རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་གསང་བ་འདུས་པའི་འགྲེལ་པ
Sanskrit title (Tibetan script, as in the text) རཏྣ་པརྴཱ་ནཱ་མ་ར་ཧ་སྱ་ས་མ་ཛ་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 39 · folio 57b
ཞེས་སྦྱར་རོ། །སྒྲ་གྲག་པ་ནི་ཇི་སྙེད་པ་ཞེས་པ་ནི་སེམས་ཅན་མ་ཡིན་པའི་སྒྲ་རགས་པ་དང་ཕྲ་བ་ཇི་སྙེད་པ་བསྡུའོ། །སེམས་ཅན་ཀུན་གྱི་སེམས་རྣམས་ཞེས་པ་ནི། འགྲོ་བ་ལྔར་གཏོགས་པའི་སེམས་ཅན་གྱི་སེམས་རྟོགས་པའི་རྒྱུན་དང་འབྲེལ་པ་དང་རྟོག་པ་དེ་བཟློག་པས་དག་པར་བྱེད་པའི་
སེམས་དེས་རིག་འགྱུར་ཞེས་སྦྱར་རོ། །གང་གིས་ཤེ་ན་སྐུ་གསུང་ཐུགས་ཀྱིས་མཚན་པའོ། །རོལ་མོ་ལས་བྱུང་ཞེས་ཏེ་རྡོ་རྗེ་གསུམ་ནི་སེམས་ཅན་གྱི་དོན་བྱེད་པའི་རོལ་མོ་སྟེ། དེ་ལས་བྱུང་བའི་སེམས་ནི་དེས་མཚན་པའོ། །འཁོར་བ་དག་ན་གནས་པའི་ཞེས་པ་ནི་རང་དང་གཞན་ནོ། །
གཏན་ཚིགས་རྟགས་ནི་རིགས་དང་ཕ་མ་དང་། རང་གི་མིང་དང་། ལས་ཅི་སྤྱད་པ་དང་། ནད་གང་གིས་ཤི་བ་ལ་སོགས་པའོ། །གངྒཱའི་བྱེ་སྙེད་ཞིང་དག་ཏུ། །ཞེས་པ་ནི་རང་གིས་འདུལ་བའི་ཞིང་དུའོ། །ཅི་བྱེད་ཅེ་ན། སངས་རྒྱས་སྤྲིན་གྱིས་བརྒྱན་པའི་སྐུས། །ཞེས་ཏེ་སངས་རྒྱས་
ལྟ་བུའི་སྤྲུལ་པའི་སྐུ་འཕྲོ་བ་ནི་བརྒྱན་པ་སྟེ་དེ་ལྟ་བུ་ཡིས་ཞེས་སོ། །དུས་ཇི་ཙམ་ཞིག་ཏུ་ཞེ་ན། བསྐལ་པ་གངྒཱའི་བྱེ་སྙེད་དུ། །ཞེས་ཉེ་བར་བཏགས་པས་ཏེ་བསྐལ་པ་གཉིས་ཀྱི་བར་དུའོ། །རྡོ་རྗེ་རྫུ་འཕྲུལ་ཞེས་པ་ནི་ནམ་མཁའི་ཁམས་ཀུན་དུ་རང་དང་འདྲ་བའི་སྐུ་སྤྲོ་བ་དང་། ལྷ་ལ་སོགས་པའི་
གཟུགས་སུ་སྟོན་པ་དང་། ནམ་མཁའ་ལ་འཕུར་བ་ལ་སོགས་པ་ཇི་སྙེད་པའོ། །གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་སྟེ་དེས་འགེངས་པའོ། །དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལྔའི་མངོན་པར་ཤེས་པའི་ཡུལ་མཁྱེན་པས་ན་མངོན་པར་མཁྱེན་པའོ། །དེ་རྣམས་
ཀྱི་མིང་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །གཞན་ཡང་དེའི་ཁྱད་པར་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་སྐུ་དང་འདྲ་བར་འགྱུར། །ཞེས་པ་ནི་སངས་རྒྱས་ཀྱི་མངོན་པར་ཤེས་པ་ལྔ་དང་འདྲ་བར་འགྱུར་བ་སྟེ་དེ་སློབ་པ་མ་ཡིན་པའི་
ཕྱིར་རོ། །འཁོར་གྱིས་ཡོངས་སུ་བསྐོར་བའི་ནི་ལམ་མཚུངས་པ་སྟེ། དེ་བས་ན་རྡོ་རྗེ་སྐུ་གསུང་ཐུགས་ཀྱིས་ཞེས་ཏེ་དེ་ལ་གནས་པས་ཞེས་སོ། །འཇིག་རྟེན་ཁམས་ཀུན་ཞེས་པ་ནི་གོང་མ་ལྟར་བདག་ཉིད་དབང་བར་རོ། །དེ་ཀུན་དུ་བགྲོད་པར་འགྱུར་ཞེས་སོ། །ད་ནི་ཡན་ལག་བཞི་
Vol. 39 · folio 58a
འབྲས་བུ་དང་བཅས་པ་གསུངས་པ། བསྙེན་པའི་ཞེས་པ་ལ་སོགས་པའོ། །སྲིད་པ་དང་ཞི་བ་སོ་སོར་ཉེ་བས་ན་བསྙེན་པའོ། །མི་འདའ་བས་ན་དམ་ཚིག་གོ། །དེ་ཉིད་ཟབ་མོ་དང་ཡང་དག་པར་གསལ་བ་བསྲེས་པས་ན་སྦྱོར་བའོ། །རང་གི་ལྷ་དང་ཉེ་བར་
བསྙེན་པ་སྟེ་སའི་སྙིང་པོ་ལ་སོགས་པའོ། །དེའི་འབྱུང་བ་ནི་ཐམས་ཅད་མཁྱེན་པའོ། །སྐུ་གསུམ་དུ་སྒྲུབ་པ་ནི་སྒྲུབ་པའོ། །དེའི་དོན་ནི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པ་སྟེ་མི་འདའ་བས་ན་དམ་ཚིག་གོ། །ཁམས་གསུམ་ཆོས་ཀྱི་དབང་ཕྱུག་ཏུ་གནས་པའི་དམ་པ་ཡང་
དག་པའི་སངས་རྒྱས་པས་ན་དབང་བསྐུར་བ་ན་སྒྲུབ་པ་ཆེན་པོའོ། །རྡོ་རྗེ་བྱེ་བྲག་ཅེས་པ་ནི་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་ཡེ་ཤེས་ཀྱི་བྱེ་བྲག་གི་སྔོན་དུ་བསྙེན་པར་བྱས་ལ་དེ་ལས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་ཀྱི་ལས་རྣམས་བསྒྲུབ་པར་བྱའོ་ཞེས་སོ། །ཇི་སྐད་དུ། བྱང་ཆུབ་རྡོ་རྗེ་གསུངས་
པ་ཡི། །ཐབས་ནི་རྣམ་པ་བཞི་དག་སྟེ། །བསྙེན་པའི་ཆོ་ག་དང་པོ་སྟེ། །གཉིས་པ་ཉེ་བར་སྒྲུབ་པའོ། །གསུམ་པ་བསྒྲུབ་པར་བྱ་བ་དང་། །བཞི་པ་སྒྲུབ་པ་ཆེན་པོའོ། །ཞེས་སོ། །མདོར་བསྟན་པའི་དོན་རྒྱས་པར་རྟོགས་པར་བྱ་བའི་ཕྱིར་དང་པོ་ཆུང་ངུའི་བསྙེན་སྒྲུབ་བཞི་གསུངས་པ། བསྙེན་པའི་
ཞེས་པ་ལ་སོགས་པའོ། །ཏིང་ངེ་འཛིན་ནི་རང་གི་སེམས་འཇུག་པ་ལ་སོགས་པས་རང་གི་ལྷར་གྱུར་པའོ། །དེ་ཉིད་དོན་དམ་པ་དང་རབ་ཏུ་སྦྱོར་ཞིང་བྱང་ཆུབ་མཆོག་ཏུ་བྱིན་གྱིས་བརླབས་པའོ། །དེའི་དོན་ནི་བར་གྱི་སྲིད་པའི་གཟུགས་ཞལ་དུ་འཇུག་པ་ལ་སོགས་པས་ལྷ་མོའི་གསང་བའི་
ཁྲག་འདྲ་བ་ནི་ཧོའི་མེ་ཡིས་ཡི་གེ་གསུམ་ཞུ་བའི་འོད་ཟེར་གྱིས་ཐབས་དང་ཤེས་རབ་དབུས་ཀྱི་གདན་ཆོ་ག་དང་པོ་གནས་པ་ལ་རང་གི་ཚད་མེད་པ་བཞིས་ལྷ་མོར་གྱུར་པའི་གླུས་བསྐུལ་བས་ས་བོན་དང་མཚན་མ་ས་བོན་གྱིས་མཚན་པ། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་རང་དང་འདྲ་བའི་
སྐུར་བྱས་པ་ལས་བྱུང་བའི་རང་གི་ལྷ་ནི་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་པ་ནི་བསྙེན་པའི་ཡན་ལག་ཆུང་ངུ་དང་། རྒྱུ་མཐུན་པའི་འབྲས་བུ་ཆུང་ངུ་སྟེ་མྱ་ངན་ལས་འདས་པའི་ཡན་ལག་གོ། །གྲུབ་མཆོག་ལ་ཞེས་པ་ནི་རང་གི་ལྷ་ནི་གྲུབ་པ་མཆོག་སྟེ། དེའི་རྡོ་རྗེ་སྐྱེ་མཆེད་དེ་མིག་ལ་སོགས་
Vol. 39 · folio 58b
པ་ཀྵིཾ་ལ་སོགས་པ་ལས་མཚན་མ་དེས་མཚན་པ་སྟེ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་དཔྱད་པ་ནི་ཉེ་བར་སྒྲུབ་པའི་ཡན་ལག་ཆུང་ངུ་དང་། རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་སྟེ་ཐམས་ཅད་མཁྱེན་པའི་ཡན་ལག་གོ། །སྔགས་ཀྱི་བདག་པོ་ཞེས་
པ་ནི་སྔགས་ཧཱུཾ་ལ་སོགས་པ་ལས་བསྐྱེད་པ་ནི་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའོ། །དེ་བྱིན་གྱིས་བརླབ་པའི་སྔགས་ཀྱིས་གཉིས་སུ་མེད་པར་བྱ་བ་ནི་བསྒོམ་པའོ། །སྒྲུབ་པ་རྣམ་པར་གཞག་པའི་དོན་དུ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྐུལ་བ་ནི་སྒྲུབ་པའི་ཡན་ལག་ཆུང་ངུ་དང་སྐྱེས་བུ་བྱེད་པའི་
འབྲས་བུ་ཆུང་ངུ་སྟེ་སྐུ་གསུམ་ཐོབ་པའི་ཡན་ལག་གོ། །རང་སྔགས་ཞེས་པ་ནི་རང་གི་ས་བོན་གྱིས་བསྐུལ་བའི་བདེ་བར་གཤེགས་པ་ལས་བྱུང་བའི་འོད་ཟེར་ལས་ལྷ་མོ་བཅུ་འཕྲོས་པ་ལས་རང་གི་སྤྱི་བོར་ཐིམ་པ་ལས། རྡོ་རྗེ་ཅན་གྱི་གཟུགས་ཏེ་རིགས་ལྔ་འམ་དྲུག་ལ་རྡོ་རྗེ་འཆང་ཆེན་པོ་སྟེ་
དེ་བས་ན། དབུ་རྒྱན་ལ་ནི་བདག་པོ་བསམ། །ཞེས་ཏེ་གང་ཡང་རུང་བའི་བདག་པོ་གཞག་གོ་ཞེས་པའི་དོན་ཏོ། །དེ་ལྟར་བྱས་ན་ཡེ་ཤེས་རྡོ་རྗེ་སྟེ་རྣལ་འབྱོར་པར་འགྲུབ་པར་འགྱུར་རོ་ཞེས་པའོ། །དེས་གོང་མ་གསུམ་ལ་ཡང་བསྒྲུབ་པར་བྱའོ། །སྒྲུབ་པ་ཆེན་པོའི་ཡན་ལག་ཆུང་ངུ་
དང་། དྲི་མ་དང་བྲལ་བའི་འབྲས་བུ་ཆུང་ངུ་སྟེ། ཁམས་གསུམ་ཆོས་ཀྱི་དབང་ཕྱུག་གི་ཡན་ལག་གོ། །དེ་ལ་ཏིང་ངེ་འཛིན་ཞེས་པ་ཉིད་བསྟན་པས་བསྙེན་པའི་ཁྱད་པར་གསུངས་པ། བསྙེན་པའི་ཞེས་པ་ལ་སོགས་པའོ། །ཡེ་ཤེས་བདུད་རྩི་དག་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་
ཏེ། དེ་ཡང་གོང་མ་ལྟར་བར་གྱི་སྲིད་པའི་སེམས་འཇུག་པ་སྔོན་དུ་བྱས་པའི་ཟླ་བར་ཞུ་བས་མཆོག་གི་བསྙེན་པ་བྱའོ་ཞེས་པའི་དོན་ཏོ། །ཐམས་ཅད་ཀྱང་བརྟག་པར་བྱ་ཞེས་པ་ནི་དེས་བསྙེན་པ་བྱས་ན་ཉེ་བར་བསྒྲུབ་པ་ལ་སོགས་པས་ཀྱང་མཚན་པའོ། །ལོངས་སྤྱོད་བཞི་པོ་འདི་ནི་སྔར་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་རང་གི་ལྷའི་སྔགས་ཀྱི་དེ་ཉིད་དོན་སྒྲུབ་པའོ་ཞེས་སོ། །ཡེ་ཤེས་སུ་བྱ་བའི་ངོ་བོ་མ་ཡིན་པས་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་སེལ་བར་མི་ནུས་ཤིང་མ་བསྒྲུབས་པས་ན་ཆུང་ངུའི་སྒྲས་བསྟན་ཏོ། །ལྷ་གཙོ་བོ་གཅིག་པུ་གཏོགས་པའི་
Vol. 39 · folio 59a
ཕྱིར་ན་དེ་རྣམས་ལ་མཆོག་གི་སྒྲས་ཁྱད་པར་དུ་བྱས་པའོ། །ཇི་སྐད་དུ། ཐུན་མོང་མཆོག་གི་བྱེ་བྲག་གིས། །བསྙེན་པ་རྣམ་པ་བཞིར་འགྱུར་བ། །རྡོ་རྗེ་རྣམ་བཞི་ཐུན་མོང་སྟེ། །མཆོག་ནི་ཡེ་ཤེས་བདུད་རྩིའོ། །ཞེས་སོ། །དེ་བས་ན་དགེ་བའི་མཚན་ཉིད་
ཀྱི་ཚིག་བསྙེན་པ་བཞི་ཞེས་གསུངས་ཀྱང་ཉེ་བར་སྒྲུབ་པ་ལ་སོགས་པ་ཡང་ཤེས་པར་བྱའོ། །དེ་བས་ན་མཆོག་གི་བསྙེན་པ་གཅིག་ཡན་ལག་ཏུ་བཤད་ཟིན་ཏོ། །གནས་གསུངས་པ་དགོན་པ་ཞེས་པ་ལ་སོགས་པའོ། །དགོན་པ་ལ་སོགས་པའི་གནས་སུ་ཇི་སྐད་བཤད་པ་དང་། བཤད་པར་
འགྱུར་བའི་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བྱས་ནས་དངོས་གྲུབ་འཐོབ་པ་ཞེས་སོ། །གཞན་དུ་ན་བུད་མེད་ནི་ཐེག་པ་དམན་པ་ལ་ཞུགས་པས་ལམ་དུ་མ་མཐོང་བས་ན་དགོན་པ་ཆེན་པོའི་ས་ཕྱོགས་སོ། །དེ་ཉིད་རབ་ཏུ་རྣམ་པར་དབེན་པ་སྟེ། འདོད་ཆགས་ལ་སོགས་པའི་ཚེར་མས་
གང་བས་གཞན་མི་འགྲོ་བས་སོ། །མི་གཡོ་ཞིང་བདེ་བ་ཆེན་པོ་མི་འགྱུར་བས་རི་བོར་རོ། །བློ་དམན་པ་རྣམས་ཉོན་མོངས་པའི་གཅན་གཟན་ལ་འཇིགས་པས་ན་ནགས་འདབས་སོ། །ཤེས་རབ་ཀྱི་ཆའི་ཆུ་ངོགས་སུ་རྫོགས་པའི་ཏིང་ངེ་འཛིན་བྱས་ན་དངོས་གྲུབ་འཐོབ་པོ་ཞེས་སྦྱར་རོ། །
ད་ནི་ཆེན་པོའི་བསྙེན་པ་གསུངས་པ། ཡང་ན་ཞེས་པ་ནི་རྣམ་པར་གཞག་པའི་ཚིག་མ་ཡིན་ཏེ། རང་གི་ལྷའི་བཞིན་དུ་གཞན་ལ་ཞེས་པའི་དོན་ཏོ། །རྡོ་རྗེ་བཞི་དག་གིས་ཞེས་པ་ནི་རང་གི་ས་བོན་གྱིས་བསྐུལ་བའི་བདེ་བར་གཤེགས་པ་ཞལ་དུ་ཞུགས་པ་ལས་བྱུང་བའི་པདྨའི་ནང་
ནས་ཟླ་བར་ཞུ་བའི་ཆོ་ག་སྟེ་དང་པོའོ། །དེ་ཉིད་ལས་བདག་པོའི་ས་བོན་དུ་གྱུར་པའི་ཆོ་ག་སྟེ་གཉིས་པའོ། །དེ་ཉིད་ལས་རང་ངམ་བདག་པོའི་དཀྱིལ་འཁོར་དུ་གྱུར་པ་སྟེ་ཆོ་ག་གསུམ་པའོ། །དེ་ཉིད་གོང་མའི་ལྟར་བཛྲ་དྷྲྀཀ་ལ་སོགས་པའི་སྔགས་ཀྱིས་ཕྱུང་ནས་རང་རང་གི་གདན་ལ་
དགོད་པ་ནི་ཆོ་ག་བཞི་པའོ། །དེ་ནས་འོག་ནས་འབྱུང་བ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱས་ནས་བྱིན་གྱིས་བརླབ་པ་ནི་བརྟུལ་ཞུགས་བརྟན་པའི་རྣལ་འབྱོར་པས་ཐུན་མོང་གི་བསྙེན་པའོ། །ཇི་སྐད་དུ། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་
Vol. 39 · folio 59b
བསྡུ་བ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐུན་མོང་བསྙེན་པ་བསྒྲུབ་པའོ། །ཞེས་སོ། །སྐུ་གསུམ་མཉམ་པ་ཉིད་འགྱུར་བ། །ཞེས་པ་ནི་ཆོ་ག་དང་པོ་ལས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུས་འགྲོ་བ་རྣམ་སྨིན་
ཅིང་གྲོལ་བར་བྱེད་པའོ། །དེ་བསྒོམས་ན་དེ་དང་འདྲ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏེ། དེ་བཞིན་དུ་དེ་རྣམས་ཀྱི་མིག་ལ་སོགས་པ་ཡང་བྱིན་གྱིས་བརླབ་པར་བྱའོ། །དེ་རྣམས་ནི་ཆེན་པོའི་ཉེ་བར་སྒྲུབ་པ་ལ་སོགས་པར་ཤེས་པར་བྱའོ། །དེ་བས་ན་ཆོས་ཐམས་ཅད་རྣམ་
པར་དག་པའི་ལྷའི་ཚོགས་མངའ་བས་ན་ཡེ་ཤེས་ཀྱི་ཁྱད་པར་གྱི་དབང་གིས་ཆེན་པོའི་ཆེན་པོ་ཞེས་བྱ་བ་ལ། ལྷ་ཐམས་ཅད་ལ་གཏོགས་པའི་ཕྱིར་ཐུན་མོང་གི་བསྙེན་པ་ལ་སོགས་པར་བྱའོ། །དེ་བས་ན་དེ་ཐུན་མོང་གི་བསྙེན་པ་གཅིག་ཡན་ལག་ཁོང་ནས་འབྱུང་བ་དང་བཅས་པར་བཤད་དོ། །ཆུང་
ངུའི་དང་ཆེན་པོའི་བར་ན་གནས་པས་འབྲིང་པོའི་སྒྲས་ཁྱད་པར་དུ་བྱས་པ་རིག་མའི་འདུ་བྱེད་པ་གསུངས་པ། དུས་བཞི་ཞེས་པ་ལ་སོགས་པའོ། །དུས་བཞི་ཞེས་པ་ནི་དམ་ཚིག་ཏུ་རུང་བ་སྟེ་མི་འདའ་བའི་ཕྱིར་རོ། །དེ་ཉིད་ཀྱང་གང་ཞེ་ན། ཟླ་བ་གཉིས་ལ་སོགས་པའི་རིམ་པས་རྒྱུའི་ཆོ་ག་
རྫོགས་པ་ལས་བར་གྱི་སེམས་འཇུག་པ་ལ་སོགས་པས་རང་གི་ལྷ་མོ་ལྟ་བུ་བསྐྱེད་ནས་བྱིན་གྱིས་བརླབ་པ་ནི་བར་མའི་བསྙེན་པའོ། །དེའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་བར་མའི་ཉེ་བར་སྒྲུབ་པའོ། །རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པ་ནི་བར་མའི་སྒྲུབ་པའོ། །རིགས་ཀྱི་བདག་པོ་
དབུ་ལ་གཞག་པ་ནི་བར་མའི་སྒྲུབ་པ་ཆེན་པོ་སྟེ་དེ་རྣམས་དང་རབ་ཏུ་སྦྱོར་བས་ཞེས་སོ། །བློ་དང་ལྡན་པས་ཞེས་པ་ནི་དེ་རྣམས་ཀྱི་ཆོ་ག་ལ་བྱང་བའོ། །གནས་ལྔར་ནི་ཞེས་པ་ནི་ལེའུ་བརྒྱད་པ་ལས་གསུངས་པ་ལྟར་རིགས་ལྔ་དང་ལྡན་པར་བྱ་བ་གསུངས་སོ། །ཡེ་ཤེས་རྡོ་རྗེ་ཞེས་པ་ནི་ལེའུ་བདུན་
པ་ལྟར་ཧཱུཾ་ལས་ཡེ་ཤེས་ལྔའི་ངོ་བོ་རྩེ་ལྔའི་རྡོ་རྗེ་རང་གི་རྡོ་རྗེ་བསམས་ནས་ཡི་གེ་ཨོཾ་ཞེས་པ་ནི་དེའི་ནོར་བུ་དམར་བ་ཨོཾ་གྱི་རྣམ་པར་བསྒྲུབས་ལ། བྱང་ཆུབ་སེམས་འབྱུང་བའི་ལམ་དུ་མངོན་སྤྱོད་ཀྱི་ཡེ་ཤེས་བསམས་ཏེ། ཤེས་རབ་ཀྱི་ཡན་ལག་ཀྱང་དེ་བཞིན་དུ་དག་པར་བྱས་ནས། མཚན་
Vol. 39 · folio 60a
ཉིད་ལྔ་དང་ལྡན་པའི་ལྷ་མོ་རང་གི་ལྷ་མོ་ལ་ཐིམ་པས་ཏེ་ཡན་ལག་གཉིས་སྦྱར་ཏེ་རྗེས་སུ་ཆགས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི་འདའ་བར་བྱ་བ་མ་ཡིན་པས་ན་སྡོམ་པ་ཡིན་པར་བཤད་ཅེས་སོ། །ད་ནི་ཞི་བའི་སྦྱོར་བ་དྲུག་གསུམ་དུ་བསྒྲུབ་པ་ནི་རྣལ་འབྱོར་
པས་ཕྱག་རྒྱ་ཆེན་པོ་ཉམས་འོག་ཏུ་མ་ཆུད་ན་དེའི་ཆེ་བའི་བསྐུལ་བ་དང་དབྱེ་བའི་སྒོ་ནས་སྒྲུབ་པའི་དུས་གསུངས་པ། ཞག་བདུན་ཞེས་པ་ལ་སོགས་པའོ། །ཞག་བདུན་ལ་སོགས་པ་ནི་བློའི་བྱེ་བྲག་གིས་ཤེས་པར་བྱའོ། །རྡོ་རྗེ་དམ་ཚིག་ནི་ཕྱག་རྒྱ་ཆེན་པོའོ། །བསྒྲུབས་ན་ནི་ཞེས་
པ་ནི་བསྐུལ་བ་དང་དབྱེ་བའོ། །དེའི་བློའི་བྱེ་བྲག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་སྟེ་དེ་སྐད་ཅིག་གིས་ཐོབ་པར་འགྱུར་རོ་ཞེས་སོ། །ཞག་གྲངས་བྱེ་བྲག་རབ་བསྐུལ་བ། །ཞེས་པ་ནི་ཞིང་དག་པའི་གྲངས་དང་ཟླ་བ་དང་ཞག་བདུན་ལ་སོགས་པའི་བྱེ་བྲག་གིས་དངོས་གྲུབ་བསྐུལ་བ་ནི་ངས་རྒྱུད་
འདི་ལས་རྒྱས་པར་རབ་ཏུ་བསྟན་ཞེས་སོ། །དེ་ནས་ཕྱག་རྒྱ་ཆེན་པོ་ཇི་ཙམ་ན་འགྲུབ་ཅེ་ན། གསང་བའི་མཆོག་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་སྐད་དོ། །དེ་ལས་བྱུང་བ་ལ་གསང་བ་རྣམ་པར་ཁྲོས་པ་ལས་བྱུང་བའི་དངོས་གྲུབ་ནི་ཟླ་བ་ཕྱེད་ཀྱིས་འགྲུབ་པར་གསུངས་
ཞེས་དེ་ལས་ནི་མི་འདའ་བར་ངེས་སོ། །ད་ནི་ལྷུན་གྱིས་གྲུབ་པའི་སྐུ་རྡོ་རྗེ་ལ་སོགས་པ་སྤྱན་དྲངས་ནས་མཆོད་པའི་དེ་མ་ཐག་ཏུ་གསོལ་བ་གདབ་པ་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །གང་གིས་སྐུ་རྡོ་རྗེ་སྒྲུབ་པ་ནི་དུས་གསུམ་གྱི་སངས་རྒྱས་སྒྲུབ་པ་སྟེ་དེའི་དོན་ཉེ་བས་ན་ཉེ་བར་
སྒྲུབ་པའོ། །ངན་སོང་ལས་གཡོགས་པས་ན་སྡོམ་པའོ། །ཡུལ་དང་ལྡན་པར་གསོལ་བ་གདབ་པས་ན་ཡུལ་ལོ། །དེ་ཉིད་གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པའོ། །མཚན་དང་དཔེ་བྱད་དང་ལྡན་པའི་སྐུ་འཆང་བས་ན་སངས་རྒྱས་སྐུ་འཛིན་ནོ། །དེ་ཉིད་རིག་མ་དང་ལྡན་
པས་ན་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ནི་དོན་དམ་པ་དང་ཀུན་རྫོབ་གང་དུ་མི་ཕྱེད་པའི་ཕྱིར་ན་དེ་སྐད་དོ། །དིང་བདག་བྱིན་གྱིས་བརླབས་ནས་སུ། །ཞེས་པ་ནི་དེ་རིག་དག་བསྒོམས་པ་ཁྱོད་ཀྱིས་བྱིན་གྱིས་བརླབས་ལ་བདག་རྡོ་རྗེ་སྐུ་དང་ལྡན་པར་མཛོད་ཅེས་རང་གིས་བསྒོམས་པ་ལ་
Vol. 39 · folio 60b
གསོལ་བ་གདབ་པའོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ཞེས་པ་ནི་དེ་རྣམས་ཀྱི་སྤྱི་བོ་ན་གནས་པ་ཞེས་སོ། །དེས་དེ་རིང་བདག་རྡོ་རྗེ་སྐུ་ཅན་དུ་མཛོད་ཅིག་ཅེས་ལྷུན་གྱིས་གྲུབ་པ་ལ་མཚན་མའི་སྐུ་རྡོ་རྗེ་ལ་གསོལ་བ་གདབ་པའོ། །དེས་ཞུགས་པར་གྱུར་ནས་བྱིན་
གྱིས་བརླབ་པོ་ཞེས་སྦྱར་རོ། །གཞན་མ་རྣམས་ལ་ཡང་དེས་བསྒྲེ་བར་བྱའོ། །གསུང་རྡོ་རྗེ་ནི་རྣམ་པའི་མཆོག་དང་ལྡན་པའི་སྐུ་གྲུབ་པར་བྱེད་པས་ན་སྒྲུབ་པའོ། །དེ་ཉིད་སྡོམ་པ་ཞེས་པ་ལ་སོགས་པ་གོང་མ་ལྟར་རོ། །ཆོས་ཀྱི་གསུང་ལམ་ཞེས་པ་ནི་ཆོས་གསུང་བའི་ལམ་སྟེ་
མགྲིན་པའོ། །དེ་ན་གནས་པའི་གསུང་རྡོ་རྗེ་ནི་གོང་མ་ལྟར་དཔལ་དང་ལྡན་ཞེས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་ཆེན་པོ་སྟེ་གྲུབ་པར་བྱེད་པས་ན་སྒྲུབ་པ་ཆེན་པོའོ། །དེ་ཉིད་སྡོམ་པ་ཞེས་པ་ལ་སོགས་པ་གོང་མ་ལྟར་སྦྱར་རོ། །ཚིགས་སུ་བཅད་པ་གསུམ་པོ་འདི་
ལས་བླ་མ་ཆེན་པོས་གཉིས་གཉིས་པ་གསུམ་གསུངས་པ་ནི་དགོངས་པས་བསྒྱུར་བའོ། །དེ་བས་ན་གཅིག་ནི་སྦྱོར་ཤེས་པར་བྱའོ། །དེ་ལྟར་བསྐུལ་བས་ཐུགས་དམ་བཅས་པ་ལས་ཉམས་པའི་བསྙེངས་པས་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པོ་ཞེས་གསུངས་པ། སངས་རྒྱས་ཞེས་
པ་ལ་སོགས་པའོ། །སངས་རྒྱས་ཞེས་པ་ནི་སྐུ་རྡོ་རྗེའོ། །རྡོ་རྗེ་སེམས་དཔའ་འམ་ཞེས་པ་ནི་ཐུགས་རྡོ་རྗེའོ། །ཡང་ན་ཆོས་ཀྱི་སེམས་དཔའ་ཞེས་པ་ནི་གསུང་རྡོ་རྗེའོ། །རྨོངས་པ་ནི་གཉིས་ཀྱི་རྣམ་པའོ། །ལེའུ་བཅུ་པའི་དྲག་ཤུལ་བསྒྲུབ་པ་ལ་ཚིགས་སུ་བཅད་པ་འདི་
སྦྱར་བར་ཚིག་འདིས་མངོན་ནོ། །རྡོ་རྗེ་སྦྱོར་བ་ནི་རང་གི་ལྷའི་སྦྱོར་བའོ། །མི་འདའ་བས་ན་དམ་ཚིག་སྟེ། དེས་མི་སྣང་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་བྱེད་པས་ན་སྒྲུབ་པའི་མཆོག་སྟེ། དེ་སྟོན་པར་བྱེད་པའི་གཞུང་ནི་ལེའུ་བཅུ་གཉིས་པའོ། །ལེའུ་བཅུ་གཉིས་པའི་
འགྲེལ་པའོ།། །།ད་ནི་ལེའུ་བཅུ་གསུམ་པ་ལས་གསང་སྔགས་བཟླས་བརྗོད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པའོ། །ཇི་ལྟ་བུའི་དེ་བཞིན་གཤེགས་པ་ཀུན་ཞེ་ན། ཡེ་ཤེས་རྡོ་རྗེ་མཆོག་འཛིན་དང་། །ཞེས་ཏེ་མེ་ལོང་ལྟ་བུ་ལ་སོགས་པ་
Vol. 39 · folio 61a
ཉིད་རྡོ་རྗེ་མཆོག་སྟེ་རྡོ་རྗེ་འཆང་མཛད་པའོ། །དོན་ཀུན་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའོ། །དེ་འགྲོ་བའི་རྒྱུད་ལ་རྫོགས་པར་བྱས་ནས་ལོངས་སྤྱོད་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའོ། །སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་པས་ནི་བློ་ལྡན་ནོ། །ཉོན་མོངས་
པས་ནོན་པའི་ལུས་ངག་གི་ལས་མི་བྱེད་པས་ན་ཐུབ་པའོ། །འགྲོ་བའི་དགོས་པར་སེམས་སྤ་སྐོང་བས་ན་དོན་ཀུན་ནོ། །དྲུག་སྡེ་ལ་སོགས་པ་ལྟ་བུ་མ་ཡིན་པས་ན་སྟོན་པའི་མཆོག་གོ། །ཆོས་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་གསུམ་ལས་མི་འདའ་བས་ན་དམ་ཚིག་གོ། །མོས་པ་ལ་སོགས་
པ་ལྟ་བུ་མ་ཡིན་པས་ན་ཡང་དག་མཁྱེན་པའོ། །རྡོ་རྗེ་ལྟ་བུ་དང་ལྡན་པའི་དབྱངས་ནི་རྡོ་རྗེའི་དབྱངས་སོ། །དེ་གང་ཞེ་ན། ཨེ་མའོ་ཞེས་པ་ལ་སོགས་པའོ། །བྱང་ཆུབ་ཆེན་པོ་ཞེས་པ་ནི་འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟར་དག་པའི་ཚུལ་
དེ་ལས། ཐབས་ཀྱི་ཞགས་པ་ཀུན་འབྱུང་བ། །ཞེས་སོ། །སངས་རྒྱས་ཞེས་པ་ནི་རྣམ་པའི་མཆོག་ཐམས་ཅད་ཀྱིས་བརྒྱན་པའི་སྐུ་ནི་ཚུལ་ཏེ་ཡོངས་སུ་དག་པ་རྣམས་ལ་རྟག་ཏུ་སྣང་བས་ན་བཟང་པོའོ། །ཆོས་ཞེས་པ་ནི་ལུང་དང་རྟོགས་པའི་མཚན་ཉིད་ཅན་ནི་ཚུལ་ཏེ། འཁོར་
རྣམ་པ་གཉིས་ཀྱི་འགྱོད་པ་མི་བསྐྱོད་པས་ན་ཤིས་པའོ། །སྔགས་ཞེས་པ་ནི་རང་བཞིན་ཤེས་ཤིང་འགྲོ་བ་སྐྱོབ་པ་སྟེ། གང་གི་སྲིད་པ་ཇི་སྲིད་ཀྱི་བར་དུ་འགྲོ་བའི་དོན་མཛད་པ་དེ་ནི་ཚུལ་ཏེ་རྒྱུན་མི་འཆད་པས་ན་བརྟན་པའོ། །མ་སྐྱེས་པའི་ཆོས་རྣམས་ནི་ཞེས་པ་སྟེ་བརྡ་ལ་སོགས་
པ་རང་བཞིན་གྱིས་བྲལ་བ་ནི་ཆོས་རྣམས་ཏེ། དེས་ན་དེ་རྣམས་ངོ་བོ་ཉིད་ཀྱིས་ཁྱད་པར་ཅན་ནོ། །ཆད་པ་དགག་པའི་ཕྱིར། མ་སྐྱེས་རྣམ་པར་མི་རྟོག་ལས། །ཞེས་ཏེ་ཡུལ་མ་སྐྱེས་ཤིང་དེ་ལ་ཡེ་ཤེས་རྣམ་པར་རྟོག་པ་མེད་པ་འབྱུང་སྟེ། དེ་ལ་སྨོན་ལམ་ལ་སོགས་པའི་དབང་
གིས་ཡེ་ཤེས་ཀྱི་ཕྱག་རྒྱ་འབྱུང་བར་བཤད་ཅེས་སོ། །སྔགས་ཐམས་ཅད་ཅེས་པ་ནི་ལྷ་ཐམས་ཅད་དེ་དེའི་སྙིང་པོ་བསྡུས་པའི་མཆོག་ནི། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་ཏེ་རྡོ་རྗེ་གསུམ་གྱི་བཟླས་པའོ། །རྡོ་རྗེ་བཟླས་པས་ཞེས་པ་ནི་དབྱེར་མེད་པའི་བཟླས་པ་སྟེ་ཡེ་
Vol. 39 · folio 61b
ཤེས་སེམས་དཔའི་བཟླས་པས་ན་ཡེ་ཤེས་མཆོག་ཅེས་པའོ། །དེས་ཅི་བྱེད་ཅེ་ན། རྡོ་རྗེ་གསུམ་གྱི་བཟླས་པས་ནི་མི་ཕྱེད་སྐུ་གསུམ་དཀྱིལ་འཁོར་འཐོབ་པར་བྱེད་ལ། ཡེ་ཤེས་སེམས་དཔས་སངས་རྒྱས་ཀྱི་ཡེ་ཤེས་བདག་མེད་པ་ཐོབ་པར་འགྱུར་བའི་ཕྱིར་བཤད་དུ་གསོལ་ཞེས་སྦྱར་རོ། །
རྡོ་རྗེ་བཟླས་པ་ཞེས་པ་ནི་ལྡང་བ་ལ་སོགས་པའོ། །དེ་ཉིད་ཨོཾ་ལ་སོགས་པར་སྦྱར་བས་ན་སྦྱོར་བ་ཡིས་ཞེས་སོ། །དེས་ཅི་བྱེད་ཅེ་ན། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པའོ་ཞེས་སོ། །རིག་དང་ཞེས་པ་ནི་སྤྱན་མ་ལ་སོགས་པའོ། །སྔགས་རྣམས་ནི་རྟག་པ་ལ་སོགས་
པའོ། །ཐམས་ཅད་ཀྱི་བསྡུས་པ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་ཀྱིས་མཚན། །ཞེས་པ་ནི་དེ་རྣམས་བཟླས་པའི་གཞི་རྣམ་པར་དགོད་པ་ཞུས་པའོ། །སྔགས་ཟློས་སྦྱོར་བ་ལ་སོགས་པའོ། །ཞེས་པ་ནི་ཕྱི་རོལ་དང་ནང་གི་བཟླས་པའི་སྦྱོར་བ་
འོག་ནས་འབྱུང་བ་རྣམས་སོ། །དེ་ཡེ་ཤེས་རྒྱ་མཚོ་དང་འདྲ་བ་ཁྱེད་ཀྱིས་ཇི་ལྟར་གསན་པ་དང་གཞན་ཡང་འདས་པའི་ཡེ་ཤེས་ཅན་གྱི་བྱེད་པ་ཡིན་པས་བཤད་པར་གསོལ་བ་གསུངས་པ། སྐུ་གསུང་ཐུགས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྔགས་ཞེས་པ་ནི་རྡོ་རྗེ་ལྟ་བུའི་བཟླས་པ་བླ་མ་དང་
ལྷ་ལ་ཡིད་ཆེས་པར་རབ་ཏུ་བསྒོམས་པས་ཡེ་ཤེས་བླ་ན་མེད་པ་ཐོབ་པར་འགྱུར་ཞེས་ཏེ་རྣལ་འབྱོར་གྱི་རིམ་པ་བཞིན་དུ་ཞེས་སོ། །དེ་ལྟ་བུའི་བཟླས་པ་དེ་བཤད་དུ་གསོལ་ཞེས་ཞུས་པའོ། །ད་ནི་དེའི་ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཡེ་ཤེས་ཞེས་པ་ནི་
གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟ་བུ་ལས་བྱུང་བའི་ཕྱིར་རྡོ་རྗེ་ལས་བྱུང་བ་ཞེས་སོ། །འགྲོ་བའི་དགོས་པ་རྫོགས་པར་བྱེད་པའོ། །གོང་མ་ལྟར་བསྐྱེད་པའོ། །རིགས་རྣམས་ཀྱི་བདག་པོ་བས་ན་དམ་ཚིག་པའི་གཙོས་སོ། །དེས་གསུངས་སོ་ཞེས་སྦྱར་རོ། །ཐུན་མོང་
གི་བཟླས་པ་གསུངས་པ། སྔགས་ཀྱི་ཞེས་པ་ལ་སོགས་པའོ། །སྔགས་ནི་ལྷ་རྣམས་ཏེ་དེའི་དོན་དུ་ཀུན་བཟླས་པ་ནི་རྡོ་རྗེ་མི་ཕྱེད་གསུམ་སྟེ། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་མཚན་ཉིད་དེ། དེ་ཉིད་དབྱེ་བ་གསུམ་སྟེ། དེའི་བསྒོམ་པ་མཐར་ཕྱིན་པར་བྱའོ། །དེ་ཉིད་གནས་
Vol. 39 · folio 62a
རྣམས་སུ་བཀོད་པས་ན་དེ་སྐད་བྱ་སྟེ་རྡོ་རྗེ་གསུམ་ཞེས་བྱའོ། །དེ་ལྟར་བཀོད་ནས་ཅི་བྱེད་ཅེ་ན། སྐུ་གསུང་ཞེས་པ་ལ་སོགས་པས་རིམ་གྱིས་བཟླས་པ་གསུངས་སོ། །སྤྲོས་པ་རྣམ་གསུམ་དག་བྱ་ཞེས་པ་ནི་ཨོཾ་ལ་སོགས་པ་བརྗོད་པའི་སྐད་ཅིག་དེ་ཁོ་ན་ལ་རང་རང་གི་ས་
བོན་ལས་སྐུ་རྡོ་རྗེ་ལ་སོགས་པའི་འཁོར་ལོ་སྤྲོ་ཞེས་པའོ། །དེ་ལྟ་བུའི་རྡོ་རྗེ་གསུམ་གྱི་བཟླས་པ་འདི་ཡིས་རྡོ་རྗེ་གསུམ་དང་འདྲ་བར་འགྱུར་རོ་ཞེས་ཕན་ཡོན་ནོ། །དེའི་དུས་སུ་མཆོད་པ་སྤྲོ་བ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་རྣམས་ནི་ལྷ་རྣམས་སོ། །
དེའི་སྐུ་གསུང་ཐུགས་རིམ་གྱིས་སྤྲོས་པའོ། །བསྒོམས་ནས་ཞེས་པ་ནི་གཞན་དང་གཞན་གྱི་གཟུགས་ལྷག་པར་མོས་པས་ལོངས་སྤྱོད་དང་ལྡན་པར་བྱས་པའོ། །མཆོད་པའི་མཆོག་བརྟག་པ་ཞེས་པ་ནི་ལྷ་མོའི་པདྨ་ན་གནས་པའི་ས་བོན་ལས་སྐད་ཅིག་མ་གཉིས་པ་ལས། འོད་
ཟེར་བ་སྤུ་ལས་བྱུང་བའི་རྩེ་ལས་སྐྱེས་པའི་ལྷ་མོའི་ནང་དུ་ཆུད་པའི་ཤུགས་ཀྱིས་མཆོག་གི་བདེ་བའི་དབང་དུ་གྱུར་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཞེས་པ་ནི་རང་གི་སེམས་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བ་ལ་སོགས་པར་སྣང་བ་མ་གཏོགས་པ་ཕྱི་རོལ་གྱི་གཟུགས་མེད་པར་ཤེས་པར་
བྱས་ནས་ནི་ཞེས་སོ། །ནི་ཞེས་པ་ནི་སྐད་ཅིག་གི་མཐར་རང་གི་ས་བོན་ལ་འཇུག་པར་ཡང་བསྟན་ཏོ། །དེ་ལས་དང་པོ་བ་ལ་སོགས་པ་གོང་ནས་གོང་དུ་གནས་སྐབས་ཀྱི་ཁྱད་པར་ཐོབ་པར་བྱེད་པས་ན་རྡོ་རྗེ་གསུམ་གྱི་ཐུགས་འདྲ་བར་འགྱུར་ཞེས་སོ། །དེ་ཁོ་ནས་རབ་ཀྱི་མཐར་ཕྱིན་པར་བྱེད་
པ་ཡིན་པར་ཡང་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །བྱང་ཆུབ་མཆོག་ནི་ཕྱག་རྒྱ་ཆེན་པོ་སྟེ་འདི་ལ་གོམས་པ་མེད་པས་ན་འདི་ལ་ཐོབ་པ་ཞེས་བྱའོ། །དེ་ལ་ཅིག་ཅར་དུ་བཟླས་པ་གསུངས་པ། ཡང་ན་ཞེས་པ་ལ་སོགས་པའོ། །དབྱེ་བ་རྣམ་པ་གསུམ་ཞེས་པ་
ནི་རྡོ་རྗེ་གསུམ་ལའོ། །སོ་སོ་དག་ཏུ་སྤྲོ་བསྡུ་ཞེས་པ་ནི་ཡི་གེ་རེ་རེ་བརྗོད་པའི་སྐད་ཅིག་ལ་གཞན་རྣམས་ལ་ཡང་རྣམ་པར་སྤྲོ་བ་གང་ཡིན་པ་སྟེ། གཞན་གོང་མ་བཞིན་དུ་ཤེས་པར་བྱའོ། །ཡེ་ཤེས་སེམས་དཔའི་བཟླས་པ་གསུངས་པ། ལུས་དང་ཞེས་པ་ལ་སོགས་པའོ། །ལུས་
Vol. 39 · folio 62b
དང་ངག་སེམས་བདག་མེད་པར། །ཞེས་པ་ནི་ལུས་ལ་སོགས་པ་བདག་མེད་པའི་ཚུལ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཏེ་དེའི་འཁོར་ལོའོ། །ཤེས་པའི་སེམས་ཀྱིས་རབ་ཏུ་སྤྲོ། །ཞེས་པ་ནི་ཡེ་ཤེས་སེམས་དཔའི་ས་བོན་ལས་ཕྱོགས་གཉིས་པ་ལྟར་གཞན་དང་གཞན་གྱི་གཟུགས་ཀྱིས་སྤྲོ་བར་
བྱ་བ་སྟེ། གཞན་གོང་མ་བཞིན་དུ་ཤེས་པར་བྱའོ། །གང་གི་དབང་དུ་བྱ་ཞེ་ན་བརྗོད་ནས་ཞེས་ཏེ་སྔགས་བརྗོད་ལ་རེག་པའི་དུས་སུ་རྡོ་རྗེ་སྟེ་ལྷ་རྣམས་རབ་ཏུ་སྤྲོ་བར་བྱས་ལ་མཆོད་པས་མཉེས་པའི་ལྷ་རྣམས་རྫོགས་ནས་ཞེས་ཏེ། དབུགས་ནང་དུ་འཇུག་པའི་མཐར་རབ་ཏུ་བསྡུ་བར་བྱའོ་ཞེས་སོ། །
དེ་ལྟར་སྐུ་གསུམ་དང་རྡོ་རྗེའི་བཟླས་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་ནི་སྤྱན་ཕྱེ་བའོ་ཞེས་ཏེ་དེ་འབྱེད་པར་ནུས་པས་དེ་སྐྱེད་དོ། །ལྷ་ཐམས་ཅད་བཟླས་བརྗོད་དེ་ལྟར་བྱའོ་ཞེས་ཐུན་མོང་དུ་བཤད་ནས། ད་ནི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་བཟླས་པ་འབྱུང་བའི་རྒྱུ་
གསུངས་པ། སྐུའི་ཞེས་པ་ལ་སོགས་པའོ། །སྐུ་མཆོག་རྡོ་རྗེ་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དངོས་དང་ཞེས་ཏེ་འབྱུང་བ་ལ་སོགས་པའི་གཟུགས་སོ། །དེ་བརྟགས་པའི་བདག་ཉིད་དུ་མི་སྐྱེ་བར་ཡེ་ཤེས་སུ་སྣང་བ་ལ་དངོས་མིན་
ཞེས་བྱ་སྟེ་དེ་ལྟར་རྣམ་པར་དཔྱད་པ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ཞེས་བྱའོ། །དེ་ལྟ་བུ་ཡོད་ན་བཟླས་པ་འབྱུང་བའི་ཕྱིར་སྐུའི་བཟླས་པ་བཤད་ཅེས་སོ། །གསུང་གི་བཟླས་པ་གསུངས་པ། གསུང་གི་ཞེས་པ་ལ་སོགས་པའོ། །གསུང་གི་དམ་ཚིག་ནི་སྣང་བ་མཐའ་
ཡས་སོ། །དེའི་རྫོགས་པར་བྱང་ཆུབ་པ་ནི་སྒྲ་རྣམས་ཡེ་ཤེས་སུ་ཡོངས་སུ་སྣང་བའི་བདག་ཉིད་ལ་སྒྲ་མིན་ཞེས་རྣམ་པར་དཔྱད་པ་ནི་གོང་མ་ལྟར་གསུང་གི་བཟླས་པའོ། །ཐུགས་ཀྱི་བཟླས་པ་གསུངས་པ། ཐུགས་ནི་ཞེས་པ་ལ་སོགས་པའོ། །ཐུགས་ཀྱི་དམ་ཚིག་ནི་མི་བསྐྱོད་པའོ། །
དེའི་རྫོགས་པའི་བྱང་ཆུབ་སེམས་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས། གཉི་གའི་བར་ན་ཡང་མི་གནས་པ་ནི་གནས་པའི་རྡོ་རྗེ་སྟེ་མཉམ་པ་ཉིད་དུ་རྣམ་པར་བཤད་པ་ནི་གོང་མ་ལྟར་སེམས་ཀྱི་བཟླས་པའོ། །རིན་ཆེན་འབྱུང་ལྡན་གྱི་བཟླས་པ་གསུངས་པ། དོན་ཞེས་པ་ལ་
Vol. 39 · folio 63a
སོགས་པའོ། །དོན་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་རྟོགས་པའི་ནི་རིན་ཆེན་དབང་ཕྱུག་སྟེ་དེའི་བཟླས་པ་ནི་ངོ་བོ་མེད་པའོ། །དེ་ནི་སྦྱོར་བ་ཐམས་ཅད་ལས་བཟང་པོ་དུས་གསུམ་གྱི་སངས་རྒྱས་ལ་རྣམ་པར་བརྟགས་པ་ནི་གོང་མ་ལྟར་རིན་ཆེན་བཟླས་པའོ། །
དོན་ཡོད་བཟླས་པ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་ཞིང་རྣམས་ཞེས་པ་ནི་གདུལ་བྱ་ཡོད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་ཀྱིས་འགྲོ་བའི་དོན་རྫོགས་པར་བྱེད་པའི་སྐུའི་སྤྲིན་སྤྲོ་བ་དང་སྤྲོ་བ་འབའ་ཞིག་ཏུ་མ་ཟད་དེ།
དེ་ཉིད་བདག་གི་རང་བཞིན་དུ་བསྡུ་བའི་ཕྱིར་བཞུད་ཅིང་བྱོན་པའི་རྡོ་རྗེའི་བདག་ཅེས་སོ། །དེ་ནི་ཐོགས་མེད་བཟླས་པའོ། །ཁྲོ་བོའི་བཟླས་པ་གསུངས་པ། ཁྲོ་བོ་ཞེས་པ་ལ་སོགས་པའོ། །ཁྲོ་བོ་དམ་ཚིག་ཡེ་ཤེས་ཞེས་པ་ནི་མངོན་སྤྱོད་ལ་སོགས་པའི་ལས་རྣམས་སོ། །རང་གི་རྡོ་རྗེ་དཀྱིལ་འཁོར་
ཞེས་པ་ནི་དཀྱིལ་འཁོར་གཅིག་པ་ཞེས་པའི་དོན་ཏོ། །སྔགས་ཀྱི་ཡི་གེ་སྒྲ་བསྒྲགས་པ། །ཞེས་པ་ཁྲོ་བོ་བསྒོམས་ནས་བཟླས་པས་སྔགས་ཀྱི་སྒྲ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་སོགས་པས་ཐོས་པར་སྒྲོགས་པ་ནི་ཁྲོ་བོའི་བཟླས་པའོ། །ཉོན་མོངས་པ་གསུམ་གྱི་བཟླས་པ་
གསུངས་པ། འདོད་པ་ཞེས་པ་ལ་སོགས་པའོ། །འདོད་པའི་དོན་གྱིས་མྱོས་འགྱུར་བ། །ཞེས་པ་ཉོན་མོངས་པའི་འདོད་པས་མྱོས་པར་འགྱུར་བ་རྣམས་སོ། །ཀུན་དུ་སྐྱོབ་ཅིང་ཕན་པར་དགའ། །ཞེས་པ་ནི་དེ་ཐམས་ཅད་སྐྱོབ་པའི་དོན་དུ་ཕན་པ་ཚོལ་བར་བྱེད་པའོ། །སེམས་ཅན་
གཏི་མུག་གནས་ལ་གཞག །ཅེས་པ་ནི་གཏི་མུག་རྣམ་པར་དག་པའི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ལས་སྤྲོ་ཞིང་འཇོག་ལ་སྡུད་པ་ནི་གཏི་མུག་རྣམ་པར་དག་པའི་བཟླས་པའོ་ཞེས་སོ། །འདོད་ཆགས་ཉིད་རྣམ་པར་དག་པས་ན་རྡོ་རྗེའོ། །དེ་ལས་བྱུང་བ་ནི་སྔགས་ཀྱི་བདག་ཉིད་ཅན་གྱི་དམ་
ཚིག་སྟེ། དེ་ཉིད་ལུས་ལ་སོགས་པའི་ལྷའི་ཚུལ་གྱིས་ཡང་དག་པར་གནས་ནས་སྤྲོ་བར་བྱའོ་ཞེས་སོ། །སེམས་ཅན་འདོད་ཆགས་རྒྱ་མཚོར་གཞག །ཅེས་པ་ནི་འདོད་ཆགས་རྣམ་པར་དག་པའི་འོད་དཔག་མེད་ཀྱི་ངོ་བོ་ལས་སྤྲོ་ཞིང་འཇོག་ལ་སྡུད་པ་ནི་འདོད་ཆགས་རྣམ་པར་དག་པའི་
Vol. 39 · folio 63b
བཟླས་པའོ། །ཞེ་སྡང་ཉིད་རྣམ་པར་དག་པས་ན་རྡོ་རྗེ་སྟེ། དེ་ལས་བྱུང་བའི་སེམས་ལུས་ལ་སོགས་པའི་ཚུལ་གྱིས་ཡང་དག་པར་གནས་པའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཞེ་སྡང་གནས་ཞེས་པ་ནི། ཞེ་སྡང་རྣམ་པར་དག་པའི་མི་བསྐྱོད་པ་ལས་
སྤྲོ་ཞིང་འཇོག་ལ་སྡུད་པ་ནི་ཞེ་སྡང་རྣམ་པར་དག་པའི་བཟླས་པའོ། །རྡོ་རྗེའི་བཟླས་པ་གསུངས་པ། དམ་ཚིག་ཅེས་པ་ལ་སོགས་པའོ། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ། །ཞེས་པ་ནི་འཇུག་པ་དང་གནས་པ་དང་ལྡང་བའོ། །དབུ་མ་ཞེས་པ་ནི་འཇུག་པ་དང་ལྡང་བ་ལས་གྲོལ་
བའི་ངོ་བོ་ཡི་གེ་ཨཱའི་རང་བཞིན་ནོ། །དམ་ཚིག་རྡོ་རྗེ་ཅན་ཞེས་པ་ནི་དེ་ལ་མི་འདའ་བ་སྟེ། དངོས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེ་ཉིད་སྔགས་རྣམས་ཐམས་ཅད་ཀྱི་ཞེས་ཏེ་ལྷ་ཐམས་ཅད་ཀྱི་ངོ་བོའོ། །མ་ནིང་ཞེས་པ་ནི་འཇུག་པ་ཡང་མ་ཡིན་ལྡང་བ་ཡང་མ་ཡིན་གནས་པ་ཡང་
མ་ཡིན་པའི་ཡེ་ཤེས་ཆེན་པོའོ། །དེ་ཉིད་ལ་དབྱེར་མེད་པས་ན་རྡོ་རྗེའི་བཟླས་པ་ཞེས་བྱའོ། །ལྷ་མོ་དྲུག་གི་ངོ་བོ་གསུངས་པ། རྡོ་རྗེ་བདག་པོ་ཞེས་པ་ལ་སོགས་པའོ། །རྡོ་རྗེའི་བདག་པོ་ནི་གཟུགས་ལ་སོགས་པའི་ལྷ་མོ་སྟེ། དེའི་རང་བཞིན་གྱིས་ཐར་པ་གྲུབ་པར་བྱེད་པའི་ཕྱིར་རོ། །
དེའི་ངོ་བོ་བས་འདོད་ཆགས་ཡང་དག་པའི་དོན་སྒོམ་པར་བྱེད་པའོ། །དེ་བས་ན་དེས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་བྱང་ཆུབ་ཀྱང་རྫོགས་པར་མཛད་དོ་ཞེས་སོ། །ལྷ་མོ་བཞིའི་ངོ་བོ་གསུངས་པ་རིག་མ་ཞེས་པ་ལ་སོགས་པའོ། །མ་རིག་པ་ཐམས་ཅད་འཇོམས་པའི་
ཕྱིར་ན་རིག་མ་སྟེ་སྤྱན་མ་ལ་སོགས་པའོ། །དེའི་དུས་རྟག་ཏུ་འདོད་པའི་དོན་ལ་བརྩོན་པའི་ཕྱིར་ན་འདོད་པའི་ལོངས་སྤྱོད་དག་ཅེས་ཏེ་གཟུགས་ལ་སོགས་པ་ལ་ཇི་ལྟར་བསྟེན་ན་འགྲུབ་ཅེས་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ལྡན་པའི་སེམས་ཀྱིས་གཉིས་སུ་མེད་པའི་
ཡེ་ཤེས་བསྟེན་པའོ། །གནས་ལ་མཚན་པའི་བྱང་ཆུབ་སེམས་དཔའི་རང་གི་ངོ་བོ་གསུངས་པ། གཏི་མུག་ཅེས་པ་ལ་སོགས་པའོ། །གཏི་མུག་དམ་ཚིག་ནི་མིག་ལ་སོགས་པ་སྟེ་བེམས་པོའི་ཕྱིར་རོ། །དེ་ལས་བྱུང་བ་ནི་རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ཏེ་སའི་སྙིང་པོ་ལ་སོགས་པ་ནི་
Vol. 39 · folio 64a
མིག་ལ་སོགས་པའི་ཐམས་ཅད་མཁྱེན་པ་སྐྱེ་བས་ན་དེ་སྐད་དོ། །མ་ནིང་དག་གི་གནས་བསྒྲུབས་ན། །ཞེས་པ་ནི་མཐའ་གཉིས་སུ་མ་ལྷུང་བ་ནི་མ་ནིང་སྟེ། དེའི་གནས་བསྒྲུབས་ན་དངོས་གྲུབ་སྟེར་རོ་ཞེས་སོ། །ཁྲོ་བོའི་ངོ་བོ་གསུངས་པ། ཁྲོ་བོ་ཞེས་པ་ལ་
སོགས་པའོ། །ཞེ་སྡང་གནས་ལས་སྐྱེས་ཞེས་པ་ནི་ཞེ་སྡང་གི་གནས་ནི་ལུས་ཏེ་ལུས་ཁྲོ་བོར་བསྟན་པའི་ཕྱིར་དེ་སྐད་བྱ་སྟེ། མི་བསྐྱོད་པ་ལས་བྱུང་ཞེས་པ་ནི་མ་ཡིན་ནོ། །གསོད་ལ་རྟག་ཏུ་བརྩོན་པ་དག །ཅེས་པ་ནི་དེས་འདུལ་བའི་སྐྱེ་བོའི་བསམ་པའི་དབང་གིས་རང་བཞིན་གྱི་གཟུགས་
ལ་རྣམ་པར་འཕོ་བ་སྟེ། སྨན་ལ་སོགས་པ་བཞིན་དུའོ། །སྒྲུབ་མཆོག་གི་ཆོས་ཅན་ལ་ཞེས་པ་ནི། དེའི་སྦྱོར་བ་དང་ཆོ་ག་ཇི་ལྟ་བ་བཞིན་དུ་སྔགས་བཟླས་པ་ལ་སོགས་པས་སོ། །གསོད་པའི་དོན་ཞེས་པ་ནི་ཕྱོགས་ཀྱི་ཆ་དེས་གྲུབ་པས་ཏེ་ཕ་ལྟར་གནས་པའི་ཕྱིར་རོ། །ཡེ་ཤེས་
ཆེན་པོ་ནི་མེ་ལོང་ལྟ་བུ་ལ་སོགས་པའོ། །དེ་ལས་བྱུང་བས་ན་སྐྱེས་བུ་སྟེ་རྡོ་རྗེ་འཆང་ངོ་། །ད་ནི་དེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས་ཆེ་བའི་ཆེ་བ་ལས་ཀྱི་རྒྱལ་བ་མཆོག་བསྒོམས་པས་སེམས་དབང་དུ་འགྱུར་བར་བྱ་བའི་ཕྱིར། ཐིག་ལེའི་སྦྱོར་བའི་ཏིང་ངེ་འཛིན་
གསུངས་པ་ལ། ཡེ་ཤེས་ཞེས་པ་ལ་སོགས་པའོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་འགྲུབ་པའི་རྒྱུའི་སྦྱོར་བའི་དེ་མ་ཐག་ཏུ་ཡེ་ཤེས་སེམས་དཔའི་འཁོར་ལོའི་ཐུགས་ཀར་ཟླ་བ་ལ། འཁོར་ལོའི་སྙིང་གའི་དབུས་སུ་བསྒོམ། །ཞེས་སོ། །
དེའི་ལྟེ་བ། གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཞེས་ཏེ། ཟླ་བའི་སྟེང་གི་དབུས་སུའོ། །འཁོར་ལོའི་སྔགས་ཨོཾ་མོ། །དེའི་དོན་ནི་སྤྲོས་པ་ཐམས་ཅད་དང་བྲལ་བས་ན། ཐིག་ལེ་གཉིས་ཀྱི་གཟུགས་སུ་བསྒོམ། །ཞེས་པའོ། །དེ་ཡང་ཡུལ་ཅན་གྱི་དབུས་སུ་
ཆུད་པ་ནི་རྟག་པའི་འཁོར་ལོ་ལ་གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་གོང་མ་ལྟར་དེའི་སྦྱོར་བ་རྫོགས་པར་བྱ་བའི་ཕྱིར་ཡུལ་དང་ལྡན་པར་བསྒོམ་པར་བྱའོ་ཞེས་པའོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་སྦྱར་བར་བསྟན་པའི་ཕྱིར་ཡེ་ཤེས་རྡོ་རྗེ་ཞེས་པ་ལ་སོགས་པ་གསུངས་སོ། །
Vol. 39 · folio 64b
ཇི་སྐད་དུ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །དངོས་པོ་ཐམས་ཅད་བསྡུས་ནས་སུ། །གཟུགས་ཀྱི་ནང་དུ་བསྒོམ་པར་བྱ། །ཡུད་ཀྱིས་ཡེ་ཤེས་ཀྱིས་རྫོགས་པར། །ཏིང་ངེ་འཛིན་ཅེས་བྱ་བ་ཡིན། །ཞེས་སོ། །ད་ནི་གོང་དུ་གསུངས་པའི་བཟླས་བརྗོད་གཉིས་ཀྱི་བྱེ་
བྲག་གསུངས་པ། དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ཀུན་ཞེས་པ་ནི་ཆུང་ངུ་ལ་གནས་པ་གང་ཡང་རུང་བའོ། །དེའི་ངོས་ནི་ཕྱོགས་བཞི་པོ་རྣམས་སུའོ། །སངས་རྒྱས་ལྔ་རྣམས་ཞེས་པ་ནི་མཚོན་པ་ཙམ་སྟེ་ལྷ་ཐམས་ཅད་ཇི་སྐད་དུ་གསུངས་པའི་ཆོ་གས་དགོད་
པར་བྱའོ། །དེས་ནི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས་བཟླས་བརྗོད་བྱ་བར་བསྟན་ཏོ། །ཇི་ལྟར་བྱ་ཞེ་ན། འོད་ཟེར་ལྔའི་བྱེ་བྲག་གིས། །ཞེས་ཏེ་རང་རང་གི་ས་བོན་འོད་ཟེར་ལྔ་དང་ལྡན་པ་ལས་བདེ་བར་གཤེགས་པའི་འཁོར་ལོ་སྤྲོ་ཞིང་ཡི་གེ་གསུམ་གྱི་བར་དུ་ཆུད་པར་བཟླས་ན་
བྱང་ཆུབ་ཐོབ་པར་འགྱུར་ཞེས་སོ། །དེའི་བྱེ་བྲག་གསུངས་པ། སྔགས་རྣམས་ཞེས་པ་ལ་སོགས་པའོ། །བྱེ་བྲག་གཉིས་ནི་སྐུ་གསུམ་དང་རྡོ་རྗེའི་བྱེ་བྲག་གོ། །དེ་ལ་སྐུ་གསུམ་གྱི་དེ་ཁོ་ན་ཉིད་ཟློས་པ་ལས་གོང་མ་ལྟར་རིམ་གྱིས་སམ་ཅིག་ཅར་དུ་སྤྲོ་བ་དང་བསྡུ་བ་ན་ངེས་པ་མེད་
པའོ། །རྡོ་རྗེ་སྟེ་ཡེ་ཤེས་སེམས་དཔའི་བཟླས་པ་ལས་ཅིག་ཅར་དུ་བཟླས་པ་འདི་ནི་ངེས་པ་ཁོ་ན་ཡིན་ནོ། །མཆོད་པ་སྤྲོ་བ་ན་ཡང་རང་རང་གི་རིགས་ཀྱི་ལྷ་མོས་མཆོད་པ་བྱེད་ཀྱི་གཞན་གྱི་རིགས་ཀྱིས་མ་ཡིན་པར་གསུངས་པ། སྐུ་ལ་ཞེས་པ་ལ་སོགས་པའོ། །སྐུ་ལ་ཞེས་པ་ནི་
རྣམ་པར་སྣང་མཛད་ལའོ། །སྐུའི་དངོས་པོ་ཉིད་ཅེས་པ་ནི་དེའི་རང་བཞིན་གྱིས་ཟིན་པའི་སྤྱན་མ་ལ་སོགས་པའོ། །དེ་བཞིན་དུ་ཐུགས་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ལྷ་མོ་དེ་རྣམས་ཀྱང་སྤྲོ་བའི་དུས་སུ་དབུ་རྒྱན་དང་ལྡན་པར་སྤྲོ་བའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རྣམ་པར་དག་པའི་
དབང་དུ་བྱས་པས་ན་འཇུག་པ་ལ་སོགས་པ་རུང་གི། དེས་བདེ་བ་མཆོག་གི་རྐྱེན་དུ་གྱུར་པའི་ཕྱིར་རང་གི་ལྷ་མོ་ལ་ཐིམ་པའོ། །ས་ལ་སོགས་པ་རྣམ་པར་དག་པའི་དབང་དུ་བྱས་པས་ན་ཕྱིའི་མཆོད་པ་ཡང་མི་འགལ་ལོ། །དེ་ལྟར་མཆོད་ན་གནས་དང་འབྲེལ་པ་ཉིད་དུ་འགྱུར་
Vol. 39 · folio 65a
བས་ན་མཆོད་པའི་གནས་སུ་འགྱུར་ཞེས་སོ། །ད་ནི་ལས་ཁྱད་པར་ཅན་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་ཏེ་སྒྲུབ་པ་གསུངས་པ། དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཞེས་པ་ནི་ལྷ་བཅུ་དགུ་དང་ལྡན་པར་རོ། །རྡོ་རྗེ་ལྷ་རྣམས་ཞེས་པ་ནི་བདེ་བར་
གཤེགས་པ་རྣམས་དང་། དེའི་རིགས་རྣམས་བསྒོམ་པར་བྱའོ་ཞེས་སོ། །དེའི་དབུས་སུ་བདག་པོ་ལས་ཀྱི་བྱེ་བྲག་གིས་གང་ཡང་རུང་བ་བསམས་ནས་དེ་ཡང་རྡོ་རྗེ་གསུམ་དང་ལྡན་པའི་རང་བཞིན་པས་ན། སྐུ་གསུམ་རྡོ་རྗེ་དག་གི་གཟུགས། །ཞེས་ཏེ་དཀར་པོ་ལ་སོགས་པ་ཁ་དོག་
དང་། རིག་པ་དང་ལྡན་པའི་སྔགས་དང་། ཡེ་ཤེས་དང་ལྡན་པའི་ཡིད་ལ་བྱེད་པའི་སྦྱོར་བས་བསྡུས་པའོ། །དེ་ཉིད་གསུངས་པ། རང་སྔགས་རྡོ་རྗེའི་གཟུགས་དག་ནི། །ཞེས་ཏེ་རང་གི་སྔགས་ལས་སྐྱེས་པའི་འཁོར་ལོའི་གཟུགས་བསྒོམས་ནས་རྟག་པ་ལ་སོགས་པར་དཀྱིལ་
འཁོར་རྣམ་པ་བཞི་དག་དང་། དཀར་པོ་ལ་སོགས་པའི་ཁ་དོག་རྣམ་པ་བཞིར་བརྟགས་ལ་བདག་པོའི་སྙིང་གར་ཡེ་ཤེས་སེམས་དཔའ་དང་། སྔགས་ཨོཾ་ལ་སོགས་པའི་དོན་བསྒོམ་པ་སྟེ། འདོད་པ་སྙིང་གར་གཞག་པ་ལ་སོགས་པ་བྱས་པས་ཞི་བ་ལ་སོགས་པ་རྡོ་རྗེ་རྣམ་
པ་བཞིའི་རྣལ་འབྱོར་པ་བསམ་གཏན་རྡོ་རྗེ་ལ་གནས་པས་བྱེད་ཅེས་སོ། །གཞན་དང་ཐུན་མོང་མ་ཡིན་པས་ན། གསང་བ་རབ་ཏུ་བཟང་པོ་ཡིན། །ཞེས་སོ། །ད་ནི་ལྷག་པའི་མཐུ་དང་ལྡན་པས་སྐྱེ་བོའི་བསམ་པའི་དབང་གིས་ལས་སོ་སོའི་ངེས་པ་བསྟན་པའི་བཀྲ་ཤིས་པའི་
ལྷ་བཞི་གསུངས་པ། ཞི་བ་ཞེས་པ་ལ་སོགས་པའོ། །སྤྱན་གྱི་ཚུལ་ཞེས་པ་ནི་དེའི་བདག་པོ་སྟེ་དཀར་པོ་བསམ་པའོ། །རྡོ་རྗེ་པད་ཅན་ནི་སྣང་བ་མཐའ་ཡས་ཏེ་རྒྱས་པ་ལ་སེར་པོར་བསམ་པའོ། །རྣམ་པར་སྣང་མཛད་གནས་ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་གནས་
སུ་ལས་གཞན་ལ་དོན་ཡོད་གྲུབ་པའི་དམར་པོར་བསམ་པར་བྱའོ། །རྡོ་རྗེ་ཁྲོ་བོ་ཞེས་པ་ནི་རྡོ་རྗེ་རིགས་རྣམ་པར་ཁྲོ་བ་སྟེ་མི་བསྐྱོད་པའོ། །གསང་བ་སྐུ་གསུམ་ཞེས་པ་ནི་རྡོ་རྗེ་འཛིན་པའོ། །དེ་ལས་བྱུང་བ་ནི་སྔགས་རྣམས་ཀུན་གྱི་སྤྲུལ་པ་སྟེ། འགྲོ་བའི་དོན་དུ་ལས་བཞི་སྤྲོས་
Vol. 39 · folio 65b
པའོ། །དེའི་དོན་དུ་སྤྱོད་པ་ཉིད་རོལ་མོ་སྟེ་དེས་རྒྱས་བཏབ་པའི་ཕྱིར་ན་མཚན་མའོ། །ད་ནི་མངོན་སྤྱོད་ཀྱི་ཡུལ་གསུངས་པ། མ་དད་ཅེས་པ་ལ་སོགས་པའོ། །མ་དད་པ་ནི་བྱང་ཆུབ་ཀྱི་སེམས་ལའོ། །སྨྲ་བའོ་ཞེས་པ་ནི་དཀོན་མཆོག་གསུམ་ལ་ལོག་པར་སྨྲ་བའོ། །
རྡོ་རྗེ་སློབ་དཔོན་སྨོད་པ་ཞེས་པ་ནི་བླ་མ་ལ་སྒོ་གསུམ་གྱིས་གནོད་པ་བྱེད་པའོ། །གདུག་པའི་སེམས་ཅན་གཞན་ཞེས་པ་ནི་ཕ་གསོད་པ་ལ་སོགས་པ་ལམ་ལོག་པར་ལྟུང་བར་ངེས་པ་ལ་འོག་ནས་འབྱུང་བའི་བར་དུ་བསྐུལ་བ་འདི་བྱའོ་ཞེས་སོ། །ཡེ་ཤེས་ཆེན་པོ་ནི་གོང་
མ་ལྟར་རོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱང་འཁོར་ལོ་དང་ལྡན་པས་ན་འཁོར་ལོའོ། །དྲི་མ་དང་ལྡན་པའི་ཡུལ་དེའི་ཁ་སྦྱོར་འབྱེད་པའི་ཆོ་ག་གསུངས་པ། ཁམས་གསུམ་ཞེས་པ་ལ་སོགས་པའོ། །ཁམས་གསུམ་གང་བའི་སེམས་ཅན་རྣམས་
འོག་ནས་འབྱུང་བ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུར་བསྒོམས་ལ་གཞན་འོག་ནས་འབྱུང་བ་ལྟར་བྱའོ། །དེ་ནས། དགྲ་རྣམས་དབྱེ་བ་བྱས་ནས་སུ། །ཞེས་ཏེ་ཁྱད་པར་དང་ཐུན་མོང་གི་སྲུང་མ་དང་འོག་ནས་འབྱུང་བ་ལྟར་དབྱེ་བ་བྱས་ལ་དེ་ཁང་སྟོང་ལྟར་རྣམ་པར་
གནས་པ་དེ་ལ་འོག་ནས་འབྱུང་བ་ལྟར་ལས་རྣམས་རབ་ཏུ་བསྒྲུབ་ཅེས་པའོ། །ད་ནི་མི་བསྐྱོད་པའི་རྣལ་འབྱོར་པས་མངོན་སྤྱོད་ཀྱི་ཆོ་ག་བསམ་གཏན་ལས་བྱུང་བ་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །ནམ་མཁའི་དབྱིངས་ནི་ཆོས་ཀྱི་འབྱུང་གནས་ནང་གཞལ་ཡས་ཁང་
བརྩེགས་པའི་དབུས་དག་ཏུ་ཞེས་སོ། །རྡོ་རྗེ་རྩེ་ལྔ་ཁ་བཞིས་ཞེས་པ་ནི་རྩེ་གཅིག་ལ་ཕྱོགས་བཞིར་གདེངས་ཀའི་རྩེ་མོར་ལྡན་པའོ། །འདིར་སྣ་ཚོགས་རྡོ་རྗེ་ལ་མི་སྦྱར་གྱི། དེའི་བྱེད་པ་མ་ཡིན་པའི་ཕྱིར་རོ། །རྣམ་པའི་མཆོག་རྣམས་ནི་མཚན་དང་དཔེ་བྱད་དུ་ལྡན་པའི་རྡོ་རྗེ་
སེམས་དཔའ་བསྒོམ་ཞེས་ཏེ། སྔར་དང་པོའི་མགོན་པོ་ལས་གྱུར་པའི་ས་བོན་ལས་ཇི་སྐད་དུ་གསུངས་པའི་རྡོ་རྗེ་ས་བོན་དང་ལྡན་པར་བསྒོམས་ཏེ། དེའི་འོད་ཟེར་གྱིས་བདེ་བར་གཤེགས་པ་ལ་བསྒྲུབ་བྱའི་སྐྱོན་བརྗོད་པས་ཐམས་ཅད་མི་བསྐྱོད་པ་ཁྲོས་ནས་སླར་བསྡུས་ཏེ་ཐིམ་པ་ལས་
Vol. 39 · folio 66a
གྱུར་པའི་མི་བསྐྱོད་པ་ཤིན་ཏུ་ཁྲོས་པར་བསྒོམ་མོ། །དུས་གསུམ་དམ་ཚིག་ནི་ཆོ་ག་དང་པོ་འགྲུབ་པའི་རྒྱུའོ། །དེ་ལས་བྱུང་བའི་ཆོ་ག་ལ་སོགས་པས། སངས་རྒྱས་འཁོར་ལོ་རྣམ་བསྒོམས་ལ། །ཞེས་ཏེ་རྟག་པ་ལ་སོགས་པ་ཡང་དེ་བཞིན་དུ་རྣམ་པར་བསྒོམ་པར་
བྱའོ་ཞེས་སོ། །སངས་རྒྱས་འཁོར་ལོ་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་མཚན་མ་གོང་དུ་གསུངས་པ་མཐུ་ཆེན་པོ་དང་ལྡན་པའི་དྲག་པོ་མི་བསྐྱོད་པ་དེའི་ལག་པ་གཡས་པར་གཟུང་བར་བྱ་ཞེས་སོ། །དེ་བཞིན་དུ་ཕྱག་མཚན་གཞན་རྣམས་ཀྱང་བཟུང་བར་བསམས་
ནས། དེ་ནས་ཕྱོགས་བཅུ་ནས་བྱུང་བའི་སེམས་ཅན་ཇི་སྙེད་པ་རྣམས་སངས་རྒྱས་ཀྱི་སྐུ་ཞི་བའི་བྱེ་བྲག་གིས་བསྡུས་ནས་འོད་ཀྱི་གོང་བུའི་ཚུལ་དུ་རང་གི་སྐུ་གསུམ་སྟེ་ལུས་ངག་ཡིད་གསུམ་ལ་གཟུང་ངོ་ཞེས་སོ། །དེ་ནས་ཨོཾ་ཨཱཿབཛྲ་དྷྲྀཀ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཧཱུཾ་ཞེས་བརྗོད་པས་སངས་
རྒྱས་ཡེ་ཤེས་རྡོ་རྗེ་ཅན་རྣམས་རང་གི་ལུས་ལས་སླར་ཡང་སྤྲོ་བར་བྱའོ་ཞེས་སོ། །ཇི་ལྟ་བུའི་གཟུགས་སུ་སྤྲོ་ཞེ་ན། ཁྲོ་བས་ཞེས་པ་ལ་སོགས་པའོ། །དེ་ཡང་སེམས་ཁྲོ་བས་འཁྲུགས་པའི་ཁྲོ་བོ་ཤིན་ཏུ་མི་སྡུག་ཅིང་འཇིགས་སུ་རུང་བ་སྲིན་པོ་ལ་སོགས་པའི་གཟུགས་སྟ་རེ་དང་
ཐོ་བ་ལ་སོགས་པ་མཚོན་ཆ་སྣ་ཚོགས་འཛིན་པ། གསོད་པའི་དོན་འབའ་ཞིག་སེམས་པ་གང་གསོད་ན་དཀོན་མཆོག་ལ་གནོད་པ་ལ་སོགས་པའི་གདུག་པ་རྣམས་གསོད་པ་དང་། གདུག་པར་གྱུར་ན་རྡོ་རྗེ་སེམས་དཔའ་ཡང་གསོད་པའི་གཟུགས་སྣ་ཚོགས་པར་སྤྲོས་ནས་
འོག་ནས་འབྱུང་བ་ལྟར་བྱའོ་ཞེས་པ་ནི་མན་ངག་གོ། །སངས་རྒྱས་སྐུ་གསུམ་དམ་ཚིག་ཅེས་པ་ནི་སྦྱོར་བ་སྟེ། དེ་བསྲུང་བར་བྱའོ། །དེ་ལྟ་བུའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་གནས་ནས་ཉི་མ་བདུན་དུ་བྱས་ན། བསྒྲུབ་བྱ་བཤིག་པའི་ལས་བྱེད་པས་ན། སངས་
རྒྱས་དངོས་གྲུབ་སྟེར་བར་འགྱུར། །ཞེས་སོ། །ལས་མ་བྱས་ན་བཀའ་ལས་འདས་པས་ན་རྨོངས་པའོ། །གཞན་ནི་གོ་སླའོ། །རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པའོ། །དེའི་འཁོར་ལོ་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་རྣམས་ཀྱང་ཡེ་ཤེས་པར་བཀའ་སྩལ་པ་ནི་བཀའི་འཁོར་
Vol. 39 · folio 66b
ལོ་སྟེ། བསྒྲུབ་བྱའི་རྒྱུད་ལ་འཇུག་པའི་ཕྱིར་རོ། །ད་ནི་རི་མོའི་དཀྱིལ་འཁོར་བྲི་བའི་གསོལ་བ་གདབ་པའི་དེ་མ་ཐག་ཏུ་ལུས་ངག་ཡིད་གསུམ་གྱི་སྦྱོར་བས་ས་གཞི་ལ་གནས་པའི་བགེགས་བསྐྲད་པ་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །འཁོར་ལོ་རྡོ་རྗེ་འབར་བས་
བརྒྱན། །ཞེས་པ་ནི་ཇི་སྐད་གསུངས་པའི་གཞལ་ཡས་ཁང་དུ་དཀྱིལ་འཁོར་གྱི་འཁོར་ལོ་གང་གིས་ཀྱང་མི་ཤིགས་པ་རྣམ་པར་བསམས་ལ། དེའི་དབུས་སུ་རྣམ་པའི་མཆོག་དང་ལྡན་པའི་རྣམ་པར་སྣང་མཛད་ཅེས་པ་ནི་རང་རང་གི་སྦྱོར་བ་དང་མཐུན་པར་མཛད་པ་སྟེ་རང་གི་ལྷའོ། །
དེ་ཡང་དུས་གསུམ་གྱི་དམ་ཚིག་ལས་བྱུང་བ་ནི་རྒྱུ་རྡོ་རྗེ་སེམས་དཔའ་སྟེ། དེའི་རྒྱུར་སྔོན་དུ་བསམས་ནས་ཞེས་སོ། །དབྱེར་མི་ཕྱེད་ཅིང་གདུག་པ་རྣམས་འཇོམས་པས་ན། རྡོ་རྗེ་མེ་སྟག་འོད་འཕྲོ་བ་ཅན་ཞེས་ཏེ་མཚན་མ་ཐམས་ཅད་དོ། །དེའི་ཕྱག་གཡས་པར་བསྣམས་པར་
བསྒོམ་ཞེས་སོ། །དེ་ཉིད་ཁྲོ་བོའི་གཟུགས་སུ་མིག་དང་རྐང་པ་ལ་སོགས་པ་བྱིན་གྱིས་བརླབས་ནས་སོ་སོའི་སྤྱོད་པའི་ཚུལ་ཁྱད་པར་གྱིས་གར་བྱེད་ཅིང་རྡོ་རྗེ་དྲིལ་བུ་དང་ལྡན་པས་བསྐོར་བར་བྱའོ། །དཀྱིལ་འཁོར་སྤྲུལ་པ་ནི་ཕྱོགས་བཅུ་ཞེས་པ་ལ་སོགས་པ་སྟེ་གོང་མ་དང་
འདྲའོ། །ལྷའི་རང་བཞིན་དུ་གནས་པའི་སྐུ་དང་ཡེ་ཤེས་མཆོག་ལ་གནས་པས་བྱའོ་ཞེས་སོ། །ལུང་གི་བསྒོ་བ་ནི་སྐུ་གསུང་ཞེས་པ་ལ་སོགས་པའོ། །གཡས་བརྐྱང་བ་ལ་སོགས་པའི་ཚུལ་སྤྱོད་པ་ནི་སྐུའི་སྦྱོར་བའོ། །འཇིག་པའི་དུས་ཀྱི་འབྲུག་ལྟ་བུའི་ཧཱུཾ་གི་སྒྲ་
སྒྲོགས་པ་ནི་གསུང་གི་སྦྱོར་བའོ། །དངོས་པོ་ཐམས་ཅད་ཟབ་མོར་དམིགས་པ་ནི་ཐུགས་ཀྱི་སྦྱོར་བའོ། །དེ་དང་ལྡན་པའི་བདག་ལ་གསོན། །ཞེས་སྦྱར་རོ། །དེ་ནས་འོག་ནས་འབྱུང་བའི་རིམ་པས་ཕུར་བུས་བཏབ་ནས་ས་བསྲུང་བར་བྱའོ་ཞེས་སོ། །བཀའ་སྩལ་པའི་
འཁོར་ལོས་གཞན་དམ་ཚིག་འདའ་མི་ནུས་པའི་ཡེ་ཤེས་རྡོ་རྗེ་སྟེ། ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ནི་གོ་སླ་བས་མ་བཤད་དོ། །ད་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་མངོན་སྤྱོད་ཀྱི་ཆོ་ག་བསམ་གཏན་ལས་བྱུང་བ་གསུངས་པ། སངས་རྒྱས་ཞེས་
Vol. 39 · folio 67a
པ་ལ་སོགས་པའོ། །སངས་རྒྱས་དཀྱིལ་འཁོར་འཁོར་ལོ་ཅན། །ཞེས་པ་ནི་གཞལ་ཡས་ཁང་པའོ། །དེ་ནམ་མཁའི་རྡོ་རྗེའི་དབུས་སུ་བསམ་ཞེས་ཏེ་ཆོས་ཀྱི་འབྱུང་གནས་སུའོ། །དེའི་དབུས་སུ་གོང་མ་ལྟར། གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཆེ། །ཞེས་ཏེ།
དེས་གཙོ་བོ་བྱས་པའི་ལྷ་བཅུ་དགུ་དང་ལྡན་པའི་འཁོར་ལོ་བསྒོམ་སྟེ་དེ་ཐམས་ཅད་ཀྱང་གཤིན་རྗེ་གཤེད་ལས་བྱུང་བའི་ཕྱིར་ན་རང་གི་རྡོ་རྗེ་ཡིན་པར་བརྟག་ཅེས་སོ། །ཇི་སྐད་དུ། དེ་ཡི་དབུས་གནས་གང་ཡིན་པ། །དེ་ཡི་འཁོར་ལོ་དེ་ཞེས་བྱ། །དེ་བཞིན་གཤེགས་
པའི་བདག་པོ་ཡི། །དེ་གནས་མི་བསྐྱོད་ཡང་དག་གནས། །ཞེས་བཟང་པོ་ཞབས་ཀྱིས་བསྡུས་དོན་ལས་བཤད་དོ། །དུས་གསུམ་ཞེས་པ་ལ་སོགས་པ་ནི་མི་བསྐྱོད་པའི་རྣལ་འབྱོར་པའི་སྐབས་བཞིན་དུ་དཔྱད་པར་བྱ་སྟེ་གོ་སླའོ། །སྤྱིའི་དམ་ཚིག་ཐམས་ཅད་ནི་མེ་ལོང་ལྟ་བུའི་
ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་སྐུ་གསུམ་མཉམ་པའི་མཆོག་སྟེ་རྣམ་པར་སྣང་མཛད་དོ། །དེའི་རིགས་ལས་སྐྱེས་པའི་ཁྲོ་བོ་ནི་གཤིན་རྗེ་གཤེད་དོ། །དེའི་སྦྱོར་བས་གང་ལ་རྒྱས་འདེབས་པ་ནི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའོ། །ད་ནི་ཚོགས་སོག་པའི་རྣལ་འབྱོར་པས་རྡོ་རྗེའི་
ས་གཞིར་སྐད་ཅིག་གིས་འཁོར་བར་བྱེད་པའི་འཁོར་ལོ་ཁྲོ་བོ་བཅུ་བསྒོམ་སྟེ། དེའི་ལྟེ་བ་ལ་བསྒོམ་པ་གསུངས་པ། སྐུ་གསུང་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་པ་ནི་རྟག་པ་དང་འོད་དཔག་མེད་དང་མི་བསྐྱོད་པའོ། །རང་སྔགས་དོན་གྱི་ཡོན་ཏན་
ནི་སྟོབས་ལ་སོགས་པ་ཆེ་བའི་ཡོན་ཏན་ཇི་སྙེད་པ་དང་སེམས་ཅན་གྱི་ཁམས་སྣ་ཚོགས་པ་འདུལ་བར་བྱེད་པ་སྟེ། རིན་ཆེན་དབང་ཕྱུག་དང་དོན་ཡོད་གྲུབ་པའོ། །ཡང་ན་གཙུག་ཏོར་དམ་ཚིག་ཅེས་པ་ནི། འོག་ནས་འབྱུང་བའི་གཙུག་ཏོར་བདུན་གང་ཡང་རུང་བའོ། །དེ་
རྣམས་ཀྱང་ཡེ་ཤེས་ཆེན་པོ་དང་ལྡན་པས་ན་ཡེ་ཤེས་རྡོ་རྗེ་ཅན་གྱི་སྐུའོ། །དེས་སྔགས་པ་རྣམས་བསྲུང་བའི་ཕྱིར་བཀའི་འཁོར་ལོ་སྟེ། བཀའ་སྩལ་པས་དེའི་ལས་བྱེད་པའི་ཕྱིར་ན་བསྐུལ་བར་བྱའོ། །བྱང་ཆུབ་བསྲུང་བ་དོན་ཆེན་བྱ། །ཞེས་པ་ནི་རང་ལ་ཡེ་ཤེས་འཁོར་
Vol. 39 · folio 67b
ལོ་འཇུག་པར་བྱེད་པའི་བགེགས་རྣམ་པ་གཉིས་བསལ་བས། གལ་ཏེ་དྲག་པོ་ལ་སོགས་པའི་བགེགས་ཀྱི་རྒྱུ་གང་ལ་ཡོད་པ་དེ་བསལ་ཡང་། ཐེག་པ་ཆུང་ངུའི་བགེགས་ནི་ཐར་པ་ཆེན་པོ་ལ་སྒྲིབ་པར་བྱེད་པ་སྟེ། དེ་ཡིད་ལ་བྱེད་པས་གཞན་ལ་བློ་མི་འཇུག་པ་སྟེ། སྐུ་སྐྱེད་པ་
ཐམས་ཅད་ཀྱི་དང་པོར་འགྲོ་བའི་ཕྱིར་རོ་ཞེས་སོ། །དེ་རྣམས་གནས་གྱུར་པ་ལས་དང་པོའི་མགོན་པོ་སྟེ། དེ་ལས་ཇི་སྐད་དུ་གསུངས་པའི་ཆོས་རྣམས་འབྱུང་བ་བསྐྱེད་དོ་ཞེས་སྦྱར་རོ། །དམ་ཚིག་གསུམ་ནི་རྡོ་རྗེ་གསུམ་མོ། །མི་ཕྱེད་པས་ན་རྡོ་རྗེའོ། །རྟག་པ་ལས་
བྱུང་བའི་གཞལ་ཡས་ཁང་དུ་གདན་བསྒོམ་པ་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པའོ། །ཆོས་ནི་ཞེས་པ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམ་པར་དག་པའི་གཞལ་ཡས་ཁང་ངོ་། །དེ་ཡང་སྣང་མཛད་སྐུ་མཆོག་ལས་བྱུང་བའོ། །དེ་ཉིད་རྡོ་རྗེ་
གསུམ་གྱི་ངོ་བོ་ལས་མི་འདའ་བས་ན་སྐུ་གསུམ་དམ་ཚིག་དག་བསམ་པའོ། །དེའི་ནང་དུ་གདན་ནི་རབ་ཏུ་བརྟག །ཅེས་པ་ནི་འགྲོ་བ་ཐམས་ཅད་དབྱེར་མེད་པར་སྟོན་པ་དང་། དེ་ལ་སྐྱོན་གྱིས་མ་གོས་པས་ན་སྣ་ཚོགས་པདྨའི་གདན་བཅུ་དགུའོ། །མི་དགེ་བའི་འདམ་རྫབ་
སྐེམས་པ་དང་། དགེ་བའི་རྩ་བའི་མྱུ་གུ་སྨིན་པར་བྱེད་པའི་ཕྱིར་ཉི་མའི་གདན་བདུན་ནོ། །ཉོན་མོངས་པའི་ཚ་བ་བསིལ་བར་བྱེད་པ་དང་། བྱང་ཆུབ་ཀྱི་དགེ་བའི་མྱུ་གུ་གསོ་བར་བྱེད་པའི་ཕྱིར་ཟླ་བའི་གདན་བཅུ་གཉིས་ཀྱིས་བརྒྱན་པའོ། །རྡོ་རྗེ་ས་བོན་དང་ལྡན་པ་བསྒོམ་
པའི་དེ་མ་ཐག་ཏུ་སྤྲོ་བསྡུ་དང་ལྡན་པར་ང་རྒྱལ་བ་གསུངས་པ། ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པའོ། །དེ་ཡང་ས་བོན་ལས་འཕྲོས་པའི་སངས་རྒྱས་ཐམས་ཅད་ཀྱིས་མཁའ་དབྱིངས་ཡོངས་སུ་གང་བར་བསྒོམ་མོ། །རང་སྔགས་ཡི་གེ་ཞེས་པ་ནི་རྡོ་རྗེའི་བུམ་པར་
ཆུད་པའི་ཡི་གེའོ། །ཡེ་ཤེས་དམ་ཚིག་ཅེས་པ་ནི་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་དེ་ལྟར་བདག་གིས་རང་བཞིན་ནོ་ཞེས་བསྡུ་བའི་དེ་མ་ཐག་ཏུ་ཡེ་ཤེས་ཀྱི་ཚིག་བརྗོད་པའོ། །འཕྲོས་པ་དེས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཉིད་དུ་བྱས་ནས་བྱེད་པ་པོ་དང་
Vol. 39 · folio 68a
བཅས་པར་རབ་ཏུ་བསྡུ་ཞེས་སོ། །ཅིའི་ཕྱིར་ཞེ་ན། ཐུགས་ཀྱི་རྡོ་རྗེ་ཡིན་པའི་ཕྱིར། །ཞེས་ཏེ་དེ་ལས་བྱུང་བའི་ཕྱིར་རོ། །སྐུ་གསུམ་ལས་ནི་ཞེས་པ་ནི་ཧཱུཾ་ལའོ། །དེ་དག་གཟུང་ནས་ང་རྒྱལ་བྱའོ་ཞེས་པའོ། །དེས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱང་
བསྟན་ཏོ། །སེམས་ཅན་རྣམས་ཀྱིས་ཆོ་ག་བཞི་པ་འགྲུབ་པར་བྱེད་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཆང་བའོ། །རྡོ་རྗེ་ནི་རྩེ་ལྔ་པའོ། །དེའི་སྔགས་ནི་བུམ་པ་ལ་གནས་པའོ། །དེ་ཉིད་རིན་པོ་ཆེ་སྟེ་དོན་འབྱུང་བའོ། །དེས་གཞན་གྱི་དོན་རབ་ཏུ་སྣང་བར་
བྱེད་པས་ན་དེ་སྐད་དོ། །ད་ནི་ཞི་བ་ལ་གནས་པའི་ཆོ་གས་རྡོ་རྗེ་རྒྱ་མཚོ་རྐང་པས་བཅག་པ་གསུངས་པ། རྣམ་པའི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་རབ་ཏུ་བསྒོམ། །ཞེས་པ་ནི་སྒྲུབ་པ་ཆེན་པོའི་སྐབས་སུ་ཆུང་ངུའི་རྡུལ་ཕྲ་མོའི་སྟེང་དུ་བདག་ཉིད་བསྒོམ་
མོ་ཞེས་པའོ། །ཆུ་ཉིད་ཇི་ལྟར་བསམ་ཞེ་ན། སངས་རྒྱས་རིམ་པར་བཀོད་ནས་ནི། །ཞེས་པ་ནི་རྡོ་རྗེ་འཛིན་པ་ལས་བྱུང་བའི་ས་བོན་ལྔ་ལས་བདེ་བར་གཤེགས་པ་ལྔ་ཇི་ལྟ་བ་བཞིན་དུ་བཀོད་ནས་བསྙེན་སྒྲུབ་གསུམ་གྱིས་བསྒྲུབ་པར་བྱས་པའི་ཆུའི་སྟེང་དུ་བཅག་པར་
བྱ་ཞེས་སོ། །ཇི་ལྟར་བཅག་པར་བྱ་ཞེ་ན། རྐང་པ་མཉམ་གཞག་སྦྱོར་བ་ཡིས། །ཞེས་ཏེ་ཐབས་དང་ཤེས་རབ་མཉམ་པར་གཞག་པའི་སྦྱོར་བ་ནི་ལྟེ་བ་ལ་རྣམ་པར་གནས་ལ། དེའི་རྐང་པ་བཞིས་རྣམ་པར་སྣང་མཛད་ལ་སོགས་པའི། སྤྱི་བོའི་སྟེང་དུ་རྐང་པ་
བསྒོམ། །ཞེས་སོ། །དེ་ལྟར་ན་ཉེ་བའི་མཚན་མ་ལ་སོགས་པ་མཐོང་ནས་ལྷག་པར་གནས་པས་ན་ཕྱོགས་ཐམས་ཅད་ཀྱི་ཆུའི་སྟེང་དུ་འགྲོ་ནུས་པར་འགྱུར་རོ། །ཆོས་ཐམས་ཅད་རང་བཞིན་གྱིས་དག་པས་ན་ལྷ་རྣམས་ཀྱི་སྤྱི་བོ་ན་གནས་པ་མི་འགལ་བས་ན་ངོ་བོ་
ཉིད་དག་པ་ཞེས་ཕྱོགས་གཅིག་ཏུ་བརྗོད་དོ། །རྒྱ་མཚོ་ལ་སོགས་པ་དེ་བཞིན་གཤེགས་པར་བསྐྱེད་པས་ནི་རྡོ་རྗེ་རྒྱ་མཚོའོ། །དེ་དག་གི་རྐང་པས་གནོན་པ་ལ་དེ་སྐད་ཅེས་བྱའོ། །ད་ནི་ཕ་རོལ་གྱི་ངག་གནོན་པའི་ཆོ་ག་གསུངས་པ། དབང་ཆེན་ཞེས་པ་ལ་
Vol. 39 · folio 68b
སོགས་པའོ། །དེ་ཡང་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པའི་བསྒྲུབ་པར་བྱ་བའི་སྤྱི་བོར་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་སེར་པོར་བསམས་ནས། དེའི་སྟེང་དུ་ཧཾ་ལས་ལས་ཀྱི་རྡོ་རྗེ་པདྨ་ལ་གནས་པར་བཞག་ལ་གཞལ་ཡས་ཁང་བསམས་ནས་དེའི་དབུས་སུ་ཁྲོ་བོའི་རིགས་ཁ་
དོག་སེར་པོ་འཁོར་ལོ་དང་ལྡན་པར་བཞག་ནས་གནོན་པར་བསྒོམ་མོ། །དེས་སྤོབས་པ་ཤིན་ཏུ་ཞན་པར་འགྱུར་རོ། །སྨྲར་མི་གཞུག་པར་བྱ་བའི་ཕྱིར་རྐན་གྱི་ཕུགས་སུ་ཧཾ་ལས་ལས་ཀྱི་རྡོ་རྗེ་བསྐྱེད་པའི་ཁ་བཞིས་སྤྱི་བོ་དང་། རྣ་བ་གཉིས་དང་། ལྐོག་མར་ཕུག་སྟེ་
བསྒོམས་པས་དེ་ལྟར་འགྱུར་རོ། །མུ་སྟེགས་ཅན་ནི་ནམ་མཁའི་གོས་ཅན་ལ་སོགས་པའོ། །ཕས་ཀྱི་རྒོལ་བ་ནི་ཕྱིར་རྒོལ་བ་ཐམས་ཅད་དོ། །དེའི་གནོད་པར་བྱེད་པ་ཉིད་རྡོ་རྗེའོ། །དཔུང་གནོན་པའི་ཆོ་ག་གསུངས་པ། རྡོ་རྗེ་གསུམ་མཆོག་ཅེས་པ་ནི་དཀྱིལ་འཁོར་པ་
རྣམས་ཏེ། ཁྲོ་བོའི་ཇི་ལྟ་བུ་ཞེ་ན། པདྨོ་སེར་པོའི་མདོག་འདྲ་བ་ཆེ་ཆུང་གི་ཚད་རིའི་རྒྱལ་པོ་ལྟར་བསམས་ནས་ཞེས་སོ། །དེ་དཔུང་རྣམས་ཀྱི་སྤྱི་བོར་སྔ་མ་བཞིན་དུ་རི་རབ་ཀྱི་སྟེང་དུ་བསྒོམས་པས་དཔུང་སའི་འོག་ཏུ་བྱིང་བར་འགྱུར་རོ། །གལ་ཏེ་ཁྲོ་བོ་རྣམས་རྒྱབ་ཀྱིས་ཕྱོགས་
པར་བསམས་ན་འབྲོས་པར་འགྱུར་རོ། །གལ་ཏེ་དཔུང་ཕྱིར་ལོག་ནས་ལྷ་མདུན་གྱིས་བལྟས་ན་རེངས་པར་འགྱུར་རོ། །གཉིས་ཀ་མདུན་གྱིས་བལྟས་ན་ཕ་རོལ་པོ་བརྒྱལ་བར་འགྱུར་རོ། །དེ་བས་ན་སྦྱོར་བའི་ནུས་པ་ཡང་། །སངས་རྒྱས་དཔུང་ཡང་ཞེས་
པ་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་གསུམ་མོ། །དེ་ལས་བྱུང་བ་ཁྲོ་བོ་རྣམས་སོ། །དེ་དཔུང་ཐམས་ཅད་དེ་ཕ་རོལ་གྱི་སྡེ་བདག་གི་ཕྱོགས་སུ་གནོན་པའོ། །དེ་གནོན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔུང་ཕུར་བུས་གདབ་པ་གསུངས་པ་
དགྲ་བོ་ཞེས་པ་ལ་སོགས་པའོ། །དགྲ་བོ་ཞེས་པ་ནི་ཕ་རོལ་གྱི་དཔུང་ངོ་། །བསྐྲད་པའི་དུས་ཞེས་པ་ནི་རྨོངས་པར་བྱ་བའི་ཕྱིར་རོ། །བསམ་གཏན་འོག་ནས་འབྱུང་བ་འདིས་སངས་རྒྱས་དག་གིས་ཀྱང་ལས་མ་བྱས་ན་འགས་པར་འགྱུར་ཞེས་ཕུལ་དུ་བྱུང་བའི་ཕན་ཡོན་ནོ། །
Vol. 39 · folio 69a
ཇི་ལྟར་ཞེ་ན་ཧཱུཾ་ལས་ཞེས་པ་ལ་སོགས་པའོ། །དེ་ཡང་ཧཱུཾ་ལས་གྱུར་པའི་ཕུར་བུ་བསམ་གཏན་གྱིས་བསྒོམ་པ་ནི། རྩེ་མོ་ལྔ་པའི་ཚད་དུ་སྟེང་རྩེ་ལྔ་པ་འོག་རྩེ་གཅིག་པ་ཚད་སོར་བརྒྱད་པ་བསམས་ཏེ། མིང་གི་ཡི་གེ་དང་པོས་བསྐྱེད་པའི་བསྒྲུབ་པར་བྱ་བ་ཐམས་ཅད་ཀྱི་
སྙིང་གར་རྡོ་རྗེ་ཕུར་བུ་དེས་བཏབ་ཅིང་ཁྲོ་བས་གྷ་གྷ་གྷ་ཏའི་ཕྲེང་བའི་སྔགས་བཟླས་ཤིང་ཐམས་ཅད་ལ་ཕོག་པར་བསམས་པས། སངས་རྒྱས་ཀྱི་དཔུང་དག་ཀྱང་འཇིག་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། །རྨོངས་པར་བྱེད་པ་ནི་འཆི་བ་འམ་རྒོལ་མི་ནུས་པའོ། །ད་ནི་ཞི་
བའི་ལས་ཀྱི་རིམ་པ་གང་ཟག་མང་པོའི་ཉེ་བར་འཚེ་བ་གཞིལ་བའི་ཆོ་ག་གསུངས་པ། གྲོང་ངམ་ཞེས་པ་ལ་སོགས་པའོ། །ཁྱིམ་ལྔ་ཕན་ཆད་གྲོང་ཞེས་བྱ། བརྒྱ་ཕན་ཆད་ལ་གྲོང་ཁྱེར་རོ། །གྲོ་ལམ་ཙམ་དུ་འདབ་ཆགས་སུ་གནས་པ་ལ་ལྗོངས་ཞེས་བྱའོ། །ནད་ཀུན་
སྤོང་པའི་ཞི་བ་ཡང་། །ཞེས་པ་ནི་སེམས་ཅན་དེ་ན་གནས་པ་ཀུན་གྱི་ནད་སྤངས་པ་སྟེ། སྦྱོར་བ་འདིས་རྟག་ཏུ་སྦྱར་བར་བྱ་ཞེས་སོ། །སྦྱོར་བ་དེ་ཉིད་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །དེ་ཡང་ནད་ཀྱིས་གང་བའི་སེམས་ཅན་རྣམས་ཀྱི་གནས་ཀྱི་བར་སྣང་གི་ཕྱོགས་
སུ་ཧཱུཾ་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་རྡོ་རྗེ་རྩེ་མོ་ལྔ་པ་བུམ་པ་ལ་རྟག་པའི་འཁོར་ལོ་དང་ལྡན་པའི་བསྐལ་པ་སྲེག་པ་ལྟ་བུའི་འོད་ཟེར་འཕྲོ་བ་བསམས་ནས་ཞི་བའི་སྔགས་བཟླས་པའི་རྣལ་འབྱོར་པས་འོད་ཟེར་གྱིས་འགྲོ་བའི་ནད་རྣམ་པར་བསྲེགས་ཏེ་འོད་ཟེར་དེ་
ཉིད་སླར་ཡང་རབ་ཏུ་བསྡུ་བར་བྱའོ་ཞེས་སོ། །དེ་ནས་སྤྱན་མའི་སྔགས་བཟླས་པའི་རྣལ་འབྱོར་པའི་ནོར་བུ་རིན་ཆེན་ཏེ། སྤྱན་མ་ལ་སོགས་པ་བདུད་རྩིའི་བུམ་པ་འཛིན་པའི་འོད་ཟེར་རྣམས་སྤྲོ་བ་དག་ཀྱང་བྱའོ། །དེས་འོད་ཟེར་དབབ་པ་དང་དབང་བསྐུར་བ་ཡང་སྩོལ་ལོ་ཞེས་
སྦྱར་རོ། །དེ་འབའ་ཞིག་མ་ཡིན་ཏེ་རྡོ་རྗེ་གསུམ་གྱིས་དབང་བསྐུར་བར་བྱའོ་ཞེས་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་སྤྲིན་རྣམ་པར་སྣང་མཛད་ཀྱི་ཚོགས་སོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་ཚོགས་སོ། །ཆོས་ཀྱི་བརྗོད་པའི་ཞེས་པ་ནི་
Vol. 39 · folio 69b
འོད་དཔག་མེད་ཀྱི་ཚོགས་སོ། །དེ་རྣམས་ཀྱང་བདུད་རྩིའི་བུམ་པ་བཟུང་བས་འོད་ཟེར་དབབ་པ་དང་དབང་བསྐུར་བསྟན་པར་བྱའོ་ཞེས་སོ། །དེ་ལྟར་བྱས་པས་སངས་རྒྱས་པར་གསུངས་པ། རྡོ་རྗེ་བསམ་གཏན་ཞེས་པ་ལ་སོགས་པའོ། །དགང་དཀའ་བ་ཡང་རབ་ཏུ་འགེངས། །
ཞེས་པ་ནི་ཉམས་སྟོབས་དང་བང་མཛོད་ལ་སོགས་པའོ། །དེས་ཀྱང་སྦྱིན་པའི་ཆར་འབེབས་པས་ན། ཡིད་བཞིན་ནོར་བུ་དང་འདྲར་འགྱུར། །ཞེས་སོ། །དེའི་ཕན་ཡོན་གསུངས་པ། བསྐལ་པ་ཞེས་པ་ལ་སོགས་པའོ། །གསང་བ་རྡོ་རྗེ་གསུམ་གྱི་ངོ་བོ་བས་
གསལ་བའི་སྐུ་སྟེ་ལྷ་རྣམས་སོ། །དེ་ཉིད་ཀྱིས་ན་སྐྱོན་མེད་པ་སྟེ་གཟུང་འཛིན་དང་བྲལ་བ་ཇི་སྙེད་པའོ། །སེམས་ཅན་ནི་གྲོང་ལ་སོགས་པ་ན་གནས་པའོ། །དེའི་ནད་ཐམས་ཅད་མེད་པ་ནི་སྦྱོར་བ་དེའོ། །བར་སྣང་གི་རྡོ་རྗེ་ལས་བྱུང་བས་ན་དེ་སྐད་དོ། །བདུད་རྩི་འཁྱིལ་པའི་
ཕུར་བུས་བགེགས་ཀྱི་འཚེ་བ་བཟློག་པ་གསུངས་པ། ཡིད་དམ་བཅས་ཅེས་པ་ལ་སོགས་པའོ། །ཡིད་དམ་བཅས་པ་རྫོགས་ནས་ཀྱང་། །ཞེས་པ་ནི་གོང་དུ་ཡུལ་གྱི་འཚེ་བ་ཉེ་བར་ཞི་བར་བྱ་བའི་སྦྱོར་བ་རྫོགས་པས། །གལ་ཏེ་གློ་བུར་དུ་ཉེ་བར་འཚེ་བ་བྱུང་ན་སྔགས་ཀྱི་གནས་སུ་
སྤྱད་པར་བྱའོ་ཞེས་སོ། །ཇི་ལྟར་ཞེ་ན། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །དེ་ཡང་རྡོ་རྗེ་བདུད་རྩི་འཁྱིལ་པ་ཉིད་རྡོ་རྗེ་སྟེ། ཕུར་བུ་སྐུ་སྟོད་ཞལ་གསུམ་པ་ཕྱག་དྲུག་པའི་བདག་ཉིད་ལ་སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པའི་གཟུགས་སུ་རབ་ཏུ་བསྒོམས་ལ་
གདབ་པའི་སྔགས་ཀྱིས་གང་ཡང་རུང་བར་བཏབ་པས་དེ་ལས་མེ་སྟག་འབར་བའི་འོད་འཕྲོས་པས། དེ་ཉིད་དེ་ལས་གྱུར་པས་ཕྱོགས་བཅུའི་དཀྱིལ་འཁོར་ན་གནས་པའི་བགེགས་ཀྱི་ཚོགས་ཐམས་ཅད་ལ་གདབ་པར་བྱའོ་ཞེས་སོ། །ས་བསྲུང་བ་ལ་ཡང་དེ་ལྟར་རོ། །བསམ་གཏན་གྱི་
བསྲུང་བ་ལ་ནི་ཧཱུཾ་ལས་བྱུང་བའི་འོད་ཟེར་གྱིས་བསྐྱེད་ནས་མཚམས་ཀྱི་ཕྱི་རོལ་དུ་གཏམས་པར་བསམ་མོ། །རྡོ་རྗེ་གསུམ་གྱི་ལས་བྱེད་པ་ལས་མི་འདའ་བས་ན་རྡོ་རྗེ་གསུམ་གྱི་དམ་ཚིག་སྟེ་བདུད་རྩི་འཁྱིལ་པའོ། །སྐྱེ་འགྲོ་ནི་ཁྱབ་འཇུག་ལ་སོགས་པའོ། །དེ་གང་གིས་གདུལ་བྱར་
Vol. 39 · folio 70a
བྱེད་པ་ཉིད་སྙིང་རྗེ་སྟེ་བདུད་རྩི་འཁྱིལ་བའི་ཕུར་བུའོ། །དེའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ད་ནི་རྟག་པའི་རྣལ་འབྱོར་པས་ཞི་བའི་ཆོ་ག་གསུངས་པ། མདངས་བཟང་ཞེས་པ་ལ་སོགས་པའོ། །དེ་ཡང་གོང་དུ་གསུངས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་
བྱས་པའི་རྣལ་འབྱོར་པས་བསྲུང་བའི་ནང་དུ། ནམ་མཁའི་དབྱིངས་ཀྱི་དབུས་སུ་གཞལ་ཡས་ཁང་པ་རྣམ་པར་བསམས་ནས། རྡོ་རྗེ་འཛིན་པ་ལས་གྱུར་པའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཁ་དོག་དཀར་པོ་མདངས་བཟང་སྟེ། ཟླ་བའི་དབུས་སུ་བསམས་ནས་དེའི་ཆོ་ག་
རྫོགས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དེ་བཞིན་དུ་བསམས་ནས། བདག་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་ལ་འདོད་པ་གཞག་ཅེས་ཏེ། ཞི་བའི་ཡུལ་ནད་ལ་སོགས་པ་ཞི་བར་འདོད་པས་གཞག་པར་བྱའོ་ཞེས། དེ་ནས་འོག་ནས་འབྱུང་བའི་སྤྱན་མའི་
སྔགས་ཡི་གེ་གསུམ་གྱི་བར་དུ་ཆུད་པ་བསྒྲུབ་བྱའི་མིང་དང་ལྡན་པར་བཟླས་པ་འམ། དེ་བཞིན་དུ་མཚན་སྔགས་སམ་ས་བོན་བཟླས་པས་སྤྱན་མ་ལ་སོགས་པས་ནམ་མཁའི་དབྱིངས་གང་བར་བསྒོམ་མོ། །དེ་རྣམས་འོད་ཟེར་ལྔའི་གོང་བུའི་ཚུལ་གྱིས་བསྡུས་ནས་
ནད་པའི་ལུས་ལ་འོད་ཟེར་དེ་དབབ་པར་བྱས་པས་ནད་བསལ་ཞིང་ཡན་ལག་རྒྱས་པར་འགྱུར་རོ། །ཡང་ཨོཾ་ཨཱཿཛི་ན་ཛི་ན་ཛི་ཀ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཧཱུཾ་སྭཱཧཱ་ཞེས་པ་འམ་ས་བོན་བཟླས་པས་བ་སྤུའི་བུ་ག་ནས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲིན་རྣམས་སྤྲོ་བར་བྱའོ། །སངས་
རྒྱས་ཀྱི་སྤྲིན་རྣམས་ཀྱིས་དེའི་ཚེ་ཕྱག་ན་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བའི་བུམ་པ་འཛིན་པས་དེ་ལ་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་དབང་བསྐུར་རབ་ཏུ་སྩོལ་ཞེས་སོ། །ནད་ཞི་བ་འབའ་ཞིག་ཏུ་མ་ཟད་ཀྱི། དཔལ་ལྡན་རྡོ་རྗེ་འདྲ་བར་འགྱུར། །ཞེས་སོ། །སངས་རྒྱས་ནི་
རྟག་པའོ། །དམ་ཚིག་ནི་སྤྱན་མའོ། །བཀོད་པ་ནི་མང་པོ་འདུས་པའོ། །སྙིང་རྗེའི་རླན་ཡོད་པས་ན་སྤྲིན་ཞེས་བྱའོ། །འོད་དཔག་མེད་ཀྱིས་རྒྱས་པར་བྱ་བ་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །དེ་ཡང་གོང་མ་ལྟར་ཁང་པ་བརྩེགས་མའི་ནང་དུ་ལཾ་ལས་དབང་
Vol. 39 · folio 70b
ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོར་བསམས་ལ། དེའི་སྟེང་དུ་ཉི་མ་ལ་ཆོས་འཛིན་པ་སྟེ། སྣང་བ་མཐའ་ཡས་གོང་མ་ལྟར་འཁོར་ལོ་དང་ལྡན་པ་ཁ་དོག་དམར་པོར་བསམ་པར་བྱའོ། །དེའི་ཡེ་ཤེས་སེམས་དཔའི་སྙིང་གར་ཟླ་བ་ལ་འདོད་པ་གཞག་ཅེས་ཏེ་ཚེ་དང་
ཆོས་དང་ནོར་རྒྱས་པར་འདོད་པའོ། །དེ་ནས་འོག་ནས་འབྱུང་བའི་གོས་དཀར་མོའི་སྔགས་ལ་སོགས་པ་བཟླས་པས་ནམ་མཁའི་ཁམས་ན་བཟའ་དཀར་མོ་ལ་སོགས་པས་གང་བའོ། །དེ་རྣམས་ཀྱང་འོད་ཀྱི་གོང་བུས་བསྡུས་ན་ཡིད་བཞིན་ནོར་བུ་སྟེ་ཞེས་སོ། །ཇི་ལྟར་སྡུད་ན།
ལུས་དང་ངག་སེམས་གནས་ལ་ཞེས་ཏེ་སྤྱི་བོ་དང་མགྲིན་པ་དང་། སྙིང་གར་བསྡུ་ཞིང་འདོད་པ་འོད་ཟེར་དེ་ལ་གཞག་པར་བྱས་པས་ཐམས་ཅད་རྒྱས་པར་འགྱུར་བའོ། །ཡང་ཨོཾ་ཨཱཿཨཱ་རོ་ལྀ་ཀ་ཆེ་གེ་མོ་པུཥྚིཾ་ཀུ་རུ་ཧཱུཾ་ཞེས་པའི་སྔགས་སམ། ས་བོན་བཟླས་པས་བ་སྤུའི་བུ་ག་ནས་རིན་ཆེན་ཞེས་རིན་
པོ་ཆེའི་ཆར་འབེབས་པ་སྟེ། སྣང་བ་མཐའ་ཡས་ཀྱི་སྤྲིན་སྤྲོ་བར་བྱའོ། །དེ་ཉིད་གསུངས་པ། སྤྲོས་ཏེ་ཆོས་སྐུ་ཞེས་ཏེ་སྣང་བ་མཐའ་ཡས་དེ་ཉིད་རྒྱས་པར་བྱེད་པས་ན་དེ་རྣམ་པར་བསྒོམས་ནས་ཆོས་ཀྱི་སྤྲིན་དེས་བདུད་རྩིས་བཀང་བའི་བུམ་པ་འཛིན་པ་དེ་ལ་ཟད་པ་མེད་པར་བྱ་
བའི་ཕྱིར་དབང་བསྐུར་རབ་ཏུ་སྩོལ་ཞེས་སོ། །དེ་ལྟར་བྱས་ན་བཀྲ་ཤིས་པར་འགྱུར་ཞེས་གསུངས་སོ། །རྡོ་རྗེ་བསམ་གཏན་ཞེས་པ་ལ་སོགས་པའོ། །ཆོས་ཀྱི་སྤྲིན་ནི་སྣང་བ་མཐའ་ཡས་སོ། །དམ་ཚིག་ནི་དཀར་མོའོ། །དེ་མང་པོ་འདུས་པ་ནི་བཀོད་པའོ། །དོན་ཡོད་གྲུབ་
པའི་རྣལ་འབྱོར་པས་དབང་དུ་བྱེད་པར་འདོད་པ་ལ་ནུས་པ་སྦྱིན་པ་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །དེ་ཡང་གོང་མ་ལྟར་ཁང་པ་བརྩེགས་མའི་དབུས་སུ་གནས་པ་རྡོ་རྗེ་དཀྱིལ་འཁོར་ཟླ་གམ་བསམ་ཞེས་པ་ནི་ཟླ་བ་ཕྱེད་པའི་རྣམ་པ་ལྟ་བུའི་ཉི་མའི་དཀྱིལ་འཁོར་
ཏེ་རླུང་གི་དཀྱིལ་འཁོར་ནི་མ་ཡིན་ནོ། །དེ་གོང་མ་ལྟར་རྡོ་རྗེ་མཁའ་ཞེས་པ་ནི་དོན་ཡོད་གྲུབ་པ་སྟེ། ཆོས་མཆོག་གཟུགས་ཞེས་པ་ནི་སྣང་བ་མཐའ་ཡས་ལྟར་འཁོར་ལོ་དང་ལྡན་པ་དམར་པོར་བསམས་ནས། དེའི་ཡེ་ཤེས་སེམས་དཔའི་སྙིང་གར་གཞན་དབང་དུ་བྱེད་པར་འདོད་པ་ནི་
Vol. 39 · folio 71a
གཞག་པར་བྱ་ཞེས་སོ། །དེ་ནས་ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཆེ་གེ་མོའི་བ་ཤཾ་རཱ་ག་པ་ཤཾ་ཀུ་རུ་ཧཱུཾ་ཧོཿཞེས་བརྗོད་པས་བ་སྤུའི་བུ་ག་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་བྱའོ་ཞེས་སོ། །དེ་རྣམས་
ཀྱང་འོད་ཟེར་ལྔའི་སྦྱོར་བ་ཡིས། གང་ཟག་དེ་ལ་གཟི་བརྗིད་དབབ་པར་བྱའོ་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། དེ་ནི་ཞེས་པ་ལ་སོགས་པའོ། །ལས་ཐབས་བྱེད་པར་ཞེས་པ་ནི་འདོད་པའི་ལས་ཀུན་གཞན་གྱིས་བྱེད་པའོ། །དགའ་བས་མྱོས་པའི་དབང་པོ་ནི་བརྒྱལ་བའོ། །དེ་དགྱེས་
ནས་ལས་ཐབས་ཆེན་པོ་ཡང་རབ་ཏུ་གསོལ་ཞེས་སོ། །དེ་བཞིན་དུ་བུད་མེད་ལ་སོགས་པ་བསྐུལ་བ་མ་བྱས་ཀྱང་མཐོང་བ་ཙམ་གྱིས་དབང་དུ་འགྱུར་ཞེས་སོ། །རིན་པོ་ཆེ་ནི་དོན་ཡོད་གྲུབ་པའོ། །དེའི་དམ་ཚིག་ནི་སྒྲོལ་མའོ། །དེའི་སྤྲིན་བཀོད་པ་ནི་གོང་མ་ལྟར་རོ། །ད་ནི་གོང་དུ་
གསུངས་པའི་མངོན་སྤྱོད་དང་འབྲེལ་བའི་ལས་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །དེ་ཡང་སངས་རྒྱས་ཀྱི་སྐུ་ཞི་བའི་བྱེ་བྲག་གིས་བསྡུས་པ་རྣམས་སླར་སྤྲོ་བར་བྱ་སྟེ། ཇི་ལྟ་བུ་ཞེ་ན། སྐྲ་འགྲེང་བ་རོ་ལངས་ཀྱི་གྲི་དང་ཀ་པཱ་ལ་འཛིན་པའི་སྲིན་པོ་དང་
ལུས་ལ་སོགས་པ་རྣོ་ཞིང་ཚ་བའི་ཁྲོ་བོ་དྲག་ཅིང་གཏུམ་པོ་དང་། དེ་བཞིན་དུ་སྒྲ་འབྱིན་པའི་ཝ་དང་བྱ་རོག་སྣ་ཚོགས་དང་། བྱ་རྒོད་ལྕགས་ཀྱི་མཆུ་ཅན་དང་། ཁྱི་ལྕགས་ཀྱི་མཆེ་བ་ཅན་གྱིས་གང་བར་བསྒོམ་ཞེས་སོ། །དེས་བསྐལ་པའི་མེ་བཞིན་དུ་འབར་བའི་མེའི་
དཀྱིལ་འཁོར་གྲུ་གསུམ་ལ་གནས་པ་སངས་རྒྱས་ཀུན་ལ་གནོད་པ་བྱེད་པའི་འོག་ནས་འབྱུང་བ་ལྟར་བསམས་ནས། སྐྲག་ཅིང་འཇིགས་པའི་བསྒྲུབ་བྱ་ཁ་སྦྱར་བ་བྱས་པས་སྲོག་བྱེ་བ་སྐྲ་གྲོལ་བ་སྣུམ་གྱིས་བྱུགས་པ་གཟི་བརྗིད་དང་བྲལ་བ་ལ་བསམས་ནས་རྣལ་འབྱོར་འདི་སྦྱར་བར་
བྱའོ་ཞེས་སོ། །དེ་ལས་དང་མཐུན་པའི་སྔགས་བཟླས་པས་གོང་མ་ལྟ་བུ་སྤྲོས་པས་དེ་དེ་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་ཐོགས་པས་གཅོད་པར་བྱེད་ཅིང་རྒྱུ་མ་ལ་སོགས་པ་ཐམས་ཅད་དྲངས་པར་བསྒོམས་པས་དཀོན་མཆོག་ལ་གནོད་པ་བྱེད་པའི་དགྲ་རྣམས་འཆི་ཞེས་སོ། །དེ་
Vol. 39 · folio 71b
ནས་བར་སྲིད་དྲངས་པ་ལ་སོགས་པས་མི་བསྐྱོད་པར་བསྐྱེད་ནས་སྲུང་མ་གཏད་པ་ལ་སོགས་པ་བྱས་པས་མངོན་དགའ་སྐྱེ་བར་འགྱུར་བས་ན་གཉིས་ཀ་དག་པའོ། །སྦྱོར་བ་དེའི་ནུས་པ་ཡང་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་
རིགས་ལས་བྱུང་བའི་སྲིན་པོ་ལ་སོགས་པའོ། །དེའི་སྤྲིན་བཀོད་པ་ནི་གོང་མ་ལྟར་ཏེ། དེ་ལས་བྱེད་པ་ལ་དེ་སྐད་ཅེས་བྱའོ། །ད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཞལ་ལ་སོགས་པ་བཤད་པ་དྲན་པར་བྱ་བ་དང་། མ་བཤད་པ་རྣམས་བཤད་པར་བྱ་བའི་ཕྱིར་
གསུངས་པ། རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ། །སྟོན་ཀའི་འདམ་བུ་ཞེས་པ་ཆུའི་སྒོ་ངའོ། །རྡོ་རྗེ་ཅན་ནི་མི་བསྐྱོད་པའོ། །ཞེ་སྡང་གི་རང་བཞིན་པས་ན་འཇིག་རྟེན་ཁམས་རྣམས་འཁྲུག་བྱེད་པའོ། །འདོད་ཆགས་ཅན་ནི་སྣང་བ་མཐའ་ཡས་སོ། །འདོད་
ཆགས་ཀྱི་རང་བཞིན་པས་ན་ལོངས་སྤྱོད་ཅན་ཞེས་སོ། །དེ་རྣམས་ཀྱི་གཡས་བར་མའི་མཚན་མ་གསུངས་པ། འཁོར་ལོ་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱང་ཕྱག་དྲུག་པ་བསྒོམས་ཞེས་སོ། །བཟང་པོ་མཚོན་ཆ་སྣ་ཚོགས་བསྣམས། །ཞེས་པ་ནི་ལེའུ་
དང་པོར་བཤད་པའོ། །འདིར་སངས་རྒྱས་གསུམ་པོ་ཉིད་གསུངས་པ་ནི་སྐུ་དང་གསུང་དང་ཐུགས་ཉིད་གཙོ་བོར་བསྟན་པའི་ཕྱིར་རོ། །དེ་བས་ན་གཉིས་པོ་ཡང་ལེའུ་དང་པོ་ལས་བཤད་པ་ལྟར་ཤེས་པར་བྱའོ། །སྤྱན་མ་ལ་སོགས་པའི་གསུངས་པ། སྤྱན་མ་ཞེས་པ་ལ་
སོགས་པའོ། །ཕན་པ་ཞེས་པ་ནི་བྱམས་པའི་རང་བཞིན་པས་སོ། །མཛེས་པའི་གཟུགས་ནི་ལྷའི་བུ་མོའི་ཆ་ལུགས་འཛིན་ཅིང་འཇོ་སྒེག་གི་རོས་རྣམ་པར་བརྒྱན་པའོ། །མཁས་སྐྱེས་སྤྱན་ནི་རྒྱལ་མོ་ཆེ། །ཞེས་པ་དེ་བཞིན་ཉིད་ལས་བྱུང་བའི་ལྷ་མོའི་ཤེས་བྱའི་རྣམ་
པ་མཁྱེན་པར་བྱེད་པའི་ཕྱིར་མཱ་མ་ཀཱིའོ། །དེ་བཞིན་དུ་སྐུ་གསུམ་ལས་ཞལ་གསུམ་འབྱུང་བའི་ལྷ་མོས་ཤེས་བྱའི་རྣམ་པར་ཤེས་པར་བྱེད་པས་ན་ཞལ་སྐྱེས་སྤྱན་ནི་རྒྱལ་མོ་ཆེ་སྟེ་གོས་དཀར་མོའོ། །བཟང་མོ་འཕགས་མ་སྒྲོལ་མའོ། །རྡོ་རྗེ་མཚན་པའི་ཨུཏྤལ་བསྣམས་པའོ། །
Vol. 39 · folio 72a
གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་ནི་ལེའུ་དང་པོར་ཤེས་པར་བྱའོ། །ཁྲོ་བོ་བཞིའི་གསུངས་པ། ཁྲོ་བོ་ཆེན་པོ་ཞེས་པ་ལ་སོགས་པའོ། །དྲག་པོ་ཞེས་པ་ནི་ཞལ་རྒོད་པ་ལ་སོགས་པའོ། །དྲག་པོ་འཇིགས་པ་ནི་ལྷ་ཆེན་པོའོ། །དེ་འཇིགས་པར་བྱེད་པ་ནི་
གཤིན་རྗེ་གཤེད་པོའོ། །དྲག་ཏུ་བཞད་པའི་སྒྲ་གསང་མཐོ་བ་སྒྲོགས་པས་ཐུབ་པའི་དབང་པོ་སྐྲག་པར་བྱེད་ཅིང་རི་རབ་ཀྱང་སྒྱེལ་བར་བྱེད་པའོ། །སྦྱོར་བ་ཅན་ཞེས་པ་ནི་རྣལ་འབྱོར་དང་ལྡན་པས་སོ། །རྡོ་རྗེ་མི་འཆི་ཞེས་པ་ནི་བདུད་རྩི་འཁྱིལ་པའོ། །འཇོམས་པ་མྱུར་བའི་
དཔེ། དྲག་པོ་འཁོར་ལོ་འབར་བ་འདྲ། །ཞེས་སོ། །རང་བཞིན་དུ་གཏོགས་པའི་ཁྲོ་བོ་རྣམས་ནི་བསམ་གཏན་དང་རི་མོའི་དཀྱིལ་འཁོར་གཉིས་བསྲུང་བ་ལ་དགོད་པ་དང་། ལས་ཀྱི་ཁྱད་པར་ལ་དགོངས་པའི་ཕྱིར་ན་གསུངས་པ། ཊཀྐིའི་རྒྱལ་པོ་ཞེས་པ་ལ་སོགས་པའོ། །
ཕྱག་བཞི་ཞེས་པ་ནི་མཚན་དང་ལྡན་པ་སྨོས་པའོ། །འཁོར་ལོ་སྟེ་ཞེས་པ་ནི་མྱུར་བར་གདུག་པ་འཇོམས་པ་ལ་དཔའ་བའོ། །འབར་བ་རྣོན་པོ་ཅན་དུ་བསྒོམ། །ཞེས་པ་ནི་མེའི་འོད་ཟེར་ཚ་ཞིང་རྣོ་བའི་གཟུགས་ཡོད་པ་ལ་དེ་སྐད་དུ། རྡོ་རྗེ་ལས་བྱུང་བ་ནི་དེའི་རིགས་སོ། །ཟུར་
གྱིས་ལྟ་བ་ནི་མིག་གཅིག་ཞི་བ་ཞེས་པ་ནི་གཞན་ལ་ལྟོས་པའོ། །ཡི་གེ་གཅིག་ཅེས་པ་ནི་གཙུག་ཏོར་བདུན་ཆར་ས་བོན་གཅིག་སྟེ་བྲུཾ་ཁོ་ནས་བསྐྱེད་ཅེས་སོ། །ཤེས་རབ་མཐར་བྱེད་ནི་ཡི་གེ་པྲཾ་ངོ་། །པདྨ་མཐར་བྱེད་ནི་ཡི་གེ་ཧའོ། །གཞན་རྣམས་ནི་ཧཱུཾ་ལས་བསྐྱེད་པའོ། །
རྩེ་གཅིག་པ་རྣམ་པར་བསམས་པས་ན་བསམ་གཏན་དཀྱིལ་འཁོར་རོ། །དེ་རྣམས་ལ་ལྔ་ནི་མི་བསྐྱོད་པ་ལྟ་བུའོ། །གཙུག་ཏོར་ནི་རིན་ཆེན་འབྱུང་ལྡན་ལྟ་བུའོ། །འདོད་པའི་རྒྱལ་པོ་ནི་ཕྱག་ན་ལྕགས་ཀྱུ་རལ་གྲི་རིན་པོ་ཆེ་པདྨ་འཛིན་པའོ། །དབྱུག་པ་སྔོན་པོ་ནི་དབྱུག་པ་
རལ་གྲི་རིན་པོ་ཆེ་པདྨ་འཛིན་པའོ། །སྟོབས་པོ་ཆེ་གསལ་ཤིང་རལ་གྲི་རིན་པོ་ཆེ་པདྨ་འཛིན་པའོ། །མི་གཡོ་མགོན་པོ་རལ་གྲི་རྡོ་རྗེ་རིན་པོ་ཆེ་པདྨ་འཛིན་པའོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་རལ་གྲི་རིན་པོ་ཆེ་པདྨ་འཛིན་པའོ། །གནོད་མཛེས་རྡོ་རྗེ་རལ་གྲི་རིན་པོ་ཆེ་པདྨ་
Vol. 39 · folio 72b
འཛིན་པའོ། །དེ་དག་ཀྱང་འགྱིང་བག་ཏུ་ཁྲོ་བ་མཆེ་བ་ཅུང་ཟད་གཙིགས་པ་སྨ་ར་ཅན་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྒོམ་པའོ། །སྤྱིར་ཁྲོ་བོ་དེ་ཐམས་ཅད་ཀྱང་སྣ་ཚོགས་པདྨའི་སྟེང་ན་ཉི་མའི་གདན་ལ་གཡས་བསྐུམ་གཡོན་བརྐྱང་བའི་བར་ན་སོར་ཉི་ཤུ་རྩ་གཉིས་ཡོད་པར་བྱའོ་ཞེས་སོ། །
འདི་རྣམས་ཀྱི་བདག་པོའི་ངེས་པ་ནི་སོ་སོའི་སྒོམ་ཁོག་འོག་ཏུ་ཤེས་པར་བྱའོ། །གོང་དུ་གསུངས་པ་གཙུག་ཏོར་དམ་ཚིག་ཅེས་པ་བསྟན་པའི་ཕྱིར། གཟི་བརྗིད་ཕུང་པོ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་རང་བཞིན་པས་ན་
གཙུག་ཏོར་གཟི་བརྗིད་ཕུང་པོའོ། །གང་གིས་གནོན་པར་མི་ནུས་པའི་གཙུག་ཏོར་མངའ་བས་ན་གཙུག་ཏོར་རྒྱལ་པོའོ། །གཞན་ཡང་སྔགས་ཀྱི་འཁོར་ལོ་ཅན། །ཞེས་པ་ནི་འཁོར་ལོ་དང་ལྡན་པའི་གཙུག་ཏོར་དྲུག་སྟེ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ངེས་
པ་ནི་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཤེས་པར་བྱའོ། །དམ་ཚིག་སྤྱོད་པ་འདི་རྣམས་ཞེས་པ་ནི་བགེགས་ཀྱི་གནོད་པ་སྲུང་བ་ལས་མི་འདའ་བའི་ཕྱིར་རོ། །སོ་སོ་དག་ཏུ་ཞེས་པ་ནི་འདི་རྣམས་ལས་གང་ཡང་རུང་བའི་རེ་རེ་བསྲུང་བའི་དོན་དུ་བསྒོམ་པར་བྱའོ་ཞེས་སོ། །
ཁྲོ་བོ་འདི་རྣམས་དང་མཐུན་པའི་གསང་སྔགས་དང་སྦྱོར་བ་ནི་རྒྱུད་གཞན་ལས་བཤད་པ་ཡིན་ཞེས་སོ། །ཁྲོ་བོ་དེ་རྣམས་ཀྱི་ཆེ་བ་ཡང་། ཁྲོ་བོ་དག་ནི་རེ་རེ་ཡང་། །སྤྲུལ་པ་གཞན་དང་མཐུན་པར་འབྱུང་བས་ན། །མཁས་པས་ཤིན་ཏུ་ཁྱད་པར་འཕགས། །ཞེས་སོ། །
ད་ནི་འདོད་པའི་ལྷའི་རྣལ་འབྱོར་པས་རྡོ་རྗེ་འཛིན་པ་ལ་བྱུང་བའི་རང་གི་ལྷས་སྔོན་དུ་བསྙེན་པ་བྱ་བའི་ཆོ་ག་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ་ཇི་སྐད་དུ་གསུངས་པའི་ཡོན་ཏན་དང་ལྡན་པའི་སྒྲུབ་པ་པོས་རི་ལ་སོགས་པ་ཡིད་དུ་འོང་བའི་
གནས་བྱི་དོར་བྱས་ནས་དེར་བདེ་བའི་སྟན་ལ་འདུག་སྟེ། ཐ་མལ་པའི་ལུས་ཀྱི་སྙིང་གར་ཟླ་བ་ས་བོན་བསྒོམས་ཏེ། དེའི་འོད་ཟེར་གྱིས་ཡུལ་གསལ་བར་བྱས་ནས་ཚངས་པའི་སྤྱོད་པ་བཞི་དམིགས་ཏེ་རྟེན་གསལ་བར་བྱ་བ་ལ་སོགས་པ་གཞན་དུ་མཐོང་བས་བསོད་
Vol. 39 · folio 73a
ནམས་ཀྱི་ཚོགས་བསགས་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་དམིགས་ནས་བགེགས་ཀྱི་ཚོགས་དགག་པར་བྱས་ནས། དེར་སྤྱི་གཟུགས་གྱུར་པ་ལས་ནམ་མཁའི་དབྱིངས་ཏེ། ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་རྟག་པ་ལས་བྱུང་བའི་
གཞལ་ཡས་ཁང་པ་བསམས་པའི་དབུས་སུ་གསལ་བའི་དཀྱིལ་འཁོར་ཏེ་ཟླ་བའི་གདན་བསམ་པར་བྱའོ། །དེའི་སྟེང་དུ། སངས་རྒྱས་གཟུགས་ནི་རབ་བསྒོམས་ནས། །ཞེས་ཏེ། ཡེ་ཤེས་ལྔས་དང་པོའི་མགོན་པོ་ཆོ་ག་བཞིས་བསྐྱེད་ནས། དེས་འགྲོ་བ་རྣམས་སྔགས་
ཀྱི་སྣོད་རུང་བར་བྱ་བའི་ཆོ་ག་རྫོགས་པས་གནས་གྱུར་པ་ལས། ལྷ་མོའི་གླུས་བསྐུལ་བས་ས་བོན་ལ་སོགས་པའི་རིམ་པས་རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །ཞེས་སོ། །ཇི་ལྟ་བུ་ཞེ་ན། གསལ་ཞིང་ཞེས་པ་ལ་སོགས་པའོ། །མེ་ལོང་འདྲ་བ་ལས་བྱུང་བ། །ཞེས་པ་ནི་
ཆོས་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་དེ་བྱིན་གྱིས་བརླབས་པའོ། །རྒྱན་རྣམས་ཀུན་ཞེས་པ་ནི་གདུ་བུ་ལ་སོགས་པས་བརྒྱན་པར་བསམས་ན་སྒྲུབ་པ་པོ་དེས་བྱང་ཆུབ་ཐོབ་ཅེས་སོ། །དེ་ནས་ཉེ་བར་སྒྲུབ་པ་ལ་སོགས་པས་རྒྱས་བཏབ་
ནས། བར་གྱི་འདུ་བྱེད་ལ་སོགས་པའི་ཆོ་ག་རྫོགས་པས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྐྱེད་དེ་ཕྱུང་ནས། གནས་སུ་གནས་པ་ལ་འཁོར་ལོ་གཞན་དང་གཉིས་སུ་མེད་པར་བྱ་བ་དང་ཉེ་བར་སྒྲུབ་པ་ལ་སོགས་པས་རྒྱས་བཏབ་པ་ལས། བླ་ན་མེད་
པའི་མཆོད་པས་མཉེས་པར་བྱས་པས་ཆེ་བའི་དངོས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐིག་ལེ་ལ་སོགས་པ་བསྒོམས་པས་སེམས་དབང་དུ་འགྱུར་བར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་རྫོགས་པའི་རྣལ་འབྱོར་པ་ཡན་ལག་གཞན་ཡང་བྱས་ནས་དུས་རྣམ་པ་
བཞིར་གོམས་པར་བྱའོ། །དེ་ཉིད་ལ། བསམ་གཏན་རྡོ་རྗེ་རབ་བསྒོམས་ན། །ཞེས་སོ། །སངས་རྒྱས་ཆེ་བའི་བདག་ཅེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་སྟེ་ཡུལ་ཆད་པ་མེད་པས་ན་འཇིག་རྟེན་ཐམས་ཅད་དབང་དུ་བྱེད་པའོ། །ཚེ་འདི་ཉིད་ཀྱིས་ཐོབ་པར་འགྱུར་
Vol. 39 · folio 73b
ཞེས་པ་ནི་འཇིག་རྟེན་གྱི་ཆོས་བརྒྱད་སྤངས་པ། འདོད་པ་ལ་ཅི་རིགས་པར་སྤྱོད་ཅིང་ལུས་གནས་པར་འགྱུར་བ་ཙམ་གྱིས་ཆོག་ཤེས་པའི་རྣལ་འབྱོར་པས་གོང་དུ་གསུངས་པའི་སྦྱོར་བས་རྣལ་འབྱོར་གོང་ནས་གོང་དུ་འགྲོ་བས་རང་གི་རིགས་ཀྱི་དབུགས་འབྱིན་པས་མཐོང་བའི་ཆོས་ལ་མྱ་
ངན་ལས་འདའ་བར་འགྱུར་རོ་ཞེས་བྱའོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི་བཟའ་བ་དང་བསྲུང་བའོ། །དེ་སྔོན་དུ་འགྲོ་བའི་སྦྱོར་བ་ནི་འབྱུང་བའོ། །དེས་འབྲས་བུ་མངོན་དུ་བྱེད་པས་ན་མཛེས་པའི་རྡོ་རྗེའོ་ཞེས་བྱའོ། །
རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནི་དེའི་རིགས་ཀྱི་འཁོར་ལོའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་ཟླ་བ་ལ་གནས་པའི་རྡོ་རྗེ་སེམས་དཔའ་འམ། ཉི་མ་ལ་གནས་པའི་མི་བསྐྱོད་པའོ། །དེ་ལ་མི་བསྐྱོད་པ་ནི་ཞེ་སྡང་གི་རང་བཞིན་པས་ན་མཆེ་བ་ཅུང་ཟད་གཙིགས་པས་ན་ཁྲོ་བོའོ། །
རྡོ་རྗེ་སེམས་དཔའ་ནི་ཟླ་བ་ལྟ་བུའི་ཁ་དོག་མངའ་བས་ན་གསལ་བའི་ལུས་དང་འདྲ་ཞེས་སོ། །སྦྱོར་བ་འདིས་ཉོན་མོངས་སེལ་བས་ན་ཞི་བའི་བསམ་གཏན་ནོ། །རྡོ་རྗེ་དམ་ཚིག་དང་། དེ་ལས་བྱུང་བ་དང་། ཞལ་བཟང་ནི་གོང་མ་ལྟར་བཤད་དོ། །ཆོས་ཀྱི་སེམས་དཔའ་
ཞེས་པ་ནི་སྣང་བ་མཐའ་ཡས་སོ། །གསལ་བའི་ལུས་འཛིན་ཞེས་པ་ནི་བནྡུ་ཀ་ལྟར་གསལ་བ་སྟེ། ཟླ་བ་ལྟ་བུ་ནི་མ་ཡིན་ནོ། །ཆོས་ཀྱི་བདག་ཉིད་ཆེ་ཞེས་པ་ནི་བཤད་པའི་ཆོས་ནི་གསུང་གི་ངོ་བོའོ། །ཡེ་ཤེས་རྒྱ་མཚོ་ནི་སྟོབས་ལ་སོགས་པའོ། །ཆོས་ཀྱི་སེམས་
དཔའི་དམ་ཚིག་དང་འབྱུང་བ་དང་སྤྱན་བཟང་རྡོ་རྗེ་ཞེས་པ་ཡང་གོང་མ་ལྟར་བཤད་དོ། །རིན་ཆེན་དབང་ཕྱུག་དང་དོན་ཡོད་གྲུབ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྤྱན་མ་ལ་སོགས་པ་བཞིའི་སྦྱོར་བ་ཡང་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཀྱིས་
འགྲན་ཟླ་མེད་པའི་ཞལ་མངའ་བས་ན་ཞལ་བཟང་ངོ་། །བྱམས་པའི་སྤྱན་གྱིས་འགྲོ་བ་ཐམས་ཅད་ཉི་ཚེ་བར་གཟིགས་པས་ན་སྤྱན་ནི་རབ་ཏུ་ཡངས་སོ། །སྒྱུ་མའི་མཆོག་ལྡན་པ་ཞེས་པ་ནི་སྟེག་པ་དང་རོལ་བ་ལ་སོགས་པའི་སྒྱུ་མའི་བསྟན་བཅོས་ཤེས་པའོ། །ཁམས་
Vol. 39 · folio 74a
གསུམ་ལ་དབང་བའི་ཡེ་ཤེས་ནི་གཉིས་སུ་མེད་པ་སྟེ་དེའི་ལམ་མོ། །སྤྱན་ཞེས་བྱ་བ་མི་འདའ་བས་ན་དམ་ཚིག་གི་ཕྱག་རྒྱ་སྟེ། དེས་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱེད་པས་ན་མཆོག་དང་ལྡན་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནི་ཐུགས་ཀྱི་རྣམ་པར་དག་པའི་མཱ་མ་
ཀཱིའི་དཀྱིལ་འཁོར་ཏེ་རིགས་ཀྱི་བདག་པོས་རྣམ་པར་དག་པའོ། །རྡོ་རྗེ་མཆོག་གི་དམ་ཚིག་ཅེས་པ་ནི་རྡོ་རྗེའི་རིགས་རྣམས་ཀྱིས་འདའ་བར་བྱས་པ་མ་ཡིན་པ་མཱ་མ་ཀཱི་ཟླ་བའི་གདན་ལ་བསྒོམ་མོ་ཞེས་པའོ། །འགྱུར་བའི་མཆོག་ཅེས་པ་ནི་དེ་ཐོབ་པར་བྱེད་པའི་ལམ་ཞེས་པའོ། །
མཐིང་ག་ཞེས་པ་ནི་དམར་པོ་ཞེས་བསྒྱུར་རོ། །ནམ་མཁའི་འོད་ཟེར་ནི་ཆོས་ཀྱི་དབྱིངས་སོ། །དེའི་སྤྲིན་ནི་མཱ་མ་ཀཱི་སྟེ་སྙིང་རྗེའི་རླན་ཅན་ནོ། །དེ་ཉིད་རྡོ་རྗེ་སྟེ་མི་བསྐྱོད་པ་ཚིམ་པར་བྱེད་པ་ཞེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ཞེས་པ་ནི་གསུང་གི་རྣམ་པར་དག་པའི་གོས་
དཀར་མོའི་འཁོར་ལོའོ། །འདོད་ཆགས་ཆགས་པས་སྡུག་པའི་མཆོག །ཅེས་པ་ནི་དེའི་སྤྱོད་པ་མཁས་ཤིང་ལྡེམ་བག་ཅན་དུ་ཀུན་གྱི་ཡིད་དུ་འོང་བའོ། །དཔྲལ་བའི་དབྱེས་ཆེ་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །རྡོ་རྗེ་ཆོས་མ་
ཞེས་པ་ནི་ན་བཟའ་དཀར་མོ་ཟླ་བའི་གདན་རབ་ཏུ་བསྒོམ་ཞེས་སོ། །ཆོས་ཀྱི་ཡེ་ཤེས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་འབྱུང་བའི་གནས་སུ་གྱུར་པས་ན་དེ་སྐད་དོ། །ཨུཏྤ་ལ་ཞེས་པ་ནི་རྟགས་དབང་གི་ཚིག་སྟེ་པདྨ་ལ་བྱའོ། །ཆོས་ཀྱི་དམ་ཚིག་ནི་གོས་དཀར་མོའོ། །
དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྱུར་བ་མེད་པའོ། །དེ་ཀུན་དུ་སྟོན་པ་རྡོ་རྗེ་ཞེས་བྱའོ། །དངོས་གྲུབ་དཀྱིལ་འཁོར་ཞེས་པ་ནི་དོན་ཡོད་གྲུབ་པས་རྣམ་པར་དག་པའི་སྒྲོལ་མ་གཙོ་བོ་གྱུར་པའོ། །སྒྲོལ་མ་མཆོག་ཅེས་པ་ནི་མི་སླུ་བ་ལ་སོགས་
པས་ཐ་མལ་པ་ལས་གྲོལ་བ་སྟེ་ཟླ་བའི་གདན་ལ་བསྒོམ་པར་བྱ་ཞེས་སོ། །དམ་ཚིག་སྒྲོལ་མཆོག་ནི་ལྷ་མོ་དེའོ། །དབྱེར་མེད་པས་ན་རྡོ་རྗེའོ། །རྡོ་རྗེ་དགའ་མ་ནི་ཀུན་གྱི་དཔལ་དུ་གྱུར་པས་རྒྱལ་མཚན་ནོ། །གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་
Vol. 39 · folio 74b
མཉེས་པར་བྱེད་པའི་དཀྱིལ་འཁོར་གྱི་ལྷ་ལ་དགོད་པ་ཡིན་གྱི། སྤྱན་མ་ལ་སོགས་པ་ལྟར་འཁོར་ལོའི་བདག་པོ་མ་ཡིན་ནོ། །གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར་བ་གསུངས་པ། ཉི་མའི་དཀྱིལ་འཁོར་ཞེས་པའོ། །ཕྱག་ན་རལ་གྲི་ནི་མཚོན་པ་ཙམ་སྟེ་གཞན་ཡང་ཤེས་
པར་བྱའོ། །སྣང་མཛད་དབུ་རྒྱན་ལ་བསྒོམས་ན། །ཞེས་པ་ནི་མེ་ལོང་ལྟ་བུར་རྣམ་པར་དག་པ་ལས་བྱུང་བའི་ཕྱིར་གཤིན་རྗེ་གཤེད་ཀྱི་ལོངས་སྤྱོད་བཞི་པ་ཡིན་ནོ། །རྡོ་རྗེ་ཅན་ཞེས་པ་ནི་གཤིན་རྗེ་གཤེད་དོ། །དེ་དམ་པ་ཡང་དག་པའི་སངས་རྒྱས་སུ་བྱེད་པས་ན་དགྱེས་པར་
འགྱུར་བའོ། །དེ་ཁྲོ་བོ་ཀུན་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་གོ། །གཤིན་རྗེ་ལས་ཡེ་ཤེས་ཀྱི་འོད་འཕྲོ་བ་སྣང་བ་ཉིད་མངའ་བས་ན་བཀོད་པའོ། །གཞན་གྱིས་མི་ཐུབ་ཅེས་པ་ནི་བརྩོན་འགྲུས་རྣམ་པ་བཞིས་དེའི་སྐྱོན་ཁོ་ན་མེད་པར་བྱེད་པའི་ཕྱིར་རོ། །འབར་བའི་འོད་
ཟེར་མང་པོ་ཅན། །ཞེས་པ་ནི་ཉི་མའི་འོད་ཀྱི་དཀྱིལ་འཁོར་རོ། །གཞན་རྣམས་མེའི་འོག་ཏུ་གནས་པའོ། །སྦྲུལ་གྱིས་བརྒྱན་ཅིང་སྐ་རགས་བྱས། །ཞེས་པ་ནི་གོང་མ་ལྟར་ཀུན་ལ་ཤེས་པར་བྱའོ། །རྡོ་རྗེ་བགྲོད་པ་འཇིགས་འཇིགས་ལྟ། །ཞེས་པ་ཡང་ཀུན་ལ་ཤེས་པར་བྱའོ། །
གཞན་གྱིས་མི་ཐུབ་པ་ནི་ཁྲོ་བོའོ། །དེ་ཉིད་དེ་བཞིན་གཤེགས་པ་བཀོད་པས་ན་རྡོ་རྗེ་བཀོད་པའོ། །རྡོ་རྗེ་རྟ་ཞེས་བྱ་བ་བསྒོམ་ཞེས་པ་ནི་ཚངས་པ་ལ་སོགས་པ་འདུལ་བའི་དོན་དུ་དབུ་ལ་རྟ་འབྱུང་བའི་ཕྱིར་རོ། །འགྲོ་བ་རྣམས་ཀྱི་དོན་དུ་དབུ་ལ་རྟ་འབྱུང་བ་སྲིད་པའོ། །དེ་ཉིད་དེ་བཞིན་
གཤེགས་པ་མང་པོ་འདུས་པས་ན་རྣམ་པར་བཀོད་པའོ། །རྡོ་རྗེ་མི་འཆི་ཞེས་པ་ནི་བདུད་རྩི་འཁྱིལ་པ་སྟེ་ཏིང་ངེ་འཛིན་གྱིས་རྣམ་པར་རྟོག་པའི་འཆི་བ་དང་བྲལ་བར་བྱེད་པའི་ཕྱིར་རོ། །མི་འཆི་བ་ནི་དེ་ཉིད་དོ། །དེ་བཞིན་གཤེགས་པ་རྣམས་མི་འདའ་བས་ན་དམ་ཚིག་རྡོ་རྗེའོ། །
དེ་རྣམས་ནི་པདྨ་མཐར་བྱེད་ནི་འོད་དཔག་མེད་ཀྱིས་དབུ་བརྒྱན་ཏེ་དེའི་རིགས་ལས་སྐྱེས་པའི་ཕྱིར་རོ། །གཞན་རྣམས་ནི་མི་བསྐྱོད་པས་དབུ་བརྒྱན་པར་ཤེས་པར་བྱའོ། །ད་ནི་ལས་ཀྱི་ཁྱད་པར་གྱི་སྐབས་སུ་འདོད་པའི་རྒྱལ་པོ་ལ་སོགས་པའི་སྦྱོར་བ་གསུངས་པ། ཉི་མའི་དཀྱིལ་
Vol. 39 · folio 75a
འཁོར་ཞེས་པ་ལ་སོགས་པའོ། རྡོ་རྗེ་འོད་གསལ་ཞེས་པ་ནི་རྡོ་རྗེ་ལྟ་བུའི་འོད་དེ་རྣམ་པར་སྨིན་པ་མ་ཡིན་ནོ། །རང་བཞིན་ནི་རྩེ་གཅིག་པར་བྱས་པས་ན། བསམ་གཏན་རྡོ་རྗེ་སྟེ་འདོད་པའི་རྒྱལ་པོའོ། །དེའི་རྫོགས་པར་བྱང་ཆུབ་པ་ནི་སྦྱོར་བའོ། །
སྟོབས་པོ་ཆེ་ཞེས་པ་ནི་གསང་བའི་བདག་པོ་བས་སོ། །རྡོ་རྗེ་གསུམ་གྱི་གནས་ཞེས་པ་ནི་དེའི་ངོ་བོ་དཀྱིལ་འཁོར་གསུམ་ལ་གནས་ནས་ཆར་འབེབས་པས་རྒྱན་དུ་བྱེད་པའོ། །རྡོ་རྗེ་གསུམ་གྱི་སྟོབས་མངའ་བའོ། །དེ་ཉིད་དེ་བཞིན་གཤེགས་པ་མང་པོ་འདུས་པས་ན་རྡོ་རྗེ་
བཀོད་པའོ། །རྡོ་རྗེ་སྔོན་པོ་ནི་དབྱུག་པ་སྔོན་པོའོ། །ཁྲོ་བོ་རྒྱ་མཚོ་ལྟ་བུ་འདུག་པ་རྣམས་བསྐྱོད་པའི་རྒྱུར་གྱུར་པས་ན་རྒྱ་མཚོ་ནག་པོ་སྐྱོད་པར་བྱེད་ཅེས་སོ། །རྡོ་རྗེས་མཚན་པའི་དབྱུག་པ་ཐོགས་པས་ན་རྡོ་རྗེ་དབྱུག་པའོ། །དེ་ཉིད་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་
མཆོག་སྟེ་གོང་མ་ལྟར་བཀོད་པའོ། །མི་གཡོ་མཆོག་ཅེས་པ་ནི་མི་གཡོ་མགོན་པོའོ། །ཁྲོས་ཤིང་འཇིགས་པ་ཞེས་པ་ནི་གཡས་པའོ། ཟུར་གྱིས་ལྟ་བ་ནི་གཡོན་པའོ། །གཙིགས་པ་ནི་གཡས་ཀྱི་མཆེ་བ་གཙིགས་པའོ། །ཞགས་པ་ནི་དགུག་པའི་ལས་ལ་ཞེས་སོ། །
ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བའི་ཕྱིར་ན་རྡོ་རྗེ་དབྱིངས་ཀྱི་དམ་ཚིག་གོ། །བརྟན་ཞིང་མི་འགྱུར་བས་ན་ཞབས་ཀྱིས་གནོན་པའོ། །དེ་ཉིད་གོང་མ་ལྟར་བཀོད་པའོ། །རིག་པའི་འཁོར་ལོ་ཞེས་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །འཁོར་ལོ་འབར་བས་ཡོངས་
སུ་བསྐོར། །ཞེས་པ་ནི་མེའི་འོད་ཀྱི་ནང་དུ་འཁོར་ལོ་འབར་བས་བསྐོར་བའོ། །སྟེང་དུ་གནས་པས་ན་གཙུག་ཏོར་འཁོར་ལོའོ། །གཙུག་ཏོར་གྱི་དམ་ཚིག་ནི་ཁྲོ་བོའོ། །རིམ་པ་རྣམ་པར་དག་པས་ན་རིག་པའི་སྟོབས་སོ། །དེ་བཞིན་གཤེགས་པའི་འཁོར་
འདུས་པས་ན་འཁོར་ལོ་བཀོད་པའོ། །རྡོ་རྗེ་གསུམ་ཞེས་པ་ནི་གནོད་མཛེས་རྒྱལ་པོའོ། །མེ་ལྕེ་རྣོན་པོ་འབར་བའི་སྐུ། །ཞེས་པ་ནི། སྐུ་ལས་འོད་འཕྲོ་བ་རྣམས་རྣོ་ཞིང་ཚ་བའི་ཕྱིར་རོ། །མི་བསྐྱོད་པའི་རང་བཞིན་ནི་རྡོ་རྗེའི་དམ་ཚིག་གོ། །དེ་ལ་གསུམ་པ་རབ་ཏུ་འབྱུང་བ་སྟེ་
Vol. 39 · folio 75b
སྐྱེས་པའོ། །དེ་ཉིད་གོང་མ་ལྟར་བཀོད་པ་ཞེས་བྱའོ། །དེའི་སྦྱོར་བ་གང་ཡིན་པ་ནི་ཏིང་ངེ་འཛིན་ཏོ། །དེ་རྣམས་ནི་མི་བསྐྱོད་པས་དབུ་བརྒྱན་པ་སྟེ་དེའི་རིགས་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་ན་བླ་མ་ཆེན་པོའི་དད་པའི་ལྷ་སྟེ་འཇམ་པའི་དབྱངས་སོ། །ཐབས་ཀྱི་བདག་
པོ་རྡོ་རྗེ་འཛིན་ཆེན་པོ་སྟེ། ཆོ་ག་ཉི་ཤུ་དང་ལྡན་པའི་སྒོམ་ཁོག་བཅོ་ལྔའོ། །དེ་ཉིད་ལྷ་རེ་རེའི་དབང་དུ་བྱས་པས་ཆོ་ག་བརྒྱད་པ་བཅོ་ལྔའོ། །དེ་ལ་ཡང་གཅིག་ནི་ཆོ་ག་བཞིར་ཡང་ཤེས་པར་བྱའོ། །དེ་ལྟར་འཁོར་ལོ་དང་ལྡན་པའི་སྒོམ་ཁོག་བཅོ་ལྔ་ལ་ཆ་མཐུན་པ་དང་།
ལྷག་པར་མོས་པ་མ་གཏོགས་པའི་ཆོ་ག་སུམ་བརྒྱར་ཤེས་པར་བྱའོ། །དེ་བཞིན་དྲན་པ་གཅིག་པའི་རྣལ་འབྱོར་པའི་ཆོ་ག་བརྒྱ་ཉི་ཤུ་རྩ་བཞིར་ཤེས་པར་བྱའོ། །དེ་ལྟར་ན་ཆོ་ག་བཞི་བརྒྱ་ཉི་ཤུ་རྩ་བཞིས་སྔོན་དུ་བསྙེན་པ་བྱ་བ་བསྟན་ཏོ། །དེ་རྣམས་དང་སྒོམ་ཁོག་
བཅོ་བརྒྱད་ལ་ཆོ་ག་བརྒྱ་ཉི་ཤུ་རྩ་བརྒྱད་ལ་ཆོ་ག་གསུམ་གྱིས་བསྣན་ན་ཆོ་ག་ལྔ་བརྒྱ་ལྔ་བཅུ་རྩ་ལྔས་སྒྲུབ་པ་བྱེད་པར་ཤེས་པར་བྱའོ། །ད་ནི་ཁྲོ་བོ་རྣམས་ཀྱི་སྒྲུབ་པ་ལ་སོགས་པའི་ལས་ཀྱིས་རྡོ་རྗེ་ཡེ་ཤེས་ཀྱང་འགྲུབ་པ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་
རྒྱས་འཁོར་ལོ་བཀོད་པ་ཡིས། །ཞེས་པ་ནི་སངས་རྒྱས་གང་ཡང་རུང་བའི་རྣལ་འབྱོར་པས་དེའི་འཁོར་ལོ་བཀོད་པའོ། །དེས་ཏིང་ངེ་འཛིན་དབྱེར་མི་ཕྱེད་པའི་རང་བཞིན་རྡོ་རྗེ་ལྟ་བུའི་ཡེ་ཤེས་རྣམས་མངོན་དུ་བྱ་བའི་ཕྱིར་ཞེས་སོ། །འགོག་པ་ནི་བགེགས་རྣམས་ཉེ་བར་གཅོད་
པའོ། །གང་གིས་ཤེ་ན་གོང་དུ་གསུངས་པའི་ཁྲོ་བོ་རྡོ་རྗེ་ཡིས་ཞེས་སོ། །དེས་ཅི་འགྲུབ་ཅེ་ན། རྡོ་རྗེ་དཀྱིལ་འཁོར་འགྲུབ་པར་འགྱུར་ཞེ་ན། དབྱེར་མི་ཕྱེད་པའི་ལྷའི་འཁོར་ལོ་དེ་འགྲུབ་པར་འགྱུར་བའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་ལས་མི་འདའ་
བས་ན་དམ་ཚིག་ནི་དེའི་རིགས་སོ། །མང་པོ་འདུས་པས་ན་བཀོད་པའོ། །སྐུ་ལ་སོགས་པའི་ངོ་བོ་ཉིད་ནི་དེ་ཁོ་ན་ཉིད་དོ། །དེའི་དོན་བསྒོམ་པས་བཟླས་བརྗོད་དོ། །དེ་ཉིད་མངོན་པར་བྱང་ཆུབ་པའི་རྒྱུ་བས་ན་མངོན་པར་བྱང་ཆུབ་པའོ། །དེ་སྟོན་པར་བྱེད་པའི་གཞུང་གི་ལེའུ་
Vol. 39 · folio 76a
སྟེ་བཅུ་གསུམ་པའོ། །ལེའུ་བཅུ་གསུམ་པའི་འགྲེལ་པའོ།། །།ལེའུ་བཅུ་བཞི་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པས་སྤྱན་མས་ཤི་བ་སོས་པར་གསུངས་པ། ཞི་བའི་དམ་ཚིག་ཅེས་པ་ཞི་བའི་རྒྱུར་གྱུར་པ་ནི་སྤྱན་ཏེ་དེ་ཉིད་རྣམ་པར་
སྣང་མཛད་པས་ན་མཆོག་གོ། །དེ་བས་ན་རིགས་ཀྱི་བདག་པོའི་ཏིང་ངེ་འཛིན་ལ་གནས་པས་ན་དེའི་རིགས་ལས་བྱུང་བའི་སྔགས་ཀྱི་བདག་ཉིད་ཅན་གྱི་ལྷ་མི་འབྱུང་ངོ་ཞེས་གཞན་རྣམས་ལ་ཡང་སྦྱར་བར་བྱའོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ལ་སོགས་པ་
ནི་གོང་མ་ལྟར་སྦྱར་ཏེ་ཏིང་ངེ་འཛིན་ཏོ། །ཨོཾ་ཞེས་པ་ལ་སོགས་པས་ནི་ལྷ་དང་དབྱེར་མེད་པའི་སྔགས་བསྟན་ཏོ། །འདི་ནི་ཞེས་པ་ལ་སོགས་པའོ། །འབྱོར་པ་ཀུན་ཞེས་པ་ནི་ཐམས་ཅད་ཤེས་རབ་ཀྱི་དགྱེས་པ་སྤྲོས་པའོ། །དེ་ལ་དགྱེས་པ་ནི་རིགས་ཀྱི་ལྷའོ། །དེ་ཐུགས་
མཉེས་ཤིང་དགྱེས་པར་གྱུར་ནས་སངས་རྒྱས་རྡོ་རྗེ་སྟེ། རྣམ་པར་སྣང་མཛད་རྗེས་སུ་དྲན་པར་འགྱུར་རོ་ཞེས་སོ། །དེའི་ལས་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་ཀུན་གྱི་ཞིང་འབྱུང་བ། །ཞེས་པ་ནི་དྲག་ཤུལ་དུ་བསྒྲུབས་པས་རྣམ་པར་
བཀོད་པ་རྣམས་ཇི་སྐད་བཤད་པའི་ཆོ་གས་ཞི་བར་མཛད་པའོ། །ལས་རྣམས་ཐམས་ཅད་རབ་སྒྲུབ་ཅིང་། །ཞེས་པ་ནི་ཞི་བ་ནི་གཙོ་བོ་ཙམ་སྟེ། དེ་ཉིད་གདན་དང་མདོག་ལ་སོགས་པའི་དབྱེ་བས་ཇི་སྐད་བཤད་པའི་རྒྱས་པ་ལ་སོགས་པའི་ལས་རྣམས་མཛད་པའོ། །རྡོ་རྗེ་
དམ་ཚིག་སྐུལ་མཛད་མ། །ཞེས་པ་ནི་ཆོས་ཀྱི་དབྱིངས་སྤངས་པ་ཡིན་ལ་ཤི་བར་མི་བྱེད་དོ། །བྱམས་པ་ཆེན་པོའི་རང་བཞིན་པས། །རྡོ་རྗེ་སྐུ་ཁྱོད་ཅེས་པ་ལ་སོགས་པའི་གླུས་བསྐུལ་བའོ། །ཤི་བ་སོས་པར་བྱེད་པ་གསུངས། །ཞེས་པ་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་སྦྱོར་བ་བྱས་
ལ། ཡེ་ཤེས་ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཤི་བའི་རོ་བཞག་ལ། དེའི་སྔགས་དང་བསྒྲུབ་བྱའི་མིང་སྤེལ་བ་དེ་ཉིད་གསུམ་གྱི་བར་དུ་ཆུད་པ་བཟླས་པས། ལཾ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་ཤི་བ་དེའི་རྣམ་པར་ཤེས་པ་སྲིད་པ་བར་མ་དོ་འམ། ཡང་སྐྱེ་གནས་
Vol. 39 · folio 76b
སུ་ཕྱིན་པ་དྲི་མ་མེད་པ་མི་གཡོ་བར་མར་མེ་ལྟར་གནས་པ་བཀུག་ནས་རོ་དེའི་སྙིང་གར་བཅུག་ལ། དེ་ལ་སྤྱན་མའི་མིང་བཀོད་ནས་དེའི་འོད་ཟེར་གྱིས་རོ་དེ་མི་སྣང་བར་བྱས་ནས་བསྒྲུབ་བྱ་དེ་མིང་གི་ཐ་མའི་ཡི་གེ་ལས་བསྐྱེད་པ་སྤྱན་མ་ལྟ་བུར་བསམས་ཏེ་གང་བ་རྣམས་རྒྱས་པར་བྱས་ནས།
དེའི་ལུས་ལ་ཕྲེང་བའི་སྔགས་ཀྱིས་ཕྱི་ནང་གཏམས་པར་བསམས་པས། དེ་ལས་བྱུང་བའི་འོད་ཟེར་གྱིས་སྟོབས་དབབ་པ་དང་དབང་བསྐུར་བ་ལ་སོགས་པ་གོང་མ་ལྟར་བྱས་པས། ཤི་བ་འཚོ་སྟེ་བསྐལ་པའི་བར་དུ་ཡང་གནས་སོ། །མཚན་མ་ངན་པའི་སློབ་མ་ལ་སོགས་པ་
བསྲུང་བའི་ཕྱིར་མཱ་མ་ཀཱིའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་གོང་མ་ལྟར་སྦྱར་བར་བྱའོ། །སྐུ་གསུམ་གྱི་དམ་ཚིག་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་སོ། །དེ་ཉིད་རྡོ་རྗེ་ཁྲོ་བོ་སྟེ་མི་བསྐྱོད་པའོ། །དེ་བསྒོམས་པ་ལས་མི་འདའ་བས་ན་དམ་ཚིག་སྟེ།
དེ་ལ་སྙོམས་པར་ཞུགས་ནས་དེའི་རིགས་ཀྱི་ལྷ་མོ་ཕྱུང་ངོ་ཞེས་པ་ལ་སོགས་པ་གོང་མ་ལྟར་རོ། །སྐུ་གསུམ་དབྱེར་མེད་རྡོ་རྗེ་ཅན་ནི་རྡོ་རྗེའི་རིགས་ཀྱི་ལྷ་རྣམས་སོ། །རྡོ་རྗེ་ཐུགས་ནི་མི་བསྐྱོད་པ་སྟེ་དེ་རྗེས་སུ་དྲན་པའོ། །ལས་གསུངས་པ། རྡོ་རྗེ་བསྲུང་བའི་སྦྱོར་བ་ལ། །
ཞེས་ཏེ་སྤྱན་མ་བཞིན་དུ་བསྲུང་བར་བྱ་བ་སྙིང་གར་གཞག་པ་དང་སྟོབས་དབབ་པ་ལ་སོགས་པ་སྔ་མ་བཞིན་དུ་ཤེས་པར་བྱའོ། །གལ་ཏེ་རོ་ལངས་མས་སློབ་མ་སྲུང་བའི་ཆོ་ག་ལ་རང་གི་ལྷའི་སྦྱོར་བ་དང་ལྡན་པས་དེའི་སྤྱི་བོར་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་འགྲེང་བུ་ཧཱུཾ་ལས་བསྐྱེད་
པ་བསྒོམ་མོ། །དེའི་ལྟེ་བར་མཱ་མ་ཀཱི་བསྒོམས་ལ་དེའི་ཡེ་ཤེས་ལྷ་མོའི་ཐུགས་ཀར་མཚན་མ་ལ་གནས་པའི་ཟླ་བ་ལ་མཱཾ་བསྒོམས་ཏེ། དེའི་མཚན་མར་ཕྲེང་བའི་སྔགས་མགོ་ཡར་འགྲེང་བ་བསམས་ལ་བཟླས་པས། དེ་ལས་འཕྲོས་པའི་རྡོ་རྗེ་ཕྲ་མོས་ལུས་ཐམས་ཅད་ལ་བསྐོན་
པས་ནད་གང་གིས་ཀྱང་བཞིག་ཏུ་མེད་པར་འགྱུར་རོ། །དེ་ལ་སོགས་པ་ཞི་བ་ལ་སོགས་པ་ཡང་བསྒྲུབས་པས་ན་ལས་རྣམས་རབ་སྒྲུབ་པ་ཞེས་བྱའོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ། །དེའི་འཇིགས་པས་ཉེན་པ་ནི་དྲག་ཤུལ་དུ་བསྒྲུབས་པས་སོ། །དེའི་སྐྱབས་ཏེ་
Vol. 39 · folio 77a
རྟགས་སྟོབས་སུ་འགྱུར་བ་སྟེ་སྔགས་པ་གང་གིས་བསྲུང་བ་ལ་ཤིགས་པར་དཀའ་བའོ། །དེ་བས་ན་གདོན་ལ་སོགས་པ་ལ་ཡང་ཆོ་ག་འདི་སྦྱར་བར་བྱའོ། །ན་བཟའ་དཀར་མོས་རྒྱས་པར་བྱ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །འདོད་
ཆགས་ཆེན་པོའི་དམ་ཚིག་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེའི་སྣང་བ་ནི་འོད་དཔག་མེད་དོ། །གཞན་ནི་གོང་མ་ལྟར་རོ། །ཆོས་མཆོག་འཛིན་པ་ནི་དེའི་རིགས་ཀྱི་ལྷ་རྣམས་སོ། །རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་ཏེ་དེ་རྗེས་སུ་དྲན་པའོ། །ལས་གསུངས་པ། རྟག་ཏུ་
ཆོས་ཞེས་པ་ལ་སོགས་པའོ། །ཆོས་ཞེས་པ་ནི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་སོ། །རྒྱས་མཛད་པ་ནི་ཉམས་སྟོབས་ཟད་པ་རྒྱས་པར་མཛད་པ་སྟེ་ཚེའོ། །མཛོད་པོ་ཆེ་དང་ལྡན་ཞེས་པ་ནི་མཛོད་རྣམས་ནོར་གྱིས་དགང་བའོ། །རྡོ་རྗེའི་གསུང་ནི་རྡོ་རྗེ་འཆང་
ཆེན་པོའི་གསུང་སྟེ། དེ་བཞིན་དུ་བཟླས་པ་ཙམ་གྱིས་ཞེས་པ་ནི་ཇི་སྐད་གསུངས་པའི་ཆོ་གས་བསྒོམ་པ་སྔོན་དུ་འགྲོ་བས་སྟོབས་རྙེད་པར་བྱེད་ཀྱི་གཞན་ནི་མ་གཏོགས་སོ། །བྱེད་པར་འགྱུར་ཞེས་པ་ནི་གདན་ལ་སོགས་པ་ཁ་དོག་སེར་པོར་གོས་དཀར་མོའི་ཐུགས་ཀར་སྟོབས་ལ་
སོགས་པ་ཡེ་ཤེས་ལྷ་མོའི་སྙིང་གར་རྣམ་པ་གསུམ་འདོད་པས་གཞག་སྟེ། ཕྲེང་བའི་སྔགས་གདོན་པར་བྱ་བ་དང་། འོད་ཟེར་སྤྲོ་བ་དང་། གནས་གསུམ་དུ་སྟོབས་དབབ་པ་དང་། དབང་བསྐུར་བ་ལ་སོགས་པ་ལེའུ་བཅུ་གསུམ་པའི་འོད་དཔག་མེད་ཀྱི་སྦྱོར་བ་ལྟར་
བྱས་པས་བསྒྲུབ་བྱ་རྒྱས་པར་འགྱུར་རོ། །སྒྲོལ་མས་དབང་དུ་བྱ་བའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཀུན་དུ་འབྱུང་བ་ནི་བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་ཏེ་དེ་ལས་བྱུང་བའི་དོན་ཡོད་གྲུབ་པ་རྡོ་རྗེ་ཞེས་སོ། །གཞན་གོང་མ་བཞིན་ནོ། །སངས་
རྒྱས་བདག་ཉིད་ཆེན་པོ་ནི་ལས་ཀྱི་རིགས་སོ། །རྡོ་རྗེ་ཐུགས་ནི་ཐུགས་ཀྱི་རིགས་ཏེ་དོན་ཡོད་གྲུབ་པའོ། །དེ་རྗེས་སུ་དྲན་པའོ། །དབང་དང་དགུག་པའི་ཡུལ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་ནི་རིགས་སུ་ཁས་བླངས་པའོ། །རྡོ་རྗེ་ནི་
Vol. 39 · folio 77b
སྙིང་སྲ་བའོ། །སྡེ་ཆེན་ནི་སྡེ་ཆེན་པོས་བསྐུལ་བའི་གཟི་ཅན་ནོ། །དེ་ལས་མ་གཏོགས་པའི་སེམས་ཅན་གྱི་ཁམས་ཀྱང་བྲན་བཞིན་དུ་དབང་དུ་བྱེད་ཅེས་སོ། །སྦྱོར་བ་གང་གིས་དབང་དུ་བྱེད་པ་གསུངས་པ། གདན་ལ་སོགས་པ་ཁ་དོག་དམར་པོར་སྒྲོལ་མའི་སྦྱོར་བ་བྱས་ལ། དེའི་
ཐུགས་ཀར་ཡེ་ཤེས་ལྷ་མོའི་སྙིང་གར་ཟླ་བ་ལ་གནས་པའི་ཏཾ་དམར་པོ་དང་། དེའི་མཐའ་མར་དམར་པོའི་མདོག་མགོ་ཡར་འགྲེང་བའི་ཕྲེང་བའི་སྔགས་ཀྱིས་བསྐོར་བར་བསམས་ནས། དེ་ཡི་གེ་གསུམ་གྱི་བར་དུ་ཆུད་པ་བསྒྲུབ་བྱའི་མིང་དང་སྤེལ་བ་སྭཱ་ཧཱའི་སྐབས་སུ་ཧོ་དང་ལྡན་པ་
བཟླས་པས་དེ་རྣམས་ཀྱི་འོད་ཟེར་དང་། དམར་བའི་མཚན་མ་རྣམས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་མིང་གི་ཡི་གེ་དང་པོས་བསྐྱེད་ལ། དེའི་སྐྱེས་བུའི་སྙིང་ག་དང་མགྲིན་པ་ནས་བསྐུལ། བུད་མེད་ཀྱི་པདྨ་ནས་བསྐུལ་བས་དེའི་སྒོ་ནས་ཞུགས་པས་དེའི་སེམས་ཟླ་བ་དམར་པོ་ལྟ་བུ་
བླངས་ནས་སྒོ་དེ་ནས་ཕྱིར་ལོག་ནས་པདྨ་གཉིས་སུ་ཞུགས་ནས་བཟླས་བརྗོད་བྱའོ། །བསྒྲུབ་པར་བྱ་བ་ཡང་སྙིང་རྨོངས་པའི་ངོ་བོ་འགྱེལ་ནས་རྐང་པ་གཉིས་ཀྱི་བར་དུ་ཆུད་པར་བསམ་མོ། །དེ་ལྟར་སྡོང་པོ་འགྱེལ་ནས་རྐང་པ་གཉིས་ཀྱི་འོག་ཏུ་ཆུད་པར་བསམ་མོ། །དེ་ལྟར་ན་
སྡོང་པོ་འགྱེལ་བ་བཞིན་དུ་དབང་དུ་འགྱུར་རོ་ཞེས་སོ། །གལ་ཏེ་མདའ་ཅན་གྱི་ལྷས་ལས་འདི་བྱེད་ན་མདའ་དེས་གོང་མ་ལྟར་འབུགས་པ་ཁྱད་པར་ཏེ་གཞན་གོང་མ་ལྟར་ཤེས་པར་བྱའོ། །གལ་ཏེ་ལེའུ་བཅུ་གསུམ་པ་ལྟར་བྱེད་ན་ཡང་དེ་ཡེ་ཤེས་ལྷ་མོའི་ཐུགས་ཀར་བཞག་
ལ་ཕྱི་མ་རྣམས་གོང་མ་ལྟར་ཤེས་པར་བྱའོ། །འདི་རྣམས་ཀུན་གྱི་ལས་རྫོགས་པར་བཤད་ཟིན་ཏོ། །གཤིན་རྗེ་གཤེད་ཀྱིས་བུ་མོ་དགུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །
དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་ལྟ་བུའི་ཚུལ་གྱིས་སྙོམས་པར་ཞུགས་ནས་དེའི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་པོའི་སྔགས་ཀྱི་བདག་ཉིད་འདི་ཕྱུང་ངོ་ཞེས་སྦྱར་རོ། །སངས་རྒྱས་གྲགས་པ་ཆེན་པོ་ནི་སྐུའི་རིགས་སོ། །ཁྲོ་བོའི་ཆ་ལུགས་ཅན་གྱི་
Vol. 39 · folio 78a
སྔགས་ཕྱུང་བས་ན་འཇིགས་ཤིང་སྐྲག་པར་འགྱུར་ནས། རྡོ་རྗེ་སེམས་ཞེས་པ་ནི་རྣམ་པར་སྣང་མཛད་རྗེས་སུ་དྲན་པའོ། །ལས་གསུངས་པ། ཐོད་པ་ཞེས་པ་ལ་སོགས་པའོ། །དེ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་བཟླས་པར་གསུངས་
པའི་རིམ་པས་དཔག་དུ་མེད་པའི་བཟླས་བརྗོད་བྱའོ། །དེ་ནས་ལུང་ཐོབ་ནས་འབུམ་ཕྲག་གཅིག་བཟླས་བརྗོད་བྱའོ། །དེ་ནས་བུད་མེད་ཀྱི་ཐོད་པ་མ་ཆག་པ་མ་གས་པ། གཟུགས་པདྨ་ལྟར་མཛེས་པ། དུམ་བུ་གཅིག་པ་ཡིད་དུ་འོང་བ་བླངས་ལ། དེའི་དབུས་སུ་
རླུང་གི་དཀྱིལ་འཁོར་ལ་གནས་པའི་པདྨ་འདབ་བརྒྱད་པ་བྲིས་ཏེ། དེའི་ལྟེ་བར་དགུག་པར་བྱ་བའི་བུད་མེད་ཀྱི་གཟུགས་བརྙན་གུར་གུམ་མམ། གོ་རོ་ཙ་ནས་བྲིས་ལ་དེའི་སྙིང་གར་ཕྲེང་བའི་སྔགས་ཀྱི་བུ་མོ་ཨཱ་ཀཪྵ་ཡ་ཞེས་པ་དང་། བསྒྲུབ་པར་བྱ་བའི་མིང་དང་སྤེལ་ལ་
དགུག་པ་ལ་སྭཱ་ཧཱའི་སྐབས་སུ་ཛ་བྲིས་ཏེ་མི་འགུགས་པར་བྱས་ནས་སྙིང་གར་གླན་ནོ། །ཐོད་པ་དེ་ཡང་རྐང་པ་གཡས་བརྐྱང་གཡོན་བསྐུམ་པས་མནན་ལ་ཕྲེང་བའི་སྔགས་རིག་པ་དང་བཅས་པར་ལན་གསུམ་དྲག་ཏུ་བརྗོད་པར་བྱའོ། །སྔགས་ལས་བྱུང་བའི་ལྕགས་
ཀྱུ་ཐོགས་པའི་ཁྲོ་བོས་རླུང་གི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་བྱ་འདྲེན་པར་བསམས་ན་འགྲུབ་པར་འགྱུར་རོ། །འོངས་པའི་ཚེ་ཡང་འཚེ་བ་བཟློག་པའི་ཕྱིར་སྤྱན་གྱིས་ཞི་བར་བྱའོ། །དེ་བཞིན་དུ་མཱ་མ་ཀཱིས་ཀྱང་བསྲུང་བར་བྱའོ། །དེ་བཞིན་དུ་སྐྱེས་པའི་ཐོད་པ་ལ་
གཡོན་བརྐྱང་ནས་གཡས་བསྐུམ་པས་མནན་པ་ཁྱད་པར་ཏེ་གཞན་གོང་མ་ལྟར་བྱས་ན་སྐྱེས་པ་ཡང་འགུགས་སོ། །མི་བསྐྱོད་པ་ཞེས་པ་ནི་རྡོ་རྗེ་འཆང་བའོ། །འོད་ཟེར་སྟུག་པོ་མཆོག་ཅེས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མི་
བསྐྱོད་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་དེའི་རིགས་ཀྱི་ཁྲོ་བོ་ཕྱུང་ངོ་ཞེས་སོ། །སངས་རྒྱས་གྲགས་པ་ཆེན་པོ་ནི་ཐུགས་ཀྱི་རིགས་རྣམས་སོ། །སེམས་ཅན་རོལ་མོ་བསྟན་པའི་ཕྱིར་བརྒྱལ་ཞིང་འཇིགས་པར་འགྱུར་བའོ། །མི་བསྐྱོད་པ་རྗེས་སུ་དྲན་ན་
Vol. 39 · folio 78b
འཇིགས་པ་དང་བྲལ་བར་བསྟན་པའི་ཕྱིར། རྡོ་རྗེ་སྐུ་ནི་རྗེས་སུ་དྲན། །ཞེས་སོ། །གཞན་རྣམས་ཀྱང་དེ་བཞིན་དུ་སྦྱར་བར་བྱའོ། །ལས་གསུངས་པ། སྔགས་རྣམས་ཞེས་པ་ལ་སོགས་པའོ། །སྔགས་རྣམས་ནི་ལྷ་ཐམས་ཅད་དོ། །དེའི་ལས་ཐམས་ཅད་ལ་འཕགས་པ་
བདུད་རྩི་འཁྱིལ་པ་སྦྱོར་བ་སྟེ་བྱ་བ་ཐམས་ཅད་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་རིགས་ལྔའི་དཀྱིལ་འཁོར་གསུམ་རྣམས་དང་། འཁྱིལ་པ་ལས་ནི་ཐམས་ཅད་བྱེད། །ཅེས་པ་འཇིག་རྟེན་སྒྲོལ་མ་ལས་བཤད་དོ། །ཁྱད་པར་གྱི་ལས་གསུངས་པ། རྡོ་རྗེ་བསྐྲད་པའི་
ལས་རྣམས་ལ། །ཞེས་ཏེ་གནས་ནས་སྤོང་བའི་ལས་སོ། །དེས། སངས་རྒྱས་དག་གི་དཔུང་ཡང་སྐྲོད། །ཅེས་སོ། །ཇི་ལྟ་བུ་ཞེ་ན། ཚུལ་བཞིན་བྱས་ན་ཞེས་འཕགས་པ་བདུད་རྩི་འཁྱིལ་པའི་སྦྱོར་བ་དང་ལྡན་པས། རོ་བསྲེགས་པའི་སྨྱོ་བྱེད་ཀྱི་ཤིང་གི་སོལ་
བ་དང་། ཁི་ཏི་ཁ་དང་། མུ་ཟི་དང་། ཨ་རི་ཤའི་ལོ་མ་དང་། དུག་དང་རྐང་པ་གཡོན་པའི་མིང་མེད་ཀྱི་ཁྲག་རྣམས་གཅིག་ཏུ་བཏགས་ལ། ཁ་ཏའི་གཤོག་པའི་སྨྱུ་གུས་རྒྱལ་མཚན་གྱི་རས་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་རལ་གྲི་རྩེ་བརྒྱད་པའི་འཁོར་ལོ་བྲིས་
པ། དེའི་ལྟེ་བར་བསྒྲུབ་བྱའི་གཟུགས་བརྙན་བྲིས་ནས་དེའི་སྙིང་གར་ཕྲེང་བའི་སྔགས་ཀྱིས་མི་འགུགས་པར་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཞེས་པ་བྲིས་ལ་བསྐུལ་བའི་ཚིག་དང་ལྡན་པར་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་སྔགས་ལ་རས་མ་དེ་ཚངས་མ་ལ་སོགས་པའི་གནས་སུ་ས་
བརྐོས་པ་ལ་སྦ་བར་བྱའོ། །དེ་ལྟར་སྐྲོད་པར་འགྱུར་ཞེས་སོ། །འདིར་ཡང་སྔོན་དུ་བསྙེན་པ་ལ་ནི་ཕྲེང་བའི་སྔགས་ཇི་བཞིན་དུ་བཟླས་པར་བྱའོ། །ལས་ལ་སྦྱོར་བའི་སྐབས་སུ་མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་ར་ཞེས་པ་བསལ་ནས་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཕཊ་ཅེས་
གཞུག་པར་བྱའོ། །ཀྱང་ཞེས་པ་ནི་མིང་དང་སྤེལ་ཞིང་ཐོག་མ་དང་ཐ་མར་བསྐུལ་བ་འདི་བྱའོ་ཞེས་པ་དང་། ཡང་ན་སྔགས་ཚིག་རེ་རེ་ཞིང་མིང་དང་སྤེལ་བར་བྱའོ་ཞེས་སོ། །ཤེས་རབ་མཐར་བྱེད་ཀྱི་གཉིས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སངས་
Vol. 39 · folio 79a
རྒྱས་ཀྱི་འོད་ཟེར་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་སྟེ་མི་བསྐྱོད་པའི་ཚུལ་དུ་སྙོམས་པར་ཞུགས་ནས་དེའི་རིགས་ཀྱི་ཁྲོ་བོ་བྱུང་ངོ་ཞེས་སོ། །བྱང་ཆུབ་སེམས་ནི་བསྐྱོད་པས་ཏེ་རྗེས་སུ་དྲན་པས་འཇིགས་པ་དང་བྲལ་ཞེས་སྦྱར་རོ། །
ལས་གསུངས་པ། སྲིན་པོ་ཞེས་པ་ལ་སོགས་པའོ། །སྲིན་པོ་ནི་སྲིན་པོའོ། །མ་རུངས་པ་ནི་སྦྲུལ་ལོ། །གཏུམ་པོ་ནི་སེང་གེ་ལ་སོགས་པའོ། །དེ་ལ་སོགས་པ་འཇིགས་པ་ཆེན་པོས་འཁྲུགས་པ་ལ་ཞེས་སོ། །རྡོ་རྗེ་སེམས་དཔའ་རབ་སྦྱར་ནས། །ཞེས་པ་ནི་
རྡོ་རྗེ་སེམས་དཔའ་སྔོན་དུ་འགྲོ་བའི་ཤེས་རབ་མཐར་བྱེད་ཀྱིས་སྦྱར་ན་ལས་རྣམས་ཆོ་ག་བཞིན་དུ་བྱེད་ཅེས་སོ། །ཆོ་ག་ནི་འདི་ལྟ་སྟེ་ཤེས་རབ་མཐར་བྱེད་ཀྱི་རྣལ་འབྱོར་པས་སྲིན་པོ་ལ་སོགས་པས་ཟིན་པའི་བསྒྲུབ་བྱའི་ལུས་ལ་སྲིན་པོ་ལ་སོགས་པ་ཡིད་ཀྱིས་བསྡུས་ལ། རྐང་པ་
གཉིས་ཐབས་དང་ཤེས་རབ་ཏུ་གྱུར་པས་བཙིར་ལ་མཉེ་བར་བྱ་ཞིང་། ཆེ་གེ་མོ་རཱཀྴ་ས་འདི་ཕྱི་མོ་ཙ་ཡ་ཞེས་བསྐུལ་བའི་ཚིག་དང་ལྡན་པར་ཕྲེང་བའི་སྔགས་གདོན་པར་བྱའོ། །དེ་བཞིན་དུ་ལག་པ་འབར་བའི་རྡོ་རྗེས་དབྱུང་བ་དང་། བརྡུང་བ་དང་བལ་པོ་སེའུའི་ལྕུག་མས་བརྡབ་པ་ལ་
སོགས་པ་བྱས་པས་གྲོལ་བར་འགྱུར་རོ། །སྦྱོར་བ་དེ་ཁོ་ནས་བསྒྲུབ་བྱ་སྦྲུལ་ལ་སོགས་པས་བཟུང་བ་ཡང་གྲོལ་བར་བྱེད་དོ། །ཡང་དེས་འཛིན་པར་འདོད་ན་དེའི་སྦྱོར་བས་ནག་པོ་གཉིས་ལ་དུར་ཁྲོད་ཀྱི་སོ་ཕག་གམ། མཚོན་གྱིས་ཕོག་པས་ཤི་བའི་ཐོད་པ་ལ་ཧཱུཾ་ལས་བྱུང་
བའི་འཇིགས་སུ་རུང་བ་སྐྲ་བརྫེས་པ། མཆེ་བ་གཙིགས་པ་གཡས་ན་རོ་ལངས་ཀྱི་ག་ཏ་རི་དང་། གཡོན་སྡིགས་འཛུབ་བྱེད་པའི་སྲིན་པོ་བྲིས་ཏེ་དེའི་སྙིང་གར་དུག་དང་རུས་ཕྱེ་དང་། མཐེའུ་ཆུང་ཁྲག་གིས་ཆེ་གེ་མོ་གྲྀཧྞ་ཧཱུཾ་ཕཊ་ཅེས་སྔགས་བྲིའོ། །ཐོད་པ་གཉིས་པར་
བསྒྲུབ་བྱའི་རྐང་རྗེས་དང་། རོ་བསྲེགས་པའི་ས་དང་། ཐལ་བ་དང་། སོལ་བ་དང་། གཅིན་གྱིས་སྦྲུས་པའི་གཟུགས་བརྙན་བྱས་ལ། དེའི་སྙིང་གར་དུག་དང་རུས་ཕྱེ་དང་མཛུབ་མོའི་ཁྲག་དང་མིང་དང་སྔགས་སུ་བཅས་པ་ཏ་ལའི་ལོ་མ་ལ་བྲིས་པ་བཅུག་ནས་གཉིས་ཀ་
Vol. 39 · folio 79b
བཀུག་སྟེ་བསྒྲུབ་བྱའི་གཟུགས་བརྙན་འོག་ཏུ་གཞུག་པར་བྱའོ། །དེ་མནན་ཅིང་བཟུང་བར་བསམས་ནས་བསྒྱིངས་ནས་དུར་ཁྲོད་དུ་སྔགས་བཟླས་པར་བྱའོ། །དེས་ན་དེ་གཟུང་བར་འགྱུར་རོ། །སྦྱོར་བ་དེས་སྦྲུལ་ལ་སོགས་པས་ཀྱང་འཛིན་པར་འགྱུར་རོ། །པདྨ་མཐར་བྱེད་ཀྱིས་
དུག་འབྱུང་བའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་དཔག་ཏུ་མེད་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེའི་འབྱུང་བ་ནི་སྣང་བ་མཐའ་ཡས་ཏེ་དེའི་ཚུལ་གྱིས་སྙོམས་པར་ཞུགས་ནས་དེའི་རིགས་ཀྱི་ཁྲོ་བོ་ཕྱུང་ངོ་ཞེས་སྦྱར་རོ། །ཆོས་ཀྱི་རྡོ་རྗེ་མཆོག་
སྐྱེས་ནི་གསུང་གི་རིགས་ཀྱི་ལྷ་རྣམས་སོ། །ཡེ་ཤེས་རྒྱ་མཚོ་ནི་སྣང་བ་མཐའ་ཡས་ཏེ། དེ་རྗེས་སུ་དྲན་པས་འཇིགས་པ་དང་བྲལ་ཞེས་སྦྱོར་རོ། །ལས་གསུངས་པ། མཁའ་དབྱིངས་ཞེས་པ་ལ་སོགས་པའོ། །དེ་ལ་མཁའ་དབྱིངས་དུག་གིས་གང་བ་ཡང་སེལ་ནུས་ན་
བསྒྲུབ་བྱ་རེ་རེའི་དུག་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། །རྡོ་རྗེ་མི་བཟད་པ་ནི་ཕལ་པས་ཤིགས་པར་དཀའ་བ་སྟེ་ཧ་ལ་ཧ་ལའོ། །དེ་ཁྲོ་བོ་རྒྱལ་པོས་བསྐུལ་བྱ་ཡིས། །ཞེས་ཏེ་སྐུ་མདོག་དཀར་པོ་རྟ་མགྲིན་གྱི་སྦྱོར་བ་བྱས་ལ་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་དཀར་པོ་དགོད་དོ། །
དེའི་འོད་ཟེར་གྱིས་ཡན་ལག་ཐམས་ཅད་ལ་གནས་པའི་དུག་རབ་ཏུ་བསྡུས་ནས། ལག་པ་གཡས་པར་ཧཱུཾ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་དཀར་པོའི་ལྟེ་བར་ཧཱུཾ་བསམས་པའི་འོད་ཟེར་དཀར་པོ་ལས་བདུད་རྩི་འབར་བ་བབ་པར་བསམས་ལ། དེས་མིང་གི་དང་པོས་
བསྐྱེད་པའི་བསྒྲུབ་བྱའི་ལུས་ལ་དུག་ནག་པོས་ཁྱབ་པ་གཞན་དུ་བླངས་ལ་བདུད་རྩི་དཀར་པོས་དེའི་ཤུལ་དུ་དབབ་པར་བྱའོ། །མིང་དང་བཅས་པའི་ཕྲེང་བའི་སྔགས་བཟླས་པས་དུག་རྣམས་ཐམས་ཅད་མེད་པར་བྱེད་ཅེས་སོ། །དབྱུག་པ་སྔོན་པོས་དགྲ་བསད་པའི་ཆོ་ག་གསུངས་
པ། དེ་ནས་ཞེས་པ་ལ་སོགས་པའོ། །མི་བསྐྱོད་པ་ཞེས་པ་ནི་གོང་མ་ལྟར་རྡོ་རྗེ་འཆང་བའོ། །རྡོ་རྗེའི་དབལ་དབྱུང་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལ་མི་བསྐྱོད་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་དེའི་རིགས་ཀྱི་ཁྲོ་བོ་ཕྱུང་ངོ་ཞེས་འོག་ནས་འབྱུང་བའི་
Vol. 39 · folio 80a
ཁྲོ་བོ་བཞི་ལ་ཡང་སྦྱར་བར་བྱའོ། །གདུག་པའི་མཆོག་ནི་མི་བསྐྱོད་པའོ། །དེ་ལས་བྱུང་བ་ནི་དེའི་རིགས་སོ། །རོལ་མོ་བསྟན་པའི་ཕྱིར་འཇིགས་ཤིང་སྐྲག་པའོ། །མི་བསྐྱོད་པ་དྲན་པས་འཇིགས་པ་དང་བྲལ་བས་ན་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །ཞེས་ཏེ་
འོག་ནས་འབྱུང་བའི་ཁྲོ་བོ་བཞི་ལ་ཡང་སྦྱར་རོ། །ལས་གསུངས་པ། ཁྲོ་བོ་ཞེས་པ་ལ་སོགས་པའོ། །ཁྲོ་བོའི་རྒྱལ་པོ་གྲགས་ཆེན་ནི་འཕགས་པ་དབྱུག་པ་སྔོན་པོའོ། །བརྒྱ་རྩ་བརྒྱད་དུ་བཟླ་བ་ནི་ལས་ལ་སྦྱོར་བའི་སྐབས་སུའོ། །ཆོ་ག་ཚུལ་བཞིན་ཞེས་པ་ནི་འདི་ལྟ་སྟེ།
དབྱུག་པ་སྔོན་པོའི་རྣལ་འབྱོར་པས་ཤ་ཆེན་དང་དུར་ཁྲོད་ཀྱི་སོལ་བ་དང་། གྲོག་མཁར་གྱི་ས་དང་། ཕུབ་མ་དང་། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་རྣམས་བོང་བུའི་གཅིན་གྱིས་སྦྲུས་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། དུར་ཁྲོད་ཀྱི་གནས་ལ་དུག་དང་ཁྲག་དང་རམས་
ཀྱིས་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མེའི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱའི་མིང་ཕྲེང་བའི་སྔགས་མི་འགུགས་པར་སྤེལ་ལ། སྭཱ་ཧཱ་བཏོན་ཏེ་ཧཱུཾ་ཕཊ་དང་ལྡན་པར་བྲིས་ལ་སྙིང་གར་གཞུག་པར་བྱའོ། །དེ་བཀུག་སྟེ་བཅུག་ནས་ཐོད་པ་ཁ་སྦྱར་དུ་བཞག་ལ། ཤིན་
ཏུ་ཁྲོས་པས་རྐང་པ་གཡོན་པས་མནན་ཏེ་ཉི་མའི་གུང་དང་ནམ་ཕྱེད་ན་བརྒྱ་རྩ་བརྒྱད་བཟླས་ཤིང་རྡོ་དང་རུས་པ་དང་། ནིམ་པའི་ལོ་མ་རྣམས་ཀྱིས་མནན་ཅིང་ཞག་བདུན་དུ་བྱས་ན་གདུག་པ་ཐམས་ཅད་གསོད་པར་བྱེད་ཅེས་སོ། །གལ་ཏེ་དེས་མ་གྲུབ་ན་དུར་ཁྲོད་དུ་སོང་ལ་
ནམ་ཕྱེད་ཀྱི་དུས་སུ་རོ་བསྲེགས་པའི་ཐལ་བ་ལ་མེ་ཐབ་གྲུ་གསུམ་བྱས་ལ། ཤིང་ནིམ་པའི་མེ་སྦར་ལ། ཤིན་ཏུ་ཞལ་རྣམ་པར་འགྱུར་བའི་ཁྲོ་བོའི་རྒྱལ་པོ་ཁ་གདངས་པ་བསམས་ནས། གཟུགས་བརྙན་རྐང་པ་གཡོན་པ་ནས་མཚོན་རྣོན་པོས་གཏུབ་ཅིང་ཆེ་གེ་མོ་མཱ་ར་ཡ་ཕཊ་
ཅེས་པ་དང་ལྡན་པར་ཕྲེང་བའི་སྔགས་བཟླས་ཤིང་སྦྱིན་སྲེག་བྱས་ན་དེའི་མཚན་མོ་ཁོ་ན་འཆི་བར་ངེས་སོ། །སྟོབས་པོ་ཆེས་ཆར་དབབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྟོབས་པོ་ཆེའི་ཀླུ་རྣམས་ཀུན། །ཞེས་པ་ནི་དེས་འདུལ་བའི་ཀླུའོ། །སྔགས་
Vol. 39 · folio 80b
ཀྱི་མཐུས་འཇིགས་ཤིང་སྐྲག་པ་རྣམས་དམག་བཞིན་དུ་རྗེས་སུ་དྲན་པའི་འཇིགས་པ་དང་བྲལ་བའི་ཕྱིར་སྐུ་གསུམ་རྡོ་རྗེ་རྗེས་སུ་དྲན་པའོ། །དེའི་ལས་གསུངས་པ། བཟླས་པ་ཙམ་ཞེས་པ་ལ་སོགས་པའོ། །བཟླས་པ་ཙམ་གྱིས་སྦྱོར་བ་ཞེས་པ་ནི་བཟླས་པར་གསུངས་
པའི་གྲངས་མེད་པའི་བཟླས་པ་བྱས་པས་ལྷའི་ལུང་ཐོབ་ནས་འབུམ་ཕྲག་གཅིག་བཟླས་པས་ཞི་བ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་ལས་སྒྲུབ་པར་བྱེད་པས་ན་ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད་ཅེས་སོ། །རང་གི་ཁྱད་པར་གསུངས་པ། ཐན་པ་བྱུང་བའི་དུས་སུ་ཡང་
ཆུ་ཡི་དཀྱིལ་འཁོར་ཆར་པ་འབེབས། །ཞེས་ཏེ། ཆོ་ག་ནི་འདི་ཡིན་ཏེ་སྟོབས་པོ་ཆེའི་རྣལ་འབྱོར་པས་ཐམས་ཅད་དུ་དམར་པོར་བསམས་ལ་འབུམ་ཕྲག་གཅིག་བཟླས་བརྗོད་བྱའོ། །དེ་ནས་རྫ་ཕོར་སོ་མ་བཏང་བ་ལ་རལ་གྲི་རྩེ་བརྒྱད་པའི་འཁོར་ལོ་ལ་གནས་པའི་པདྨ་
འདབ་མ་བརྒྱད་པ་ལ་རམས་ཀྱི་ཁུ་བས་མདུང་ཅན་མའི་སྔགས་ཨོཾ་ཤཱུ་ལི་ནི་ནཾ་སྭཱཧཱ་ཞེས་པའི་སྙིང་པོ་བྲིས་ལ། གཞན་སོ་མ་བཏང་བའི་རྫ་ཕོར་གཉིས་པ་དང་སྦྱར་ལ་སྲད་བུ་སྔོན་དམར་གྱིས་དཀྲིས་ལ་མདུང་ཅན་མ་དང་། དེའི་ས་འདུལ་བ་བཀུག་ལ་ལེགས་པར་མཆོད་པ་བྱས་ལ།
ཀླུ་གནས་པའི་མཚོ་འམ་ཆུ་མིག་ལ་སོགས་པའི་ནང་དུ་གཞུག་པར་བྱའོ། །བདག་ཉིད་སྐྱེ་བོ་མེད་པའི་ས་ཕྱོགས་དབེན་པར་མེའི་སྟེང་དུ་རླུང་། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླུམ་པོ་ལ་པདྨ་འདབ་བརྒྱད་བྲི་བར་བྱའོ། །དེའི་དབུས་སུ་ལྟོ་འཕྱེ་མཁའ་འགྲོ་ལ་གནས་པའི་
ཆུ་ལྷ་སྐྱེས་བུའི་གདོང་ལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཡོད་པ། ཞབས་ཀླུ་གཅིག་པ། སྦྲུལ་གྱི་ཞགས་པ་འཕེན་པ་བྲི་བར་བྱའོ། །ཤར་གྱི་འདབ་མ་ལ་མཐའ་ཡས་ལྗང་གུ། ལྷོའི་འདབ་མ་ལ་ནོར་རྒྱས་དཀར་པོ། ནུབ་ཀྱི་འདབ་མ་ལ་འཇོག་པོ་དམར་པོ། བྱང་གི་
འདབ་མ་ལ་ཀརྐོ་ཊ་ནག་པོ། །མེའི་མཚམས་ཀྱི་འདབ་མ་ལ་པདྨ་དཀར་པོ། །བདེན་བྲལ་གྱི་འདབ་མ་ལ་པདྨ་ཆེན་པོ་དཀར་པོ། རླུང་མཚམས་ཀྱི་འདབ་མ་ལ་དུང་སྐྱོང་སེར་པོ། །དབང་ལྡན་གྱི་འདབ་མ་ལ་རིགས་ལྡན་ཁ་དོག་སྣ་ཚོགས་པའོ། །དེ་ལྟར་ཀླུའི་དཀྱིལ་འཁོར་
Vol. 39 · folio 81a
བྲིས་ནས། །ཡི་གེ་ནཾ་གྱིས་ཇི་སྐད་བཤད་པའི་ཆོ་གས་ཀླུ་བསམས་ལ་རྫའི་བར་དུ་བཅུག་པའི་ནཾ་གྱིས་བཀུག་ལ་རང་རང་གི་གནས་ལ་ཐིམ་པར་བྱས་ནས། སྔོ་ཞིང་བསྐ་བ་དང་འོ་མ་དང་། བུ་རམ་ལ་སོགས་པ་ཀླུ་ལ་འོས་པའི་ལྷ་བཤོས་ཀྱིས་ཡང་དག་པར་
མཆོད་ནས་ཇི་སྐད་དུ་སྨྲས་པའོ། །ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས་བདག་ལ་ཡང་དག་པར་དགའ་བ་དང་། བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་ཆར་གྱི་རྒྱུན་དབབ་ཏུ་གསོལ་ཞེས་བརྗོད་ནས་ཀླུ་རྣམས་ཀྱིས་ཆར་འབེབས་པར་བསམ་ཞིང་བཟླས་བརྗོད་བྱས་ན་ཆར་འབབ་པར་འགྱུར་རོ། །
དེས་ཀྱང་མ་ཕེབས་ན་ཧཾ་ལྗང་གུ་ཟླུམ་པོ་ལ་སྟོབས་པོ་ཆེ་དེ་བཞིན་དུ་བྲིས་ལ། སྤྱན་དྲངས་ལ་འོག་ནས་བཤད་པའི་ཆོ་གས་སྦྱིན་སྲེག་བྱ་སྟེ། ཀླུ་ཐམས་ཅད་ཀྱི་ལྕེའི་དཀྱིལ་དུ་ཡི་གེ་ནཾ་བཀོད་ལ་བསང་གཏོར་ལ་སོགས་པ་སྔོན་དུ་འགྲོ་བ་བུ་རམ་དང་། འོ་མ་དང་མར་གྱིས་བཀང་བའི་
སྲེག་བླུགས་གསུམ་གསུམ་བྱིན་ལ། དེ་ནས་འོ་མ་ལ་སོགས་པས་ཅི་འདོད་པའི་སྦྱིན་སྲེག་བྱའོ། །དེ་ནས་ཚིམ་པས་ཆར་འབེབས་པར་བྱེད་དོ། །དེས་ཀྱང་མ་ཕེབས་ན་མངོན་སྤྱོད་བྱ་སྟེ། ཐམས་ཅད་དུ་ནག་པོའི་སྟོབས་པོ་ཆེའི་རྣལ་འབྱོར་བྱས་ལ། བལ་མི་ཁའི་ས་
དང་། ཆུ་ངོགས་གཉིས་ཀྱི་ས་དང་། བཤང་བ་དང་གཅིན་དུ་བསྲེས་པས་སྦྲུས་ལ་ཀླུའི་གཟུགས་བརྙན་མཐོ་གསུམ་པ་བྱས་ལ་དུར་ཁྲོད་ཀྱི་ས་ལ་དུག་དང་རམས་དང་ཁྲག་དང་སྐེ་ཚེ་དང་། ལན་ཚྭ་དང་། ཡུངས་མར་གྱིས་རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་པ་
ལ་དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་ལ་ཀླུ་བརྒྱད་ཀྱི་ཁྱད་པར་གྱི་སྙིང་པོ་འམ། ཡང་ན་སྤྱིའི་སྙིང་པོ་བྲིས་ནས་དབུས་སུ་ཆུ་ལྷའི་སྙིང་པོ་བྲིས་ལ་བཀུག་ནས་གཟུགས་བརྙན་དེའི་སྙིང་གར་བཅུག་ལ་ཡན་ལག་ཐམས་ཅད་ཚ་བ་གསུམ་དང་སྐེ་ཚེ་ལ་སོགས་པས་བྱུགས་ལ་མེ་ལ་
བདུགས་ལ་སྔགས་བརྗོད་པར་བྱས་ན་ཆར་འབེབས་པར་བྱེད་དོ། །དེས་ཀྱང་མ་ཕེབས་ན་གོང་མ་ལྟར་ས་ལ་ཀླུའི་དཀྱིལ་འཁོར་བྲིས་ཏེ། སྟོད་གཡོགས་དང་སེའུ་ཀ་སྔོན་པོ་བགོ་བའམ་གོས་དམར་པོ་བགོ་བའམ། ཡང་ན་གཅེར་བུར་བྱུང་སྟེ། ཉི་མ་འབར་བ་ལ་གནས་
Vol. 39 · folio 81b
པའི་རྡོ་རྗེས་བྱིན་གྱིས་བརླབས་པའི་རྐང་པ་གཡོན་པའི་དཀྱིལ་ལ་གནས་པའི་ཀླུའི་དཀྱིལ་འཁོར་ལ་གནས་པའི་ཀླུ་ཁ་གནམ་ལ་བལྟས་པ་མནན་པ་དང་། སྐྲག་སྟེ་གདེངས་ཀ་གདེངས་པ་ཁ་གྱེན་དུ་བལྟས་པ་ཕུ་ཞེས་བྱ་བས་ནམ་མཁའ་ཁྱབ་ཅིང་ཁྲག་སྐྱུགས་ཤིང་ཆར་འབེབས་
པས་རྒྱ་མཚོར་བྱེད་པར་བསམས་ནས་ཚིག་རེ་རེའི་མཐར་རྣམས་དང་སྤེལ་བའི་སྔགས་བཟླ་བར་བྱ་སྟེ། དེས་ན་ཆར་འབེབས་པར་བྱེད་དོ། །དེས་ཀྱང་མ་ཕེབས་ན་མེ་ཐབ་གྲུ་གསུམ་བྱས་ལ་དེའི་དབུས་སུ་སྟོབས་པོ་ཆེ་བསམས་ནས། གདོལ་པའི་ཁྱིམ་ནས་བླངས་པའི་མེ་སྦར་ལ།
ཀླུའི་གཟུགས་བརྙན་དུག་དང་ལན་ཚྭ་དང་། ད་དུ་ར་དང་། སྐེ་ཚེ་ལ་བྱས་ལ་ཕུས་བསྐྱེད་ལ། ཕྲེང་བའི་སྔགས་བཟླ་ཞིང་ལག་པ་གཡོན་པས་མཇུག་མའི་རྩེ་མོ་ནས་བརྩམས་ལ། བཤང་བ་དང་གཅི་བས་ལུས་བྱུགས་ལ་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་དེས་
ཆར་འབེབས་པར་བྱེད་དོ། །དེས་ཀྱང་མ་ཕེབས་ན་ཉེས་པ་འདི་ནི་སྟོབས་པོ་ཆེའི་ཡིན་ནོ་ཞེས་ཏེ། གོང་དུ་གསུངས་པའི་རྫས་ཀྱིས་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ། བདག་དཔལ་གནོད་མཛེས་ཀྱི་སྦྱོར་བ་དང་ལྡན་པས་དགུག་པ་སྔོན་དུ་འགྲོ་བས་གོང་མ་ལྟར་གན་རྐྱལ་དུ་རྐང་པ་
གཡོན་པས་མནན་ལ། མ་ཧཱ་བ་ལ་བཪྵ་པ་ཡ་ཤྲཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པའི་ཧཱུཾ་བཞི་དང་གནོད་མཛེས་རྒྱལ་པོའི་སྔགས་བཟླས་བརྗོད་ཁྲི་བྱའོ། །དེ་ནས་མངོན་སྤྱོད་ཀྱི་ཧོམ་ཁུང་ལ་ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཞལ་གདངས་པའི་ཡི་གེ་ཧཱུཾ་གི་ལྗགས་དང་ལྡན་པར་
བསམས་ནས། དེའི་གཟུགས་བརྙན་གཏུབ་ཅིང་དེའི་ཞལ་དུ་སྦྱིན་སྲེག་ཁྲི་ཕྲག་གཅིག་བྱའོ། །དེ་ནས་སྟོབས་པོ་ཆེས་ཆར་འབེབས་པར་བྱེད་དོ་ཞེས་རྣལ་འབྱོར་གྱི་ཚུལ་ཐམས་ཅད་ལས་རབ་ཏུ་གྲགས་སོ། །དེ་ནས་ཀླུ་ཐམས་ཅད་དང་སྟོབས་པོ་ཆེའི་ཞི་བར་བྱ་བའི་མེ་ཐབ་
ཟླུམ་པོ་ལ་གནས་པའི་སྤྱན་མ་ཞི་བའི་ཞལ་དུ་སྟེ། སྔགས་དང་ཆོ་གས་མར་དང་འོ་མ་ལ་སོགས་པའི་སྲེག་བླུགས་ཁྲི་ཕུལ་བས་དེ་རྣམས་ཞི་བར་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་མ་འདི་ལ། སངས་རྒྱས་ཀུན་གྱི་ཞིང་འབྱུང་བ། །ཞེས་བྱའོ། །འདོད་པའི་རྒྱལ་
Vol. 39 · folio 82a
པོས་དགུག་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལས་གྱུར་པའི་འདོད་པའི་རྒྱལ་པོའི་སྦྱོར་བས། དགུག་པར་བྱ་བའི་གཟུགས་བརྙན་གཤིན་རྗེ་གཤེད་ཀྱི་ཆོ་ག་ལས་
གསུངས་པ་བཞིན་དུ་བྱས་ནས་བཀུག་སྟེ་ཐོད་པར་བཅུག་ནས་ཐོད་པ་དེ་གཡོན་བརྐྱང་བའི་གཡས་པའི་རྐང་པས་མནན་ནས་འདོད་པའི་རྒྱལ་པོའི་སྔགས་སྤེལ་བ་དང་བཅས་པར་བཟླས་བརྗོད་བྱས་ན་གོང་མ་ལྟར། རྡོ་རྗེ་ལྕགས་ཀྱུས་འགུགས་པར་འགྱུར། །ཞེས་སོ། །མི་གཡོ་
མགོན་པོས་ལྷ་ཆེན་ཆུང་མ་དང་བཅས་པ་དགུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལྷ་རྣམས་འཁོར་དང་བཅས་པ་ནི་དེའི་དགུག་པར་བྱའོ། །ཁྲོ་བོའི་རྒྱལ་པོ་སྔགས་འདི་ཡིས། །ཞེས་པ་ནི་མི་གཡོ་མགོན་པོའི་རྣལ་འབྱོར་པས་སྐྱེས་པའི་ཐོད་པ་སྐྱོན་མེད་པ་
བླངས་ནས། དེ་ལ་རྐང་པ་གཡས་པའི་སོར་མོའི་ཁྲག་དང་ལན་ཚྭ་དང་། ཡུངས་མར་དང་སྐེ་ཚེ་ལ་སོགས་པའི་ལྷ་ཆེན་པོ་ཆུང་མ་དང་བཅས་པའི་འམ། ལྷ་མ་ཡིན་ལ་སོགས་པའི་གཟུགས་བརྙན་བྲིས་ལ་དགུག་པར་བྱ་སྟེ། ཐོད་པ་དེ་རྐང་པ་གཡས་པས་མནན་ནས་སྔ་མ་
བཞིན་དུ་ལྕགས་ཀྱུས་འགུགས་པར་བསམས་ལ་བསྐུལ་བ་དང་བཅས་པར་སྔགས་བཟླས་པར་བྱའོ། །དེ་ནས་མཐུ་ཆེན་པོ་དང་ལྡན་པ་དག་ཀྱང་སྐྲག་པར་གྱུར་ནས། ཁ་སྦྱར་ལུས་སུ་བཅས་པར་འགུགས། །ཞེས་ཆུང་མ་དང་བཅས་པ་འོང་བར་འགྱུར་ཞེས་སོ། །གནོད་
མཛེས་ཀྱི་བུ་མོ་དགུག་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བུ་མོ་མཐུ་ཆེན་ཐམས་ཅད་ཅེས་པ་ནི་ཀླུ་དང་ལྷ་མ་ཡིན་ལ་སོགས་པའི་བུ་མོ་འདོད་ཆགས་ཀྱིས་ཡིད་གཡོས་པས་སྐྲ་བཤིག་གོས་དང་བྲལ་བར་གྱུར་ནས་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པ་
རྗེས་སུ་དྲན་པས་འདོད་པ་རྙེད་པར་གྱུར་ཏོ་ཞེས་སོ། །ལས་གསུངས་པ་རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའོ། །དེ་ཡང་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་གནོད་མཛེས་རྒྱལ་པོའི་སྦྱོར་བ་དང་ལྡན་པས་མཚན་མ་དང་ལྡན་པའི་བུད་མེད་ཀྱི་ཐོད་པར་བསྒྲུབ་པར་བྱ་བའི་
Vol. 39 · folio 82b
རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་བྲིས་ལ་དེ་པདྨ་ལ་ཞབས་གཡོན་པས་མནན་ཏེ། གོང་མ་ལྟར་དེ་བཞིན་གཤེགས་པ་ཀུན་གནོད་མཛེས་སུ་སྤྲུལ་པའི་ལྕགས་ཀྱུས་སྙིང་གར་བརྒྱབ་ལ། ཞགས་པས་སྐེ་ནས་བཅིངས་ལ། ཕྲེང་བའི་སྔགས་ཚིག་རེ་རེ་འམ་བསྐུལ་བའི་ཚིག་དང་བཅས་
པར་བཟླས་ཤིང་དགུག་པར་བྱའོ། །དེ་ནས་བུ་མོ་རྣམས་འགུགས་སོ། །ཞེས་སོ། །བསྒྲུབ་བྱའི་སེམས་འགོག་པས་ན་ཚར་གཅོད་པ་སྟེ་དེ་བས་ན་མངོན་སྤྱོད་ཀྱི་ནང་དུ་འདུས་པས་ན་ཕཊ་ཅེས་བྱ་བ་དེ་མ་བོར་ཡང་ཉེས་པ་མེད་པའོ། །དེ་ལྟར་སྔགས་དང་རྒྱུད་དང་ལྡན་པའི་ལས་
གསུངས་ནས། ད་ནི་བསམ་གཏན་ལས་སྐྱེས་པའི་དགུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དམ་ཚིག་ཆེན་པོ་ནི་སེམས་དཔའ་དེ་ཁོ་ན་ཉིད་དེ། དེའི་འབྱུང་བ་གང་དབྱེར་མེད་པ་གང་ལས་གྱུར་པ་དེ་ལ་རྡོ་རྗེ་འཛིན་པའི་རྣམ་པ་ལྟ་བུར་སྙོམས་པར་ཞུགས་ནས་ཞེས་
སོ། །དམ་ཚིག་ཆེན་པོའི་ནི་སེམས་དཔའོ། །དེའི་རྡོ་རྗེ་གསུམ་གྱི་གསང་བ་ནི་སྐུ་ལ་སོགས་པ་གསུམ་མོ། །དེ་རྣམས་ལ་བཤད་པའི་ཆོས་ནི་གསུང་ཁོ་ན་མི་འདའ་བས་ན་དམ་ཚིག་སྟེ། དེའི་ཚིག་ནི་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་རྡོ་རྗེ་ནི་མི་བསྐྱོད་པའོ། །དེའི་སྐུ་
གསུམ་ལ་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམས་ཏེ་ཇི་ལྟ་བ་བཞིན་དུ་འཁོར་ལོ་དང་ལྡན་པར་བསྒོམས་ནས། དེ་རང་གི་སྙིང་ག་ནས་ཞགས་པ་དང་རྡོ་རྗེ་ཀྱོ་བས་མཚན་པའི་ལྷ་རྣམས་སྤྲོས་པས་ཇི་སྙེད་སངས་རྒྱས་རྣམས་ཀྱང་འགུགས་པའོ་ཞེས་སྦྱར་རོ། །སངས་རྒྱས་ཀུན་ནི་རྣམ་
པར་སྣང་མཛད་དོ། །གསུང་ནི་སྣང་བ་མཐའ་ཡས་སོ། །དེ་གཉིས་སྦྱོར་བ་གཞན་གྱིས་འཁོར་ལོ་ཆེན་པོ་སྦྱོར་བ་ཡིས། །ཞེས་ཏེ། ལྷའི་འཁོར་ལོ་དང་ལྡན་པར་བསམས་ནས་གོང་མ་ལྟར་སྦྱར་བས་ཇི་སྙེད་པའི་རྡོ་རྗེ་སེམས་དཔའ་ཡང་འགུགས་པར་འགྱུར་ཞེས་སྦྱར་རོ། །དེའི་མཇུག་
སྡུད་པ་གསུངས་པ། མི་ཕྱེད་ཅེས་པ་ལ་སོགས་པའོ། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །ཞེས་པ་ནི་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་སྟེ་ཀྱོ་བའི་གནས་སོ། །འཁོར་ལོ་པདྨོ་རྡོ་རྗེ་ཆེ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །ཞེས་པ་ནི་སྐུའི་སྐབས་སུ་འཕྲོས་པའི་ལྷ་ཞགས་
Vol. 39 · folio 83a
པ་དང་ལྕགས་ཀྱུས་མཚན་པ་ནི་འཁོར་ལོའི་ཀྱོ་བ་སྟེ་གཞན་གཉིས་ཀྱང་དེ་ལྟར་རོ། །དེས་སྔགས་རྣམས་ཏེ་ལྷ་རྣམས་ཀྱང་འགུགས་པར་འགྱུར་ཞེས་སོ། །རྡོ་རྗེ་གསུམ་གྱི་འཁོར་ལོས་དགུག་པ་བཤད་ནས་ལྷ་གཞན་གྱི་རྣལ་འབྱོར་པས་འཁོར་ལོ་འམ་གཅིག་པས་དགུག་པ་
གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པའོ། །ཐམས་ཅད་རྡོ་རྗེ་སྟེ་ལྷ་ཐམས་ཅད་དོ། །དེ་ཉིད་དངོས་པོ་ནི་ཞི་བའོ། །དེ་ཡང་རང་སྔགས་སྐྱེས་བུ་སྟེ་རང་གི་འདོད་པའི་ལྷ་རང་གི་སྔགས་ལས་འཁོར་ལོ་དང་ལྡན་པ་རེ་རེ་ཡིན་ཡང་རུང་སྟེ་བསྐྱེད་ནས་རྡོ་རྗེ་གསུམ་གྱི་བྱིན་གྱིས་
བརླབས་ལ། དེ་རྣམས་ལས་འདོད་པའི་རྒྱལ་པོ་ལ་སོགས་པ་ལྕགས་ཀྱུས་མཚན་པའི་ལྷ་འཕྲོས་པས་མིའི་བུ་མོ་ལ་སོགས་པའི་སྙིང་གར་རྡོ་རྗེ་ཀྱོ་བའི་སྦྱོར་བས་འགུགས་སོ་ཞེས་སོ། །འགུགས་པ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསུངས་པ། རླུང་གི་ཞེས་པ་ལ་
སོགས་པའོ། །རླུང་གི་དཀྱིལ་འཁོར་ཞེས་པ་ནི་དགུག་པར་བྱ་བའི་གདན་དུ་སྦྱོར་ན་ངེས་པར་འགུགས་ཞེས་སོ། །རླུང་གི་དཀྱིལ་འཁོར་དེ་ལ་ཟླ་བའི་དཀྱིལ་འཁོར་གཅིག་བསམ་མོ། །དེའི་སྟེང་དུ་བསྒྲུབ་བྱ་རྣམ་པར་སྣང་མཛད་ཀྱི་རང་བཞིན་བསམ་མོ། །ཤ་ཙི་ཞེས་པ་ནི་
སྤྱན་མ་དང་མཱ་མ་ཀཱིས་ཞི་བ་དང་སྲུང་བའི་ཆོ་ག་བཞིན་དུ་སྟོབས་དབབ་པ་དང་བདུད་རྩིའི་རྒྱུན་ཟགས་པར་བསམས་པས་རྡོ་རྗེ་མི་འཆི་སྟེ། སྐྲག་པ་ལ་སོགས་པ་དང་བྲལ་བས་ནི་ཚེ་རིང་པོར་འགྱུར་བའི་སྦྱོར་བའོ། །དགུག་པའི་སྔགས་ཀྱང་བརྒྱ་རྩ་བཅུར་བརྗོད་ན་གང་ཡང་རུང་བ་ངེས་པར་
རྟག་ཏུ་འགུགས་པར་འགྱུར་ཞེས་སོ། །འདོད་པའི་རྒྱལ་པོས་ནམ་མཁའི་ལྷ་རྣམས་ཀྱི་བུ་མོ་དགུག་པ་གསུངས་པ། །རྡོ་རྗེ་ཀྱོ་བ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཀྱོ་བ་ནི་ལྕགས་ཀྱུ་སྟེ། དེས་མཚན་པ་ནི་གཟུགས་པོ་ཆེ་སྟེ་འདོད་པའི་རྒྱལ་པོའོ། །དེ་ཉིད་གསུངས་པ་ལ་གནས་
པ་འབར་བ་རྡོ་རྗེ་འདྲ་བའི་འོད་ཟེར་ལྕགས་ཀྱུས་མཚན་པ་སྤྲོས་པས་རྡོ་རྗེ་དཀྱིལ་འཁོར་ཏེ། རླུང་གི་དཀྱིལ་འཁོར་ལ་གནས་པའི་ནམ་མཁའི་ལྷ་རྣམས་ཀྱི་བུ་མོ་འགུགས་པའི་མཆོག་ཅེས་པའོ། །གནོད་མཛེས་ཀྱིས་ལྷ་མ་ཡིན་གྱི་བུ་མོ་དགུག་པ་གསུངས་པ། རང་གི་ཞེས་
Vol. 39 · folio 83b
པ་ལ་སོགས་པའོ། །སྔགས་རང་གི་ཁྲོ་བོར་གྱུར་ཅིང་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་སྟེ། དེ་གང་ཞེ་ན། རྡོ་རྗེ་ས་འོག་གནས་པ་དག །ཅེས་པ་ནི་གནོད་མཛེས་རྒྱལ་པོའོ། །དེ་ཡང་གསུམ་པ་ལ་གནས་པའི་ཤཱུ་ལ་དང་རྡོ་རྗེ་ཀྱོ་བས་མཚན་པའི་ལྷ་སྤྲོས་པས་
གོང་མ་ལྟར་ལྷ་མ་ཡིན་གྱི་བུ་མོ་རྣམས་འགུགས་པར་འགྱུར་རོ་ཞེས་སོ། །ཡང་ལྷ་གང་ཡང་རུང་བའི་རྣལ་འབྱོར་པས་རྫས་དང་ལྡན་པའི་དགུག་པ་གསུངས་པ། བཙག་ཅེས་པ་ལ་སོགས་པའོ། །མཚན་མ་ཐོབ་པའི་རྣལ་འབྱོར་པས་བཙག་གམ་རྡོ་རྒྱུས་ལ་སོགས་རྡོ་རྗེ་ཀྱོ་བ་དང་
ལྷའི་སྦྱོར་བས་བསྒོམས་ནས། ཟླ་བ་གཟས་ཟིན་པའི་ཚེ་ཁར་བཅུག་ལ་རྡོ་རྗེ་གསུམ་གྱིས་བརླབས་ནས་དེ་ལས་བྱུང་བའི་ལྷ་རྣམས་སྤྲོས་པས་ནམ་མཁའི་ཁམས་བཀང་ལ་ཡང་དག་པར་བསྡུས་ནས་གནས་བརྟག་པའི་ངོ་བོར་ཆགས་པར་བྱས་ནས་ཇི་སྲིད་ཟླ་བ་མ་གྲོལ་གྱི་
བར་དུ་བསྒོམ་པར་བྱའོ། །དེས་ཤིང་ལེབ་ལ་སོགས་པ་ལ་ཚངས་པ་ལ་སོགས་པ་གང་གི་མིང་བྲིས་པ་རྣམས་འོང་བར་འགྱུར་ཞེས་སོ། །འཇམ་པའི་རྡོ་རྗེའི་རྣལ་འབྱོར་པས་གནོད་སྦྱིན་གྱི་བུ་མོ་དགུག་པ་གསུངས་པ། རྣམ་པའི་ཞེས་པ་ལ་སོགས་པའོ། །རྣམ་པའི་མཆོག་
རྣམས་ཏེ་མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཇམ་དཔལ་ཆོ་ག་ཇི་ལྟ་བས་རབ་ཏུ་བསྒོམས་ལ་དགུག་པར་བྱ་བའི་གནོད་སྦྱིན་མོའི་མགོ་ལ་ཁྲོ་བོ་གཤིན་རྗེ་གཤེད་རྡོ་རྗེ་ཀྱོ་བ་དང་ལྡན་པ་བསྐལ་པའི་སྲེག་པ་ཆེན་པོའི་གཟུགས་བསྒོམས་ནས། དེ་དང་འདྲ་བའི་གཟུགས་
ལས་སྤྲོས་པས་ཀྱང་གནོད་སྦྱིན་མོ་དག་བཀུག་ནས་སྤྱད་པར་བྱའོ་ཞེས་སོ། །ཇི་སྐད་དུ། གནོད་སྦྱིན་མོ་ཡི་སྔགས་རྒྱུད་ལས། །གཤིན་རྗེ་གཤེད་ནི་རྣམ་པར་བརྟག །ཅེས་སོ། །གནོད་སྦྱིན་མོ་ནི་སྲ་བ་སྟེ་དེས་གནོན་པར་འགྱུར་བའོ། །རང་རང་གི་ལྷའི་ཆོ་གས་ལས་
བྱ་བ་གསུངས་པ། ཀུན་གྱི་ཞེས་པ་ལ་སོགས་པའོ། །ཀུན་གྱི་ཕྱག་རྒྱའི་ཁྱད་པར་དང་། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དབྱེ་བས་སོ། །སྔགས་ཀྱི་ཁྱད་པར་ཐམས་ཅད་ཀྱིས། །ཞེས་པ་ནི་དེའི་བསྐྱེད་པ་དང་དགུག་པའི་ཐབས་སུ་གསུང་གི །ལྷ་གཞན་གྱི་ཕྱག་རྒྱ་དང་
Vol. 39 · folio 84a
སྔགས་དང་ལྡན་པས་ལྷ་གཞན་གྱི་རྣལ་འབྱོར་གྱིས་དགུག་པར་མི་བྱ་སྟེ། དེ་ལྟར་བྱས་ན་སྦྱོར་བ་པོ་ལ་རྟོག་པ་འབྱུང་སྟེ་མི་འགྲུབ་པས་ན་བདག་ཉིད་འཇིགས་པར་འགྱུར་རོ་ཞེས་སོ། །སྦྱོར་བ་ཐམས་ཅད་ཀྱི་ཐུན་མོང་གི་ཆོ་ག་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་
སོགས་པའོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེས་པ་ནི་གནས་བསྐྱེད་པ་སྔོན་དུ་འགྲོ་བའི་ཡེ་ཤེས་ལྔས་དེའི་སྐུ་དང་ལྡན་པར་བྱའོ། །དེ་བར་གྱི་སྲིད་པ་འཇུག་པ་ལ་སོགས་པས་འོད་དུ་ཞུ་སྟེ། ཚད་མེད་པའི་ལྷ་མོར་གྱུར་པས་དེ་ལ་ཡང་དང་ཡང་དུ་བསྐུལ་བར་བྱའོ་ཞེས་སོ། །
དེ་ལས་སྔགས་ཀྱི་ཁྱད་པར་དང་། །ཕྱག་རྒྱ་ཆེན་པོའི་ཁྱད་པར་འབྱུང་། །ཞེས་སོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་སྔགས་རྣམས་ཏེ་ལྷ་ཐམས་ཅད་ཀྱི་སྟོན་པ་ཞེས་ཏེ། གསལ་བར་བྱེད་པའི་རྒྱན་དུ་རབ་ཏུ་བརྟག་པའོ་ཞེས་སོ། །དེའི་རྣམ་པར་དག་པ་ནི་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་
སྟེ་དེ་མངོན་དུ་གྱུར་པ་མེད་ན་ཐམས་ཅད་དག་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ད་ནི་ལྷ་མོ་སྒྲོལ་མའི་རྣམ་གྲངས་རལ་པ་གཅིག་མ་ཞེས་གྲགས་པས་དེའི་སྦྱོར་བས་ཀླུའི་བུ་མོ་དགུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཀུན་དུ་རྣམ་པར་སྤྲུལ་པའི་ཡེ་
ཤེས་ནི་བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་ཏེ་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་ལྟ་བུ་སྟེ། དོན་ཡོད་གྲུབ་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །ཐོར་ཚུགས་གཅིག་མ་ནི་རལ་པ་གཅིག་མའོ། །དམ་ཚིག་ཆེན་མོ་རྒྱལ་པོ་ནི་དོན་ཡོད་གྲུབ་པ་ཉིད་པས་ན་མཆོག་སྟེ་མདུང་ཅན་
མའོ། །དེ་ཡང་སྐུ་དང་ཞལ་དབུས་མ་སྔོ་བ་གཡས་དཀར་བ་གཡོན་དམར་བ། གཡས་གཉིས་ཀྱིས་གྲི་གུག་དང་རལ་གྲི་འཛིན་པ། གཡོན་གཉིས་ན་ཐོད་པ་དང་རིན་པོ་ཆེ་བསྣམས་པ་དང་པོ་གཉིས་ཀྱིས་ཐབས་ལ་འཁྱུད་པ་མཆེ་བ་ཅུ་བཟད་གཙིགས་པ་ཕྱུང་པོ་ཞེས་སོ། །ཀླུའི་
བུ་མོ་མཐུ་ཆེན་ནི་འདིས་དགུག་པར་བྱའོ། །བཀའ་བཞིན་དུ་མ་བྱས་ན་ཚིག་པར་གྱུར་ཅིང་གོས་དང་བྲལ་ནས་བྱེ་མ་འབབ་པའོ། །དེ་དོན་ཡོད་གྲུབ་པ་དྲན་པའི་དམ་ཚིག་ལ་གནས་ན་དེ་མེད་པའི་ཕྱིར་སངས་རྒྱས་བྱང་ཆུབ་རྗེས་སུ་དྲན་ཞེས་སོ། །ལས་གསུངས་པ། སྔགས་
Vol. 39 · folio 84b
ཀྱི་རིག་པ་འདི་ཡིས་ནི། །ཞེས་ཏེ། ཆོ་ག་ཇི་ལྟ་བ་བཞིན་དུ་རལ་གཅིག་མའི་སྦྱོར་བ་བྱས་ལ། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་དང་ནཱ་ག་གེ་སར་དུ་བཅས་པས་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོའི་སྙིང་གར་སྔགས་སྤེལ་བ་དང་བཅས་པ་སྔ་
མ་བཞིན་དུ་བྲིས་ནས་བཀུག་སྟེ། གཡས་བརྐྱང་བའི་རྐང་པ་གཡོན་བསྐུམ་པས་མནན་ལ་བསྐུལ་བ་དང་ལྡན་པའི་སྔགས་བརྗོད་ན་ཀླུ་རྣམས་དང་དེའི་བུ་མོ་མིག་བཟངས་དག་ཀྱང་བཀུག་ནས་ཉེ་བར་སྤྱད་པར་བྱ་ཞེས་སོ། །ན་བཟའ་དཀར་མོའི་རྣམ་གྲངས་ཁྲོ་གཉེར་མ་ཞེས་བྱ་བ་
དེའི་སྦྱོར་བ་རིག་འཛིན་གྱི་བུ་མོ་དགུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ནམ་མཁའི་དམ་ཚིག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེའི་འབྱུང་བ་གང་དབྱེར་མེད་པས་ན་རྡོ་རྗེ་སྟེ་འོད་དཔག་མེད་ཀྱི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །དམ་ཚིག་ཆེན་
པོའི་སྟེ་སྣང་བ་མཐའ་ཡས་ལས་མི་འདའ་བས་ཏེ་དེ་ཉིད་ཆོས་རྡོ་རྗེ་ཁྲོ་གཉེར་མ་སྟེ་ཕྱག་མཚན་ལ་སོགས་པ་ན་བཟའ་དཀར་མོ་དང་འདྲ་བ་ལ་དམར་སྐྱའི་མདོག་ཅན། ཐོད་པའི་ཕྲེང་བ་དང་ལྡན་པ་མཆེ་བ་ཅུང་ཟད་གཙིགས་པ་ཕྱུང་ངོ་ཞེས་པའོ། །རིག་པ་འཛིན་པའི་རྒྱལ་པོ་ནི་འདིས་
དགུག་པར་བྱའོ། །གོང་མ་ལྟར་ཡེ་ཤེས་རྒྱལ་པོ་ནི་སྣང་བ་མཐའ་ཡས་ཏེ་དྲན་པས་འཇིགས་པ་དང་བྲལ་ལོ་ཞེས་སྦྱར་རོ། །དེའི་ལས་གསུངས་པ་རིག་པ་འཛིན་པའི་ཞེས་པ་ལ་སོགས་པའོ། །སྔགས་ཀྱི་རིག་པ་ནི་ཁྲོ་གཉེར་མའི་སྔགས་སོ། །དམ་ཚིག་མཆོག་
གིས་དགུག་པར་བྱ། །ཞེས་པ་ནི་གོང་དུ་གསུངས་པའི་སྦྱོར་བའི་དམ་ཚིག་ལ་སོགས་པས་དགུག་པར་བྱའོ་ཞེས་སོ། །དེ་ནི་རིམ་པ་གཉིས་པའི་བསམ་གཏན་འབའ་ཞིག་གིས་དགུག་པ་གསུངས་པ། འགོག་པ་ཞེས་པ་ལ་སོགས་པའོ། །འགོག་པ་ཞེས་པ་ནི་
སེམས་ཀྱིས་ཀུན་དུ་སྤྱོད་པ་གཞན་དང་བྲལ་བའོ། །མི་ཕྱེད་པས་རྡོ་རྗེ་སྟེ་མཛེས་པར་བྱེད་པས་ན་རྒྱལ་པོའོ། །དེ་ཉིད་རིམ་པ་གཉིས་པས་ན་ཡོངས་སུ་རྫོགས་པའོ། །དེས་སེམས་བརྒྱན་པས་ན་མཛེས་པ་མཆོག་སྟེ། མི་གཡོ་བ་བསྒྲུབ་བྱ་དེར་ཆུད་པར་བྱས་པས་ཡེ་
Vol. 39 · folio 85a
ཤེས་རྡོ་རྗེ་གསུམ་ལས་བྱུང་བ་ཡང་ཁུགས་ན་སྔགས་ཀྱི་རྒྱུད་ལ་སོགས་པའི་བསྒྲུབ་བྱ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཐམས་ཅད་ཀྱང་འདིའི་སྤྲུལ་པ་ཡིན་པའི་ཕྱིར་རོ། །དེ་བས་ན་དེས་ལུས་ལ་སོགས་པ་མེད་པ་ཡང་དེ་མ་ཐག་ཏུ་འགུགས་ཞེས་བྱ་བར་སྦྱར་བར་བྱའོ། །ད་
ནི་ཁྲོ་བོ་གང་ཡང་རུང་བའི་རྣལ་འབྱོར་པས་སྔགས་ཀྱི་རྒྱུད་དང་ལྡན་པའི་མངོན་སྤྱོད་གསུངས་པ། ཡང་ན་ཞེས་པ་ལ་སོགས་པའོ། །ཡང་ན་ཞེས་པ་ནི་དགུག་པ་ལ་རྣམ་གྲངས་བསྙགས་པའོ། །ཁྲོ་བོ་ཐམས་ཅད་ཅེས་པ་ནི་ཁྲོ་བོ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་
ཞེས་པའོ། །སྔགས་པས་འབུམ་དུ་བཟླས་བྱས་ན། །ཞེས་པ་ནི་དཔག་ཏུ་མེད་པའི་བཟླས་པ་བྱས་པས་སྔགས་པ་རྣམ་པར་དག་སྟེ། དེས་དབེན་པའི་གནས་སུ་འབུམ་ཕྲག་གཅིག་བཟླས་པ་བྱས་ན་འགུགས་པ་དང་གསོད་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་བཤད་
ཅེས་སོ། །དེ་བས་ན་གྲངས་དང་ལྡན་པའི་བཟླས་བརྗོད་ནི་ལུས་ཅན་སྡིག་པ་དང་བྲལ་བའི་སྔགས་པ་ལ་གསུངས་པ་སྟེ་གཞན་ལ་ནི་མ་ཡིན་ནོ། །ཇི་སྐད་དུ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། བཟླས་བརྗོད་གྲངས་ཚད་གསུངས་པ་ནི། །ཕལ་ཆེར་
ངས་ནི་བསྟན་པ་ཡང་། །ལུས་ཅན་སྡིག་པ་བྲལ་བ་ཡི། །སྔགས་པ་རྣམ་པར་དག་པ་ལས། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་སོ། །ལས་ཀྱི་བསྒྲུབ་བྱ་གསུངས་པ། རྡོ་རྗེ་སློབ་དཔོན་ཞེས་པ་ལ་སོགས་པའོ། །རབ་ཏུ་དབེན་པའི་གནས་དག་ཏུ། །ཞེས་པ་ནི།
དེར་བཟླས་བརྗོད་གོང་དུ་གསུངས་པ་བྱ་བར་བསྟན་ཏོ། །ལས་ལ་སྦྱོར་བའི་གནས་ནི་འོག་ནས་སྟོན་ཏོ། །ལུས་ཅན་སྡིག་པ་དང་ལྡན་པ་བསད་པ་དང་བསྐྲད་པའི་ཡོན་ཏན་ནི་བྱང་ཆུབ་མཆོག་དང་ཞི་བ་ལ་སོགས་པའི་སྔགས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ་ཞེས་སོ། །
བསྒྲུབ་བྱ་ལ་ཉེས་པ་བསྒོ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་གསུངས་པ། ཕྱོགས་བཅུའི་ཞེས་པ་ལ་སོགས་པའོ། །ཕྱོགས་བཅུའི་སེམས་ཅན་གྱི་ལུས་དང་ངག་དང་སེམས་གསད་པ་ནི་ལེའུ་བཅོ་ལྔ་པ་ལས་བཤད་དོ། །དེ་ཁྱད་པར་དག་ཏུ་སྔོན་དུ་བསྒོམས་པས་དགྲ་རྣམས་གདོན་
Vol. 39 · folio 85b
མི་ཟ་བར་འཆི་བར་འགྱུར་རོ་ཞེས་སོ། །ད་ནི་ལས་ལ་སྦྱོར་བ་གསུངས་པ། ཁྲག་དང་ཞེས་པ་ལ་སོགས་པའོ། །ཁྲག་དང་ཆུ་ཡིས་གཤེར་བའི་གོས་སམ། ཡང་ན་བཤང་གཅིས་གཤེར་བའི་གོས་བགོས་ནས་བསྒྲུབ་བྱའི་ལིངྒ་རྐང་པས་མནན་པའོ། །ཁྲོ་བོ་ནི་གདུག་པའི་ལས་
སྒྲུབ་པའི་ཕྱིར་རམ། ལས་ཐམས་ཅད་བྱེད་པས་ན། ཁྲོ་བོ་རྒྱལ་པོ་སྦྱར་བར་བྱ། །ཞེས་སོ། །བརྒྱ་རྩ་བརྒྱད་ནི་གྲངས་སོ། །དེས་སངས་རྒྱས་དག་ཀྱང་འཇིག་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། །དེ་བཞིན་དུ་ཆུ་དྲོན་གྱིས་གོས་གཤེར་བར་བྱས་ནས་ཁྲོ་བོ་མཆོག་
གི་ཞེས་སྟེ། ཁྲོ་བོ་མཆོག་གི་རྣལ་འབྱོར་པས་བགོས་ནས་ལྷ་ཆེན་པོའི་གཟུགས་རྐང་པས་མནན་ན། སངས་རྒྱས་དག་ཀྱང་འཇིག་ཅེས་པའོ། །དེ་བཞིན་དུ་བཤང་གཅིས་སྦངས་པའི་གོས་ངན་པ་རུལ་པའི་དྲི་མ་མནམ་པ་བགོས་ནས་གོང་མ་ལྟར་བྱས་ན་བསྐམས་ཏེ་འཆི་བར་
འགྱུར་རོ། །ཐལ་བའི་སྐྱོ་མས་གཤེར་བའི་གོས་གོན་ནས་ལུས་དང་སེམས་ཁྲོས་པས་འཁྲུགས་པར་བྱས་ནས་བརྒྱ་རྩ་བརྒྱད་བཟླས་ན་རྡོ་རྗེ་སེམས་དཔའ་འཇིག་པར་འགྱུར་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། །གོས་དང་མི་ལྡན་པ་གསུངས་པ། གཅེར་བུ་ཞེས་པ་
ལ་སོགས་པའོ། །གཅེར་བུར་ཕྱུང་ལ་སྐྲའི་རྩེ་མོ་ཐུར་དུ་བཤིག་ལ་ལུས་འཇིགས་པའི་ཚུལ་དུ་མཆེ་བ་གཙིགས་ཤིང་མིག་འགྱུར་བ་བྱས་ནས་རྐང་པས་བསྒྲུབ་བྱའི་ལིངྒ་མནན་ནས་སྔགས་བཟླས་ན། འདུས་མ་བྱས་ནམ་མཁའ་ཡང་འཇིག་པར་ནུས་ན་གཞན་ལྟ་ཅི་
སྨོས་ཞེས་སྦྱོར་བའི་མཐུ་བསྟན་པའོ། །དེ་ལ་མངོན་སྤྱོད་ཀྱི་གནས་གསུངས་པ། མ་མོའི་གནས་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ་ལྷ་ཁྲོ་བོའི་རྣལ་འབྱོར་པས་ཇི་སྐད་བཤད་པའི་བྱ་བ་བྱས་པའི་ཁྱད་པར་ཁ་སྦྱར་དབྱེ་བ་སྔོན་དུ་བྱས་ནས་ཇི་སྐད་དུ་གསུངས་
པའི་རྫས་ལ་གཟུགས་བརྙན་བྱས་ལ་མ་མོའི་གནས་ལ་སོགས་པ་གང་ཡང་རུང་བར་ཁྲག་ལ་སོགས་པས་གཤེར་བའི་གོས་དང་ལྡན་པའམ། ཡང་ན་གཅེར་བུར་བྱུང་སྟེ་རྐང་པས་མནན་ནས་བརྒྱ་རྩ་བརྒྱད་བཟླས་པ་ཙམ་གྱིས་ཇི་སྐད་གསུངས་པ་འགྲུབ་པར་འགྱུར་རོ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words