དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་པཉྩི་ཀཱ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 39 · folio 145a

༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་པཉྩི་ཀཱ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ། དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །གང་ལས་

Vol. 39 · folio 145b

ཡང་དག་སྐྱེས་པ་རྟོག་པའི་དྲ་བ་ཀུན་བྲལ་བདེ་བར་གཤེགས་པ་རྣམས། ཆོས་སྐུ་རྟག་པ་ཡོན་ཏན་དང་ལྡན་སོ་སོ་རང་གིས་རིག་བྱ་མཉམ་མེད་པ། སེམས་ཅན་དོན་ཕྱིར་ཐ་དད་གཟུགས་དང་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུར་ལྡན་པ། ཐབས་དང་ཤེས་རབ་རང་བཞིན་ངེས་པར་བྱང་

སེམས་བདུད་རྩི་དེ་ལ་ཕྱག་འཚལ་ལོ། །པདྨ་དང་ནི་སྐུ་མེད་རོལ་པ་བཞད་པས་མཛད་དང་ཆོས་ཀྱི་མྱུ་གུའི་གཞུང་། །མགྲིན་གསུམ་དང་ནི་དབང་པོའི་དབྱངས་སྙན་སྐྱོང་ལས་བྱུང་དང་སྙིང་པོ་སྦས་པས་བཤད། །དཔལ་ལྡན་དུས་ལ་གང་དུ་གསལ་ཚིག་བཤེས་གཉེན་ཡེ་ཤེས་ཀྱིས་མཛད་གཞན་

ཡང་སྟེ། །རྡོ་རྗེ་སློབ་དཔོན་བརྒྱུད་པ་ལས་ནི་འོངས་པ་དེ་ལས་བདག་ནི་བློ་དམན་ནོ། །འོན་ཀྱང་དཔལ་སྡེ་དང་ནི་བྱིས་པ་ནས་སྐྱེས་པ་དང་སྨན་པ་ལ་སོགས་པ། །དཔལ་ལྡན་ཡེ་ཤེས་ཞབས་ཀྱི་ལམ་ལ་འཇུག་པ་རྣམས་ཀྱིས་མང་དུ་ནི། །རྒྱས་པར་བྱས་པས་གྱུར་པ་གང་ཡིན་དེ་

ཡི་གཞུང་ལུགས་དེ་ཉིད་ནི། །དེ་ནི་འདི་རུ་མདོ་རུ་བསྡུས་པ་འགྲོ་ལ་ཕན་ཕྱིར་བརྗོད་པར་བྱ། །ཐམས་ཅད་དུ་རྟོག་པ་དང་ལྡན་པ་རྣམས་དགོས་པ་རྟོགས་ཏེ་འཇུག་གོ། །ཐབས་ཀྱང་ཤེས་ཤིང་གོམས་པར་བྱེད་པས་འབྲས་བུ་སྟེར་བར་འགྱུར་ཏེ། མདོ་འཆད་པ་རྣམས་ཀྱིས་དང་

པོར་འཇུག་པའི་ཡན་ལག་ཏུ་གྱུར་པ་རྗེས་སུ་མཐུན་པའི་ཐབས་དང་། ཐུན་མོང་མ་ཡིན་པའི་འབྲས་བུ་ཐོབ་པའི་མཚན་ཉིད་དགོས་པ་ངེས་པར་བརྗོད་པར་བྱའོ། །དེ་ཡང་འབྲེལ་པ་ལ་སོགས་པ་མ་བསྟན་པར་བསྟན་པར་མི་ནུས་པའི་ཕྱིར་དོན་གྱིས་འབྲེལ་པ་ལ་སོགས་པ་ཡང་

བསྟན་པར་བྱ་སྟེ། དེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་ཐུགས་དང་གསུང་དང་སྐུའི་རིགས་སོ་སོར་རྡོ་རྗེ་གསུམ་གྱི་བདག་ཉིད་དེ་ལྟ་བ་ངན་པ་རྣམས་ལ་སྦས་པའི་ཕྱིར་གསང་བའོ། །གང་དུ་དེའི་

རང་བཞིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་གྱུར་པ་ནི་བཅོམ་ལྡན་འདས་གསང་བ་འདུས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་མི་ཕྱེད་ཀྱང་བི་ར་ནའི་སྟན་དུ་བརྗོད་པ་ལྟ་བུར་བརྗོད་དོ། །གང་ཡང་བཅོ་བརྒྱད་ལས་གསུངས་པ། སྐུ་གསུང་ཐུགས་ནི་རྣམ་པ་

Vol. 39 · folio 146a

གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བརྗོད། །ཅེས་སོ། །དེ་ལྟར་གཉིས་སུ་མེད་པའི་རྣལ་འབྱོར་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རིགས་གསུམ་གྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་

བྱིན་གྱིས་བརླབས་པ་ལ་སོགས་པའི་རང་བཞིན་ནི་བརྗོད་པར་བྱའོ། །དེ་རྟོགས་པར་བྱེད་པའི་ཕྱིར་རྒྱུད་ལས་ཡང་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་ཀྱིས་མཛད་པའི་སྙན་དངགས་སུ་བསྟན་པ་བཞིན་ནོ། །དེ་བཞིན་དུ་ཡང་དཔལ་སྡེའི་ཞལ་སྔ་ནས་གསུངས་པ་འདི་རྣམས་རྡོ་རྗེ་གསུམ་གྱི་

བདག་ཉིད་དེ། ཉི་ཤུ་ལྔའི་རིམ་པའི་དཀྱིལ་འཁོར་པ་གང་དེ་གླེང་གཞིའི་ལེའུ་གསུངས་པ་ནི། བྱང་ཆུབ་སེམས་སོགས་ཀྱིས་ནི་ཀུན་འགྲུབ་པ། །འདི་ནི་བརྗོད་པར་བྱ་བ་ཉིད་ཡིན་ལ། །སྒྲ་ཡི་བདག་ཉིད་རྗོད་པར་བྱེད་པའི་རྒྱུད། །ཅེས་པའོ། །བརྗོད་པར་བྱ་བ་དང་རྗོད་

པར་བྱེད་པ་འདི་དག་ནི། བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པའོ། །དགོས་པ་ཡང་གདུལ་བྱ་རྣམས་ཀྱིས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་སྔོན་དུ་སོང་བའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་སྔོན་དུ་སོང་བའི་ཐོས་པ་

ལ་སོགས་པའི་རིམ་པས་སྒྲིབ་པ་ཐམས་ཅད་སྤངས་པ་མངོན་དུ་བྱེད་པ་ཁྱད་པར་ཅན་སྟོན་པར་བྱེད་པས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ངོ་བོ་འགྲོ་བ་མ་ལུས་པས་བརྟེན་པར་བྱ་བ་ཟག་པ་མེད་པའི་བདེ་བའི་བདག་ཉིད་མངོན་དུ་བྱེད་པའོ། །འདི་ཡང་སྤྱིའི་རྒྱུད་དེ། ལྷ་

ཐམས་ཅད་ཀྱི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་གསུངས་པ་དེ་ཉིད་བཅུ་བསྡུས་པ་ལས། བསྟན་བཅོས་གང་ཞིག་དོན་མང་ལྡན། །ལྷ་རྣམས་ཐམས་ཅད་བརྟག་པ་ཡིན། །དེ་ཡི་རྒྱུད་ནི་རྒྱུད་ཡིན་བརྗོད། །ཅི་ཞེས་འདི་ལ་འདོད་པ་ཡིན། །

ཞེས་སོ། །ལྷ་ཐམས་ཅད་ཀྱི་དེ་ཉིད་ཀྱང་བཅུ་དྲུག་པ་ལས་ཁོང་དུ་ཆུད་པར་བྱ་སྟེ། རྡོ་རྗེ་འཛིན་མཆོག་གང་ཡིན་པ། །དབུས་སུ་གཟུགས་ནི་ལེགས་བྲིས་པས། །དེ་ཡིས་དཀྱིལ་འཁོར་གནས་སུ་འགྱུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྐྱེས། །ཞེས་གང་

Vol. 39 · folio 146b

གསུངས་པའོ། །ཅིའི་ཕྱིར་ཐུན་མོང་མ་ཡིན་པ་ཞེས་བྱ་ཞེ་ན། བརྗོད་པར་བྱ་སྟེ། འདི་ལྟར་ཐམས་ཅད་ཐམས་ཅད་དུ་རང་གི་དབང་གིས་བདག་ཉིད་བདེ་བར་འདོད་པས་འདི་ལྟར་རབ་ཏུ་འཇུག་སྟེ། འདི་ལྟར་ཡང་བླང་བར་བྱ་བ་དང་དོར་བར་བྱ་བའི་ཁྱད་པར་མི་ཤེས་ནས་མུ་སྟེགས་

རྣམས་ནི་རེ་ཞིག་ལྷ་དང་མི་ལ་སོགས་པའི་བདེ་བ་ཅུང་ཟད་ཙམ་ལ་ཤིན་ཏུ་འདོད་པའི་སེམས་ཀྱིས་ཆུ་དང་མེ་ལ་སོགས་པ་རྣམས་སུ་བདག་འཇུག་པར་བྱེད་དོ། །ཉན་ཐོས་ལ་སོགས་པ་རྣམས་ཀྱང་དངོས་པོའི་རང་བཞིན་མི་ཤེས་ཏེ་ཕུང་པོ་མེད་པ་མཆོག་ཏུ་བདེ་བར་ཤེས་

ནས་བདག་ཉིད་མྱ་ངན་ལས་འདའ་བ་ལྷུར་བྱེད་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་མཛེས་པའི་ངང་ཚུལ་ཅན་ཡང་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ན་ཐམས་ཅད་རྟག་ཏུ་སྟོང་པ་ཉིད་དུ་རོ་གཅིག་པས་ས་ཐོབ་པ་ཡང་སྙིང་རྗེ་དམན་པས་ཐེག་པ་དམན་པ་ལ་འདོད་པར་

བྱེད་དོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས་གསུངས་པ། ས་ཐོབ་པ་ནི་རྒྱལ་བའི་སྲས། །ཡིད་ཆེས་པར་ནི་མི་འགྱུར་ཏེ། །ཇི་སྲིད་ས་བརྒྱད་པ་ཡི་བར། །ཐེག་པ་དམན་པས་དེ་རྣམས་འཇིགས། །གསང་བའི་འཁོར་ལོ་ཆེན་པོ་འདིར། །གང་ཞུགས་རྒྱལ་བ་དག་ལས་སྐྱེས། །

ཡིད་ཆེས་པར་ནི་འགྱུར་བ་སྟེ། ཐེག་པ་ཆེ་ལ་གཅིག་ཏུ་གནས། །ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་ལ་ཕྱིར་མི་ལྡོག་པའི་མཐར་ཐུག་པ་ཐོབ་པས་ཀྱང་སངས་རྒྱས་མ་ཡིན་ཏེ། ས་བཅུ་པ་ཉིད་ཀྱིས་སངས་རྒྱས་ཉིད་ཐོབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕ་

རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའི་རྒྱུ་མ་ཡིན་ཏེ། ཟབ་མོའི་དོན་མངོན་དུ་བྱས་པས་དེར་སེམས་ཅན་གྱི་དོན་དང་བྲལ་བ་ཐོབ་པའི་ཕྱིར་རོ། །འགྲོ་བ་མ་ལུས་པ་ལ་ཕན་པའི་མཆོག་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འདོད་དོ། །བདག་མེད་པ་མཐར་ཐུག་

པར་འཇུག་པ་ན་ཡང་བདག་མེད་པས་ཐོབ་པར་མི་ནུས་ཏེ། དེ་རྣམ་པར་རྟོག་པ་ཙམ་གྱི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གསུངས་པ། ཐབས་དང་བྲལ་བ་དངོས་མེད་ཙམ། །བསྒྲུབ་པར་བྱ་བ་ཡིན་ན་ཡང་། །བདག་གཞན་དོན་ལ་དེ་མཐུ་མེད། །མེད་ཕྱིར་

Vol. 39 · folio 147a

ནམ་མཁའི་མེ་ཏོག་བཞིན། །ཞེས་སོ། །ཐབས་དང་བཅས་པས་ཀྱང་ཇི་ལྟར་འགྱུར་ཞེ་ན། དེ་བརྗོད་པར་བྱ་སྟེ། འགྲོ་བ་མ་ལུས་པའི་འདོད་ཆགས་ཆེན་པོའི་ངོ་བོ་ཉིད་ཀྱིས་ཉེ་བར་སྟོན་པ་རྫོགས་པའི་ཕྱིར་རོ། །གང་ཡང་གསུངས་པ། རྡོ་རྗེ་སྙིང་པོའི་

རྒྱན་ལས། འདོད་ཆགས་ཆེན་པོ་རྣམ་པར་དག །བདེ་བ་ཆེན་པོ་ནོར་ཆེན་པོ། །ཁམས་གསུམ་དབང་ཕྱུག་ཐོབ་ནས་ནི། །དོན་བྱེད་དེ་ནི་བསྟན་པའོ། །ཞེས་སོ། །དེའི་ཕྱིར། སངས་རྒྱས་ཉིད་ནི་སྒྲུབ་པའི་རྒྱུ། །སངས་རྒྱས་རྣལ་འབྱོར་ཀུན་དུ་ཡང་། །རྒྱུ་དང་འདྲ་

བའི་འབྲས་བུ་ཉིད། །ཀུན་དུ་མཐོང་བ་མ་ཡིན་ནམ། །དེ་ཡང་གསུངས་པ་ཐམས་ཅད་གསང་བ་ལས། །སངས་རྒྱས་ཉིད་ཀྱང་མདོར་བསྡུ་ན། །ཏིང་འཛིན་ཡེ་ཤེས་ལས་ངེས་འབྱུང་། །སངས་རྒྱས་རྣལ་འབྱོར་མ་རྟོགས་པ། །སངས་རྒྱས་རྣལ་འབྱོར་པས་

མི་ཐོབ། །ཅེས་སོ། །འདིར་སངས་རྒྱས་ཀྱི་རྣལ་འབྱོར་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཉིད་དོ། །གང་གསུངས་པ་དེ་ཁོ་ན་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའི་ཏིང་འཛིན་ནི། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་གནས། །འདི་ལས་སངས་རྒྱས་

སངས་རྒྱས་ཉིད། །གཞན་ལས་སངས་རྒྱས་འགྱུར་མ་ཡིན། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས། དེ་ཕྱིར་ཀུན་དུ་རྟོག་བསལ་ཅིང་། །ཀུན་དུ་འོད་ཟེར་འཕྲོ་བ་ཡི། །ཀུན་དུ་བཟང་པོའི་བདག་ཉིད་དུ། །བསྒོམ་

པ་ཉིད་ཀྱི་བྱང་ཆུབ་སྣོད། །ཅེས་སོ། །གཞན་ཡང་སྣང་བ་མེད་པའི་ཡེ་ཤེས་མངོན་དུ་བྱས་པས་སངས་རྒྱས་ཉིད་དུ་ཁས་ལེན་པར་བྱེད་ལ། བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་མེད་པར་འགྱུར་ཏེ། རྟག་ཏུ་བསོད་ནམས་དེའི་རྣམ་པར་སྨིན་པ་ནི་བདེ་བ་ཉིད་ཡིན་

པའི་ཕྱིར་རོ། །གང་གསུངས་པ། སྣང་བའི་རྡོ་རྗེ་འཆར་བ་ལས། །འབྲས་བུ་བདེ་སྟེར་བསོད་ནམས་ཡིན། །དེ་ནི་འགོག་ཕྱིར་དོན་མེད་དོ། །བསོད་ནམས་ཀྱིས་ནི་བདེ་བ་ཐོབ། །བདེ་བས་བསོད་ནམས་ཐོབ་པ་ཡིན། །བྱང་ཆུབ་སེམས་ལས་སྐྱེས་པའི་ཕྱིར། །

Vol. 39 · folio 147b

དེ་ཡི་བསོད་ནམས་མཁའ་དང་མཉམ། །ཞེས་སོ། །དེའི་ཕྱིར་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་བདེ་བ་ཆེན་པོའི་ངོ་བོ་རྫོགས་ནས་བཅོམ་ལྡན་འདས་ཀྱི་བདག་ཉིད་ངོ་བོ་ཉིད་རྡོ་རྗེ་འཛིན་པའོ། །དེ་ཡང་གསུངས་པ། བཅོ་བརྒྱད་པ་ལས།

དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཛིན་པ་ཆེན་པོའི་གནས། །སངས་རྒྱས་ཀུན་གྱི་ཐབས་བྱུང་བ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་སོ། །ཡང་རྡོ་རྗེ་རྩེ་མོ་ལས་གསུངས་པ། །སངས་རྒྱས་ཀུན་གྱི་ཡེ་ཤེས་གང་། །བྱང་ཆུབ་སེམས་ཀྱང་བསྟན་

པ་གང་། །དེ་འདིར་རྡོ་རྗེ་འཛིན་རྒྱལ་པོ། །དེ་བཞིན་ཉིད་ཀྱང་མི་འགྱུར་བ། །ཞེས་སོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ཀྱང་རྒྱུད་ནས་བྱང་ཆུབ་སྒྲུབ་པར་བྱེད་པ་རྡོ་རྗེ་འཛིན་པའི་ངོ་བོའི་སྒྲུབ་ཐབས་འདིར་འཇུག་པར་ཤེས་པར་བྱའོ། །བྱ་བ་དང་སྤྱོད་པའི་རྒྱུད་

ལས་ཀྱང་བདེ་བར་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ལས་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་སྒྲུབ་པ་ཉེ་བར་བསྟན་པའི་ཕྱིར་རོ། །འོན་ཀྱང་སྒྲོ་བཏགས་པ་ལས་བྱུང་བས་ཡུན་རིང་པོར་གནས་པ་མ་ཡིན་ནོ། །འདི་ལྟར་ཕྱི་རོལ་དུ་མངོན་པར་ཞེན་པས་བསླད་པའི་ཡིད་

ཀྱིས་བྲིས་སྐུ་ལ་སོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་ནས་བདེ་བར་འགྱུར་རོ། །རྣལ་འབྱོར་གྱི་རྒྱུད་ལ་ཁྱབ་པར་ཡང་འདི་ཡིན་ཏེ། དེའི་རྣལ་འབྱོར་པ་རྣམས་རང་གི་ལྷའི་རྣལ་འབྱོར་སྔོན་དུ་སོང་བའི་བྲིས་སྐུ་ལ་སོགས་པ་དམིགས་པས་འདྲ་བའི་དངོས་

གྲུབ་ཀྱང་སྒྲུབ་པར་འགྱུར་རོ། །གང་གསུངས་པ། དཔལ་མཆོག་དང་པོ་ལས། རེ་ཞིག་ཐང་ཀ་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྡོ་རྗེ་སྙེམས་པ་བྲིས་ཏེ། དེའི་མདུན་དུ་རང་ཕྱག་རྒྱ་ཆེན་པོ་ལ་གནས་ནས་འབུམ་བཟླས་ཏེ་འབུམ་རྫོགས་ནས་རྡོ་རྗེ་སེམས་དཔའ་

ཉིད་ཐོབ་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་བླ་མར་ཡང་དམ་པའི་བདེ་བ་བསྒྲུབ་པར་བྱ་བར་འདོད་དེ། འོན་ཀྱང་འདིར་དེའི་རྒྱུའི་གཙོ་བོ་དངོས་སུ་མ་བཤད་དོ། །དཔལ་གསང་བ་འདུས་པ་ལས་གཙོ་བོ་ཉིད་ཀྱི་བསྒྲུབ་པར་ནུས་པ་ཐབས་དང་ཤེས་

Vol. 39 · folio 148a

རབ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་མན་ངག་ལས་མཆོག་གི་སྐྱེས་བུའི་དོན་ལ་མཁོ་བ་ཟག་པ་མེད་པའི་བདེ་བའི་རང་བཞིན་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་རྫོགས་པའི་ཕྱིར་ཐུན་མོང་མ་ཡིན་པའི་རྒྱུ་ཉེ་བར་བསྟན་པ་འདི་ནི་བླ་ན་མེད་པའོ། །ཇི་ལྟར་བསྒྲུབ་པར་ནུས་པར་

འགྱུར་ཞེ་ན་བརྗོད་པར་བྱ་སྟེ། ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལེགས་པར་གོམས་པ་རྣམས་དང་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པ་འདིར་མ་བཀག་སྟེ། སྔགས་ལ་སོགས་པས་ལེགས་པར་སྦྱངས་པའི་དུག་ལ་ཉེ་བར་ལོངས་སྤྱོད་པ་བཞིན་ཕན་པའི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་རོ། །

དེ་ཡང་གསུངས་པ་བདུན་པ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པས། །བརྟེན་ཀྱང་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོ། །མདོ་དོན་འཆད་པ་རྣམས་ཀྱིས་ནི། །དགོས་པ་བསྡུས་པའི་

དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ། །ཞེས་བྱ་བ་ལ་རེ་ཞིག་འདིའི་དགོས་པ་ནི་སྨྲས་ཟིན་ཏོ། །འདིའི་བསྡུས་དོན་ནི་ཡེ་ཤེས་ཞབས་ཀྱིས་མཛད་པའི་ཀུན་དུ་བཟང་པོའི་སྒྲུབ་ཐབས་ཀྱི་ཆོ་གའོ། །ལེའུ་

སོ་སོའི་རིམ་པའི་རྒྱུད་དང་བརྒལ་བ་ལ་སོགས་པ་ཡང་ཇི་ལྟར་སྲིད་པ་བཞིན་དུ་བསྟན་པར་བྱའོ། །འཕྲལ་དུ་ཚིག་གི་དོན་གྱི་བཤད་པ་བསྟན་པར་བྱ་སྟེ། འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ། འདིར་སྡུད་པ་པོ་ནི་རྡོ་རྗེ་ཆོས་ཡིན་པར་བརྗོད་དེ། དེ་ཉིད་ལ་རྒྱུད་འདི་གཙོ་བོར་ཡང་དག་པར་

གཏད་པའི་ཕྱིར་རོ། །དེ་ཡང་ལེའུ་བཅུ་བདུན་པ་ལས་གསུངས་པ། ཁྱེད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདི་བསྒོ་བར་གྱིས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འདི་བསྒོམ་པར་གྱིས་ཤིག་ཅེས་བྱ་བ་ནས། སླར་ཡང་

གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཟུང་ཤིག །ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བར་དབང་བསྐུར་རོ། །དེ་ཉིད་ཀྱི་ཕྱིར་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་

Vol. 39 · folio 148b

པར་སྤྱིར་བསྟན་པ་གཏད་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་དམ་པའི་ཆོས་ཀྱི་ཚོགས་སྲུང་བ་ལ་དབང་ཡང་ཕྱག་ན་རྡོ་རྗེ་སྡུད་པ་པོ་མ་ཡིན་ནོ། །གལ་ཏེ་ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོའི་སྒྲས་ཕྱག་ན་རྡོ་རྗེ་ཉིད་ཅེས་བརྗོད་ན། དེའི་ཚེ་འདིར་དེ་ཉིད་

སྡུད་པ་པོར་འགྱུར་རོ། །འདི་སྐད་བརྗོད་དོ། །རྡོ་རྗེ་ཆོས་ཉིད་ལ་དཔལ་གསང་བ་འདུས་པ་ཉན་པར་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་དང་གཞན་ལ་ཕན་པའི་དོན་དུ་ཞུས་པའོ། །རྒྱུད་ཐམས་ཅད་ཀྱི་དོན་དང་གཞུང་སེམས་ལ་བཟུང་ནས། འདི་སྐད་

ཅེས་བྱ་བ་ནི་ངེས་པའི་དོན་དུ་བརྗོད་པས་རང་དང་རྗེས་སུ་མཐུན་པའི་ཤེས་པས་བཟུང་བའི་མདོ་དོན་མ་ལུས་པ་བསྟན་པའི་ཆེད་དུ་འདི་སྐད་ཅེས་བྱ་བས་ཕྱིན་ཅི་མ་ལོག་པ་ཉིད་དུ་སྨྲས་པའོ། །བདག་གིས་ཞེས་བྱ་བ་འདིས་བདག་ཉིད་ཀྱིས་མངོན་སུམ་དུ་ཐོབ་པའོ། །བདག་ཉིད་ཀྱིས་

བཅོམ་ལྡན་འདས་ལས་གཞུང་དང་དོན་མངོན་སུམ་དུ་བཟུང་བ་སྟེ། གཅིག་ནས་གཅིག་དུ་བརྒྱུད་པ་མ་ཡིན་ནོ། །བདག་གིས་བྱས་པ་ཡང་མ་ཡིན་ཏེ། འོན་ཀྱང་འདི་སྐད་འཆད་པར་འགྱུར་བའི་གཞུང་ལས། བཅོམ་ལྡན་འདས་ལས་ཐོས་པའོ། །བདག་གིས་ཞེས་བྱ་བས་

མི་ལྡན་པ་རྣམ་པར་བཅད་པ་སྟེ་གྲངས་ལས་འདས་པའི་འཁོར་འཆད་པར་འགྱུར་བས་སོ། །ཡང་ན་བདག་གིས་ཞེས་བྱ་བ་ནི་བདག་མོས་པའི་དབང་གིས་བདག་གིས་འདི་སྐད་རེ་ཞིག་ཐོས་ཀྱི་གཞན་གྱིས་ནི་གཞན་དུ་ཐོས་པའོ། །གདུལ་བྱའི་བྱེ་བྲག་གིས་རྗེས་སུ་མཐུན་པའི་ཕྱིར་

བཅོམ་ལྡན་འདས་ཀྱིས་གསུངས་པའོ། །གང་ཡང་སློབ་དཔོན་མ་ཁོལ་གྱིས། །གསུང་གཅིག་གིས་ནི་བསྟན་མོད་ཀྱི། །དུ་མ་ཉིད་དུ་རྟོགས་པར་བྱེད། །བདག་ལ་ཉེ་བར་སྟོན་ཏོ་ཞེས། །སྐྱེ་བོ་ཀུན་གྱིས་ཤེས་པར་འགྱུར། །ཞེས་གསུངས་པས་སོ། །ཐོས་པའི་ཚིག་གིས་

སྟོན་པའི་དུས་སུ་བདག་བྱང་ཆུབ་སེམས་དཔར་སྨྲས་ལ། དེས་ན་སྡུད་པའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བསྟན་ཏེ། ཐོས་པ་ཞེས་པ་དང་འགལ་བ་མེད་དོ། །གང་ཡང་གསང་བ་འདུས་པ་ལ་སྟོན་པའི་དུས་དང་ཉེ་བ་ན་བཅོ་བརྒྱད་པ་ལས་མཐོང་ཞིང་ཐོས་ལ་

Vol. 39 · folio 149a

ཁོང་དུ་ཆུད་པ་ཞེས་པ་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བསྟན་པ་དེ་ནི་རིགས་པའོ། །འདི་ལྟར་ཡང་མངོན་སུམ་དུ་ཐོས་པ་དང་། རྒྱུད་ཀྱི་དོན་མ་ལུས་པར་ངེས་པར་འཛིན་པའི་ཕྱིར་ཡང་སྡུད་པ་པོ་བདག་ཉིད་ཚད་མ་ཉིད་དུ་བསྟན་པ་དང་། །སློབ་

དཔོན་མེད་པར་བྱ་བ་མ་ཡིན་ནོ་ཞེས་པ་དང་། ངེས་པར་རྟོགས་པར་བྱའོ་ཞེས་བསྟན་ཏོ། །འདི་ལྟར་གླེང་བསླང་བ་བྱས་ནས་སྡུད་པའི་དུས་སུ་ཉེ་བ་མ་ཡིན་པའི་མ་འོངས་པའི་འགྲོ་བ་ཡིད་ཆེས་པར་བྱ་བའི་དོན་དུ་གང་གི་ཚེ་གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་པ་དེ་གོ་རིམས་བཞིན་

དུ་བསྟན་ཏེ། དུས་གཅིག་ན་ཞེས་བྱ་བ་འདིས་བདག་ཉིད་ཐོས་པ་མང་བ་དང་རྒྱུད་རྙེད་པར་དཀའ་བར་བསྟན་ཏེ། བདག་གིས་ལན་ཅིག་ཉིད་དུ་ཐོས་ཀྱི། གཞན་དུ་གཞན་ཡང་ཐོས་ཏེ། དེ་ལྟ་བུར་གྱུར་པ་ནི་རྟག་ཏུ་སྟོན་པ་མི་སྲིད་པའི་ཕྱིར་རོ། །འདིའི་བསམ་པ་ཡང་དུས་

ཐམས་ཅད་དུ་འདི་འདྲ་བ་རྨད་དུ་བྱུང་བའི་ཆོས་ཉན་པ་མི་སྲིད་པའི་ཕྱིར་ཁྱེད་རྣམས་ཀྱིས་འདིར་གུས་པར་བྱའོ་ཞེས་སོ། །གཅིག་ཀྱང་ཉན་པའི་དུས་ན་རྒྱུན་མི་འཆད་པའི་ངོ་བོ་ཉིད་ཀྱིས་ཉན་པ་རྒྱུན་མི་འཆད་པའི་ཕྱིར་རོ། །གཞན་དུ་ན་ཡི་གེ་དང་། ཚིག་དང་། ངག་འཛིན་པའི་

དུས་ཐ་དད་པའི་ཕྱིར་ཇི་ལྟར་དུས་གཅིག་ཏུ་འགྱུར། ཡང་ན་སྐད་ཅིག་ནི་དུས་གཅིག་སྟེ། སྐད་ཅིག་མ་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གིས་སམ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ཐོབ་པས་རྒྱུད་ཐམས་ཅད་ཀྱི་དོན་སྣང་བའི་ཕྱིར་རོ། །དུས་ཞེས་

བྱ་བར་བརྗོད་པར་བྱ་བ་ཡིན་པ་ལ་དུས་ཚོད་སྨོས་པས་ནི་དུས་ནི་རྫས་མ་ཡིན་པར་བཤད་པའི་ཕྱིར་རོ། །ཉི་མ་ལ་སོགས་པ་རྣམས་ཀྱིས་འདིའི་འགྲོ་བའི་ཁྱད་པར་སྐད་ཅིག་མ་ལ་སོགས་པའི་བརྡས་བརྗོད་དེ། དུས་ཞེས་བྱ་བའི་རྫས་ཅི་ཡང་ཡོད་པ་ཡང་མ་ཡིན་ནོ། །གང་ལས་

ཐོས་ཤེ་ན་གསུངས་པ། བཅོམ་ལྡན་འདས་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བླ་ན་མེད་པའི་ཤེས་རབ་ནི་བཅོམ་པ་སྟེ། འདི་གང་ལ་ཡོད་པ་དེ་ནི་བཅོམ་ལྡན་འདས་སོ། །དེ་བཞིན་དུ་ཡང་གསུངས་པ། རྡོ་རྗེ་རྩེ་མོ་ལ། འཇོམས་པའི་ཕྱིར་ན་བཅོམ་པ་སྟེ།

Vol. 39 · folio 149b

ཉོན་མོངས་བདུད་ལ་སོགས་འཇོམས་པས། །ཤེས་རབ་ཉོན་མོངས་དེ་འཇོམས་ཕྱིར། །དེ་ཕྱིར་ཤེས་རབ་བཅོམ་པར་བཤད། །ཅེས་སོ། །ཡང་ན། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་

པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཅེས་བྱ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་སོ། །འདི་ལྟར་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཤར་བས་ཉོན་མོངས་པའི་གཞན་དབང་མེད་པའི་ཕྱིར་དབང་ཕྱུག་ཕུན་སུམ་ཚོགས་པ་ཉིད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་

པས་བལྟ་བས་ཆོག་མི་ཤེས་པའི་གཟུགས་ལ་སོགས་པ་སྟོན་པའི་ཕྱིར་དང་། འདི་ལྟར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ཞེས་པ་ལ་སོགས་པའི་གྲགས་པ་ཐོབ་པས་གཟུགས་

ཕུན་སུམ་ཚོགས་པ་དང་གྲགས་པ་དང་ཡང་ལྡན་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་མཐར་ཕྱིན་པ་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པས་ཡིད་བཞིན་གྱི་ནོར་བུ་བཞིན་འགྲོ་བ་མ་ལུས་པའི་ཉེ་བར་འཚོ་བ་ཡིན་པའི་ཕྱིར་དཔལ་ལྡན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པས་

ཤེས་བྱའི་སྒྲིབ་པ་ལ་སོགས་པ་ཤིན་ཏུ་བསལ་ནས་དོན་མ་ལུས་པའི་སྣང་བའི་ཡེ་ཤེས་ཐོབ་པ་ནི་ཡེ་ཤེས་དང་ལྡན་པའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཐོབ་པས་ཐམས་ཅད་ཉིད་སྒྲུབ་པར་བྱེད་པ་ནི་བརྩོན་འགྲུས་དང་ལྡན་པའོ། །གཞན་ལ་དེ་ལྟ་བུའི་ཡོན་ཏན་ཡོད་པ་མ་ཡིན་

པ་འདི་ལྟར་གྱུར་པས་བརྗོད་པས་ཕྱིན་ཅི་མ་ལོག་པར་གྱུར་པའོ། །བཅུ་བདུན་པའི་མཐར་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་འཆད་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་དེ་ཉིད་ལས་ཐོས་སོ་ཞེས་བྱ་བར་བལྟ་བར་བྱའོ། །འདིས་ནི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གང་

དུ་གནས་ནས་ཐོས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དེའི་བདག་ཉིད་དུ་གཤེགས་པ་ནི་དེ་བཞིན་གཤེགས་པ་སྟེ་གཙོར་ཆོས་ཀྱི་སྐུ་བསྟན་ཏོ། །ཀུན་རྫོབ་ཏུ་ཡང་སྤྲུལ་པ་ལ་

Vol. 39 · folio 150a

སོགས་པའི་གཟུགས་ཉིད་ཀྱིས་ཇི་ལྟར་རྣམ་གྲངས་གང་གིས་འཇིག་རྟེན་པ་ལ་སྣང་བའི་དངོས་པོ་དེ་ཉིད་མི་རྟག་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གཤེགས་པ་དང་ལྡན་པ་དང་ཡོངས་སུ་སྤྱོད་པ་དང་ལྡན་པ་དང་། ཡོངས་སུ་གསུང་བ་དང་ལྡན་པ་ཞེས་བྱ་

བ་ནི། དེ་བཞིན་གཤེགས་པ་སྟེ། ངག་གི་ལམ་ཐམས་ཅད་ལས་འདས་ཀྱང་ཚིག་གི་སྤྱོད་ཡུལ་ལྟ་བུ་དང་། བྱ་བ་དང་བཅས་པ་ལྟ་བུར་ཐ་སྙད་བྱེད་དོ། །དེ་ཁོ་ན་ཉིད་དུ་ནི་ཡུལ་གྱི་དངོས་པོ་མེད་པས་གང་དུ་ཡང་མ་གཤེགས་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ། ཐམས་ཅད་

ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་ལ་སོགས་པ་ཡང་རིགས་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་དང་། ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་གསང་བ་ཡང་ཡིན་ནོ། །དེ་རྣམས་ཀྱི་སྙིང་པོ་རྡོ་རྗེ་ནི་མི་ཕྱེད་པའི་

ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའོ། །དེ་ཉིད་དམ་པ་བདེ་བའི་ངོ་བོ་ཉིད་ཀྱི་དགའ་བའི་གནས་ཡིན་པའི་ཕྱིར་དང་། །བག་ཆགས་དང་བཅས་པའི་ཉོན་མོངས་པའི་ཕུང་པོ་འཇོམས་པས་བཙུན་མོའི་བྷ་ག་སྟེ། སྐུ་གསུང་ཐུགས་ཀྱི་སྙིང་པོ་རྣམ་པར་དག་པའི་རང་བཞིན་གྲངས་ཇི་ལྟ་

བ་བཞིན་དུ་སྟེང་དང་འོག་ཏུ་གཉིས་དང་གཅིག་པ་ནི་གྲུ་གསུམ་པའི་རྣམ་པའོ། །ས་བཅུ་གསུམ་པའི་རང་བཞིན་ཆོས་འབྱུང་བའི་ཕྱག་རྒྱའོ། །འོག་དང་སྟེང་དུ་གཉིས་པ་དང་། གཅིག་གི་གྲུ་གསུམ་གྱི་རྣམ་པ་ཞེས་ཁ་ཅིག་འདོད་དོ། །འདི་སྐད་བསྟན་པར་འགྱུར་ཏེ། ལྔ་དང་

གསུམ་དང་གཅིག་གི་རིགས་ཀྱི་བདག་ཉིད་ཀྱི་རང་གི་ངོ་བོ་དང་རྗེས་སུ་མཐུན་པའི་ཆོས་འབྱུང་གི་ནང་གི་གཞལ་ཡས་ཁང་དུ་འདོད་ཆགས་ལ་སྤྱོད་པའི་གདུལ་བྱའི་སེམས་ཅན་རྗེས་སུ་གཟུང་བའི་ཆེད་དུ་འཁོར་ཆེན་པོ་དང་བཅས་པའི་བཅོམ་ལྡན་འདས་གང་གི་ཚེ་བཞུགས་པ་དང་ལྡན་པ་

དེའི་ཚེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱའོ། །དེ་ཡང་གསུངས་པ། གཉིས་སུ་མེད་པར་མཉམ་པར་རྣམ་པར་རྒྱལ་བ་ལས། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །དེ་ན་འདོད་ཆགས་སུན་མི་དབྱུང་། །གང་གཞན་དམ་ཚིག་གསུམ་པོ་རྣམས། དེ་ཉིད་འདི་ཡི་

Vol. 39 · folio 150b

ནང་དུ་འདུས། །ཞེས་སོ། །འདིར་ཡང་སངས་རྒྱས་ཞེས་བྱ་བ་ནི་རྡོ་རྗེ་འཆང་སྟེ། སངས་རྒྱས་རྡོ་རྗེ་འཛིན་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་གསུངས་པ་བཅོ་བརྒྱད་པ་ལས། ལོངས་སྤྱོད་བཞི་དང་ཡང་དག་ལྡན། །རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །

སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་རྣམས་སུ་བསྒོམ་པར་བྱ། །ཞེས་སོ། །མང་པོའི་ཚིག་ནི་སྟོན་པའི་དུས་སུ་ཕྱོགས་བཅུ་ན་བརྟན་པ་དང་། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སོ་སོའི་ནང་དུ་ཆུད་པའི་ཆོས་ཀྱི་འབྱུང་གནས་ཀྱི་ནང་གི་གཞལ་ཡས་ཁང་

དུ་དཀྱིལ་འཁོར་པའི་ལྷ་དང་བཅས་པ་དང་། རིག་པ་དང་གཉིས་སུ་མེད་པའི་རང་བཞིན་གྱི་བཅོམ་ལྡན་འདས་སྣང་བའི་ཕྱིར་རོ། །ཡེ་ཤེས་ཞབས་ཀྱིས་ཀྱང་འདིའི་དོན་ཀུན་དུ་བཟང་པོ་ལས་གྲུ་གསུམ་གྱེན་དུ་གནས་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །བཞུགས་ཞེས་བྱ་བ་ནི་རྣམ་པ་སྣ་

ཚོགས་པའི་ཐབས་ཀྱིས་གདུལ་བྱའི་འགྲོ་བ་རྣམས་ཀྱི་ཡིད་འཕྲོག་པ་དང་ལྡན་པས་ཞེས་བྱ་བའི་དོན་ཏོ། །འདོད་པའི་ཁམས་སུ་འདོད་པའི་འདོད་ཆགས་ལ་སོགས་པ་ལ་ལྷགས་པར་ཆགས་པ་རྗེས་སུ་གཟུང་བའི་ཕྱིར། །དེ་ལྟ་བུའི་གནས་སུ་སེམས་ཏིང་ངེ་འཛིན་དུ་འགྱུར་ཏེ། སེམས་མཉམ་

པར་གཞག་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་པར་ནུས་སོ་ཞེས་བྱ་བ་ལ། གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །བཅོམ་ལྡན་འདས་ཀྱི་ཆེ་བའི་བདག་ཉིད་དང་། ཕན་པ་ཆེན་པོ་མཛད་པ་དང་། དབང་པོ་དང་བཅས་པར་ཤེས་པར་བྱ་བའི་ཕྱིར་འཁོར་

འདུས་པ་ཆེན་པོ་ཉེ་བར་བསྟན་པར་འདོད་པས། བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་ལང་ཞེས་བྱ་བ་གསུངས་པ་ནི་ཐམས་ཅད་ལས་འདས་པ་གྲངས་ཀྱི་བྱེ་བྲག་གོ། །དེས་བརྗོད་ཀྱིས་མི་ལང་བ་དུ་རྣམས་ཤེ་ན་གསུངས་པ། སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ།

བརྗོད་ཀྱིས་མི་ལང་བ་གྲངས་ཀྱིས་རྣམ་པར་བཅད་པར་མི་ནུས་པའི་ཕྱིར་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་སྟེ། ཐམས་ཅད་ཀྱིས་གྲངས་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་ནི་དཔེ་ཙམ་དུ་བསྟན་པའོ། །ཡང་ན་

Vol. 39 · folio 151a

བརྗོད་ཀྱིས་མི་ལང་བ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་དང་གཟུགས་དང་ནུས་པ་ལ་སོགས་པ་སྟེ། འདིར་བསྟན་པར་མི་ནུས་པའི་ཕྱིར་རོ། །དེ་རྣམས་ཀྱིས་ཀྱང་འཇིག་རྟེན་པའི་གྲངས་ཀྱིས་བསྟན་པར་མི་ནུས་པའི་ཕྱིར། སངས་

རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཡང་དོན་དམ་པ་ཆོས་ཀྱི་རང་བཞིན་གྱིས་བརྗོད་བྱ་དང་རྗོད་བྱེད་ལས་འདས་པའི་ངོ་བོ་རྣམ་པར་བཤད་པ་ནི་དེར་འདིར་སྐབས་མ་ཡིན་པ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །ད་ལྟར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་

རང་གི་ངོ་བོ་བསྟན་པ་ནི་མ་ཡིན་ཏེ་འོན་ཀྱང་ཕལ་ཆེ་བའོ། །ཆོས་ཀྱི་དབྱིངས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་མ་ཡིན་པ་ཉིད་དེ། འོན་ཀྱང་དངོས་པོ་ཐམས་ཅད་ཀྱི་ཐུན་མོང་བའི་ངོ་བོ་ཉིད་ཀྱི་ཕྱིར་འདིས་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་དུ་མི་འགྱུར་རོ། །ཆོས་

དང་གང་ཟག་ལ་བདག་མེད་པར་རྟོགས་པ་ལས་སངས་རྒྱས་བཅོམ་ལྡན་འདས་ཏེ་དེའི་ཞིང་ནི་གང་དུ་སྐྱེ་བ་བསྟན་པ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་མཉམ་དུ་འཇིག་ཅིང་མཉམ་དུ་ཆགས་པར་གྲགས་ཏེ། དེ་ཡང་ཆོས་མངོན་པ་ལས། གླིང་བཞི་དང་

ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་ཆགས་པ་ཡིན། །ཞེས་གསུངས་སོ། །

འདིར་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ནི་སྤྱིའི་ཚིག་ལས་སངས་རྒྱས་ཀྱི་ཞིང་ཐམས་ཅད་བཟུང་ངོ་། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་སོ་སོའི་ཞིང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་སོ། །ཐམས་ཅད་ཀྱི་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་པ་ལ་སོ་སོའི་ནུས་པ་ལ་བར་ཆད་མེད་

པའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་རྣམས་ན་འམ། སངས་རྒྱས་ཀྱི་ཞིང་ན་རི་རབ་རྣམས་ཏེ། དེ་རྣམས་ཀྱི་རྡུལ་ཕྲ་རབ་ནི་ཐམས་ཅད་ལས་ཕྲ་བའི་ཡན་ལག་སྟེ། དེ་ཡང་མཉམ་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །དེ་ཉིད་

Vol. 39 · folio 151b

རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གང་ཡང་བཅོ་བརྒྱད་པ་ལས། །མི་འཇིག་རྣམ་པར་མི་ཤེས་པ། །བརྗོད་དུ་མེད་དང་རྟོག་བྲལ་བ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཞེས་གསུངས་སོ། །ཡང་དེ་ཉིད་ལས་གསུངས་པ།

མི་འཇིག་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ཉིད་ཡིན་པར་བརྗོད། །ཅེས་སོ། །དེ་ལ་སེམས་དཔའ་ཞེས་བྱ་བ་ནི་སེམས་ཏེ། གང་རྣམས་ཀྱི་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྟན་པའི་བསམ་པས་སེམས་ཅན་གྱི་ཕུང་པོ་ཆེན་པོའི་དོན་བྱེད་པའི་ཕྱིར་སེམས་དཔའ་ཆེན་པོ་སྟེ།

དེ་རྣམས་དང་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཡོངས་སུ་མཐར་མ་ཕྱིན་པའི་ཕྱིར་འདིར་བསྟན་པ་ལ་གཙོ་བོར་གསུངས་པ་དང་། རྒྱུ་དང་འབྲས་བུའི་རིམ་པ་སྟོན་པས་གང་རྣམས་མེད་ན་ལྷའི་རྣལ་འབྱོར་དང་དཀྱིལ་འཁོར་མི་རྫོགས་པ་དང་། ལྷ་དེ་དག་

ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་རྣམས་ལས་རེ་ཞིག་བྱང་ཆུབ་སེམས་དཔའ་རྣམས་དང་པོར་གསུངས་པ། དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་འཆང་སྟེ། དེའི་རྒྱུ་མཐུན་པའི་ཕྱིར་ཡིད་ཀྱི་སྐྱེ་མཆེད་བྱིན་གྱིས་བརླབ་པ་འདིར་ཀུན་དུ་བཟང་པོར་གསུངས་

སོ། །ཡིད་བཞིན་ནོར་བུ་དམ་ཚིག་དང་། །དེ་བཞིན་ཞེས་བྱ་བ་དང་པོའི་ཚིག་ལས། དོན་ཡོད་པ་དང་རྒྱུ་མཐུན་པའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །སྐུ་རྡོ་རྗེ་ལ་སོགས་པའི་སྒྲས་རྣམ་པར་སྣང་མཛད་ལ་སོགས་པའི་རྒྱུ་མཐུན་པའི་

སའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། །ཕྱག་ན་རྡོ་རྗེ་རྣམས་དང་། །ལུས་ལ་སོགས་པའི་བྱིན་གྱིས་བརླབ་པའི་རང་བཞིན་སྐུ་རྡོ་རྗེ་ལ་སོགས་པ་ཡང་གསུངས་སོ། །ཏིང་ངེ་འཛིན་རྡོ་རྗེ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རིན་ཆེན་བདག་པོ་སྟེ།

བྱང་ཆུབ་སེམས་དཔར་སྐབས་ཀྱི་ཚིག་ལས་དེའི་རྒྱུ་མཐུན་པ་ནམ་མཁའི་སྙིང་པོའོ། །རྒྱལ་བ་རྡོ་རྗེ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །དེ་ཡང་དགོངས་པ་ལས་གསུངས་པ། །རིག་པའི་སྐྱེས་བུའི་རྒྱུ་མཐུན་པ། །

Vol. 39 · folio 152a

ཀུན་དུ་དམ་ཚིག་ཅེས་བྱའོ། །ས་སྙིང་འཇིག་རྟེན་དབང་ཕྱུག་དང་། །དེ་བཞིན་ཕྱག་ན་རྡོ་རྗེ་གཞན། །རྣམ་སྣང་མཛད་དང་སྣང་མཐའ་ཡས། །མི་བསྐྱོད་རྒྱུ་མཐུན་གསུམ་འདི་རྣམས། །མཁའ་སྙིང་སྒྲིབ་པ་རྣམས་སེལ་ཉིད། །ཏིང་འཛིན་རྒྱལ་བའི་མིང་

དག་ཅན། །རིན་ཆེན་དོན་གྲུབ་རྒྱུ་མཐུན་པ། །དགོངས་པ་ལས་ནི་བཤད་པའོ། །ཞེས་སོ། །དམ་ཚིག་རྡོ་རྗེ་ལ་སོགས་པའི་སྒྲ་འཇུག་པའི་རྒྱུ་མཚན་ཡེ་ཤེས་ཞབས་ཀྱིས་མཛད་པའི་ཀུན་དུ་བཟང་པོའི་སྒྲུབ་ཐབས་ཀྱི་རིམ་པ་ལ་བརྟེན་ནས་དམ་ཚིག་རྡོ་རྗེ་ལ་སོགས་པའི་སྒྲས་སའི་སྙིང་པོ་ལ་

སོགས་པ་བསྟན་ཏོ། །ཞེས་འདིར་ལ་ལ་དག་འདོད་དོ། །དེའི་འདོད་པ་ནི་སྦྱར་བར་དཀའ་བའི་རྟོག་པ་སྐྱེ་བ་མ་གཏོགས་པར་ཅུང་ཟད་ཀྱང་དགོས་པ་མེད་དེ། །དེ་གང་ཡང་ཁས་མི་ལེན་ནོ། །ཡེ་ཤེས་ཞབས་ཀྱི་སྒྲུབ་ཐབས་ཀྱི་རིམ་པ་ཉིད་ཀྱིས་རྒྱུད་ཐམས་ཅད་ཀྱི་དོན་སྟོན་པ་མ་ཡིནོ་། །

ལ་ལ་ནི་རྒྱལ་བ་རྡོ་རྗེ་ཞེས་བྱ་བ་འདིས་ཀུན་དུ་བཟང་པོ་དང་གཤིན་རྗེ་མཐར་བྱེད་ལ་སོགས་པ་སྟོན་པར་བྱེད་དོ། །དམ་ཚིག་དང་སྡོམ་པ་ལ་གནས་པ་རྣམས་ཀྱིས་བླ་ན་མེད་པའི་སྐུ་ལ་སོགས་པ་རྫོགས་ལ། དེ་ཡང་ཏིང་ངེ་འཛིན་མེད་པར་མི་འབྱུང་ངོ་། །ཏིང་ངེ་འཛིན་ཡང་ཉོན་

མོངས་པ་ལས་རྒྱལ་བ་དང་བྲལ་བ་ལ་མེད་དོ། །ཞེས་བསྟན་པའི་ཕྱིར་དམ་ཚིག་རྡོ་རྗེ་ལ་སོགས་པའི་སྒྲ་འདིས་འདི་རྣམས་བསྟན་གྱི་རང་གི་མིང་གིས་ནི་མ་ཡིན་ནོ། །འབྱུང་བ་རྣམས་ནི་འབྱུང་བ་ལས་གྱུར་པ་རྣམས་ལ་གཙོ་བོ་ཡིན་པས་ན་ས་རྡོ་རྗེ་ལ་སོགས་པ་ནས་རླུང་རྡོ་རྗེའི་

མཐར་ཐུག་པ་སྟེ། དགེ་བའི་འབྲས་བུ་ཡང་དག་པར་འཛིན་པ་དང་། ཚིམ་པ་དང་། མི་དགེ་བ་ངེས་པར་བསྲེགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུས་ས་ལ་སོགས་པའི་རང་བཞིན་སྤྱན་ལ་སོགས་པ་བཞིར་བསྟན་ཏོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་

བ་ནི་འབྱུང་བ་རྣམ་པར་དག་པའི་སྐབས་ལས་དམིགས་པ་མེད་པའི་ཡེ་ཤེས་ཆོས་འབྱུང་གི་གཟུགས་ཅན་རྟེན་དང་བརྟེན་པར་གྱུར་པའི་དངོས་པོ་མ་ལུས་པའི་རང་བཞིན་ལྷའི་འཁོར་ལོའི་སྐབས་འབྱེད་པའི་ཕྱིར་ནམ་མཁའི་རྡོ་རྗེའོ། །ལྷ་ཉིད་དུ་བསྟན་པའི་ཕྱིར་འདི་ཡང་བྱང་ཆུབ་སེམས་དཔའ་

Vol. 39 · folio 152b

རྣམས་ཀྱི་ནང་དུ་བསྟན་ཏོ། །གང་ཡང་བཅོ་བརྒྱད་པ་ལས། མཁའ་དབྱིངས་དམ་ཚིག་དེ་ཉིད་ནི། །རྡོ་རྗེ་འཛིན་པ་ཉིད་དུ་དྲན། །ཞེས་གསུངས་སོ། །དེ་ནི་ནམ་མཁའི་དབུས་ཏེ་ནམ་མཁར་རོ། །རྡོ་རྗེ་སྟེ་རྟེན་དང་བརྟེན་པར་གྱུར་པ་དེ་བཞིན་གཤེགས་པ་རྣམས་འཛིན་པ་ནི་འདིར་

འཇུག་པའི་རྒྱུ་མཚན་ནོ། །ཆོས་རྣམས་གཟུགས་བརྙན་དང་སྒྲ་བརྙན་གྱི་རང་བཞིན་དུ་རྟོགས་པ་དང་། མི་གཡོ་བ་དང་། མི་སྟོང་བ་དང་དགའ་བ་དང་། དམིགས་པ་དང་། ཆོས་ཀྱི་དབྱིངས་མངོན་དུ་བྱེད་པའི་རང་བཞིན་གཟུགས་རྡོ་རྗེ་ལ་སོགས་པ་ནས་ཆོས་ཀྱི་དབྱིངས་རྡོ་རྗེའི་

མཐར་ཐུག་པ་ནི་གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ནི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་སུ་བསྟན་ཏོ། །ཐམས་ཅད་ཉིད་བྱང་ཆུབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་གི་ཤེས་པ་དང་ཐ་མི་དད་པའི་ཤེས་བྱའི་

དཀྱིལ་འཁོར་ལ་དམིགས་པས་སེམས་དཔའ་ཆེན་པོ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །འདི་བདག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་གཙོ་བོར་གྱུར་པའི་རང་བཞིན་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །དེར་བྱང་ཆུབ་སེམས་

དཔའ་འབའ་ཞིག་ཡོད་པ་མ་ཡིན་ཏེ། དེ་དེ་བཞིན་གཤེགས་པ་ཡང་གསུངས་པ། མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་ལ། འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་གཡོ་བར་མི་ནུས་པས་མི་

བསྐྱོད་པའོ། །སྙིང་པོ་དང་། ཁོང་སྟོང་མེད་པ་དང་། མི་ཕྱེད་པ་དང་། འབྱེད་པའི་མཚན་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་ཡང་ཡིན་ལ་མི་བསྐྱོད་པ་ཡང་ཡིན་པས་རྡོ་རྗེ་མི་བསྐྱོད་པའོ། །གློ་བུར་གྱི་དྲི་མ་ཐམས་ཅད་སྤངས་པས་རང་བཞིན་གྱིས་

འོད་གསལ་བའི་ཕྱིར་ཡེ་ཤེས་གཞན་གྱི་རྟེན་ཉིད་ཀྱིས་རྣམ་པར་སྣང་བས་གདུལ་བྱའི་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དམིགས་སུ་མེད་པའི་ཐུགས་རྗེ་ལ་སོགས་པའི་བདག་

Vol. 39 · folio 153a

ཉིད་ཀྱིས་རྒྱུད་གཞན་དང་ཐ་དད་པར་མི་འཛིན་པ་ཡིན་པའི་ཕྱིར་དགའ་བས་རྒྱས་པས་མཉམ་པ་ཉིད་ཀྱི་བདག་ཉིད་རིན་པོ་ཆེ་ཟུར་དགུ་པ་ཡིན་ལ་དེ་ཉིད་རྟོག་སྟེ། མཚན་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པའི་

སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་རྟག་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་ཚེ་དཔག་ཏུ་མེད་པ་སྟེ། སྣང་བ་མཐའ་ཡས་སོ། །འགྲོ་བ་མ་ལུས་པ་ལ་ཕན་པ་བསྐྱེད་པའི་རྒྱུས་དོན་ཡོད་པ་དང་། འགྲོ་བའི་དོན་རྫོགས་པར་གྲུབ་པ་འདི་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་

བདག་ཉིད་དོན་ཡོད་གྲུབ་པའོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེའི་བདག་ཉིད་རྣམས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་གནས་པའོ། །ནམ་མཁའི་དབྱིངས་ཐམས་ཅད་དང་མཉམ་པ་ཞེས་བྱ་བ་ནི་ནམ་མཁའི་ཁམས་དང་མཉམ་པར་དཔག་ཏུ་མེད་པ་རྣམས་སོ། །འདི་རྣམས་

ཀྱང་བར་མཚམས་མེད་པར་གང་བར་གསུངས་པ་འདི་ལྟ་སྟེ་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་ན་ཕྱི་དང་ནང་རྣམ་པར་དག་པའི་དཀྱིལ་འཁོར་པ་ཉི་ཤུ་རྩ་ལྔར་འགྱུར་ཏེ། གཤིན་རྗེ་མཐར་བྱེད་ལ་སོགས་པ་ཡང་འདིར་འབྱིན་པའི་སྟོབས་ཀྱིས་འབྱུང་བའི་ཕྱིར་དང་། དད་པ་ལ་སོགས་

པ་ཉིད་ཀྱང་འདི་རྣམས་ཀྱི་བྱ་བའི་དབང་ལས་འགྲུབ་ཏེ། འདི་ལྟར་དད་པས་དགུག་པ་དང་། བརྩོན་འགྲུས་ཀྱིས་གཞུག་པ་དང་། དྲན་པས་བརྟན་པ་དང་། ཏིང་ངེ་འཛིན་གྱིས་དགའ་བར་བྱེད་པའོ། །དད་པ་ལ་སོགས་པ་ཕུང་པོའི་ནང་དུ་གཏོགས་པ་ཉིད་དེ་ཕུང་པོ་ལ་སོགས་པ་རྣམ་

པར་དག་པའི་རང་བཞིན་གྱིས་ལྷ་རྣམས་སོ། །དེ་ཡང་གསུངས་པ། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་སོ། །གཞན་ཡང་ཁྲོ་བོ་བཅུ་ནི་ཡེ་ཤེས་

བཅུར་འབྱུང་བའི་བདག་ཉིད་ཀྱིས་རྣམ་པར་ཤེས་པའི་ཕུང་པོར་བསྡུས་པ་ཉིད་དོ། །འོན་ཀྱང་སྲུང་བའི་འཁོར་ལོ་ལ་སོགས་པ་རྣམས་ལ་ངེས་པའི་ཡུལ་ཉིད་ཀྱིས་དཀྱིལ་འཁོར་པ་མ་ཡིན་ནོ། །དེ་ལ་ཕུང་པོ་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པ་རྣམས་སོ། །སའི་སྙིང་པོ་

Vol. 39 · folio 153b

ལ་སོགས་པ་དང་། གཟུགས་རྡོ་རྗེ་ལ་སོགས་པ་ནི་སྐྱེ་མཆེད་རྣམ་པར་དག་པའོ། །སྤྱན་ལ་སོགས་པ་ནི་ཁམས་རྣམ་པར་དག་པའོ། །གཤིན་རྗེ་མཐར་བྱེད་ལ་སོགས་པ་ནི་དད་པ་ལ་སོགས་པ་རྣམ་པར་དག་པར་བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་ཕུང་པོ་ལ་

སོགས་པ་རྣམས་རང་གི་སྣང་བ་ལས་ཐ་མི་དད་པའི་ལྷའི་གཟུགས་ཀྱིས་ངེས་པར་དེ་ཁོ་ན་ཉིད་བླང་བར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། གཟུགས་ལ་སོགས་པ་སྟོང་ཉིད་ནམ་མཁའ་དང་མཉམ་བསྒོམ། །ཕྱོགས་གཅིག་དེ་ནི་མུ་སྟེགས་པ་རྣམས་ཡིན་པར་གྲགས། །

སངས་རྒྱས་པས་ནི་རྣམ་དག་གཉིས་མེད་རྣལ་འབྱོར་སྦྱོར། །གཟུགས་ལ་སོགས་ལས་ཐ་དད་མི་སྨྲ་དེ་ཉིད་དུ། །གཟུགས་ལ་སོགས་པ་ལྔར་ནི་ངེས་པར་བསྟན་པ་ཡི། །ཕུང་པོ་གང་ཞིག་དེ་ཉིད་འདིར་ནི་དེ་བཞིན་གཤེགས། །ལྷ་མོ་བཞི་ནི་ངེས་པར་ཁམས་རྣམས་

ཡིན་གྱུར་པ། །གང་ཞིག་ལ་སོགས་བཞི་ནི་དོན་དམ་པར་འགྱུར་ཡིན། །སྐྱེ་མཆེད་དུ་ནི་གནས་པར་རབ་ཏུ་གྲགས་པ་གང་། །བྱང་ཆུབ་སེམས་དཔའ་མ་ལུས་དོན་དུ་བརྟེན་ཞེས་བྱའོ། །གསང་བ་འདུས་པའི་དཀྱིལ་འཁོར་དུ་ནི་འདིར་གསུངས་པ། གང་ཞིག་ཕུང་པོ་

ཁམས་དང་སྐྱེ་མཆེད་ལ་སོགས་ཀུན། །སྟོང་ཉིད་མཚན་མ་མེད་དང་སྨོན་མེད་ངོ་བོ་ཡིན། །ཐོག་མ་མེད་ཅིང་འཇིག་མེད་ངེས་པར་ད་ལྟར་ཡིན། །རང་བཞིན་སྟོང་པ་མ་ལུས་དོན་གྱི་ངོ་བོ་དེ། །ཐེ་ཚོམ་མེད་པར་དེ་ནི་མཆོག་གི་བྱང་ཆུབ་སེམས། །ཞེས་སོ། །འདིར་

ཕུང་པོའི་ཚུལ་ལ་རེ་ཞིག་མིག་ལ་སོགས་པ་ལ་རྟེན་ཅིང་གཟུགས་ལ་སོགས་པ་ལ་དམིགས་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་གཟུགས་ལ་སོགས་པ་ངེས་པར་སྣང་བ་དེ་ལ་རྣམ་པར་དག་པས་རྣམ་པར་སྣང་མཛད་དོ། །དེའི་རྟེན་དང་དམིགས་པ་རྣམ་པར་

དག་པ་ནི་སའི་སྙིང་པོ་ལ་སོགས་པ་དང་། གཟུགས་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །རེག་བྱའི་ཕྱོགས་གཅིག་རྣམ་པར་དག་པར་གྱུར་པ་ནི་སྤྱན་ལ་སོགས་པ་བཞི་ཡིན་ནོ། །གཤིན་རྗེ་མཐར་བྱེད་ལ་སོགས་པ་ནི་འདུ་བྱེད་ཀྱི་ཕྱོགས་

Vol. 39 · folio 154a

གཅིག་ཡིན་པར་བལྟའོ། །གཞན་དུ་ན་འདི་རྣམས་ཀྱི་སོ་སོའི་རྣམ་པར་དག་པ་མེད་པར་འགྱུར་ཏེ། ཕུང་པོའི་རྣམ་པར་དག་པ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་

ནི་རིན་ཆེན་ཏོག་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པར་གསུངས་སོ། །རྣམ་པར་ཤེས་པའི་ཚུལ་ལ་ཡང་ཡུལ་དང་ཡུལ་ཅན་དང་ས་ལ་སོགས་པའི་བག་ཆགས་རྣམ་པར་དག་པ་ཀུན་གཞིའི་རྣམ་པར་ཤེས་པའི་ཕྱོགས་གཅིག་ཏུ་གྱུར་པ་ནི་བྱང་ཆུབ་སེམས་

དཔའ་རྣམས་སོ། །བག་ཆགས་ལྷག་མ་རྣམ་པར་དག་པ་ཀུན་གཞིའི་རྣམ་པར་ཤེས་པའི་བདག་ཉིད་ནི་རྣམ་པར་སྣང་མཛད་དོ། །ཉོན་མོངས་པ་ཅན་གྱི་ཡིད་དང་། རྣམ་པར་རྟོག་པའི་སེམས་དང་སེམས་ལས་བྱུང་བ་དང་། འཇུག་པའི་རྣམ་པར་ཤེས་པ་ལྔ་པོ་རྣམ་པར་

དག་པ་ནི་རིན་ཆེན་ཏོག་ལ་སོགས་པར་འགྱུར་རོ། །གང་ཡང་ཀུན་དུ་བཟང་པོ་ལས་གསུངས་པ། །སེམས་ཅན་དོན་དང་བདག་དང་རྣམ་རྟོག་དང་། །འཇུག་པའི་རྣམ་པར་ཤེས་པ་རྣམ་པར་དག་པ་ཡང་། །ཞེས་སོ། །སེམས་ཅན་དོན་ཞེས་བྱ་བ་ནི་ཕུང་པོ་གཅིག་གོ། །ཡང་

གི་སྒྲས་ནི་སེམས་ལས་བྱུང་བ་གཟུང་སྟེ། དེ་རྣམ་པར་དག་པ་དོན་ཡོད་གྲུབ་པའོ། །གཞན་དུ་ན། གཟུགས་དང་ཚོར་བ་དང་ནི་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་པར་ཤེས་བཤད་པས། །རྣམ་པར་སྣང་མཛད་ལ་སོགས་བདེ་གཤེགས་རྣམས། །ཞེས་པ་དང་འགལ་

བར་འགྱུར་རོ། །ཡང་ན་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་ཙམ་གྱིས་དངོས་པོ་ཐམས་ཅད་གནས་པས། ཇི་སྲིད་མི་མཐུན་པའི་ཕྱོགས་སྒྲོ་བཏགས་པ་དེ་བཀག་པ་ཉིད་ཀྱིས་དེའི་གཉེན་པོར་གྱུར་པའི་སྟོང་པ་ཉིད་དང་ཐ་མི་དད་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པར་དག་

པར་ཡང་དག་པར་བརྟགས་པ། ཞལ་གསུམ་ཕྱག་དྲུག་གི་དཀྱིལ་འཁོར་པའི་ལྷའི་རྣམ་པའི་གཟུགས་ཀྱིས་བརྟགས་པ་ཞེས་བྱ་བ་ནི་ཐུག་པ་མེད་པ་མ་ཡིན་ནོ། །ད་ནི་བླ་མ་ལ་རག་ལས་པ་དངོས་གྲུབ་རྣམས་ཡིན་ཏེ། དེས་ན་སློབ་དཔོན་མེད་པར་མི་བྱའོ་ཞེས་བསྟན་

Vol. 39 · folio 154b

པར་བྱ་བའི་ཆེད་དུ་དཀྲུགས་པའི་རིམ་གྱིས་མངོན་པར་རྟོགས་པའི་རིམ་པ་ལ་སོགས་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཐུགས་ཀར་ཞུགས་སོ། །ཞེས་བྱ་བའི་བར་ནི་གསོལ་བ་འདེབས་པ་གཉིས་པ་དང་འབྲེལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

གཟུགས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་སྦྱང་བའི་དོན་དུ་ཚིག་བཞི་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པར་གྱུར་པའི་ཕྱིར། རྣམ་པར་སྣང་མཛད་ནི་རྡོ་རྗེ་འཛིན་པ་ཉིད་དོ། །འདོད་ཆགས་ཆེན་པོ་

ཞེས་བྱ་བ་ནི་དམ་པའི་བདེ་བའི་ངོ་བོ་ཅན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་བཅོམ་ལྡན་འདས་སུ་བརྗོད་དོ། །དེ་ཡང་གསུངས་པ། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །ཐམས་ཅད་དངོས་གྲུབ་རྗེས་ཆགས་ཕྱིར། །ཞེས་སོ། །དེ་བཞིན་གཤེགས་པ་

ཐམས་ཅད་ཀྱིས་ལེན་ཅིང་འཐོབ་པར་བྱེད་དེ། ཏིང་ངེ་འཛིན་གང་གིས་མངོན་དུ་བྱེད་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཐམས་ཅད་ཀྱང་བདག་མཉམ་པར་འདོད་པ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་ཆགས་པའི་མཚན་ཉིད་དོ། །དེ་ཉིད་ཀྱི་ཚུལ་ནི་ཐབས་དང་བྱེད་པ་སྟེ། ཏིང་ངེ་འཛིན་གང་ལ་སེམས་རྩེ་གཅིག་པ་དེ་ལ་སྙོམས་པར་འཇུག་པ་ཞེས་བྱའོ། །དཀྲུགས་པའི་རིམ་པ་ཡང་དང་པོར་

འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ཉམས་སུ་མྱོང་བ་སྟོན་ཏོ། །འདི་ཉིད་ཉོན་མོངས་པའི་ཆགས་པ་སྤངས་པས་དམ་པའི་བདེ་བ་ཟག་པ་མེད་པ་སྒྲུབ་པ་ལ་ཐབས་ཆེན་པོ་དང་། བདེ་བ་ནི་འདོད་པའི་ཁམས་ཀྱི་གདུལ་བྱའི་འགྲོ་བ་རྣམས་ཀྱི་གཟུང་བའི་ཆེད་དུའོ། །དེ་ཡང་དཔལ་

སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ལས་གསུངས་པ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །བླ་ན་མེད་པའི་མཆོད་པས་མཆོད་པར་བྱ་བ་དང་། ཆོས་ཐམས་ཅད་མཉམ་པར་བསྟན་པའི་ཆེད་དུ་དེ་བཞིན་གཤེགས་

Vol. 39 · folio 155a

པ་རྣམས་བཀོད་པ་ནམ་མཁའི་ཕྱོགས་སུ་གནས་པ་དེ་སྒྱུ་མའི་བདེ་བའི་སྒྲ་ཆོས་ཀྱི་བརྡས་བཀུག་ལ། ཇི་ལྟ་བ་བཞིན་དུ་ཉིད་ཀྱི་སྐུ་ཕུང་པོ་ལ་སོགས་པའི་བདག་ཉིད་ལ་ཆུ་དང་འོ་མ་བཞིན་དུ་ངེས་པར་གཞུག་གོ། །དེའི་རྗེས་ལ་མཆོག་ཏུ་རྗེས་སུ་ཆགས་པས་ཞུ་བར་

གྱུར་ནས། ལན་གྱི་མཆོད་པའི་དོན་འབྱུང་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་སྟེ། དེ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་མཉེས་པར་བྱེད་པའི་དོན་དུ་ཡིན་ཏེ་རིག་མ་ལ་ཞུགས་

པས་སྐྱེད་པ་ལྷག་པའི་བུད་མེད་ཡོན་ཏན་ཕུན་སུམ་ཚོགས་པས་དགའ་བ་སྐྱེད་པའི་ཕྱིར། ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་ཞེས་ཏེ། ཉིད་ཀྱི་སྐུ་ནི་རང་གི་གཟུགས་སོ། །བུད་མེད་ཀྱི་གཟུགས་སུ་སྤྲུལ་པ་ནི་རང་གི་རིགས་དང་། རྗེས་སུ་མཐུན་པའི་གཟུགས་བུད་མེད་ཀྱི་ལྷའི་རྣམ་

པར་བྱིན་གྱིས་བརླབས་ཏེ། དེའི་ཕྱིར་གསུངས་པ། ལ་ལ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། སྤྱན་དང་གཟུགས་རྡོ་རྗེའི་རྣམ་པར་བྱུང་བའོ། །དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་ཡང་ཕྱུང་སྟེ། བཅོམ་ལྡན་འདས་ཀྱི་རིག་མའི་

ནང་དུ་ཞུགས་པར་བལྟའོ། །གང་ཡང་བཅོ་བརྒྱད་པ་ལས། འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ལ་སོགས་པས་འདིའི་དོན་གསལ་བར་བྱེད་དོ། །གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་ཀྱང་གསུངས་པ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་

རྗེས་དེ་བཞིན་གཤེགས་པ་དེ་རྣམས་རང་གི་བ་སྤུའི་བུ་གར་བཅུག་ནས། ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་འབྱུང་བའི་བྱིན་གྱི་རླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་པའི་རྗེས་ཐོགས་ལ་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་

དེ་བཞིན་གཤེགས་པའི་རང་གི་གཟུགས་རྣམས་བུད་མེད་ཀྱི་གཟུགས་སུ་བྱིན་གྱིས་བརླབས་ནས་དེ་ཉིད་ཀྱི་བ་སྤུའི་བུ་ག་ནས་འཐོན་པར་གྱུར་ཏོ། །དེ་ནས་བཙུན་མོ་དེ་དག་ཐམས་ཅད་ཀྱིས་ཡེ་ཤེས་ཆེན་པོའི་རིན་པོ་ཆེ་དེ་ལ་མཆོད་པ་ཐམས་ཅད་བཀོད་པས་ཡང་དག་པར་མཆོད་

Vol. 39 · folio 155b

ནས་ནམ་མཁའ་གང་བར་སྣང་བར་བྱས་ཏེ། སྐུ་དང་གསུང་དང་ཐུགས་རྣམས་ལ་གནས་པར་གྱུར་ཏོ་ཞེས་སོ། །བདག་ཉིད་ཀྱི་དངོས་པོ་ལྷ་མོར་སྤྲུལ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པ་ནི་ལྷ་མོ་དགུར་གྱུར་པའོ། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ནི་རྡོ་རྗེ་

འཛིན་པའི་རྒྱུ་མཐུན་པའི་ཕྱིར་འདིར་མི་སྲིད་དོ། །དེ་བརྗོད་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཇི་ལྟར་རང་རང་བུད་མེད་ཀྱི་གཟུགས་ཀྱིས་ཕྱུང་སྟེ། ཇི་ལྟ་བ་བཞིན་དུ་ཕྱིའི་མཆོད་པ་འདི་རྣམས་ཀྱིས་ཡང་དག་པར་མཆོད་ནས། རྡོ་རྗེ་འཛིན་པ་ལ་

གསང་བའི་མཆོད་པས་མཆོད་པའི་ཆེད་དུ་རིག་མ་ལ་ཐིམ་པར་གྱུར་ཏོ་ཞེས་སོ། །སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱངས་པ་ལས་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཏེ། རྣམ་པར་སྦྱང་བ་ཡང་འདི་ལྟར་རྟེན་དང་བརྟེན་པའི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་རྟེན་སྤྱོད་པ་ནི།

བཅོ་བརྒྱད་པ་ལས། ཆོས་འབྱུང་བ་ནི་ཇི་ལྟར་བསྒོམ། །ཞེས་དྲིས་ནས། ལོངས་སྤྱོད་བཞི་དང་ཡང་དག་ལྡན། །ཞེས་བྱ་བ་ལ་སོགས་པ་དང་། མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་བྱ་བའི་བར་དུའོ། །རྩ་བར་ཡང་ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ་ཞེས་བྱ་

བ་ལ་སོགས་པས་དེ་དང་དེའི་རྣམ་པར་དག་པ་བསྟན་ཏོ། །དེ་ཡང་དཀྱིལ་འཁོར་ཞེས་བྱ་བ་མཆོད་རྟེན་ཏེ། ཚོགས་ནི་ཕུན་སུམ་ཚོགས་དང་ལྡན། །ཉེ་བར་རྫོགས་པ་མཁན་པོ་དང་། །གསང་བ་གསོལ་ལ་སོགས་ལས་ཐོབ། །དྲོད་ནི་དཀྱིལ་འཁོར་ཉིད་དང་ལྡན། །ཆོ་ག་

བཞིན་དུ་བླ་མས་བརྟག །དམ་ཚིག་དམ་ཚིག་ཉིད་ནི་ཐོབ། །དངོས་གྲུབ་ཐམས་ཅད་ཀྱང་ནི་ཐོབ། །ཅེས་བྱ་བའི་ཚིག་ལས་དམ་ཚིག་སྦྱིན་པ་ལ་སོགས་པས་བརྟེན་པ་རྣམ་པར་སྦྱང་བའི་ཕྱིར་བརྟན་པའི་སེམས་ཀྱིས་བསམ་གཏན་གྱི་དཀྱིལ་འཁོར་གསུངས་པ། དེ་ནས་ཞེས་

བྱ་བ་ལ་སོགས་པ་ལ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་བསྐྱོད་པས་མི་བསྐྱོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ། །བཙུན་མོའི་བྷ་ག་ནི་འདི་རང་སྣང་བའི་པདྨའོ། །གྲུ་བཞི་ནི་གཉིས་སུ་མེད་

Vol. 39 · folio 156a

པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་མཉམ་པ་ཉིད་ཀྱིས་ཕྱི་རོལ་གྲུ་བཞི་པའོ། །གསུམ་པ་ལས། འོད་ཟེར་སྣ་ལྔ་ཀུན་དུ་ཁྱབ། །ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །ཞེས་བྱ་བས་ནང་གི་འཕར་མ་བསྟན་ཏོ། །རྡུལ་མེད་

པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་མེད་པའོ། །ཉོན་མོངས་པ་ནི་དྲི་མར་བྱེད་པས་རྡུལ་ཏེ། དེས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བརྗོད་པའི་ས་བོན་ཙམ་བསྟན་ཏོ། །དེ་གང་ཡིན་ཞེ་ན་གསུངས་པ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ལ། དམ་ཚིག་ཆེན་པོ་ནི་རྡོ་རྗེ་

སེམས་དཔའ་སྟེ་དེའི་དཀྱིལ་འཁོར་རམ་དམ་ཚིག་སྟེར་བར་བྱེད་པའི་ཕྱིར་རོ། །དེ་ཡང་གསུངས་པ། དཀྱིལ་འཁོར་གཞུག་ཅིང་དབང་བསྐུར་བ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ། །གང་ཞིག་མདོར་བསྡུས་གསུངས་པ་ནི། །དཀྱིལ་འཁོར་མཁས་པ་བདག་ཉིད་

ཆེ། །ཞེས་སོ། །ཡང་ན་དམ་ཚིག་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་བྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །ལ་ལ་དག་འདིར་མི་བསྐྱོད་པ་བདག་པོར་འདོད་པ་དེ་ནི་བདེན་པ་མ་ཡིན་ཏེ། འདིར་ནི་སེམས་ཅན་རྣམས་འདོད་ཆགས་ཆེན་པོའི་ཚུལ་ལ་ཞེན་པའི་ཆེད་དུ་སྤྲུལ་པ་

ཡིན་ལ། མི་བསྐྱོད་པ་སྤྲུལ་པ་ནི་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་སྦྱང་བའི་ཕྱིར་རོ། །རྡོ་རྗེ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་དེའི་དཀྱིལ་འཁོར་གྱི་སེམས་ཅན་ཐམས་ཅད་སྡུད་པར་བྱེད་པར་རིགས་སོ་ཞེས་སོ། །བྱིན་གྱིས་བརླབ་པ་

ཞེས་བྱ་བ་ནི་ཡེ་ཤེས་ཀྱི་བདུད་རྩི་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྤྲུལ་པའི་དོན་ཏོ། །གསལ་བ་ཞེས་བྱ་བ་ནི་ཡིད་ཀྱི་རང་བཞིན་གྱིས་ཐོག་མ་མེད་པའི་ཕྱིར་རམ། དེ་བཞིན་གཤེགས་པ་མ་ལུས་པའི་ཡོན་ཏན་འབྱུང་བའི་རྒྱུ་ཉིད་ཀྱིས་ཐམས་ཅད་མཁྱེན་

པའི་ཡེ་ཤེས་ཀྱི་རྣམ་པ་ཐོབ་པས་གསལ་བའོ། །དེའི་ངོ་བོ་ཉིད་ཅེས་བྱ་བ་ནི་སྔར་གླེང་གཞིའི་འཁོར་དང་མཚུངས་པ་འམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་སུ་གྱུར་པའི་ཕྱིར་བདག་པོའི་རང་བཞིན་ནོ། །ཁ་དོག་དུ་མ་དང་ལྡན་པ་ཉིད་ཀྱི་ཕྱིར་

Vol. 39 · folio 156b

སྣ་ཚོགས་གཟུགས་སོ། །ཡང་ན་ཐབས་དང་ཤེས་རབ་ཀྱིས་སྣང་བར་གྱུར་པས་དྲན་པ་དང་དབང་པོ་ལ་སོགས་པ་མཆོག་ཏུ་བདེ་བའི་རང་བཞིན་བསྒོམས་པའི་མཐུས་གང་རྣམས་སྐྱེས་པའི་ཆོས་སྣ་ཚོགས་བློའི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་སྤྲིན་

གྱིས་ཀུན་དུ་ཁྱབ། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་ཀྱིས་ཁྱབ་པ་སྟེ། རྟེན་ཙམ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །ཅེས་བྱ་བ་ནི་འོད་ཟེར་དུ་མ་དང་ལྡན་པའོ། །གདན་རྣམས་ཉེ་བར་སྟོན་པ་ན། དེ་

བཞིན་གཤེགས་པ་རྣམས་ཀྱི་བཞུགས་པའི་ངེས་པ་གསུངས་པ། གསལ་བ་ཞེས་བྱ་བ་ལ་སོགས་པ་ལ། གསལ་བ་ནི་གཟུགས་བརྙན་འབྱུང་བའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་དོ། །དེའི་གདན་ཡང་དེའི་བདག་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །

གང་ཡང་བཅུ་བཞི་པ་ལས་གསུངས་པ། རྣམ་པར་སྣང་མཛད་གཟུགས་ཆེན་པོ། །ཟླ་བའི་དཀྱིལ་འཁོར་ལ་བསྒོམ་བྱ། །ཞེས་སོ། །འདིའི་དོན་ནི་རྣམ་པར་སྣང་མཛད་དང་པོར་བྱས་ནས་རང་གི་གདན་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱབ་པ་ཞེས་བྱའོ། །

དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ནི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་གྱི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་སྒྲར་བརྗོད་དོ། །དེ་བཞིན་དུ་ཡང་གསུངས་པ། དེ་ཉིད་བཅུ་བསྡུས་པ་ལས། ལྟས་དང་ཁྱབ་བདག་དེ་བཞིན་རྟེན། །རིག་

པ་རིགས་དང་སྡིག་པ་སེལ། །བདེ་འབྱུང་དང་ཡང་སྐྱེ་གནས་ནི། །སྔགས་རྣམས་ཀྱི་གསང་རྟེན་དང་ཡང་། །རི་དང་གྲོང་དང་དམ་ཚིག་དང་། །ཁྱིམ་དང་གྲོང་ཁྱེར་གཞི་དང་ནི། །འདི་རྣམས་དཀྱིལ་འཁོར་རྣམ་གྲངས་ཉིད། །དེ་རྣམས་ཡོངས་སུ་གྲགས་པ་ཡིན། །ཞེས་

སོ། །དེ་ཡང་བསྒོམ་པར་བྱ་བ་ཉིད་དེ་ལས་དང་པོ་བ་རྣམས་ཀྱིས་གོམས་པའི་དོན་དུ་འདོད་དོ། །སེམས་བརྟན་པས་ཡང་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་དུ་ནོར་མེད་པའི་སྣོད་དང་ལྡན་པའི་འགྲོ་བ་རྣམས་དབང་བསྐུར་ཡང་ཉེས་པ་མེད་དོ། །གང་ཡང་གསུངས་པ། རྒྱལ་

Vol. 39 · folio 157a

བས་ལ་ལར་དེ་ཉིད་འདོད། །ཡིད་ཀྱིས་ཡང་དག་དཀྱིལ་འཁོར་བྱ། །དམ་པའི་དཀྱིལ་འཁོར་བྱ་བ་ལ། །བླ་མ་སློབ་མ་ཡོན་ཏན་ལྷག །ཡང་དག་སྙིང་རྗེའི་དབང་སོན་པས། །རྣམ་པར་གཡེང་བའི་སེམས་ཀྱིས་མིན། །རྫས་ལ་སྲེད་པས་

མ་ཡིན་ཏེ། །མི་བརྟན་རྩོམ་པ་པོ་ཡི་ཡང་། །གཙོ་བོ་རྣམས་ཀྱང་གནང་མ་ཡིན། །དམ་ཚིག་ཕྱིར་ཡང་དེ་མ་མཐོང་། །དོན་མིན་ཞི་བའི་ཕྱིར་ཡང་མིན། །ངལ་བ་འབའ་ཞིག་ཏུ་ནི་ཟད། །ཕྱིས་ནི་འགྱོད་པར་འགྱུར་བ་ཡིན། །འདོད་པ་ཡིན་ཡང་དོན་མི་འདོད། །མི་

མཁས་པས་ནི་བརྟགས་པའོ། །ཡིད་ཀྱི་དཀྱིལ་འཁོར་ཞེས་བྱ་བ། །མཁས་པ་རྣམས་ཀྱིས་དེ་ཉིད་མཐོང་། །ཞེས་བྱའོ། །བཞག་པར་གྱུར་ཏོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཅེས་བལྟ་བར་བྱ་སྟེ། དེ་དབང་བསྐུར་བའི་དོན་གྱི་ཕྱིར་འདིར་སྤྲུལ་པའོ། །དཀྱིལ་

འཁོར་དུ་གཞུག་པ་ཡང་དབང་མ་བསྐུར་བ་རྣམས་ལ་དམ་ཚིག་མི་བསྟན་པའི་ཕྱིར་དབང་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་རྡོ་རྗེ་སྟེ་གང་མི་

ཕྱེད་པ་འདི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ། །དེ་ཡང་གསུངས་པ་བཅོ་བརྒྱད་པ་ལས། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་སོ། །ཐུགས་ལ་ཞེས་བྱ་བ་

ནི་ཐུགས་ཀའི་རྡོ་རྗེ་ལྟེ་བ་ལ་རྒྱལ་བ་རྣམ་པ་ལྔ་དབང་བསྐུར་བའི་དོན་གྱིས་ཞུགས་སོ། །ལ་ལ་དག་གསང་བའི་རྡོ་རྗེ་ཞེས་འདོད་དོ། །དབང་བསྐུར་བ་ནི་བཅུ་བདུན་པ་ལས། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་འདོད་པ་ཐམས་ཅད་ལ་ལོངས་སྤྱོད་པའི་

དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ལ་སོགས་པས་ངེས་པར་ཁོང་དུ་ཆུད་པར་བྱའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནས། ཡང་དག་པར་གནས་པར་གྱུར་ཏོ་ཞེས་བྱ་བའི་མཐར་ཐུག་པའི་ཚིག་གཉིས་

Vol. 39 · folio 157b

པས་གསོལ་བ་གདབ་པ་གཉིས་པ་དང་འབྲེལ་ཏོ། །མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་འབྲེལ་བ་མངོན་པར་བྱང་ཆུབ་པ་རྣམ་པ་གཉིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ནི་གང་ལས་མངོན་པར་ཏེ། ཐམས་ཅད་ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་

པའི་ངོ་བོ་ཡིན་ལ། འབྱུང་བ་ནི་སྐྱེས་པ་སྟེ་ཏིང་ངེ་འཛིན་གང་ལས་སོ། །དེ་ཡང་སྟོང་པ་ཉིད་དང་། སྙིང་རྗེའི་བདག་ཉིད་ཀྱི་རྡོ་རྗེ་སྟེ་དེ་ལ་སྙོམས་པར་ཞུགས་པའོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་དབྱངས་དང་གསལ་བྱེད་ལས་འབྱུང་བ་ཟླ་བ་གཉིས་ཀྱི་གཟུགས་མངོན་

དུ་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསུངས་པ། རྟོག་པ་ཐམས་ཅད་བསྡུས་པ་ལས། སྲ་ཞིང་བརྟན་ལ་ཁོང་སྟོང་མིན། །མི་ཆོད་པ་དང་མི་ཕྱེད་མཚན། །མི་ཚིག་པ་དང་མི་འཇིགས་པས། །སྟོང་ཉིད་རྡོ་རྗེ་ཞེས་བྱར་བརྗོད། །ཅེས་སོ། །འགྲོ་དྲུག་འཁོར་

ལོ་སྤོང་བར་བྱེད། །ཉེས་བྱེད་ཐམས་ཅད་གཅོད་བྱེད་པ། །བྱང་ཆུབ་སེམས་གང་རྡོ་རྗེ་སྟེ། །ཉོན་མོངས་ཐམས་ཅད་འཇོམས་པའོ། །ཞེས་བྱའོ། །ཡང་ན་ཐམས་ཅད་དེ་ཉིད་ཀྱི་རྣམ་པ་ལ་མོས་པས་དེ་བཞིན་གཤེགས་པ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་བྱང་

ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ཡང་གསུངས་པ། དགོངས་པ་ལས། གང་དང་གང་གི་དངོས་པོ་ལས། དེ་དང་དེ་ནི་སྟོང་པར་རྟོགས། །དེ་བཞིན་ཉིད་མཐོང་འབྲེལ་པ་ནི། །ཐམས་ཅད་རིགས་པས་དེ་བཞིན་གཤེགས། །ཞེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་སུམ་བརྒྱ་པ་ལས་ཀྱང་གསུངས་པ། ཀྱེ་རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དོ་ཞེས་བྱ་བའི་ཚིག་ལས་སོ། །དེ་ཟིལ་གྱིས་གནོན་པ་ནི་ཏིང་ངེ་འཛིན་ལས་བསླང་བ་སྟེ། གང་སེམས་སོ་སོར་རྟོག་པ་ལ་སོགས་པ་ཟླ་བ་གཉིས་ཀྱི་གཟུགས་ཀྱིས་ཏེ། དེ་

གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་ཞུགས་པའི་བཅོམ་ལྡན་འདས་ཀྱིས་གང་གྱུར་པ་གསུངས་པ། འདི་ཞེས་བྱ་བ་ལ་སོགས་པ་ལ་བཅུ་གཅིག་པ་ལས། ཡི་གེ་བྷྲཱུཾ་གྱིས་གནས་བསྒོམ་སྟེ། །རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ། །ཞེས་བྱ་བའི་ཚིག་ལས་

Vol. 39 · folio 158a

ཆོས་འབྱུང་བའི་ནང་དུ་ཆུད་པའི་གཞལ་ཡས་ཁང་གི་ནང་གི་ཡུལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ་ཞེས་བྱ་བ་ནི། དབྱངས་དང་གསལ་བྱེད་ལས་ཟླ་བ་གཉིས་ཀྱི་ངོ་བོ་ཉིད་ཀྱིས་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསུངས་པ།

གསང་བའི་ཐིག་ལེ་ལས། སྡུག་ཅིང་སྙིང་པོ་དག་པ་ཆེ། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཐམས་ཅད་གནས་ངན་ལེན་ལས་གྲོལ། །རྣམ་པར་རྟོག་པ་སྤངས་པའི་མཆོག །ཉོན་མོངས་ཀུན་གྱི་དྲི་མ་དག །སྔར་གྱི་མཐོང་བའི་ཟླ་བ་བཞིན། །སངས་རྒྱས་ཀུན་གྱི་ཡོན་ཏན་

འདི། །ཨ་ལ་སོགས་པའི་གཟུགས་ཀྱིས་འཇུག །སྙིང་རྗེ་ཆགས་ལས་ཡང་དག་གྱུར། །སེམས་ཅན་རྗེས་སུ་འཛིན་པར་བྱེད། །དགེ་བའི་ཆོས་ཀྱིས་ཡང་དག་གང་། །ཉོན་མོངས་ཀུན་ལས་ངེས་པར་སྣོད། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་

པའོ། །འདིར་ཡང་སངས་རྒྱས་ཡོན་ཏན་རྣམས། །ཀ་སོགས་གཟུགས་ཀྱིས་ཡང་དག་འཇུག །ཅེས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ཚིག་ལྔ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དབང་བསྐུར་

བའི་རྗེས་ལའོ། །ཐམས་ཅད་ཅེས་བྱ་བ་ནི་གང་དཀྱིལ་འཁོར་དེར་ཞུགས་པའོ། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །ཞེས་པ་ནི། མཆོག་གི་དབང་བསྐུར་བ་ཐོབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་པ་ན་སྐུ་རྡོ་རྗེ་ལ་སོགས་པ་

འམ། དེའི་རྒྱུ་ཐོབ་པས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནས། ཡང་དག་པར་གཟིགས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ཚིག་གསུམ་པ་གསུངས་པ་ལ། དེ་ནས་ཞེས་བྱ་བ་ནི་ཟླ་བ་གཉིས་གཅིག་གི་དངོས་པོར་གྱུར་པའི་རྗེས་ལའོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་སྐུ་རྡོ་རྗེ་ལ་སོགས་པ་ཡང་ཡིན་ཏེ་དེ་རྣམས་ཀྱི་དམ་ཚིག་ནི་རྒྱུ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །གང་གི་ཕྱིར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནོར་བུ་དམར་པོ་དང་འདྲ་བ་དེ་ཉིད་ཀྱི་རྡོ་རྗེ་མི་ཕྱེད་པའོ། །གང་ལ་ཏིང་ངེ་འཛིན་དེ་མངོན་དུ་བྱེད་

Vol. 39 · folio 158b

པ་སྟེ། དེ་བཞིན་དུ་ཡང་གསུངས་པ། བཅུ་གསུམ་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རྡོ་རྗེ་རྩེ་ལྔ་ཁ་བཞི་པ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞེས་སོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །རིག་པའི་

སྐྱེས་བུ་ཆེན་པོའི་གཟུགས། །ཞེས་བྱ་བ་ནི་རིག་པ་ནི་ཤེས་རབ་སྟེ་དེ་དང་ལྷན་ཅིག་པའོ། །གང་གིས་གྲོང་ཁྱེར་འགེངས་བྱེད་པ། །དེ་ཕྱིར་སྐྱེས་བུ་ཞེས་བརྗོད་དོ། །ཞེས་བྱ་བ་རྡོ་རྗེ་བདུད་རྩིའི་ཚིག་ལས་སྐྱེས་བུ་ནི་ཐབས་ཡིན་ལ། དེའི་གཟུགས་ནི་ལུས་ཏེ་ཐབས་དང་ཤེས་རབ་གཉིས་སུ་

མེད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་སྔགས་ཏེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་རྡུལ་ཕྲ་རབ་སོ་སོའི་ནང་དུ་གནས་པ་ཇི་ལྟ་བ་བཞིན་དུ་གྱུར་པའོ། །དེ་

ལྟར་བྱིན་གྱིས་བརླབས་པ་ཞེས་པ་ནི་རྫོགས་པར་བྱེད་པའི་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་གང་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་ཡིན་ནོ། །ཞལ་གསུམ་པ་ཞེས་བྱ་བ་ནི་དཀར་པོ་དང་། ནག་པོ་དང་དམར་པོའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །ལྷ་

རྣམས་ཀྱི་ཕྱག་དང་ཞལ་དང་མཚན་མའི་རྣམ་པར་གཞག་པ་ནི་ཡེ་ཤེས་ཞབས་ཀྱིས་ཀུན་དུ་བཟང་པོ་ལས་ཇི་ལྟར་ཉེ་བར་བསྟན་པ་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ལ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་རྣམས་ཀྱི་ཞལ་གཡས་པ་ནག་པོའོ། །ནག་པོ་དང་དཀར་

པོ་དག་གི་གཡོན་པ་དམར་པོའོ། །སེར་པོ་ལ་སོགས་པའི་དཀར་པོ་སྟེ། སྐུ་ཡང་རྩ་བའི་ཞལ་གྱི་ཁ་དོག་གོ། །ཕྱག་གཡས་ཀྱི་གཉིས་པ་ལ་རྩ་བའི་མཚན་མའོ། །ཐམས་ཅད་ཀྱི་གཡས་དང་ཅིག་ཤོས་ཀྱི་མཚན་མ་དང་བྲལ་བའི་སྟེང་དུ་འཁོར་ལོ་བལྟ་བར་བྱའོ། །གང་

གི་མཚན་མ་མ་གསུངས་པ་དེ་ནི་མན་ངག་གིས་སྒྱུ་འཕྲུལ་དྲ་བ་ལས་ཤེས་པར་བྱ་སྟེ། གང་གི་ཕྱིར་འདིར་ཡེ་ཤེས་ཞབས་ཀྱིས་འཇམ་དཔལ་གྱི་མཚན་མ་གསུངས་པས་སོ། །ལ་ལ་ནི་རྡོ་རྗེ་འཛིན་ཆེན་པོ་ནག་པོར་འདོད་དེ། དེ་ནི་བདེན་པ་མ་ཡིན་ཏེ་ལེའུ་གསུམ་པ་ལས། རྣམ་པར་སྣང་

Vol. 39 · folio 159a

མཛད་ཀྱི་རྗེས་ལ་རྡོ་རྗེ་འཛིན་པ་སྨོས་པ་ནི་དེ་ཁ་དོག་གི་དོན་ཉིད་དོ། །གཞན་དུ་ན་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་དེ་དང་པོར་བསྟན་པར་འགྱུར་རོ། །བཅོ་ལྔ་པ་ལས་གསུངས་པ། དེ་ནི་དེ་མ་ཐག་ཏུ་ཡང་། རྣམ་པར་སྣང་མཛད་འོད་འདྲ་ཞིང་། །རྡོ་རྗེ་སེམས་

དཔའ་རྒྱལ་པོ་ཆེ། །སངས་རྒྱས་སྐུ་གསུང་རྡོ་རྗེ་འཛིན། །ཞེས་སོ། །སྡོམ་པ་བླ་མ་ལས་གསུངས་པ། །མཆོག་ཏུ་མི་འགྱུར་གྲུབ་པའི་ཕྱིར། །ཐམས་ཅད་ལས་ནི་རྣམ་པར་དག །གསང་བའི་དེ་ཉིད་དཀར་བའི་ཕྱིར། །ཟླ་བའི་རྡོ་རྗེ་ཁ་དོག་འཛིན། །ཞེས་སོ། །ཡང་གསུངས་པ།

གསང་བ་སྟུག་པོ་གསུངས་པ་ལས། །རྡོ་རྗེ་སེམས་དཔའ་རྒྱ་ཆེན་མཆོག །སྒེག་པའི་ལོངས་སྤྱོད་རོལ་བར་མཛད། །སྐུ་ནི་ཟླ་བ་དྲི་མེད་མཚུངས། །སྣ་ཚོགས་ལས་ཀྱི་དབྱེ་བ་ཡིས། །ཞེས་སོ། །དེ་ནས་ཞེས་པ་ལ་སོགས་པ་ནས་རྙོག་མ་མེད་ཅེས་བྱ་བའི་བར་གྱི་ཚིག་དྲུག་པ་

གསུངས་པ། དེ་ནས་ཞེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་ཐོབ་པའི་རྗེས་ལའོ། །མི་བསྐྱོད་པ་ལ་སོགས་པ་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའོ། །དེའི་དུས་ཉིད་ན་སངས་རྒྱས་ཐོབ་པར་འགྱུར་བའི་ཕྱིར་དེ་སྐད་ཅེས་བརྗོད་པ་སྟེ། དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ། །གཞན་དུ་ན་

སེམས་ཅན་ཐམས་ཅད་སངས་རྒྱས་པ་རྣམས་ལ་བསྟན་པ་འབྲས་བུ་མེད་པར་འགྱུར་རོ་ཞེས་གཞན་དག་འདོད་དོ། །གཞན་ནི་དེ་ལྟ་མ་ཡིན་ཏེ། སྟོན་པའི་དུས་དང་ཉེ་བ་ཉིད་ཤིན་ཏུ་སྐལ་བ་དང་ལྡན་པའི་ཕྱིར་དབང་བསྐུར་བ་ལ་སོགས་པས་དེ་བཞིན་དུ་གྱུར་པའོ། །གང་ཡང་སྐལ་བ་དང་མི་ལྡན་

པའི་ཕྱིར་ཉེ་བ་མ་ཡིན་པ་དེ་རྣམས་ཀྱི་དོན་དུ་འདི་སྟོན་པ་ཡིན་པ་དེས་ན་ཅིའི་ཕྱིར་དོན་མེད་པ་ཡིན། ཅི་སྟེ་དེ་ལྟར་ན་བྱམས་པ་ལ་སོགས་པ་ཡང་སངས་རྒྱས་པར་འགྱུར་ཏེ། དེའི་དུས་ན་ཡང་དག་པར་བྱུང་བའི་ཕྱིར་རོ་ཞེ་ན་ཉེས་པ་ཡོད་པ་མ་ཡིན་ཏེ། ཚུལ་འདིས་དེ་རྣམས་ཀྱང་ཡང་དག་པར་རྫོགས་པར་འདོད་དོ། །

གང་ཡང་བཅོ་བརྒྱད་པ་ལས་གསུངས་པ། དེ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བས་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྟན་པ་ལས་དངོས་པོ་ཐམས་ཅད་ཀྱི་ཇི་ལྟ་བ་དང་། དུས་ཇི་ལྟ་བ་བཞིན་དུ་

Vol. 39 · folio 159b

མཐོང་ཞིང་ཐོས་ལ་ཁོང་དུ་ཆུད་ནས་ཞེས་སོ། །འདིར་གསུངས་པའི་ཆོས་རྟོགས་པ་ཉིད་སངས་རྒྱས་ཞེས་ཁས་བླངས་པའི་ཕྱིར་རོ། །མི་བསྐྱོད་པ་ལ་སོགས་པ་བཞིན་དུ་བྱམས་པ་ལ་སོགས་པ་ཡིན་ན། ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པ་དེས་ན་ཐེ་ཚོམ་མེད་པའི་ཕྱིར་བཅོ་བརྒྱད་པ་ལས་གསུངས་

པའི་ཞུས་པ་དང་ལན་བརྗོད་པར་མི་འགྱུར་བར་སྨྲ་བར་ནུས་པ་མ་ཡིན་ཏེ། མ་འོངས་པའི་གདུལ་བྱའི་འགྲོ་བ་རྣམས་རྗེས་སུ་གཟུང་བའི་ཆེད་དུ་དེ་རབ་ཏུ་འཇུག་པའི་ཕྱིར་རོ། །མང་དུ་སྨྲ་ཅི་དགོས་དེའི་ཕྱིར་དེ་ཁོ་ན་ཉིད་དུ་དེ་བཞིན་གཤེགས་པ་ཉིད་དུ་སྐྱེས་པ་ཞེས་བྱའོ། །ཐུགས་ཀ་ནས་ཞེས་

བྱ་བ་ནི་ཆོས་འབྱུང་གི་ནང་དུ་ཆུད་པའི་གཞལ་ཡས་ཁང་ནས་སོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་མ་བསྐུལ་བར་བརྗོད་པ་སྟེ། ལྷག་པར་རྟོགས་པའི་དོན་གསལ་བར་བྱེད་པའི་ཚིག་གོ། །ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི་སྨྲ་བ་དང་ལྡན་པ་སྟེ། དགའ་བས་འཕངས་པའི་སེམས་ཀྱིས་རང་གིས་རྟོགས་པ་

མ་དྲིས་པར་དེ་ལྟར་གསལ་བར་མཛད་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཨེ་མ་ཧོ་ཞེས་བྱ་བ་ལ་སོགས་པ་ཨེ་མ་ཧོ་ཞེས་བྱ་བ་ནི་ངོ་མཚར་ཏོ། །ཧི་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་ནི་རབ་འཇུག་པ་སྟེ། འདོད་ཆགས་ལ་སོགས་པའི་ཐབས་ཀྱིས་བྱང་ཆུབ་

རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ནི་ངོ་མཚར་ཏེ། འདོད་ཆགས་ལ་སོགས་པ་ནི་ངན་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་གྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ནི་འདི་ལ་མ་སྲིད་དོ། །གསང་བ་ནི་རང་གི་རིག་པའི་ངོ་བོས་གཞན་ལ་མི་གསལ་བའི་ཕྱིར་རོ། །

དེ་བས་ན་རྟགས་མེད་པས་རྟོགས་པ་ལས་འདས་པ་ཡིན་པས་རྟོག་གེ་པ་རྣམས་ཀྱི་སྤྱོད་པ་ལ་མ་ཡིན་པའི་ཕྱིར་རོ། །དེ་ཡང་གསུངས་པ། རྟོག་གེའི་ཡུལ་ཡང་མ་ཡིན་ལ། །དེ་བཞིན་ཉན་ཐོས་རྣམས་ཀྱི་ཡང་། །གང་ཞིག་མགོན་པོས་གསུངས་པས་ནི། །སོ་སོར་བདག་ཉིད་

རྟོག་སྤྱོད་ཡུལ། །ཞེས་སོ། །ཁམས་གསུམ་ལ་མི་བརྟེན་པའི་ཕྱིར་ཡང་གནས་མེད་ལ། རྙོག་པ་མེད་པའི་ཚིག་ལ་དྲི་མའི་གནས་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཐོས་པ་འདོད་པ་རྣམས་ཀྱིས་གསོལ་བ་གདབ་པ་སྔོན་དུ་སོང་ཞིང་བསྙེན་བཀུར་བྱས་ནས་དམ་པའི་ཆོས་མཉན་པར་བྱའོ། །

Vol. 39 · folio 160a

ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཆེད་དུ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནས་ཡང་དག་པར་བསྟན་དུ་གསོལ་ཞེས་བྱ་བའི་བར་གྱིས་དང་པོ་གསུངས་པ། དེ་ནས་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོས་འདུལ་བའི་འགྲོ་བ་རྣམས་འདུས་པའི་རྗེས་

ལའོ། །ཡང་འདུས་ནས་ཞེས་བྱ་བས་ནི་མངོན་པར་བྱང་ཆུབ་པའི་དུས་ལ་ལྟོས་ནས་ཡང་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་སམ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་མཆོད་པ་སྟེ། གཟུགས་རྡོ་རྗེ་ལ་སོགས་པ་འདི་ལས་སྤྲོས་པ་མཐའ་ཡས་པ་སྣ་ཚོགས་པའི་

མཆོད་པའི་ཡོ་བྱད་སྤྲུལ་པའོ། །དེ་ཉིད་དམ་ཚིག་སྟེ་མི་འདའ་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ནི་རིགས་ལྔའི་བདག་ཉིད་ཀྱིས་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་རིན་པོ་ཆེ་འམ། ཟག་པ་མེད་པའི་བདེ་བའི་རྗེས་སུ་མཐུན་པའི་ཕྱིར་དགའ་བ་རྒྱས་པས་སོ། །

སྤྲིན་ཞེས་བྱ་བ་ནི་བར་མེད་པར་ནམ་མཁའ་ཐམས་ཅད་ཁྱབ་པར་བྱེད་པའོ། །ཡང་དག་པར་མཆོད་ནས་གསོལ་བ་གདབ་པ་དེ་བསྟན་པའི་ཕྱིར། དེ་ཉིད་བཅོམ་ལྡན་འདས་བཤད་དུ་གསོལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ནི་ཕྱིན་ཅི་མ་ལོག་པ་ཡེ་ཤེས་ཀྱི་བདག་ཉིད་རིགས་ལྔའོ། །རྡོ་རྗེ་སྙིང་པོ་

འདུས་པ་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་ནི་མི་བྱེད་པ་དང་། འབྱེད་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་གང་རྣམས་ཀྱི་སྙིང་པོ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་སྙིང་པོ་རྣམས་བསྡུས་པ་ནི་དངོས་པོ་རྣམས་ཕུང་པོ་གཅིག་ཏུ་གྱུར་པ་གང་ལ་ཡོད་པ་དེ་ནི་བཅོམ་ལྡན་འདས་

ཏེ་སྤྲོས་པ་མེད་པའི་བདག་ཉིད་རྡོ་རྗེ་ཅན་ནོ། །ཉན་ཐོས་པ་ལ་སོགས་པ་ལ་མི་སྲིད་པའི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱིའོ། །སྣོད་དང་མི་ལྡན་པ་རྣམས་ལ་མི་བསྟན་པའི་ཕྱིར་གསང་བའོ། །དེ་གང་ཡིན་ཞེ་ན། གསུངས་པ། གསང་བ་འདུས་པ་ཞེས་བྱ་སྟེ། འདུས་པ་ནི་

ཚོགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་གྱུར་པའོ། །གསང་བའི་ངོ་བོས་བྱུང་བས་ན་གསང་བ་ལས་བྱུང་བ་སྟེ། རིགས་གསུམ་གྱི་བདག་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གང་ཡང་བཅོ་བརྒྱད་པ་ལས། དེ་ཉིད་རིགས་ལྔར་བསྟན་པ་ཡིན། གསང་བའི་རིགས་ནི་གསུམ་དུ་

Vol. 39 · folio 160b

བཤད། །ཅེས་བྱ་བ་དང་། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ཚོགས་པ་འདུས་པ་ཡིན་པར་བརྗོད་ཅེས་བྱའོ། །འདི་སྐད་གསུངས་པ་ཡིན་ཏེ། རིགས་ལྔ་དང་། གཅིག་དང་། གསུམ་གྱི་བདག་ཉིད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྒྲུབ་པར་བྱེད་པའི་ཐབས་ཡང་དག་པར་སྟོན་

ཅིག་པའོ། །ཡང་ན་དེ་ཁོ་ན་ཉིད་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཕྱིན་ཅི་མ་ལོག་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །རྡོ་རྗེ་དེ་ཉིད་གཉིས་སུ་མེད་པའི་མཐར་ཕྱིན་པ་རྣམས་ཏེ་སྙིང་པོར་གྱུར་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མདོར་བསྡུས་པར་གྱུར་པའི་ཕྱིར་བཏུས་པའི་ངོ་བོ་

ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་གཅིག་པའི་ངོ་བོའི་ཕྱིར་འདུས་པའོ། །འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའི་ཕྱིར་གསང་བ་ལས་བྱུང་བ་ཞེས་བྱའོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོ་རྫོགས་པར་བྱེད་པའི་ཐབས་སྟོན་ཅིག་ཅེས་གསུངས་པ་ཡིན་ནོ། །ད་ནི་

དེ་ནས་ཞེས་བྱ་བ་སོགས་པ་མངོན་པར་འདོད་པའི་དོན་ཞུས་པ་གསལ་བར་བྱ་བའི་ཕྱིར་ལེགས་སོ་ལེགས་སོ་ཞེས་གསུངས་པས་ན། བྱིས་པ་རྣམས་ཀྱིས་མ་རྟོགས་པས། །འདི་ལ་སྨོད་པར་མ་གྱུར་ཅིག །ཅེས་སྟོན་པར་མི་སྤྲོ་བ་ཉིད་དུ་སྟོན་པར་བྱེད་པ་ནི་འོན་ཀྱང་ཞེས་རྟོགས་ཏེ། དེ་བཞིན་གཤེགས་

པ་ཐམས་ཅད་ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་རིགས་ངེས་པ་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་སོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པས་ད་ལྟ་བ་ཉིད་ཀྱི་དེ་བཞིན་གཤེགས་པར་ཁོང་དུ་ཆུད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ཀྱི་ཕྱིར་

ཅེས་བྱ་བའི་ཚིག་ལས་སོ། །གང་ཞིག་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པ་ནི་མ་ཡིན་ཏེ། དེ་རྣམས་ཉོན་མོངས་པའི་བག་ཆགས་མ་ལུས་པ་སྤངས་པའི་ཕྱིར་ཐེ་ཚོམ་མེད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མ་མཐོང་བ་དང་མ་ཐོས་པ་དང་ཡོངས་སུ་མ་ཤེས་པ་དང་། མངོན་དུ་མ་བྱས་

པ་མེད་པར་ཁས་བླངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཐ་དད་པ་མེད་དེ་གང་ཡང་གསུངས་པ། དབྱིག་གཉེན་གྱི་ཞལ་སྔ་ནས། ཚོགས་དང་ཆོས་ཀྱི་སྐུ་དང་ནི། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་ཉིད། །སྐུ་ཚེ་རིགས་

Vol. 39 · folio 161a

དང་ཚད་ཀྱིས་མིན། །ཞེས་སོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སོགས་པར་གྲུབ་པའི་དེ་བཞིན་གཤེགས་པ་རྣམས་དེའི་ཚིག་ཏུ་འགྱུར་རོ་ཞེས། གང་དེ་སྐད་ཟེར་བ་དེ་ནི་མི་རིགས་སོ། །གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་ནི་རིགས་ཤིན་ཏུ་མ་ངེས་པ་སྟེ།

ཤིན་ཏུ་ཡང་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཡང་གསུངས་པ། བདག་གི་ཆོས་ནི་མངོན་པར་རྟོགས། །དེ་ཉིད་ཟབ་མོ་མཐོང་བ་ཡིན། །ལོག་པར་རྟོག་པའི་སྤྱོད་ཡུལ་ཅན། །བྱིས་པ་རྨོངས་པས་མི་ཤེས་པའོ། །ཞེས་སོ། །འདིས་ནི་སྐལ་བ་དང་མི་ལྡན་པའི་འགྲོ་བ་རྣམས་ལ་དམ་

པའི་ཆོས་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་བསླབ་པའོ། །སྣང་བ་རྡོ་རྗེ་འཆར་བ་ལས་གསུངས་པ། འདི་དག་རིམ་གྱིས་སྨིན་བྱས་ན། །འབད་པས་དད་པ་བསྐྱེད་བྱ་སྟེ། །མནའ་ལ་སོགས་པ་བྱིན་ནས་ཀྱང་། ཕྱི་ནས་འདི་ཉིད་བསྟན་པར་བྱ། །གཞན་དུ་སློབ་དཔོན་དག་གི་ནི། །ཉེས་པ་

ཆེན་པོར་གྱུར་པ་ཉིད། །འཛིན་པའང་དམྱལ་བར་འགྱུར་བ་ཡིན། །དེ་ཡང་དམ་ཚིག་མི་བསྲུང་ཕྱིར། །ཞེས་སོ། །འདི་ནི་ཐུན་མོང་མ་ཡིན་ཏེ། །སེམས་ཅན་མཆོག་གིས་བསྒྲུབ་པར་བྱ། །ཞེས་བྱ་བར་ཤེས་ནས་རྒྱུ་ཆེན་པོ་ཉིད་ཀྱིས་ངོ་མཚར་ཐོབ་པའོ། །འབྲས་བུ་ཉིད་ཀྱིས་རྨད་

དུ་གྱུར་པ་ཐོབ་པའོ། །གང་ཞེས་བྱ་བ་ལ་སོགས་པས་སྟོན་པའི་ཐབས་གསུངས་པ། འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་ཞེས་བྱ་བ་ནི་ད་ལྟར་གྱི་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་འཛིན་པར་ནུས་པའི་འཁོར་ལོའོ། །དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་གསུམ་གྱི་བདག་ཉིད་ཀྱི་ངོ་བོ་གདུལ་བྱ་སྣོད་དང་མི་ལྡན་པ་རྣམས་ལ་སྟོན་པར་མི་སྤྲོ་བའོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ་མཛད་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གཟུགས་སུ་

མཛད་དེ་སྣོད་ཉིད་དུ་མཛད་ལ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། ཇི་ལྟར་དེ་ལ་བྱ་བ་བསླབ་པ་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་འབྱུང་བའི་གནས་ནི་བསྐྱེད་

Vol. 39 · folio 161b

པའི་གནས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དོ། །དེས་བྱིན་གྱིས་བརླབ་པ་མཛད་ནས་ཞེས་བྱ་བ་ནི་སྔར་གྱིས་བསྟན་དུ་གསོལ་ཞེས་པ་དང་འབྲེལ་ལོ། །གང་གི་ཕྱིར་སྔོན་དུ་དེ་ཁོ་ན་ཉིད་མ་མཐོང་བས་རྒྱ་ཆེ་བའི་ཆོས་སྟོན་པ་ལ་མོས་པར་མི་བྱེད་དེ་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་

པའི་རིམ་པས་དེ་ཁོ་ན་ཉིད་རྟོགས་པ་ལ་མོས་པར་བྱ་ཞེས་བྱ་བར་དགོངས་སོ། །འདི་སྐད་བསྟན་པ་ཡིན་ཏེ། རང་གི་རིག་མའི་པདྨའི་ལྟེ་བ་ལ་གནས་པའི་འཁོར་ལོར་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་པ། སྔོན་དུ་སོང་བའི་དབང་བསྐུར་བ་ལ་སོགས་པ་བྱིན་པ་དེ་དག་སྣོད་དུ་བྱས་ནས་ཡང་

དག་པར་བསྟན་དུ་གསོལ་ཞེས་སོ། །ཅིའི་ཕྱིར་ཞེ་ན། གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་ནི་ལུས་དང་སེམས་ཀྱི་བདེ་བ་མྱོང་བའོ། །བར་དུ་ཞེས་བྱ་བས་བསྒོམ་པའི་

ཁྱད་པར་གྱིས་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པ་ཡིན་པར་གསུངས་སོ། །ཡེ་ཤེས་ནི་ཤིན་ཏུ་རྣམ་པར་དག་པ་ལ་སོགས་པའོ། །མངོན་པར་ཤེས་པ་ནི་དྲུག་སྟེ། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། གཞན་གྱི་སེམས་ཤེས་པའི་

མངོན་པར་ཤེས་པ་དང་། རྫུ་འཕྲུལ་རྣམས་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་ཡང་ངོ་། །གཞུང་འདི་ཙམ་གྱིས་ནི་རང་གི་དོན་རྫོགས་པར་བྱེད་པའི་ཕྱིར་སྦྱོར་བ་དང་པོའི་ཏིང་ངེ་འཛིན་གྱི་མདོ་ཙམ་

ཞིག་གསུངས་སོ། །རང་གི་དོན་ཕུན་སུམ་ཚོགས་པ་སྙིང་རྗེ་དང་ལྡན་པས་གཞན་གྱི་དོན་བྱ་སྟེ། གཞན་གྱི་དོན་གཙོ་བོར་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གསོལ་བ་བཏབ་པ་མཁྱེན་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའོ། །

ཡེ་ཤེས་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། དེ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་། མ་རིག་པའི་མུན་པའི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར། སྒྲོན་མ་སྟེ་སྒྲོན་མ་བཞིན་ནོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པས་སོ། །གང་གི་ཕྱིར་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་ཐུགས་

Vol. 39 · folio 162a

རྡོ་རྗེ་འབྱིན་པའི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །ཤིན་ཏུ་གདུག་ཅིང་དྲག་རྣམས་ལ། །ཞི་བར་ཉེ་བར་རིགས་མ་ཡིན། །ཞེས་བྱ་བའི་ཚིག་གིས་ཁྲོ་བས་འདུལ་བའི་གདུལ་བྱའི་ཕྱིར་བཅོས་མའི་ཁྲོ་བ་ལས་ཉེ་བར་

བྱུང་བ་ཞེ་སྡང་གི་ཐུགས་རྣམ་པར་དག་པ་མི་བསྐྱོད་པའོ། །དེ་ཉིད་རིགས་ཏེ་གཞན་རྣམས་སྐྱེད་པའི་རྒྱུའི་ཕྱིར་རོ། །སྔགས་ཀྱང་དེ་ཁོ་ན་ཉིད་གསལ་བར་བྱེད་པ་སྟེ། སྒྲའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་སྔགས་ནི་སྔགས་ཞེས་བརྗོད་པ་སྟེ། དེ་ཁོ་ན་ཉིད་བསྐུལ་བར་གསུངས་ཞེས་སོ། །

མཆོག་ཅེས་བྱ་བ་ནི་མཐའ་ཡས་པའི་རིགས་བསྡུས་པའི་ཕྱིར་ཏེ། མཆོག་གི་རིགས་ནི་རྣམ་པ་བརྒྱ། །ཞེས་བྱ་བའི་ཚིག་ལས་སོ། །དེ་བས་ན་མདོར་བསྡུས་པ་སྟོན་པའི་ཕྱིར་སྙིང་པོའོ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པས་ན་སྙིང་པོའོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་

ལས་ཞེས་བྱ་བ་ནི་དེ་སྐུ་ལ་སོགས་པའི་མཛད་པའི་ཕྱིར་རམ། དེའི་བདག་ཉིད་ཡིན་པའི་ཕྱིར་ཏེ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །བཛྲ་དྷྲྀཀ་ཅེས་བྱ་བ་ལ་བཅོམ་ལྡན་འདས་ཀྱིས་སྔགས་ཐམས་ཅད་བཅོ་བརྒྱད་པ་ལས་བཤད་པ། དེའི་ཕྱིར་དེ་རྣམས་ཀྱི་དོན་དེ་ཉིད་ལས་ཤེས་པར་བྱའོ། །མི་

བསྐྱོད་པ་ཉིད་ཕྱག་རྒྱ་ཆེན་པོ་རང་སྣང་བ་དང་ཡང་དག་པར་ལྡན་པའི་ཕྱིར་སྦྱོར་བའོ། །དེ་ཡང་། ཐབས་དང་ཤེས་རབ་སྙོམས་པར་འཇུག་པ། རྣལ་འབྱོར་པ་ཞེས་པ་ནི་བཤད་པར་བྱ་ཞེས་གསུངས་སོ། །དེས་མཐའ་ཡས་པའི་རིགས་སྤྲུལ་པས་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་མ་ལུས་པ་ཐར་

པ་ཐོབ་པའི་ཕྱིར་གོ་འཕང་སྟེ། དེས་འགྲོ་བ་རྣམས་ཀྱི་དོན་མཛད་པ་ཞེས་བྱ་བ་ནི་ལྷག་མའོ། །ཐར་པ་ཡང་དག་པར་ཐོབ་པར་བྱ་བའི་ཕྱིར་གོ་འཕང་ཞེས་གསུངས་སོ། །ནག་པོ་དཀར་པོ་དམར་པོའི་རྣམ་པར་བཞུགས་སོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་སྐུ་དང་གསུང་དང་ཐུགས་ནི་ཞེ་སྡང་ལ་སྤྱོད་པ་

རྗེས་སུ་གཟུང་བར་བྱ་བའི་ཕྱིར་རང་གི་གཟུགས་ཀྱིས་གནས་པའོ། །དེའི་གཟུགས་ཀྱིས་ནི་མ་ཡིན་ཏེ། ནག་པོ་དང་དཀར་པོ་དང་། དམར་པོའི་རྣམ་པ་ཞེས་ཁྱད་པར་དུ་བྱས་པའི་ཕྱིར་དང་། འདི་རིགས་པ་གང་ཡིན་ཏེ། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་

Vol. 39 · folio 162b

གྱི་གཙོ་བོའི་བདག་པོ་དང་། དེ་བཞིན་གཤེགས་པ་རྣམས་ནི་དངོས་སུ་རྒྱུ་དང་འབྲས་བུར་གྱུར་པའོ། །མི་སྣང་བར་གྱུར་པ་ཉིད་ཡིན་ན། དཀྱིལ་འཁོར་གྱི་བདག་པོ་ཉིད་གཙོ་བོ་ཡིན་པར་འགྱུར་རོ། །དེས་ན་དེས་དབང་བསྐུར་བར་དེ་བཞིན་གཤེགས་པ་རྣམས་འགྱུར་བ་ཡིན་ནོ། །འབྱིན་

པའི་དཀྱིལ་འཁོར་དེ་ཇི་ལྟར་ཡང་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་ཞེ་ན། དེ་ལྟ་བུའི་གཟུགས་ཀྱི་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ཕྱིར་ཡིན་ཏེ། སྤྱན་ལ་སོགས་པ་འདོན་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་བཞིན་ནོ། །ཏིང་ངེ་འཛིན་གཅིག་གིས་ཀྱང་

ཐམས་ཅད་འབྱིན་པ་ཡིན་ན། སྤྱིར་རྒྱུ་དང་འབྲས་བུར་མི་འགྱུར་ཏེ། རིགས་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་གཅིག་པའི་དབང་བསྐུར་བས་ན་མང་པོ་སྨྲ་ཅི་དགོས། གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་

གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིས་རྟོགས་པར་བྱེད་ཅིང་ཤེས་པར་བྱེད་པས་དམ་ཚིག་སྟེ། དངོས་པོ་མ་ལུས་པའི་གཟུགས་བརྙན་འཆར་བའི་གནས་ཡིན་པས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་

བ་ནི་རྡོ་རྗེ་ལྟར་གང་ལ་མི་བྱེད་པའི་ཏིང་ངེ་འཛིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟོག་པའི་དྲ་བ་ཐམས་ཅད་དང་བྲལ་བས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མི་རྟོག་པའི་ངོ་བོ་གཏི་མུག་ནི་རྣམ་པར་སྣང་མཛད་དོ། །དེ་ཉིད་རིགས་ཞེས་བྱ་བ་ལ་སོགས་པ་ནི་

སྔ་མ་བཞིན་ཏེ། དེ་ཉིད་བཅོམ་ལྡན་འདས་ཞེས་པ་ནི་གང་མི་བསྐྱོད་པའི་གཟུགས་ཀྱིས་གནས་པ་དེའོ། །སྤྱན་སྔར་བཞུགས་སོ་ཞེས་བྱ་བ་ནི་དབུས་ཀྱི་དཀྱིལ་འཁོར་གྱི་ཤར་གྱི་རེའུ་མིག་ལ་བརྟེན་པའི་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །སྲེད་པ་དང་ང་རྒྱལ་ལ་

སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིན་པོ་ཆེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། གང་དེ་ལས་འབྱུང་བས་རིན་ཆེན་འབྱུང་བའོ། །དེ་ཉིད་མི་ཕྱེད་པས་ན་དཔལ་ཏེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་ཕུན་སུམ་ཚོགས་པ་གང་ལ་ཡོད་པའི་ཏིང་ངེ་

Vol. 39 · folio 163a

འཛིན་ལ་དམིགས་པའོ། །ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཇི་ལྟར་འདོད་པའི་དོན་སྟེར་བར་བྱེད་པའི་ཕྱིར་རོ། །དེ་ཉིད་རིགས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རིན་ཆེན་ཏོག་གི་ཕྱག་རྒྱ་ཆེན་པོའི་ནམ་མཁའི་གནས་

ཞེས་བྱ་བའི་ཚིག་ལས་འདིའི་དོན་ནི་ཁྱབ་པར་བྱེད་པའི་ཕྱིར་དང་། ཐོགས་པ་མེད་པའི་ཕྱིར་དང་། རྣམ་པར་རྟོག་པ་མེད་པའི་ཕྱིར་ནམ་མཁའ་བཞིན་དུ་གནས་ཏེ་སྤྲུལ་པ་རྣམས་ཀྱིས་ཞེས་བྱའོ། །འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་གསུངས་པ། དེ་

ནས་ཞེས་བྱ་བ་ལ་སོགས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གཞག་པ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ། དེ་ལས་བྱུང་བ་ནི་སྣང་བ་མཐའ་ཡས་སོ། །དེ་ཉིད་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་

ཏེ། ཐམས་ཅད་དུ་སོ་སོར་སོང་བའི་ཐབས་དང་ཤེས་རབ་ཕན་ཚུན་ཤིན་ཏུ་ཆགས་པའི་རྡོ་རྗེ་འདོད་ཆགས་སོ། །དེ་ཉིད་རིགས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པ་ལ་གཟིགས་པར་བྱེད་པས་ན་དེའི་དབང་

ཕྱུག་སྟེ། དངོས་པོ་མཐའ་དག་ཕྱིན་ཅི་མ་ལོག་པ་སོ་སོར་རྟོགས་པའི་བདག་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཡང་རིག་པ་སྟེ། འདིས་ཐམས་ཅད་ཤེས་ཤིང་རིག་པས་ཤེས་རབ་ཡིན་ལ་དེའི་བདག་པོ་སྟེ། ཐབས་དང་ཤེས་རབ་ཀྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་

ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཕྲག་དོག་གིས་ཉམས་པའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གདོན་མི་ཟ་བ་ནི་འབྲས་བུ་དང་བཅས་པའོ། །དམ་ཚིག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ངེས་པར་རྫོགས་པར་བྱེད་པ་བྱ་བ་གྲུབ་

པའི་ཡེ་ཤེས་ཐོབ་པས་གང་ལ་ཡོད་པ་དེ་དོན་ཡོད་པར་གྲུབ་པས་དེ་སྐད་ཅེས་བྱའོ། །དམ་ཚིག་འགུགས་པ་ཞེས་བྱ་བ་ནི་དམ་ཚིག་ནི་བཟའ་བ་ལ་སོགས་པའོ། །འགུགས་པ་སྟེ་དམ་ཚིག་ཉམས་པ་རྣམས་ཀྱི་རྒྱུད་ལ་ཇི་ལྟ་བ་བཞིན་དུ་སྐྱེད་པར་བྱེད་པའི་ཕྱིར་དམ་ཚིག་འགུགས་པའོ། །

Vol. 39 · folio 163b

དེ་ལ་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་འཇུག་པ་རྣམས་ལ་སྤྱིའི་དམ་ཚིག་ལས་ཉམས་པ་བཤད་པར་བྱ་སྟེ། སྐྱབས་གསུམ་ཡོངས་སུ་སྤངས་པས་ཀྱང་། །བྱང་ཆུབ་སེམས་ནི་རྣམ་སྤངས་དང་། །རྒྱལ་བའི་སྲས་ལ་སྡང་བ་དང་། །དེ་ལ་དད་པ་སྤངས་པ་དང་། །ལུས་ངག་ཡིད་ཀྱིས་ཀྱང་སྨོད་པ། །

དེ་ཉིད་ཆེད་དུ་བསམ་པ་ཡིས། །བླ་མ་མཆོད་འོས་སྨད་པ་དང་། །སློབ་དཔོན་ལ་ནི་མ་གུས་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །དེ་དང་ཉེ་ལྔ་བྱུང་བ་དང་། །མུ་སྟེགས་གཤེད་བྱེད་གྲོགས་བྱེད་དང་། །བརྟགས་པའི་ལྷ་ལ་ཕྱག་འཚལ་དང་། །ཆགས་པས་དེ་ཡི་ཡོན་ཏན་

སྒྲོགས། །གདུག་པའི་སེམས་ཀྱིས་སྨོད་བྱེད་དང་། །དེ་ཡི་བྱ་བའི་རྗེས་སུ་དགའ། །དེ་ཉིད་ལ་ཡང་མངོན་དགའ་དང་། །ཆོས་འདོད་པ་དང་དེ་བཞིན་དུ། །དམ་ཚིག་ཆོས་ཀྱི་སྦྱིན་བདག་དང་། །དམ་ཚིག་ཤེས་དང་དམ་ཆོས་ཉན། །དེ་རྣམས་ལ་ཡང་སྨོད་པ་དང་། །བླ་མ་མཆོད་

འོས་འཕགས་པ་དང་། །རྒན་པའི་ཕྱག་སོགས་ལེན་པ་དང་། །སྐུ་གཟུགས་རས་རིས་མཆོད་རྟེན་དང་། །ལྷ་ཡི་ཁང་པ་དག་དང་ནི། །དམ་པའི་ཆོས་ནི་གླེགས་བམ་དང་། །བྱང་ཆུབ་ཤིང་དང་ཤིང་གཅིག་གི །གྲིབ་མ་དག་ལ་བརྙས་པ་ཡིས། །མནན་པ་ཉིད་དང་འགོམས་པ་དང་། །

སེམས་ཅན་ཕྱག་རྒྱ་མཚོན་ཆ་རྣམས། །མཚན་མ་ལ་སོགས་ཟོས་པ་དང་། །རྨོངས་པས་འགོམས་པར་གྱུར་པ་དང་། །བཟའ་དང་ཕྲེང་བ་ལ་སོགས་ལའང་། །འགོམས་སམ་བརྫིས་པར་གྱུར་པ་དང་། །སྔགས་པ་མ་ཡིན་སྨྲ་བ་དང་། །རིག་པ་དང་ནི་སྨན་ཆེན་ལ། །ཕུར་བུས་

གདབ་དང་བཅད་པ་དང་། །མི་གཙང་སོགས་པ་ལྡན་པ་ཡིས། །སྔགས་དང་ཕྱག་རྒྱ་ལ་རབ་འཇུག །འདི་གཉིས་དམ་པ་མིན་ལས་ལ། །བློ་ཡི་སོག་དང་སྦྱོར་བ་དང་། །བསོད་ནམས་མ་ཡིན་བཅུ་པོ་ལས། །གཅིག་ཀྱང་སྤོང་བར་མི་འདོད་དང་། །བྱེད་དང་བསྟན་ལ་འཁུ་བ་

དང་། །ལོག་པས་འཚོ་བ་བརྟེན་པ་དང་། །རང་གི་དབང་བསྐུར་ལ་འདས་དང་། །དགེ་སློང་ལ་སོགས་འཚེ་བ་དང་། །བདག་ཉིད་དང་ནི་གཞན་རྣམས་ཀྱི། །བསོད་ནམས་བར་དུ་གཅོད་བྱེད་པ། །བཞོན་པ་མནན་དང་ཁྱོགས་དང་ནི། །པདྨ་འགོམས་དང་བརྫིས་པ་དང་། །ལྟུང་

Vol. 39 · folio 164a

བ་ལས་ནི་མི་ལྡང་དང་། །ཉོན་མོངས་སྐྱེད་ལས་ལྷག་གནས་དང་། །སློབ་དཔོན་གྱི་ནི་ལུང་མེད་པར། །སྔགས་དང་ཕྱག་རྒྱ་ཡོངས་འཛིན་དང་། །དབང་བསྐུར་བ་ནི་མ་བླངས་ཤིང་། །ཆོ་ག་རྟོགས་པ་མེད་པ་དང་། །རྗེས་གནང་མེད་པ་བསྒྲུབ་བྱ་ཡི། །ལས་དང་དངོས་གྲུབ་

རྣམས་སྤངས་དང་། །སྲེད་པས་ཟིལ་གྱིས་མནན་པ་ཡིས། །དཀྱིལ་འཁོར་སོགས་ལ་འཇུག་པ་དང་། །དམ་ཚིག་ཐོབ་པར་མ་གྱུར་དང་། །དམ་ཚིག་ལས་ནི་ཉམས་པ་དང་། །ང་རྒྱལ་གྱིས་ནི་སེམས་བཅོམ་དང་། །ཐེ་ཚོམ་དག་དང་བཅས་པ་དང་། །དམ་ཚིག་ལ་ནི་མ་གུས་དང་། །མུ་

སྟེགས་ཅན་ལ་སྔགས་དང་ནི། །ཕྱག་རྒྱའི་ཚུལ་ནི་སྟོན་པ་དག །གལ་ཏེ་ཆེད་དུ་བསམ་པས་བྱང་། །མདོར་ན་དམ་ཚིག་རྣམས་ལ་ནི། །རྟག་ཏུ་ཉམས་པ་ཉིད་དུ་འགྱུར། །གང་ཡང་རྒྱུད་ཀྱི་ཁྱད་པར་དང་། །སྒྲུབ་པའི་ཐབས་ཀྱི་ཁྱད་པར་ལས། །དམ་ཚིག་སྡོམ་པ་བཤད་པ་

རྣམས། །དེ་ལས་འདས་ཀྱང་ཉམས་པར་འགྱུར། །ཞེས་གསུངས་སོ། །དོན་ཡོད་པར་གྲུབ་པ་ཉིད་དམ་ཚིག་ཐམས་ཅད་སྐྱེད་པར་བྱེད་པ་ལ་གཙོ་བོ་ཡིན་ནོ། །དེ་ཡང་གསང་བའི་ཐིག་ལེ་སོགས་པ་ལས་གསུངས་པ། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་

ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །ཞེས་བྱའོ། །ཡེ་ཤེས་ཞབས་ཀྱིས་ཀྱང་འདི་ལ་དགོངས་ཏེ། དམ་ཚིག་གསོ་བ་ཀུན་དུ་བཟང་པོའི་སྒྲུབ་ཐབས་ལས། །དམ་ཚིག་ཉམས་ལ་སྙིང་གའི་ཟླ་བར་ནི། །སྙིང་པོས་སྣ་ཚོགས་རྡོ་རྗེ་ཇི་བཞིན་

བསམ། །དཔལ་ལྡན་དམ་ཚིག་རྡོ་རྗེ་རྣལ་འབྱོར་པས། །འགྲོ་བ་རང་བཞིན་གྱིས་དག་རྣམས་བསམས་ལ། །སྣ་ཚོགས་པདྨའི་འདབ་མའི་དབུས་སུ་ནི། །སྔོན་བཞིན་རིམ་པས་དབང་བསྐུར་ཀུན་དུ་བླང་། །ཞེས་སོ། །དེ་ཉིད་རིགས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །

འདི་རྣམས་ཀྱི་བྱ་བའི་སྒོ་ནས་མིང་གཞན་གསུངས་པ་གདུག་པ་ཅན་ཐམས་ཅད་ལ་རྣམ་པར་སྡང་བས་ན། ཞེ་སྡང་སྟེ་མི་བསྐྱོད་པའོ། །གཟུང་བ་ལ་སོགས་པ་ཡང་དག་པར་རིག་པ་མེད་པས་གཏི་མུག་སྟེ་རྣམ་པར་སྣང་མཛད་དོ། །བདག་མེད་པའི་ཆགས་པས་སེམས་ཅན་ཐམས་

Vol. 39 · folio 164b

ཅད་འཚེད་པས་ན་འདོད་ཆགས་ཏེ་སྣང་བ་མཐའ་ཡས་སོ། །ཕན་པར་བྱེད་པ་ལ་མ་ལྟོས་པར་ཐམས་ཅད་སྟེར་བས་ན་ཡིད་བཞིན་གྱི་ནོར་བུ་སྟེ་རིན་ཆེན་འབྱུང་བའོ། །སྤྲུལ་པ་སྣ་ཚོགས་པས་འགྲོ་བ་རྣམས་གདུལ་བའི་ཆེད་དུ་ཉེ་བར་འགྲོ་བས་ན་དམ་ཚིག་སྟེ་དོན་ཡོད་གྲུབ་པའོ། །

གང་ཡང་གསུངས་པ། ཟླ་གསང་ཐིག་ལེ་ལས། ཐམས་ཅད་ངན་སོང་གསུམ་པོ་འཇིགས། །ཞེ་སྡང་ཕྱིར་ན་རྣམ་པར་དག །དེས་ན་རྡོ་རྗེ་ཅན་རྒྱལ་ཆེ། །ཞེ་སྡང་ཞེས་ནི་བརྗོད་པར་བྱ། །རྣམ་པར་རྨོངས་ཕྱིར་སེམས་ཅན་ཀུན། །ངན་སོང་རྣམས་ལ་འཇིགས་པས་ན། །རྟག་པ་ཉིད་ནི་ཐུག་པ་

མཆོག །དེས་ན་གཏི་མུག་ཅེས་གསུངས་པའོ། །ཆགས་བྱེད་སེམས་ཅན་ཐམས་ཅད་ཀྱི། །ཐབས་དང་ཤེས་རབ་ཚུལ་གྱིས་ཀྱང་། །པད་ཅན་པདྨ་སད་པ་ལས། །དེ་ཉིད་འདོད་ཆགས་ཞེས་ནི་གསུངས། །འདོད་པའི་ཕྱིར་ན་སེམས་ཅན་ཀུན། །སྦྱིན་པའི་སྤྲིན་ནི་བདེ་ཆེན་པོས། །

དེས་ན་འདོད་པ་འདོད་ཆེན་ཅན། །ནམ་མཁའ་བདེ་བས་ཡང་དག་བསྡུས། །ཕྲག་དོག་ལ་སོགས་ཐོབ་པ་དང་། །ཕྲག་དོག་དོན་ཡོད་རྡོ་རྗེ་བློ། །སྣ་ཚོགས་པདྨ་འབྱེད་པས་ན། །དེ་ཉིད་སྣ་ཚོགས་ཆེན་པོ་ཡིན། །ཞེས་སོ། །དེས་ནི་འདི་ཉིད་ལེགས་པར་བསྟན་པ་ཡིན་ཏེ། སྙིང་རྗེ་ཆེན་པོའི་བདག་

ཉིད་ཀྱིས། །གདུག་དང་དྲག་པོ་རབ་ཏུ་འཇོམས། །རྡོ་རྗེ་རིགས་ཆེན་འཇིག་རྟེན་ལ། །ཞེ་སྡང་མེ་ནི་ཞི་བར་མཛད། །མི་བདེན་ལྟ་བ་རྨོངས་པ་ཆེ། །འདམ་དུ་བྱིང་བའི་ཁམས་གསུམ་པ། །དེ་བཞིན་གཤེགས་པའི་རིགས་ཀུན་གྱི། །གདོན་པར་བྱ་ཕྱིར་ཀུན་དུ་གནས། །ཆོས་ལ་བདག་

མེད་ཆགས་པ་ཡི། །ཆགས་པས་འགྲོ་བ་འཚེད་པར་བྱེད། །པདྨ་ཆེན་པོའི་རིགས་དག་པ། །ནམ་མཁའ་བཞིན་དུ་ཡང་དག་གནས། །སེར་སྣའི་དྲི་མ་བསལ་ནས་ནི། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །ཡིད་བཞིན་ནོར་བུའི་རིགས་ནི་མཆོག །འབྱོར་པའི་

ཕྱིར་ནི་ཡང་དག་གནས། །གཞན་གྱི་ཕུན་སུམ་ཚོགས་ལ་ཁྲོ། །འགྲོ་བ་ཡུན་རིང་བལྟ་བས་བསྲེགས། །ཕྲག་དོག་དྲི་མ་བསལ་ནས་གནས། །ལས་ཀྱི་རིགས་ནི་དེ་བཞིན་ནོ། །དཔལ་ལྡན་གསང་བ་འདུས་རྒྱུད་དུ། །སྙིང་རྗེ་དཀྲིས་པའི་སེམས་དང་ནི། །སྨོན་

Vol. 39 · folio 165a

ལམ་དབང་དུ་གྱུར་པ་ཡིས། །བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས། །ཞེས་སོ། །རིགས་ལྔར་རྟོགས་པ་འདི་རྣམས་ཀྱིས། །ཞེས་པ་ནི། འདིར་མདོར་བསྡུས་ནས་རྒྱུའི་དངོས་པོས་རིགས་ལྔ་ཞེས་བྱ་སྟེ། རྣམ་པ་ལྔའི་དབྱེ་བས་སོ། །དེ་ཡང་ཟླ་གསང་ཐིག་ལེ་ལས་

གསུངས་པ། །འདི་ལྟར་དེ་ཡི་དེ་ཉིད་གཅིག །དེ་ཡིས་ལྔ་ཉིད་ཇི་ལྟར་ཡིན། །རྒྱུ་ཡི་དབྱེ་བས་ཕྱེ་བ་ཡིན། །འབྲས་བུ་ལ་ནི་རིགས་དབྱེ་མིན། །ཞེས་བྱའོ། །འདོད་དང་ཐར་པ་རབ་སྒྲུབ་པ། །ཞེས་བྱ་བ་ལ་འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་ལོ། །དེ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཉེ་བར་

བསྟན་པས་སོ། །ཐར་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་གསུངས་པ་བདུན་པ་ལས། སྡུག་བསྔལ་ངེས་པར་དཀའ་བ་ཡིས། །བརྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་

ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོ། །དེ་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དངོས་པོ་གོམས་པ་ལས། །ཞེ་སྡང་རྡོ་རྗེ་ལ་སོགས་པའི་རང་བཞིན་གྱི་ཆོས་ལྔ་ཐར་པ་བསྐྱེད་པར་སྟོན་ཏོ། །དེ་ཡང་གསུངས་པ། འཁོར་བ་ཞི་བའི་བདག་ཉིད་དོ། །ཉོན་མོངས་བྱང་

ཆུབ་ཡན་ལག་འགྱུར། །དེ་ཕྱིར་ཐབས་ཆེན་ལྡན་པ་ལས། །དེ་བཞིན་གཤེགས་པ་བསམ་མི་ཁྱབ། །ཅེས་སོ། །འཇིགས་པ་ལ་སོགས་པ་ལ་རྗེས་སུ་གཟུང་བར་བྱ་བའི་ཕྱིར། །མཱ་མ་ཀཱི་སྤྲུལ་པ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

རྡོ་རྗེ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། དེ་ནི་དེའི་བདག་ཉིད་ཀྱིས་འཛིན་པར་མཛད་པའི་ཕྱིར་མི་བསྐྱོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྗེས་སུ་མཉེས་པར་བྱེད་པ་ནི་དབུ་ལ་འཛིན་པ་ལ་སོགས་པའི་མཚན་ཉིད་དོ། །དེ་ཉིད་དམ་ཚིག་སྟེ་གང་གིས་དེ་བཞིན་དུ་དམིགས་པའི་ཏིང་

ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་དཀྱིལ་འཁོར་གྱི་བདག་པོ་ཉིད་ལ་སྟོན་པའི་དངོས་པོ་མི་སྣང་བའི་བདག་ཉིད་དུ་བྱེད་པས་མཉེས་པ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །འདི་ཞེས་བྱ་བ་སྔགས་དང་ལྷ་དག་ཐ་མི་དད་པའི་མཱ་མ་ཀཱི་གསུངས་པའོ། །རྡོ་རྗེ་འཛིན་པ་ནི་མི་བསྐྱོད་པ་སྟེ།

Vol. 39 · folio 165b

དེ་ཉིད་དེའི་ངོ་བོ་ཡིན་པའི་ཕྱིར་བཙུན་མོའི་མཆོག་གམ་སྒྲ་རྡོ་རྗེ་ལ་སོགས་པ་ལ་ལྟོས་ནས་རིགས་ཀྱི་གཙོ་བོར་གྱུར་པའི་ཕྱིར་རོ། །ཤར་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པར་བསྟན་པ་དང་པོའི་དོན་ཡང་ཡིན་ཏེ། འདིའི་དོན་ནི་རྡོ་རྗེའི་རིགས་འདི་གཙོ་བོར་གྱུར་པའི་ཕྱིར་དང་པོར་གདོན་པ་ཡིན་ཏེ།

གྲྭ་ནི་རང་གི་གནས་སུ་ཞུགས་པར་གྱུར་པའོ། །གྲྭ་ནི་ཤུགས་ཀྱིས་བདེན་བྲལ་ཞེས་འབྲེལ་ཏོ། །གང་གི་དེ་མ་ཐག་ཏུ་སྤྱན་ལྷོའི་གྲྭར་ཆད་པར་འགྱུར་ཏེ། ལེའུ་བཞི་པ་ལས་ཀྱང་དེ་ཤར་གྱི་ཞེས་བྱ་བ་གསུངས་པ་དེའི་ཕྱིར་ཐམས་ཅད་དུ་ཤར་ལྷོ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་བྲིས་པའི་

དཀྱིལ་འཁོར་ནི་རྡུལ་ཚོན་ཙམ་ཐ་དད་པར་ཁས་བླངས་པའི་ཕྱིར་རོ། །མཱ་མ་ཀཱི་དེར་ལྷོ་ཕྱོགས་སུ་བཤད་པར་བྱ་སྟེ། འདིར་ནི་གྲྭ་ཙམ་དུ་གསུངས་པ་དེའི་ཕྱིར་ལྷོའི་གྲྭ་ཉིད་དུ་རིགས་པ་ཡིན་ནོ། །ལྷག་པ་ནི་ཇི་ལྟར་གསུངས་པ་བཞིན་དུ་གནས་པས་ཐམས་ཅད་ལེགས་པར་གནས་པའོ། །

ཡང་ན་ཤར་གྱི་གྲྭ་གང་ལ་ཡིན་པ་དེ་ལ་ཤར་གྱི་གྲྭ་ཞེས་བྱ་སྟེ། ནུབ་ཕྱོགས་ཡིན་ནོ། །དེ་བཞིན་དུ་ཡང་དགོངས་པ་ལུང་སྟོན་པ་ལས་གསུངས་པ། ཞེ་སྡང་དགའ་མ་ཞེས་བྱ་བ། བདག་པོ་དེ་བཞིན་གཤེགས་པ་ཡི། །ཞལ་གསུམ་པ་ཡི་གཟུགས་ཀྱིས་ནི། །བདེན་བྲལ་དུ་ནི་རྣམ་

པར་གནས། །ཞེས་སོ། །ནད་ལ་སོགས་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་སྤྱན་མ་གདོན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེའི་རྗེས་སུ་མཉེས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ཐམས་ཅད་སྔ་མ་

བཞིན་ནོ། །ལྷོའི་གྲྭ་ཞེས་བྱ་བ་ནི་གསུངས་པའི་རིགས་པས་མེའོ། །གསུངས་པ་དགོངས་པ་ལས། མོ་ཧ་ར་ཏི་ཞེས་བརྗོད་དེ། དགའ་མ་དེ་བཞིན་གཤེགས་པ་ཡི། །གསང་བ་འདུས་པའི་སྦྱོར་བ་ཡིས། །མེ་ཡི་མཚམས་སུ་རྣམ་པར་གནས། །ཞེས་སོ། །ཁ་ཅིག་ལས།

སྤྱན་དང་མཱ་མ་ཀཱི་དག་ནི། །ཤར་དང་ལྷོ་ཡི་ཟུར་དུའོ། །ཞེས་བྱ་བའི་ཚིག་ཡོད་དེ་འདིར་དེ་གོ་སླ་བ་ཉིད་དོ། །ཉམ་ཆུང་བ་རྣམས་རྒྱས་པར་བྱ་བའི་ཕྱིར་གོས་དཀར་མོའི་ཏིང་ངེ་འཛིན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་

Vol. 39 · folio 166a

ཆགས་འཛིན་པ་ནི་སྣང་བ་མཐའ་ཡས་སོ། །དེའི་རྗེས་སུ་ཆགས་པར་བྱེད་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ནུབ་ཕྱོགས་ཀྱི་གྲྭ་ཞེས་བྱ་བ་རླུང་ངོ་། །རྣམ་པར་སྣང་མཛད་ལ་སོགས་པ་དབང་དུ་བྱ་བའི་ཕྱིར། སྒྲོལ་མའི་རྣལ་འབྱོར་གསུངས་པ། དེ་ནས་ཞེས་བྱ་

བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པ་ནི་ལས་ཀྱི་རིགས་ཡིན་པའི་ཕྱིར་དོན་ཡོད་པར་གྲུབ་པའོ། །དེའི་སྤྱི་བོར་འཛིན་པ་ལ་སོགས་པའི་སྣ་ཚོགས་པའི་ཕྱིར་རིམ་པས་སླུ་བ་དེ། རང་གི་དབང་དུ་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །

ཡང་ན་དཀྱིལ་འཁོར་གྱི་བདག་པོ་ཉིད་རང་གི་ལུས་ལ་ནང་དུ་ཞུགས་པ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནི་བྱང་ཕྱོགས་ཀྱི་གྲྭ་ཞེས་བྱ་བ་ནི་དབང་ལྡན་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་

ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་ཉིད་བཙུན་མོ་རྣམས་སམ་དེ་རྣམས་ཀྱི་ཡིན་ཏེ། མཆོད་པ་ལ་སོགས་པ་བཙུན་མོར་གྱུར་པས་སོ། །དེ་རྣམས་ཀྱི་ཕུན་སུམ་ཚོགས་པ་འདིར་གྲུབ་པ་ཞེས་བྱ་བའི་དོན་ཏོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཟློག་པའི་ཕྱིར་དང་།

སྲུང་བ་དང་འགུགས་པ་ལ་སོགས་པའི་ཆེད་དུ་ཁྲོ་བོ་རྣམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ནི་སྒོ་

སྐྱོང་བ་ཉིད་ཀྱིས་བསྲུང་བའི་ཕྱིར་རམ། ཡེ་ཤེས་དཀྱིལ་འཁོར་ཉེ་བར་བྱེད་པས་གཤིན་རྗེ་མཐར་བྱེད་དེ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེའི་དེ་ཉིད་དྲག་ཤུལ་བསྒྲུབ་པས་སམ། །ཁྲོ་བོའི་གཟུགས་ཡིན་པའི་ཕྱིར་སྐྲག་

པར་བྱེད་པའོ། །ཤེས་རབ་མཐར་བྱེད་ཀྱི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མི་བསྐྱོད་པ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །

Vol. 39 · folio 166b

དཀྱིལ་འཁོར་བྱིན་གྱིས་རློབ་པ་ནི་འདིར་གཞུག་པ་དང་ཡང་དག་པར་བསྲུང་བ་དག་གོ། །རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །པདྨ་མཐར་བྱེད་ཀྱི་དབང་དུ་བྱས་ཏེ་གསུངས་པ། ཆོས་རིན་པོ་ཆེ་འབྱུང་བ་ཞེས་བྱ་བ་ལ་ཆོས་རིན་པོ་ཆེ་ནི། གསུང་རབ་ཡན་ལག་

བཅུ་གཉིས་ལ་སོགས་པའི་མཚན་ཉིད་དོ། །དེའི་འབྱུང་གནས་ནི་སྐྱེ་བའི་གནས་ཡིན་པས་སྣང་བ་མཐའ་ཡས་ཡིན་ཏེ། གསུང་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་རོ། །འདོད་ཆགས་འཆང་བའི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་བཅིང་བའི་

རང་བཞིན་གྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསུང་ནི་སྣང་བ་མཐའ་ཡས་ཏེ། །དེའི་རྣམ་པ་ནི་ཁ་དོག་ལ་སོགས་པའི་རྣམ་པ་དང་ལྡན་པའི་ཕྱིར་རོ། །བགེགས་མཐར་བྱེད་གནོན་པ་གསུངས་པ། དེ་ནས་ཞེས་བྱ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སྐུ་ལ་སོགས་པ་རྡོ་རྗེ་ནི་མི་བསྐྱོད་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པ་ཞེས་བྱ་བ་ནི་མི་བསྐྱོད་པའི་ཁ་དོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །འདི་ཡང་མཉེས་པ་ལ་སོགས་པའི་བྱེད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་ཁོང་དུ་

ཆུད་པར་བྱའོ། །སྡོམ་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་པའི་རང་བཞིན་གྱི་དཀྱིལ་འཁོར་ལ་བསྒོམ་པ་ལ་སོགས་པའི་བདག་ཉིད་དགུག་པ་ལ་སོགས་

པ་ལས་མི་འདའ་བས་དམ་ཚིག་སེམས་དཔའོ། །འདི་ཙམ་གྱིས་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་མཛད་པ་གསུངས་པའོ། །གཟུགས་རྡོ་རྗེ་ལ་སོགས་པ་མཆོད་པའི་རང་བཞིན་ཡིན་པའི་ཕྱིར་འདིར་དགོད་པར་བྱ་ཞེས་པ་ཁོང་དུ་ཆུད་པར་བྱའོ། །དེ་ཡང་གསུངས་པ་བདུན་

པ་ལས། གཟུགས་རྡོ་རྗེ་ལ་སོགས་པ་ཡི། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་སོ། །བཅོ་བརྒྱད་པ་ལས་ཀྱང་གསུངས་པ། གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག །རྡོ་རྗེ་བདག་པོ་ཞེས་བྱར་དྲན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །བདག་ཉིད་ཆེན་པོ་ཀུན་དུ་དབྱུང་། །

Vol. 39 · folio 167a

ཞེས་སོ། །སའི་སྙིང་པོ་ལ་སོགས་པའི་འབྱིན་པ་མེད་པས་མེད་པ་ཡིན་སྟེ། དེའི་ཕྱིར་འདིར་དཀྱིལ་འཁོར་བཅུ་དགུ་ཉིད་དོ། །དེ་ལ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་གྱི་རང་བཞིན་རྣམ་པར་ཐར་པའི་སྒོ་གཞི་གཤིན་རྗེ་མཐར་བྱེད་ལ་

སོགས་པ་ཁྲོ་བོ་བཞིའི་ངོ་བོས་མ་དད་པ་དང་ལེ་ལོ་དང་བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་བྲལ་ནས་ཤེས་རབ་ཀྱིས་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་ཕྱིར་གཟུགས་བརྙན་གྱི་སྦྱོར་བས་བདེ་བར་གཤེགས་པའི་གཟུགས་ཡང་དག་པར་མཐོང་བའི་ཕྱིར་ཕྱག་གི་མེ་ལོང་ལ་ལྷའི་གཟུགས་

ཡང་དག་པར་བསྟན་ཏོ། །ལྷའི་གཟུགས་མཐོང་བ་ཐོབ་པར་འདོད་པས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །ཅེས་བྱ་བ་ལ་སོགས་པ་བསྟན་པའི་ཆོས་སྒྲ་རྡོ་རྗེ་མ་བསྟན་པ་ལས་ཐོས་ནས་དེ་རྣམས་ལ་བདག་མེད་པར་མོས་པ་ནི་དྲིའོ། །དེ་ལ་

གོང་ནས་གོང་དུ་མོས་པ་ནི་རོའོ། །དེས་ཀྱང་སྣང་བ་ཐོབ་པ་དང་། སྣང་བ་མཆེད་པ་དང་། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་རབ་ཏུ་འཇུག་པ་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ངེས་པར་འབྱེད་པའི་ཆ་བཞི་ལ་རེག་པ་ནི་རེག་བྱའོ། །དེ་ནས་ཐམས་ཅད་དུ་འགྲོ་བ་སྟོང་པ་ཉིད་

ཀྱི་མཚན་ཉིད་བྱང་ཆུབ་སེམས་དཔའི་ས་དང་པོ་མངོན་དུ་བྱེད་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ནས་སྐད་ཅིག་མ་གཉིས་པ་ལ་སོགས་པའི་མཚན་ཉིད་བསྐྱེད་པའི་དགའ་བའི་རང་བཞིན་ནི་སྤྱན་ལ་སོགས་པའི་ལྷ་མོའི་རང་བཞིན་ནོ། །དེ་ནས་རབ་ཏུ་དགའ་བ་ལས་ཇི་ལྟར་མཐོང་བའི་ཆོས་ཀྱི་དབྱིངས་

བསྒོམས་པས་གཏི་མུག་དང་། ཡིད་བཞིན་གྱི་ནོར་བུ་དང་། འདོད་ཆགས་དང་། དམ་ཚིག་གི་རིགས་རྟོགས་པས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་འཆར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྟོགས་པར་མཛད་ནས་རྡོ་རྗེ་འཆང་ཆེན་པོ་ཉིད་

ཡིན་ནོ། །དེས་གྲུབ་པའི་ཕྱིར་ན་གཞན་འདིར་བསྒོམ་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཀུན་དུ་བཟང་པོའི་སྒྲུབ་ཐབས་ལས། དད་དང་བརྩོན་འགྲུས་རྣམ་པར་དག་པ་དང་། །དེ་བཞིན་དྲན་དང་བསམ་གཏན་རྣམ་དག་པ་འང་། །སྒོ་བཟང་སྲུང་བར་བྱེད་པའི་ངོ་བོ་ཉིད། །ཤེས་རབ་རྣམ་

Vol. 39 · folio 167b

དག་མ་ལུས་ཡུལ་དུ་སྣང་། །མཚན་མ་མེད་པའི་དགའ་བ་རྣམ་དག་པ། །མ་ལུས་ལྷ་མོའི་ཚོགས་ཀྱི་ངོ་བོ་ཉིད། །སེམས་ཅན་དོན་དང་བདག་དང་རྣམ་རྟོག་དང་། །འཇུག་པའི་རྣམ་ཤེས་རྣམ་པར་དག་པ་ཡང་། །མེ་ལོང་ལ་སོགས་དྲི་མེད་ངོ་བོ་བས། །སངས་རྒྱས་ཐམས་

ཅད་ཀྱི་ནི་རང་བཞིན་ཏེ། །དེ་བཞིན་ཉིད་ནི་རྣམ་དག་སྦྱོར་བ་ཡིས། །འཁོར་ལོའི་གཙོ་བོ་འདིར་ནི་རྣམ་པར་གནས། །ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་བདག་ཉིད་དམ་བདག་པོ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་

དང་ཐུགས་ཀྱི་གསང་བའི་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་བའོ། །དེའི་ཕྱིར་རྫོགས་པ་ཞེས་བྱ་བར་སྦྱར་རོ། །འདི་གང་གི་ཡུལ་ཡིན་ཞེ་ན། དཔལ་གསང་བ་འདུས་པ་ལས་ཞེས་བྱ་བ་ནི། རྒྱུད་གཞན་དུ་རབ་ཏུ་བཀག་པ་ཡང་འདི་ལ་མཆོག་ཏུ་འབད་པས་སྐྱེ་བ་འདི་ལ་བདེ་བླག་ཏུ་མི་

གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རྒྱུད་ཐམས་ཅད་ཀྱི་གཙོ་བོ་ཡང་ཡིན་པས་འདི་དང་པོར་དཔལ་གྱི་སྒྲའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བྱིན་པ་ལ་སོགས་པའི་སྣོད་དང་

ལྡན་པར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའོ། །དེ་ཉིད་གདུལ་བྱའི་འགྲོ་བ་རྣམས་ལ་འགེབས་པ་དང་ཆོས་མཐུན་པས་ལེའུའོ། །བརྗོད་པར་བྱ་བ་དེ་ཉིད་དུ་ལེན་པས་ཞེས་བྱ་བ་ནི་ལེའུ་སྟེ་གཞུང་ཡོངས་སུ་གཅོད་པའོ། །

དང་པོ་ནི་ཐོག་མར་བསྟན་པའོ། །རྫོགས་སོ་ཞེས་བྱ་བ་ནི་ཡང་དག་པར་གཟུང་བར་ཞེས་བྱ་བའི་དོན་ཏོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས། ལེའུ་དང་པོའི་བཤད་པའོ།། །།རྟོགས་པ་དང་ལྡན་པ་རྣམས་ནི་འབྲས་བུ་དོན་དུ་གཉེར་

བས་འཇུག་སྟེ། དང་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་འབྲས་བུར་གྱུར་པ་བཅོམ་ལྡན་འདས་ངེས་པར་བསྟན་ནས། དེ་ཉིད་སྐུ་ལ་སོགས་པར་མངོན་པར་ཞེན་པ་བསལ་བས་ཤེས་རབ་ཀྱི་རང་བཞིན་དུ་གསལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གསུངས་པ། དེ་ནས་

Vol. 39 · folio 168a

ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་སྣོད་དུ་བྱས་པ་ལ་སོགས་པའི་རྗེས་ཐོགས་ལའོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་བརྟན་པའི་ཕྱིར་སྙིང་པོའོ། །སྤྲུལ་པའི་སྐུ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་

སྐུ་དང་གསུང་དང་ཐུགས་སོ། །ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཡིན་པའི་ཕྱིར་མཆོག་གམ་འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གསུངས་པ་དེ་བཞིན་གཤེགས་པ་ཀུན་ཞེས་སོ། །གཞན་རྣམས་ཀྱི་སྤྱོད་

ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །འདི་གང་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་ཏེ། མི་འཇིག་རྣམ་པར་མི་སེམས་དང་། །བརྗོད་བྱ་མ་ཡིན་རྣམ་རྟོག་མིན། །དགེ་བའི་ཆོས་ཀྱི་སེམས་ཀྱི་ཕྱིར། །བྱང་ཆུབ་སེམས་ནི་ཡེ་ཤེས་སོ། །གང་ཡང་གསུངས་པ། ཐོག་མ་ཐ་མ་མེད་ཞི་བ། །

དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་སོ། །ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་བླ་ན་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་རྗེས་ལ་མཁྱེན་ཅིང་ཞེས་བྱ་བ་གསུངས་ཏེ།

བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་བདག་ལ་འདི་རྣམས་ཀྱིས་གསོལ་བ་བཏབ་པ་ཡིན་གྱི་རང་གི་དོན་དུ་ནི་མ་ཡིན་ཞེས་བཤད་ནས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཐོང་བ་དང་། མ་ཐོས་པ་དང་། ཡོངས་སུ་མ་ཤེས་པ་དང་། མངོན་དུ་མ་བྱས་པ་མེད་དོ་ཞེས་བྱ་བ་ནི་

གྲུབ་པའི་མཐའོ། །སེམས་ཀྱིས་ཡོངས་སུ་རྟོགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་པ་དང་བྲལ་བའི་དེ་བཞིན་ཉིད་ཅེས་བྱ་བ་དང་། ཇི་ལྟར་སྐུ་ལ་སོགས་པར་འགྱུར་ཞེས་བྱ་བ་ནི་ཡིད་ཀྱིས་བརྗོད་པའོ། །སེམས་ཉིད་མི་གསལ་བའི་ཕྱིར་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་

ནི་མ་ཡིན་ནོ། །དེ་རྣམས་ལ་ཞེས་པ་ནི་གང་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་ལའོ། །བསྐྱེད་པར་བྱ་བ་དེ་གང་ཡིན་ཞེ་ན་གསུངས་པ་སེམས་ལུས་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་ལུས་འདི་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བའི་རང་བཞིན་སྟོང་པ་ཉིད་

Vol. 39 · folio 168b

ཀྱི་གཟུང་བ་ལ་སོགས་པའི་ངོ་བོ་དང་བྲལ་བ་དེ་བཞིན་དུ་གཉིས་སུ་མེད་པའི་རྣམ་པས་འཇུག་པ་རྣམ་པ་མེད་པའི་རང་གིས་སེམས་བསྐྱེད་ཅིག་ཅེས་བྱ་བར་སྦྱར་རོ། །ལུས་སེམས་ལྟ་བུ་ཞེས་བྱ་བ་ནི་ཆ་ཤས་ཀྱི་རྫས་ལ་སོགས་པ་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་ལུས་དང་སེམས་ཀྱི་རང་བཞིན་ཉིད་དོ། །

ཞེས་ཁྱེད་ཀྱིས་ངེས་པར་གཟུང་བར་བྱ་སྟེ་སེམས་ལས་གཞན་ལུས་མེད་དོ་ཞེས་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལུས་དང་སེམས་དག་མཉམ་པ་ཉིད་དུ་བསྟན་ནས། དེ་དག་ཉིད་ངག་དང་མཉམ་པར་གསུངས་པ་སེམས་ཚིག་དོན་དུ་བརྗོད་པ་ལྟ་བུ་ཞེས་བྱ་བ་ནི། ཇི་ལྟར་ཚིག་

ཏུ་བརྗོད་པ་ནི་ངག་འཇུག་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གདོད་མ་ནས་སྐྱེ་བ་མེད་པའི་རང་བཞིན་ནོ། །དེ་ལྟར་སེམས་ཀྱང་རྒྱུ་དང་འབྲས་བུས་སྟོང་པ་ཉིད་ཀྱི་ཕྱིར་རྟག་ཏུ་རང་གི་རིག་པ་ཙམ་དུ་འཇུག་གོ། །དེ་ཡང་གསུངས་པ། དངོས་པོ་རང་ལས་མ་སྐྱེས་དང་། །གཞན་ལས་

མ་སྐྱེས་གཉིས་ལས་མིན། །ཡོད་མིན་མེད་མིན་གཉིས་ཀ་མིན། །དེ་ནི་གང་ལས་སྐྱེ་བར་འགྱུར། །ཞེས་སོ། །ཡང་གསུངས་པ། རྟག་ཏུ་རྟེན་ཅིང་འབྲེལ་འབྱུང་ཕྱིར། །རང་བཞིན་འདའ་བར་དཀའ་བ་ཡིན། །ཞེས་སོ། །དེའི་ཕྱིར་ངག་དང་ལུས་ཀྱང་མཉམ་པ་ཉིད་དུ་ཁོང་

དུ་ཆུད་པར་བྱ་སྟེ་ལུས་དང་སེམས་རང་བཞིན་ཐ་མི་དད་པའི་ཕྱིར་རོ། །འདིས་འདི་སྐད་བསྟན་པ་ཡིན་ཏེ། ཆད་པ་ལ་སོགས་པའི་ལྟ་བ་བསལ་ནས་ཇི་སྐད་གསུངས་པ་བཞིན་དུ་ཆོས་བདག་མེད་པར་མཉམ་པ་ཉིད་ཀྱིས་སྐུ་ལ་སོགས་པའི་ངོ་བོ་གཅིག་པ་ཉིད་དུ་བལྟའོ། །ཡང་ན་ཁྱེད་

ཀྱིས་སེམས་སྐྱེད་ཅིག་ཅེས་སྤྱིར་བྱ་བ་ལ་སྦྱོར་བའོ། །བྱ་བ་གསུངས་པ། ལུས་ལྟ་བུ་ནི་ལུས་ཞེས་ཏེ། རྣམ་པར་དཔྱད་ན་རང་རིག་པ་ཙམ་ལས་མ་གཏོགས་པ་གཞན་ལུས་ཀྱི་རྣམ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རང་རིག་པ་ཙམ་དེ་ཉིད་དུ་ལུས་ལ་ལྟོས་ཞེས་བྱ་བའི་དོན་ཏོ། །

སེམས་ཇི་ལྟར་བལྟ་བར་བྱ་ཞེ་ན་གསུངས་པ། སེམས་སེམས་ལྟ་བུ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་སྣང་བ་ལས་མ་གཏོགས་པ་གཞན་སེམས་ཉེ་བར་དམིགས་པ་མེད་པ་དང་། སྣང་བ་ཡང་རྟོག་པ་ལས་སྐྱེས་པས་དེ་བཞིན་དུ་རང་གི་ངོ་བོ་མ་ཡིན་པའི་ཕྱིར། །སེམས་ཀྱང་རྟོག་པ་

Vol. 39 · folio 169a

ཐམས་ཅད་ཀྱི་དྲི་མས་སྟོང་པ་ཉིད་ཀྱིས་རང་རིག་པ་མཐར་ཕྱིན་པ་ཉིད་དོ། །ཚིག་ཏུ་བརྗོད་པ་ཞེས་བྱ་བ་ནི། ལུས་དང་སེམས་རང་གི་ངོ་བོ་སྒྲ་བརྙན་གྱི་སྒྲ་དང་མཉམ་པ་ཉིད་དུ་སྐྱེད་ཅིག་ཅེས་བྱ་བའི་དོན་ཏོ། །འདིས་ནི་ཚིག་ཀྱང་བདག་མེད་པར་གསུངས་ཏེ། ལུས་ལ་སོགས་

པ་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཁ་ཅིག་ལས་ངག་ཚིག་ཏུ་བརྗོད་པ་ཞེས་བརྗོད་པའི་ཚིག་དེ་ལ་ངག་ཀྱང་སྒྲ་བརྙན་དང་འདྲ་བར་སྒྲ་དངོས་པོ་མེད་པར་རྟོགས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བཅུ་གསུམ་པ་ལས་གསུངས་པ། །སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། །དངོས་

དང་དངོས་མེད་རྣམ་དཔྱད་པ། །གསུང་གི་རྡོ་རྗེ་རྫོགས་བྱང་ཆུབ། །སྒྲ་དང་སྒྲ་མིན་རྣམ་དཔྱད་པ། །ཐུགས་ཀྱི་རྡོ་རྗེ་རྫོགས་བྱང་ཆུབ། །གནས་པའི་རྡོ་རྗེ་རྣམ་དཔྱད་པ། །ཞེས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདིའི་རྟོག་པ་བསྒྲུབ་པ་གསུངས་པ། དེ་ནས་ཞེས་བྱ་

བ་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་རྡོ་རྗེ་འཆང་གི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པ་ནམ་མཁའ་ལྟ་བུར་སྦྱར་ནས་རང་བཞིན་མེད་པ་ཉིད་རྟོགས་པས་ཆེད་དུ་བརྗོད་པ་འདི་གསུངས་སོ། །འདི་ཞེས་བྱ་བ་ལ་སོགས་པ་ལ།

ཀུན་དུ་བཟང་པོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རྣམ་པར་དག་པ་སྟོན་པ་པོའི་དོན་དམ་པ་ཉིད་དུ་དེ་བཞིན་ཉིད་གཅིག་གི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའོ། །ཀུན་རྫོབ་ཏུ་གདུལ་བྱའི་སྐྱེ་བོའི་དབང་གིས་རྨི་ལམ་བཞིན་དུ་འདིར་སྐྱེ་བར་བསྒྲགས་ཏེ་བསྟན་ཏོ། །གང་སྐྱེ་བ་

མེད་པ་ལས་ཐ་མི་དད་པ་ཉིད་སྐྱེ་བ་མེད་པ་ཞེས་བྱ་བ་ནི་ངོ་མཚར་རོ། །ད་ནི་འདི་གང་རིགས་མ་ངེས་པའི་དབང་དུ་བྱས་ན་སྤྱིའི་བྱང་ཆུབ་ཀྱི་སེམས་འདི་གསུངས་ལ། དེ་ཉིད་མ་འོངས་པའི་རིགས་ངེས་པའི་ཆེད་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དབྱེ་བ་དྲུག་བསྟན་ཏེ་རང་གི་ངོ་བོ་ལ་ནི་དབྱེ་བ་མེད་དོ། །

གང་ཡང་གསུངས་པ། སངས་རྒྱས་སངས་རྒྱས་ཐམས་ཅད་ལས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་དེ་ནི་ལྷག་པའི་ལྷ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །གདུལ་བྱའི་དབང་གིས་མཛད་པ་དྲན། །ཞེས་སོ། །དེ་ལ་རེ་ཞིག་དེ་བཞིན་གཤེགས་པ་

Vol. 39 · folio 169b

ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་དཔལ་རྡོ་རྗེ་འཆང་གི་བྱང་ཆུབ་ཀྱི་སེམས་ཉེ་བར་དགོད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་ཤིན་ཏུ་རྣམ་པར་དག་པ་ལ་སོགས་པའི་ཡེ་ཤེས་ལྔའོ། །དེའི་ཚུལ་

ནི་ཐབས་ཏེ་རྡོ་རྗེ་འཆང་གི་ཏིང་ངེ་འཛིན་ཏོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པ་ནི་རྡོ་རྗེ་འཆང་ལ་དམིགས་པ་སེམས་རྩེ་གཅིག་ཏུ་མཛད་ནས་དེ་ནས་བྱང་ཆུབ་ཀྱི་སེམས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་མེད་ལ་སྒོམ་པ་མེད། །ཞེས་བྱ་བ་ནི།

དངོས་པོ་གང་ལ་དོན་ཞེས་བྱ་བ་ནི་དངོས་པོ་སྟེ། གཉིས་ཀྱི་རྣམ་པའི་སེམས་སོ། །དངོས་པོ་དེ་མེད་པས་ན་དངོས་མེད་དེ་གཉིས་སུ་མེད་པའི་རྣམ་པའི་སེམས་སོ། །དེ་ལ་མེད་པ་ཡིན་ཏེ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའི་ཡེ་ཤེས་ལའོ། །སྒོམ་པ་ནི་གང་ཞིག་

རྡོ་རྗེ་འཆང་སྣང་བའི་མཚན་ཉིད་དོ། །གང་གི་ཕྱིར་དོན་དམ་པ་མེད་པ་སྟེ། དེའི་ཕྱིར་འགྲོ་བའི་དོན་དུ་སོ་སོར་སྣང་བའི་དངོས་པོ་རྡོ་རྗེ་འཆང་བ་ལ་སོགས་པའི་གཟུགས་སོ། །དོན་དམ་པར་སྐྱེ་བ་མེད་པ་ཉིད་ཀྱིས་དངོས་པོ་མེད་པར་འགྱུར་རོ། །དེས་ན་དངོས་པོ་ནི་དངོས་པོ་མེད་པར་མི་

འགྱུར་རོ། །འདིས་བཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བས་ན་གང་དེ་བསྒོམ་པར་བྱ་བ་སྟེ། དེ་ཡང་སྒོམ་པ་དམིགས་སུ་མེད་པ་སྟེ། རང་རིག་པ་ཙམ་གྱི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་གསུངས་པ། གང་ལ་སྒོམ་བྱེད་ཅུང་ཟད་མེད། །བསྒོམ་པ་ཅུང་ཟད་

ཡོད་མ་ཡིན། །བསྒོམ་པར་བྱ་བ་ཉིད་ཀྱང་མེད། །དེ་ནི་འདི་ཉིད་བསྒོམ་པར་བརྗོད། །ཅེས་བྱའོ། །ཡང་ན་དངོས་པོ་རྣམས་ལ་ཚད་མས་གནོད་པ་ཉིད་ཀྱིས་དངོས་པོ་མེད་པ་ཉིད་ལ་གང་བསྒོམ་པ་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་པ་དེའི་མངོན་པར་ཞེན་པ་དེའི་ངོ་བོ་ཡོད་པ་དེ། སྟོང་

པ་ཉིད་ཀྱི་དངོས་པོ་ཞེས་ངེས་པར་བཟུང་བའོ། །དེར་ལན་ཡང་གསུངས་པ། བསྒོམ་པ་ཉིད་ནི་བསྒོམ་པ་མིན། །ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་དངོས་པོ་སྟོང་པ་ཉིད་དུ་མངོན་པར་ཞེན་པའི་རང་བཞིན་བསྒོམ་པར་བརྗོད་ན་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་རང་

Vol. 39 · folio 170a

ཉིད་དངོས་པོ་མེད་པ་ཡིན་ན་གང་ལས་དེའི་སྟོང་པ་ཉིད་དུ་འགྱུར་ཏེ། ཆོས་ཅན་ཡོད་པ་ལས་ཆོས་སུ་འགྱུར་ཞེས་བྱ་བའི་རིགས་པ་ལས། དེའི་ཕྱིར་ཞེས་པ་ཉེ་བར་བསྡུ་བའོ། །གང་གི་ཕྱིར་འདི་ལྟར་དེའི་ཕྱིར་དངོས་པོ་དངོས་པོར་མི་འགྱུར་ཏེ་དེའི་ཕྱིར་དངོས་པོ་དང་དངོས་པོ་

མེད་པར་མི་འགྱུར་རོ་ཞེས་བྱའོ། །དེ་ཡང་གསུངས་པ། སྟོང་པ་ཉིད་དུ་བསྒོམ་བྱ་མིན། །མི་སྟོང་པ་ཡང་བསྒོམ་བྱ་མིན། །སྟོང་ཉིད་མི་སྤོང་རྣལ་འབྱོར་པས། །མི་སྟོང་པ་ཡང་སྤང་མི་བྱ། །སྟོང་དང་མི་སྟོང་གང་འཛིན་པ། །བརྗོད་ཀྱིས་མི་ལང་རྟོག་པ་སྐྱེ། །རྟོག་པ་ཡོངས་སུ་

སྤངས་པས་ན། །དེ་ཕྱིར་འདི་ལ་གཉིས་ནི་སྤངས། །ཞེས་སོ། །དེའི་ཕྱིར་བསྒོམ་པར་བྱ་བ་དང་། སྒོམ་པ་ཡང་མེད་དོ་ཞེས་བྱ་བར་གསུངས་པ། སྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །གང་གི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དང་། དངོས་པོའི་དངོས་པོ་མེད་པ་བསྒོམ་

པར་བྱ་བ་མ་ཡིན་པ་དེའི་ཕྱིར་སྒོམ་པ་ཡང་མེད་དོ། །འདིས་ནི་དངོས་པོ་ཐམས་ཅད་ཉེ་བར་དམིགས་པ་གསལ་བར་བཤད་པས་སྨོན་པར་བྱ་བ་དང་། སྨོན་པར་བྱེད་པ་དང་། སྨོན་ལམ་མི་དམིགས་པས་བར་ཆོད་པའི་འབྲས་བུ་བཀག་པས་རང་གི་སེམས་ཉིད་མངོན་པར་བྱང་ཆུབ་པ་ཡིན་

པར་བསྟན་ཏོ། །དེ་ཡང་གསུངས་པ། སེམས་ཉིད་དངོས་གྲུབ་ཆེན་པོ་སྟེ། །སེམས་ཉིད་ཐུབ་པ་ཆེན་པོ་ཡིན། །སེམས་ཉིད་ཡིད་བཞིན་ནོར་བུར་བརྗོད། །སེམས་ཉིད་བདེ་བ་ཆེན་པོ་ཡིན། །ཞེས་གསུངས་སོ། །ཡང་ན་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་དམིགས་

སུ་མེད་པས་ན་བསྒོམ་པར་བྱ་བ་ཡོད་པ་མེད་པ་སྟེ། ཆོས་ཅན་ལ་བརྟེན་ནས་ཆོས་གནས་པའོ། །གང་ཡང་རྟོག་པས་སྦྱར་བའི་དངོས་པོ་ཡང་བསྒོམ་པ་མ་ཡིན་ཏེ། དེ་ཡང་དེ་ཁོ་ན་ཉིད་མ་ཡིན་པ་ལ་བརྟེན་ནས་བསྒོམ་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དངོས་པོ་ཉིད་

གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་མེད་པར་འགྱུར་ཏེ། འདིའི་ཡང་རང་བཞིན་དུ་གྲུབ་པའི་ཕྱིར་སྒོམ་པ་ཐ་དད་པ་དམིགས་སུ་མེད་པ་གང་གིས་དེ་བསྒོམ་པར་བྱའོ། །དེ་ཡང་གསུངས་པ་ཐམས་ཅད་གསང་བ་ལས། དངོས་པོ་མིན་པ་བསྒོམ་

Vol. 39 · folio 170b

པ་མིན། །སྒོམ་པ་ཉིད་ནི་བསྒོམ་པ་མིན། །སྒོམ་པ་དང་ནི་དངོས་པོ་མེད། །རང་གི་སེམས་ཀྱིས་ཡོངས་སུ་བརྟགས། །ཞེས་སོ། །སྐུ་ལ་སོགས་པ་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་ཉེ་བར་དགོད་པར་གསུངས་པ། དེ་ནས་ཞེས་བྱ་བ་

ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། འདིས་ཤེས་པར་བྱ་བ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པར་བྱེད་པ་ནི་ཤེས་པར་བྱེད་པས་སོ། །དེ་ཉིད་རྡོ་རྗེ་ཞེས་བྱ་སྟེ། གང་ལ་རྣམ་པར་སྣང་མཛད་

ཀྱི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུངས་སོ་ཞེས་བྱ་བར་འབྲེལ་ཏོ། །དངོས་པོ་ཐམས་ཅད་ནི་བདག་ལ་སོགས་པར་བརྟགས་པ་སྟེ། དེ་རྣམས་ལ་ཚད་མས་གནོད་པའི་ཕྱིར་དེ་དང་འབྲེལ་ཏོ། །འོ་ན་ནི་ཕུང་པོ་ལ་སོགས་པའི་ངོ་བོར་འགྱུར་རོ་ཞེ་ན། ཕུང་པོ་

ཞེས་བྱ་བ་ལ་སོགས་པ་ལ་ཕུང་པོ་ནི་གཟུགས་ལ་སོགས་པ་ལྔའོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའི་དབྱེ་བས་ཁམས་བཅོ་བརྒྱད་དོ། །དབང་པོ་དང་ཡུལ་གྱི་དབྱེ་བས་སྐྱེ་མཆེད་བཅུ་གཉིས་སོ། །གཟུང་བ་ནི་ཡུལ་ལོ། །འཛིན་པ་ནི་རྣམ་པར་ཤེས་པའོ། །དེ་རྣམས་

ཀྱིས་སྟོང་པའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའོ། །ཅིའི་ཕྱིར་ཞེ་ན། ཆོས་བདག་མེད་པ་མཉམ་པ་ཉིད་པས་ཞེས་ཏེ། ཆོས་རྣམས་ནི་ཕུང་པོ་ལ་སོགས་པའོ། །བདག་མེད་པ་ནི་རྣམ་པར་དཔྱད་ན་རང་བཞིན་མེད་པའོ། །

དེའི་ངོ་བོ་ཉིད་ཀྱིས་གང་མཉམ་པ་ཉིད་གཅིག་པའི་ངོ་བོའི་སེམས་རྒྱུར་གྱུར་པས་སོ། །རང་གི་སེམས་ནི་མཐར་ཕྱིན་པའི་རང་བཞིན་ནོ། །རྒྱུ་དང་འབྲས་བུ་སྟོང་པ་ཉིད་ཀྱི་གཞན་གྱི་དབང་དང་བྲལ་བའི་ཕྱིར་རོ། །གདོད་མ་ནས་མ་སྐྱེས་པའོ། །བརྟགས་པའི་ངོ་བོ་སྟོང་པ་ཉིད་ཀྱི་རང་

བཞིན་ཞེས་བྱའོ། །ཡང་ན་དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་མ་རིག་པའི་དབང་ལས་བྱུང་བའི་དངོས་པོ་སྟེ། སྣ་ཚོགས་པའི་བདག་ཉིད་དུ་བརྟགས་པའོ། །དེ་དང་བྲལ་བའི་ཕྱིར་དངོས་པོ་ཐམས་ཅད་དང་བྲལ་བ་དེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལྟར་ན་ཕུང་པོ་ལ་

Vol. 39 · folio 171a

སོགས་པ་རྣམ་པར་དག་པས་གྲུབ་པ་ཡིན་ན་ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔར་འགྱུར་ཞེ་ན། གསུངས་པ་ཕུང་པོ་ཞེས་པ་ལ་སོགས་པ་སྟེ། ཕུང་པོ་ལ་སོགས་པའི་རང་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུང་བ་དང་འཛིན་པ་ཉིད་

དོན་དམ་པར་མེད་པས་སོ། །དེས་ན་ཆོས་བདག་མེད་པ་མཉམ་པ་ཉིད་པས། །རང་གི་སེམས་ཐོག་མ་ནས་སྐྱེ་བ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད། །འདི་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ངོ་བོས་སྣང་བའོ། །ཅི་སྟེ་གཟུང་བ་དང་འཛིན་པ་དང་བྲལ་བའི་གང་ཟག་

གཞན་གྱི་ངོ་བོར་ཡོད་པ་དེ་ནི་བདག་ཅག་ལ་སོགས་པས་རེ་ཞིག་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ། །གཞན་དུ་ན་དེ་ཁོ་ན་ཉིད་མཐོང་བས་གྲོལ་བར་ཐལ་བར་འགྱུར་བས་སོ། །འབྲས་བུས་ཀྱང་མིག་ལ་སོགས་པ་བཞིན་དཔོག་པ་མ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་

ཤེས་ལ་འབྲས་བུ་མེད་པའི་ཕྱིར་གཉིས་ཀྱིས་རྣམ་པར་སྣང་བ་ཡང་། རི་བོང་གི་རྭ་དང་མཚུངས་པའི་ཕྱིར་དངོས་པོ་མ་ཡིན་ནོ་ཞེ་ན་སྐྱོན་ཡོད་པ་མ་ཡིན་ཏེ། འཛིན་པ་བཀག་ནས་ནང་གི་རྟོག་པའི་ངོ་བོ་མ་བཀག་སྟེ། འདི་ལྟར་གང་རྣམ་པར་ཤེས་པ་ལས་ཐ་དད་པ་ལྟ་བུ་སྔོན་པོ་

ལ་སོགས་པའི་རྟོག་པ་དེ་རྣམ་པར་དཔྱད་མི་བཟོད་པས་ཡོད་པའི་ངོ་བོ་མ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་ལས་གཟུང་བ་ཡོད་པ་མ་ཡིན་པའི་ཕྱིར་དེ་ལ་ལྟོས་པའི་ཡང་རྟོག་པའི་ངོ་བོ་བྱེད་པ་པོ་ཡང་མེད་དེ། བྱེད་པ་པོ་དང་ལས་ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་རོ། །རྟོག་

པའི་ངོ་བོ་ནི་ཕན་ཚུན་ལྟོས་པ་དང་བཅས་པ་མ་ཡིན་ཏེ། རང་གི་ངོ་བོ་ཉིད་དེ་བཞིན་དུ་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་ཀྱི་ངོ་བོ་རང་རིག་པ་ཙམ་དུ་རྣམ་པར་གནས་ཏེ་ཇི་སྐད་དུ་བརྗོད་པ་གཟུང་འཛིན་དང་བྲལ་བའི་ཕྱིར་གཉིས་སུ་མེད་པ་བརྗོད་པར་བྱ་སྟེ་ཆོས་ཅན་བཀག་པས་མ་

ཡིན་ནོ། །ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བའི་ཕྱིར་གྲོལ་བར་ཐལ་བར་འགྱུར་བ་མེད་དེ། དེ་ཉིད་གཟུང་བ་ཡང་མ་བཟུང་བ་དང་འདྲ་བ་སྟེ། འཁྲུལ་པའི་ས་བོན་དང་ལྡན་པས་དེ་བཞིན་དུ་མ་རྟོགས་པའི་ཕྱིར་རོ། །གཞན་དག་ནི་དེ་ལྟ་བུར་གྱུར་པ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་དུ་ཁས་

Vol. 39 · folio 171b

མི་ལེན་པ་རྣམ་པར་ཤེས་པ་ནི་དངོས་པོ་འཛིན་པ་སྤངས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་གྲོང་ཁྱེར་དུ་འཇུག་པའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཀྱི་ལམ་ལ་བརྟེན་པ་ཞེས་སོ། །སེམས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྒོ་ནས་མི་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་

ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། མི་ཟད་པར་མཛད་པས་ཞེས་བྱའོ། །དེ་ཉིད་རྡོ་རྗེ་སྟེ་ཏིང་ངེ་འཛིན་གང་ལ་མི་བསྐྱོད་པའི་རྣམ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་པོ་འདི་རྣམས་མ་སྐྱེས་པས། །

ཞེས་བྱ་བ་ནི། མི་བསྐྱོད་པ་ལ་སོགས་པའི་ངོ་བོས་སོ། །གང་གི་ཕྱིར་ཞེ་ན། གསུངས་པ། ཆོས་དང་ཆོས་ཉིད་མེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་ཤེས་པའི་མཚན་ཉིད་རྣམ་པར་ཤེས་པར་བྱེད་པ་དང་། རྣམ་པར་ཤེས་པར་བྱ་བ་དེ་ཁོ་ན་ཉིད་ཀྱིས་མེད་པར་བྱེད་པའི་

ཕྱིར་ཡོངས་སུ་གཅོད་པར་བྱེད་པའི་རྣམ་པར་ཤེས་པ་མེད་དོ། །དེའི་མཚན་ཉིད་ཀྱང་སྐྱེ་བ་མེད་པ་སྟེ། དེའི་ཕྱིར་འདི་ཐམས་ཅད་མཚན་གཞི་དང་མཚན་ཉིད་སྟོང་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཙམ་མོ། །འོ་ན་ཇི་ལྟར་ཞེ་སྡང་གི་རིགས་བསྐྱེད་པ་ཡིན་ཞེ་ན་གསུངས་པ། ནམ་

མཁའ་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་ནམ་མཁའ་ཐོགས་པར་བྱེད་པའི་རྫས་དང་བྲལ་བ་ཙམ་སྣ་ཚོགས་པ་མེད་པ་ཉིད་དུ་རྣམ་པར་གནས་པ་ཡང་བུམ་པའི་ནམ་མཁའ་ལ་སོགས་པའི་སྒྲས་སོ་སོར་སྣང་བ་བཞིན་ཉེ་བར་བསྟན་ཏེ། དེ་བཞིན་དུ་ཞེ་སྡང་གི་རིགས་ཀྱང་བལྟ་བར་བྱའོ། །

འདི་ཞེས་བྱ་བ་ནི་གསུངས་མ་ཐག་པའི་ཀུན་རྫོབ་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་ཚུལ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་སོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་སྐྱོབ་པར་མི་ནུས་པའི་ཕྱིར་བསྟན་པའོ། །ཚོར་བ་ལ་

སོགས་པ་སྐྱེ་བ་མེད་པའི་ཕྱིར་རིན་ཆེན་འབྱུང་བའི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པས་སོ། །རིན་ཆེན་འབྱུང་བའི་རྣམ་པ་ཅན་

Vol. 39 · folio 172a

གྱི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཞེས་བྱ་བ་ནི་འདི་རྣམས་ཀྱི་དངོས་པོ་མེད་པ་སྟེ། ཇི་ལྟར་བརྟགས་པའི་དངོས་པོ་མེད་པ་སྟེ། རིན་པོ་ཆེའི་རིགས་ཀྱི་ལྷའི་བདག་ཉིད་ཀྱི་དངོས་པོ་རྣམས་སོ། །གང་

གི་ཕྱིར་ཞེ་ན་གསུངས་པ། ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་སྤྱིའི་མཚན་ཉིད་དང་། ཉམས་སུ་མྱོང་བ་ལ་སོགས་པ་ཁྱད་པར་གྱི་མཚན་ཉིད་རྣམ་པར་སྤངས་པ་སྟེ། རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ། །ཇི་ལྟར་རིན་པོ་ཆེའི་རིགས་སྐྱེད་ཅེ་ན་

གསུངས་པ། བདག་མེད་ཆོས་ལས་ཀུན་དུ་འབྱུང་། །ཞེས་བྱ་བ་སྟེ། ཆོས་བདག་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་དེ་ནམ་ཞིག་ན་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་ཞེས། སྨོན་ལམ་དང་ལྷན་ཅིག་པ་ལས་གདུལ་བྱའི་སོ་སོར་སྣང་

བའི་སྟོབས་ཀྱིས་བྱུང་བའོ། །རྟོག་པ་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར། སྣང་བ་མཐའ་ཡས་ཀྱི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །འོད་ཟེར་དང་ལྡན་པ་ནི་འོད་ཆེན་པོ་དང་ལྡན་པས་སྒྲོན་མ་སྟེ་

གསལ་བར་བྱེད་པས་སྒྲོན་མའོ། །ཡེ་ཤེས་ཉིད་ཤེས་བྱ་མཐའ་དག་གི་སྒྲིབ་པའི་མུན་པ་སེལ་བས་འོད་ཟེར་སྒྲོན་མའོ། །དེ་ཉིད་སྣང་བ་མཐའ་ཡས་ཀྱི་རྣམ་པས་རྡོ་རྗེ་སྟེ་མི་ཕྱེད་པའོ། །གང་ལ་ཏིང་ངེ་འཛིན་དེ་མངོན་སུམ་དུ་མཛད་པ་དེ་ལ་དེ་སྐད་ཅེས་བྱ་བའི་དོན་ཏོ། །མ་སྐྱེས་

པའི་ཆོས་རྣམས་ལ་ཞེས་བྱ་བ་ནི། སྣང་བ་མཐའ་ཡས་ལ་སོགས་པ་དམིགས་པའི་མཚན་ཉིད་རྣམས་ལ་རྣམ་པར་དཔྱད་པ་མི་བཟོད་པའི་ཕྱིར་དེ་ཁོ་ན་ཉིད་ཀྱིས་མ་སྐྱེས་པར་ཡོད་པ་རྣམས་ལའོ། །ངོ་བོ་མེད་ཅེས་བྱ་བ་ནི་སྣང་བ་མཐའ་ཡས་ལ་སོགས་པར་ཡོད་པ་མེད་པའོ། །

སྒོམ་པ་ཡང་མེད་ཅེས་བྱ་བ་ནི་ཆོས་རྗེས་སུ་འཇུག་པའི་སེམས་ཀྱང་མེད་ཅེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་སྣང་བ་མཐའ་ཡས་བསྐྱེད་པ་ཡིན་ཞེ་ན་གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་མེད་པ་ཡང་ནམ་མཁའ་སྟེ། ཇི་ལྟར་གནས་ཏེ་སྒྲ་དང་

Vol. 39 · folio 172b

ལྷན་ཅིག་ཏུ་འབྲེལ་པར་རྟོགས་པ་ཡིན་ལ་དེ་བཞིན་དུ་དེ་རྣམས་ཀྱང་བསྐྱེད་པ་དེ་ཁོ་ན་ཉིད་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན་ནམ་མཁའ་དང་ལྷན་ཅིག་ཏུ་རྐང་པ་ལ་སོགས་པའི་སྦྱོར་བས་ཐོགས་པ་མེད་པའི་ངོ་བོ་དེ་བཞིན་དུ་སྣང་བ་མཐའ་ཡས་ལ་སོགས་པའི་མཚན་ཉིད་དུ་དངོས་

པོར་བསྒྲགས་པ་སྟེ། གཟུང་བ་ལ་སོགས་པའི་རྣམ་པ་ནི་མ་ཡིན་པའི་དོན་ཏོ། །སེམས་ལས་བྱུང་བ་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་གྱིས་དོན་ཡོད་གྲུབ་པའི་བྱང་ཆུབ་ཀྱི་སེམས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་

གནོན་པ་ནི། སེམས་ལས་བྱུང་བའི་ཆོས་ཐམས་ཅད་དམིགས་སུ་མེད་པ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་སངས་རྒྱས་ཀྱི་མིང་ཡང་སྒྲིབ་པ་ཡིན་ཞེས་བྱ་བའི་ཚིག་ལས་སོ། །དེ་ཉིད་རྡོ་རྗེ་སྟེ་དོན་ཡོད་པར་གྲུབ་པའི་ངོ་བོས་བརྟན་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རང་

བཞིན་འོད་གསལ་ཞེས་བྱ་བ་ལ། རང་བཞིན་ནི་ངོ་བོས་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་སྣང་བའི་ངོ་བོ་ཡིན་པའི་ཕྱིར་འོད་གསལ་བའོ། །དོན་ཡོད་གྲུབ་པ་ལ་སོགས་པ་ཆོས་ཀྱི་ངོ་བོ་ཉིད་དེ་རྒྱུ་གསུངས་པ། གདོད་ནས་དག་པ་སྟེ། རྟག་ཏུ་ཉོན་མོངས་པ་དང་། ཉེ་བའི་

ཉོན་མོངས་པའི་དྲི་མས་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེ་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ། ནམ་མཁའ་བཞིན་ཞེས་བྱ་སྟེ་ནམ་མཁའ་བཞིན་དུ་རང་བཞིན་མེད་པའི་ཕྱིར་ཅུང་ཟད་དང་སྦྱོར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ན་བྱང་ཆུབ་མེད་ཅིང་མངོན་རྟོགས་མེད་པ་སྟེ་གཉིས་སུ་

མེད་པའི་ཡེ་ཤེས་ཀྱི་གནས་སྐབས་ལ་གཉིས་ཡང་དག་པར་མི་རིགས་པའི་ཕྱིར་རོ། །འདིས་རྒྱུ་དང་འབྲས་བུའི་དམིགས་པ་གསལ་བར་འགྱུར་རོ། །དེ་ཡང་གསུངས་པ། དངོས་དང་དངོས་མེད་རྣམ་སྦྱངས་པས། །ཟད་པ་མྱ་ངན་འདས་པར་འདོད། །ཅེས་སོ། །ད་ནི་བྱང་

ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་ནས་སེམས་དད་པས་ཆེད་དུ་བརྗོད་པའི་སྔོན་དུ་སོང་བའི་བསྟོད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ། །དེའི་ཆོས་ནི་ཕུང་

Vol. 39 · folio 173a

པོ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཡི་གེ་རྣམས་ནི་རང་གི་ངོ་བོ་རྟོགས་པར་བྱེད་པའི་ཚིག་རྣམས་སོ། །ཨེ་མ་ཧོ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སྟོན་པ་པོ་དང་བསྟན་པར་བྱ་བ་དང་། བསྟན་པ་རྙེད་པར་དཀའ་བར་སྟོན་པའོ། །སངས་རྒྱས་

བྱུང་ཡང་འདི་ལྟ་བུའི་ཆོས་ཉིད་བདག་ཅག་རྣམས་ཀྱིས་ནམ་ཡང་ཐོས་པ་མེད་དོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པ་དང་རྨད་དུ་གྱུར་པ་ཐོབ་པའོ། །བཅུ་བདུན་པ་ལས་ཀྱང་འདིའི་ཆོས་བསྟན་པ་སྔོན་བྱུང་བ་རྣམས་ཀྱིས་ཀྱང་སྔར་བསྟན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ནོ། །དག་པ་དེ་

ཉིད་དོན་དག་སྟོན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ནས། བདག་མེད་ཆོས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་ཡང་དེ་ལ་ཕྱག་བྱས་པའོ་ཞེས་གཞན་དག་འདོད་

དོ། །དག་པ་ནི་གཉིས་པ་མེད་པ་སྟེ་དེ་ཁོ་ན་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །གང་གི་དོན་དེ་ལ་དེ་སྐད་ཅེས་བྱ་སྟེ་མི་བསྐྱོད་པའོ། །ཕྱིན་ཅི་མ་ལོག་པས་དག་པ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐུས་སོ། །གང་ལ་དོན་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་རྣམ་པར་སྣང་མཛད་དོ། །

བདག་མེད་ཆོས་ལས་ཡང་དག་བྱུང་བ་ནི་རིན་ཆེན་ཏོག་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་མཐའ་དག་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གདུལ་བྱ་ཐམས་ཅད་ཀྱི་སངས་རྒྱས་བྱང་ཆུབ་རྫོགས་མཛད་པ་སྟེ་སྣང་བ་

མཐའ་ཡས་སོ། །དགྲ་དང་བཤེས་ལ་སོགས་པ་ཐ་དད་པར་མི་རྟོག་པར་འགྲོ་བ་མ་ལུས་པའི་དོན་རྫོགས་པར་མཛད་པས་ན་རྣམ་པར་མི་རྟོག་པའི་དོན་ཡོད་གྲུབ་པའོ། །དེ་ཙམ་གྱིས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཡེ་ཤེས་ལྔའི་རང་བཞིན་དུ་གསུངས་སོ། །དམིགས་པ་མེད་པའི་

བྱམས་པ་ཆེན་པོས་རང་བཞིན་མཱ་མ་ཀཱིའི་རྣམ་པས་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་སྐྱེད་པའི་ཕྱིར་དམིགས་སུ་མེད་པའོ། །ཞི་བ་ལ་སོགས་པའི་ལས་ཀྱིས་འཇིག་རྟེན་མ་ལུས་པ་རྗེས་སུ་གཟུང་བའི་ཕྱིར་སྤྱན་གྱི་རྣམ་པས་ཀུན་དུ་བཟང་པོའོ། །སེམས་ཅན་ཐམས་ཅད་ཀྱི་

Vol. 39 · folio 173b

ཆོས་དང་ལུས་དང་དོན་རྒྱས་པར་བྱེད་པས་དགའ་བ་བསྐྱེད་པས་གོས་དཀར་མོའི་རྣམ་པ་ཀུན་གྱི་དོན་ཏོ། །དབང་དུ་བྱེད་པས་སྒྲོལ་མའི་རྣམ་པར་རྫོགས་པའི་བྱང་ཆུབ་ལ་སེམས་ཅན་རྣམས་སྦྱོར་བར་བྱེད་པས། བྱང་ཆུབ་སེམས་ནི་རབ་བསྐོར་བའོ། །སའི་སྙིང་པོ་ལ་སོགས་པ་དང་།

སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། འདི་ལ་སྤྱོད་པ་ཡོད་པས་བྱང་ཆུབ་སྤྱོད་པ་ཡིན་ནོ། །དམ་པའི་ཤེས་རབ་ཀྱི་རང་བཞིན་གཟུགས་རྡོ་རྗེ་ལ་སོགས་པའི་ངོ་བོས་ཉོན་མོངས་པ་ཐམས་ཅད་ཀྱི་རི་བོ་གཅོད་པར་བྱེད་པའི་ཕྱིར་རྡོ་རྗེ་ཆེའོ། །དད་པ་ལ་

སོགས་པའི་རྒྱུ་མཐུན་པ་ལས་གཤིན་རྗེ་མཐར་བྱེད་ཀྱི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱེད་པར་བྱེད་པས་དེ་བཞིན་གཤེགས་པའི་ཐུགས་སོ། །བརྩོན་འགྲུས་མཆོག་ཏུ་གྱུར་པས་ཉོན་མོངས་པ་མཐའ་དག་གི་དྲི་མ་བསལ་བའི་ཕྱིར་དག་

པའི་རང་བཞིན་གྱི་གཞན་གྱིས་མི་ཐུབ་པའི་ངོ་བོའོ། །རྣམ་པར་དག་པའི་དྲན་པའི་རང་བཞིན་གྱིས་འཆི་བའི་འཇིགས་པ་བསལ་ནས་སྐུ་ལ་སོགས་པ་དང་ཐ་མི་དད་པར་འཛིན་པའི་ཕྱིར་པདྨ་མཐར་བྱེད་ཀྱི་ངོ་བོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཛིན་ནོ། །པདྨའི་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་

རྣམ་པར་གཡེང་བ་ལ་སོགས་པ་བགེགས་མཐའ་དག་གི་གཉེན་པོར་གྱུར་པའི་ཕྱིར། མཐར་ཐུག་པའི་སངས་རྒྱས་དང་བྱང་ཆུབ་ལ་སེམས་ཅན་རྣམས་ཁྲིད་པར་བྱེད་པ་བདུད་རྩི་འཁྱིལ་པའི་ངོ་བོས་སངས་རྒྱས་དང་བྱང་ཆུབ་རབ་ཏུ་སྟོན་པའོ། །འདི་ཞེས་པས་སྲུང་བའི་འཁོར་ལོ་ལ་དབང་

བའི་ཁྲོ་བོའི་ཚོགས་ཀྱི་ངོ་བོ་དང་དཔའ་བོ་རྡོ་རྗེ་ལ་སོགས་པ་དུ་མའི་རང་བཞིན་གྱིས་སྣང་བ་ལ་ཡང་། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ལྷ་མཐའ་དག་གི་བདག་ཉིད་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཅན་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་བའི་གཞི་

བྱས་པ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའི་བཤད་པའོ།། །།བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་དུ་འགྲོ་བའི་ལྷ་དགོང་པ་རྫོགས་པའི་བྱང་ཆུབ་བསྐྱེད་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words