་མཱནྟ་
ཀྲྀཏ། ཅེས་པ་ནི་ལུས་ལ་སོགས་པའི་ཆོས་རྣམས་གཅིག་དང་དུ་མ་ལ་སོགས་པའི་མ་སྐྱེས་པས་མི་འཇིགས་པའི་དམ་ཚིག་ལ་དད་པ་རྣམ་པར་དག་པ་ནི་གཤིན་རྗེ་མཐར་བྱེད་དོ། །ཇི་སྐད་དུ། མི་འཇིགས་བདག་ཉིད་ཆོས་རྣམས་ནི། །མ་སྐྱེས་པ་ཡི་ངོ་བོ་ཉིད། །དངོས་པོ་
ཀུན་གྱི་དམ་ཚིག་སྟེ། །དེས་ན་ཡ་མཱནྟ་ཀྲྀཏ་རྒྱལ། །ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་རྣམ་པར་སྣང་མཛད་དོ། །བསྙེངས་པར་བྱེད་པའི་ཚུལ་དུ་ཞེས་པ་ནི། དེ་ཉིད་མི་དད་པའི་འགྲོ་བ་རྣམས་འདུལ་བར་བྱེད་པའི་ཕྱིར་འོག་ནས་འབྱུང་བའི་ཚུལ་དུ་བསྙེངས་
པའི་ཕྱིར་རོ། །འདི་ཡང་རང་གི་མཚན་མ་རྡོ་རྗེ་ཐོ་བ་འཛིན་པའི་མདོག་དང་ཕྱག་མཚན་གཞན་མི་བསྐྱོད་པ་ལྟ་བུ་མེའི་འོད་དང་ལྡན་པའོ། །ཤར་ཕྱོགས་ཀྱི་སྒོར་ཞེས་པ་ནི་དྲན་པ་ཉེ་བར་གཞག་པ་ནི་ཤར་གྱི་སྒོ་སྟེ། དེ་ལ་ཉི་མའི་གདན་ལ་བཞུགས་པར་ཤེས་པར་བྱའོ། །མངོན་
Vol. 39 · folio 13a
པར་བྱང་ཆུབ་རྡོ་རྗེ་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་ཉིད་དུ་གནས་པའི་རྐྱེན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེའི་རིགས་ཀྱི་ཁྲོ་བོ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཞེས་པ་ནི་མི་བསྐྱོད་པའོ། །དེའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་རློབ་པ་ནི་གཞུག་པའི་ལས་ཀྱིས་ཞེས་སོ། །གཞན་ནི་གོང་མ་བཞིན་ནོ། །པྲཛྙཱནྟ་ཀྲྀཏ། ཅེས་པ་ནི་ཆོས་ཉིད་ཀྱིས་དག་པའི་ངོ་བོ་བས་གང་གིས་ཀྱང་མི་ཤེས་པའི་དམ་
ཚིག་བརྩོན་འགྲུས་བཞིས་དག་པའི་ངོ་བོ་ནི་ཤེས་རབ་མཐར་བྱེད་དོ། །ཇི་སྐད་དུ། རྣམ་ཤེས་མིན་བདག་ཆོས་རྣམས་ནི། །དོན་དམ་མི་འགྱུར་དག་འགྱུར་ཉིད། །སེམས་ཀུན་གྱི་ནི་དམ་ཚིག་སྟེ། །དེས་ན་པྲཛྙཱནྟ་ཀྲྀཏ་རྒྱལ། །ཞེས་སོ། །རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པའོ། །
བསྙེངས་པར་བྱེད་པ་ནི་སྔ་མ་ལྟར་རང་གི་མི་མཐུན་པའི་ཕྱོགས་ལའོ། །འདི་ཡང་མདོག་དང་ཕྱག་མཚན་ལྷག་མ་རྣམ་པར་སྣང་མཛད་དང་འདྲ་བར་རང་གི་མཚན་མ་རྡོ་རྗེ་དབྱུག་པ་བསྣམས་ཤིང་ཉི་མའི་འོད་ཀྱིས་འཁོར་བའོ། །ལྷོ་ཕྱོགས་ཀྱི་སྒོ་ཞེས་པ་ནི་ཡང་དག་པར་སྤོང་བ་བཞི་
དག་པ་ནི་ལྷོའི་སྒོ་སྟེ། དེ་ལ་ཉི་མའི་གདན་ལ་བཞུགས་སོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རིན་པོ་ཆེ་སྟེ། དེ་ལྟ་བུ་ལ་སྙོམས་པར་ཞུགས་ནས་དེའི་རིགས་
ཀྱི་ཁྲོ་བོ་ཕྱུང་ངོ་ཞེས་སོ། །འདོད་ཆགས་འཆང་བ་ནི་སྣང་བ་མཐའ་ཡས་སོ། །དེའི་དཀྱིལ་འཁོར་ནི་གསུང་གི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་རློབ་པ་ནི་བཅིང་བའི་ལས་ཀྱིས་སོ། །པདྨཱནྟ་ཀྲྀཏ། ཅེས་པ་ནི་མིང་ལ་སོགས་པ་བྲལ་བས་བརྗོད་དུ་མེད་པའི་བདག་ཉིད་ཀྱི་ཆོས་
ལ་དྲན་པ་རྣམ་པར་དག་པའི་རང་བཞིན་ནི་པདྨཱནྟ་ཀྲྀཏ་དོ། །ཇི་སྐད་དུ། བརྗོད་མེད་བདག་ཉིད་ཆོས་རྣམས་ནི། །མིང་དང་གཟུགས་བློ་ངོ་བོ་མེད། །ཆོས་རྣམས་ཀུན་གྱི་ངོ་བོ་སྟེ། །དེས་ན་པདྨཱནྟ་ཀྲྀཏ་གཙོ། །ཞེས་སོ། །གསུང་གི་གཙོ་ཞེས་པ་ནི་སྐུ་མདོག་ལ་སོགས་པ་
Vol. 39 · folio 13b
ཐམས་ཅད་སྣང་བ་མཐའ་ཡས་དང་འདྲ་བར་གོང་མ་ལྟར་བསྙེངས་པའི་ཚུལ་དུ་མེའི་འོད་ཀྱིས་འཁོར་བའོ། །ནུབ་ཕྱོགས་ཀྱི་སྒོར་རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པ་ནི་ནུབ་ཀྱི་སྒོ་སྟེ། དེ་ལ་ཉི་མའི་གདན་ལ་བཞུགས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་ཏེ། དེ་
ལ་སྙོམས་པར་ཞུགས་ནས་དེའི་རིགས་ཀྱི་ཁྲོ་བོ་ཕྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་རྡོ་རྗེ་གསུམ་མོ། །དེའི་དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་རློབ་པ་ནི་དགའ་བར་བྱེད་པའི་དེའི་ལས་སོ། །བིགྷྣཱནྟ་ཀྲྀཏ། ཅེས་པ་ནི་རང་
བཞིན་གྱིས་ཞི་བས་རྣམ་པར་མི་རྟོག་པའི་ངོ་བོའི་དམ་ཚིག་ལས་ཏིང་ངེ་འཛིན་རྣམ་པར་དག་པའི་རང་བཞིན་ནི་བགེགས་མཐར་འབྱིན་ཞེས་བྱའོ། །ཇི་སྐད་དུ། མི་རྟོག་བདག་ཉིད་ཆོས་རྣམས་ནི། །རང་བཞིན་གྱིས་ནི་ཞི་བ་དངོས། །རྡོ་རྗེ་ཀུན་གྱི་དམ་ཚིག་སྟེ། །དེས་ན་བིགྷྣཱནྟ་
ཀྲྀཏ་གཙོ། །ཞེས་སོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་མི་བསྐྱོད་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བོ་ཉིད་དུ་གནས་པའི་རྐྱེན་ལས་སྐྱེས་པའི་ཕྱིར་རོ། །དེའི་ཚུལ་ནི་དེ་དང་མདོག་ལ་སོགས་པ་འདྲ་བ་སྟེ་གོང་མ་ལྟར་མེའི་འོད་ཀྱིས་འཁོར་བའོ། །བྱང་ཕྱོགས་ཀྱི་
སྒོ་ཞེས་པ་ནི་དབང་པོ་དང་སྟོབས་རྣམ་པར་དག་པ་ནི་བྱང་གི་སྒོ་སྟེ། དེ་ལ་ཉི་མའི་གདན་ལ་བཞུགས་སོ་ཞེས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་མཉེས་པར་བྱེད་པའི་དམ་ཚིག་སེམས་དཔའ་རྣམས་སོ་ཞེས་པ་ནི་བདུད་རྩི་འཁྱིལ་པ་སྟེ། ལས་ཐམས་ཅད་ཀྱི་རང་བཞིན་
པས་ན་ཚིག་མང་པོར་གསུངས་པའོ། །དམ་ཚིག་ཅན་གྱི་སྐྱེ་བོ་བསམ་པ་ལ་དམ་ཚིག་དང་མི་འགལ་བའི་ཕྱིར་དང་། གཞན་རྣམས་ནི་རང་རང་དཀྱིལ་འཁོར་མཉེས་པར་བྱེད་པའི་དམ་ཚིག་སེམས་དཔའོ། །དད་པ་ལ་སོགས་པས་བསྒྲུབས་པ་ནི་ཏིང་ངེ་འཛིན་ཏེ། དེས་དག་པའི་ཁྲོ་བོ་ནི་
གསུམ་ཆར་ལ་ཡང་མི་འགལ་བ་ཁོ་ནའོ། །དེ་རྣམས་ཀྱང་ཞལ་ཁྲོ་གཉེར་དང་ལྡན་པ། མཆེ་བ་གཙིགས་པ་ཞལ་གདངས་པ་ཁྲོས་པ་བཞད་པ། ཕྱལ་འཕྱང་བ་སྲ་ཞིང་ཆེ་བ། བརླ་དང་བྲང་ཡང་དེ་ལྟར་གནས་པ། ལྗགས་འདྲིལ་བ་ཡན་ལག་ལ་སོགས་པ་ཐུང་ཞིང་སྦོམ་པ།
Vol. 39 · folio 14a
སྐྲ་དང་སྨ་ར་དམར་སེར་གྱེན་དུ་འཁྱིལ་བ། སྤྱན་ནང་པར་གྱི་ཉི་མ་ལྟར་གནས་ཤིང་འདྲིལ་བའོ། །དེའི་ཡན་ལག་ཀྱང་ཁོང་ཁྲོའི་ཀུན་དུ་སྦྱོར་བ་དག་པའི་མཐའ་ཡས་ནག་པོས་སྐྲ་བཅིངས་པ་དང་རྗེས་སུ་མཐུན་པའི་ཀུན་དུ་སྦྱོར་བ་དག་པའི་འཇོག་པོས་སྙན་ཆ་དང་།
ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དག་པའི་པདྨ་ཆེན་པོ་དཀར་པོས་དོ་ཤལ་བྱས་པ་དང་། ཕྲག་དོག་གི་ཀུན་དུ་སྦྱོར་བ་དག་པའི་ཀརྐོ་ཊ་ལྗང་གུས་ཚངས་སྐུད་བྱས་པ་དང་། སེར་སྣ་ཀུན་དུ་སྦྱོར་བ་དག་པའི་རིགས་ལྡན་ཁ་དོག་སྣ་ཚོགས་པའི་དཔུང་རྒྱན་དང་། ལྟ་བའི་ཀུན་དུ་སྦྱོར་བ་དག་པའི་དུང་སྐྱོང་
སེར་པོས་ཕྱག་གདུབ་དང་། སྤྱོད་པའི་ཀུན་དུ་སྦྱོར་བ་དག་པའི་ནོར་རྒྱས་དཀར་པོས་འོག་པག་བྱས་པ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་དག་པའི་པདྨ་དཀར་པོས་རྐང་གདུབ་བྱས་པ་དང་། ཞབས་བརྐྱང་བསྐུམ་ལ་བར་མཐོ་ལྔ་པ། ཕྱག་དང་པོ་གཉིས་ཀྱིས་རང་གི་རིག་མ་ལ་འཁྱུད་
པའོ། །དེ་བཞིན་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་ཡང་ཡེ་ཤེས་གསུམ་གྱིས་ཕྱུང་ནས་མེ་མཚམས་ལ་སོགས་པ་ཕྱིའི་གྲྭ་བཞི་དང་། ཤར་སྒོའི་གཡས་གཡོན་དུ་ཟླ་བའི་གདན་ལ་གཞག་པར་བྱའོ་ཞེས་སོ། །ཇི་སྐད་དུ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །བདག་ཉིད་
ཆེན་པོ་དབྱུང་བ་ཡིན། །ཞེས་སོ། །དེ་རྣམས་ཀྱི་ཕྱག་མཚན་ལྷག་མ་དང་སྐུ་མདོག་ནི་བདེ་བར་གཤེགས་པ་དྲུག་དང་མཐུན་ནོ། །ཇི་སྐད་དུ། རྡོ་རྗེ་བདག་པོ་རྡོ་རྗེ་ཅན། །ཞེས་སོ། །ཕྱག་མཚན་གྱི་གཙོ་བོ་ནི་ཇི་སྐད་དུ། མེ་ལོང་པི་ཝང་དྲི་ཆབ་དང་། །རོ་ཡི་སྣོད་དང་སྣ་
ཚོགས་རས། །ཆོས་ཀྱི་འབྱུང་གནས་ཕྱག་མཚན་བསྣམས། །ཞེས་སོ། །དེ་བས་ན་འབྱིན་པའི་དཀྱིལ་འཁོར་ལ་ལྷ་བཅུ་དགུར་ངེས་པས་ན་བྲི་བའི་དཀྱིལ་འཁོར་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་རྒྱུ་
བ་དང་། མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་ཁྱབ་ཅིང་ཐུགས་རྗེ་དང་ལྡན་པའི་བདེ་བར་གཤེགས་པ་རྣམས་ཀྱིས་བསྟན་པ་ཡང་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་ཆེན་ནོ། །ཇི་སྐད་དུ། དེ་ཡི་དེ་ཉིད་གསང་བ་ནི། །རྒྱུད་འདི་ལས་ནི་གསུམ་དུ་བསྟན། །རྡོ་རྗེ་སྐུ་དང་
Vol. 39 · folio 14b
གསུང་དང་ཐུགས། །རྒྱུ་དང་མི་རྒྱུའི་དངོས་པོ་ལ། །ཁྱབ་ནས་ཐུབ་དབང་ཐམས་ཅད་ཀྱིས། །ཐུགས་རྗེས་ཀུན་དུ་བསྟན་གྱུར་ཡང་། །བྱིས་པ་རྣམས་ཀྱིས་མི་རྟོགས་ཕྱིར། །རང་བཞིན་གྱིས་ནི་གསང་ཞེས་བྱ། །ཞེས་སོ། །དེའི་གསང་བ་དེ་འདུས་པ་ཡང་དེ་ཉིད་པས་ན་འདུ་བ་སྟེ་གོང་
མ་ལྟར་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་ཏོ། །དེའི་དཀྱིལ་འཁོར་ནི་སེམས་དང་བསྐྱེད་པའི་དཀྱིལ་འཁོར་རོ། །དེ་གང་གིས་བྱིན་གྱིས་རློབ་པ་དེ་སྟོན་པར་བྱེད་པ་ནི་གཞུང་ནི་ལེའུ་དང་པོའོ། །ལེའུ་དང་པོའི་
འགྲེལ་པའོ།། །།ད་ནི་དངོས་པོར་འཛིན་པ་བཟློག་པའི་ཕྱིར། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཡེ་ཤེས་ཀྱི་ཚོགས་སྒོམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་ལེའུའི་དེ་མ་ཐག་པའོ། །གཞན་ནི་གོང་མ་
ལྟར་སྦྱར་རོ། །སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ནི་དེ་ཉིད་མཆོག་ཅེས་པ་སྟེ། དོན་དམ་པ་བྱང་ཆུབ་སེམས་འགྱུར་བ་མེད་པའོ། །དེ་ཉིད་ཐུན་མོང་གི་ཡུལ་དུ་མ་གྱུར་པས་ན། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཞེས་བྱའོ། །ཡང་གོང་ན་མེད་པ་དེ་ནི་བླ་ན་མེད་པ་སྟེ། དེ་
གང་ཞེ་ན། བྱང་ཆུབ་ཀྱི་བདག་ཉིད་སེམས་ཞེས་བྱའོ། །སྙིང་པོ་དེ་ནི་བླང་བར་བྱ་བ་ཡིན་པས་ནའོ། །དེ་བཤད་དུ་གསོལ་ཞེས་བྱང་ཆུབ་ཀྱི་སེམས་བཤད་པར་གསོལ་བ་བཏབ་པའོ། །དེ་ལྟར་ཞུས་མ་ཐག་ཏུ་སྐུ་གསུང་ཐུགས་རྩེ་གཅིག་པས་མཉམ་པར་ཞོག་ལ་ཉོན་ཅིག་པར་གདམས་
པ་བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེས་བྱང་ཆུབ་སེམས་བཤད་པར་གསོལ་བ་བཏབ་པ་དང་། བྱང་ཆུབ་སེམས་
དཔའ་ཐམས་ཅད་ནི་བྱམས་པ་ལ་སོགས་པའོ། །དེ་རྣམས་ཀྱི་ཡོངས་སུ་རྟོག་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པ་ནི་མ་ནོར་ཏེ་དོན་ཆེན་པོར་འགྱུར་རོ་སྙམ་པའོ། །ཐུགས་ཞེས་བྱ་བ་ནི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་མཁྱེན་ནས་བཀའ་སྩལ་ཏོ་ཞེས་སོ། །དེ་གང་ཞེ་ན།
Vol. 39 · folio 15a
ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །སེམས་ལུས་ལྟ་བུ་ཞེས་བྱ་བ་ནི་རྣམ་པ་མེད་པའི་སེམས་གཅིག་པུ་བཀག་པའོ། །ལུས་སེམས་ལྟ་བུ་ཞེས་པ་ནི། བེམས་པོ་འབའ་ཞིག་ཏུ་སྣང་བའི་ལུས་དགག་པའོ། །དེས་ནི་ལུས་དང་སེམས་རང་བཞིན་གཅིག་པར་གྱིས་ཞེས་བྱ་བའི་
དོན་ཏོ། །ངག་སེམས་ལྟ་བུ་ཞེས་པས་ཀྱང་ངག་བེམས་པོ་འབའ་ཞིག་བཀག་པའོ། །སེམས་ཚིག་ཏུ་བརྗོད་པ་ལྟ་བུར་བསྐྱེད་ཅིག་ཅེས་པ་ནི། རྣམ་པ་མེད་པའི་སེམས་གཅིག་པུ་བཀག་པས་ངག་དང་སེམས་ཀྱང་དབྱེར་མེད་པར་གྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེས་ནི་ལུས་ངག་ཡིད་
གསུམ་ཆར་ཡང་སེམས་ཙམ་མོ་ཞེས་གསུངས་པའོ། །དེ་ཡང་གཉིས་པོས་སྟོང་པའི་གཉིས་པོས་ནི་སེམས་ཙམ་དུ་སྦྱར་ནས་རྩེ་གཅིག་པས་ཉོན་ཞེས་པའོ། །ད་ནི་ཉན་པ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཇི་ལྟར་གནས་པའི་བྱང་ཆུབ་ཀྱི་སེམས་ལ་བློ་བཞག་ནས་ཆེད་དུ་བརྗོད་པ་སྡུད་པ་
པོས་བྲིས་པ་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་ཉིད་སྟོན་པའི་གསུང་གི་རིམ་པ་བཞིན་དུ་བརྩམ་པའི་ཕྱིར་ན་ནམ་མཁའ་ལྟ་བུར་ཞེས་ཏེ། དམིགས་པ་མེད་པའི་ཡེ་ཤེས་ཏེ། དེ་ཡང་སྟོང་པ་ཉིད་དུ་སྦྱར་ནས་ཞེས་སྨོས་སོ། །གཞན་གྱིས་མ་བཅོལ་བར་སྨྲས་
པ་ནི་ཆེད་དུ་བརྗོད་པའོ། །དེ་གང་ཞེ་ན། ཨེ་མ་ཧོ་ཞེས་པ་ལ་སོགས་པའོ། །ཀུན་དུ་བཟང་པོའི་ཞེས་པ་ནི་ཆོས་ཐམས་ཅད་ལ་ཁྱབ་བདག་ཏུ་གྱུར་པའི་ཕྱིར་རོ། །དེ་ཅི་ངོ་མཚར་ཆེ་ཞེ་ན། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ་ཞེས་སོ། །ཇི་ལྟར་གནས་ན་སྐྱེ་བ་མེད་པའི་སྦྱོར་བ་ཡིས། །
ཞེས་བྱ་སྟེ། ཀུན་དུ་བརྟགས་པའི་བདག་ཉིད་ཀྱིས་ནི་སྐྱེ་བའི་སྦྱོར་བས་སོ། །དེ་ཉིད་ཡོངས་སུ་དག་པའི་ཚུལ་གྱིས། སྐྱོང་བ་འདི་ནི་རབ་ཏུ་བསྒྲགས། །ཞེས་བྱ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བསྒྲགས་པས་དེ་ཉིད་ཨེ་མ་ཧོ་ཞེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་ཆོས་ཉིད་ཐུན་མོང་གི་བྱང་ཆུབ་ཀྱི་སེམས་བརྗོད་ནས། ད་ནི་སངས་རྒྱས་དྲུག་གི་སོ་སོའི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་བྱང་ཆུབ་པའི་ཚུལ་གྱིས་ནི་སྟོང་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཏེ། མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོའི་ཚུལ་
Vol. 39 · folio 15b
གྱིས་སྙོམས་པར་ཞུགས་ནས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་རིགས་སོ་སོའི་ཏིང་ངེ་འཛིན་རྣམས་ནི་རང་རང་གི་ཡེ་ཤེས་སོ་སོ་ལ། རང་རང་གི་ཚུལ་གྱི་སྟོན་པ་སྙོམས་པར་ཞུགས་ནས་བྱང་ཆུབ་ཀྱི་སེམས་སྟོན་པའོ། །དངོས་མེད་ཅེས་པ་ནི་སྟེང་དང་འོག་ལ་སོགས་པའི་དབྱེ་
བས་བསལ་ན་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་སྟོང་པར་འགྱུར་བའི་ཕྱིར་རོ། །དེ་བསྒོམ་པ་ཡི་དངོས་པོ་མེད། །ཅེས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་ལྟ་བ་ཡིན་པའི་ཕྱིར་རོ། །བསྒོམ་པར་བྱ་བ་ཞེས་པ་ལ་སོགས་པ་ནི་གང་རྒྱུ་དང་འབྲས་བུར་མངོན་པར་ཞེན་ནས་བསྒོམ་
པར་བྱ་བའོ། །དེ་ཉིད་བསྒོམ་པ་མིན་ཞེས་ཏེ་རྒྱུ་དང་འབྲས་བུ་གཉིས་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེ་ལྟར་དངོས་པོ་ཞེས་པ་ནི་ཕྱི་རོལ་གྱི་རྣམ་པའི་སྨོན་ལམ་གྱི་འབྲས་བུའོ། །དེ་ཉིད་དངོས་མེད་པས་ཞེས་བྱ་སྟེ། ཡེ་ཤེས་ལས་མ་གཏོགས་པ་ཉེ་བར་དམིགས་པར་མི་འགྱུར་བའི་ཕྱིར་རོ། །དེ་
བས་ན་ཕྱི་རོལ་གྱི་རྣམ་པའི་སྨོན་པ་ལྟ་བུར་སྒོམ་པ་ནི་དམིགས་སུ་མེད་པའི་ཞེས་ཏེ། སེམས་ཀྱི་རང་བཞིན་སྟོང་པ་ཉིད་ལ་སོགས་པ་ཡིན་ནོ་ཞེས་པའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་གསུངས་སོ་ཞེས་པ་ལ་སོགས་པ་ནི་སྡུད་པ་པོའི་ཚིག་གོ། །གདོན་
པའི་རིམ་པ་བོར་ནས་སེམས་ལུས་ལྟ་བུ་ཞེས་པའི་ཚིག་ལ་བརྟེན་ནས་དེའི་དེ་མ་ཐག་ཏུ་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གཟུགས་བརྙན་བཞིན་དུ་མངོན་པར་རྟོགས་པ་ཉིད་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ། དེ་ལ་རྣམ་པར་སྣང་མཛད་ཀྱི་
ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སྨོས་སོ། །དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་པ་ནི་སྣོད་ཀྱི་འཇིག་རྟེན་ལ་སོགས་པ་དངོས་པོ་ཐམས་ཅད་ལ་སྲོག་དང་། གསོ་བ་ལ་སོགས་པའི་དངོས་པོ་མི་རིགས་པའི་ཕྱིར་ན་བྲལ་བའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཞེས་
བྱ་བ་ནི། དེ་ཉིད་གཟུགས་ཀྱི་ཕུང་པོ་ལ་སོགས་པ་གཉེན་པོ་གསུམ་གྱི་ཚུལ་དུ་གཟུང་བ་དང་འཛིན་པར་རྟོག་པ་དེ་ཉིད་གཅིག་དང་དུ་མ་ལ་སོགས་པའི་རིགས་པས་དཔྱད་ན་གཉིས་པོར་འོས་པ་མ་ཡིན་པས་ན་རྣམ་པར་སྤངས་པའོ། །དེ་ཉིད་ཆོས་བདག་མེད་པ་ཞེས་ཏེ་གཉིས་ཀྱི་བདག་དང་བྲལ་
Vol. 39 · folio 16a
བའི་སེམས་རྫས་སུ་རྟོགས་པ་ནི། དངོས་པོ་སྟོབས་ཀྱིས་ཞུགས་པ་ལ་སོགས་པས་རིགས་པ་མ་ཡིན་པས་ན་བདེན་པ་རྣམ་པ་གཉིས་མཉམ་པ་ཉིད་དོ། །དེ་ཉིད་ལ་ཐ་དད་པའི་ཀུན་རྫོབ་ཀྱི་ལུང་གིས་བཀག་པས། རང་སེམས་ཡེ་ནས་མ་སྐྱེས་པ། །ཞེས་བྱ་སྟེ། གཉེན་པོ་
སྐྱེས་ནས་མ་ཡིན་པའི་དོན་ཏོ། །དེ་ཁོ་ན་གསུངས་པ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་ཏེ། རྣམ་པའི་མཆོག་ཁོ་ན་དང་ལྡན་པའི་སྟོང་པའོ་ཞེས་སོ། །ལུས་སེམས་ལྟ་བུ་ཞེས་པ་ལ་བརྟེན་ནས་མི་བསྐྱོད་པའི་བྱང་ཆུབ་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །
རྣམ་པར་དག་པའི་རྒྱུན་བརྒྱུད་པ་བར་ཆད་མེད་པས་མི་ཟད་པ་སྟེ། མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་ལྟ་བུ་ལ་མི་བསྐྱོད་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །དངོས་པོ་འདི་རྣམས་མ་སྐྱེས་པས། །ཞེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་རང་རང་གི་རང་བཞིན་གྱིས་མ་སྐྱེས་སོ། །དེ་ཉིད་
ཀྱིས་ནི་མཚན་ཉིད་འཛིན་པས་ན་ཆོས་མེད་དོ། །དེ་མེད་པས་ན་དེའི་ཆོས་ཉིད་ཀྱང་མེད་པའོ་ཞེས་སོ། །འོ་ན་དེ་ཐལ་བྱུང་དུ་མེད་དོ་ཞེ་ན། ནམ་མཁའ་ལྟ་བུ་བདག་མེད་པས་ཞེས་པ་ནི། དམིགས་པའི་ཡེ་ཤེས་ཙམ་གྱི་གཉིས་སུ་མེད་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་ཏེ་
དེ་ཁོ་ན་བཞིན་དུ་གནས་པའི་ཕྱིར་རོ། །རིན་ཆེན་འབྱུང་ལྡན་གྱི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །བདག་དང་གཞན་གྱི་རྣམ་པའི་ཆ་མཉམ་པ་ནི་བདག་མེད་པ་མི་ཕྱེད་པའི་ཕྱིར་ན་རྡོ་རྗེའོ། །དེ་ལྟ་བུ་ལ་རིན་ཆེན་འབྱུང་ལྡན་གྱི་ཚུལ་གྱིས་སྙོམས་པར་
ཞུགས་ནས་ཞེས་སོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཞེས་པ་ནི་གོང་མ་ལྟ་བུའི་ཆོས་རྣམས་ཞེས་བྱ་བའི་མཚན་ཉིད་ཀྱི་དངོས་པོ་མེད་པའོ། །དེ་བས་ན། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །ཞེས་ཏེ། གཟུང་དུ་རུང་བས་གཟུགས་ཞེས་པ་ལ་སོགས་པ་མཚོན་པར་བྱེད་
པ་སྤངས་ཏེ། དེ་དེ་ཉིད་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཕུང་པོ་ལ་སོགས་ཁྱད་པར་དུ། །ངོ་བོ་ལས་ནི་ཁྱད་པར་དུ། །མཚན་ཉིད་དེ་ཉིད་དེ་ཉིད་མིན། །དེ་བས་དེ་ཉིད་མཚན་ཉིད་བྲལ། །ཞེས་སོ། །བདག་མེད་ཆོས་ལས་ཞེས་བྱ་བ་ནི། མཉམ་པ་ཉིད་ཀྱི་བྱང་ཆུབ་སེམས་ལ་
Vol. 39 · folio 16b
ཀུན་འབྱུང་བ་སྟེ། དེའི་རང་བཞིན་དུ་གནས་པའི། བྱང་ཆུབ་སེམས་འདི་བསྟན་པའོ། །ཞེས་སོ། །སྣང་བ་མཐའ་ཡས་ཀྱི་བྱང་ཆུབ་ཀྱི་སེམས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཐམས་ཅད་ཀྱི་རྣམ་པར་དག་པ་རྟོག་པ་ནི་འོད་ཟེར་འབར་བའོ། །མི་ཕྱེད་པའི་ཕྱིར་ན་
རྡོ་རྗེ་སྟེ་འོད་གསལ་བའི་ཕྱིར་ན་སྒྲོན་མའོ། །དེ་ལ་སྣང་བ་མཐའ་ཡས་ཀྱི་ཚུལ་དུ་སྙོམས་པར་ཞུགས་ནས་ཞེས་སོ། །མ་སྐྱེས་པའི་ཆོས་རྣམས་ལ་ཞེས་པ་ནི་གོང་མ་ལྟ་བུའི་རྣམ་པར་བརྟགས་པས་མ་སྐྱེས་པའོ། །དེ་ལ་ངོ་བོ་མེད་ཅེས་པ་ནི་དེའི་ངོ་བོ་མེད་པའོ། །དེ་མེད་པས་དེའི་
བསྒོམ་པ་ཡང་མེད་ཅེས་པའོ། །འོ་ན་ཇི་ལྟ་བུ་ཞིག་ཡོད་ཅེ་ན། ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །ཞེས་བྱ་སྟེ། མི་དམིགས་པའི་ཡེ་ཤེས་ཀྱི་ཚུལ་གྱིས་དངོས་པོ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ཚུལ་དུ་རབ་ཏུ་བསྒྲགས་ཤིང་བཤད་དོ་ཞེས་པའོ། །དོན་ཡོད་གྲུབ་པའི་བྱང་
ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །བདག་ཁོ་ནས་དོན་བྱ་བའི་གཞན་ལ་གོ་སྐབས་མི་སྦྱིན་ནོ་ཞེས་པ་ནི་ཟིལ་གྱིས་གནོན་པ་སྟེ་མི་ཕྱེད་པའི་ཕྱིར་ན་རྡོ་རྗེའོ། །དེ་ལ་དོན་ཡོད་གྲུབ་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །ཆོས་རྣམས་རང་བཞིན་
འོད་གསལ་བ། །ཞེས་པ་ནི་གོང་མ་ལྟ་བུའི་ཆོས་རྣམས་ནི་རང་བཞིན་ནམ་གདོད་ནས་འོད་གསལ་བ་ཞེས་སོ། །ཇི་ལྟར་འོད་གསལ་ཞེ་ན། གདོད་ནས་དག་པ་ནམ་མཁའ་བཞིན། །ཞེས་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་དང་པོ་ནས་དག་ནས་ནམ་མཁའི་དཀྱིལ་ལྟ་བུར་གནས་
ཏེ་བྱེད་པས་ནི་མ་ཡིན་ནོ། །རང་བཞིན་གྱིས་འོད་གསལ་བའི་བྱང་ཆུབ་ཀྱི་སེམས་དེ་ལ་ལོགས་ཤིག་ན་བྱང་ཆུབ་ཀྱང་མེད་པའོ། །མངོན་རྟོགས་མེད་ཅེས་པ་ནི་ལམ་དེ་ལས་དབྱེར་མེད་པར་ཤེས་པར་བྱའོ། །དེའི་ཕྱིར་བྱང་ཆུབ་དང་ལམ་ཡང་གསལ་བ་དང་མི་གསལ་བའི་གནས་སྐབས་
སུ་གདགས་པའོ། །དེ་ལྟ་བུའི་བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་སོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་བ་སྔོན་དུ་བྱས་ནས་ཆེད་དུ་གླེང་བས་སྔོན་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་ལ་བསྟོད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །སྐུ་དང་གསུང་དང་
Vol. 39 · folio 17a
ཐུགས་ཉིད་གསང་བའོ། །དེའི་ཆོས་ཉིད་ནི་དོན་དམ་པའི་བདེན་པའོ། །མི་འགྱུར་བའི་ཕྱིར་ན་ཡི་གེའོ། །དེ་ཐོས་ནས་ངོ་མཚར་དུ་གྱུར་པ་ནི་ཟབ་མོ་ལའོ། །རྨད་དུ་གྱུར་ནི་སྣང་བ་མི་འགོག་པའོ། །ཨེ་མ་ཧོ་སངས་རྒྱས་ཞེས་པ་ནི་བདེ་བར་གཤེགས་པའོ། །ཨེ་མ་ཧོ་ཆོས་
ཞེས་པ་ནི་དེ་བཞིན་ཉིད་དོ། །ཆོས་བསྟན་པ་ནི་ངོ་མཚར་ཆེ། །ཞེས་པ་ནི་བསྟན་པའི་ཆོས་སོ། །དེ་ཉིད་དོན་ཞེས་པ་ནི་གསུམ་ཆར་ལ་ཡང་ནམ་མཁའ་བཞིན་དུ་རྣམ་པར་དག་པའི་དོན་ཏོ། །དེ་ཉིད་ཤེས་རབ་དང་སྙིང་རྗེས་དབྱེར་མེད་པས་ན་བྱང་ཆུབ་སེམས་ཞེས་དེ་ལ་ཕྱག་འཚལ་ལོ་ཞེས་པ་
ནི། རྡོ་རྗེ་འཆང་ཆེན་པོའི་བྱང་ཆུབ་ཀྱི་སེམས་ལའོ། །བདག་མེད་པའི་ཆོས་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་བྱུང་བ་ནི་རིན་ཆེན་འབྱུང་ལྡན་ཏེ། སངས་རྒྱས་བྱང་ཆུབ་ཀྱི་རྫོགས་བྱེད། །ཅེས་པ་ནི་སྦྱིན་པ་བཞིས་ཕྱོགས་མེད་པར་རྫོགས་པར་བྱེད་པས་ན། དེའི་བྱང་ཆུབ་ཀྱི་སེམས་
ལའོ། །རྣམ་པར་མི་རྟོག་ཅེས་པ་ནི། །གཟུགས་བརྙན་ལྟ་བུར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ་རྣམ་པར་སྣང་མཛད་ཀྱིའོ། །དམིགས་སུ་མེད་ཅེས་པ་ནི་དམིགས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་སྟེ་མི་བསྐྱོད་པའིའོ། །དེ་ལྟར་བྱང་ཆུབ་སེམས་གསུམ་ཆར་ལ་ཡང་ཕྱག་
འཚལ་ལོ་ཞེས་སོ། །ཀུན་དུ་བཟང་པོ་ཀུན་གྱི་དོན། །ཞེས་པ་ནི་སྒོ་གསུམ་ནས་སྐྱོན་དང་བྲལ་ཞིང་སྐྱེ་གནས་སུ་གྱུར་པའི་ཕྱིར་རོ། །བྱང་ཆུབ་སེམས་ནི་རྫོགས་པར་བྱེད། །ཅེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གདུལ་བྱའི་རྒྱུད་ལའོ། །དེ་ཉིད་བྱང་ཆུབ་སྤྱོད་པའོ། །མི་ཤིགས་
པའི་ཕྱིར་ན་རྡོ་རྗེ་ཆེ་ཞེས་ཏེ། སྣང་བ་མཐའ་ཡས་ཀྱི་བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ་ཞེས་སོ། །དག་པའི་དེ་བཞིན་གཤེགས་པའི་ཐུགས། །ཞེས་བྱ་བ་ནི་ཆོས་ཉིད་དེ་བཞིན་ཉིད་དེ། དེ་ལས་སྐྱེས་པའི་ཐུགས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་པ་ནི་སྐུ་ལ་སོགས་
པའི་གསུམ་ཆར་གྱི་ལས་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སྤྱོད་པ་རབ་སྟོན་པ། །ཞེས་པ་ནི་གདུལ་བའི་དབང་གིས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རབ་ཏུ་སྟོན་པ་སྟེ། དོན་ཡོད་གྲུབ་པའི་བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ་ཞེས་པའོ། །ལེའུ་འདིའི་དོན་ལ་ནི་ལས་ཀྱི་སྒྲིབ་པ་བཟློག་པ་
Vol. 39 · folio 17b
རྣལ་འབྱོར་པས་རྙེད་པ་མངོན་སུམ་དུ་གྱུར་པའི་སེམས་ཅན་རྒྱ་མཚོའི་ཚོང་པ་ཉམས་པ་ལྟ་བུ་ལ། དེད་དཔོན་ཆེན་པོ་ལ་གྲུ་འཆའ་བ་བཞིན་དུ་སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་བརླན་པར་བྱས་ལ། རང་བཞིན་གྱིས་འོད་གསལ་བའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་རྣམ་པར་ཐར་པའི་སྒོ་གསུམ་དུ་
བསྒོམས་ནས་འོག་ནས་འབྱུང་བའི་སྔགས་ཀྱིས་བརྟན་པར་བྱའོ་ཞེས་སོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པའི་གཞུང་གི་ལེའུ་གཉིས་པའོ། །ལེའུ་གཉིས་པའི་འགྲེལ་པའོ།། །།ལེའུ་གསུམ་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་
བཞིན་གཤེགས་པ་ཐམས་ཅད་འཕྲོ་བ་སྟེ་སེམས་ཅན་གྱི་དོན་དུ་ཞེས་སོ། །དེ་ཉིད་གདུང་བ་སེལ་ཅིང་བརླན་དང་བཅས་པའི་ཕྱིར་ན་སྤྲིན་ནོ། །དེའི་བཀོད་པ་ནི་མང་པོའི་ཚོགས་པས་ནའོ། །མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ། དེ་ལྟ་བུ་ལ་རྡོ་རྗེའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །རྡོ་རྗེ་
ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་བཀོད་པ་ནི་འདུས་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་སྟོན་པར་བྱེད་པའི་གཞུང་ནི་ལེའུ་སྟེ་དེ་གསུངས་སོ་ཞེས་སོ། །ད་ནི་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་སྔགས་ཀྱིས་བརྟན་པར་བྱ་བར་གསུངས་པ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་
བྱའོ། །དེ་བདག་དང་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ལེའུ་གཉིས་པ་ལྟར་མ་གྲུབ་པར་བསྒོམས་པས་བརྟན་པར་བྱས་ནས་འོག་ནས་འབྱུང་བའི་མཚན་མ་ལ་དམིགས་པར་བྱའོ་ཞེས་སོ། །ད་ནི་ལྷའི་འཁོར་ལོ་གནས་པར་བྱ་བའི་ཕྱིར་རྟེན་གྱི་དཀྱིལ་འཁོར་གསུངས་པ། ནམ་མཁའི་
ཞེས་པ་ལ་སོགས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་པ་ནི་ལོངས་སྤྱོད་བཞི་དང་རྟག་པ་ཉིད་དང་ལྡན་པའི་རྡོ་རྗེ་འཛིན་པ་ལས་བྱུང་བའི་ཆོས་འབྱུང་དཀར་པོ་གྲུ་གསུམ་པའི་དབུས་ན་གནས་པའོ། །ཇི་སྐད་དུ། ལོངས་སྤྱོད་བཞི་དང་ལྡན་པ་ཡི། །རིག་པའི་
སྐྱེས་བུ་རྡོ་རྗེ་ཅན། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །གྲུ་གསུམ་དུ་ནི་རྣམ་པར་བསྒོམ། །ཞེས་སོ། །དབུས་ན་གནས་པ་གང་ཞེ་ན། སངས་རྒྱས་དཀྱིལ་འཁོར་ཞེས་ཏེ་བྷྲཱུཾ་ལ་སོགས་པའི་རིམ་པས་རྣམ་པར་སྣང་མཛད་རིན་པོ་ཆེའི་དབུ་རྒྱན་ཅན་གནས་གྱུར་པ་ལས་བྱུང་བའི་
Vol. 39 · folio 18a
གཞལ་ཡས་ཁང་པ་བསྒོམ་པར་བྱ་བ་སྟེ། ཇི་ལྟ་བུ་ཞེ་ན། འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །སངས་རྒྱས་འབར་བའི་འོད་དང་མཉམ། །ཞེས་བྱ་སྟེ། སངས་རྒྱས་ཉིད་འབར་བ་སྟེ། དེ་དང་མཉམ་པའི་འོད་ཟེར་གྱི་ཚོགས་ཆེན་པོ་ཕྱོགས་ཀུན་དུ་མེ་རིའི་
ཚུལ་དུ་ཀུན་དུ་འཕྲོ་བའི་འོད་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ནི། འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཅེས་བྱའོ། །ཀུན་ནས་ཡོངས་སུ་ཟླུམ་པོར་ཏེ། །ཞེས་པ་ནི་ནང་དང་ཕྱི་ཟླུམ་པ་སྟེ་དབུས་མ་ཟུར་བཞི་པ་ཁོ་ན་ཡིན་ནོ། །འདོད་པའི་ཡོན་ཏན་ལྔ་ཡིས་རྒྱས། །ཞེས་པ་
ནི། ཕྱིན་ཅི་ལོག་གི་གཟུགས་ལ་སོགས་པ་རྣམ་པར་དག་པས་ན། གཞལ་ཡས་ཁང་གི་གཟུགས་ལ་སོགས་པས་རྒྱས་པའོ། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །ཞེས་པ་ནི་སྟོབས་ལ་སོགས་པ་རྣམ་པར་དག་པས་ན། ལྷ་བཤོས་ལ་སོགས་པ་ལྔས་བརྒྱན་པ་ཞེས་སོ། །དེ་རྣམས་ནི་
མཚོན་པ་ཙམ་སྟེ་སྒོ་བཞི་ལ་སོགས་པས་ལེགས་པར་བརྒྱན་པས་བསྐོར་བར་བྱའོ། །ད་ནི་སངས་རྒྱས་དྲུག་གི་སྐུ་མདོག་ལ་སོགས་པའི་ངེས་པ་གསུངས་པ། མདོར་ན་ཞེས་པ་ལ་སོགས་པའོ། །དེ་ལྟར་བསྒོམས་ནས་སུ་ཞེས་པ་ནི་རྟེན་གྱི་འཁོར་ལོ་བསྒོམས་ནས་སུ་ཞེས་སོ། །
གཟུགས་ནི་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱིའོ། །དབུས་སུ་ཞེས་པ་ནི་དབུས་ཀྱི་གདན་ལའོ། །བསྒོམ་པར་བྱ་ཞེས་པ་ནི་རྡོ་རྗེ་འཆང་བ་གནས་གྱུར་པ་ལས་ཞེས་པའི་དོན་ཏེ། དེ་ཉིད་བསྟན་པའི་ཕྱིར་རྣམ་པར་སྣང་མཛད་ཅེས་སོ། །ཕྱག་རྒྱ་ཆེ་ཞེས་པ་ནི་འོག་ནས་འབྱུང་བའི་
ཞལ་ལ་སོགས་པ་དང་ལྡན་པའོ། །སྐུ་གསུང་ཐུགས་ཀྱིས་མཚན་པའོ། །ཞེས་པ་ནི་གྲུབ་པའི་ཡན་ལག་སྟེ་གཞན་རྣམས་དང་ཡང་ལྡན་པའོ། །འདི་ནི་ལྟག་འོག་ཏུ་སྦྱར་བར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཕྱག་རྒྱ་ཆེན་པོ་ནི་གོང་
མ་ལྟར་རོ། །འམ་ཞེས་པའི་སྒྲས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཚན་མའི་ཕྱག་རྒྱ་དགོད་པར་བྱའོ་ཞེས་པའི་དོན་ཏོ། །འདི་ཡང་ལྟག་འོག་ཏུ་སྦྱར་བར་བྱའོ། །ཚོགས་གཉིས་དང་ལྡན་པས་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་པའི་བདག་དང་ལྷ་མོར་སྣང་བའོ་ཞེས་སོ། །
Vol. 39 · folio 18b
འདི་ཡང་ལྟག་འོག་ཏུ་སྦྱར་བར་བྱའོ། །འདི་རྣམ་པར་སྣང་མཛད་དང་མི་བསྐྱོད་པའི་བར་དུ་རྡོ་རྗེ་འཆང་བ་སྨོས་པ་ནི་རྣམ་པར་སྣང་མཛད་དང་སྐུ་མདོག་འདྲ་བ་ལ་མི་བསྐྱོད་པ་དང་ཕྱག་མཚན་འདྲ་བར་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འོག་ནས་སྐུ་མདོག་ལ་སོགས་པའི་ངེས་པ་མ་བསྟན་ཏོ། །
དེ་བས་ན་མི་བསྐྱོད་པ་ལ་སོགས་པ་བསྡུས་ཏེ་བསྟན་པ། མི་བསྐྱོད་པའི་ཞེས་པ་ལ་སོགས་པའོ། །མི་བསྐྱོད་པའི་ཕྱག་རྒྱ་ལ་སོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་པས་མཆོག་གོ། །དཀོན་མཆོག་དཔལ་ནི་དོན་ཐམས་ཅད་འབྱུང་བས་རྒྱ་ཆེན་ནོ། །ཚེ་དཔག་མེད་ནི་སྣང་བ་མ་ལུས་
པར་བརྒྱུད་པས་འགེངས་པའི་ཕྱིར་ན་འོད་བྱེད་དོ། །དོན་ཡོད་གྲུབ་པ་ནི་སེམས་ཅན་གྱི་བྱ་བ་ཇི་སྙེད་པ་རྫོགས་པར་མཛད་པས་ན་རྒྱ་ཆེན་ནོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པ་ནི། རྡོ་རྗེ་འཆང་བ་ལས་གྱུར་པ་ཞེས་ཚིག་སྔ་མའོ། །ཇི་ལྟར་ཞེ་ན་མི་བསྐྱོད་པའི་སྐུ་
མདོག་དང་ཕྱག་མཚན་གསུངས་པ། སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པའོ། །ཞེ་སྡང་གི་རང་བཞིན་ཡིན་པས་ཨིནྡྲ་ནཱི་ལ་ལྟར་གནས་པའོ། །རྡོ་རྗེ་ནི་སྔོན་པོ་ཅུང་ཟད་ཁ་གྱེས་པའོ། །གཙིགས་པ་ནི་མཆེ་བའོ། །འཇིགས་པར་བྱེད་པ་ནི་སྤྱན་གྱི་འགྱུར་བའོ། །རྣམ་
པར་སྣང་མཛད་ཀྱི་སྐུ་མདོག་ལ་སོགས་པ་གསུངས་པ། ཤེལ་དང་ཞེས་པ་ལ་སོགས་པའོ། །ཤེལ་ནི་དང་བའོ། །ཟླ་བ་ནི་དཀར་བའོ། །དེས་ནི་དཀར་ལ་དང་བར་བསྟན་པའོ། །རལ་པའི་དབུ་རྒྱན་གྱིས་བརྒྱན་པ། །ཞེས་པ་ནི་མཛེས་པའི་རལ་པ་ལ་རིན་པོ་ཆེའི་དབུ་རྒྱན་ཟེའུ་པྲོག་
གིས་བརྒྱན་པ་སྟེ་འདི་ནི་ཀུན་ལ་སྦྱར་བར་བྱའོ། །འབར་བ་ཆེན་པོ་ནི་འོད་ཟེར་འཕྲོ་བའོ། །འཁོར་ལོ་ནི་རྩིབས་བརྒྱད་པར་ཤེས་པར་བྱའོ། །སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །ཞེས་པ་ནི། གདུ་བུ་ལ་སོགས་པ་མཛེས་པ་སྟེ་ཀུན་ལ་སྦྱར་བར་བྱའོ། །རིན་ཆེན་འབྱུང་
ལྡན་གྱི་སྐུ་མདོག་ལ་སོགས་པ་གསུངས་པ། འཛམ་བུ་ནཱ་ད་ཞེས་པ་ལ་སོགས་པའོ། །ནཱ་དའི་གསེར་འོད་ཅེས་པ་ལ་སོགས་པའོ། །སངས་རྒྱས་སྤྲིན་ནི་འོད་ཟེར་ཏེ་དེས་འཁྲིགས་པས་ན་རབ་ཏུ་འཁྲིགས་པའོ། །རྡོ་རྗེ་ཆེ་ཞེས་པ་ནི་མི་ཕྱེད་པའི་ཕྱིར་ནི་རིན་པོ་ཆེ་མརྐཏའོ། །
Vol. 39 · folio 19a
རྩེ་མོ་དགུ་པ་ཞེས་པ་ནི་དབྱིབས་ཟུར་དགུ་པའོ། །མ་ར་ག་ཏའི་འོད་འདྲ་བ། །ཞེས་པ་ནི་ཁ་དོག་སྟེ་ལྗང་གུའོ། །རྡོ་རྗེ་འབར་བ་ནི་དེའི་འོད་ཟེར་འབར་བ་སྟེ། དེ་ཕྱོགས་ཀུན་དུ་འབར་བའི་སྤྲིན་གྱིས་འཁྲིགས་པའི་རིན་ཆེན་རྣམ་པར་བསྒོམ་པའོ། །སྣང་བ་མཐའ་ཡས་ཀྱི་
སྐུ་མདོག་ལ་སོགས་པ་གསུངས་པ། པདྨ་རཱ་ག་ཞེས་པ་ལ་སོགས་པའོ། །པདྨ་རཱ་ག་ནི་དམར་པོའོ། །རལ་པའི་དབུ་རྒྱན་ནི་གོང་མ་ལྟར་སྦྱར་བར་བྱའོ། །པདྨ་དམར་པོ་འདབ་མ་བརྒྱད་པ་བསྣམས་པའོ། །རྡོ་རྗེ་འདོད་ཆགས་ཞེས་པ་ནི། འདོད་ཆགས་རྣམ་པར་དག་པ་སྟེ་བསྒོམ་
པར་བྱའོ། །དོན་ཡོད་གྲུབ་པའི་སྐུ་མདོག་ལ་སོགས་པ་གསུངས་པ། འོད་ཟེར་སྣ་ལྔའི་ཞེས་པ་ལ་སོགས་པའོ། །ཁ་དོག་འདྲེས་པ་ལས་བྱུང་བའི་ཕྱིར་ན་ལྗང་གུ་ལ་འོད་ཟེར་སྣ་ལྔ་ཞེས་བྱ་བའོ། །དེ་གང་ཞེ་ན། རྡོ་རྗེ་གདོན་མི་ཟ་བ་སྟེ། །ཞེས་སོ། །ཞི་བ་ཞེས་པ་ནི་
འགའ་ཞིག་མ་གཏོགས་པ་ཀུན་ལ་སྦྱར་བར་བྱའོ། །རལ་གྲི་ནི་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཡུ་བ་ཅན་བསྣམས་པའོ། །དེ་རྣམས་ལ་གཅིག་ནི་རྒྱུ་འབྲས་གཉིས། གཞན་རྣམས་ནི་འབྲས་བུ་ཁོ་ན་སྟེ། དེ་ཡང་ཆུང་ངུ་དང་ཆེན་པོའི་བསྙེན་པ་ལ་གཏོགས་པའོ། །ད་ནི་བསྙེན་པར་བྱེད་པ་
ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་པའི་སྔགས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཆོས་ཀྱི་དབྱིངས་ཞེས་པ་ནི་ཟབ་མོ་དང་གསལ་བ་དབྱེར་མེད་པའོ། །དེའི་ངོ་བོ་ཉིད་ནི་ལུས་ཏེ་དེ་ལ་སྙོམས་པར་ཞུགས་ནས་ཞེས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་སྐུ་
གསུམ་མོ། །དེ་དང་ལྡན་པས་ལུས་ནི་སྒྱུ་འཕྲུལ་གྱིས་སྦྱོར་བས་བསྒྲུབས་པའོ། །དེ་བྱིན་གྱིས་རློབ་པ་ནི་མཐའ་གཉིས་སུ་ལྟུང་བ་མེད་པ་སྟེ་དེའི་སྔགས་གསུངས་སོ་ཞེས་སོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས། རང་བཞིན་མེད་པའི་སྐུ་གསུམ་ཆར་ལ་ཡང་བྱིན་
གྱིས་བརླབ་པར་བྱའོ། །ད་ནི་སེམས་རྒོད་པ་ཞི་བར་བྱ་བའི་ཕྱིར་ཐིག་ལེ་སྦྱོར་བའི་དེ་མ་ཐག་ཏུ་ཕྲ་མོའི་སྦྱོར་བ་གསུངས་པ། རིན་ཆེན་ཞེས་པ་ལ་སོགས་པ་གསུངས་པའོ། །རིན་ཆེན་ཞེས་པ་ནི་མར་ག་ཏའོ། །དེ་ཉིད་འོད་ཟེར་ལྔ་འཕྲོ་བས་ན་ཁ་དོག་སྣ་ལྔ་པ་ཞེས་བྱའོ། །དེའི་ཚད་ཡུངས་
Vol. 39 · folio 19b
ཀར་གྱི་འབྲུ་ཚད་ཙམ་ཞེས་བྱའོ། །ཨིནྡྲ་ནཱི་ལ་དང་། པདྨ་རཱ་ག་དང་། མརྐ་ཏ་དང་རྡོ་རྗེ་རྣམས་ཀྱང་དེ་བཞིན་ཏེ། གཞན་རྣམས་ལ་བརྟེན་པའི་མཚན་མ་ལ་བརྟེན་པའི་རྟེན་གྱི་དཀྱིལ་འཁོར་གྱི་རྟེན་ནོ། །དེ་ཡང་རང་གི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བདེ་བར་གཤེགས་པ་དགུག་པ་
ཞལ་དུ་ཞུགས་པ་བྱང་ཆུབ་སེམས་སུ་ཞུ་བ་ལས་བསྐྱེད་པ་ལྷའི་འཁོར་ལོ་དང་ལྡན་པའི་མཚན་མ་དང་བཅས་པར་རང་གི་རྡོ་རྗེ་ལས་བྱུང་སྟེ། སྣའི་རྩེ་མོ་ཞེས་པ་ནི་པདྨའི་སྣ་རྩེ་ལ་བཀོད་ནས་ནན་ཏན་དུ་ཞེས་པ་ནི་བརྟན་པར་བྱ་བའི་ཕྱིར། རྣལ་འབྱོར་རིག་པས་ཞེས་པས་ནི་ཐབས་ཀྱིས་སྟེར་བ་
རིགས་པས་བརྟག་པར་བསྒོམ་ཞེས་ཏེ། ཇི་སྲིད་བརྟན་པར་བྱ་བ་དེ་སྲིད་ཀྱི་བར་དུའོ། །ཡང་ན་ཟེའུ་འབྲུའི་བུམ་པ་ལས་སྣའི་རྩེ་མོར་རྡོ་རྗེས་དབྱུང་བའོ། །རིན་ཆེན་བརྟན་པར་རེད་ནས་སྤྲོ། །ཞེས་པ་ནི་གཟུང་བའི་ཡན་ལག་གིས་བརྟན་པར་གྱུར་པའི་མཚན་མ་ལྔ་མཐོང་ནས་སྤྲོ་ཞེས་
སོ། །བརྟན་པར་མ་གྱུར་ཡང་མི་སྤྲོ། །ཞེས་པ་ནི་སློབ་མ་བཞིན་པས་སྤྲོ་བར་མི་བྱའོ། །སྤྲོ་བའི་རྣམ་པ་གསུངས་པ། སངས་རྒྱས་འབར་བ་འདྲ་བའི་འོད། །མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ། །ཞེས་ཏེ་མཚན་མ་ལྔས་ཀུན་ལ་ཁྱབ་པའི་ཕྱིར་འོད་ཟེར་སྤྲོས་ལ། དེ་ལས་
སངས་རྒྱས་ཀྱི་གཟུགས་རྣམས་ཀྱང་སྤྲོ་བར་བྱ་ཞེས་སོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་ཕྱག་མཚན་གཞན་རྣམས་ཀྱང་སྤྲོ་བ་གསུངས་པ། འཁོར་ལོ་ཞེས་པ་ལ་སོགས་པའོ། །རིན་ཆེན་ནི་མཆོག་ཉིད་ཀྱི་ཕྱིར་ན་ཕྱག་མཚན་ཐམས་ཅད་དོ། །མཛོད་ནི་རིན་པོ་ཆེའོ། །མཚོན་ཆ་
ནི་རལ་གྲིའོ། །གཞན་ནི་མཛོད་དང་མཚོན་ཆ་གཉིས་ཀ་རལ་གྲི་ལ་འདོད་དེ་འགལ་བ་མེད་དོ། །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ཞེས་པ་ནི་སྤྱན་མ་ལ་སོགས་པའི་གཟུགས་ཀྱང་སྤྲོ་བར་བྱའོ་ཞེས་སོ། །འཕྲོ་བའི་བདག་ཉིད་སྤྲོའོ་ཞེས་པ་ནི་དེ་རྣམས་དང་དབྱེར་མེད་པའི་བློས་ཟིན་པའོ། །
ད་ནི་དེ་བཞིན་གཤེགས་པ་ལྔའི་གདན་གྱི་བྱེ་བྲག་བསྟན་པའི་ཕྱིར་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པའོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ནང་གཞལ་ཡས་ཁང་བརྩེགས་པའི་དབུས་སུ་གནས་པ་ཞེས་སོ། །རྡོ་རྗེ་དཀྱིལ་འཁོར་ནི་མི་བསྐྱོད་
Vol. 39 · folio 20a
པའོ། །བྲི་བར་བྱ་ཞེས་པ་ནི་ཉི་མའི་གདན་དུ་འགྱུར་བས་འབྱིན་པ་ཐོབ་པའོ། །གསང་བའི་དཀྱིལ་འཁོར་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་འཁོར་ལོའི་དཀྱིལ་འཁོར་ཞེས་པ་ནི་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །པདྨའི་དཀྱིལ་འཁོར་ནི་སྣང་བ་
མཐའ་ཡས་ཏེ། དེ་ཡང་པདྨའི་བཟླས་པ་སྟེ། རྣལ་འབྱོར་པས་ཉི་མ་ལ་བསྒོམ་པར་བྱ་བའོ། །རིན་ཆེན་དཀྱིལ་འཁོར་ནི་རིན་ཆེན་འབྱུང་ལྡན་ཏེ་རིན་པོ་ཆེ་ལ་བརྩོན་པའི་རྣལ་འབྱོར་པས་ཉི་མ་ལ་དགོད་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་ནི་ཁ་དོག་ལྔ་སྦྱོར་བས་ན་ལྗང་གུའོ། །དེ་དང་
ལྡན་པའི་དཀྱིལ་འཁོར་ནི་དོན་ཡོད་གྲུབ་པ་སྟེ། དེ་ཡང་ནམ་མཁའི་དཀྱིལ་དུ་ཉི་མ་ལ་བྲི་བར་བྱ་ཞེས་པ་ནི་དགོད་པར་བྱ་ཞེས་པའོ། །འདི་རྣམས་ཉི་མ་ཡིན་པར་ཇི་ལྟར་ཤེས་ཤེ་ན། རྣམ་པར་སྣང་མཛད་འབའ་ཞིག་ལ་གསལ་བའི་དཀྱིལ་འཁོར་ཞེས་པའི་སྒྲས་ཁྱད་པར་དུ་བྱས་པས་ཕྱི་མ་
རྣམས་ཉི་མ་ཡིན་པར་མངོན་ནོ། །ལེའུ་དང་པོ་ལས། གསོལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་པའི་སྒྲས་ཉི་མ་གཟུང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུ་བསྡུས་པ་ཡིན་པའི་ཕྱིར་ན་དེ་སྐད་དོ། །ད་ནི་དཀྱིལ་འཁོར་དེ་རྣམས་བསྒོམས་པའི་ཕན་ཡོན་གསུངས་པ།
དེ་དག་ཅེས་པ་ལ་སོགས་པའོ། །དེ་དག་ནི་རབ་མཆོག་དང་པོའི་སངས་རྒྱས་ཏེ་བདེ་བར་གཤེགས་པ་རྣམས་སོ། །དེ་ཉིད་སྐུ་དང་གསུང་དང་ཐུགས་བསྒྲུབ་པའོ། །དེའི་དཀྱིལ་འཁོར་དེ་རྣམས་རྡོ་རྗེ་ལས་བྱུང་བ་ཞེས་ཏེ། རྡོ་རྗེ་འཛིན་པ་ལས་བྱུང་བའོ། །དེས་ཅི་བྱེད་ཅེ་ན། ཐམས་ཅད་
མཁྱེན་པའི་ཚུལ་ཐོབ་པའོ་ཞེས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཚུལ་ལོ། །ཚུལ་ཉིད་ཐམས་ཅད་མཁྱེན་པ་སྟེ། དེ་ཐོབ་པར་བྱེད་པའོ། །རྡོ་རྗེ་བཀོད་པའི་ལེའུ་ཞེས་བཤད་ཟིན་ཏོ། །ལེའུ་གསུམ་པའི་འགྲེལ་པའོ།། །།ད་ནི་ས་བྱིན་གྱིས་བརླབ་པའི་དེ་མ་ཐག་ཏུ་ཏིང་ངེ་
འཛིན་གསུམ་ལྡན་གྱི་བླ་མ་ལ་དཀྱིལ་འཁོར་བྲི་བའི་དོན་དུ་གསོལ་བ་བཏབ་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པས་ལེའུ་བཞི་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདུས་ནས་ཞེས་པ་ནི་རྟག་པ་ལ་སོགས་པའི་སྦྱོར་བ་ཤེས་པའི་སློབ་མའོ། །སྐུ་གསུང་
Vol. 39 · folio 20b
ཐུགས་ཀྱི་བདག་པོ་ཞེས་པ་ནི་སའི་དབུས་ན་གནས་པའི་བླ་མ་ཐམས་ཅད་དང་བདག་མཉམ་མོ་ཞེས་པའི་ང་རྒྱལ་དང་ལྡན་པའི་དཔའ་བོ་རྡོ་རྗེ་དྲིལ་བུ་འཛིན་པའོ། །དེ་ལ་མཆོད་པ་སྔོན་དུ་སོང་བའི་བསྟོད་པའི་རྒྱལ་པོ་འདིས། བྲི་བའི་དོན་དུ་གསོལ་བ་གདབ། །ཅེས་བྱ་བའི་དོན་ཏོ། །དེ་
བཞིན་གཤེགས་པ་ཀུན་ཞི་བ། །ཞེས་པ་ནི་གཟུང་བ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་སྟེ་སྐུ་རྡོ་རྗེའོ། །གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱ་བ་ནི། ཆོས་དབྱིངས་ནི་འབྱུང་གནས་སུ་གྱུར་
པའི་ཕྱིར་ན་ཐུགས་རྡོ་རྗེའོ། །ཆོས་ཀུན་བདག་མེད་པ་ནི་གཉིས་ཀྱིས་བདག་དང་བྲལ་བར་སྟོན་པ་གསུང་རྡོ་རྗེ་སྟེ་དེ་ཉིད་མཆོག་གོ། །དེ་རྣམས་ཀྱིས། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་སྤྱིར་ཞུས་པའོ། །སྐུའི་དཀྱིལ་འཁོར་ཞུས་པ། མཚན་ཉིད་ཐམས་ཅད་ཡང་
དག་རྫོགས། །ཞེས་བྱ་བ་ནི་གྲུ་བཞི་དང་སྒོ་བཞི་ལ་སོགས་པའི་མཚན་ཉིད་ཐམས་ཅད་རྫོགས་པའོ། །མཚན་ཉིད་མེད་པ་ཐམས་ཅད་སྤངས། །ཞེས་བྱ་བ་ནི། ཚད་དང་རིམ་པ་འདས་པའི་མཚན་ཉིད་སྤངས་པའོ། །ཀུན་དུ་བཟང་པོ་ནི་རྡོ་རྗེ་འཛིན་པའོ། །དེའི་སྐུའི་དཀྱིལ་འཁོར་
བཤད་དུ་གསོལ་ཞེས་པའོ། །གསུང་གི་དཀྱིལ་འཁོར་ཞུས་པ། ཞི་བའི་ཆོས་ནི་ཡང་དག་འབྱུང་། །ཞེས་པ་ནི་བདག་མེད་པའི་ཆོས་ནི་སྤྲོས་པ་ཞི་བའོ། །དེ་ལ་ཡང་དག་འབྱུང་བ་ནི་གསུང་རྡོ་རྗེའོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ན། རྣམ་
པར་སྦྱོང་བ་ཞེས་སོ། །གཞན་ནི་གོང་མ་ལྟར་རོ། །ཐུགས་ཀྱི་དཀྱིལ་འཁོར་ཞུས་པ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །ཞེས་པ་ནི་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་སོ། །རང་བཞིན་དག་པས་དྲི་མ་མེད། །ཅེས་པ་ནི་མི་འགྱུར་བ་ཡོངས་སུ་གྲུབ་པའི་ཕྱིར་ན་
གློ་བུར་གྱི་དྲི་མ་མེད་པའོ། །གཞན་ནི་གོང་མ་ལྟར་རོ། །འདིའི་དེ་མ་ཐག་བཅུ་གསུམ་པ་ལྟར་སྦྱར་རོ། །ད་ནི་སྡུད་པ་པོས་ཐུགས་ཀྱི་དཀྱིལ་འཁོར་སྟོན་པ་ཁས་བླངས་པ་དྲིས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །སྟོན་པ་ཞེས་པ་ནི་ཡེ་ཤེས་ཀྱི་མཐུས་རྒྱུད་ཀྱི་དོན་དེ་སྟོན་པའོ། །
Vol. 39 · folio 21a
རྡོ་རྗེ་འཛིན་ཞེས་པ་ནི་རྒྱུ་འབྲས་དབྱེར་མེད་པའི་དོན་ནི་རྡོ་རྗེ་སྟེ་དེ་འཛིན་པའོ། །འཇིག་རྟེན་གསུམ་པོ་ཞེས་པ་ནི་ས་འོག་དང་ས་སྟེང་མཐོ་རིས་ཀྱི་ངོ་བོའོ། །ཁམས་གསུམ་པོ་ཞེས་པ་ནི། འདོད་པ་དང་གཟུགས་དང་། གཟུགས་མེད་པའི་ངོ་བོའོ། །འཇིག་རྟེན་གསུམ་མཆོག་
ཅེས་པ་ནི་ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའོ། །དེའི་རྡོ་རྗེ་གཙོ་བོ་ཞེས་བྱའོ། །འཇིག་རྟེན་གསུམ་ཞེས་པ་ནི། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་པའོ། །དེ་རྣམས་ཀྱི་སྟོན་པ་པོ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཀུན་གྱི་
གནས། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་མི་བསྐྱོད་པའི་དཀྱིལ་འཁོར་རོ། །ཅི་འདྲ་བ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཏེ་ཞེས་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེ་ཅི་འདྲ་བ་དེ་བཤད་ཅེས་པའོ། །ཉམས་
དགའ་ཞེས་པ་ནི་ཆོ་ག་དང་ལྡན་པས་གདུལ་བྱ་ཡིད་དུ་འོང་བ་བསྐྱེད་པས་ནའོ། །ད་ནི་སྟོན་པས་ཐུགས་ཀྱི་དཀྱིལ་འཁོར་བཤད་པར་ཞལ་གྱིས་བཞེས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཐུགས་ཀྱི་དཀྱིལ་འཁོར་མཆོག །སེམས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །ཞེས་པ་ནི་གོང་མ་ལྟར་
རོ། །ཐུགས་ཡིན་ཡང་རྣམ་པར་དག་པ་གསུམ་དང་ལྡན་པས་ན། སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་དེ་བཤད་པར་བྱ་བའོ། །ད་ནི་ཐིག་གི་ཆོ་ག་གསུངས་པ། སྐུ་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་བསྒོམ་པའི་ཞེས་པ་ནི། ལུས་ལ་སོགས་
པ་རང་གི་ལྷའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་གནས་པས་མིག་གིས་ཐིག་དགུག་པ་དང་བསྒྲིལ་བ་ལ་སོགས་པའི་བྱ་བ་བྱེད་པའོ། །འདི་ནི་ལེའུ་བཅུ་དྲུག་པར་བཤད་དོ། །དེ་ཉིད་ཀྱིས་ན་ཤེས་རབ་ཅན། །ཞེས་ཏེ་ཆོ་ག་ལ་བྱང་ཞིང་མང་དུ་མཐོང་བས་ནའོ། །དྲང་བར་བྱེད་པས་ན་ཐིག་
སྐུད་དོ། །གཞན་ལ་མ་བཏབ་པས་ན་སར་པའོ། །འཇུར་མདུད་མེད་པ་དང་རབ་ཏུ་མཉམ་པས་ན་གྲིམས་པའོ། །རིང་ཐུང་ཉིས་འགྱུར་དང་། སྦོམ་ཕྲ་སྒོའི་ཉི་ཤུ་ཆ་དང་ལྡན་པས་ན་ཚད་མཛེས་པའོ། །ད་ནི་ཐིག་གི་མཚན་ཉིད་དབྱེ་བ་གསུངས་པ། ཐུགས་ཀྱི་ཞེས་པ་ལ་སོགས་པའོ། །
Vol. 39 · folio 21b
ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ལ་དགའ་བ་ལ་སོགས་པའི་ལྷའི་རང་བཞིན་དག་པ་སྟེ། ཡང་དག་པར་མཚོན་པ་ཙམ་སྟེ་ངེས་པ་མེད་དོ། །ཇི་སྐད་དུ། དེ་ཁྲུ་གང་ནས་བརྩམས་ནས་སུ། །ཇི་སྙེད་ཁྲུ་ནི་སྟོང་ཕྲག་བར། །ཞེས་བླ་མས་བཤད་དོ། །བྱང་
ཆུབ་སེམས་དཔའ་སུམ་ཅུ་རྩ་གཉིས་ནི་ས་བཅུ་པ་ལ་སོགས་པ་རྣམ་པར་དག་པ་བསྟན་པ་སྟེ། དེ་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །དངོས་བཞི་ཞེས་པ་ནི་སྒོའི་ཆ་བརྒྱད་དོ། །གྲྭ་བཞི་ཞེས་པ་ནི་ཚོན་གྱི་ར་བ་དགུག་པའོ། །སྒོ་བཞི་ཞེས་པ་ནི་ངོས་ཀྱི་ཆ་བརྒྱད་དོ། །དེའི་དབུས་སུ་ཞེས་པ་ནི་
ཕྱིའི་དཀྱིལ་འཁོར་གྱིའོ། །འཁོར་ལོ་ནི། རབ་ཏུ་ཟླུམ་པོར་བྲི་བར་བྱ། །ཞེས་པ་ནི། རེ་མིག་དགུ་ཀ་བ་བརྒྱད་ཀྱི་སྟེང་ན་རྡོ་རྗེ་ཕྲེང་བས་བསྐོར་བས་ཏེ་ངོས་བཞིའོ། །ད་ནི་བགེགས་བསྐྲད་ནས་ཕྱག་རྒྱ་དགོད་པའི་ཆོ་ག་གསུངས་པ། ལས་ཀྱི་ཆོ་ག་ཞེས་པ་ལ་སོགས་པའོ། །དེ་ལ་ལས་ཀྱི་
ཆོ་ག་ཞེས་པ་ནི་རྒྱུད་གཞན་གྱི་ལས་ཀྱི་ཆོ་ག་ལ་སོགས་པ་མཐོང་བ་ཡིས་ཞེས་སྨོས་སོ། །དེ་ནས་ཕྱག་རྒྱ་དགོད་པར་བྱ། །ཞེས་པ་ནི་མཚན་མའི་ཕྱག་རྒྱ་དགོད་པའོ། །གཞན་གྱི་ཉེས་པ་བཟློག་པའི་ཕྱིར་ཕྱག་རྒྱ་ཆེན་པོ་དགོད་པར་མི་བྱའོ། །ཇི་སྐད་དུ། མུ་སྟེགས་རྣམས་ལ་ཕན་དོན་དུ། །
ཕྱག་རྒྱ་ཆེན་པོ་རབ་སྦས་ཏེ། །མཚན་མའི་ཕྱག་རྒྱ་དང་ལྡན་པར། །སངས་རྒྱས་བཙུན་མོ་རབ་ཏུ་གསང་། །ཞེས་སོ། །དེ་དབུས་ཞེས་པ་ནི་རེ་མིག་ཏུ་དབུས་མ་ལ་པདྨ་དང་ཉི་མའི་གདན་དུ་བྱས་ཏེ། དེར་རྡོ་རྗེ་ཨིནྡྲ་ནཱི་ལ་ལྟ་བུ་བྲིའོ། །འབར་བ་ཆེན་པོ་ནི་འོད་འབར་བར་བྲི་བའོ། །
འཇིགས་པ་དག་ཀྱང་འཇིགས་པར་བྱེད། །ཅེས་པ་ནི་རྩེ་ལྔ་པ་ཁ་གྱེས་པ་འོད་དང་ལྡན་པའོ། །དེ་བཞིན་དུ་གནས་ལྷག་མ་རྣམས་སུ་ཟླ་བ་དང་ཉི་མ་ལ་དགོད་པར་བྱའོ་ཞེས་སོ། །དེ་ཉིད་གསུངས་པ། འཁོར་ལོ་ཆེན་པོ་ལ་སོགས་པའོ། །མཚན་མ་དེ་དག་ཀྱང་འོད་ཟེར་དང་ལྡན་པ་བྲིའོ་
ཞེས་སོ། །གཞན་ནི་གོ་སླའོ། །སྤྲིན་གྱི་མདོག་དང་འདྲ་བའི་སྤྱན། །ཞེས་པ་ནི་དབུས་སྔོ་ལ་མཐའ་མ་དཀར་བའི་མིག་གོ། །མཱ་མ་ཀཱི་ནི་རིགས་འབྱུང་བ། །ཞེས་པ་ནི་རྡོ་རྗེའི་རིགས་ལས་རབ་ཏུ་བྱུང་བའི་ཕྱིར་རྡོ་རྗེ་དགོད་པ་སྟེ་རང་གི་མཚན་མ་ནི་མ་ཡིན་ནོ། །མཐིང་གའི་སྤྲིན་དང་
Vol. 39 · folio 22a
འདྲ་བར་བྲི། །ཞེས་པ་ནི་ལྗང་སེར་དུའོ། །བེ་ཅོན་ནི་རྡོ་རྗེས་མགོ་མཇུག་མཚན་པའོ། །གཞན་ནི་གོ་སླའོ། །ལྷ་མོ་དྲུག་གི་ཕྱག་རྒྱ་དགོད་པ་གསུངས་པ། ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་དེ་ཡོངས་སུ་གསལ་བར་བྱས་ནས་གཞན་གང་
དགོད་ཅེ་ན། སྐུ་གསུང་ཐུགས་ཀྱི་མཆོད་པ་ནི། །ཞེས་པ་སྟེ། ཡི་གེ་གསུམ་གྱིས་འབྱིན་པའི་ཕྱིར་ན་ལྷ་མོ་དྲུག་གོ། །ནན་ཏན་དུ་ནི་མཆོད་པར་བྱ། །ཞེས་པ་ནི་མཆོད་པའི་རང་བཞིན་གྱི་ལྷ་མོ་རྣམས་མེ་མཚམས་ལ་སོགས་པའི་གྲྭ་བཞི་དང་། ཤར་སྒོའི་གཡས་གཡོན་དུ་གོང་དུ་སྨོས་པའི་
ཕྱག་རྒྱ་རྣམས་དགོད་པར་བྱའོ་ཞེས་སོ། །དེ་ནི་དཀྱིལ་འཁོར་བསྡུས་ནས་ཕྱི་སྐོར་ལ་བྱུགས་ནས་བུམ་པ་དགྲམ་པ་ལ་སོགས་པ་བྱས་ནས། རང་གི་ཕྱག་རྒྱ་དང་ལྡན་པར་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཆོ་ག་གསུངས་པ། བུད་མེད་ཅེས་པ་ལ་སོགས་པའོ། །བུད་མེད་ཅེས་པ་ནི་
སྨེ་ཤ་ཅན་གྱིའོ། །རབ་ཏུ་མདངས་བཟང་བ་ཞེས་པ་ནི་བྱད་བཞིན་མཛེས་པའོ། །ལོ་གྲངས་བཅུ་དྲུག་ཅེས་པ་ནི་སྟོང་པ་ཉིད་ཀྱི་དག་པའོ། །སྤོས་དང་མེ་ཏོག་གིས་བརྒྱན་པ། །ཞེས་པ་ནི་འདོད་པ་ལྔའི་ཕྱིར་རོ། །དེའི་དབུས་སུ་ཞེས་པ་ནི། དབུས་ཀྱི་གཙོ་བོའི་ང་རྒྱལ་དང་ལྡན་པས་མཉེས་
པར་བྱ་ཞེས་སོ། །ཇི་ལྟར་མཉེས་པར་བྱ་ཞེ་ན། དེ་ལ་ཞེས་པ་ལ་སོགས་པའོ། །ཤེས་རབ་ཅན་ཞེས་པ་ནི་བར་མའི་རྒྱུ་མཐུན་པ་ལ་སོགས་པའི་ཡན་ལག་ལ་བྱང་བའོ། །ཡོན་ཏན་ལུག་རྒྱུད་མཱ་མ་ཀཱི། །ཞེས་པ་ནི་ཡོན་ཏན་དང་འབྲེལ་ཞིང་གནས་པའི་མཱ་མ་ཀཱིར་བྱིན་གྱིས་བརླབས་ལ་
ཞེས་ཏེ་དང་པོའི་རྣལ་འབྱོར་གྱིས་སོ། །སངས་རྒྱས་ཞི་བའི་ཚུལ་སྤྲོས་པས། །ཞེས་པ་ནི་ཆོ་ག་གསུམ་གྱིས་བསྒྲུབ་པར་བྱས་པ་རྣམས་བཞི་པས་སྤྲོ་བར་བྱའོ་ཞེས་སོ། །དེས། ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་པ་ནི་གཟུགས་བརྙན་དང་གཉིས་སུ་མེད་པར་བྱས་ནས་
ཞེས་སོ། །དེའི་དོན་ནི་རི་མོའི་ལས་རྫོགས་པའི་དེ་མ་ཐག་ཏུ་རང་གི་རིགས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པའི་གོ་ལ་འདུག་སྟེ། གནས་བསྐྱེད་པ་སྔོན་དུ་སོང་བའི་ཡན་ལག་བཅུ་གཉིས་ཀྱིས་འཁོར་ལོ་གསུམ་གཉིས་སུ་མེད་པར་བསམས་ལ། དཀྱིལ་འཁོར་
Vol. 39 · folio 22b
གྱི་ལྷ་རྣམས་གནས་པར་འགྱུར་རོ། །དེ་ནས་མཆོད་པ་ལ་སོགས་པ་བྱས་ནས། བདག་ཉིད་འཇུག་པའི་ཆོ་ག་བྱ། །ཞེས་སོ། །འདི་དག་ཀྱང་ལེའུ་བཅུ་དྲུག་པར་བཤད་དོ། །ད་ནི་བསྟོད་པའི་དེ་མ་ཐག་ཏུ་བདུད་རྩིའི་མཆོད་པས་མཉེས་པར་བྱ་བ་གསུངས་པ། བཤང་དང་ཞེས་པ་ལ་སོགས་པའོ། །
བཤང་བ་ནི་དྲི་ཆེན་ནོ། །གཅི་བ་ནི་དྲི་ཆུའོ། །ཁུ་བ་ནི་བྱང་ཆུབ་སེམས་སོ། །ཁྲག་ནི་རང་བྱུང་ངོ་། །སོགས་ཀྱིས་ནི་མ་སྨོས་པ་བསྡུའོ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཞེས་པ་ནི། རླུང་ལ་སོགས་པའི་རིམ་པས་དག་པར་བྱས་པ་ཞེས་པའོ། །དེའི་ཡོན་ཏན་གསུངས་པ། དེ་ལྟར་
ཞེས་པ་ལ་སོགས་པའོ། །སངས་རྒྱས་ཞེས་པ་ནི་རིགས་ལྔའོ། །བྱང་ཆུབ་སེམས་དཔའ་ནི་ལྷ་མོ་བཅུའོ། །གྲགས་ཆེན་ཁྲོ་བོ་བཞི་སྟེ་དེས་མཉེས་པར་འགྱུར་རོ་ཞེས་པའོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ནི་མི་བསྐྱོད་པས་གཙོ་བོ་བྱས་པའི་དཀྱིལ་འཁོར་རོ། །དེ་སྟོན་པར་བྱེད་
པའི་གཞུང་ནི་ལེའུ་སྟེ་བཞི་པའོ། །ལེའུ་བཞི་པའི་འགྲེལ་པའོ།། །།ད་ནི་སྒྲུབ་པ་པོའི་སྤྱོད་པའི་ཁྱད་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་ལྔ་པ་གསུངས་པ། སྟོན་པ་བཅོམ་ལྡན་འདས་ཞེས་པ་ནི་བཤད་ཟིན་ཏོ། །རྒྱལ་པོ་ཞེས་པ་ནི་མཛེས་པར་
བྱེད་པའོ། །སྐུ་གསུང་ཐུགས་མངའ་བ་ཞེས་པ་ནི་རྡོ་རྗེ་གསུམ་དང་ལྡན་པས་སྤྱོད་པ་སྤྱོད་པ་ནི་སྐྱོན་གྱིས་གོས་པ་མེད་པའི་ཕྱིར་སྟོན་པ་ལ་དེ་སྐད་ཅེས་བྱའོ། །སའི་དབང་ཕྱུག་ཅེས་པ་ནི་ས་ཐམས་ཅད་ཀྱི་བདག་པོར་གྱུར་པ་ལ་བྱའོ། །ཀུན་མཆོག་གིས་ཞེས་པ་ནི། དེ་ཉིད་ཀྱི་ཕྱིར་ན་མཆོག་
སྟེ་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞིག་ཅེ་ན། སྤྱོད་པ་ཀུན་ཞེས་བྱ་སྟེ་སེམས་སྤྱོད་པའོ། །ཇི་སྐད་དུ། ཐམས་ཅད་སེམས་ལ་གང་སྤྱོད་པ། །ཀུན་དུ་སྤྱོད་པ་བརྟན་པ་ཡིན། །ཞེས་སོ། །དེ་བས་ན་སེམས་ཀྱིས་ཀུན་ལ་སྤྱོད་པའོ། །དེ་ཉིད་མཆོག་གི་ཆོས་ཀྱི་
དོན་ཡང་དེ་ཉིད་པས་ན་དེ་སྐད་དོ། །དེ་ལྟ་བུའི་སྤྱོད་པའི་མཚན་ཉིད་ཀྱང་འོག་ནས་འབྱུང་བས་བཀའ་སྩལ་ཏོ་ཞེས་སོ། །ད་ནི་སྔོན་དུ་སྤྱོད་པའི་ངོ་བོ་རྣམས་རྣམ་པར་དག་པ་ཐོབ་མ་ཐག་ཏུ་འགྲུབ་པར་གསུངས་པ། རྣམ་པར་མི་རྟོག་པའི་ཞེས་པ་ལ་སོགས་པའོ། །རྣམ་པར་མི་རྟོག་པའི་
Vol. 39 · folio 23a
དོན་ནི་གཟུང་བའི་རྣམ་པར་འཛིན་པས་མི་རྟོག་པའི་ཟབ་པ་དང་རྒྱ་ཆེ་བའི་འཁོར་ལོ་སྟེ། དེ་ལས་བྱུང་ན་འགྲུབ་པར་འགྱུར། །ཞེས་སོ། །དེ་གང་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་རིགས། །ཞེས་ཏེ་དེ་རྣམས་ཤས་ཆེ་བའི་སེམས་ཅན་རྣམས་སོ། །གང་ལ་
འགྲུབ་ཅེ་ན། ཐེག་པའི་མཆོག་ནི་བླ་མེད་པ། །ཞེས་ཏེ་ཕ་རོལ་ཏུ་ཕྱིན་པ་ནི་འོག་མའོ། །དེའི་བླ་མར་གྱུར་པ་འདི་ནི་བླ་ན་མེད་པའོ། །དེ་ལས་མཆོག་ཏུ་གྱུར་པ་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཞེས་པ་སྟེ། དེ་རྣམས་ཀྱིས་འགྲུབ་པར་བྱེད་ཅེས་སོ། །ད་ནི་རང་བཞིན་ཡོངས་སུ་ཤེས་ན་ལས་
དང་སྐྱེ་གནས་ཀྱིས་མི་འཁོལ་བ་གསུངས་པ། མདའ་མཁན་ཞེས་པ་ལ་སོགས་པའོ། །མདའ་མཁན་ནི་ལས་དམན་པའོ། །སྨེ་ཤ་ཅན་ནི་རིགས་དམན་པའོ། །སོགས་ཀྱི་སྒྲས་བསྡུས་པ་ནི་དམན་པ་ཇི་སྙེད་པའོ། །གསོད་པ་ནི་དོན་དུ་གཉེར་བ་རྣམས་ཞེས་པ་ནི། ཉ་པ་དང་། ཤན་པ་དང་།
རྔོན་པ་ལ་སོགས་པ་སྟེ། དགོས་པར་སེམས་པའི་ཕྱིར་དོན་དུ་གཉེར་བའོ། །ཐེག་པ་བླ་ན་མེད་པ་ནི་གོང་མ་བཞིན་ནོ། །དེ་ལྟ་བུའི་ཐེག་པ་མཆོག་འདི་ནི་ལམ་འདིས་འགྲུབ་པར་འགྱུར་ཞེས་སོ། །མཚམས་མེད་བྱེད་པ་ཞེས་པ་ནི་ཕ་གསོད་པ་ལ་སོགས་པ་ལྔ་བྱེད་པ་སྟེ། ཤི་
མ་ཐག་དམྱལ་བར་འགྲོ་བའི་ཕྱིར་རོ། །སོགས་པ་ཞེས་པ་ནི་སྒྲས་བསྡུས་པ་སྟེ། དེ་དང་ཉེ་བ་ལྔ་བཟུང་ངོ་། །སེམས་ཅན་སྡིག་ཆེན་བྱེད་པ་ཡང་། །ཞེས་པ་ནི་རྩ་བ་བཞི་བྱུང་བའོ། །གཞན་གྱིས་སངས་རྒྱས་ཀྱི་བསྟན་པ་ལས་ཉམས་པར་འདོད་པ་སྟེ། དེ་རྣམས་ཀྱང་ངེས་པའི་
ལུང་ཐོབ་ནས། འདིའི་རིམ་པ་ལ་གནས་ནས་ཕྱིས། བཟླས་པ་ཙམ་གྱིས་དེ་འགྲུབ་འགྱུར། །ཞེས་སོ། །དེ་བས་ན་འདི་ཐེག་པ་ཆེན་པོ་ཡིན་པར་བསྟན་ཏོ། །འོ་ན་བླ་མ་ལ་བརྙས་པའི་སེམས་ཅན་ཡང་འགྲུབ་པར་འགྱུར་ཞེ་ན། དེ་དགག་པའི་ཕྱིར། སྙིང་ནས་སློབ་དཔོན་སྨོད་པ་ནི། །
བསྒྲུབས་ཀྱང་འགྲུབ་པར་ཡོངས་མི་འགྱུར། །ཞེས་ཏེ་ཐ་ན་ཅོ་འདྲི་ཙམ་གྱིས་ཀྱང་སྨད་པར་མི་བྱའོ། །མཐར་ཕྱིན་པ་ལ་བེའུ་ལྟ་བུར་སྒོ་གསུམ་གྱི་སྒོ་ནས་སྤོང་བ་ལྟ་ཅི་སྨོས་ཞེས་སོ། །དེ་བས་ན་དེ་སྔགས་པས་འགྲུབ་པར་མངོན་ནོ། །རིགས་ངན་ལ་སོགས་པ་མིང་འགྱུར་བའི་རྒྱུད་གཞན་
Vol. 39 · folio 23b
རྣམས་སུ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། །ད་ནི་སྒྲུབ་པ་པོ་རྣམས་ཀྱིས་སྤྱོད་པའི་ཁྱད་པར་བསྲུང་བ་དང་། བཟའ་བའི་དམ་ཚིག་ལ་གནས་པ་གསུངས་པ་སྲོག་གཅོད་པའི་སེམས་ཅན་དང་། དཀོན་མཆོག་གསུམ་ལ་གནོད་པ་གསོད་པའོ། །བརྫུན་དུ་སྨྲ་ལ་དད་པ་དང་། །ཞེས་པ་ནི་གོང་
མར་གྱུར་པ་ལ་ཕན་པ་དང་། གཞན་རྒྱུད་དག་པར་བྱེད་པའི་དོན་དུའོ། །གཞན་གྱི་ནོར་ལ་ཆགས་པ་དང་། སེར་སྣས་ཡོ་བྱད་མི་མཁོ་བ་རྣམས་ཀྱང་ཀུན་འཛིན་པའི་བདག་ཉིད་དག་པར་བྱེད་པའི་དོན་དུའོ། །རྟག་ཏུ་འདོད་པ་སྤྱོད་པ་དང་། །ཞེས་པ་ནི་ཡོངས་སུ་བསྔོས་པ་འམ། རང་གི་བསམ་
པའི་ཁྱད་པར་གྱི་དོན་དུའོ། །བཤང་གཅི་ཟས་སུ་ཟ་བ་དག །ཅེས་པ་ནི། ངོ་བོ་ཉིད་ཀྱིས་གྲུབ་པའི་མཐུ་མངའ་བས་ན་དངོས་སུ་འམ་བསམ་པས་བརྟག་པའོ། །བཞི་པོ་འདི་ནི་ལེའུ་དགུ་པའི་རིམ་པས་ཤེས་པར་བྱའོ། །གཞན་ནི་དྲུག་པ་དང་བཅུ་གཉིས་པའི་རིམ་པ་བཞིན་དུའོ། །གཉིས་
སུ་མེད་པའི་བློ་དང་ལྡན་པ་རྣམས་ལ་བགྲོད་མིན་ཡང་མི་དགག་པར་གསུངས་པ། མ་དང་ཞེས་པ་ལ་སོགས་པའོ། །མ་དང་སྲིང་མོ་བུ་མོ་ལ། །ཞེས་པ་ནི་དེ་ཉིད་ལ་སྟེ། གཉིས་སུ་མེད་པའི་བློ་དང་ལྡན་པ་ལ་དབྱེ་བ་མི་མཐོང་བའི་ཕྱིར་རོ། །འདོད་པ་པོས་ནི་ཞེས་པ་ནི་དངོས་གྲུབ་དོན་དུ་གཉེར་
བས་དེའི་ཕྱིར་སྤྱད་ན་ཉེས་པ་མེད་ཀྱི་ཆགས་པའི་དབང་གིས་ན་དཀའ་ཐུབ་ཟད་པར་འགྱུར་བའི་ཕྱིར་རོ། །ཉེས་པ་མེད་པར་མ་ཟད་ཀྱིས། །ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱིས། །དངོས་གྲུབ་རྒྱ་ཆེན་དེས་ཐོབ་བོ། །ཞེས་སོ། །སངས་རྒྱས་གཙོ་བོ་ཞེས་པ་ནི་བླ་མ་ལའོ། །དེའི་ཡུན་མི་དེའི་
རིག་མའོ། །རྣམ་པར་མི་རྟོག་བློ་ཅན་གྱིས། །ཞེས་པ་ནི་ཁྱད་པར་ཅན་ཏིང་ངེ་འཛིན་གསུམ་གཉིས་སུ་མེད་པའི་བློ་དང་ལྡན་པས་གལ་ཏེ་མེད་ན་མཉེས་པར་བྱས་ཀྱང་མི་ཆགས་ཏེ་ཞེས་ཏེ་སྐྱོན་གྱིས་གོས་པར་མི་འགྱུར་ཏེ། ཕུན་སུམ་ཚོགས་པ་ཐོབ་པས་ན། །དེས་ནི་སངས་རྒྱས་ཐོབ་པར་
འགྱུར། །ཞེས་སོ། །ཚིག་དེས་གོང་མ་ཀུན་ལ་རྣམ་པར་བསྒྱུར་ཏེ་བསྟན་པའོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་ཆེ་བ་སྔོན་དུ་འགྲོ་བའི་ཀླན་ཀ་སྤངས་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་བྱང་ཆུབ་སེམས་དཔའ་
Vol. 39 · folio 24a
སེམས་དཔའ་ཆེན་པོ་རྣམས་ནི་གར་མཁན་ལྟ་བུར་ཡོངས་སུ་སྟོན་པ་རྣམས་སོ། །སྔོན་དུ་སྤྱོད་པ་ལ་ངོ་མཚར་དུ་གྱུར་ཕྱིས་སྤྱོད་པ་ལ་རྨད་དུ་གྱུར་ནས་ཞེས་སོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་པ་ནི། ཚིག་ངན་པ་འབྱུང་བའི་
རྒྱུ་མ་ཡིན་པར་བསྟན་ཏོ། །ཅིའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་ཞེས་པ་ནི། དེ་རྣམས་གསུང་བའི་གནས་མ་ཡིན་པར་བསྟན་ཏོ། །ཚིག་འགལ་བ་ཞེས་པ་ནི་འཕགས་པ་མ་ཡིན་པའི་འཇུག་པའོ། །དེ་གསུངས་ཞེས་བརྒལ་བའོ། །ལན་དུ་དེ་ནས་
ཞེས་པ་ལ་སོགས་པའོ། །རིགས་ཀྱི་བུ་རྣམས་ཞེས་པ་ནི་རིགས་ལྔ་ལས་རབ་ཏུ་བྱུང་བའི་ཕྱིར་རོ། །འཁོད་ཅིག་ཅེས་པ་ནི་བསམ་པ་ངན་པ་དེ་ཐོང་ལ་ཚིག་དེ་སྐད་མ་ཟེར་ཅིག་ཅེས་པའོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་སྙིང་པོ་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། འདོད་པའི་འབྲས་བུ་
འབྱིན་པའི་ཕྱིར་རོ། །དེ་དང་ལྡན་པ་ནི་ཅན་ཏེ་སངས་རྒྱས་རྣམས་སོ། །དེའི་ཆོས་ཉིད་དག་པ་ནི་དྲི་མ་དང་བྲལ་བ་སྟེ་སྤྱོད་པའི་ཁྱད་པར་རོ། །དེ་ཡང་སྙིང་པོ་ཆོས་ཀྱི་ཁྱད་པར་རིག་ཅིང་གོམས་པ་ལས་བྱུང་བའི་སྤྱོད་པའི་གནས་ཡིན་ཞེས་ཏེ། རྒྱུ་ཡིན་ནོ་ཞེས་དེ་རྣམས་དབུགས་ཕྱུང་བའོ། །
ད་ནི་དོན་མ་རྟོགས་པའི་འགྲོ་བ་དམྱལ་བར་འགྲོ་བ་མཐོང་ནས་བརྒྱལ་ཞིང་བསླང་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྣམ་པར་སྨིན་པ་མི་ཟད་པ་དང་བླ་མའི་བཀའ་ལས་འདས་པ་དང་། དམ་པ་ལ་ཡིད་གཉིས་ཟ་བས་ན་འཇིགས་སྐྲག་ནས་བརྒྱལ་བར་འགྱུར་ཏེ་ཞེས་སོ། །དེ་
བསླང་བའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ནམ་མཁའ་དང་མཉམ་པ་ཉིད་གཉིས་སུ་མེད་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ་དེ་ལ་སྙོམས་པར་ཞུགས་ནས་ཞེས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཅིར་འགྱུར་ཞེ་ན། བཅོམ་ལྡན་འདས་སྐུ་དང་
གསུང་དང་ཐུགས་རྡོ་རྗེའི་བདག་པོའི་འོད་ཀྱིས་ཞེས་པ་ནི་དེའི་ཡེ་ཤེས་སེམས་དཔའ་ལས་བྱུང་བའི་འོད་ཅེས་སོ། །དེས་རེག་པ་དང་བརྒྱལ་བ་སངས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་རང་རང་གི་སྟན་ལ་གནས་པར་གྱུར་ཏོ་ཞེས་སོ། །ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་
Vol. 39 · folio 24b
ཀྱི་བསྟོད་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ངོ་མཚར་དུ་གྱུར་པ་ནི་འོད་ལའོ། །རྨད་དུ་གྱུར་པ་ནི་བརྒྱལ་བ་བསླང་བའོ། །དགྱེས་པས་ནི་ཁྱབ་པ་ནི་སེམས་བྲོད་པ་ཆེན་པོས་སོ། །ཆོས་ཀྱི་དབྱིངས་ཞེས་པ་ནི་ཆོས་དང་ལྡན་པའི་དབྱིངས་ནི་ཆོས་ཀྱི་དབྱིངས་ནི་བརྗོད་པ་དང་
འདྲེས་པར་སྣང་བའོ། །དེ་ཉིད་གང་ཞེ་ན། ཨེ་མའོ་ཞེས་པ་ལ་སོགས་པའོ། །ཨེ་མའོ་ཆོས། ཨེ་མའོ་ཆོས་ཞེས་པ་ནི་ངམ་ཞིང་ངོ་མཚར་བའོ་སྟེ་རྟབ་རྟབ་པོར་གསུངས་པའོ། །དེ་ནི་ཆོས་དང་དག་པའོ། །ཆོས་ཀྱི་དོན་འབྱུང་བ་ཞེས་པ་ནི་ཆོས་ལས་དག་པའི་དོན་འབྱུང་བ་སྟེ་
མཚན་དང་དཔེ་བྱད་དོ། །དེ་ཉིད་ཀྱང་ཆོས་ཀྱི་དོན་དག་པ་གཟུང་འཛིན་གྱི་བདག་མེད་པའོ། །དེ་ཉིད་རྡོ་རྗེ་རྒྱལ་པོ་སྟེ། །གསལ་བ་ན་མ་སྐྱེས་པའི་སྐུ་བདེ་རྫོགས་ཡོངས་དག་ཅེས་བྱའོ། །དེ་ལ་ཕྱག་འཚལ་ལོ་ཞེས་སོ། །སྐུ་དང་གསུང་དང་ཐུགས་རབ་ཏུ་དག་ཅེས་པ་ནི་དེ་རྣམས་
ཀྱི་དེའི་རང་བཞིན་དུ་རོ་གཅིག་པའི་ཕྱིར་དག་པའོ། །དེ་དངོས་གང་ཞེ་ན། ནམ་མཁའ་དང་མཉམ་པའི་གནས་ཞེས་ཏེ་ཀུན་དུ་ཁྱབ་པའི་ཕྱིར་རོ། །རྣམ་པར་མི་འགྱུར་ཞེས་པ་ནི་དུས་གསུམ་དུ་ཡང་ཡེ་ཤེས་ཀྱི་བདག་ཉིད་དོ། །སྣང་བ་མེད་ཅེས་པ་ནི་རྟོག་པ་ཐམས་ཅད་དང་བྲལ་བའོ། །
རྡོ་རྗེའི་སྐུ་ཞེས་པ་ཡེ་ཤེས་དཔག་ཏུ་མེད་པ་བསགས་པའི་ཕྱིར་ན་སྐུ་སྟེ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ་ཞེས་པའོ། །ཐུགས་ནི་དེ་བཞིན་གཤེགས་པའི་གཙོ། །ཞེས་པ་ནི་ཐུགས་ལས་བྱུང་བའི་སྤྲུལ་པའི་སྐུའོ། །དེ་ཡང་དུས་གསུམ་དག་པའི་ལམ་ལས་བྱུང་། །ཞེས་ཏེ་སོ་སོའི་
སྐྱེ་བོ་ལ་སོགས་པའི་ལམ་ལས་འབྱུང་བའོ། །ནམ་མཁའ་ཆེན་པོ་ཞེས་པ་ནི་ཀུན་ལ་སྐུས་ཁྱབ་པའོ། །དེ་ཉིད་སེམས་ཅན་ཐམས་ཅད་དག་པའི་རྒྱུ་ཡིན་པས་ནི་དབྱིངས་འགྱུར་བའོ་ཞེས་སོ། །ནམ་མཁའི་ལམ་ལ་ཞེས་པ་ནི་ནམ་མཁའ་དང་འདྲ་བའི་སེམས་ཅན་རྣམས་ཀྱི་བགྲོད་པ་གཅིག་པའི་
ཕྱིར་སྤྲུལ་པའི་སྐུ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའི་སྐུ་ལས་རབ་ཏུ་ཕྱུང་། །ཞེས་པ་ལ་སོགས་པ་གསུམ་ནི་གོ་རིམས་བཞིན་དུ་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་གསུམ་སྟོན་ཏོ། །དེ་གསུམ་དང་ལྡན་ན་སྤྱོད་པའི་གནས་ཞེས་ཏེ་སྤྱོད་པའི་སྐྱོན་གྱིས་མི་གོས་ཞེས་སོ། །སྤྱོད་པ་ཐམས་
Vol. 39 · folio 25a
ཅད་རྣལ་འབྱོར་གྱི་རྒྱུད་ལ་སོགས་པའི་སྤྱོད་པའོ། །དེའི་མཆོག་ནི་ཀུན་དུ་སྤྱོད་པ་སྟེ་མ་བཀག་པར་སྤྱོད་པའོ། །དེ་སྟོན་པར་བྱེད་པའི་གཞུང་ནི་ལེའུ་ལྔ་པའོ། །ལེའུ་ལྔ་པའི་འགྲེལ་པའོ།། །།ད་ནི་ལྷུན་གྱིས་གྲུབ་པའི་རྡོ་རྗེ་གསུམ་ཞུགས་པའི་དེ་མ་ཐག་ཏུ་
གཉིས་སུ་མེད་པའི་བྱིན་གྱིས་བརླབ་པའི་སྔགས་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །མི་བསྐྱོད་པ་ཞེས་པ་ནི་ཐུགས་རྡོ་རྗེ་མི་བསྐྱོད་པ་དང་འདྲ་བར་བསྒོམས་ནས། བྱིན་གྱིས་བརླབ་པ་བསྟན་པའི་ཕྱིར་མི་བསྐྱོད་པ་ཞེས་སྟོན་པ་ལ་གསུངས་སོ། །དེ་བཞིན་དུ་ཕྱི་མ་ལ་ཡང་ཤེས་
པར་བྱའོ། །ཏིང་ངེ་འཛིན་རྣམས་ནི་རང་རང་གི་ཡེ་ཤེས་ལ་རང་རང་གི་ཚུལ་གྱིས་སྙོམས་པར་ཞུགས་པའོ། །ཇི་ལྟར་ཞེ་ན། སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་པ་ནི་དེ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གསང་བ་སྟེ་ཆོས་ཀྱི་དབྱིངས་སོ། །མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ་མི་བསྐྱོད་པའི་ཚུལ་གྱིས་
སྙོམས་པར་ཞུགས་སོ་ཞེས་སོ། །ཐུགས་བྱིན་གྱིས་བརླབ་པའི་སྔགས་ཞེས་པ་ནི་ཐུགས་ཀའི་ཟླ་བར་རིན་པོ་ཆེའི་དབུ་རྒྱན་དང་ལྡན་པའི་ཐུགས་རྡོ་རྗེ་སྟེ། དེ་དང་རྣམ་པར་གནས་པ་གཉིས་སུ་མེད་པར་བྱིན་གྱིས་བརླབ་པའི་སྔགས་ཞེས་སོ། །དེ་ཡང་གང་ཞེ་ན། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་
བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སོ། །དེ་བཞིན་དུ་ཕྱི་མ་ལ་ཡང་སྦྱར་བར་བྱའོ། །རྡུལ་དང་བྲལ་བའི་གནས་རྡོ་རྗེ། །ཞེས་པ་ནི་སྐྱོན་ཐམས་ཅད་དག་པས་ན་གཟུགས་བརྙན་ལྟར་གསལ་བའི་མེ་ལོང་ལྟ་བུ་སྟེ། མི་ཕྱེད་པའི་ཕྱིར་ན་རྡོ་རྗེའོ། །ཀུན་དུ་མི་གཉིས་པ་ཞེས་པ་ནི་ཀུན་དུ་རྟོག་
ཅིང་ཐ་མི་དད་པས་ན་སོ་སོར་རྟོག་པའི་ཡེ་ཤེས་ཏེ། མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །དེ་ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་གསང་བའི་རྡོ་རྗེ་གསུམ་ཞེས་པ་ནི་སྒྲ་ལ་སོགས་པའི་རྡོ་རྗེའོ། །དེས་ལུས་ངག་ཡིད་གསུམ་བྱིན་གྱིས་
བརླབས་པས་ན་ཐབས་སོ། །ཐབས་ཀྱིས་ཞེས་པ་ནི་ཡི་གེ་གསུམ་སྟེ། དེས་ཇི་སྐད་གསུངས་པ་བཞིན་དུ་སྐྱེད་པ་ནི་རྣམ་པར་བསྒོམ་པའོ། །ཇི་སྐད་དུ། ཡི་གེ་ས་བོན་ཚིག་ཏུ་གསུངས། །རྡོ་རྗེ་ཡིག་གསུམ་ཡི་གེའོ། །ཞེས་སོ། །སྔགས་ཀྱི་མཚན་གྱིས་ཞེས་པ་ནི་ཧཱུཾ་ལ་
Vol. 39 · folio 25b
སོགས་པའོ། །དེས་མཚན་པས་ན་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའོ། །དེས་མཚན་པ་ནི་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའི་ཐུགས་ཀར་མཚན་མའི་བུམ་པ་ལས་ཟླ་བ་ལ་མཚན་མར་བསྒོམ་ཞེས་སོ། །མཆོག་རབ་དེ་དག་ཅེས་པ་ནི་སྔགས་གསུམ་མོ། །བསྒྲུབ་པར་བྱ་ཞེས་པ་ནི་
བསྒྲུབ་པ་བསྟན་པར་བྱ་བའི་བྱིན་གྱིས་བརླབ་པར་བྱའོ་ཞེས་སོ། །བསྐྱེད་པ་ནི་མ་ཡིན་ཏེ་ས་བོན་གྱི་གོང་དུ་བསྐྱེད་པའི་ཕྱིར་རོ། །ད་ནི་ལྷ་མོ་དང་གཉིས་སུ་མེད་པར་བྱས་པའི་དེ་མ་ཐག་པའི་རྗེས་སུ་ཆགས་པའི་སྔགས་བརྗོད་པ་གསུངས་པ། ད་ནས་ཞེས་པ་ལ་སོགས་པའོ། །དཀོན་
མཆོག་དཔལ་ཞེས་པ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྗེས་སུ་ཆགས་པ་ལས་བྱུང་བའི་ཕྱིར། སྟོན་པ་ལ་དེ་སྐད་ཅེས་བྱའོ། །འོད་ཟེར་འབར་བ་སྒྲོན་མ་ཞེས་པ་ནི་ཕྱོགས་ཐམས་ཅད་ཀྱི་རྣམ་པ་ཆ་མེད་པའི་འོད་གསལ་བའོ། །མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ། རིན་
ཆེན་འབྱུང་ལྡན་གྱི་ཚུལ་གྱིས་སྙོམས་པར་ཞུགས་ནས་སྔགས་འདི་གསུངས་སོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སྦྱར་ན་རྡོ་རྗེ་དང་པདྨ་སྦྱར་ནས་འཁྱུད་པར་བྱའོ། །ད་ནི་ཕྱི་ནང་གི་མཆོད་པས་ལྷའི་འཁོར་ལོས་མཉེས་པའི་དེ་མ་ཐག་ཏུ་མཆོད་པ་དང་བདག་
གཉིས་སུ་མེད་པའི་སྔགས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དོན་ཡོད་གྲུབ་པ་ལ་ཞེས་པ་ནི་ལས་ཀྱི་རིགས་ཏེ། དེ་ཁོ་ན་མཆོད་པ་ལ་དབང་བྱེད་པའི་ཕྱིར་རོ། །གདོན་མི་ཟ་བ་ཞེས་པ་ནི་དོན་བྱེད་པ་ཡོད་པས་ན་བྱ་བ་གྲུབ་པ་སྟེ་མི་ཕྱེད་པའི་ཕྱིར་ན་རྡོ་རྗེའོ། །
དོན་ཡོད་གྲུབ་པའི་ཚུལ་དུ་སྙོམས་པར་ཞུགས་ནས་སྔགས་འདི་གསུངས་སོ་ཞེས་སོ། །མཆོད་པ་གཉིས་བསྟན་པའི་ཕྱིར་རྟག་ཏུ་ཞེས་པ་ལ་སོགས་པའོ། །རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །ཞེས་བྱ་བ་ནི་ལྷ་མོ་བཅུའོ། །དེ་སྤྲོས་པས། སངས་རྒྱས་ཚུལ་བཞིན་མཆོད་
པར་བྱ། །ཞེས་སོ། །དེ་འབའ་ཞིག་ཏུ་མ་ཟད་དེ། མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པའོ། །དེ་རྣམས་ཀྱང་ཕྱི་ནང་གི་ཚུལ་གྱིས་མཆོད་ན། བྱང་ཆུབ་མྱུར་དུ་འགྲུབ་པར་འགྱུར། །ཞེས་ཕན་ཡོན་གསུངས་པའོ། །དེ་ནས་བྱིན་
Vol. 39 · folio 26a
གྱིས་བརླབ་པར་བྱའོ་ཞེས་སོ། །ད་ནི་བདེ་བར་གཤེགས་པའི་ཚོགས་བསྐུལ་བའི་འོད་ཟེར་དང་ཚིགས་བཅད་ཀྱི་དོན་གྱིས་ཆུང་ངུའི་སྒྲུབ་པ་ཕལ་ཆེར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ཡི་གེ་གསུམ་
མོ། །དེ་ཉིད་རྡོ་རྗེ་གསུམ་གྱི་ངོ་བོ་ཡིན་པས་ན་གསང་ཆེན་ནོ། །དེ་གསུངས་སོ་ཞེས་བྱ་བའོ། །སྔགས་ལ་དམིགས་པ་ཞེས་བྱ་བ་ནི་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའི་སྙིང་པོའི་སྔགས་ཧཱུཾ་ལ་སོགས་པ་ལ་དམིགས་པའོ། །དེ་ལ་དམིགས་པའི་ལུས་ཀྱིས་ནི། །ཞེས་ཏེ། དེ་
ལས་བྱུང་བའི་མཆོད་པའི་ལྷ་མོའི་འོད་ཟེར་གྱིས་ཞེས་སོ། །དེ་ནས་ངག་གིས་ཞེས་བྱ་བ་ནི། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །ཞེས་པ་ལ་སོགས་པས་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའི་ཐུགས་ལ་བསྐུལ་ནས་སུ་ཞེས་སོ། །དེ་ནས་དེ་རྣམས་ཡིད་ནི་དགའ་ཞིང་མགུ་བ་ཡིས་རང་གི་ལ་
ཞུགས་མ་ཐག་ཏུ། དངོས་གྲུབ་རབ་མཆོག་རྡོ་རྗེ་གསུམ་མོ། །བསྒྲུབ་པར་བྱ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱའོ་ཞེས་སོ། །དེ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། སེམས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །སེམས་ཀྱིས་དམིགས་པ་ཞེས་པ་ནི་སྔགས་ལ་དམིགས་པའི་ལུས་སོ། །
དེ་ཉིད་འཛིན་པ་དང་བྲལ་བས་ན་བདག་མེད་པར་རོ། །དེ་བདག་མེད་པ་དེ་བཞིན་དུ་ངག་དང་ལུས་ཀྱང་བདག་མེད་པར་རྣམ་པར་བསྒོམ་ཞེས་སོ། །དེ་བས་ན་རྡོ་རྗེ་གསུམ་ནི། ནམ་མཁའ་བཞིན་དུ་གནས་པའི་གནས། །ཞེས་བྱའོ། །དེ་ཉིད་ཀྱང་སོ་སོར་སྦྱོར་བ་གསུམ་དང་ཤེས་རབ་
གསུམ་དང་བཅས་པས་ན་སྦྱོར་བ་རྣམ་པ་གསུམ་མོ། །དེ་བསྒྲུབ་པར་བྱ་ཞེས་ཏེ་སྐབས་ཐམས་ཅད་དུ་བསྒོམ་པར་བྱའོ། །དེ་བས་ན་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སུ་དམིགས་པ་ནི་བརྟགས་པའི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་དོ། །དེ་ཉིད་སྔགས་ཀྱི་སྤྱི་
གཟུགས་ཏེ་དེ་ལས་བྱུང་བའི་ཕྱིར་རོ། །སྦྱོར་བ་དེ་ལས་ལོགས་ཤིག་ན། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །ཅེས་ཏེ། དེ་ཡི་རང་བཞིན་དེ་ཡིན་ནོ། །ཞེས་སོ། །དེ་ལ་གཉིས་སུ་མེད་པའི་བློས་གཞག་པ་གསུངས་པ། སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པའོ། །སྐུ་
Vol. 39 · folio 26b
གསུང་ཐུགས་ཀྱི་མཚན་ཉིད་ནི། །ཞེས་ཏེ་རྡོ་རྗེ་གསུམ་གཉིས་སོ། །མདོར་ན་འདི་ལྟར་རྣམ་པར་སྤྱད་པར་བྱའོ། །སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན། །ཞེས་པ་ནི་བྱིན་གྱིས་བརླབ་པའི་སྔགས་ཀྱིས་དོན་ལྟར་བརྟག་པར་བྱའོ། །སྦྱོར་བའི་ཆོ་ག་ཞེས་པ་ནི་གཉིས་མཉམ་
པ་ཉིད་དུ་རྟོགས་པ་བསྒོམ་པར་བྱའོ་ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ། གནས་དམིགས་པ་སྔོན་དུ་འགྲོ་བའི་རྡོ་རྗེ་གསུམ་གྱི་རྒྱུ་ལ་དམིགས་པའི་ལུས་ལ་སོགས་པ་བདག་མེད་པར་དམིགས་ཤིང་སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་སོ། །ད་ནི་ཐིག་ལེ་
སྦྱོར་བ་དེ་མ་ཐག་ཏུ་བསྟན་པར་བྱ་བའི་ཕྱིར་རིགས་ལྔའི་ཕྲ་མོའི་སྦྱོར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དཔལ་ཞེས་བྱ་བ་ནི་ཚོགས་གཉིས་སམ་ཡང་ན་ལྷ་མོའོ། །དེ་གང་ལ་ཡོད་པ་ནི་དཔལ་ལྡན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀུན་གྱི་མཆོད་པའི་
གནས་སུ་གྱུར་པས་ན་དེ་བཞིན་གཤེགས་པ་ཀུན་གྱི་མཆོད་པའོ། །སངས་རྒྱས་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་སངས་རྒྱས་ཀུན་མཆོག་གོ། །ཆོས་ཐམས་ཅད་ཤེས་པས་ན་ཀུན་མཁྱེན་ནོ། །སེམས་རྒོད་པ་ཞི་བར་བྱེད་པས་ན་བསྒོམ་པའི་མཆོག་སྟེ། བཀའ་སྩལ་པ་ཞེས་
སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནི་ཆོས་འབྱུང་བ་ལའོ། །དེར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་གཟུགས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་རབ་ཏུ་བསྒོམས་ནས་ཇི་སྐད་དུ་གསུངས་པའི་ཆོ་གས་རྡོ་རྗེ་འཆང་ཆེན་པོའི་ཕྲ་མོའི་སྦྱོར་བས་ཀུན་དུ་བརྩམ་
པར་བྱའོ། །དེ་ཡང་གང་ཞེ་ན། སྣའི་རྩེ་མོ་ཞེས་པ་ལ་སོགས་པའོ། །སྣའི་རྩེ་མོར་ཞེས་པ་ནི་པདྨའི་སྣ་རྩེར་རྡོ་རྗེ་ལས་ཕྱུང་ནས་དགོད་པའོ། །དེ་ཉིད་ཕྲ་བས་ན་ཡུངས་ཀར་ཏེ་དོན་དུ་རྡོ་རྗེ་ནས་ཙམ་དུ་ཤེས་པར་བྱའོ། །དེར་བསམས་ལ། འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཞེས་པ་ནི། ལྷ་དང་གཞལ་ཡས་
ཁང་ཆུད་པར་བསྒོམ་པའི་ཕྱིར་རོ། །ཡེ་ཤེས་གོ་འཕང་ཡིད་དགའ་བསྒོམ། །ཞེས་པ་ནི་གཉིས་སུ་མེད་པའི་མན་ངག་ཡིད་ཚིམ་པར་བྱེད་པ་དེ་ལ་འཇུག་པར་བྱའོ། །དེ་ཡང་གསང་ཆེན་ཡེ་ཤེས་ཞེས་བྱ་བ་ན། མཆོག་ཏུ་གསང་བ་ཐབས་ཀྱིས་སྟེར་བ་དེས་བརྟག་པ་བསྒོམ་ཞེས་སོ། །
Vol. 39 · folio 27a
དེ་ནི་ཕྱི་མ་རྣམས་ལ་ཡང་ཤེས་པར་བྱའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནི་གོང་མ་ལྟར་རོ། །ཉི་མའི་དཀྱིལ་འཁོར་ཞེས་པ་ནི་ཆུང་ངུའི་འོ། །གནས་གྱུར་བསྒོམ་པར་བྱས་ལ་སངས་རྒྱས་སྐུ་ནི་རྡོ་རྗེ་འཆང་བའོ། །དེའི་གནས་བསྒོམ་སྟེ་ཞེས་པ་
ནི་གསུམ་པ་དང་འགྲུབ་པའི་རྒྱུའོ། །དེ་ཡི་སྟེང་དུ་གནས་གཞག་གོ། །ཞེས་པ་ནི་གནས་འགྱུར་བ་ལས་མི་བསྐྱོད་པའི་གནས་སུ་ཧཱུཾ་བསྒོམ་པའོ། །རྡོ་རྗེ་འཆང་བ་ལ་ཡང་ས་བོན་དེ་བཞིན་དུ་ཤེས་པར་བྱའོ། །ཕྱི་མ་ལ་ཡང་གཉིས་པ་རང་རང་གི་ས་བོན་དུ་ཤེས་པར་བྱའོ། །
ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནི་གོང་མ་ལྟར་ཆོས་འབྱུང་ངོ་། །དེར་གསལ་བའི་དཀྱིལ་འཁོར་ཞེས་པ་ནི་ཟླ་བ་སྟེ་མི་འགྱུར་བའི་གདན་ནོ། །དེར་རྣམ་པར་སྣང་མཛད་ཆོ་ག་བཞིན་དུ་བསྒོམ་པར་བྱའོ། །སྤྱན་གྱི་ཚུལ་དུ་ཞེས་པ་ནི་དེ་མ་ཐག་ཏུ་འབྲིང་པོའི་བསྙེན་
སྒྲུབ་བཞི་བསྟན་ཏོ། །དེ་དང་སྦྱོར་བ་ལ་རྡོ་རྗེ་པདྨ་ཞེས་པ་ནི་བྱིན་གྱིས་བརླབ་པའོ། །དེ་ནས་ཕྲ་མོ་སྦྱོར་བ་བསྒོམ། །ཞེས་སོ། །འདི་ཡང་ལྟག་འོག་ཏུ་སྦྱར་བར་བྱའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནི་ཆོས་འབྱུང་བ་ལའོ། །དེར་རང་གི་གསུམ་པ་ལས་
བྱུང་བའི་ཕྱིར་ན་རིན་ཆེན་དཀྱིལ་འཁོར་ཏེ། རིན་ཆེན་འབྱུང་ལྡན་བསྒོམ་པར་བྱའོ། །དང་པོའི་སྦྱོར་བ་ནི་དང་པོའི་རྣལ་འབྱོར་རོ། །དེའི་སྟེང་དུ་ཞེས་པ་ནི་སྦྱོར་བ་གཉིས་པ་ཡོངས་སུ་བསྒོམ་པའོ། །འདི་ཡང་ལྟག་འོག་ཏུ་སྦྱར་བར་བྱའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །
ཞེས་པ་ནི་ཆོས་འབྱུང་བ་ལ་གོང་མ་ལྟར་པདྨའི་དཀྱིལ་འཁོར་ཏེ་སྣང་བ་མཐའ་ཡས་བསྒོམས་ལ། པདྨའི་ཚུལ་དང་ཞེས་པ་ནི་གོས་དཀར་མོའོ། །དེ་དང་སྦྱོར་བ་ནི། འདོད་ཆགས་རྡོ་རྗེ་བསྒོམ་པར་བྱ། །ཞེས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པས་གོང་མ་
ལྟར་རོ། །འོད་ཀྱི་དཀྱིལ་འཁོར་ཞེས་པ་ནི་འོད་ཟེར་ལྔ་དང་ལྡན་པས་ཏེ་ལྗང་གུ་དོན་ཡོད་གྲུབ་པའོ། །དེ་བསྒོམ་པར་བྱ་བ་དང་། སངས་རྒྱས་ཚུལ་ནི་ཞི་བ་ཞེས་པ་ལ་རང་གི་དང་པོ་ལས་བསྐྱེད་པ་སྟེ། གཙོ་བོ་སྤྲོ་བར་བསྟན་ཏོ། །འཁོར་ཡང་ཁྱད་པར་དག་ཏུ་སྤྲོ། །ཞེས་པ་ནི་གཞན་
Vol. 39 · folio 27b
དང་གཞན་གྱི་གཟུགས་ཀྱིས་འཁོར་རྣམས་ཀྱང་སྤྲོ་བར་བྱའོ་ཞེས་སོ། །དེས་ནི་མཚན་མ་ཐོབ་པའི་དེ་མ་ཐག་ཏུ་ཞེས་པའི་དོན་བསྟན་པ་ཡིན་ནོ། །དེ་གོང་མ་ལ་ཡང་སྦྱར་བར་བྱའོ། །ལྷ་གཙོ་བོ་ཕྱག་མཚན་ལ་ཕྲ་མོ་སྦྱོར་བ་གསུངས་པ། ཨུཏྤ་ལ་ཞེས་པ་ལ་སོགས་པ་གསུངས་
པའོ། །དེ་ཡང་མི་བསྐྱོད་པའི་རྣལ་འབྱོར་པས་ཨུཏྤ་ལ་མཐིང་གའི་མདོག་འདྲ་བའི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་འཛིན་ལས་ཁྱད་པར་དུ་བསམས་ལ། ཚད་ནས་འབྲུ་ཙམ་བརྟེན་པར་བྱ་བའི་ཕྱིར་ནན་ཏན་གྱིས་པདྨའི་སྣའི་རྩེ་མོར་རྣམ་པར་བསམ་ཞེས་སོ། །འོད་དཔག་མེད་ཀྱི་རྣལ་འབྱོར་པས་
ཚད་སྲན་ཙ་ན་ཀའི་འབྲུ་ཙམ་གྱི་པདྨ་འདབ་མ་བརྒྱད་པ་དེ་གེ་སར་དང་བཅས་པ་པདྨའི་སྣའི་རྩེ་མོར་བསམ་མོ། །འདི་ཤིས་ཏེ་ཞེས་པ་ནི་བརྟན་པར་བྱེད་པའི་ཕྱིར་རོ། །བསྒོམས་པས་བྱང་ཆུབ་གཞོལ་བར་འགྱུར། །ཞེས་པ་ནི་སེམས་ལས་སུ་རུང་ན་བླ་ན་མེད་པའི་བྱང་ཆུབ་ལ་རེག་པའི་
ཕྱིར་རོ། །འཁོར་ལོ་སོགས་ཞེས་བྱ་བ་ནི་འཁོར་ལོའི་ཚད་པདྨ་དང་འདྲའོ། །རལ་གྲིའི་ཚད་རྡོ་རྗེ་དང་འདྲའོ། །རིན་པོ་ཆེའི་ཚད་ལེའུ་བཅུ་གསུམ་པར་གསུངས་སོ། །ཁྱད་པར་དུ་བསྒོམ་པ་ཞེས་པ་ནི། ལྷ་རང་རང་གི་ཁྱད་པར་གྱིས་བསྒོམ་པའོ། །དེར་ནི་ཞེས་པ་ནི་སྣའི་རྩེ་
མོར་རོ། །དེར་བཏགས་པས་དངོས་གྲུབ་ཐམས་ཅད་དང་ཡོན་ཏན་གྱི་གནས་སུ་གྱུར་པ་སྟེ། བྱང་ཆུབ་མཆོག་འགྲུབ་པར་འགྱུར་རོ། །རྗེས་སུ་དྲན་པའི་ཡན་ལག་བཏང་ནས་གཞན་ལ་འཇུག་པ་བསྟན་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ནི་རིགས་
ལྔའོ། །བྱང་ཆུབ་ནི་སྤྱན་ལ་སོགས་པའོ། །གནས་ནི་མཚན་མ་ཕྲ་མོའོ། །དེ་རུ་ཞེས་པ་ནི་སྣའི་རྩེ་མོར་རོ། །མདོར་ན་སྤྲོ་བར་བྱ་ཞེས་པ་ནི་འཇུག་ཏུའོ། །དེ་ནས་ཅི་བྱ་ཞེ་ན། བཟླས་བརྗོད་ལ་འཇུག་པ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཀྱིས་མཚན་པ་ཡི། །ཆོས་
ཀྱི་ཚིག་རྣམས་རབ་ཏུ་བརྗོད། །ཅེས་སོ། །དེའི་དོན་ནི་སྔ་མ་ལྟ་བུའི་རྒྱུ་ལས་བྱུང་བའི་མཚན་མ་ཕྲ་མོ་ལ་རང་རིག་པའི་འཁོར་ལོ་བསྒོམས་ནས་ཡན་ལག་གསུམ་གྱིས་རྫོགས་པར་བྱས་ནས། བཟླས་བརྗོད་ལ་འཇུག་པར་བྱའོ་ཞེས་སོ། །ད་ནི་བར་མའི་གཉིས་པས་ཞི་བའི་སྦྱོར་བ་
Vol. 39 · folio 28a
ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་གནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀུན་དོན་ནི་དངོས་གྲུབ་ཆེན་པོའོ། །དེ་སྐྱེ་བ་གཅིག་གིས་ཐོགས་པ་ལ་འཆང་བར་བྱེད་པས་སྟོན་པའོ། །སྤྱོད་པ་ཀུན་དག་ཅེས་པ་ནི་སྤྱོད་ཡུལ་ལྷ་མོར་དག་པའི་
ཕྱིར་རོ། །དེས་གསལ་བ་མཆོག་འོག་ནས་འབྱུང་བ་འདི་བཀའ་སྩལ་པ་ཞེས་སོ། །མཁས་པས་ཟླ་དྲུག་བསྒོམ་པ་ནི། །ཞེས་པ་ནི་ཕུན་སུམ་ཚོགས་པ་ལ་མ་ཚང་བ་མེད་པ་ཞེས་སོ། །གང་དང་ཞེ་ན། གཟུགས་དང་སྒྲ་དང་རོར་ལྡན་པར། །ཞེས་པ་ནི་ལྷ་མོ་ལྔའི་རང་བཞིན་གྱི་
གཟུགས་ཧ་ར་ནུ་ཕུར་ལ་སོགས་པའོ། །གསང་བའི་དེ་ཉིད་ཅེས་པ་ནི་ལྷ་མོ་བཞིའོ། །དེ་ལྟ་བུའི་མཆོད་ཆེན་གྱིས་དྲུག་པ་ཉམས་སུ་མྱོང་བར་བྱ་བའི་ཕྱིར། ལེགས་པར་མཆོད་ནས་བསྒོམ་པར་བྱ། །ཞེས་སོ། །ད་ནི་དངོས་གྲུབ་ཀྱི་ཤིས་པའི་ཟས་བསྟན་པའི་ཕྱིར་དངོས་གྲུབ་
ཅེས་པ་ལ་སོགས་པས་སོ། །དངོས་གྲུབ་འབྲས་བུ་ཞེས་པ་ནི་ཐུན་མོང་དང་ཕྱག་རྒྱ་ཆེན་པོའོ། །དེ་འདོད་པ་ཡིས་འོག་ནས་འབྱུང་བ་རྣམས་སྤྱད་ཅེའོ། །ཇི་ལྟར་ཞེ་ན། ཟས་སུ་བཤང་གཅི་ཞེས་པ་ནི་བདུད་རྩི་ལྔ་སྟེ་རིག་འཛིན་གྱི་ཤིས་པའི་ཟས་སོ། །དེའི་འབྲས་བུ་ནི།
སངས་རྒྱས་བྱང་ཆུབ་ཉིད་སྐྱོན་མེད་པ་སྟེ། དེ་ཉིད་བླ་ན་མེད་པ་སྟེ་འགྲུབ་པར་འགྱུར་རོ་ཞེས་སོ། །ཟས་སུ་ཤ་རྣམས་ཞེས་བྱ་བ་ནི་ཉེ་བའི་ཟས་ལྔ་མ་གཏོགས་པའི་ཤའོ། །དེ་ཟ་བའི་དུས་སུ་ཤ་ཆེན་དག་ནི་ཞེས་ཏེ་མཆོག་གི་དངོས་གྲུབ་ལ་དེ་ལྟར་བརྟགས་ཏེ་ཟོས་ན། སྐུ་གསུང་
ཐུགས་ཀྱི་གསང་བ་ཆེ། །ཞེས་པ་ནི་སྐུ་གསུམ་མོ། །དེ་ཉིད་ལྷུན་གྱིས་གྲུབ་ན་ཐམས་ཅད་རྗེས་ལས་གྲུབ་པའི་ཕྱིར་ན། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཞེས་སོ། །དེ་བཞིན་དུ་གླང་པོ་ཆེའི་ཤ་ནི་མངོན་པར་ཤེས་པ་ལྔའོ། །རྟའི་ཤ་ནི་མི་སྣང་བ་ལའོ། །ཁྱིའི་ཤ་ནི་དངོས་
གྲུབ་ཐམས་ཅད་ཀྱིའོ། །དེ་རྣམས་བསྒྲུབ་པའི་དུས་སུ་ཁ་ཟས་ཀྱི་ཕྱིར་བཟའ་བར་བྱའོ། །ཟས་གཞན་དག་ནི་བཟའ་མི་བྱ། །ཞེས་པ་ནི་སྒྲུབ་པའི་དུས་སུ་ཐ་ན་ཡང་བསམ་པས་བརྟག་པའོ། །ནུས་པས་ཇི་ལྟ་བ་བཞིན་དུ་བཀུག་ནས་ལོངས་སྤྱོད་པའོ། །ནོར་བུ་ལ་སོགས་པ་
Vol. 39 · folio 28b
ལྟ་བུར་ཤེས་པར་བྱའོ། །ད་ནི་ཁ་ཟས་དེ་བརྟེན་པའི་ཐུན་མོང་དང་ཁྱད་པར་གྱི་ཡོན་ཏན་གསུངས་པ། དེ་ལྟར་བྱས་ནས་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ནི་རིགས་ལྔའོ། །བྱང་ཆུབ་སེམས་དཔའ་ནི་སྤྱན་ལ་སོགས་པའོ། །བློ་ཅན་རྣམས་ནི་གཤིན་རྗེ་གཤེད་
པོ་ལ་སོགས་པ་སྟེ་མཉེས་པར་འགྱུར་བའོ། །དེ་མཉེས་པའི་སྦྱོར་བ་དག་གིས་བྱང་ཆུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་སོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི། འདོད་ཁམས་འཇིག་རྟེན་ཞེས་པ་ནི་བུད་མེད་རྣམས་སོ། །དེའི་དབང་ཕྱུག་ནི་བདག་པོའོ། །ལས་ཀྱི་གོ་འཕང་ཐོབ་
པར་འགྱུར། །ཞེས་པ་ནི་འདོད་པའི་ལས་ཀུན་བྱེད་པའོ། །འདི་ནི་འདོད་པའི་དབང་ཕྱུག་ཏུ་བསྟན་ཏོ། །ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་གཙོ་བོའོ། །ཉི་མ་ལྟ་བུར་བལྟ་བར་དཀའ་བས་ན་གཟི་བརྗིད་ཆེའོ། །སྲེད་མེད་ཀྱི་བུ་ལ་སོགས་པས་ཀྱང་མི་ཐུབ་པས་ན་སྟོབས་དང་
ལྡན་པའོ། །མདངས་བཟང་བས་ན་འགྲོ་བ་ཐམས་ཅད་ཀྱིས་མཐོང་ན་ཡིད་དུ་འོང་བའོ། །མཐོང་བ་ཉིད་བསྐུལ་བ་སྟེ། དེས་ལས་ཀྱི་ས་པའི་འཇིག་རྟེན་འདི་དག་དབང་དུ་འགྱུར་རོ། །ཞེས་སོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཅི་ཞེ་ན། ཐུན་མོང་མ་ཡིན་ཞིང་མཆོག་ཏུ་གྱུར་པས་
ན་གསང་ཆེན་དམ་པའོ། །བྱང་ཆུབ་ཀྱི་རྒྱུར་གྱུར་པས་ན་བྱང་ཆུབ་བོ། །དེ་ལྟ་བུའི་སྔགས་ཀྱི་གསང་བ་འདི། ལུས་ངག་སེམས་ལས་འདའ་བའོ། །ཞེས་པ་ནི་རྨོངས་པའི་ལུས་ངག་ཡིད་གསུམ་ལས་འདའ་བའོ། །ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ་
པ་སྟོན་པར་བྱེད་པའི་གཞུང་གི་ལེའུ་སྟེ་དྲུག་པའོ། །ལེའུ་དྲུག་པའི་འགྲེལ་པའོ།། །།ད་ནི་ཏིང་ངེ་འཛིན་ལས་ལངས་པའི་རྣལ་འབྱོར་པས་སྨོན་ལམ་བཏབ་པའི་དེ་མ་ཐག་ཏུ་སྡོམ་པ་བསྐྱང་བའི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དམ་ཚིག་ཆེན་པོ་རྡོ་རྗེ་
འཆང་ཆེན་པོ་དེ་དངོས་པོ་ཐམས་ཅད་ལས་མི་འདའ་བའི་ཕྱིར་རོ། །དེ་ཉིད་འགྱུར་བ་མེད་པའི་ཕྱིར་ན་དེ་ཁོ་ན་ཉིད་དོ། །དེའི་བདག་ཉིད་ཀྱང་སྔགས་ཀྱིས་སྤྱོད་པས་ན་འཇིག་རྟེན་གྱི་སྤྱོད་པ་ལས་གྲོལ་བ་དང་། ཤེས་པ་དང་སྐྱོབ་པར་ལྡན་པའོ། །ཇི་སྐད་དུ། གང་གང་རྒྱུ་དང་རྐྱེན་ལས་བྱུང་། །
Vol. 39 · folio 29a
ཡུལ་དང་དབང་པོ་ཡིན་པར་དགོངས། །ཡིད་དེ་མིན་ཞེས་བསྟན་པ་ཡིན། །ཏྲ་ཞེས་བྱ་བ་སྐྱོབ་པའོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེའི་མཆོག་མངོན་པར་བྱང་ཆུབ་པ་བསྟན་པའི་གཞུང་ནི་ལེའུ་སྟེ་དེ་གསུངས་སོ་ཞེས་སོ། །ད་ནི་འདོད་པ་ལྔ་ལ་བརྟེན་པས་
བྱང་ཆུབ་ཐོབ་པར་འགྱུར་བ་བསྟན་པ། འདོད་པའི་ལོངས་སྤྱོད་ཅེས་པ་ལ་སོགས་པའོ། །འདོད་པའི་ལོངས་སྤྱོད་ཅེས་པ་ནི་གཟུགས་ལ་སོགས་པ་ཐམས་ཅད་ལའོ། །ཇི་ལྟར་འདོད་པ་ཞེས་པ་ནི། །མི་སྤང་བར་འདོད་ནས། འབྱུང་བའི་རིམ་པས་བརྟེན་ནས་ནི། །ཞེས་སོ། །དེས་
ཅི་འགྲུབ་ཅེ་ན། འདི་ལྟ་བུ་ཡི་སྦྱོར་བ་ཡིས། །སངས་རྒྱས་མྱུར་དུ་ཐོབ་པར་འགྱུར། །ཞེས་སོ། །ད་ནི་ཇི་ལྟར་སྤྱོད་པའི་ཐབས་གསུངས་པ། འདོད་པའི་ལོངས་སྤྱོད་ཅེས་པ་ལ་སོགས་པའོ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི། གཟུགས་ལ་སོགས་པ་
རྣམས་བརྟགས་པས་དབེན་པའི་ཕྱིར་ཤེས་པ་ཙམ་སྟེ། དེ་ཡང་དང་པོ་ནས་རང་གི་ལྷའི་རང་བཞིན་དུ་གནས་པས་དེ་ལ་བལྟས་ན་གསང་བ་ཆེན་པོའི་མཆོད་པ་སྟེ། ཡིད་དགའ་བར་བྱེད་པའི་ཕྱིར་རོ། །དེས་བདག་དང་གཞན་མཉེས་པར་བྱ་བའི་ཕྱིར་ན་མཆོད་པར་བྱ་ཞེས་སོ། །ད་ནི་
མི་མཐུན་པའི་ཕྱིར་བརྟུལ་ཞུགས་ཀྱིས་སློང་མོ་དགག་པ་གསུངས་པ། དཀའ་ཐུབ་དམ་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དཀའ་ཐུབ་ནི་ཕྱི་དང་ནང་གིའོ། །དེ་ཉིད་ལུས་དང་སེམས་ཚི་ཆད་པས་ན་མི་བཟད་པའོ། །དེ་ལ་བརྟེན་ཀྱང་འགྲུབ་པར་མི་འགྱུར་ཞེས་པ་ནི་
ཕྱག་རྒྱ་ཆེན་པོའོ། །སློང་མོ་ཟ་ཞིང་མི་བཟླས་ཏེ། །ཞེས་པ་ནི་བྱ་བའི་རྒྱུད་ལས་དགར་བའི་ཕྱིར་རོ། །འོ་ན་བསླང་མི་དགོས་ན་ཅི་བྱ་ཞེ་ན། མ་བསླངས་པ་ཡང་ཆགས་མི་བྱ། །ཞེས་ཏེ་ལུས་གནས་པ་ཙམ་གྱིས་ཆོག་ཤེས་པར་བྱས་ནས་འདོད་པ་ཀུན་ལ་ལྟག་འོག་ལྟར་ལོངས་སྤྱོད་
ཅིང་བསྙེན་པ་ལ་སོགས་པའི་ཡན་ལག་མ་ཉམས་པར་བཟླས་པར་བྱའོ་ཞེས་སོ། །དེའི་ཕན་ཡོན་དང་ཉེས་དམིགས་བསྟན་པ། ལུས་དང་ཞེས་པ་ལ་སོགས་པའོ། །གཞན་དུ་ཞེས་པ་ནི་འདིའི་སྦྱོར་བ་ལས་ལོག་ཅིང་རྒྱུན་བཏང་བའོ། །དུས་མིན་འཆི་བའི་ཞེས་པ་ནི་གློ་བུར་དུ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words