གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ

Sanskrit title (Tibetan script, as in the text) ཀུ་སུ་མཱཉྫ་ལི་གུ་ཧྱ་ས་མ་ཛ་ནི་བནྡྷ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 41 · folio 27b

གཏུམ་པ་ཉིད་ཀྱི་ཕྱིར་སྨེ་ཤ་ཅན་ཏེ་མི་བསྐྱོད་པའོ། །དེའི་བུ་མོ་ནི་མཱ་མ་ཀཱིའོ། །འདིར་ནི་བུ་མོའི་རིགས་དང་ཁ་དོག་གསུངས་པ་ཡིན་ནོ། །ན་ཚོད་ནི་བརྒྱད་པ་ལས་ལོ་གྲངས་བཅུ་གཉིས་པ་ནས་བཟུང་སྟེ་བཅུ་དྲུག་པའི་བར་དུ་གསུངས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་

པའོ། །དེའི་སྦྱོར་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་བསྒོམས་པས་སོ། །སྦྱོར་བའི་ཆོ་ག་དེ་ཉིད་ནི་བྱས་ནས་ཞེས་བྱ་བ་ལ་དབེན་པའི་གནས་སུ་ཞེས་བྱ་བ་ལ་སོགས་པ་ནས་བཞག་ནས་རྣམ་བསྒོམ་པ་ཞེས་བྱ་བ་དེའི་བར་ནི་ཆོ་ག་ཡིན་པར་ཤེས་པར་བྱའོ། །དེས་བསྒྲུབ་པར་བྱ་བ་དང་སྒྲུབ་

པར་བྱེད་པ་དག་དང་། པདྨ་དང་རྡོ་རྗེ་དག་ཡང་དག་པར་སྦྱོར་བ་བྱས་ནས་དཀྱིལ་འཁོར་ལྔ་ཅན་ཞེས་བྱ་བ་ལ་སོགས་པས་གསུངས་པ་གང་ཡིན་པའི་ལས་དེ་རྣམས་བརྩམ་པར་བྱའོ། །དམ་ཚིག་ནི་ལམ་མོ། །ཤིན་ཏུ་འདའ་དཀའ་བ་ཞེས་བྱ་བ་ནི་ཆོ་ག་འདིས་ངེས་པར་འདི་དག་གྲུབ་པའི་

ཕྱིར་རོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །དེ་དང་འོད་འདྲར་འགྱུར་བ་ནི་ས་བཅུའི་དབང་ཕྱུག་ཉིད་ཡིན་པའི་ཕྱིར་དེ་ལས་ཅུང་ཟད་དམའ་བ་ཉིད་ཀྱི་ཕྱིར་རོ། །རྒྱལ་བའི་ཆོས་རྣམས་ཐམས་ཅད་མཚུངས། །ཞེས་བྱ་བ་ལ་རྒྱལ་པོ་ནི་བྱང་ཆུབ་སེམས་དཔའི་དབང་རྣམས་དང་ལྡན་པའི་ཕྱིར་རོ། །

ཆོས་ཐམས་ཅད་དང་མཚུངས་པ་ཡིན་གྱི་དམན་པ་ནི་མ་ཡིན་ནོ། །འདོད་པ་ནི་བདེ་བ་ཆེན་པོའི་རྒྱ་མཚོའོ། །དེས་ཐར་པ་ནི་ས་བཅུ་པའི་སྒྲིབ་པ་ལས་གྲོལ་བ་སྟེ། ཐབས་གསུམ་པའི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །དེར་སྒྲུབ་པ་ནི་དེ་ཐོབ་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་ཆོས་ནི་ཞེས་བྱ་བ་ལ་སོགས་

པ་ལ་རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པའོ། །དེ་རྣམས་བསྒོམ་པ་ནི་སྔ་མ་བཞིན་ནོ། །གསུང་གིས་ཆགས་པར་མཛད་པས་ནི་གར་མཁན་ནི་འོད་དཔག་ཏུ་མེད་པའོ། །དེའི་བུ་མོ་ནི་གོས་དཀར་མོ་སྟེ། ལོ་ཉི་ཤུ་ལོན་པ་ནས་བརྩམས་ཏེ་ལོ་གྲངས་བཅུ་དྲུག་ལོན་པའི་བར་དུའོ། །རབ་མཛེས་

ཤིང་ཞེས་བྱ་བ་ནི་དབྱིབས་དང་ཁ་དོག་གཉིས་ཀྱིས་སོ། །རྡོ་རྗེ་ཆོས་ཀྱི་བདག་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པ་དང་མཉམ་པའོ། །ས་བཅུ་ལ་ནི་གནས་པར་འགྱུར། །ཞེས་བྱ་བ་ནི་ཡན་ལག་དྲུག་གི་བསྙེན་པས་མོས་པ་སྤྱོད་པ་ནས་ཉེ་བར་སྒྲུབ་པས་རབ་ཏུ་དགའ་བ་ལ་སོགས་པ་ལྷག་པའི་བསམ་

Vol. 41 · folio 28a

པ་དག་པའི་ས་བདུན་རྟོགས་ནས། སྒྲུབ་པ་འདིས་མི་གཡོ་བ་ལ་སོགས་པ་རྣམ་པར་སྨིན་པའི་ས་གསུམ་ཐོབ་པའི་ཕྱིར་རོ། །གསུང་གི་དམ་ཚིག་ནི་འོད་དཔག་ཏུ་མེད་པའི་ཆོས་ཐམས་ཅད་དོ། །ཀུན་གྱི་མཆོག་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་པའོ། །རྒྱ་

མཚོ་དང་འདྲ་བའི་བདེ་བ་ཆེན་པོ་ནི་དམ་པ་ཡིན་ལ་དེའི་མངའ་བདག་ནི་དེ་ཐོབ་པར་བྱེད་པའི་ཕྱིར་རོ། །འདོད་ཆགས་ཀྱི་རིགས་ཀྱི་བུ་མོ་གང་ཡིན་པ་དེ་ཉིད་ནི་རིན་པོ་ཆེ་དང་ལས་ཀྱི་རིགས་དག་གི་ཡང་ཡིན་ཏེ་དེས་དེ་དག་བསྡུས་པའི་ཕྱིར་རོ། །དེ་ལྟར་ཤེས་ཤིང་རིགས་གསུམ་ལས་བཙོ་བླག་མཁན་

ལ་སོགས་པའི་བུ་མོ་བསྒྲུབ་པར་བྱ་བ་ཡིན་ནོ། །ཡང་ན་བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཀྱི་བུ་མོ་ནི་རྡོ་རྗེ་ཆོས་བདག་ཅེས་བྱ་བ་ལ་རྡོ་རྗེ་ནི་ཐུགས་ཀྱི་དབང་ཕྱུག་གོ། །ཆོས་ནི་གསུང་གི་དབང་ཕྱུག་གོ། །བདག་ནི་སྐུའི་དབང་ཕྱུག་སྟེ། དེའི་རྣལ་འབྱོར་ལ་དེ་སྐད་ཅེས་བྱའོ། །འདིར་ཡང་གྲངས་ཇི་ལྟ་བ་

བཞིན་དུ་སྦྱར་བའི་ཕྱིར་སྐུ་ཐོག་མར་བལྟ་བར་བྱའོ། །ཡང་ན་དམངས་རིགས་ལས་བྱུང་བ་སྟེ། གཙང་སྦྲ་གཙོར་བྱེད་པ་དང་མཚོན་ཆ་གཙོར་བྱེད་པ་དང་། བཟོ་དང་ལས་གཙོར་བྱེད་པའི་དམངས་རིགས་རྣམས་གོ་རིམས་བཞིན་དུ་སྦྱར་རོ། །གསང་བ་ཐོབ་པར་བྱེད་པ་ནི་རིགས་གསུམ་གྱི་དངོས་གྲུབ་

ཐོབ་པར་བྱེད་པའོ། །སྒྲུབ་པ་རྩོམ་པ་དང་དངོས་གྲུབ་ཀྱི་དུས་ནི་རྡོ་རྗེ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཉི་མ་ནི་སྤྲིན་གྱིས་མ་བསྒྲིབས་པའི་ཉི་མ་གསལ་བར་འཆར་བ་ནུབ་པའི་དུས་སུ་སྒྲུབ་པ་ལ་འཇུག་པའི་ཕྱིར་རོ། །སྐྱ་རེངས་ནི་ཉི་མའི་ཁ་ལོ་པ་སྟེ། དེ་ལྟར་ན་ཁ་ཅིག་ནི་རེ་ཐུན་བཞིས་

གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་རྡོ་རྗེ་ཉི་མ་ནི་དམ་ཚིག་གི་ཉི་མ་སྟེ། རིག་པའི་མེ་ཏོག་ཅེས་བྱ་བའི་དོན་ཏོ། །སྐྱ་རེངས་ནི་དེ་ཉིད་ཀྱི་སར་པ་སྟེ། དེ་ལྟར་ན་ཐུན་བཞིའི་སྦྱོར་བས་ཟླ་བ་ཕྱེད་ཀྱི་ནང་དུ་འགྲུབ་པར་འགྱུར་རོ་ཞེས་ཟེར་རོ། །གཉི་ག་ལ་ཡང་སྐྱ་རེངས་འཆར་བའི་དུས་སུ་བདེ་བ་ཆེན་པོའི་

རྒྱ་མཚོའི་རླབས་དེ་ཡོད་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདིར་ཚིགས་སུ་བཅད་པ་ནི། སྔགས་པས་རྡོ་རྗེ་བར་བར་དུ། །ཅུང་ཟད་ཀྱང་ནི་བསྐྱོད་པར་བྱ། །ནོར་བུར་གནས་པའི་ཕཊ་ཀྱིས་ནི། །ཡིད་ལས་བྱུང་བ་དགག་པར་བྱ། །བྱང་ཆུབ་སེམས་ནི་མི་འཕོ་ན། །རྒྱུན་མི་འཆད་པར་སྣང་བ་ཡིན། །ཅིག་ཅར་བདེ་

Vol. 41 · folio 28b

མཆོག་སྐྱེ་བར་འགྱུར། །དེ་ཡི་རང་བཞིན་འགྲོ་སྤྲོས་པས། །བརྟན་ལ་ཁྱབ་བྱེད་བདེ་ཞི་བའི། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་འཕོ་འགྱུར་ཞིང་། །སེམས་བརྒྱལ་བས་ནི་ཐོབ་མི་འགྱུར། །བསྒོམ་པ་མཆོག་གིས་ཞེས་བྱ་བ་ནི་བདེ་བའི་མཆོག་བསྒོམ་པས་སོ། །རྒྱན་རྣམས་

ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་མཆོག་ནི་རིགས་གསུམ་གྱི་རིག་པ་གང་ཡང་རུང་བའོ། །སངས་རྒྱས་ནི་རྡོ་རྗེ་འཛིན་པའོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་འོད་ཀྱིས་སོ། །སྤྲོས་ན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱེད་པ་

ཡིན་ནོ། །འདིའི་འོག་མའི་ཚིགས་སུ་བཅད་པ་གསུམ་གྱིས་གོ་རིམས་བཞིན་དུ་ལས་ཀྱི་དམ་ཚིག་དང་བཟའ་བའི་དམ་ཚིག་དང་བཅས་པ་ཉིད་ལས་གྲུབ་པོ་ཞེས་གསུངས་པ་ཡིན་ནོ། །འདོད་པ་དང་ཐར་པ་ནི་ཐབས་གསུམ་པའི་འབྲས་བུ་ཡིན་ནོ། །དེའི་དམ་ཚིག་གི་རྡོ་རྗེ་ནི་དབྱེར་མི་ཕྱེད་པའི་

དམ་ཚིག་གོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རིག་པའི་བརྟུལ་ཞུགས་ཀྱི་འོག་ཏུ་ནི་བུ་མོ་སྒྲུབ་པ་ཡིན་ནོ། །དེ་གཉི་ག་ཡང་བུ་མོ་རྙེད་པ་ལས་འགྱུར་རོ། །གང་གི་ཚེ་ཡང་དེ་འབྲེལ་པ་རྣམས་ལས་མང་དུ་བསླངས་ཀྱང་སྟེར་བར་མ་གྱུར་པ་དེའི་ཚེ་དེ་རེངས་པར་བྱའོ། །དེ་བས་

ན་བུ་མོ་དེ་རེངས་པའི་དོན་དུ་སྔགས་དང་རྒྱུད་ལས་འཇུག་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། ཡང་དག་པའི་ཡེ་ཤེས་ཉིད་ཡིན་པའི་དམ་ཚིག་ཆེན་པོ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལས་བྱུང་བའི་རྡོ་རྗེ་ཁྲོ་བོ་ནི་དཔལ་གཤིན་རྗེ་མཐར་བྱེད་དོ། །

དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཀུན་དུ་སྐྲག་པར་བྱེད་པ་ནི་དགྲ་བོ་སྐྲག་པར་བྱེད་པའོ། །ཁྲོ་བོ་ནི་གཤིན་རྗེ་མཐར་བྱེད་དེ་ཉིད་དོ། །དེའི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །ཨོཾ་ཧྲཱིཿཥྚྲིཿཞེས་བྱ་བ་ལ་སོགས་པ་ལ། འཇོམས་པ་

པོས་སེལ་ཅིང་མེད་པར་བྱེད་པས་ན་ཧྲཱིཿསྟེ་གཤིན་རྗེ་མཐར་བྱེད་ཅེས་བྱ་བའི་དོན་ཏོ། །མཆེ་བ་ཡང་དེ་ཡིན་ལ་གདུག་པ་རྣམས་འདུལ་བར་བྱེད་པའི་ཕྱིར་རྩོད་པར་བྱེད་པ་ཡང་ཡིན་པས་ཥྚྲྀཿའོ། །བི་ཀྲྀ་ཏཱ་ན་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སརྦ་ཤ་ཏྲཱུཾ་ཞེས་བྱ་བ་ནི་མངོན་པར་འདོད་པའི་བུ་

Vol. 41 · folio 29a

མོའི་ཁྱོ་གཉིས་ལ་སོགས་པའོ། །ནཱ་ཤ་ཡ་ཞེས་བྱ་བ་ནི་བུ་མོ་སྟེར་བར་བྱེད་པའི་སེམས་ཀྱིས་མ་མཐོང་བར་གྱིས་ཤིག་པའོ། །སྟཾ་བྷ་ཡ་ཞེས་བྱ་བ་ནི་ཁྱོ་གཞན་ལ་སྦྱིན་པར་བྱ་བའི་བུ་མོ་ལ་སོགས་པའོ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བ་ནི་བགེགས་རྣམས་ཆོམས་ཤིག་ཆོམས་ཤིག །ལྟུང་

བར་གྱིས་ཤིག །ལྟུང་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །སྭཱ་ཧཱ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །སྔགས་ཀྱི་ཡི་གེ་ནི་ཡི་གེ་ཉི་ཤུ་རྩ་བཞི་པ་ཡིན་ནོ། །ཚེར་མའི་མེ་ལ་ཞེས་བྱ་བ་ནི་པོ་སོན་ཆ་དང་། ཚེར་མ་ཅན་ལ་སོགས་པའི་ཤིང་ལས་སྦར་བའི་མེ་ལའོ། །བུ་མོའི་མིང་དང་ཚིག་ཏུ་བཅད་པར་ཨོཾཿཧྲཱིཿཥྚྲིཿ

བི་ཀྲྀ་ཏཱ་ན་ན་ཀ་ནྱ་ཆེ་གེ་མོ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བཟླའོ། །གྲུ་གསུམ་ཞེས་བྱ་བ་ནི་མེ་ཐབ་གྲུ་གསུམ་དུའོ། །སྟོང་རྩ་བརྒྱད་ཅེས་བྱ་བ་ནི་སྲེག་བླུགས་སྟོང་ལས་བརྒྱད་ལྷག་པའོ། །ཚུལ་བཞིན་དུ་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་སེར་པོའི་སྦྱོར་བས་མེ་ཐབ་ཀྱི་མེ་ལ་དེ་ཉིད་བསྒོམས་ཏེ། དེའི་ཞལ་

གདངས་ཤིང་ལྗགས་ཧཱུཾ་དང་ལྡན་པ་ལ་སྦྱིན་སྲེག་བྱ་ཞིང་བུ་མོ་དེ་དང་། སྦྱིན་པ་པོའི་སྤྱི་བོར་གནས་པའི་སྣ་ཚོགས་རྡོ་རྗེ་ལ་རི་རབ་དང་མཉམ་པའི་གཤིན་རྗེ་མཐར་བྱེད་སེར་པོ་གཡོན་བརྐྱང་བའི་ཞབས་ཀྱིས་མནན་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དོན་གྱི་ཕྱིར་ཞེས་བྱ་བ་ནི་ཐོབ་པའི་དོན་དུའོ། །གནོན་

པར་གྱུར་ཞེས་བྱ་བ་ནི་ཅི་ནས་ཀྱང་བུ་མོ་གཞན་ལ་མི་སྦྱིན་པར་རོ། །བསྐལ་པ་གྲངས་མེད་གསུམ་དུ་ཡང་། །ཞེས་བྱ་བ་ནི་གལ་ཏེ་དུས་དེ་སྲིད་ཀྱི་བར་དུ་བུ་མོ་དེ་ཉིད་དུ་འགྱུར་ཞིང་འཚོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་འདི་སངས་རྒྱས་ལ་སོགས་པ་ཡང་ཡིན་པར་འགྱུར་ཞིང་གལ་ཏེ་དེ་ཡང་འདས་ན་ནི་སྟེ། དེ་གཞན་

ལ་བྱིན་ནམ་ལེན་པར་བྱེད་ན་ཞེས་བྱ་བའི་དོན་ཏོ། །འདིར་མན་ངག་ལས་སྦྱོར་བ་གཞན་དག་ཀྱང་བཤད་པར་བྱ་སྟེ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་སྐེ་ཚེ་དང་ལན་ཚྭས་མེའི་དཀྱིལ་འཁོར་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་དང་དེའི་ལྟེ་བར་སྔགས་དང་སྤེལ་བའི་བུ་མོའི་མིང་བྲིས་པ། དུག་དང་གྲོག་མཁར་གྱི་

ས་དང་། ཁྲག་དང་། སྐེ་ཚེ་དང་ལན་ཚྭ་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་ནས་བཀུག་ཅིང་ཐོད་པ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ། བསྐུལ་བའི་ཚིག་དང་ལྡན་པའི་སྔགས་བརྗོད་ལ། ཉི་མ་གསུམ་གྱི་བར་དུ་ཁྲོས་པས་ཚེར་མའི་མེ་ལ་བསྲོས་ན་དེ་ལྟར་རེངས་པར་འགྱུར་རོ། །ཚིག་འཕྲོག་པ་ལ་སོགས་

Vol. 41 · folio 29b

པ་ལ་ནི་ཆེ་གེ་མོའི་བ་ཙཾ་ག་མ་ན་མ་ག་མ་ནཾ་བ་སྟཾ་བྷ་ཡ་ཞེས་བྱ་བའི་བསྐུལ་བའི་ཚིག་གི་ཁྱད་པར་གྱིས་འགྱུར་རོ། །དེ་ལ་སྦྱོར་བ་ནི་དུར་ཁྲོད་ཀྱི་རས་ལ་བ་བླ་དང་རྡོ་རྒྱུས་དང་སྲིན་ལག་གི་ཁྲག་གིས་སྣ་ཚོགས་རྡོ་རྗེས་མཚན་པའི་དབང་གི་དཀྱིལ་འཁོར་དང་དེ་ལ་སྔགས་དང་སྤེལ་བའི་བསྒྲུབ་པར་བྱ་བའི་མིང་

བྲིས་པ་ཆུའི་ངོགས་གཉིས་ཀྱི་ས་ལས་བྱས་པའི་གཟུགས་བརྙན་གྱི་ཁ་ལ་སོགས་པར་བཅུག་སྟེ། བཀུག་ཅིང་ཁམ་ཕོར་ཁ་སྦྱར་ལ་གནས་པར་བྱའོ། །བཅུ་བཞིའམ་ཡང་ན་ཚེས་བརྒྱད་ལ། །ཞེས་བྱ་བ་ལ་མར་ངོའི་ཞེས་བྱ་བ་ནི་ལྷག་མའོ། །དུར་ཁྲོད་ཅེས་བྱ་བ་ནི་མི་ཤི་བ་བསྲེགས་མ་ཐག་

པའི་གནས་ལས་སོ། །བླངས་ནས་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱི་སྦྱོར་བས་བླངས་ནས་སོ། །སྔགས་བཏབ་ན་ཞེས་བྱ་བ་ནི་དེའི་སྦྱོར་བ་ཉིད་ཀྱིས་ཧྲཱིཿཥྚཱྀཿཞེས་བྱ་བའི་སྔགས་སྟོང་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཉིད་ཀྱིས་གནས་

ལ་སོལ་བ་དེ་དང་། ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་ཡ་ཀྵྱ་ཆེ་གེ་མོ་ཀ་ནཾ་ད་དཱ་ཏུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་སྤེལ་ཞིང་བསྐུལ་བའི་ཚིག་དང་ལྡན་པའི་གནོད་སྦྱིན་ལ་སོགས་པ་གང་ཡིན་པའི་མིང་བྲི་བར་བྱའོ། །སྟེར་བར་འགྱུར་ཏེ་དེ་ཉིད་སྟེར་བར་བྱེད་ཅེས་བྱ་བའི་དོན་ཏོ། །གཞུང་ལ་ལ་

ལས་ནི་འདུལ་བྱེད་འགྱུར་ཞེས་འབྱུང་སྟེ། དེར་ནི་དེ་ཉིད་ཀྱི་བུ་མོ་ལ་གགས་བྱེད་པ་དེའི་བུ་མོ་སྟེར་བའི་ཕྱིར་འདུལ་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ནི་ངེས་པར་རོ། །ཞར་ལ་སྦྱོར་བ་གཞན་ཡང་བསྟན་པའི་ཕྱིར་སྔགས་ཤེས་པ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་

ཡང་རུང་བའི་དགྲ་བོའི་གཟུགས་བརྙན་དེ་བཞིན་དུ་མངོན་པར་བསྔགས་པའི་སོལ་བ་དེ་ཉིད་ཀྱིས་བྱས་ནས་ནི་བཀུག་ལའོ། །བསམ་གཏན་དག་གིས་ཞེས་བྱ་བ་ལ། བདག་ཉིད་གཤིན་རྗེ་གཤེད་ཉིད་དང་། སོལ་བ་མཚོན་ཆ་ཉིད་དང་གཟུགས་བརྙན་བསྒྲུབ་བྱ་ཉིད་དེ་འདིས་འདིའི་མགོ་གཅད་པར་བྱའོ་ཞེས་

མོས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བྲིས་ན་ནི་ཞེས་བྱ་བ་ནི་སོལ་བ་དེས་གཟུགས་བརྙན་གྱི་མགུལ་དུའོ། །འཆི་བར་འགྱུར་བ་ཞེས་བྱ་བ་ནི་མགོ་བཅད་པས་སོ། །ཐོ་བ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་སྦྱོར་བ་ཡིས་ཞེས་བྱ་བ་ལ། བདག་ཉིད་ནི་གཤིན་རྗེ་གཤེད་དང་། ཕྱག་ན་རྡོ་རྗེ་དེའི་

Vol. 41 · folio 30a

རང་བཞིན་ཅན་གྱི་རྡོ་རྗེ་ཐོ་བ་དང་། བསྒྲུབ་བྱ་མདུན་དུ་བསམས་ནས་ཐོ་བ་ཕབ་ན་ཞེས་བྱ་བ་སྟེ། ཐོ་བ་དེ་བསྒྲུབ་པར་བྱ་བའི་ལུས་ལ་ཕབ་ནའོ། །ངེས་པར་ལྟུང་བར་འགྱུར་རོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དེ་ངེས་པར་འཆི་བར་འགྱུར་རོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ། གནོད་མཛེས་

ལ་སོགས་པའི་སྦྱོར་བས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་ལག་ཏུ་བསམས་ལ་དེ་གདུག་པའི་སྟེང་དུ་བབ་པ་གང་ཡིན་པ་དེ་ཉིད་ཀྱིས་དེ་འཇིག་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ་སོགས་པའི་སྒྲས་ནི་བཙག་གམ་བ་བླ་དག་གིས་སོ། །ལག་པར་སྟ་རེ་ཞེས་བྱ་བ་

ནི། བདག་ཉིད་གནོད་མཛེས་ལ་སོགས་པའི་ལག་པར་ཧཱུཾ་ལས་བྱུང་བའི་སྟ་རེ་བསམས་ལ་དེས་དེའི་མིད་པ་བཅད་པར་རྣམ་པར་བསྒོམས་ན་མགོ་བཅད་པ་ཉིད་དུ་འགྱུར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་ལ་སོགས་པ་རྡོ་རྗེ་རིན་ཆེན་གྱི་མཆོག་གོ། །ཡང་ནའི་སྒྲ་ནི་འདས་མ་ཐག་པའི་

སངས་རྒྱས་ལ་བལྟ་བར་བྱའོ། །སྣད་འགྱུར་བ་ཞེས་བྱ་བ་ནི། གལ་ཏེ་བསྣུན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །ལ་དོར་བ་གསུངས་པ་འདི་ནི་སྦྱོར་བ་ལ་བསྟོད་པའི་དོན་ཏོ། །ཆར་ཆེས་པའམ་དཀྱིལ་འཁོར་བྲི་བ་ནི་ཆར་གཅད་པའི་ཕྱིར། ལས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་

དོན་ནི་རྡོ་རྗེ་འཆང་ཆེན་པོ་སེར་བའི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་གྱི་ཁང་པ་དང་། གྲོང་དང་གྲོང་ཁྱེར་ལ་སོགས་པའི་སྟེང་གི་བར་སྣང་ལ་ཡི་གེ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་སེར་པོ་འབར་བ་མངོན་པར་འདོད་པའི་ཕྱོགས་ཁེབས་པར་གནས་པ་དེའི་དབུས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཆེན་པོ་རྩེ་མོ་གྱེན་

དུ་བལྟས་པ་བསྐལ་པའི་མེ་དང་འདྲ་བར་ངེས་པར་བསམས་ལ། དེའི་ལྟེ་བར་དེ་ཉིད་ཀྱི་སྦྱོར་བས་འདུག་ལ་རང་གི་བ་སྤུའི་བུ་ག་ནས་བྱུང་བའི་རྡོ་རྗེ་ཕྲ་མོ་ལྟ་བུའི་འོད་ཟེར་སེར་པོའི་ཚོགས་ཀྱིས་ནམ་མཁའི་ངོས་ཁེབས་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་མངོན་པར་འདོད་པའི་གནས་ལས་ཕྱི་རོལ་ཉིད་དུ་

ཆར་འབབ་ཀྱི་ནང་དུ་ནི་མ་ཡིན་ནོ། །འདི་ཙམ་ཐམས་ཅད་ཀྱིས་ཀྱང་སྔགས་པའི་མཐུ་བསྟན་པར་འགྱུར་རོ། །གང་གི་ཚེ་ཐམས་ཅད་དུ་ཆར་གཅོད་པར་འདོད་པ་དེའི་ཚེ་ནམ་མཁའི་གཏོས་ཁྱབ་པའི་སྣ་ཚོགས་རྡོ་རྗེ་ལས། རྡོ་རྗེའི་ནང་དུ་ཆུད་པའི་རང་གི་རྡོ་རྗེ་འཛིན་པའི་རྡོ་རྗེའི་འོད་ཟེར་རྣམས་སྤྲོས་པས་ཀླུ་ཐམས་ཅད་

Vol. 41 · folio 30b

ཡོངས་སུ་བསྐམས་པར་བསམ་པར་བྱའོ། །ཡང་ན་རྡོ་རྒྱུས་ལ་སོགས་པས་དུར་ཁྲོད་ཀྱི་རས་ཀྱི་པདྨ་འདབ་མ་བརྒྱད་ལ་ཀླུ་བརྒྱད་པོ་རང་གི་ས་བོན་དང་དེའི་ལྟེ་བར་ཕཊ་དང་སྤེལ་བའི་ཆུ་ལྷ་བྲིས་ནས་བཀུག་སྟེ། རས་གཉིས་པ་ལ་སྣ་ཚོགས་རྡོ་རྗེ་སེར་པོ་འབར་བའི་ལྟེ་བར་ཁྲོ་བོའི་རྡོ་རྗེ་འགྲེང་བ་ཧཱུཾ་གིས་མཚན་

པ་བྲིས་ལ། དེའི་སྟེང་དུ་ཁས་ཕུབ་སྟེ་ཁ་སྦྱར་བྱས་ལ་རྡོ་ལེབ་ཀྱིས་མནན་ཏེ་བཞག་ན་ཆར་གཅོད་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །དཀྱིལ་འཁོར་དག་གིས་ཞེས་བྱ་བ་ལ་སོགས་པ་ལ། རླུང་ལ་སོགས་པ་ཞེས་བྱ་བའི་རླུང་དང་ཆར་དང་སེར་བ་དང་ཐོག་འབབ་པ་དང་ས་གཡོ་བ་ལ་སོགས་པའོ། །མཆེ་

བའི་ཕྱག་རྒྱ་བཅིངས་ནས་སུ། །ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་མེ་ལྟར་འབར་བ་འཇིག་པའི་དུས་ལྟར་སྣང་བ་རི་རབ་ཀྱི་ཚད་ཙམ་ཁྲོ་བོའི་ལྟ་བས་བགེགས་ཀྱི་གནས་རྟོགས་པར་བྱེད་པ་ཅན་བརྟན་པོར་བྱས་ནས་ཞེས་བྱ་བའི་དོན་ཏོ། །གདུག་པའི་དགྲ་ནི་བགེགས་མཐར་བྱེད་དོ། །

དེ་ཡང་འཆད་པར་འགྱུར་བའི་ཡི་གེ་ཕཊ་དེ་དེ་བརྗོད་པར་བྱའོ། །བརྗོད་པའི་རྗེས་ཐོགས་ཉིད་ལ་འབྱིན་པའི་རླུང་སྤྲོས་པ་ལས་ཁྲོ་བོའི་རིགས་ཀྱིས་བགེགས་རྣམས་བཟློག་པར་བསམ་མོ་ཞེས་བྱ་བའི་དོན་ཏོ། །རླུང་ལ་སོགས་པ་སྤྲུལ་པར་གྱུར་པ་འགག་པར་འགྱུར་ཏེ་རྣམ་པར་དེངས་པར་འགྱུར་

རོ། །འཇིག་པར་འགྱུར་ཞེས་བྱ་བ་ནི་སྤྲུལ་པ་རྣམས་སོ། །མངོན་སྤྱོད་ཀྱང་སྔགས་འདི་ཉིད་ཀྱིས་བྱ་བ་ནི། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔགས་དེ་ཉིད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་གསང་བ་ནི་གསང་སྔགས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་གཅེས་

པའོ། །དེ་དེ་ལྟར་ན་བུ་མོ་རྙེད་པའི་ཕྱིར་ཞར་ལས་བྱུང་བའི་ཆོ་ག་དང་བཅས་པ་བཤད་ནས་དེ་བྱས་ཀྱང་རུང་མ་བྱས་ཀྱང་རུང་། བུ་མོ་རྙེད་པ་དང་ལྷན་ཅིག་ཟླ་བ་དྲུག་གི་བར་དུ་རིག་པའི་བརྟུལ་ཞུགས་སྤྱད་ནས་སྔར་བསྙེན་པ་དང་ཉེ་བར་སྒྲུབ་པ་དག་གིས་ཁྱད་པར་ཐོབ་པ་ཅན་གྱིས་ལེའུའི་རྩོམ་པར་གསུངས་

པའི་ཆོ་གས་བུ་མོ་དེ་བསྒྲུབ་པར་བྱའོ། །ཆོ་ག་དེ་ཉིད་ཁ་བསྐང་བའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཡེ་ཤེས་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེའི་སྦྱོར་བ་ནི་དེར་ལྷག་པར་མོས་པའོ། །དབུས་སུ་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་ཀྱི་གདན་ལའོ། །

Vol. 41 · folio 31a

གཟུགས་ནི་རྡོ་རྗེ་སེམས་དཔའི་སྐུ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན་ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས་ཏེ་བསྐྱེད་པར་བྱ་བའི་རྡོ་རྗེ་འཛིན་པ་ཡེ་ཤེས་སེམས་དཔའི་རིགས་ལྔས་བསྐོར་བའི་རིགས་ཀྱི་བདག་པོ་མདུན་གྱི་ནམ་མཁའ་ལ་ལྟའོ། །དེའི་རབ་སྦྱོར་ནི་དེ་ཉིད་དབུས་

ཀྱི་གདན་ལ་དགོད་པར་བྱའོ། །སྔགས་ཞེས་པ་ནི་རིགས་དང་རིགས་ཀྱི་བདག་པོའི་རིག་པ་ཡོངས་སུ་ཤེས་པས་སོ། །གནས་བཞི་རུ་ཞེས་བྱ་བ་ནི་དེའི་ལོགས་ཀྱི་བ་དན་རེ་རེ་ལའོ། །བུད་མེད་ཅེས་བྱ་བ་ནི་རང་རང་གི་རིགས་ཀྱི་སྔགས་ཀྱི་མཆོག་བསྡུས་པ་ལས་བྱུང་བའི་རིག་པའི་རྒྱལ་

མོའོ། །དེ་ལ་རིགས་གཉིས་བསྡུས་པ་ལས་བྱུང་བ་ནི་གོས་དཀར་མོའོ། །པདྨ་ནི་རིག་པའི་པདྨའོ། །དེ་རྒྱས་པ་ནི་རང་གི་རྡོ་རྗེ་བཅུག་པས་ཁ་ཕྱེ་བ་བྱས་ནས་སོ། །སྔགས་འདི་ཞེས་བྱ་བ་ནི་དམ་པ་དང་པོའི་སྙིང་པོ་གཉིས་པའོ། །དེ་ཉིད་གསུངས་པ་ཧཱུཾ་ཞེས་པའོ། །ཅི་འདྲ་ཞེ་ན། འོད་

ཟེར་ལྔ་ནི་རབ་ཏུ་འབར་བ་སྟེ། སངས་རྒྱས་ལྔའི་རྣམ་པའི་འོད་ཟེར་ཅན་ཏེ། སངས་རྒྱས་ལྔའི་རྣམ་པར་འོད་འཕྲོ་བས་འོད་ཟེར་ལྔ་པོ་དེ་དག་ཞུགས་པས་ཡེ་ཤེས་ལྔའི་རང་བཞིན་གྱིས་ཁྱད་པར་དུ་འཕགས་པར་སྣང་བས་ན་རབ་པོ། །ཡང་ཞུ་བར་གྱུར་པས་ན་འབར་བའོ། །རྡོ་རྗེ་ཅན་གྱི་སྦྱོར་བ་

བསྒོམ། །ཞེས་པ་ནི་རྡོ་རྗེ་ཅན་ནི་རང་གི་རྡོ་རྗེའོ། །དེའི་སྦྱོར་བ་ནི་ཞུ་བའི་ཡེ་ཤེས་དེ་ཉིད་ཀྱིས་དེའི་ནང་དུ་དགང་ཞིང་ལྡན་པའོ། །དབབ་ཅེས་བྱ་བ་ནི་ཞུ་བའི་ཡེ་ཤེས་དེ་ཉིད་དགོད་པའོ། །རང་ལུས་ངག་སེམས་རྡོ་རྗེ་ལ། །ཞེས་བྱ་བ་ནི་དཀྱིལ་འཁོར་དང་ལྷན་ཅིག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྐུ་ལ་

སོགས་པ་ལ་གོ་རིམས་བཞིན་དུ་དབང་བསྐུར་བ་གསུམ་གྱིས་སོ། །བྱང་ཆུབ་ཐོབ་པར་འགྱུར་ཞེས་པ་ནི་སངས་རྒྱས་ལྔའི་ཡེ་ཤེས་ཀྱི་འཁོར་ལོ་ཡབ་དང་ཡུམ་ཞུ་བའི་དཀྱིལ་འཁོར་གྱི་རྣམ་པར་སངས་རྒྱས་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་མཐོང་ནས། དེ་ལྷ་མོ་བཞིའི་གླུས་བསྐུལ་བ་དང་།

ཞུ་བ་བསྡུས་པ་ལས་བྱུང་བའི་རང་གི་སྔགས་ཀྱི་མཚན་མར་བྱུང་བ་ལ་སོགས་པའི་རིམ་གྱིས་རྫོགས་ནས་བདག་ཉིད་རྡོ་རྗེ་འཆང་དུ་བསྐྱེད་ཅིང་ཆོ་ག་བཞིན་དུ་སྐུ་ལ་སོགས་པའི་བྱིན་གྱིས་བརླབས་པ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ནི་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ནི་

Vol. 41 · folio 31b

ཞེས་བྱ་བ་ནི་སྒྲུབ་པ་པོའོ། །སྟོན་ཀའི་ཟླ་བ་ལྟར་དཀར་བ་ཉིད་ཀྱི་ཕྱིར། རྣམ་པར་སྣང་མཛད་འོད་འདྲ་ཞིང་ངོ་། །ས་བཅུའི་དབང་ཕྱུག་ཉིད་དུ་གྱུར་པའི་ཕྱིར་རྒྱལ་པོ་ཆེའོ། །ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པའི་ཕྱིར་སངས་རྒྱས་སོ། །སྐུ་གསུམ་པོ་རྟག་པ་ཉིད་བརྙེས་པའི་ཕྱིར་སྐུ་གསུམ་

རྡོ་རྗེ་འཛིན་ཏོ། འདི་བསྐྱེད་པའི་དོན་གྱི་ཆོ་ག་ཕལ་ཆེར་ཐུན་མོང་ཉིད་དུ་མཇུག་བསྡུ་བའི་ཕྱིར་སེམས་དཔའ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་དམ་པར་གྱུར་པ་ཉིད་ཀྱིས་ན་སེམས་དཔའ་སྟེ་བཟང་པོ་ཉིད་དོ། །འདི་དག་ནི་སེམས་དཔའ་ཐམས་ཅད་ཡིན་པས་ན། སེམས་དཔའ་ཐམས་ཅད་

ནི་ཀུན་དུ་བཟང་པོ་སྟེ། སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་རིག་པའི་སྐྱེས་བུ་རྣམས་སོ། །དེ་རྣམས་བསྐྱེད་པ་ནི་བསྐྱེད་པའི་དོན་གྱི་ཆོ་ག་སྟེ། འདིས་བསྐྱེད་པ་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་རྡོ་རྗེ་སྟེ་དབྱེར་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་

དངོས་གྲུབ་ཀྱི་མཆོག་གསུངས་ནས་དངོས་གྲུབ་ཕྲ་མོ་མི་སྣང་བ་རྣམ་པ་མང་པོ་ནི་བཞིན་བཟང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་བཞིན་ཞེས་བྱ་བ་ནི་རིག་པའི་བརྟུལ་ཞུགས་དང་། མི་སྣང་བའི་དངོས་གྲུབ་ཀྱི་མཚན་མ་ཐོབ་པ་དང་དཀྱིལ་འཁོར་བྲི་བ་ལ་སོགས་པ་ནི་འདིར་ཆོ་ག་ཡིན་ནོ། །

མཆོད་པ་ཞེས་བྱ་བ་ནི་གསང་བའི་མཆོད་པ་སྟེ། ཆོ་ག་བཞིན་ཞེས་བྱ་བ་དང་སྦྱར་རོ། །འཇམ་དཔལ་དང་དེའི་རིག་པའི་གཟུགས་བསྐྱེད་པ་ལ་སོགས་པ་ནི་འདིར་ཆོ་ག་ཡིན་ཏེ། རབ་ཏུ་དབེན་པའི་གནས་ཉིད་དུ་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བ་འདི་ཉིད་ཁོང་དུ་ཆུད་པ་ཡིན་པས་

འདིར་གཉིས་ཀ་ལྷ་ཉིད་ཀྱི་གཟུགས་སུ་ཡིན་གྱི་སེམས་ཅན་གསུམ་པ་མི་སྣང་བ་ནི་དབེན་པའི་དོན་ཏོ། །གསང་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །བཟའ་བར་བྱ་ཞེས་བྱ་བ་ནི་ཕན་ཚུན་ཟ་བ་སྟེ་ཆོ་ག་བཞིན་ཞེས་བྱ་བ་དང་སྦྱར་རོ། །འདིར་ཆོ་ག་ནི་མན་ངག་ལས་ཞེས་བྱའོ། །བཟའ་བ་

ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པའོ། །གཞུག་པར་བྱ་ཞེས་བྱ་བ་ནི་པདྨ་ལའོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་འབར་བ་དང་། བསྲེག་པ་ལ་སོགས་པའི་མངོན་པར་འདུས་བྱས་པས་སོ། །བསྔགས་ནས་ནི་ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་ལན་བརྒྱ་རྩ་བརྒྱད་ཀྱི་བར་དུའོ། །བསྐུལ་ན་ནི་

Vol. 41 · folio 32a

ཞེས་བྱ་བ་ནི་མངོན་པར་བསྔགས་ནས་སོ། །མི་མཐོང་ཞེས་བྱ་བ་ནི་དེ་ཉིད་དུ་ཟོས་པས་སོ། །ཁ་སྦྱར་སྦྱོར་བ་ནི་ཁམ་ཕོར་ཁ་སྦྱར་དུ་གཞུག་པའོ། །རི་ལུའི་སྒྲུབ་པ་ནི་ལེའུ་བཅུ་གཉིས་པའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དེ་ལ་ག་བུར་ནི་བྱང་ཆུབ་ཀྱི་སེམས་སོ། །

ཙནྡན་ནི་རྐང་ངོ་། །གི་ཝང་ནི་ཁྲག་དང་བཅས་པའི་ཤའོ། །ཨ་ཀ་རུ་ནི་བཤང་བའོ། །གུར་ཀུམ་ནི་རིག་མའི་མེ་ཏོག་གོ། །དེ་ལྟར་འཇམ་དཔལ་གྱི་སྦྱོར་བས་མི་སྣང་བར་གསུངས་ནས། དེ་ལས་གཞན་པའི་སྦྱོར་བས་ཀྱང་གསུངས་པ་ནི་རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པ་ལ་རྡོ་རྗེ་འཛིན་

པ་ཞེས་བྱ་བ་ནི་ལྷ་རྣམས་ཀྱིའོ། །བྱིན་བརླབས་ནས་ཞེས་བྱ་བ་ནི་བརྟན་པར་བྱས་ནས་སོ། །དེ་འདྲའི་ཞེས་བྱ་བ་ནི་དེ་དང་འདྲའོ། །རྡོ་རྗེ་འགྲོ་བར་ཞེས་བྱ་བ་ནི་ཐོགས་པ་མེད་པར་འགྲོ་བའོ། །སྟོང་གསུམ་བགྲོད་པའི་ཞེས་བྱ་བ་ནི་ལོགས་སུའོ། །འདོད་ཁམས་གནས་པའོ་ཞེས་བྱ་བ་ནི་ཚངས་པའི་

འཇིག་རྟེན་གྱི་བར་དུའོ། །ལྷའི་ལོངས་སྤྱོད་ཅེས་བྱ་བ་ནི་ལྷའི་བདག་པོས་བསྲུངས་པ་ཡང་ངོ་། །བརྟུལ་ཞུགས་ཞེས་བྱ་བ་ནི་ཁྱིམ་ཐབ་ཀྱི་བརྟུལ་ཞུགས་ཀྱིས་བསྲུངས་པ་ཡང་ངོ་། །གཟུགས་ཁམས་གནས་པ་ལ་ཞེས་བྱ་བ་ནི། མི་གཙང་བ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་འདོད་ཆགས་

དང་བྲལ་བ་ཡང་ངོ་། །འདི་ལྟར་སྟོབས་ཆེན་ནི་ཐོགས་པ་མེད་པའི་ནུས་པ་དང་ལྡན་པའོ། །དམ་ཚིག་གིས་མི་སྣང་བས་དེས་ནི་རྡོ་རྗེ་ཆེན་པོ་ནི་ཤིན་ཏུ་བཟློག་པར་དཀའ་བའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ནི་དངོས་གྲུབ་མཆོག་དང་ཕྲ་མོ་བསྟན་ཞིང་ཐོས་པའི་

རྗེས་ཐོགས་ལའོ། །འཕྲུལ་པ་ནི་རབ་ཏུ་དགྱེས་པར་རྣམ་པར་གཡོ་བའོ། །ཡིད་ལ་དབང་བ་རྣམས་ཞེས་བྱ་བ་ནི་དགོངས་པ་དང་བཅས་པ་སྟེ། འགྲོ་བ་འདུལ་བའི་ཕྱིར་འདི་རྣམས་ཀྱིས་མཉེས་པ་དང་ངོ་མཚར་སྟོན་པར་བྱེད་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་

ཞེས་བྱ་བ་ནི་མི་སྣང་བའི་ཆེ་བའི་བདག་ཉིད་དོ། །གསང་གནས་མི་འགྱུར་ཞེས་བྱ་བ་ནི་གསང་བ་གསུམ་གྱི་གཞིར་གྱུར་པའི་ཐར་པ་སྟེ། ཀུན་དུ་བཟང་པོའི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དངོས་གྲུབ་མཆོག་དང་ཕྲ་མོ་ལ་བསྟོད་ནས་དེ་དག་ཉིད་ཀྱི་ལམ་དག་ལ་

Vol. 41 · folio 32b

ཚིགས་སུ་བཅད་པའི་ཕྱིར་ཕྱི་མས་བསྟོད་པ་ཡིན་ཏེ་ཆོས་ཀྱི་སྒྲ་ནི་ལམ་གྱི་ཚིག་ཡིན་ཏེ། གཉི་ག་དང་འབྲེལ་བའི་ཕྱིར་རོ། །དེ་ལ་ངོ་བོ་ཉིད་ཀྱིས་དག་པ་ནི་གཉིས་སུ་འཛིན་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །ཤིན་ཏུ་དྲི་མེད་ནི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །འདིར་རིག་པའི་

སྐྱེས་བུ་བསྒོམ་པ་ནི་ལེའུ་བཅུ་བདུན་པ་ལས། དེ་ནས་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ཞེས་བྱ་བ་ལ་སོགས་པས་མདོར་བརྗོད་ཅིང་། རྒྱས་པར་ནི་ལེའུ་དང་པོ་ལས་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ནས་བརྩམས་ཏེ། ཞལ་གསུམ་པ་ལྟ་བུར་སྣང་བར་གྱུར་ཏོ་ཞེས་

བྱ་བའི་བར་དུ་གསུངས་སོ། །དེ་ལ་དབང་བསྐུར་བ་དང་རིག་པའི་བརྟུལ་ཞུགས་མ་གསུངས་པས་དེ་དག་གི་སྐབས་དབྱེ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་སྟོན་པ་རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ་ཞེས་བྱ་བར་སྦྱར་རོ། །སྟོན་པ་ལ་སོགས་པ་ནི་རྣལ་འབྱོར་པའི་གནས་སྐབས་

དྲུག་ཡིན་ནོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་ཚིག་དེ་དག་གིས་བཅོམ་ལྡན་འདས་བསྟན་པ་ཡིན་ནོ། །དང་པོར་རིག་མ་དང་བཅས་པའི་མཆོག་དང་པོའི་ཚུལ་གྱིས་རྣལ་འབྱོར་པ་སྟོན་པར་འགྱུར་རོ། །དེ་ནས་བསྐྱེད་པ་ཡིན་ཏེ་སྒྲིབ་པ་མེད་པ་ནམ་མཁའི་དབྱིངས་དག་པའི་ཚུལ་དུ་ཐམས་ཅད་ཀྱི་ས་བོན་ཉིད་ཡིན་

པའི་ཕྱིར་རོ། །དེ་ནས་བྱེད་པ་ཡིན་ཏེ་དཀྱིལ་འཁོར་གྱི་བདག་པོའི་ཚུལ་དུ་བྱ་བའི་གཞི་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་མི་འགྱུར་ཆེ་ཡིན་ཏེ། སྐུ་ལ་སོགས་པས་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་ནས་དག་པའི་རྡོ་རྗེ་ཡིན་ཏེ། སངས་རྒྱས་ཀྱི་ཅོད་པན་གྱིས་དབང་བསྐུར་བའི་ཕྱིར་རོ། །དེ་ནས་འདི་

ལ་ཆོས་ཆེན་པོ་ཡོད་པས་ན་ཆོས་ཆེན་པོ་སྟེ། རིག་པའི་བརྟུལ་ཞུགས་རྙེད་པའི་ཕྱིར་རོ། །རྡོ་རྗེའི་གསུང་ནི་འཆད་པར་འགྱུར་བའི་གསང་བ་སྟོན་པའོ། །སེམས་དཔའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཀྱང་ཡིན་ལ་རྡོ་རྗེ་འཛིན་པ་ཡང་ཡིན་པས་ན་སྟེ། མི་བསྐྱོད་པ་ཞེས་བྱ་བའི་དོན་ཏོ། །

དེ་རྣམས་མཉེས་འགྱུར་ནི་དགྱེས་པར་འགྱུར་བའོ། །སེམས་དཔའ་རྡོ་རྗེ་ནི་མཆོག་དང་པོའོ། །དེའི་སྦྱོར་བ་ནི་སྤྱི་བོར་ཡང་དག་པར་སྦྱོར་བའོ། །དེས་ན་འདི་ནི་ངེས་པར་གཟུང་བ་དང་བཅས་པ་ཡིན་ཏེ། མི་བསྐྱོད་པ་ཉིད་ཀྱི་མཆོག་དང་པོ་ལ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཛིན་ནི་

Vol. 41 · folio 33a

བྱང་ཆུབ་ཀྱི་སེམས་འཛིན་པ་བྱང་ཆུབ་སེམས་དཔའ་རྣམས་ཏེ། དཀྱིལ་འཁོར་གྱི་བདག་པོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་མཉེས་པར་བྱེད་པ་ནི་སངས་རྒྱས་རབ་ཏུ་དབྱེ་བ་དང་། བྱང་ཆུབ་ཀྱི་རབ་ཏུ་དབྱེ་བ་སྟེ་གང་ཞིག་རང་གི་རིགས་ཡིན་པ་དེ་དེས་དབང་བསྐུར་བའི་ཕྱིར་

རོ། །གང་ཞིག་གང་གི་བྱང་ཆུབ་ཀྱི་རིགས་ཀྱི་རིག་པ་ཡིན་པ་དེས་དེ་ལ་བརྟུལ་ཞུགས་སྦྱིན་པའི་ཕྱིར་རོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། མཆོག་དང་པོར་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །སྤྱན་གྱི་གཟུགས་ནི་སྤྱན་གྱི་སྐུའོ། །སོགས་པའི་སྒྲས་ནི་མཱ་མ་ཀཱི་དང་གོས་

དཀར་མོ་དང་སྒྲོལ་མའི་གཟུགས་བསྡུའོ། །དེ་དག་གིས་ནི་གཙུག་ཏོར་མཉེས་པར་བྱེད་པ་སྟེ། འཁོར་ལོས་སྒྱུར་བ་དྲུག་པོ་མཉེས་པར་བྱེད་པར་རོ། །དེ་ལ་མི་བསྐྱོད་པས་ནི་དེ་ལས་གཞན་པ་ལྔ་པོ་དག་ལ་དབང་བསྐུར་རོ། །རྟག་པ་དང་རྡོ་རྗེ་འཛིན་པ་དག་དང་། ང་རྒྱལ་དང་འདོད་ཆགས་

དང་དོན་ཡོད་པ་ནི་གོ་རིམས་བཞིན་དུ་སྤྱན་ལ་སོགས་པས་རིག་པའི་བརྟུལ་ཞུགས་བྱའོ། །གཙུག་ཏོར་རྣམས་དཀྱིལ་འཁོར་གྱི་བདག་པོ་ཡིན་ཡང་རུང་། དཀྱིལ་འཁོར་པ་ཡིན་ཡང་རུང་། མཉེས་པར་བྱེད་པ་ནི་ཁྱད་པར་གྱི་ཚིག་མེད་པའི་ཕྱིར་རོ། །དཀྱིལ་འཁོར་པ་ལྷག་པ་རྣམས་ཀྱིས་

དབང་དུ་མཛད་ནས། ཁྲོ་བོའི་ནང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེས་དབང་བསྐུར་བའི་དོན་དུ་བསྒོམས་པའོ། །རིག་པའི་རྒྱལ་པོ་ནི་མིག་ལ་སོགས་པ་ཡིན་ལ། དེ་ཉིད་ནི་ཆོས་རྣམས་ཏེ། དཀྱིལ་འཁོར་གྱི་བདག་པོའི་མཆོག་ལ་

གནས་པ་ཉིད་ཀྱི་ཕྱིར་རོ། །རིག་པའི་རྒྱལ་མོ་ནི་དགའ་མ་བཞིའོ། །དེ་རྣམས་ཀྱི་སྦྱོར་བ་ནི་ཏིང་ངེ་འཛིན་ཏེ། དེ་དག་ལ་དེས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་འདོད་ཅན་ནི་རྡོ་རྗེའི་བདག་པོ་དྲུག་སྟེ། དེ་རྣམས་ཀྱི་ཏིང་ངེ་འཛིན་ནི་ཐམས་ཅད་འདོད་ཅན་སྔགས་རྣམས་ལའོ། །གདོན་མི་ཟ་བའི་ཡེ་

ཤེས་ནི་དོན་ཡོད་པར་གྲུབ་པའོ། །ཕྱོགས་གཞན་ནི་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་པ་དང་། རིགས་མི་ཤེས་པ་ཐམས་ཅད་ཀྱི་སྤྱི་བོར་ནི་མི་བསྐྱོད་པ་ཉིད་བསྒོམ་པར་བྱ་སྟེ། དེས་མཚན་མའི་དྲི་མ་ཐམས་ཅད་འཁྲུད་པར་བྱེད་པའི་བསམ་གཏན་གྱི་

Vol. 41 · folio 33b

བདག་ཉིད་ཀྱིས་ཐམས་ཅད་དབང་བསྐུར་བ་ཉིད་ཀྱི་ཕྱིར་ཞེས་བྱ་བར་དགོངས་སོ། །དེ་སྐད་དུ་གཙུག་ཏོར་ལ་སོགས་པའི་ཚིག་འདི་དག་ནི་ལེའུ་བཅོ་བརྒྱད་པ་ལས། འཁོར་ལོས་སྒྱུར་རྒྱལ་དྲུག་པོ་དང་། །ཞེས་བྱ་བ་ནས་བརྩམས་ཏེ། བསམ་གཏན་རྡོ་རྗེས་ཐམས་ཅད་ཀྱི། །དབང་བསྐུར་བ་

ནི་རབ་ཏུ་བསྔགས། །ཞེས་བྱ་བའི་བར་གྱིས་འཆད་པར་འགྱུར་རོ། །དེ་ལ་བསམ་གཏན་རྡོ་རྗེ་ནི་མི་བསྐྱོད་པ་ཡིན་ཏེ་དེས་ཐམས་ཅད་ལ་ཡིན་གྱི་མཆོག་དང་པོས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ་ཞེས་གསུངས་སོ་ཞེས་བྱ་བ་ནི་དངོས་གྲུབ་མཆོག་གི་དམ་ཚིག་ཉེ་བར་བསྡུ་བ་ཡིན་ནོ། །དེའི་ཞར་

ལ་གནོད་སྦྱིན་མོ་ལ་སོགས་པའི་དངོས་གྲུབ་ཕྲ་མོ་རྣམས་ཀྱི་དམ་ཚིག་ཀྱང་གནོད་སྦྱིན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་སྦྱིན་མོ་རྣམས་ཀྱི་སྔགས་རྒྱུད་ནི་གནོད་སྦྱིན་མོ་ལ་སོགས་པའི་སྔགས་ཀྱི་རྒྱུན་ཏེ། དེ་རྣམས་ཀྱི་སྤྱི་བོར་བརྟག་པར་བྱ་བ་ནི་བསྒོམ་པའོ། །སྦྱོར་བ་ནི་ཏིང་ངེ་

འཛིན་ནོ། །སྔགས་ནི་ལྷ་རྣམས་སོ། །སྦྱོར་བ་ཡང་ཡིན་ལ་སྔགས་ཀྱང་ཡིན་ནོ། །ཤིས་པ་ནི་བསྔགས་པའོ། །བསྐུལ་བ་ནི་རང་གི་འཁོར་ལོས་སྒྱུར་བ་རྣམས་ཡང་དག་པར་སྦྱོར་བའོ། །དབང་བསྐུར་བ་ནི་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དམ་ཚིག་ཆེན་པོ་ནི་བརྟུལ་ཞུགས་དང་དབང་

བསྐུར་རོ། །དེ་སྟོན་པར་མཛད་པ་ལ་དེ་སྐད་ཅེས་བྱའོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བའོ། །འདི་ཡིས་ནི་ཞེས་བྱ་བ་ནི། སེམས་དཔའ་རྡོ་རྗེ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཀྱིས་གསུངས་ཞེས་བྱ་བར་སྦྱོར་རོ། །ཅི་གསུངས་ཤེ་ན།

བསམ་གཏན་རྡོ་རྗེ་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་བརྟན་པོས་སྔགས་རྣམས་མཉེས་པར་བྱེད་པ་གང་ཡིན་པ་དེའི་དཀྱིལ་འཁོར་དག་སྟེ། སྙིང་པོ་བསྡུས་པའོ། །དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་སྒྲུབ་པར་བྱེད་པ་ནི་མཉེས་པར་བྱེད་པ་སྟེ། དེའི་བཀའ་སྒྲུབ་པར་བྱེད་པའི་ཕྱིར་རོ། །

རང་གི་དངོས་གྲུབ་ངེས་པར་བྱ་བ་ལ་སོགས་པའི་དོན་དུ་སྣོད་ལ་དབབ་པར་བྱ་བ་ཡིན་པ་དེའི་ཕྱིར། དེའི་དབང་དུ་མཛད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྟོན་པ་ཞེས་བྱ་བ་ནི་དེའི་བཀས་ལྷ་ཐམས་ཅད་སྣོད་ལ་འབེབས་པར་མཛད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་

Vol. 41 · folio 34a

མཆོག་ཏུ་གཙོ་བོའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་རྣམས་ཀུན་དབང་ཕྱུག་སྟེ་གྲུབ་པའི་སྔགས་རྣམས་རབ་ཏུ་མཛད་པ་པོའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྐུ་དང་གསུང་དང་ཐུགས་ཡོངས་སུ་དག་པས་ཏེ། རྣམ་པ་ཐམས་ཅད་དུ་སྐྱོན་མི་

མངའ་བའོ། །ཡེ་ཤེས་ནི་འབེབས་པའི་ལས་གྲུབ་པའོ། །དེ་ཉིད་ནི་བརྟན་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་འཆད་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །བཀའ་སྩལ་པ་ནི་བཀའ་སྩལ་པར་གྱུར་པའོ། །བསམ་གཏན་རྡོ་རྗེ་ཞེས་བྱ་བ་ནི་འབེབས་པའི་ཏིང་ངེ་འཛིན་མི་ཕྱེད་པའོ། །རབ་

བྱ་བ་ཞེས་བྱ་བ་ནི་ཁྱད་པར་དུ་བྱ་བ་སྟེ། བདག་ཉིད་རྡོ་རྗེ་འཆང་དམར་པོ་ལ་སོགས་པའི་རྣམ་པ་དང་། སྣོད་དང་ལྷ་དག་ཀྱང་ཇི་ལྟར་འཆད་པར་འགྱུར་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །བཟླས་དང་ཞེས་བྱ་བ་ནི་དབབ་པའི་སྔགས་སོ། །སྔགས་ཀྱི་སྦྱོར་བས་སོ་ཞེས་བྱ་བ་ནི་ཡི་གེ་ཧ་ལ་སོགས་

པའི་གནས་ཇི་ལྟ་བ་བཞིན་དུ་ཆུའི་དཀྱིལ་འཁོར་ལ་སོགས་པ་ལ་དགོད་པས་སོ། །དེ་ལས་ཅིར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་གསུང་གི་ལས་མངའ་བས་ན་གསུང་གི་ལས་ཏེ། ཇི་སྐད་དུ་གསུངས་པ་དེ་བཞིན་དུ་མཛད་པའོ། །དེ་ཇི་ལྟར་

བཀའ་ཡིན་པ་དེ་བཞིན་དུ་སྟེ། འདི་སླུ་བར་མི་མཛད་ཅེས་བྱ་བའི་དོན་ཏོ། །སྣོད་ལ་བབས་པར་གྱུར་ན་བསྒུལ་བ་དང་རེངས་པ་ལ་སོགས་པ་དང་དཀྱིལ་འཁོར་བྲི་བ་ལ་སོགས་པའི་ལས་རྣམས་སྣ་ཚོགས་ཏེ་རྨད་དུ་བྱུང་བ་བྱེད་པར་འགྱུར་རོ། །རྡོ་རྗེ་ཆོས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཆོས་ནི་

འོད་དཔག་ཏུ་མེད་པའོ། །དེའི་རང་བཞིན་ཅན་གྱི་སྣོད་ཐམས་ཅད་དམར་པོར་ཡི་གེ་ཨ་ལས་བསམས་ལའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །ཞེས་བྱ་བ་ནི་དེ་ཉིད་ཀྱི་མགོ་བོ་དང་ལྐོག་མ་དང་སྙིང་གར་རོ། །གནས་གསུམ་དུ་ནི་རིགས་བརྟག་གོ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་ཆུ་དང་རླུང་

དང་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱ་དང་ཨཿདང་ཧཱུཾ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དབབ་པའི་ཆོ་ག་ཐམས་ཅད་ནི་བྱས་ན་ཞེས་བྱ་བ་ནི་དེ་ནས་དབབ་པར་བྱ་བའི་ལྷ་གནོད་མཛེས་ཀྱིས་བཀུག་ལ་སྣོད་ཀྱི་ལུས་ལ་བཅུག་སྟེ། སྣོད་ཀྱི་ཡང་རྐང་པའི་འོག་ཏུ་རླུང་དང་མེའི་

Vol. 41 · folio 34b

དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཛྷཻཾ་དམར་པོས་བཏེག་པ་དང་། རིགས་གསུམ་གྱི་འོད་ཟེར་དམར་པོས་ལུས་ཐམས་ཅད་ལ་འགེངས་པར་གྱུར་པར་རྣམ་པར་བསམས་ལ་བདུག་སྤོས་གཏུལ་ཏེ། དྲིལ་བུ་དཀྲོལ་ནས་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ། ར་ར་ར། ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧཱུཾཿཨཿཛྷཻཾ་ཞེས་

བྱ་བ་ལ་སོགས་པའི་སྔགས་བཟླ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གདོན་མི་ཟ་བར་གྲུབ་ཅེས་བྱ་བ་ནི་ངེས་པར་བབས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་འགྲུབ་པས་ཅིར་འགྱུར་ཞེ་ན། དེའི་ཕྱིར་བསྒུལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྤྱོད་པ་རྣམ་པ་གསུམ་ནི་

བསྒུལ་བའོ། །གཡོ་འགུལ་མེད་པ་ཉིད་ནི་རེངས་པའོ། །ལྐོག་ཏུ་གྱུར་པའི་ཡེ་ཤེས་པ་ནི་ལྷ་ཆེན་པོའོ། །དེ་གསུམ་དང་འཕགས་པའི་ས་བཞི་པ་དག་ཀྱང་སྟེ། འཕགས་པའི་ས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ཡུལ་ལོ། །དེའི་ཡུལ་ཅན་གྱི་ཡེ་ཤེས་ནི་

འཕགས་པའི་ས་སྟེ། འདི་ལ་བཞི་པ་དེ་ཡོད་པས་ན་དེ་སྐད་ཅེས་བྱའོ། །ངོ་མཚར་རྣམ་པ་བཞི་པོ་དེ་ནི་རྡོ་རྗེ་གྲུབ་པ་འདི་ཡིས་བྱའོ། །དེ་ཡང་དེ་ལྟར་བྱས་ན་རྟག་པར་གྲུབ་སྟེ་གསུངས་པའི་ཆོ་གས་ངེས་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྣོད་ཀྱི་མཚན་ཉིད་ནི་བུ་མོ་ཞེས་བྱ་

བ་ལ་སོགས་པ་གསུངས་སོ། །སྔོན་དུ་བྱ་བ་བསྟན་པའི་ཕྱིར་ཆོ་ག་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཐམས་ཅད་བྱས་ན་ནི་ཞེས་བྱ་བ་ནི་སེམས་བརྟན་པར་བྱ་བ་དང་ལྷག་པར་གནས་པ་ལ་སོགས་པའོ། །ལས་རྣམས་ནི་དབབ་པའི་ཆོ་གའོ། །དཔྱས་པར་འགྱུར་ཞེས་བྱ་བ་ནི་བཞད་

གད་ཉིད་དུ་འགྱུར་བའོ། །སྙིང་པོའི་སྔགས་ཀྱི་ཡི་གེའི་ཚིག་ནི་ཞེས་བྱ་བ་ལ་ཐུགས་རྡོ་རྗེ་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་པས་ན་སྙིང་པོའོ། །བྱང་ཆུབ་ཀྱི་སེམས་དེའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་སྔགས་སོ། །དོན་ཡོད་པ་ཉིད་ཡིན་པའི་ཕྱིར་ཡི་གེའོ། །དེ་རྣམས་འདི་དག་ལ་གནས་པས་ནི་

ཚིག་གོ། །ནམ་མཁའི་ཁམས་ཀྱང་ཞེས་བྱ་བ་ནི་སྣོད་གཞན་ལ་སྨོས་ཀྱང་ཅི་དགོས་ཞེས་པའོ། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །ཞེས་བྱ་བ་ནི་ལྷ་གཞན་དག་ལ་སྨོས་ཀྱང་ཅི་དགོས་ཞེས་པའོ། །འདི་ནི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལ་སོགས་པ་གསུམ་མོ། །གསང་ཚིག་བརྟན་པའོ་ཞེས་བྱ་བ་

Vol. 41 · folio 35a

ནི་ཐུགས་རྡོ་རྗེ་ལ་སོགས་པའི་རྟག་ཏུ་གནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྒུལ་བར་བྱེད་པར་བཤད་ཅེས་བྱ་བ་ལ། དེ་ཡང་གསུམ་སྟེ། འགུལ་བ་དང་། གཡོ་བ་དང་། དྲན་པའོ། །དྲན་པ་ཞེས་བྱ་བ་ནི་བློ་ལ་གནས་པར་སྨྲ་བར་འགྱུར་བ་སྟེ། བསླང་བ་ཞེས་བྱ་བའི་

དོན་ཏོ། །འདི་ནི་ཞེས་བྱ་བ་ནི་ཡི་གེ་ཛྷཻའོ། །བསྒུལ་བ་ཐམས་ཅད་ཀྱི་ཞེས་བྱ་བ་ལ། གསུམ་ཆར་ཡང་སྟོན་པར་བྱེད་ཅེས་བྱ་བ་ནི་ལྷག་མའོ། །འདི་ཞེས་བྱ་བ་ནི་ཡི་གེ་ཛྷཻ་དེ་ཉིད་དོ། །གསང་བ་ཡིན་པར་ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །ཁྲུ་བརྒྱད་ཙམ་མམ་ལྔ་ཙམ་

དུ་འཕར་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་རྒྱལ་པོ་ནི་གསང་བའོ། །འཇིགས་ཤིང་སྐྲག་པ་ནི་གཡོ་བའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། སྣོད་ཇི་ལྟ་བ་བཞིན་དུ་འོད་དཔག་ཏུ་མེད་པར་བྱས་ནས་ཆོ་ག་གསུངས་པ་དེ་བཞིན་དུ་ཡི་གེ་ཧ་ལས་རྣམ་པར་སྣང་མཛད་དམར་པོའམ། ཡི་གེ་ཧཱུཾ་

ལས་མི་བསྐྱོད་པ་དམར་པོར་བྱས་ནས་ཞེས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གསང་བ་ནི་བཅས་པའོ། །གང་གི་ཚེ་སྣོད་ལ་བབས་ནས་རིང་དུ་འབར་བ་དེའི་ཚེ་དེའི་སྟེང་དུ་རྡོ་རྗེ་སེར་པོ་རྡོ་རྗེ་ལ་རི་རབ། དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སེར་པོ། དེའི་སྟེང་དུ་

དང་པོའི་དབྱངས་ཡིག་སེར་པོ། །དེའི་སྟེང་དུ་རྣམ་པར་སྣང་མཛད་སེར་པོ་བསྒོམས་ན་ངེས་པར་ལྡོག་པར་འགྱུར་རོ། །བབས་པའི་ལྕེ་ལ་ཨཱཿདམར་པོ་འབར་བའི་ཕྲེང་བ་འཁྲིགས་པར་བསམས་ལ། བྲཱུ་ཧི་བཛྲ་ཞེས་བརྗོད་ན་དགེ་བ་དང་མི་དགེ་བ་རྣམས་སྟོན་པར་བྱེད་དོ། །མཐར་ཨོཾ་ཁྱེད་

ཀྱིས་འགྲོ་བའི་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་གཤེགས་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ལ་སྙིམ་པའི་མེ་ཏོག་གཏོར་ཏེ། ཧཱུཾ་ཧཱཿཨཱཿཛྷཻ་མུཿཞེས་བྱ་བས་སླར་གཤེགས་སུ་གསོལ་བ་དང་། སྣོད་

ལ་སོགས་པ་ཡང་བསྲུང་བར་བྱའོ། །མངོན་སྤྱོད་བྱ་བའི་ཕྱིར་བདུད་རྩི་ཐབ་སྦྱོར་གྱི་རྟོག་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུང་ནི་ཞེས་བྱ་བ་ནི་གདུག་པའི་ལས་སྟོན་པའོ། །ཅིའི་ཕྱིར་དེ་ལྟར་སྟོན་ཞེ་ན། གང་གི་ཕྱིར་རྒྱལ་པོ་སྟེ། རྒྱལ་པོ་ནི་མ་རུངས་པ་རྣམས་ཚར་གཅོད་པར་

Vol. 41 · folio 35b

བྱེད་པ་དེ་བས་ནའོ། །ཅི་གནོད་སྦྱིན་རྣམས་ཀྱི་རྒྱལ་པོ་ཡིན་ནམ་ཞེ་ན་མ་ཡིན་ནོ་ཞེས་གསུངས་པ་ནི་དེ་བཞིན་གཤེགས་པ་ཀུན་གྱི་བདག་གོ། །འོ་ན་ཇི་ལྟར་གདུག་པའི་ལས་ཅན་ཡིན་ཞེ་ན། དེ་ལྟར་ནི་མ་ཡིན་ནོ་ཞེས་གསུངས་པ་ནི་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་སྐུ་ལ་སོགས་པའི་

གནས་ཀྱི་ལས་དེ་དག་གིས་ཡོངས་སུ་དག་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དམ་པའི་ཆོས་ཡུན་རིང་གནས་པར་བྱ་བའི་ཕྱིར་དང་། སྐྱེ་བོ་མང་པོ་ལ་ཕན་པར་བྱ་བའི་ཕྱིར་དང་། བསྒྲུབ་པར་བྱ་བ་དེ་ཉིད་དམྱལ་བ་ལ་སོགས་

པ་ལས་བཟློག་པར་བྱ་བའི་ཕྱིར་དང་། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་བའི་ས་བོན་གདབ་པའི་དོན་དུ་ཕྲིན་ལས་མཛད་པ་དང་སྟོན་པ་དེའི་ཕྱིར་དེ་བས་ན་འདི་ནི་དྲག་པོ་དང་འདྲ་བར་སྣང་བའི་ཕྱིར་དྲག་པོ་ཡིན་གྱི་

ཐུགས་རྗེ་ཆེན་པོ་ལས་བྱུང་བ་ཉིད་ཀྱི་ཕྱིར་མི་དགེ་བ་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ལ་སོགས་པ་སྐྱེ་བོ་མང་པོ་ལ་ཕན་འདོགས་པ་ཆེན་པོ་ཉིད་ཡིན་པའི་ཕྱིར་ཡང་བསོད་ནམས་ཀྱི་ཕུང་པོ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ། །སེམས་ཅན་གདུག་པ་མ་ཡིན་པ་རྣམས་ལ་ནི་ཞེ་སྡང་དང་ཆགས་པ་མེད་

དུ་ཟིན་ཀྱང་མཆོད་སྦྱིན་གྱི་དོན་དུ་ཕྱུགས་གསོད་པ་དང་འདྲ་བར་གཏི་མུག་ལས་བྱུང་བའི་མི་དགེ་བ་ཡིན་ཏེ། གདུག་པ་མ་ཡིན་པ་རྣམས་ལ་ནི་གསོད་པ་ནི་སྙིང་རྗེ་མེད་པར་འགྱུར་བའི་ཕྱིར་དང་། དེ་རྣམས་ཀྱིས་འདི་སངས་རྒྱས་ཀྱི་ཞིང་དུ་བསྐྱེད་པའི་ས་བོན་བསྐྱེད་པ་ཡང་མི་སྲིད་པ་སྟེ།

སངས་རྒྱས་ཀྱི་བཀས་མ་གནང་བ་ཉིད་ཀྱིས་ན་དམ་ཚིག་ལས་འདས་པའི་ཕྱིར་རོ། །རྩེ་གཅིག་མ་གྱུར་པ་ཡིས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། རྩེ་གཅིག་པ་སྟེ། དམིགས་པ་གཅིག་ལ་སེམས་དེ་གནས་པ་ཐོབ་པ་སྟེ། འགོག་པའི་བཟླས་པའམ། རྡོ་རྗེ་བཟླས་པས་རྫོགས་པའི་

སྔགས་པ་ཡིན་ནོ། །ཅིག་ཤོས་རྩེ་གཅིག་མ་གྱུར་པ་ནི་གྲངས་ཀྱི་བཟླས་པ་རྫོགས་པའི་སྔགས་པ་ཡིན་ལ། དེས་ཀྱང་གདུག་པ་ཐམས་ཅད་རྣམ་པར་གཞིག་པའི་ལས་འདི་དག་བྱེད་པ་ཡིན་ན། སྔ་མ་དག་གིས་ལྟ་སྨོས་ཀྱང་ཅི་དགོས། ཀྱང་གི་སྒྲས་ནི་གསུམ་ཆར་ལས་ཀྱང་འགྲུབ་པར་

Vol. 41 · folio 36a

འགྱུར་རོ་ཞེས་བྱ་བར་དགོངས་པའོ། །ཇི་ལྟར་བྱ་ཞེ་ན། བརྟུལ་ཞུགས་བརྟན་པ་སྟེ། ཐོས་པ་དག་དང་དད་པ་དང་སྙིང་རྗེ་དང་། རང་གི་ལྷར་མོས་པ་དང་། གཟུགས་བརྙན་ལ་བསྒྲུབ་བྱར་མོས་པ་དང་། རང་གི་དམ་ཚིག་བསྐྱང་བ་ལ་སོགས་པས་ནི་བརྟུལ་

ཞུགས་ཡིན་ཏེ། དེ་རྣམས་བརྟན་པ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གཞན་གྱིས་མི་བྱའོ་ཞེས་བྱ་བ་ནི་ལྷ་གང་གི་སྔགས་ཡིན་པ་དེ་ནི་སྦྱོར་བ་ཉིད་ཀྱིས་བྱའོ། །བརྟུལ་ཞུགས་བརྟན་པ་མ་ཡིན་པའམ། སྦྱོར་བ་གཞན་གྱིས་བྱས་ན་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕུབ་སོགས་

ལས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་ལ་སོགས་པ་སྟེ་ལྷག་མ་ནི་དབྱིག་སྔོན་གྱི་སྔགས་དང་འདྲའོ། །རོ་བསྲེགས་ཐལ་བ་ཡིས་ཞེས་བྱ་བ་ནི་རོ་བསྲེགས་པ་དེ་ཉིད་ན་གནས་པའི་ས་དང་ཐལ་བ་དང་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང་བཅས་པས་སོ། །ལྷག་

མ་ནི་དབྱིག་སྔོན་གྱི་སྔགས་དང་འདྲའོ། །སྐྲ་བཤིག་གཅེར་བུར་ཞེས་བྱ་བ་ནི་གཉི་ག་ལ་སྦྱར་བར་བྱའོ། །དེ་འབའ་ཞིག་ནི་མ་ཡིན་གྱི། སྟོང་རྩ་བརྒྱད་དུ་བཟླས་པས་ཀྱང་ཞེས་བྱ་བ་ནི། སྟོང་རྩ་བརྒྱད་དམ་བརྒྱ་རྩ་བརྒྱད་བཟླས་པས་ཀྱང་ཞེས་པ་སྟེ། མང་པོ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་

བའི་དོན་ཏོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་སྦྱིན་སྲེག་གི་སྦྱོར་བ་གསུངས་པ་ཡིན་ནོ། །དཀྱིལ་འཁོར་གྲུ་གསུམ་ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་ཏེ། དུར་ཁྲོད་དང་རིགས་པའི་སའི་ཆ་ལ་སོགས་པའི་རོ་བསྲེགས་པའི་ས་དང་ཐལ་བས་མེའི་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་མེ་ཐབ་གྲུ་

གསུམ་ལ་བདུད་རྩི་ཐབ་སྦྱོར་གྱི་ཞལ་དུ་སྦྱིན་སྲེག་བྱའོ་ཞེས་བྱ་བའི་དོན་ཏོ། །ཤ་གསུམ་ཆར་བསྡུས་པའམ་རེ་རེ་དང་གཟུགས་བརྙན་བྱས་ནས་བྲིས་པའི་སྔགས་སྙིང་གར་བཅུག་པའི་སྦྱོར་བ་སྣ་ཚོགས་ཀྱིས་སོ། །བྱས་པ་ལ་ཞེས་བྱ་བ་ལ་སྦྱིན་སྲེག་ཅེས་བྱ་བ་ནི་ལྷག་མའོ། །ཤ་ཆེན་གྱིས་ནི་ཞེས་

བྱ་བ་ལ་སྦྱིན་སྲེག་ཅེས་བྱ་བ་ནི་ལྷག་མའོ། །རྡོ་རྗེ་ལས་བྱུང་ཞེས་བྱ་བ་ལ་རྡོ་རྗེ་ནི་ཞེ་སྡང་ཆེན་པོ་སྟེ། དེ་ལས་བྱུང་བའི་ཁྲོ་བོའི་དབང་པོ་རང་ཉིད་ལྟ་བུ་ཞེས་བྱ་བའི་དོན་ཏོ། །ནི་ནི་གང་གི་ཕྱིར་རོ། །ཤ་ཆེན་གྱི་གཟུགས་བརྙན་གྱི་སྦྱིན་སྲེག་འདི་ནི་དྲག་པོའི་ལས་ཐམས་ཅད་ཀྱི་ནང་ནས་མི་བཟད་པ་ཡིན་ནོ། །

Vol. 41 · folio 36b

ཆོས་མཆོག་ཅན་ཞེས་བྱ་བ་ནི་ཏིང་ངེ་འཛིན་བརྟན་པ་དང་ལྡན་པའོ། །ཚེར་མའི་ཤིང་ལས་སྦར་བའི་མེ་ནི་ཚེར་མའི་མེའོ། །རྒྱུན་གྱིས་འབབ་པའི་ཆུ་བོའི་འགྲམ་གཉིས་པོ་དེའི་འགྲམ་གཉིས་ས་ཡིས་ཀྱང་ཞེས་བྱ་བའི་ངོགས་གཉིས་ཀྱི་ས་ཡིས་ཀྱང་ངོ་། །དེ་ཡང་མགོ་བྱང་ཕྱོགས་སུ་བསྟན་ཞིང་

གན་རྐྱལ་དུ་བཞག་པ་དེའི་ཡན་ལག་ཀུན་ཏིལ་འབྲུ་ཙམ་གྱིས་ནང་དགང་བར་བྱའོ། །གང་གིས་དགང་བར་བྱ་ཞེ་ན། དུག་ལས་བྱུང་བའི་ཚེར་མ་ཡིན་ཏེ། སྦྲུལ་དང་སྡིག་པ་དང་། སང་ཀོ་ཙ་དང་། ཉ་རྭ་ཅན་ལ་སོགས་པའི་ཚེར་མའམ་དུག་གིས་བྱུགས་པའི་བིལ་བ་ལ་སོགས་པའི་ཚེར་མས་དགང་

བར་བྱའོ། །བསྐུལ་བའི་ཚིག་དང་ཞེས་བྱ་བ་ནི་སརྦ་བིགྷྣཱཾ་ཞེས་བྱ་བ་བཏོན་ལ་ཆེ་གེ་མོ་མཱ་ར་ཡ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པའི་སྔགས་བཟླ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དྲག་པོའི་འཁྲུལ་འཁོར་བྲི་བའི་ཆེད་ཀྱི་སྣག་ཚ་ནི་སྐེ་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་འབྲུ་མར་ཞེས་བྱ་བ་

ནི་ཡུངས་མར་རམ་སྣུམ་ཆེན་པོའོ། །ད་དུ་རའི་ཀའི་ཁྱད་པར་ནི་རིམ་གསུམ་པ་སྔོན་པོ་ཅན་ནོ། །སོལ་བ་ནི་རོ་བསྲེགས་པའི་སོལ་བའམ། རོ་བསྲེགས་པའི་མེ་བསླངས་པས་བསྲེག་པའི་མྱོས་པར་བྱེད་པའི་སོལ་བའོ། །ལྷག་མ་ནི་གཞན་གྱིས་མི་ཐུབ་པའི་སྔགས་ཀྱི་སྐབས་སུ་གསུངས་པ་

ནི་སྲིན་པོ་ལ་སོགས་པ་འཛིན་པ་དང་འདྲའོ། །འདིར་ཡང་ཆེ་གེ་མོ་རཱཀྵ་སཻ་གྲཱ་ཧ་ཡ་ཞེས་བྱ་བ་ནི་བསྐུལ་ཚིག་ཡིན་ནོ། །ལིངྒ་ནི་བསྒྲུབ་པར་བྱ་བའི་གཟུགས་བརྙན་ནོ། །དེ་བྱ་བའི་ཕྱེད་ཀྱི་རྫས་ནི་རུས་ཕྱེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱད་པར་འགྱུར་ཞེས་བྱ་བ་སྲིན་པོ་རྣམས་ཀྱིས་སོ། །

ལིངྒ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྫས་སྐེ་ཚེ་གཙོ་བོར་གྱུར་པའི་བཤང་གཅི་སྦྱར་བ་ཡིན་ཏེ། བྱས་པའི་བསྒྲུབ་པར་བྱ་བའི་གཟུགས་བརྙན་ཞེས་བྱ་བའི་དོན་ཏོ། །ཚ་བ་ཆེན་པོས་བཏབ་པར་འགྱུར། །ཞེས་བྱ་བ་ནི་ཆེ་གེ་མོ་མ་ཧཱ་དཱ་གེ་ན་གྲཱ་ཧ་ཡ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པའི་སྔགས་བཟླ་བར་

བྱའོ། །སྔགས་གང་གིས་དྲག་པོའི་སྦྱོར་བ་དེ་དག་དང་འཆད་པར་འགྱུར་བ་དེ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཁྲོ་བོ་ཆེན་པོའོ། །དེ་ཐམས་ཅད་ཀྱི་དམ་ཚིག་ནི་བསྡུས་པ་སྟེ། བདུད་རྩི་ཐབ་སྦྱོར་ལ་བྱའོ། །དེའི་སྙིང་པོ་ནི་གྲུབ་པའི་སྔགས་སོ། །

Vol. 41 · folio 37a

ན་མཿཞེས་བྱ་བ་ལ་སོགས་པ་ལ། ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་རྨོ་བས་ན་གཤོལ་ཏེ། སྣ་ཚོགས་སུ་སྣང་བའི་སེམས་བསྐྱེད་ལ། མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པར་བྱ་བའི་ཕྱིར། རྨོས་ཤིག་རྨོས་ཤིག་པའི་དོན་ཏེ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བྱ་བའི་བར་

དུའོ། །ཏིཥྛ་ཏིཥྛ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །ཛཱི་བཱི་ཏ་ཨནྟ་ཀ་ར་ཡ་ཞེས་བྱ་བ་ནི་བོད་པའི་དོན་གྱིས་བཞི་པའོ། །སྭཱ་ཧཱའི་གནས་སུ་ཡི་གེ་ཧཱུཾ་ཕཊ་སྦྱར་ཏེ་དོན་ནི་སྔ་མ་བཞིན་ནོ། །སྦྱིན་སྲེག་ཡང་ན་ཞེས་བྱ་བ་ལ་ཡང་ནའི་སྒྲ་ནི་བཟླས་པ་ཡང་སྟེ། གཉི་ག་ཇི་སྐད་དུ་བཤད་

པ་བཞིན་ནོ། །ཡང་ན་བསམ་གཏན་དག་ནི་འཆད་པར་འགྱུར་བའོ། །ཇི་ལྟ་བུ་ཞེ་ན་ལུས་དང་ངག་སེམས་འཇིག་པ་སྟེ། གསུམ་པ་དེ་བྱའོ། །མ་ཡེངས་པར་སེམས་ཀྱིས་ཏེ། དུས་དེ་སྲིད་ཀྱི་བར་དུ་ཡིད་རྩེ་གཅིག་པས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་རོ། །སྟ་

རེ་ཐོ་བ་ཕྱག་ན་བསྣམས། །ཞེས་བྱ་བ་ནི་པདྨ་དང་རལ་གྲིའི་གནས་སུའོ། །བསམ་གཏན་དེ་ཉིད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲག་པོ་ཆེན་པོའི་ལས་ལ་གནས་པའི་ཁྲོ་བོ་ལ་དེ་སྐད་ཅེས་བྱའོ། །དེའི་དམ་ཚིག་ནི་བསམ་གཏན་ནོ། །བསད་པར་ནི་ཞེས་བྱ་བ་ནི་ནམ་མཁའི་

དབྱིངས་ཀྱི་ཡུལ་ཅན་ལ་ཉེ་བར་བཏགས་པའི་ཕྱིར་རོ། །དེ་ཡིས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཡིས་ཏེ། ནམ་མཁའ་ཁྱབ་པ་དེ་རྣམས་ལག་ན་དགྲ་སྟ་ཐོགས་པ་དེས་དུམ་བུར་བྱེད་པའི་ཕྱིར་རོ། །བསམས་ན་ཞེས་བྱ་བ་ནི་དེ་ལྟར་བསྒོམས་ནའོ། །རྡོ་རྗེ་འཛིན་པ་ཉིད་ཀྱང་ཞེས་བྱ་བ་ནི་གལ་ཏེ་

བསྒྲུབ་པ་བྱ་བ་དེ་རྡོ་རྗེ་འཛིན་པའི་དངོས་པོ་ཡིན་ན་ཡང་འགྱུར་རོ། །སངས་རྒྱས་གནོད་བྱེད་ཅེས་བྱ་བ་ནི་བཤད་མ་ཐག་པའི་རིམ་པས་སོ། །མདུན་ཞེས་བྱ་བ་ནི་མདུན་ལ་སོགས་སུའོ། །གཏུམ་པ་ནི་གནོད་པ་བྱེད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །མཆུ་རིང་བ་ཞེས་བྱ་བ་ནི་བྱ་ཀང་ཀ་ལ་སོགས་

པའོ། །སྦྲུལ་ནག་ཅེས་བྱ་བ་ནི་ཡི་གེ་ཁཾ་ལས་བྱུང་བའོ། །དུག་གི་མཆོག་ནི་དམ་ཚིག་ཅེས་བྱ་བ་ནི་ཧ་ལ་ཧ་ལ་ལ་སོགས་པའི་ཁམས་གསུམ་དུ་གཏོགས་པའི་དུག་དག་གི་ཚོགས་ནི་དུག་གི་མཆོག་སྟེ། དེའི་དམ་ཚིག་གོ། །འདི་ལ་བསྡུས་པ་ཡོད་པས་ན་དེ་སྐད་ཅེས་བྱའོ། །དེའི་ཁ་ན་གནས་

Vol. 41 · folio 37b

པའི་ཡི་གེ་ཧྲཱིའི་འོད་ཟེར་རྣམས་ཀྱིས་དེའི་ཁར་རྡོ་རྗེ་ཉིད་དུ་དུག་གི་ཚོགས་སྡུད་པར་བྱེད་པའི་ཕྱིར་རོ། །འཕྲལ་བར་བསམས་ནས་ཞེས་བྱ་བ་ནི་ཆེ་གེ་མོ་ཟོ་ཤིག་ཅེས་ལུང་བསྒོ་བ་ཅན་དེས་དཔྲལ་བར་སོས་འཛིན་པའི་ནང་ན་ཁྱད་པར་འཕགས་པ་ཞེས་བྱ་བ་སྟེ། ཁྱད་པར་ཅན་དུ་གྱུར་པ་ཞེས་བྱ་བའི་དོན་

ཏོ། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་གང་ཡིན་པ་དེ་རྣམས་ལ་ཡམས་སམ། གནོད་པར་བྱེད་པ་རྣམས་འཇིགས་པ་གང་ཡིན་པ་དེ་རྣམས་ངེས་པར་འབེབས་པའི་མཆོག་སྟེ་ཤིན་ཏུའོ། །དགྲའི་ཞེས་བྱ་བ་ནི་དགྲ་ལའོ། །བསྒུལ་བ་ཞེས་བྱ་བ་ནི་གསོད་པའོ། །ཐོ་བ་ཞེས་བྱ་ནི་གཡས་ཀྱི་

གསུམ་པར་གཞག་པའོ། །གཤེག་པ་ཅི་འདྲ་བ་ཞེ་ན། གཏུབ་པའོ། །སྟ་རེ་སོགས་ཞེས་བྱ་བ་ལ། དང་པོ་ཉིད་དུ་ལེན་ཅིང་འཛིན་པ་ནི་དང་པོའི་སོགས་ཏེ། གང་ལ་གཡོན་པའི་ཕྱག་གསུམ་པས་དང་པོ་སྟ་རེ་འཛིན་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཅན་ནི་བདུད་རྩི་ཐབ་སྦྱོར་

གྱིས་སོ། །མངོན་སྤྱོད་ལ་ཁ་སྦྱར་དབྱེ་བ་ལ་སོགས་པ་སྔོན་དུ་བྱ་བའི་བླ་མའི་མན་ངག་ལས་ཤེས་པ་གང་ཡིན་པ་དེ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པར་བྱ་བའི་ཕྱིར་བསྲུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྲུང་བའི་དོན་དུ་དང་པོར་ཡོངས་སུ་གཟུང་བ་ནི་ཁ་སྦྱར་ལ་སོགས་པའོ། །

སྔགས་རྣམས་ནི་བསྲུང་བའི་སྔགས་སོ། །ལྷ་རྣམས་ནི་སྲུང་བར་བྱེད་པའི་ལྷ་རྣམས་སོ། །དེ་རྣམས་རང་གི་སྙིང་ག་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུ་ཕྱག་ན་བསྣམས་པའི་ལྷ་རྣམས་ཀྱིས་བཀུག་པ་རྣམས་གཡོན་ལོགས་སུ་གཞག་སྟེ། བདུད་རྩི་ཐབ་སྦྱོར་གྱི་ཕུར་བུས་ཀཱ་ཡ་བཱག་ཙིཏྟ་བཛྲ་ཞེས་བྱ་བ་

བཏོན་ལ། ཆེ་གེ་མོའི་རཀྵ་སཾ་པུ་ཏ་དིཾ་རཀྵ་མནྟྲ་དེ་བ་ཏ་ཤུ་ཞེས་བྱ་བ་བཅུག་ལ། ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་བསྣུན་པར་བྱའོ། །དམ་ཚིག་ནི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ཕུང་པོས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་ལའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་འདུས་པའི་དཀྱིལ་

འཁོར་གྱི་རྣམ་པས་སོ། །བསད་བདག་ཉིད་གཏོགས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཉེས་པ་བསྒྲགས་པ་དང་། དེ་ལ་ཁྲོས་ནས་ཁྲོ་བོའི་གཟུགས་སུ་བྱས་ཏེ། དེ་བསད་ནས་བསད་པའི་འོག་ཏུ་བདག་ཉིད་གཏོགས་ཏེ། རང་གི་དཀྱིལ་འཁོར་དུ་བྱོན་ནས་ཞུགས་པར་བསམ་པར་བྱའོ། །སྟོན་པ་

Vol. 41 · folio 38a

སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་བསྒྲུབ་པར་བྱ་བ་སངས་རྒྱས་ལ་སོགས་པར་གྱུར་པ་དེ་ལྟ་ན་ཡང་ཆོ་ག་འདིས་འཆི་བར་འགྱུར་རོ་ཞེས་ལ་དོར་བ་གསུངས་པ་ཡིན་ནོ། །རྡོ་རྗེ་ཆེན་པོའི་དམ་ཚིག་ནི་ཇི་སྐད་དུ་གསུངས་པའི་བསམ་གཏན་ནོ། །དེས་གདུག་

པའི་ལས་ཅན་གྱི་ཁྲོ་བོ་ལ་དེ་སྐད་ཅེས་བྱའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །ཆོ་ག་འདི་དག་ཐམས་ཅད་ནི་སྔགས་གཞན་དག་དང་ཡང་གདུག་པའི་ལས་རྣམས་ལ་སྦྱར་བར་བྱའོ། །བདུད་རྩི་ཐབ་སྦྱོར་གྱི་རྟོག་པའོ། །ཡིད་བཞིན་གྱི་ནོར་བུའི་རང་

བཞིན་ཅན་གྱི་སངས་རྒྱས་ཐམས་ཅད་གཅིག་ཏུ་གྱུར་པའི་ཕྱིར་ཐུབ་པ་ཆེན་པོའོ། །དོན་ཡོད་པའི་རང་བཞིན་ཉིད་ཀྱིས་ཐམས་ཅད་དུ་རྟོག་པ་སྤྲོས་པའི་ཕྱིར་རྫོགས་སངས་རྒྱས་སོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལས་ཕྲན་ཚེགས་ཀྱི་དངོས་གྲུབ་ནི་ཡེ་ཤེས་རྡོ་རྗེའོ། །དེ་སྟོན་པར་མཛད་

པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་བཀའ་སྩལ་པ་ཡང་རྫོགས་པར་སངས་རྒྱས་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྒྱུས་ཀྱི་སྦྲུལ་ལ་སོགས་པ་ལས། སྦྲུལ་ལ་སོགས་པའི་བྱ་བ་འབྱུང་བའི་ཐེ་ཚོམ་བསལ་བའི་ཕྱིར། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་བོ་ཉིད་ཀྱིས་དག་པ་ནི་རང་

བཞིན་གྱིས་ཀུན་ནས་དག་པའོ། །རྡོ་རྗེའི་ཐེག་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ་དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང་དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་

ལ་དེ་ཉིད་ནི་རྡོ་རྗེ་ཡིན་ནོ། །རྡོ་རྗེ་ཡང་དེ་ཡིན་ལ་ཐེག་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ཏོ། །བླ་ན་མེད་ཅེས་བྱ་བ་ནི་ཐེག་པ་ཐམས་ཅད་ཀྱི་མཆོག་ཉིད་དུ་གྱུར་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ན་

རྡོ་རྒྱུས་ཀྱི་སྦྲུལ་ལ་སོགས་པ་ལས་གདུག་པའི་སྦྲུལ་ལ་སོགས་པའི་ལས་རྣམས་མ་སྐྱེས་པ་རྣམས་དེ་ལས་གང་གི་ཕྱིར་རྒྱལ་བ་བདེན་པ་གསུང་བ་རྣམས་ཀྱིས་སྐྱེ་བ་བསྟན་པའི་ཕྱིར་ཏེ། རྡོ་རྗེ་ཐེག་པ་ཆེན་པོ་འདིའི་འདི་ཆེ་བའི་བདག་ཉིད་ཡིན་པས་ན། འདི་ནི་ཐེ་ཚོམ་གྱི་གནས་མ་ཡིན་ནོ་ཞེས་བྱ་བར་

Vol. 41 · folio 38b

དགོངས་སོ། །རྡོ་རྒྱུས་དག་ཅེས་བྱ་བ་ལ་སོགས་པ་ལ་ཁྲོ་བོའི་ལྷ་ཉིད་ཀྱི་སྦྱོར་བ་དང་ལྡན་པས་རྡོ་རྒྱུས་དང་དུར་ཁྲོད་ཀྱི་སོལ་བ་དག་ལ་ཡི་གེ་ཁཾ་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས་པ་བྱས་ནས་དེ་དག་གིས་ཇི་སྐད་གསུངས་པའི་སྦྲུལ་ནག་པོ་བྲི་བར་བྱའོ། །དུག་བསམ་ཞེས་བྱ་བ་ནི་ཡི་གེ་ཁཾ་གིས་

སོ། །ཅི་འདྲ་བ་ཞིག་ཅེ་ན། མི་བཟད་པར་ནི་གྱུར་པ་ཡི། །སྲེག་པའི་མེ་ཡི་ཁ་དོག་བཞིན། །བསྒོམས་ན་ཞེས་བྱ་བ་ནི་དེ་ལྟར་བསྒོམས་ནའོ། །འགུལ་པར་གདོན་མི་ཟ་ཞེས་བྱ་བ་ནི་ཡི་གེ་ཁཾ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ལ་འཛིན་པའི་ཕྱིར་བསྐུལ་ན་གནས་ལས་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་

ཏོ། །དེ་ཡིས་ཞེས་བྱ་བ་ནི་སྦྲུལ་གྱི་ཁར་བསྒོམས་པའི་ཡི་གེ་ཧྲཱིའི་འོད་ཟེར་གྱི་ལྕགས་ཀྱུས་སྦྲུལ་གྱི་ཁར་འབབ་པར་འགྱུར་བའོ། །རེག་མ་ཐག་ཏུ་ཞེས་བྱ་བ་ནི་གལ་ཏེ་རེག་ནའོ། །དེ་ལྟ་མ་ཡིན་ན་ནི་ཆེ་གེ་མོ་བྷཀྵ་ཡ་ཁཾ་ཞེས་བྱ་བའི་བསྐུལ་བའི་ཚིག་དེས་བསྒྲུབ་པར་བྱ་བའི་དཔྲལ་བར་སོས་འཛིན་པར་

བསམ་པར་བྱའོ། །དེ་ཡིས་འདི་འཛིན་པ་དང་འཆི་བ་ནི་སྔ་མ་བཞིན་ནོ། །སྡིག་པ་ཞེས་བྱ་བ་ལ་སོགས་པ་ལ་རབ་ཏུ་ཞེས་བྱ་བ་ནི་བསྐྱེད་པར་བྱ་བའོ། །ཇི་ལྟར་བྱ་ཞེ་ན། ཆོ་ག་བཞིན་དུ་སྟེ་ཡི་གེ་ཁཾ་གིས་མངོན་པར་བསྔགས་པའི་ཚོན་གྱིས་བྲིས་པ་བཞིན་ནོ། །དེ་བཞིན་དུ་སྦྱོར་བ་འབྱུང་བའི་མཚན་

ཉིད་གང་ཡིན་པ་སྟེ། དེ་དག་གིས་དུག་བསྐྱེད་པ་དང་དུག་གཏོང་བ་དང་། དུག་དགུག་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ལྟ་བ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་ནི་མཆེ་བའོ། །སོགས་པའི་སྒྲས་ནི་གནས་པའི་དུག་རྣམས་སོ། །གཞན་ཡང་དུག་ཅེས་བྱ་བ་ནི་སྦྱོར་བ་རྣམས་སོ། །ཡེ་ཤེས་རྡོ་རྗེ་ཞེས་

བྱ་བ་ནི་རྣམ་པར་སྣང་མཛད་དཀར་པོའི་རྣལ་འབྱོར་བྱས་ལ། ལག་པ་གཡས་པར་ཨོཾ་ལས་བྱུང་བའི་འཁོར་ལོའི་ལྟེ་བར་ཨོཾ་གནས་པ་འོད་ཟེར་དཀར་པོའི་ཕྲེང་བ་ཅན་བསམ་པར་བྱ་བ་དེ་ནི་འདིར་ཡེ་ཤེས་རྡོ་རྗེ་སྟེ། དེ་བྱབས་པ་ལས་དུག་དྲངས་ནས་ནམ་མཁའ་ལ་སྤྲོ་བར་བྱའོ། །དེ་བཞིན་དུ་བུ་རམ་གྱི་

ཁམ་ཕོར་ལ་སོགས་པར་བྱའོ། །དུག་གི་དམ་ཚིག་རྡོ་རྗེ་ནི་དུག་སྤྲོ་བ་བསྟན་པའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །གསོ་བའི་རྡོ་རྗེ་ནི་གསོ་བར་བསྟན་པའོ། །དེའི་དོན་གྱི་སྙིང་པོ་ནི་ཡི་གེ་ཧཱུཾ་དཀར་པོའོ། །སྙིང་པོ་འདི་ཞེས་བྱ་བ་ནི་མི་བསྐྱོད་པ་དཀར་པོའི་རྣལ་འབྱོར་རམ། རྡོ་རྗེ་སེམས་

Vol. 41 · folio 39a

དཔའི་རྣལ་འབྱོར་བྱས་ནས་སྙིང་གའི་ཟླ་བར་ས་བོན་དེ་ཉིད་ཀྱི་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་དེའི་ལྟེ་བར་རྣམ་པར་བསམ་པར་བྱའོ། །དེ་ནས་དེའི་འོད་ཟེར་དཀར་པོ་བསིལ་བའི་ཚོགས་ཀྱིས་བསྒྲུབ་པར་བྱ་བའི་ལུས་ལ་ཁྱབ་པར་བྱས་ལ། དུག་ཁ་དོག་ནག་པོ་དེ་དེའི་སྙིང་ག་དང་ལྐོག་

མ་དང་། དཔྲལ་བ་དང་མགོ་བོར་བསྡུས་ལ་ལངས་པར་ཞེས་བྱ་བ་ལན་གཉིས་ལན་གསུམ་བསམ་པར་བྱའོ། །དེ་ནས་ཐམས་ཅད་སྙིང་གར་བསྡུས་པ་ཐམས་ཅད་སྐྱུག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་བསམ་པར་བྱའོ། །གང་གཞན་ནད་དུ་ཞེས་བྱ་བ་ནི་ཤུ་བ་དང་། འབྲུམ་བུ་ལ་སོགས་པའོ། །པདྨ་

ཆེན་པོ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་དཀར་པོའི་སྦྱོར་བ་དང་ལྡན་པས་ཨཱཿདཀར་པོ་ལས་བྱུང་བའི་པདྨ་དཀར་པོའོ། །དེའི་ཞེས་བྱ་བ་ནི་ལག་པ་གཡས་པའི་མཐིལ་གྱིའོ། །སྡུད་པ་ན་ནི་ཞེས་བྱ་བ་ནི་བྱབས་པའི་སྐད་ཅིག་ལ་ནད་པ་ལ་ཞུགས་པའི་འོད་ཟེར་རྣམས་རྒྱས་པར་བྱས་ནས་བསྡུས་

པ་ན་ནིའོ། །དམ་ཚིག་གནག་ཅེས་བྱ་བ་ལ་དམ་ཚིག་ནི་འོད་ཟེར་གྱི་ཚོགས་སོ། །དེའི་ནག་པོ་ནི་དུག་བསྡུས་པའི་ཕྱིར་ཏེ་བསམ་པ་ཞེས་བྱ་བར་སྦྱར་རོ། །བསྐུལ་བ་ན་ནི་ཞེས་བྱ་བ་ནི་ཁུ་ཚུར་ཕྱི་རོལ་དུ་བཀྲོལ་བས་དུག་ཐག་རིང་བར་དྲང་བ་ནའོ། །དཀར་པོ་དང་འདྲ་ཞེས་བྱ་བ་ནི་དུག་ལས་ངེས་པར་ཐར་

པ་ཉིད་ཀྱི་ཕྱིར་རོ། །གཞན་དག་ན་རེ་དེའི་ཞེས་བྱ་བ་ནི་ནད་གནས་སུ་བསྡུ་བའི་སྔགས་ཀྱིའོ། །བསྐུལ་བ་ན་ནི་ཕྱོགས་སུ་འོད་ཟེར་སྤྲོ་བའི་ཕྱིར་ཞེས་འཆད་དོ། །གསང་བ་ནི་པདྨའི་དོན་གྱིས་སོ། །གསང་ཆེན་ནི་ཡི་གེ་ཨཱཿདེ་ཉིད་ཀྱིས་སོ། །ཡེ་ཤེས་དྲི་མེད་ནི་འོད་ཟེར་གྱི་ལས་ཀྱིས་སོ། །ཕྱིའི་

ནད་ནི་རིམས་ལ་སོགས་པའོ། །ནང་གི་ནད་ནི་སྡིག་པ་ལ་སོགས་པའོ། །ནད་རྣམས་གསོ་བ་རྡོ་རྗེའི་དོན་དང་སྙིང་པོ་ལ་སོགས་པའི་དོན་ནི་སྔར་དང་འདྲའོ། །འདོད་པ་ནི་སྡུག་པ་སྟེ་ཕུལ་དུ་བྱུང་བའི་ཡུལ་ཡིན་པའི་ཕྱིར་རོ། །དད་པ་ནི་གུས་པའོ། །དེའི་ཡོན་ཏན་ནི་ཁྱད་པར་ཅན་ནོ། །དེ་ཐོབ་པར་

འགྱུར་བ་ནི་དེའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཡི་གེའི་ཚིག་ཅེས་བྱ་བ་ལ། སྔགས་དེ་རྣམས་ཀྱི་འབྲས་བུ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སོ། །དེ་འདྲ་བའི་གཟུགས་ནི་ཞེས་བྱ་བ་ལ་བདག་ཉིད་ཀྱི་གཟུགས་ནི་དེ་རྣམས་ཀྱི་གཟུགས་ཁྲོ་བོ་ཐམས་ཅད་གནག་པའི་འབར་བའི་ཕྲེང་བ་

Vol. 41 · folio 39b

འཁྲིགས་པའོ། །ནད་ཀྱི་རྒྱུའི་སྡིག་པ་ནི་ནད་དེ་དེ་བསྐུལ་བ་ནི་བསྒྲུབ་པར་བྱ་བའི་ལྟེ་བ་ལ་བསམས་པའི་ཛི་ན་ཛི་ཀ་ལ་སོགས་པའི་སྔགས་ཀྱི་འོད་ཟེར་འབར་བ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ལུས་དང་། ངག་དང་ཡིད་ཁྱབ་པ་རྣམས་ཀྱིས་བཀང་བ་སྟེ། དེ་རྒྱུར་གྱུར་པ་རྣམས་ཀྱིས་སོ། །གང་དུ་

བསྐུལ་བས་ཤེ་ན། རང་གི་ལུས་ངག་སེམས་གནས་ལས་ཏེ། བསྒྲུབ་པར་བྱ་བའི་ལུས་ལ་སོགས་པ་ཉིད་ནི་སྡིག་པའི་གནས་ཡིན་ལ་དེ་ལས་དེ་རྣམས་ཀྱིས་སོ། །དེའི་ལུས་ལ་སོགས་པར་གཏོགས་པའི་སྡིག་པ་ནག་པོ་ཡི་གེ་ཀཾ་གིས་དེའི་སྙིང་གར་བསྡུས་པ་ནི་དམ་ཚིག་ཀྱང་ཡིན་ལ་དེ་

བྱུང་བ་ཡང་དེ་ཉིད་ཡིན་ནོ། །དེ་ནས་ལྟེ་བ་ཡན་ཆད་དུ་འོད་ཟེར་འབར་བའི་སྔགས་ཀྱིས་རིམ་གྱིས་བཏེག་ཅིང་ཡི་གེ་ཁཾ་ཡང་སྙིང་ག་ལས་གོང་བུར་བྱུང་སྟེ། རང་གི་ལྷའི་རྣམ་པ་ཐམས་ཅད་དཀར་པོར་ཡོངས་སུ་གྱུར་པའི་རང་གི་སྔགས་སྙིང་གར་ཕྱིན་ནས་གནས་པ་ལ་ཡི་གེ་ཁཾ་ཡང་སྣ་རྩེ་ལས་བྱུང་བ་ཉིད་ན་

གནག་ཅིང་མི་སྡུག་པའི་སྤྲེའུ་ལ་སོགས་པའི་རྣམ་པར་ཡོངས་སུ་གྱུར་ནས་བྱུང་བར་བསམ་པར་བྱའོ། །སྤྲེའུ་དང་འདྲ་བར་ཡོངས་སུ་གྱུར་པའི་དམ་ཚིག་ལ་དེ་སྐད་ཅེས་བྱ་ཞིང་། ཁྱི་དང་འདྲ་བར་གྱུར་པའི་བྱུང་བ་དེ་ལའང་དེ་སྐད་ཅེས་བྱའོ། །དེ་བྱུང་བ་དག་ཏུ་རྣམ་པར་བསམ་པ་ནི་རྣམ་པར་བརྟག་

པར་བྱའོ། །ཡང་ན་ཞེས་བྱ་བ་གསུངས་པའི་ཕྱིར་གནག་ཅིང་མི་སྡུག་པ་གཅེར་བུ་ཡི་དགས་ཀྱི་གཟུགས་སུ་ཡོངས་སུ་གྱུར་པའང་རུང་། འཁོར་ལོའམ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་ཏུའོ། །རྡོ་རྗེའང་རུང་ཞེས་བྱ་བ་ནི་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་དག་ལའོ། །བསྒོམས་ནས་

ཞེས་བྱ་བ་ནི་འབར་བ་རྣམ་པར་བསམས་ནས་སོ། །རྡོ་རྗེ་གོ་འཕང་ནི་སྐུ་རྡོ་རྗེ་ལ་སོགས་པའི་ང་རྒྱལ་ཏེ་དེའི་གནས་སོ། །ལུས་ལ་སོགས་པའི་ཚོགས་ནི་ལུས་དང་ངག་སེམས་དམ་ཚིག་རྣམས་སོ། །དེས་ནི་ཞེས་བྱ་བ་ནི་འཁོར་ལོ་ལ་སོགས་པས་ནིའོ། །རབ་ཏུ་རྩོལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་

བའི་ནད་ཉེ་བར་ཞི་བར་བྱ་བའི་ཕྱིར་རོ། །སངས་རྒྱས་སྤྲིན་དག་ཅེས་བྱ་བ་ནི་ཕྱོགས་རྣམས་ནས་ལྷགས་ཏེ། སྐུ་ལ་སོགས་པར་ཞུགས་ནས་གནས་པ་དག་གོ། །རྡོ་རྗེ་རྣམས་ཀྱི་རྒྱལ་པོ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་སྤྲིན་བསམ་པར་བྱའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་དེ་ལྟར་བསྒོམས་པས་སོ། །སངས་

Vol. 41 · folio 40a

རྒྱས་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །ཁྲོས་པར་ཞེས་བྱ་བ་ལ་ནིའི་སྒྲས་ནི་བསྣུན་པར་ནིའོ། །དེ་ལ་ཞེས་བྱ་བ་ནི་སྤྲེའུ་ལ་སོགས་པ་དང་འདྲ་བར་བྱུང་བའི་ནད་ལའོ། །ནད་ཀྱི་རིགས་ལས་སྐྱེས་པར་གང་གྲགས་པ་དེ་ཡང་འཇིག་པར་འགྱུར་རོ། །བརྒྱ་རྩ་བརྒྱད་པ་ནི་བརྒྱ་

དང་བརྒྱད་བཟླས་པ་སྟེ་དེའི་སྦྱོར་བས་ཡིན་གྱི་བསམ་གཏན་ཡན་གར་བས་ཀྱང་མ་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་ནོ། །བདག་གི་སྔགས་རྒྱལ་གྱིས་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་དང་ཏིང་ངེ་འཛིན་དང་སྔགས་ཀྱིས་སོ། །རྡོ་རྗེའི་བསམ་གཏན་ནི་བཤད་མ་ཐག་པའི་བསམ་གཏན་

ནོ། །དམ་ཚིག་ནི་ཏིང་ངེ་འཛིན་ཏོ། །ལས་ཀྱི་དངོས་གྲུབ་ཕྲ་མོའོ། །དེ་དེ་ལྟར་ན་དངོས་གྲུབ་མཆོག་དང་དམན་པ་གསུངས་ནས་དངོས་གྲུབ་ཕྲ་མོ་རྣམས་ཀྱང་གསུངས་པ་ཡིན་ཏེ། དངོས་གྲུབ་ཏུ་མཚུངས་པའི་ཕྱིར་རོ། །ད་ནི་ཚོགས་ཀྱི་ལམ་ལ་གནས་པའི་རྣལ་འབྱོར་པས་བཟླས་པ་དང་བསྒོམ་པ་

ལ་བརྩོན་པ་རྣམས་ཀྱིས་ནི་དངོས་གྲུབ་ཀྱི་མཚན་མའི་རྨི་ལམ་དག་མཐོང་བར་འགྱུར་ལ། མཐོང་ནས་ཀྱང་སྔོན་དུ་བསྙེན་པ་ལ་འཇུག་པར་འགྱུར་བ་གང་ཡིན་པ་དེ་བསྟན་པའི་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་དང་ཐར་པ་ནི་ཐབས་གསུམ་པའི་འབྲས་བུའོ། །

རྡོ་རྗེ་ཆེ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་འདྲ་བའི་སྐུ་ལ་སོགས་པ་སྟེ། དངོས་གྲུབ་དམན་པ་རྣམས་ཞེས་བྱ་བའི་དོན་ཏོ། །དེ་དག་རྒྱས་པར་བཤད་མ་ཐག་པའི་ཚུལ་དུ་སྟོན་པར་མཛད་པའི་བཅོམ་ལྡན་འདས་ལ། འདོད་དང་ཐར་པ་རྡོ་རྗེ་ཆོས། །ཞེས་བྱའོ། །དངོས་གྲུབ་རྣམ་པ་གཉིས་པོ་

དེ་ཉིད་ནི་ཡེ་ཤེས་ཡིན་ལ། དེ་འདྲེན་པར་མཛད་པས་ན་ཡེ་ཤེས་ཀྱི་ཀྱོ་བ་ཡང་དེ་ཡིན་ལ། དངོས་གྲུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རྨི་ལམ་ཆེན་པོར་སྣང་བའི་འོད་པོ་ཆེ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་དེ་མ་ཐག་ཏུ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །

དེ་ལ་རང་བཞིན་གྱིས་སླུ་བའི་རྨི་ལམ་ལ་ཡོངས་སུ་སྟོན་ཞེ་ན། འགའ་ཞིག་ཐེ་ཚོམ་དུ་གྱུར་པ་དེ་བསལ་བའི་ཕྱིར་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་མེད་ཀྱང་གཉིས་སུ་སྣང་བས་བསླད་པའི་རྣམ་པར་རིག་པ་ཙམ་གྱིས་ལུས་ཅན་གཞན་གྱི་དབང་གི་མཚན་ཉིད་ཅན་གྱི་

Vol. 41 · folio 40b

ཆོས་རྣམས་ཐམས་ཅད་ནི་རྨི་ལམ་ལྟ་བུའོ། །ཀུན་དུ་བརྟགས་པ་ཉིད་ཡིན་པའི་ཕྱིར་སྐྱེ་བ་དང་བྲལ་བའི་རང་བཞིན་གྱིས་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་གང་ཡིན་པ་དེ་དང་ལྡན་པའི་ཕྱིར་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་ངོ་། །གཉིས་ཀྱི་རང་བཞིན་དེ་དག་ཉིད་ཀྱིས་དག་པ་སྟེ། སྟོང་པ་

དེ་ཉིད་འདི་དག་ལ་ཡོད་པས་ན་དེ་སྐད་ཅེས་བྱ་སྟེ། དེ་དག་ནི་གཉིས་ཀྱིས་སྟོང་པའི་ཡོངས་སུ་གྲུབ་པའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཨེ་མའོ་དེ་ལྟ་བུའི་རྣམ་པ་ཅན་གྱིས་ནི་ཆོས་ཐམས་ཅད་ནི་ཇི་ལྟར་རྨི་ལམ་གྱི་ལ་ཡིད་བརྟན་དུ་མེད་པ་དེ་བཞིན་དུ་གཞན་དག་ཏུ་ཡང་འཁྲུལ་པ་ཙམ་ཡིན་

ནོ། །འོན་ཀྱང་འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས་ཏེ། བག་ཆགས་བརྟན་པོས་ཤིན་ཏུ་བརྟན་པར་གྱུར་པ་ནི་འཁྲུལ་པའི་རྡོ་རྗེ་ཡིན་ལ། དེ་ཉིད་དོན་བྱེད་པ་ལ་མི་སླུ་བའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་དུ་གསུངས་པ་ནི་ཚད་མར་བརྗོད་དེ། ཇི་ལྟར་ཡུལ་དང་དུས་དང་རྣམ་པ་ཐ་དད་པ་ཡིན་ན་ཡང་།

ཆུ་ཟླ་དང་ནི་རྨི་ལམ་བདེན་པ་དང་ནགས་ཚལ་སྟུག་པོ་ལ་སོགས་པའི་འཁྲུལ་པ་ནི་འཁྲུལ་པའི་རྡོ་རྗེ་ཡིན་པ་དེ་བཞིན་དུ་དངོས་གྲུབ་ཀྱི་མཚན་མའི་རྨི་ལམ་དེ་དག་ཀྱང་ཡིན་པའི་ཕྱིར། འདི་ལ་སོམ་ཉི་བྱ་བར་རིགས་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ་

ཚིགས་སུ་བཅད་པ་འདིས་ནི་བསྟན་པའོ། །བསམ་གཏན་བཟླས་པའི་དོན་ནི་དམིགས་པའོ། །དེ་ལ་བརྩོན་པ་ནི་སེམས་བརྟན་པར་གྱུར་པ་ཅན་ནོ། །ཡང་ན་བསམ་གཏན་བཟླས་པའི་དོན་ནི་འབྲས་བུ་ཡིན་ཏེ། །དངོས་གྲུབ་རྣམ་པ་གཉིས་སོ། །དེ་ནི་མཐོང་བ་དེ་ལས་གཞན་པ་གང་ཡིན་

པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་དབྱེ་བ་མཐོང་ཞེས་བྱ་བ་སྟེ་དངོས་གྲུབ་ཀྱི་དབྱེ་བའོ། །རྣམ་པ་གཉིས་ནི་བདག་ཉིད་ལ་སངས་རྒྱས་ལ་སོགས་པའི་གཟུགས་སུ་མཐོང་བ་ནི་དངོས་གྲུབ་མཆོག་ཡིན་ལ་གཞན་མཐོང་བ་ནི་དངོས་གྲུབ་དམན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི།

དེ་དག་གི་ནང་ནས་སོ། །རྨི་ལམ་གྱི་དམ་ཚིག་གི་གནས་ཉིད་ནི་རྟོགས་པའི་མཚན་མ་ཡིན་ལ། དེ་དང་དེའི་དངོས་གྲུབ་མཆོག་གི་ཡུལ་ཉིད་ཡིན་པའི་ཕྱིར་ཆེན་པོ་ཡང་ཡིན་པས་ན། རྨི་ལམ་ཆེན་པོའི་དམ་ཚིག་གི་གནས་སོ། །བྱང་ཆུབ་ཉིད་ཡེ་ཤེས་ཀྱི་མཆོག་ཡིན་ལ་དེ་ཐོབ་པས་བདག་

Vol. 41 · folio 41a

ཉིད་ཅེས་བྱ་བར་སྦྱར་རོ། །སངས་རྒྱས་འོད་ནི་བཟང་པོར་ཞེས་བྱ་བ་ནི་རབ་ཏུ་གྲགས་པའི་སངས་རྒྱས་ཀྱི་སྐུ་མདོག་དང་མཚན་དང་དཔེ་བྱད་རྣམས་ཀྱིས་རྣམ་པར་མཛེས་པའོ། །སངས་རྒྱས་རྫོགས་ལོངས་སྤྱོད་པའི་སྐུ་ཡང་ཞེས་བྱ་བ་ནི་ཡོངས་སུ་དག་པའི་སངས་རྒྱས་

ཀྱི་ཞིང་དུ་གཙོ་བོ་འབའ་ཞིག་ཏུའོ། །མཆོད་པར་བྱེད་པ་ཞེས་བྱ་བ་ནི་བདག་ཉིད་ལའོ། །གཟུགས་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །མཆོད་པ་བྱས་པར་ཞེས་བྱ་བ་ནི་རང་གི་གཟུགས་ལའོ། །ཡེ་ཤེས་ཆེན་པོ་ནི་སྐུ་རྡོ་རྗེ་ལའོ། །རྡོ་རྗེ་སེམས་དཔའ་ནི་ཐུགས་རྡོ་རྗེ་ལའོ། །རྡོ་རྗེ་

ཆོས་ནི་གསུང་རྡོ་རྗེ་ལའོ། །སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་ལ་ངེས་པ་ཉིད་ཀྱི་ཕྱིར་ན་གསང་བའོ། །རྡོ་རྗེ་ཡང་དེ་ཡིན་ལ་བསོད་ནམས་མཛད་པ་ཉིད་ཀྱི་ཕྱིར་གྲགས་པ་ཆེན་པོ་ཡང་ཡིན་པས་ནའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའོ། །གཟུགས་ཞེས་བྱ་བ་ནི་རང་གི་ལུས་སོ། །འདི་འདྲ་བ་

ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱག་བྱས་པར་གྱུར་པའོ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི་རྣམ་པར་དག་པའི་མཐར་ཐུག་པའོ། །དེ་ནི་རྡོ་རྗེ་འཛིན་པའི་མཚན་ཉིད་དེ་ལས་སྐྱེ་བ་སྟེ། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་སུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །

ལྷ་རྣམས་ཀྱི་བུ་མོ་དང་ཁྱེའུ་དང་བུ་མོ་དག་ཡིད་དུ་འོང་བ་དེ་རྣམས་ཀྱང་མངོན་དུ་ཕྱོགས་པར་གྱུར་པའམ། ཉེ་བར་གནས་པའམ་གང་ན་གནས་པར་མཐོང་ནའོ། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་ཞེས་བྱ་བ་ནི་ཆོས་སྟོན་པའི་ཕྱིར་རོ། །བསམ་གཏན་རྡོ་རྗེ་ནི་ཏིང་ངེ་འཛིན་གྱི་རྡོ་རྗེའོ། །དེ་ལ་གནས་པ་ནི་སེམས་

བརྟན་པར་གྱུར་པའོ། །དེ་ཉིད་ཀྱིས་ན་དེ་ལས་བྱུང་བའི་ཕྱིར་དམ་ཚིག་སྦྱོར་བ་ཡང་དེ་ལྟར་མཐོང་བར་འགྱུར་རོ། །དབང་བསྐུར་བ་ཞེས་བྱ་བ་འདིར་བདག་ཉིད་ཅེས་བྱ་བ་ནི་ལྷག་མ་སྟེ་བསམ་གཏན་དམ་ཚིག་ཅན་དག་གིས་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་མཆོད་པ་བྱས་པ་ཡང་ཞེས་བྱ་བ་འདིར་ཡང་ངོ་

ཞེའོ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་མཆོག་གི་མཚན་མ་ཡོངས་སུ་རྫོགས་ཞེས་བྱ་བའི་དོན་ཏོ། །ཡང་གསུངས་པ་ཞེས་བྱ་བ་ནི་དངོས་གྲུབ་དམན་པའི་མཚན་མའི་ཚིགས་སུ་བཅད་པ་འོག་མ་གཉིས་སོ། །རྡོ་རྗེ་ལས་བྱུང་ཞེས་བྱ་བ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །འདིར་ནི་དེ་ཐོབ་པ་ཅན་གྱི་བྱང་ཆུབ་

Vol. 41 · folio 41b

སེམས་དཔའ་ཉིད་ལ་རྡོ་རྗེ་ཞེས་བཤད་དོ། །དེ་ཡང་དག་པར་འབྱུང་བ་ནི་ཡང་དག་པར་སྐྱེས་པའོ། །སྣ་ཚོགས་པའི་ཞེས་བྱ་བ་ནི་བདག་ཉིད་བྱང་ཆུབ་སེམས་དཔར་གྱུར་པའམ། བྱང་ཆུབ་སེམས་དཔའི་མཛད་པ་ཆེན་པོ་ལ་འཇུག་པར་གྱུར་པའམ། གཞན་སངས་རྒྱས་དང་བྱང་ཆུབ་

སེམས་དཔའ་མངོན་སུམ་དུ་གྱུར་པའམ། བུ་མོ་དང་ཁྱེའུ་ཡིད་དུ་འོང་བའམ། དེ་ལྟ་བུའི་རིགས་གཞན་འགའ་ཞིག་མཐོང་ནས་ཞེས་བྱ་བའི་དོན་ཏོ། །དྲི་མ་མེད་ཅེས་བྱ་བ་ནི་བསྔགས་པའོ། །བླ་ན་མེད་པར་ཞེས་བྱ་བ་ནི་གོང་ན་མེད་པ་ཉིད་དེ་དགག་པ་དང་འདྲ་བ་དང་ལྡན་པའི་རིགས་པས་

འཇིག་རྟེན་ལས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འདྲ་བ་ཞེས་བྱ་བའི་དོན་ཡིན་གྱི་རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་སྐྱེས་པ་སྟེ། སྐུའི་རྡོ་རྗེའམ། གསུང་གི་རྡོ་རྗེའམ། ཐུགས་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་

ཐུགས་རྡོ་རྗེ་ལས་སྐྱེས་པའོ། །གདོལ་པ་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་གདོལ་པ་མོའམ་ཁྱི་མོའམ་རྒོད་མ་ལ་སོགས་པ་རྣམས་དང་། བདག་ཉིད་སྦྱོར་བས་རྡོ་རྗེ་སློབ་དཔོན་ཏེ། བརྟག་པའི་བློས་མཐོང་བར་གྱུར་པ་དེའི་ཚེ་ཐུགས་ཀྱི་གསང་བ་འགྲུབ་པར་འགྱུར་རོ། །མི་བསྐྱོད་པ་

ནི་བློ་ལྡན་མི་བསྐྱོད་པའི་ཞེས་བྱ་བ་གང་ཡིན་པ་ནི་ཚིགས་སུ་བཅད་པའི་དོན་ཡིན་ནོ། །དངོས་གྲུབ་ཀྱི་མཚན་མ་རྣམས་སོ། །ཇི་ལྟར་དངོས་གྲུབ་ཀྱི་མཚན་མའི་རྨི་ལམ་རྣམས་བསྒོམས་པའི་སྟོབས་ལས་མ་བསམས་པར་འབྱུང་བ་དེ་བཞིན་དུ་དངོས་གྲུབ་རྣམས་ཀྱང་ཡིན་ནོ་ཞེས་ངེས་པར་བྱ་

བའི་ཕྱིར་དངོས་གྲུབ་ཉེ་བའི་ཆེད་དུ་རྨི་ལམ་གྱི་མཚན་མ་མཐོང་བ་རྣམས་ཀྱིས་རྨི་ལམ་བརྟག་པར་བྱ་བ་ཡིན་པ་དེའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དེ་ལ་ཞེས་བྱ་བ་ནི་རྨི་ལམ་གྱི་མཚན་མ་དེ་མཐོང་བ་ཡོད་ནའོ། །རྨི་ལམ་གྱི་རྣམ་པར་དཔྱད་པ་ནི་ཆོས་ཐམས་ཅད་མཉམ་

པ་ཉིད་ཀྱི་ཡེ་ཤེས་ཀྱིས་རྨི་ལམ་རྣམ་པར་དཔྱད་པར་བྱ་སྟེ། སེམས་ལ་དམིགས་སོ། །དེའི་སྙིང་པོ་ནི་སྙིང་པོ་བསྡུས་པ་སྟེ་ནམ་མཁའ་རྡོ་རྗེའོ། །འདི་ནི་ཞེས་པ་འཆད་པར་འགྱུར་བའི་ཚིགས་སུ་བཅད་པའི་དོན་གྱི་ཚུལ་ལོ། །དེ་ཉིད་ནི་རང་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ནི་འདི་ན་

Vol. 41 · folio 42a

བྱང་ཆུབ་སེམས་དཔའ་རྨི་ལམ་མཐོང་ན་རྨི་ལམ་དེ་ཉིད་ལ་མཉམ་པར་གཞག་པའི་སེམས་རབ་ཏུ་འཇོག་སྟེ་རྣམ་པར་དཔྱོད་པར་བྱེད་དོ། །རྨི་ལམ་འདི་ལ་ནི་གཟུང་བར་བྱ་བའི་དོན་ཅི་ཡང་མེད་ལ་གཟུང་བར་བྱ་བ་མེད་པས་འཛིན་པ་ཡང་མེད་དོ། །འོན་ཀྱང་གཉིས་མེད་པ་ལ་

གཉིས་སུ་སྣང་བའི་སེམས་ཙམ་འདི་ནི་འཁྲུལ་པ་ཙམ་ཡིན་ཏེ། རྨི་ལམ་འདི་ཇི་ལྟ་བ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་སེམས་ཙམ་གྱི་ལུས་ཅན་གྱི་ཆོས་ཐམས་ཅད་གཉིས་སུ་མེད་པ་ལ་གཉིས་སུ་སྣང་བ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་ན་རྨི་ལམ་ལྟ་བུ་ཉིད་ཡིན་པའི་ཕྱིར་ཆོས་

ཐམས་ཅད་ནི་སེམས་ཙམ་ཉིད་ཡིན་པ་དེ་ལྟར་དེ་རྣམས་སེམས་སུ་དམིགས་པ་སྟེ། ཡང་དག་པ་ལ་སོ་སོར་རྟོག་པ་གང་ཡིན་པ་འདི་ནི་སེམས་ལ་དམིགས་པ་ཞེས་བྱ་བར་བརྗོད་དོ། །འདི་ལ་ཆོས་རྣམས་ཐམས་ཅད་རབ་ཏུ་གནས་པ་སྟེ་རང་གི་སེམས་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མ་སྟེ། གཟུགས་

དང་ཚོར་བ་ལ་སོགས་པའི་ཆོས་སྣང་བ་གང་ཡིན་པ་དེ་ཐམས་ཅད་གཟུགས་དང་ཚོར་བ་ལ་སོགས་པའི་རྣམ་པ་ཅན་གྱི་རང་གི་སེམས་ཉིད་ཡིན་གྱི་སེམས་ལས་ཕྱི་རོལ་དུ་གྱུར་པའི་སེམས་ཀྱིས་གཟུང་བར་བྱ་བའི་དོན་མ་ཡིན་པ་དེ་ལྟར་ནི་དེ་རྣམས་སེམས་སུ་དམིགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་

སྣང་ངོ་ཞེས་བྱ་བའི་དོན་ཏོ། །དེའི་འོག་ཏུ་གཟུང་བ་མེད་པས་འཛིན་པ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་ན་གཉིས་སུ་མེད་པའི་ཕྱིར་གཉིས་སུ་མེད་པར་སྣང་བ་ཙམ་གྱི་མཚན་ཉིད་ཅན་གཉིས་ཀྱིས་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་རོ་གཅིག་པ་གཉིས་སུ་སྣང་བའི་འཁྲུལ་པའི་རྒྱུ་མཚན་ཡོངས་སུ་

སྤངས་ནས་ཡང་དག་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་རྗེས་སུ་འགྲོ་བའི་ཕྱིར་ལྷུན་གྱིས་གྲུབ་པ་མངོན་པར་འདུ་མི་བྱེད་པ་སྤྲོས་པའི་མཚན་མར་སྣང་བ་ཐམས་ཅད་དང་བྲལ་བས་གཉིས་ཀྱིས་སྟོང་པའི་སྤྲོས་པ་མེད་པ་དེ་ལ་སེམས་མཉམ་པར་འཇོག་གོ། །དེ་ནི་སྤྲོས་པ་མེད་པ་

རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན་པར་བཤད་དོ། །དེ་ཉིད་ནི་ནམ་མཁའ་རྡོ་རྗེ་སྟེ། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་མཐོང་བའི་ཕྱིར་ནམ་མཁའ་ཡང་དེ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཉིད་ཡིན་པའི་ཕྱིར། རྡོ་རྗེ་ཡང་ཡིན་པ་དེ་

Vol. 41 · folio 42b

ལྟར་ན་ནམ་མཁའ་རྡོ་རྗེའོ། །ནམ་མཁའ་རྡོ་རྗེའི་གནས་ཞེས་བྱ་བ་ལ་ནིའི་སྒྲ་ནི་ཡང་གི་དོན་ཏེ། ནམ་མཁའི་རྡོ་རྗེ་ལ་ཡང་ཆོས་རྣམས་ཐམས་ཅད་རབ་ཏུ་གནས་པའོ། །ཆོས་མེད་ཆོས་ཉིད་མེད་པ་སྟེ། རེ་ཞིག་ཆོས་ཀྱི་ཚུལ་དུ་སྣང་བ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྒྱུ་མཚན་ནུབ་པ་ན་དེ་

ལ་སྟོང་པ་ཉིད་ཙམ་དུ་སྣང་བའི་ཕྱིར་རོ། །ཆོས་ཉིད་ཀྱི་ཚུལ་དུ་ཡང་མ་ཡིན་ཏེ། ལྟུང་བའི་ཆོས་ཅན་རྒྱ་ཤུག་གི་འབྲས་བུ་ཁར་གཞོང་གིས་རྟེན་པར་བྱེད་པ་ན་དེ་རྣམས་ཀྱི་རྟེན་དུ་གྱུར་པ་ཡིན་ལ། སྟོང་པ་ཉིད་ནི་རྟག་པ་ཉིད་ཡིན་པའི་ཕྱིར་རྣམ་པ་ཇི་ལྟར་ཡང་བྱ་བ་མ་ཡིན་པ་དེ་བས་ན་འདིའི་

ནི་འགའ་ཞིག་གི་ཡང་བརྟེན་པ་མ་ཡིན་པ་དེ་ལྟར་ན་འདི་ནི་འགའ་ཞིག་གི་ཡང་ཆོས་ཉིད་མ་ཡིན་ནོ། །ཆོས་རྣམས་ཀྱི་ནི་སྟོང་པ་ཉིད་ཆོས་ཉིད་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་དོན་ནི་འདིའི་རང་བཞིན་ཞེས་བྱ་བ་ཡིན་གྱི། བརྟེན་པའི་ཡོན་ཏན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ངོ་མཚར་དུ་གྱུར་པ་ནི་ཆོས་རྣམས་རང་བཞིན་མེད་པ་ལའོ། །རྨད་དུ་གྱུར་པ་ནི་ནམ་མཁའི་རྡོ་རྗེས་ནམ་མཁའ་རྡོ་རྗེ་མཐོང་བ་ལའོ། །སྐུ་དང་གསུང་དང་ཐུགས་ནི་ཆོས་ཐམས་ཅད་དོ། །དེ་རྣམས་ཀྱི་དམ་ཚིག་ནི་ཡང་དག་པའི་དེ་ཁོ་ན་ཉིད་དང་ཡང་དག་

པར་རྟོགས་པ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་ཐེ་ཚོམ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ་དེ་གཅོད་པའོ། །ངོ་མཚར་དང་རྨད་དུ་གྱུར་པ་ནི་ཐེ་ཚོམ་ལས་གྱུར་པ་ཡིན་པ་དེའི་ཕྱིར་ཞུས་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་ནི་ཆོས་རྣམས་ངོ་བོ་མེད་པ་ལ།

ཆོས་ཀྱི་དེ་ཉིད་ཀུན་བཤད་པ་གང་ཡིན་པ་དེ་དང་དེ་ནི་ངོ་མཚར་ཡིན་ཏེ། རང་བཞིན་མེད་པར་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ངོ་མཚར་ལས་བྱུང་བ་ནམ་མཁའ་ལ་ནི་ནམ་མཁའ་བསྒོམ་ཞེས་བྱ་བ་ནི་ནམ་མཁའ་རྡོ་རྗེས་ནམ་མཁའ་བསྒོམ་པ་ནི་ཤིན་ཏུ་ངོ་མཚར་དང་ལྡན་པའོ། །

གང་གི་ཚེ་རང་གི་སེམས་ཉིད་ཆོས་ཐམས་ཅད་ཡིན་པ་དེའི་ཚེ་སྣ་ཚོགས་པ་ཉིད་ཡིན་ན་ཅིའི་ཕྱིར་ནམ་མཁའི་རྡོ་རྗེ་ཡིན། འོན་ཏེ་རང་གི་སེམས་ཉིད་ནམ་མཁའི་རྡོ་རྗེ་ཉིད་ཡིན་པ་དེའི་ཚེ་སྣ་ཚོགས་པ་ཉིད་མེད་པ་ཡིན་པས་ན་ཇི་ལྟར་ན་དེ་ཉིད་ཆོས་ཐམས་ཅད་ཡིན། འོན་ཏེ་ནམ་མཁའི་རྡོ་རྗེ་ཉིད་ཆོས་

Vol. 41 · folio 43a

ཐམས་ཅད་དུ་འགྱུར་བ་དེ་ལྟ་ན་ཡང་ནམ་མཁའི་རྡོ་རྗེས་ནམ་མཁའི་རྡོ་རྗེ་ཉིད་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ཏེ། རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རལ་གྲིའི་སོ་རྣོན་པོས་ཀྱང་རལ་གྲིའི་སོ་རྣོན་པོ་དེ་ཉིད་གཅོད་པར་མི་བྱེད་པ་ལྟ་བུའོ། །དེ་བཞིན་དུ་

ནམ་མཁའ་རྡོ་རྗེ་རྣམ་པ་མེད་པ་ཡིན་ན་ཡང་དེ་ཇི་ལྟར་དེ་བཞིན་ཉིད་ལ་དམིགས་པ་ཅན་ཡིན། དེ་ལ་དམིགས་པ་ཅན་ཡིན་ན་ཡང་ང་ནི་ཐམས་ཅད་དུ་གཏོགས་པ་དང་། ཐམས་ཅད་ཀྱི་རྗེས་སུ་ལྟ་བ་ཡིན་ནོ་ཞེས་རྣམ་པར་རྟོག་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ལ་རེ་ཞིག་དང་པོར་ཤིན་ཏུ་ངོ་

མཚར་དུ་གྱུར་པ་ཉིད་གསལ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྐུ་དང་གསུང་དང་ཐུགས་ནི་སྐུ་ལ་སོགས་པ་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་རྡོ་རྗེ་སྟེ། དེ་གང་གི་ཕྱག་ན་བསྣམས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཞེས་བྱ་བ་ནི་གཟུགས་ཅན་ནོ། །མི་ལྡན་ཏེ་

ཞེས་བྱ་བ་ནི་ལྡན་པ་ཉིད་དུ་རྟག་ཏུ་མི་སྣང་བ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་པ་རྣམས་ནི་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་འདས་ནས་ནམ་མཁའ་མཐའ་ཡས་ཙམ་དུ་སྣང་བའི་ཕྱིར་ལྡན་པ་ཡང་མ་ཡིན་ནོ། །མི་ལྡན་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་མི་ལྡན་པ་ཉིད་རྟག་

ཏུ་སྣང་བ་མ་ཡིན་ཏེ། གཟུགས་མཐོང་བ་རྣམས་ཀྱིས་ནམ་མཁའ་ཉིད་ལ་གཟུགས་ཐམས་ཅད་མཐོང་བའི་ཕྱིར་རོ། །ནམ་མཁའ་ནི་འདི་སྙམ་དུ་ཡང་མི་སེམས་སོ་ཞེས་བྱ་བ་ནི་ནམ་མཁའ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འགྲོ་ཞིང་རྒྱུན་མི་འཆད་པར་མཐོང་བ་ནི་

རྗེས་སུ་ལྟ་བའོ། །དེ་དང་ལྡན་པས་ན་རྗེས་སུ་ལྟ་བ་ཅན་ཏེ། ང་ནི་མཐའ་ཡས་པ་དང་འབའ་ཞིག་ཏུ་མཐོང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཞེས་བྱ་བ་ནི་གཟུགས་ཅན་གྱི་རྫས་དང་ནམ་མཁའི་ཚུལ་དུའོ། །རྨི་ལམ་ཞེས་བྱ་བ་ནི་རྨི་ལམ་ལྟ་བུར་སྣང་བའི་ཕྱིར་ཏེ་སེམས་དེ་ལ་དམིགས་

པ་ནི་སེམས་ཙམ་ཡིན་པའི་ཕྱིར་རོ། །རྨི་ལམ་དང་མཚུངས་པ་དེ་རྣམས་ཀྱི་དམ་ཚིག་ནི་རོ་གཅིག་པའི་ཡེ་ཤེས་ཏེ། ནམ་མཁའ་རྡོ་རྗེའོ། །དེ་ལས་བྱུང་བ་ནི་དེར་རོ་གཅིག་པར་གྱུར་པས་སྣང་བར་ཤེས་པར་བྱའོ། །དེ་འདི་སྐད་དུ་སེམས་ལ་དམིགས་པ་ལས་ཆོས་ཐམས་ཅད་སེམས་ཙམ་དུ་ཤེས་པར་གྱུར་

Vol. 41 · folio 43b

པ་ཡིན་ན་ཡང་བློ་འཁྲུལ་པའི་ཕྱིར་རང་གི་སེམས་མཚན་ཉིད་ཀྱི་རྒྱུ་མཚན་ཡང་དག་པ་མ་ཡིན་པ་དང་ལྡན་པ་སྣང་ངོ་། །ནམ་མཁའ་རྡོ་རྗེ་ནི་དེ་རྣམས་དང་བྲལ་བ་ཡིན་ཏེ། ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་ཞིང་དེ་རྣམས་ནུབ་པས་ཡང་དག་པ་ལ་སོ་སོར་རྟོག་པའི་སྟོབས་བསྐྱེད་པའི་ཕྱིར་ལྷུན་གྱིས་གྲུབ་

པའི་ནམ་མཁའི་རྡོ་རྗེ་ཤིན་ཏུ་འཁྲུལ་པ་མེད་པར་སྐྱེད་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་སེམས་ལ་དམིགས་པ་ལ་སྣ་ཚོགས་པར་སྣང་ཞིང་ནམ་མཁའ་རྡོ་རྗེ་ལ་ནི་རོ་གཅིག་པ་ཡིན་པ་དེ་ལྟར་ན་འདི་འགལ་བ་ཅི་ཞིག་ཡོད། སེམས་ཇི་ལྟ་བུར་གྱུར་པ་སྐྱེ་བ་དེ་ལྟ་བུར་གྱུར་པ་

ཉིད་དུ་སྣང་བ་སྟེ། གསལ་བའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་གསལ་བར་གྱུར་པ་ཉིད་ཀྱིས་འདི་དེ་ལྟར་གྱུར་པའི་བདག་ཉིད་དུ་རིག་པ་དེའི་ཕྱིར་ཇི་ལྟར་འདི་ནི་དེ་ལྟར་གྱུར་པ་འབྱུང་བ་འགལ་བ་མེད་པ་དེ་བཞིན་དུ་དེ་ལྟ་བུར་གྱུར་པའི་བདག་ཉིད་རིག་པ་ཡང་ཡིན་པའི་ཕྱིར་རང་རིག་

པ་ལ་ཡང་འགལ་བ་ཡོད་པ་མ་ཡིན་ནོ། །དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་བྱམས་པས་གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གལ་ཏེ་སེམས་དེ་ལས་ཐ་དད་པ་མ་ལགས་ན། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་ཇི་ལྟར་རྟོགས་པར་བགྱིད་

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེ་ལ་ཆོས་གང་ཡང་ཆོས་གང་ལ་ཡང་རྟོག་པར་མི་བྱེད་མོད་ཀྱི། འོན་ཀྱང་དེ་ལྟར་སྐྱེས་པའི་སེམས་གང་ཡིན་པ་དེ་དེ་ལྟར་སྣང་ངོ་ཞེས་གསུངས་པ་དང་། གཉིས་སུ་གྱུར་པ་ལ་རག་ལས་པའི་གཅོད་པར་བྱེད་པས་གཅད་པར་

བྱ་བ་རྣམ་པ་གཉིས་སུ་བྱེད་པ་དེའི་ཕྱིར་བདག་ཉིད་གཅོད་པ་འགལ་བ་ཡིན་པ་དེ་ལྟར་ན་དཔེ་དང་འདྲ་བ་མ་ཡིན་ནོ། །འདི་ལྟར་ཆོས་ཐམས་ཅད་ལ་གཉིས་ཀྱིས་སྟོང་པ་ཉིད་དུ་ཡང་དག་པར་རིག་པ་ཉིད་དམིགས་པ་ཡིན་གྱི་གཟུང་བ་ཉིད་ནི་མ་ཡིན་ནོ། །མཚན་མ་ཉིད་ཀྱིས་དབེན་པ་ཉིད་ནི་ནམ་མཁའ་

རྡོ་རྗེའི་རྣམ་པ་ཡིན་ཏེ། དེ་ཉིད་ཀྱིས་དེ་ཡང་དག་པར་རིག་པ་འགྲུབ་པའི་ཕྱིར་དང་། རྣམ་པ་གཞན་གྱིས་གྲུབ་པ་མ་ཡིན་པའི་ཕྱིར་ཏེ། དཔེར་ན་བུམ་པར་སྣང་བས་དབེན་པ་མཐོང་བས་ས་ཕྱོགས་སུ་བུམ་པས་སྟོང་པ་ཉིད་དུ་འགྲུབ་ཀྱིས་གཞན་གྱིས་ནི་མ་ཡིན་པ་ལྟ་བུའོ། །ཐེག་པ་ཆེན་པོ་བསྡུས་

Vol. 41 · folio 44a

པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་དམིགས་པ་ནི། །ཆོས་རྣམས་བརྗོད་དུ་མེད་པ་ཉིད། །བདག་མེད་དེ་བཞིན་ཉིད་ཀྱང་དེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །བྱང་ཆུབ་སེམས་དཔའི་རྣམ་པའིའོ། །ཤེས་བྱ་

དམིགས་པ་དེ་ཉིད་ལ། །མཚན་མ་མེད་པ་གང་ཡིན་པའོ། །ཞེས་བཤད་དོ། །འོ་ན་ཇི་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་རྣམ་པ་མེད་པ་ཞེས་བྱ་ཞེ་ན། གཉིས་ཀྱི་རྣམ་པས་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་དམིགས་པ་མེད་པ་ཞེས་བྱ་ཞེ་ན། གཟུང་བའི་དོན་གཞན་ལ་མི་རྟོག་པའི་

ཕྱིར་རོ། །དེ་ལྟར་ན་རྣམ་པར་མི་རྟོག་པ་དེ་ཉིད་ནམ་མཁའ་རྡོ་རྗེ་ཆོས་ཐམས་ཅད་དུ་གཏོགས་པ་དེ་ནི་དེ་བཞིན་ཉིད་རིག་ཅིང་ཉམས་སུ་མྱོང་བ་ན་ཡང་འདི་ལྟར་ང་ནི་ཐམས་ཅད་དུ་གཏོགས་པ་ལ་ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་དུ་ཡང་རྣམ་པར་རྟོག་པར་མི་བྱེད་དོ། །དེ་དེ་ལྟར་ན་ཤིན་ཏུ་ངོ་མཚར་དུ་གྱུར་པ་

མདོར་བསྡུས་པས་གསལ་ནས་རྒྱས་པར་ངོ་མཚར་དུ་གྱུར་པ་གསལ་བའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ནི་གཟུང་བ་མེད་པར་སྟོན་པར་བྱེད་དོ། །གཟུགས་ཀྱི་ཕུང་པོ་ལས་གཞན་གཟུང་བར་བྱ་བའི་རྫས་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་རབ་ཏུ་གྲགས་པ་

ཡིན་ལ། གཟུགས་ཀྱི་ཕུང་པོ་ནི་ཡོད་པ་མ་ཡིན་ནོ་ཞེས་མ་གྲགས་པ་དེ་འདིས་དངོས་སུ་བརྗོད་པར་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཚིག་རྩོམ་པའོ། །དཔེར་ན་ཞེས་བྱ་བ་ནི་ཇི་ལྟར་རབ་ཏུ་གྲགས་པའོ། །དེ་གང་ཞེ་ན། ནམ་མཁའི་གཟུགས་ཅན་མ་ཡིན་པ་བལྟར་མི་སྣང་བ་སྟེ། གཟུགས་ཀྱི་ཕུང་པོའི་

རང་བཞིན་མེད་པའི་ཕྱིར་གཟུགས་ཅན་མ་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་མིག་གི་རྣམ་པར་ཤེས་པ་འདིས་བལྟར་སྣང་བ་མེད་པའི་ཕྱིར་བལྟར་མི་སྣང་བ་སྟེ། ནམ་མཁའ་ལ་ནི་གཟུགས་ཅན་གྱི་རྫས་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བ་ཉིད་དུ་ཆོས་ཐམས་ཅད་

གཟུགས་ཅན་མ་ཡིན་ཞིང་བལྟར་མི་སྣང་བར་ཤེས་པར་བྱ་སྟེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་གཟུགས་ཀྱི་ཕུང་པོ་དང་སྐྱེ་མཆེད་བཅུ་དང་ཁམས་བཅུ་པོ་དོན་དམ་པར་ཡོད་པ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་གཞན་གྱི་སེམས་ལ་སོགས་པ་གཟུང་བ་ཡོད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན།

Vol. 41 · folio 44b

ཇི་ལྟར་སྣང་བ་ནི་མེད་པ་ཉིད་ཡིན་པའི་ཕྱིར་དང་། ཇི་ལྟར་ཡོད་པ་ཉིད་ནི་མི་སྣང་བའི་ཕྱིར་ཏེ། དེ་དག་ཀྱང་གཟུང་བ་མ་ཡིན་པ་དེ་ལྟར་ནི་སྐྱོན་ཡོད་པ་མ་ཡིན་ནོ། །འཛིན་པ་མེད་པར་སྟོན་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་དུ་གསུངས་པ་གང་ཡིན་པ་དེ་འདི་ལྟ་སྟེ། དཔེར་

ན་མདོ་སྡེ་གཞན་དག་ཏུ་རབ་ཏུ་གྲགས་པའི་ཆོས་ཐམས་ཅད་རྒྱས་པ་དེ་མདོར་བསྡུས་ནས་ལུས་དང་ངག་དང་སེམས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་དེ་བཞིན་དུ་རིག་པར་བྱའོ། །ཅི་འདྲ་བ་ཞིག་ཅེ་ན། ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཆོས་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །ངོ་བོ་ཉིད་གཅིག་པ་ནི་ཞེས་བྱ་བ་ནི་ཇི་ལྟར་

གཟུང་བ་དེ་དང་དེའི་རང་བཞིན་གྱིས་སྟོང་པ་དེ་བཞིན་དུ་འཛིན་པའི་རང་བཞིན་གྱིས་ཀྱང་སྟོང་སྟེ། གཟུང་བ་མེད་ན་འཛིན་པ་ཡང་མི་རུང་བའི་ཕྱིར་རོ། །འཛིན་པའི་རང་བཞིན་གང་གིས་ཤེ་ན་གང་ལྷག་མར་གྱུར་པའི་ཕུང་པོ་བཞི་དང་ཁམས་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་སོ། །དེ་ལྟར་ནི་རྣམ་པར་ཤེས་

པར་བྱེད་པས་ན་རྣམ་པར་ཤེས་པ་སྟེ། དེ་ཡང་དོན་གྱི་རང་གི་ངོ་བོ་ཙམ་འཛིན་པ་ཡིན་ལ། དོན་དེ་ཉིད་ཀྱི་ཁྱད་པར་འཛིན་པའི་སེམས་ལས་བྱུང་བའི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དག་ཡིན་ནོ། །དེ་ལྟར་ན་གཟུང་བ་དང་འཛིན་པའི་རང་བཞིན་མེད་པའི་ཕྱིར་རང་བཞིན་གཞན་གང་ཞིག་ལུས་ན་གང་གིས་དེ་

ངོ་བོ་ཉིད་གཅིག་པ་ཡིན་སྙམ་པ་ལ་དེའི་ཕྱིར་འདི་ལྟ་སྟེ་སེམས་ཀྱི་ངོ་བོ་ཉིད་དོ་ཞེས་གསུངས་ཏེ། གསལ་བའི་མཚན་ཉིད་ཅན་གྱི་སེམས་འདི་ཉིད་ནི་ཐོག་མ་མེད་པ་ནས་གཉིས་སུ་རྟོག་པའི་བག་ཆགས་ཀྱིས་བསླད་པའི་ཕྱིར་གཉིས་མེད་ཀྱང་གཉིས་ཀྱི་རྣམ་པར་བྱུང་བ་ཡིན་ཏེ། རྨི་ལམ་ལ་སོགས་པ་

ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །གཞུང་འདི་ཙམ་གྱིས་ནི་སེམས་ལ་དམིགས་པ་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སེམས་ཙམ་ཉིད་ཅེས་སྣང་བ་ཅི་འདྲ་བ་ཡིན་པ་དེ་རབ་ཏུ་བསྒྲུབས་པ་ཡིན་ནོ། །ནམ་མཁའི་རྡོ་རྗེར་སྣང་བ་ཅི་འདྲ་བ་ཡིན་པ་དེ་རབ་ཏུ་བསྒྲུབ་པའི་ཕྱིར་ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། ལུས་དང་ངག་དང་སེམས་ཀྱི་ཁམས་ནི་ཆོས་ཐམས་ཅད་སྣང་བའི་ལུས་ཅན་རྣམས་ཀྱི་རང་བཞིན་ཡིན་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་འདི་ནི་གཉིས་ཀྱིས་སྟོང་པ་ཉིད་ཡིན་ནོ། །ནམ་མཁའི་ཁམས་ནི་རང་བཞིན་ཏེ། དག་པའི་ནམ་མཁའོ། །དེ་དག་གཉི་ག་ཡང་གཉིས་སུ་མེད་ཅིང་

Vol. 41 · folio 45a

གཉིས་སུ་དབྱེར་མེད་པ་སྟེ། ཁྱད་པར་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་རང་གི་མཚན་ཉིད་རྣམས་ནི་གཉིས་པོ་བརྫུན་པའི་མཚན་མའོ། །ཁྱད་པར་ཉིད་ཀྱིས་ཡོངས་སུ་གྲུབ་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བར་དགོངས་སོ། །འདི་ཙམ་གྱིས་ནི་ཆོས་ཐམས་ཅད་རང་གི་

མཚན་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་རབ་ཏུ་འགྲུབ་པ་ཡིན་ནོ། །ཆོས་ཉིད་ཀྱང་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་རབ་ཏུ་བསྒྲུབ་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་འདི་ལྟ་སྟེ་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ནམ་མཁའི་ཁམས་ལ་གནས་ཏེ་ཞེས་བྱ་བ་

ནི་ནམ་མཁའ་ལྟ་བུའི་ཆོས་ཀྱི་དབྱིངས་ལ་གནས་པའོ། །ཇི་ལྟར་ན་ནམ་མཁའ་ལྟ་བུ་ཡིན་ཞེ་ན། དཔེར་ན་ཞེས་བྱ་བ་གསུངས་ཏེ། འདས་མ་ཐག་པ་ཉིད་དུ་ཇི་ལྟར་རབ་ཏུ་བསྒྲུབས་པའོ། །ཇི་ལྟར་དེ་རྣམས་དེ་ལ་གནས་ཤེ་ན། ནམ་མཁའ་དང་འདྲ་བའི་ཚད་མེད་པ་དང་རྟག་པ་དེའི་ནང་དུ་ཚད་ཡོད་པ་

དང་། མི་རྟག་པ་དེ་རྣམས་འདུས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། །འདོད་པའི་ཁམས་ལ་སོགས་པ་ལ་གནས་པ་མ་ཡིན་པ་ནི་ནང་དུ་འདུས་པ་མ་ཡིན་ཏེ། ཚད་མེད་པའི་ཕྱིར་དང་། རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཅིར་འགྱུར་ཞེ་ན། ཆོས་གང་ཞེས་བྱ་བ་ལ་སོགས་

པ་གསུངས་སོ། །རྟག་པར་མི་ནུས་སོ་ཞེས་བྱ་བ་ནི་བརྟན་པར་ནུས་པ་མ་ཡིན་ལ། བརྟན་པར་ནུས་པ་ནང་དུ་འགྱུར་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ། དཔེར་ན་ཁར་གཞོང་གིས་རྒྱ་ཤུག་གི་འབྲས་བུ་ལྟ་བུའོ་ཞེས་བྱ་བར་དགོངས་སོ། །གང་གི་ཕྱིར་འགའ་ཞིག་ལྟར་ཡང་བརྟན་

པར་བྱ་བ་མ་ཡིན་པ་དེའི་ཕྱིར་འགའ་ཞིག་གི་ཡང་ཆོས་ཉིད་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བ་ཡིན་ཏེ། གང་གི་ཕྱིར་མཚན་ཉིད་ཅན་ཇི་ལྟ་བ་བཞིན་དུ་ཆོས་མ་ཡིན་པ་དེ་བས་ན་རང་དང་སྤྱིའི་མཚན་ཉིད་དག་གིས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཡིན་ཏེ།

ངོ་བོ་ཉིད་མེད་པ་གང་གིས་སྤྲོས་པའི་རྒྱུ་མཚན་ཐམས་ཅད་ནུབ་པའི་དྲི་མ་མེད་པ་ནམ་མཁའི་རྡོ་རྗེ་ལ་སྣང་ངོ་ཞེས་བྱ་བར་དགོངས་སོ། །ནམ་མཁའ་རྡོ་རྗེ་ནི་བྱང་ཆུབ་ཀྱང་མ་ཡིན་བྱང་ཆུབ་ཀྱི་སེམས་ཀྱང་མ་ཡིན་པ་དེ་བས་ན་འདི་བསྒོམས་པས་ཅིར་འགྱུར་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

Vol. 41 · folio 45b

འདི་ལྟ་སྟེ་ཞེས་བྱ་བ་ནི་ནམ་མཁའི་རྡོ་རྗེ་ཉིད་དེ་བྱང་ཆུབ་ཀྱི་སེམས་སོ། །དཔེར་ན་ཞེས་བྱ་བ་ནི་ཇི་ལྟར་རབ་ཏུ་གྲགས་པའི་ཐེག་པ་ཆེན་པོ་ལའོ། །ཅིའི་ཕྱིར་དེ་བྱང་ཆུབ་ཀྱི་སེམས་ཡིན་ཞེ་ན། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །དེ་རྣམས་

འབྱུང་བ་ནི་བསྐྱེད་པའོ། །རྡོ་རྗེའི་གནས་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེ། བླ་ན་མེད་པའི་བྱང་ཆུབ་པོ། །དེ་བྱེད་པ་ནི་ཐོབ་པར་བྱེད་པ་སྟེ། རྒྱུ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གང་ཡིན་པ་དེ་ལ་དམིགས་པ་ཅན་གྱི་སེམས་མ་ཡིན་ནམ། དེ་ཅིའི་ཕྱིར་ནམ་

མཁའི་རྡོ་རྗེ་ཡིན་ཞེ་ན། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་བྱང་ཆུབ་ཀྱི་སེམས་ནི་ལུས་ལ་སོགས་པ་ལ་དམིགས་པ་ཅན་མ་ཡིན་ཏེ། འཁྲུལ་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་ཡང་ཡོད་

པ་མ་ཡིན་ཏེ། གཟུང་བ་མེད་པའི་ཕྱིར་རོ། །ཐུགས་ཀྱང་ཡོད་པ་མ་ཡིན་ཏེ། འཛིན་པ་མེད་པའི་ཕྱིར་རོ། །སྐུ་ལ་སོགས་པའི་རྣམ་པར་རིག་པའི་མཚན་ཉིད་ཅན་གྱི་སྐུ་དང་གསུང་དང་ཐུགས་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཅན་གང་ཡིན་པ་དེ་ཡང་དག་པའི་འཇིག་

རྟེན་པ་རྣམ་པར་རྟོག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་གཙོ་བོའི་བྱང་ཆུབ་མ་ཡིན་ནོ། །དམིགས་པ་དང་བཅས་པའི་བྱང་ཆུབ་ཀྱི་སེམས་ཀྱང་གཙོ་བོ་མ་ཡིན་ནོ་ཞེས་བྱ་བ་ཐུགས་ལ་བཞག་ནས། ཆོས་གང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆོས་གང་ཞེས་བྱ་བ་ནི་སེམས་ཀྱི་རྒྱུན་རྣམ་

པར་བྱང་བར་གནས་གྱུར་པའོ། །ཁམས་གསུམ་ན་མི་གནས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པའི་རང་བཞིན་ཅན་ཐམས་ཅད་ནི་ཁམས་གསུམ་པ་ཡིན་ལ། དེ་ལ་མི་གནས་པ་ནི་དེའི་རྒྱུ་མཚན་དུ་མི་གནས་པ་སྟེ། ཀུན་ནས་ཉོན་མོངས་པ་

ཅན་གྱི་ཆོས་ཐམས་ཅད་ཀྱི་ས་བོན་ནི་དེར་འཕགས་པའི་ལམ་གྱིས་ཡོངས་སུ་ཟད་པའི་ཕྱིར་རོ། །དེ་ལ་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་དེ་ལ་ཀུན་ནས་ཉོན་མོངས་པའི་ཆོས་འབྱུང་བ་ནི་ཡོད་པ་མ་ཡིན་ཏེ། ས་བོན་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་གནས་

Vol. 41 · folio 46a

ཡོངས་སུ་གྱུར་པའི་མཚན་ཉིད་ཅན་གྱི་ཆོས་གང་ཡིན་པ་འདི་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་ས་བོན་ཐམས་ཅད་ཟད་པ་ཡིན་པས་ན་རྣམ་པར་དག་པ་ཡིན་ལ། ལུས་དང་གནས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་རྟོག་པ་རྣམས་ནུབ་པའི་ཕྱིར་ནམ་མཁའ་དང་མཉམ་པ་སྟེ།

འདི་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའི་རྡོ་རྗེའི་གནས་ཡིན་ནོ། །དེ་བས་ན་དེ་བྱེད་པ་ནམ་མཁའི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཆོག་ཡིན་ནོ་ཞེས་དགོངས་སོ། །གང་གི་ཚེ་དེ་ཉིད་རྡོ་རྗེའི་གནས་ཡིན་པ་དེའི་ཚེ་དེ་བཞིན་གཤེགས་པ་རྣམས་མཛད་པ་མེད་པ་དང་། སྐུ་ལ་

སོགས་པ་མི་མངའ་བ་ཡིན་ན་དེ་རྣམས་ཀྱི་སྐུ་དང་གསུང་གི་ཁྱད་པར་སྣ་ཚོགས་པས་དེ་རྣམས་ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པ་གཞན་དག་གིས་ཇི་ལྟར་དམིགས་པར་འགྱུར་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། རྨི་ལམ་ཞེས་བྱ་བ་ནི་གཉིད་ལོག་

པའོ། །ཁམས་གསུམ་དུ་རྨི་ལམ་ཞེས་བྱ་བ་ནི་ཁམས་གསུམ་གྱི་རྣམ་པར་རྟོག་པ་དང་འགྲོ་བ་ལ་སོགས་པའི་ལས་རྨི་ལམ་དུ་མཐོང་བའོ། །དེ་རྣམས་ཀྱང་ཞེས་བྱ་བ་ནི་རྨི་ལམ་དུ་སྟོན་པའི་རྣམ་པར་རྟོག་པ་ལ་སོགས་པའི་ཕྱིར་རོ། །རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་དང་པོའི་རྨི་ལམ་མཐོང་ཞིང་

རྨི་ལམ་གྱི་བྱ་བའི་རང་བཞིན་ཅན་གྱི་བྱ་བ་དེ་ལ་ཇི་ལྟར་གཉིད་ལོག་པ་དང་སྐྱེས་བུ་དག་ལ་འདོད་པའི་རྟོག་པ་མེད་ཅིང་གཡོ་འགུལ་མེད་པ་དེ་བཞིན་དུ་སེམས་ལས་རྨི་ལམ་གྱི་ཁམས་གསུམ་པ་ཕྱི་རོལ་ན་མེད་བཞིན་དུ་སྟེ། རང་གི་བྱ་བ་ལ་སྨྲ་བར་འདོད་པ་མེད་པ་དེ་བས་ན་འདི་ནི་རྨི་ལམ་ལྟ་བུའོ། །

གཡོ་འགུལ་མེད་པ་དེ་བས་ན་འདི་ནི་རྨི་ལམ་དང་འདྲ་བའོ། །རྨི་ལམ་ལས་བྱུང་བ་ཞེས་བྱ་བ་ནི་རྨི་ལམ་དང་ལྷན་ཅིག་རོ་གཅིག་པ་སྟེ། གཟུང་བ་དང་འཛིན་པར་སྣང་བ་དག་ནི་བརྫུན་པ་ཉིད་ཀྱིས་ན་དེར་སྣང་བ་དག་ནི་རོ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །རྨི་ལམ་ལ་བདག་མེད་པའི་གནས་ཞེས་བྱ་བ་ནི་

རྨི་ལམ་མཐོང་བ་རྣམས་ཀྱིས་བདག་མེད་པའི་གནས་འདི་ནི་བདག་མེད་པའི་ཚུལ་གང་ཡིན་པ་དེ་རྟོགས་པར་བྱ་སྟེ་མཐོང་བར་གྱུར་པ་དེ་རྣམས་ཀྱང་མཐོང་བས་ན་འཁྲུལ་པའི་རྒྱུ་མཚན་ཙམ་ཉིད་ཀྱིས་མི་རྟོག་པ་ཉིད་དང་། གཡོ་འགུལ་མེད་པ་ཉིད་ཀྱི་ཕྱིར་དང་། སྣང་བ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་

Vol. 41 · folio 46b

རྡོ་རྗེའི་ཚིག་འདི་གསུངས་པ་གང་ཡིན་པ་དེ་ལ་སངས་རྒྱས་རྣམས་ཀྱི་སྐུ་གང་ཡིན་ཞེ་ན། ཆོས་ཀྱི་སྐུ་ཞེས་བྱ་བར་སྨྲ་སྟེ། དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་གྱིས་ཡོངས་སུ་གང་བ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་སྐྱེད་པར་བྱེད་པ་ཡིན་པ་དེ་བས་ན་ཆོས་རྣམས་ཀྱི་སྟོན་པ་ཡིན་པ་དེ་

ལྟར་ན་ཆོས་ཀྱི་སྐུ་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རྣམ་པ་གཉིས་ཏེ། དེ་ལ་ལ་ལ་ནི་དོན་དམ་པ་མཐོང་བའི་ཕྱིར་རྣམ་པ་མེད་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་ཡིན་ལ། ལ་ལ་ནི་ཆོས་ཀྱི་ལོངས་སྤྱོད་ཉིད་ཀྱི་ཕྱིར་རམ། གཞན་གྱི་དོན་གྱི་ཕྱིར་རྣམ་པ་དང་བཅས་པ་ཉིད་ཀྱིས་དག་

པ་འཇིག་རྟེན་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་རྒྱུ་མཐུན་པ་དང་གཉིས་སུ་མངོན་པར་ཞེན་པ་མེད་པ་ཉིད་ཀྱི་ཕྱིར་དང་། གཉིས་ཀྱིས་སྟོང་པ་ཉིད་ལ་རྟག་ཏུ་འཁྲུལ་པ་མེད་པའི་ཕྱིར་དག་པ་ཡང་ཡིན་ལ་རྣམ་པ་དང་བཅས་པ་ཡིན་པ་ཉིད་ཀྱི་ཕྱིར་འཇིག་རྟེན་པ་ཡང་ཡིན་པས་ན་དག་པ་འཇིག་རྟེན་པའོ། །

འཇིག་རྟེན་པའི་རྣམ་པར་རྟོག་པ་ཐམས་ཅད་ནི་སངས་རྒྱས་རྣམས་ཀྱིས་ཤིན་ཏུ་སྤང་བར་འདོད་དོ། །མཆོག་ཏུ་གནས་གྱུར་པ་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་ཟད་པ་ཅན་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ཉིད་ནི་ཟག་པ་མེད་པའི་དབྱིངས་ཡིན་ཞིང་དེ་ནི་ཡང་དག་

པར་རྫོགས་པའི་སངས་རྒྱས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་མ་ཡིན་ནོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་ཉིད་ཆོས་ཀྱི་སྐུ་ཡིན་པ་དེའི་ཚེ་ཉན་ཐོས་དང་རང་སངས་རྒྱས་དག་གི་ཡང་ཡིན་པར་འགྱུར་བའམ། ཡང་ན་འགའ་

ཞིག་གི་ཡང་རྣམ་པར་གྲོལ་བའི་སྐུ་ཆོས་ཀྱི་སྐུར་མི་འགྱུར་ལ། དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་མེད་པ་ནི་ནམ་མཁའི་མེ་ཏོག་དང་འདྲ་བར་དེས་སྐྱེ་བ་མི་རུང་བའི་ཕྱིར་རོ་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་

ཅད་ཀྱང་རྗེས་སུ་རྟོགས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཞིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཡོན་ཏན་དང་ལྡན་གྱི་གཞན་དག་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་སྐུ་ནི་རྣམ་པར་

Vol. 41 · folio 47a

གྲོལ་བའི་སྐུ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་སྔོན་གྱི་ཚོགས་ཀྱི་སྟོབས་བསྐྱེད་པའི་མཚན་ཉིད་ཅན་དང་ལྡན་པ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་ནི་མངོན་པར་འདུ་བྱེད་པ་མེད་པར་དོན་དུ་གཉེར་བ་

རྣམས་ལ་གསེར་རམ་རིན་པོ་ཆེའམ་དངུལ་བསམས་པ་ཙམ་གྱིས་འབྱོར་བར་བྱེད་ཀྱི་གཞན་དག་གིས་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་ཡང་མངོན་པར་འདུ་མཛད་པ་མེད་པར་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ་རང་གི་སྐུ་དང་གསུང་དང་ཐུགས་

སེམས་ཅན་གྱི་སྐལ་བ་ཙམ་གྱིས་སྐྱེད་པར་མཛད་ཀྱི་གཞན་དག་གིས་ནི་མ་ཡིན་ནོ། །ཇི་ལྟར་གསེར་དང་རིན་པོ་ཆེ་དང་དངུལ་དེ་དག་གི་དོན་དུ་གཉེར་བ་རྣམས་ཀྱི་སེམས་ལ་ཡང་མི་གནས་ཡིད་བཞིན་གྱི་ནོར་བུ་ལ་གནས་པ་ཡང་མ་ཡིན་པ་དེ་ལྟར་ན་ཡང་དེ་དག་ལས་འབྱུང་བར་འགྱུར་རོ། །དེ་

བཞིན་དུ་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་ལ་ཡང་མི་གནས་པ་སེམས་ཅན་གྱི་རྒྱུད་ལ་གནས་པ་ཡང་མ་ཡིན་པ་དེ་ལྟར་ན་ཡང་དེ་དག་ལས་འབྱུང་བར་འགྱུར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཡང་དེ་བཞིན་དུ་རྗེས་

སུ་རྟོགས་པར་བྱ་སྟེ། ཡིད་བཞིན་གྱི་ནོར་བུ་དང་གསེར་ལ་སོགས་པའི་ཚུལ་དུ་རྒྱུ་དང་རྐྱེན་རྣམས་ལ་ཡོད་པ་མ་ཡིན་བཞིན་དུ་ཆོས་ཐམས་ཅད་འབྱུང་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཀྱི་སྐུ་ནི་ཡོད་དེ་དེ་ཡང་ཡང་དག་པར་རྫོགས་པའི་

སངས་རྒྱས་རྣམས་ཉིད་ཀྱི་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་སྟོན་པར་འགྱུར་རོ། །བཅོམ་ལྡན་འདས་གང་ཞེས་བྱ་བ་ལ་སོགས་པ་ལ་དེ་ངོ་མཚར་རོ་ཞེས་བྱ་བ་ནི་ཟབ་པ་ཉིད་ཀྱི་ཕྱིར་རོ། །ནམ་མཁའི་ཁམས་ནི་ཆོས་ཀྱི་སྐུའོ། །དེའི་རྗེས་སུ་འབྲང་བ་ནི་བསྡུས་

པ་སྟེ། འདི་དག་ལ་དེ་ཉིད་དུ་ས་བོན་འགོག་པས་ནི་ཤིན་ཏུ་འགོག་པ་ཡོད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཆོས་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིའོ། །རྗེས་སུ་འབྲང་བ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དེ་ཉིད་དུ་རྟག་པའི་ས་བོན་གྱིས་གནས་པས་དེ་ཉིད་ལས་རྟག་ཏུ་འབྱུང་བའི་

Vol. 41 · folio 47b

ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་རྡོ་རྗེའི་གནས་ཉིད་ནི་བྱང་ཆུབ་ཀྱི་གཙོ་བོ་ཡིན་ལ། དེ་བྱེད་པ་ནམ་མཁའི་རྡོ་རྗེ་ཉིད་ནི་འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། སེམས་ལ་དམིགས་པ་ནི་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཡིན་ནོ་ཞེས་

བྱ་བ་དེར་གནས་སོ། །དེ་ལ་རྨི་ལམ་གྱི་མཚན་མ་མཐོང་བས་ངེས་པར་དངོས་གྲུབ་ཕྲ་མོ་ལ་སེམས་ལ་དམིགས་པ་བསྒོམ་པར་བྱ་བ་ཡིན་ལ། དངོས་གྲུབ་མཆོག་ལ་ནི་དེའི་སྔོན་དུ་འགྲོ་བའི་ནམ་མཁའ་རྡོ་རྗེ་ཡིན་ནོ། །དེ་ལ་དེ་དག་གི་གདམས་ངག་བརྗོད་པར་བྱ་བ་ཡིན་ལ། དང་པོའི་

སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞབས་གཉིས་ལ་ཕྱག་འཚལ་བ་ནི་གདམས་ངག་གཉིས་ལ་གུས་པའི་ཕྱིར་ཏེ། སྔགས་ཀྱི་རྡོ་རྗེ་ནི་སྔགས་ཀྱི་ལྷ་རྣམས་ཏེ། དེ་རྣམས་ཀྱི་དངོས་གྲུབ་བོ། །དེ་རྣམས་ཀྱི་མདོར་བསྡུས་པ་ནི་རྣམ་པ་མང་པོའོ། །མདོར་

བསྡུས་པའི་དངོས་གྲུབ་ནི་དངོས་གྲུབ་རྣམ་པ་མང་པོའོ། །གནས་པ་ནི་དེ་ལ་གནས་པའི་ཕྱིར་རོ། །འབྱུང་བ་ནི་དེའི་བདག་ཉིད་དུ་འདུས་པ་ཐོབ་པའི་ཕྱིར་ཏེ། གནས་པ་དང་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་འདིར་སེམས་ལ་དམིགས་པ་ནི་དངོས་གྲུབ་ཉེ་བར་བྱ་བའི་ཕྱིར་

སྒོམ་པར་བྱེད་པ་ཡིན་ན་དེ་ཡང་རིགས་པ་མ་ཡིན་ཏེ། དེ་ནི་རང་གི་སེམས་བསྒོམ་པ་ཡིན་ན་རང་གི་སེམས་ལས་གྲུབ་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ལྷ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ལས་ཡིན་ཏེ། གཞན་དུ་ན་བསྒོམ་པ་དེ་དོན་མེད་པའི་ཕྱིར་རོ། །དེ་བས་ན་དངོས་གྲུབ་

འདི་ལྷའི་སྐུ་དང་གསུང་དང་ཐུགས་ཉིད་ལ་གནས་པ་དང་། དེ་ལས་བྱུང་བ་ཡིན་ནོ་སྙམ་ན། དེ་དགག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་པོས་ཐོབ་པར་བྱ་བའི་དངོས་གྲུབ་རྣམས་ལྷ་རྣམས་ཀྱི་སྐུ་གསུམ་ལ་མི་གནས་པ་ཉིད་ཡིན་ནོ། །ཅིའི་ཕྱིར་

ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ས་བོན་གཞན་དག་ལས་འབྲས་བུ་གཞན་འབྱུང་བ་ནི་མེད་དོ་ཞེས་བྱ་བར་དགོངས་སོ། །འོ་ན་གང་ལ་གནས་ཤེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་

Vol. 41 · folio 48a

ཀྱི་ཆོས་ཀྱི་རང་བཞིན་སྣ་ཚོགས་པ་རྣམས་སོ། །འདིར་རྡོ་རྗེའི་སྒྲས་ནི་ལྷའི་སྐུ་དང་གསུང་དང་ཐུགས་ལ་བྱ་བར་བཤད་དོ། །བདག་གི་ལུས་དང་ངག་དང་སེམས་ཉིད་རྡོ་རྗེ་ཡིན་ཏེ། བདག་གི་ལུས་དང་ངག་དང་སེམས་ཉིད་ལ་ལྷའི་སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་དུ་

མོས་པས་བསྒོམ་པའི་ཕྱིར་རོ། །དེ་ལ་གནས་པའི་རྒྱུ་དང་དངོས་གྲུབ་ཀྱི་གནས་སྐབས་ཀྱི་འབྲས་བུ་ནི་ལས་དེ་དང་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ལྷའི་སྐུ་ལ་སོགས་པར་མོས་པ་ནི་དངོས་གྲུབ་ཀྱི་རང་བཞིན་ཡིན་ལ། དེའང་ཤིན་ཏུ་རིང་དུ་གནས་པ་མ་ཡིན་ནམ། དེ་

བས་ན་དེ་དག་ནི་རང་གི་ལུས་ལ་སོགས་པ་ལ་གནས་པ་མ་ཡིན་ནོ་ཞེ་ན། ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་དུ་སྣང་བར་གྱུར་པ་ནི་འདི་ལས་གཞན་པ་འདོད་པའི་ཁམས་ལ་སོགས་པ་ལ་གནས་པ་ནི་མི་རིགས་ཏེ། གང་དུ་སྣང་བ་དེ་ཉིད་དུ་གནས་པའི་ཕྱིར་ཏེ་ཚད་

མས་གྲུབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འོན་ཀྱང་ཐ་དད་པ་མེད་པའི་ཕྱིར་རང་གི་ལུས་ལ་སོགས་པ་ལ་གནས་པ་ནི་བླ་སྟེ། འབྱུང་བ་ནི་མ་ཡིན་ཏེ། ལྷའི་སྐུ་ལ་སོགས་པ་ནི་རང་གི་སེམས་ཀྱི་ཡུལ་ཉིད་ཡིན་པའི་ཕྱིར་རམ་རང་གི་སེམས་ལ་སྣང་བའི་ཕྱིར་དང་རྟེན་དང་བརྟེན་

པ་དག་ཐ་དད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་སེམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བའི་བདག་ཉིད་ཅན་གྱི་སེམས་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར་ལུས་ཀྱི་ཁམས་སུ་སྣང་བ་ཡིན་གྱི་རྟེན་དང་བརྟེན་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་གསལ་

བར་བྱ་བའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དེ་ཞེས་བྱ་བ་ནི་དེ་དག་ལ་སྟེ། སེམས་དང་སེམས་ལ་དེ་དག་ནི་མི་གནས་པ་ཉིད་ནི་དཔེར་ན་སྟེང་དང་འོག་གི་ནམ་མཁའ་རྟེན་དང་བརྟེན་པའི་ངོ་བོ་ཉིད་དག་ཅིང་སྟོང་པ་ནི་གཟུགས་ཅན་མ་ཡིན་པ་ཉིད་ཀྱིས་ཐོགས་

པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ལུས་ལ་སེམས་དང་ངག་ལ་སེམས་ནི་སེམས་ཙམ་ཉིད་ཡིན་པས་ན་ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་རང་གི་ལུས་དང་ངག་དང་སེམས་རང་གི་ལྷའི་སྐུ་དང་གསུང་དང་ཐུགས་ནི་རང་གི་སེམས་ཉིད་ཡིན་ཏེ། དེའི་བདག་ཉིད་ལས་མ་གཏོགས་པར་

Vol. 41 · folio 48b

རང་གི་སེམས་སྣང་བར་མི་རུང་བའི་ཕྱིར་རོ། །དེ་བས་ན་རང་གི་སེམས་ཉིད་ལ་དངོས་གྲུབ་རྣམས་གནས་པ་དང་འབྱུང་བ་ཡིན་པ་དེ་ལྟར་ན་སེམས་ལ་དམིགས་པ་ནི་རིགས་པ་ཡིན་ནོ། །འདིས་ནི་རང་གི་ལུས་དང་ངག་དང་སེམས་ལ་རང་གི་ལྷའི་སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་དུ་མོས་ཤིང་

གཉི་གའི་སྐུ་དང་གསུང་དང་ཐུགས་རང་གི་སེམས་ཙམ་ཉིད་དུ་མོས་པར་བྱའོ། །འདི་ནི་འདིར་སེམས་ལ་དམིགས་པ་ཡིན་ལ་འདི་ཉིད་ནི་འདིར་དངོས་གྲུབ་ཕྲ་མོའི་གདམས་པ་ཡིན་ནོ་ཞེས་གསུང་བར་འགྱུར་རོ། །དངོས་གྲུབ་མཆོག་ལ་ནི་ཆོས་ཀྱི་སྐུ་ཡང་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་

སྔ་མ་བཞིན་དུ་སེམས་ལ་དམིགས་པ་བསྒོམས་ནས་ནམ་མཁའི་རྡོ་རྗེ་བསྒོམ་པར་བྱའོ། །དེ་ལ་གདམས་ངག་གི་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྙམ་དུ་གང་གི་ཚེ་ནམ་མཁའ་རྡོ་རྗེ་ལ་གནས་པ་དང་བྱུང་བ་ཡིན་ན། དེའི་ཚེ་ལྷ་བསྒོམས་པ་དོན་མེད་དོ་

ཞེས་སེམས་ན་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལུས་དང་ངག་དང་སེམས་ལ་རང་གི་ལྷའི་སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་དང་། རང་གི་སེམས་ཙམ་ཉིད་དུ་སྣང་བ་ལས་གནས་པ་དང་། འབྱུང་ངོ་ཞེས་བྱ་བ་ནི་ལན་གྱི་དོན་ཡིན་ནོ། །འདི་ཙམ་གྱིས་ནི་སྔ་མ་བཞིན་

དུ་སེམས་ལ་དམིགས་པ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གང་ལ་གནས་ཞེས་བྱ་བ་ནི་དེ་ལྟར་སེམས་ཙམ་ཉིད་དུ་མཐོང་བ་ན། ཅི་དེ་ཉིད་ལ་གནས་ཤིང་བརྟེན་པ་ཡིན་ནམ། ཅི་ནམ་མཁའི་དྲི་མ་མེད་པ་ལྟ་བུའི་སྟོང་པ་ཉིད་

ལ་འགྱུར་གྲང་ན། གང་གི་ཚེ་དེ་ཉིད་ལ་ཡིན་པ་དེའི་ཚེ་དེ་ཉིད་དེ་ཁོ་ན་ཉིད་ཀྱི་མཆོག་ཡིན་པ་དེ་ལྟར་ན། ཅིའི་ཕྱིར་ནམ་མཁའི་རྡོ་རྗེ་ཡིན་ལ། ཡང་ན་སྟོང་པ་ཉིད་ལ་ཡིན་པ་དེའི་ཚེ་ལྷའི་སྐུ་དང་གསུང་དང་ཐུགས་སུ་སྣང་བ་ཙམ་ཡང་མེད་པའི་ཕྱིར་གང་ལ་དངོས་གྲུབ་ཏུ་འགྱུར་ཞེས་བྱ་བ་བསམ་

པའོ། །ནམ་མཁའ་ལ་གནས་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ལ་སྟེ། སྟོང་པ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་མཆོག་ཡིན་གྱི་རྣམ་པར་རིག་པ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ནི་དངོས་པོ་རྣམས་གསལ་བ་ཙམ་གྱིས་རང་གི་རང་བཞིན་ཡིན་ཏེ། སྒྲོ་མ་བཏགས་པ་ཉིད་

Vol. 41 · folio 49a

ཀྱི་ཕྱིར་རོ། །གཉིས་ཀྱི་རྒྱུ་མཚན་གང་ཡིན་པ་དེ་ཡང་བརྫུན་པའི་ངོ་བོ་ཡིན་ཏེ། བློའི་འཁྲུལ་པས་སྒྲོ་བཏགས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་སེམས་ཙམ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་མཆོག་མ་ཡིན་ཏེ། དེ་མཐོང་བ་ན་ཡང་དཀར་པོ་ལ་སོགས་པའི་རྣམ་པ་མེད་པ་

བཞིན་དུ་སྣང་བའི་ཕྱིར་རོ། །གཉིས་ཀྱིས་སྟོང་པ་ཉིད་ནི་མཆོག་ཡིན་ཏེ། འཁྲུལ་པའི་རྒྱུ་མཚན་ཐམས་ཅད་ནུབ་པས་དེ་མཐོང་བའི་ཕྱིར་རོ། །འོ་ན་སྔགས་ཀྱི་ཚུལ་ལ་ཅིའི་ཕྱིར་ལྷའི་སྐུ་ལ་སོགས་པ་བསྒོམས་ཤེ་ན། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྒོམས་པས་

ཀྱང་ཅི་དགོས། ནམ་མཁའི་གང་ལ་གནས་ཞེས་བྱ་བ་ནི་སྟོང་པ་ཉིད་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པས་ནི་དེ་རྣམས་ཉིད་ལ་གནས་ཀྱི་དེ་མེད་པར་དེ་མི་མཐོང་ན་གང་ལས་ནམ་མཁའ་རྡོ་རྗེ་ཡིན་ཞེས་བྱ་བར་བསམས་པའོ། །གང་ནའང་མི་གནས་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་གང་ལ་

ཡང་མི་གནས་པ་དེ་བཞིན་དུ་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ཀྱང་ངོ་། །དེ་ནི་འདི་ནི་ཆོས་གང་གིས་ཀྱང་བརྟག་པར་མི་ནུས་སོ་ཞེས་བྱ་བ་འདིར་རབ་ཏུ་བསྒྲུབས་པ་ཡིན་ནོ། །གཞན་ཡང་རང་གི་མཚན་ཉིད་དག་བརྫུན་གྱི་རྣམ་པའི་ཁྱད་པར་ཅན་ཉིད་ཡིན་པའི་ཕྱིར་དེ་དག་ལ་དེ་གནས་པ་མ་ཡིན་ནོ། །

དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྣང་བ་མེད་པ་ན་སྣང་བའི་ཆོས་གང་ལ་ཡང་མི་གནས་པར་སྣང་བ་ཡིན་པ་དེ་ལྟར་ན་ནམ་མཁའ་རྡོ་རྗེའི་རིགས་པ་ཡིན་ནོ། །གལ་ཏེ་འོ་ན་ཆོས་ཉིད་ཀྱང་ཆོས་ཉིད་ཀྱི་རང་གི་མཚན་ཉིད་དུ་མི་སྣང་ངོ་ཞེ་ན་དེ་ནི་འདོད་པ་ཡིན་ནོ། །དེ་ལྟར་ན་ཆོས་མེད་ཆོས་

ཉིད་མེད་པར་ནམ་མཁའ་རྡོ་རྗེ་སྣང་སྟེ། རང་དང་སྤྱིའི་མཚན་ཉིད་ཀྱི་རྒྱུ་མཚན་རྣམས་ནི་དེར་ནུབ་པའི་ཕྱིར་རོ། །དེ་བས་ན་གཉིས་ཀྱིས་སྟོང་པ་གསལ་བ་ཙམ་ཉིད་འབའ་ཞིག་དྲི་མ་མེད་པ་མཐའ་ཡས་པའི་ནམ་མཁའ་ལྟ་བུར་ཆོས་ཐམས་ཅད་དང་། རང་གི་ལྷའི་སྐུ་ལ་སོགས་པ་རྣམས་ནམ་

མཁའ་རྡོ་རྗེ་ལ་སྣང་ཞིང་དེ་ཉིད་ལྷ་རྣམས་ཀྱི་ཡང་དེ་ཁོ་ན་ཉིད་ཀྱི་མཆོག་མཐོང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྐུ་ཡང་སྐུ་གཞན་དག་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །དང་པོར་བྱང་ཆུབ་ཀྱི་སེམས་སྣང་བ་མེད་པ་ལ་སེམས་མཉམ་པར་འཇོག་པ་ནི་རྒྱུའི་

Vol. 41 · folio 49b

རྩ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ལྷའི་སྐུ་ལ་སོགས་པར་དེ་ཉིད་སྣང་བའི་ཕྱིར་རོ། །དེ་ནས་དེའི་རང་གི་ལུས་ལ་སོགས་པ་ཉིད་ཡོད་ན་རང་གི་ལུས་ལ་སོགས་པ་ཉིད་དུ་དེ་ལྟར་སྣང་བའི་ཕྱིར་རོ། །དེ་ནས་དེའི་རང་གི་སེམས་ཙམ་ཉིད་ཡོད་ན་རང་གི་སེམས་ཉིད་དེ་ལྟར་སྣང་བའི་ཕྱིར་རོ། །དེ་ནས་དེའི་

གཉིས་སུ་མེད་པའི་སྟོང་པ་ཉིད་ཡོད་ན། དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་མཆོག་ཡིན་ནོ་ཞེས་བྱ་བ་འདི་ནི་ནམ་མཁའ་རྡོ་རྗེ་བསྒོམས་པ་ཡིན་ཏེ། འདི་ནི་འདིར་དངོས་གྲུབ་ཀྱི་མཆོག་ལ་གདམས་པ་ཡིན་ནོ། །ངོ་མཚར་དུ་གྱུར་པ་ནི་སེམས་ལ་དམིགས་པ་ལའོ། །རྨད་དུ་གྱུར་པ་ཞེས་བྱ་བ་ནི་ནམ་མཁའ་

རྡོ་རྗེ་ལའོ། །རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་ནས་ཞེས་བྱ་བ་ལ། རང་ཉིད་ཀྱི་སེམས་ཉིད་ཡིན་པས་ན་རང་གི་སེམས་ཏེ། ཆོས་ཐམས་ཅད་སེམས་ཙམ་ཉིད་དུ་མཐོང་བའོ། །དེ་རྣམས་ཀྱི་ཆོས་ཉིད་ནི་རང་དང་སྤྱིའི་མཚན་ཉིད་སྟོང་པ་ཉིད་དོ། །དེ་ལ་གནས་པ་ནི་སེམས་ཀྱི་ཏིང་ངེ་

འཛིན་ཏེ། འདས་མ་ཐག་པའི་ནམ་མཁའ་རྡོ་རྗེའི་གདམས་ངག་ཐོབ་པའོ། །དེས་སེམས་ཤིང་ཞེས་བྱ་བ་ནི་མངོན་དུ་བྱེད་པའོ། །ཅང་མི་སྨྲ་བར་ཞེས་བྱ་བ་ནི་ངག་གི་རྣམ་པར་རྟོག་པ་མེད་པར་རོ། །འདིར་དང་པོར་རྨི་ལམ་རྣམ་པར་དཔྱད་པའི་སྙིང་པོའི་ཚིགས་སུ་བཅད་པ་ནི་མདོ་ཡིན་ལ།

དེ་ནས་ཚིགས་སུ་བཅད་པ་ཉིད་ཀྱིས་ནི་རྒལ་བ་ཡིན་ཞིང་དེ་ནས་རྒྱས་པས་ནི་གཞུང་བཙུགས་པ་ཡིན་ལ། དེ་ནས་གདམས་ངག་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །སེམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ཀྱང་ཡིན་ལ་ཐམས་ཅད་ཀྱི་དམ་ཚིག་ཀྱང་ཡིན་པས་སེམས་ཐམས་

ཅད་ཀྱི་དམ་ཚིག་སྟེ། ཡིད་ཀྱི་ཏིང་ངེ་འཛིན་རྣམས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་སྟོབས་བརྟན་པར་འགྱུར་བའོ། །དེའི་རྡོ་རྗེ་ནི་མཚན་མའོ། །དེ་རྣམས་འབྱུང་བ་ནི་སྐྱེས་པའོ། །དོན་དེ་གསལ་བར་བྱེད་པས་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དོན་དེ་ཉིད་ཀྱི་ཕྱིར་འདི་ལྟར་ལེའུ་འདི་ནི་བསྙེན་པའི་ལེའུ་ཞེས་

དངོས་ཀྱི་མིང་ཡིན་པར་རིགས་ཀྱི། བསྒྲུབ་པ་དང་པོ་བསྟན་པས་གཙོ་བོར་གྱུར་པས་ནི་མ་ཡིན་ནོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ་ལས་ལེའུ་བཅོ་ལྔ་པའོ།། །།བཅུ་དྲུག་པ་ནི་སྒྲུབ་པའི་ལེའུ་ཡིན་པ་དེ་བས་ན་འདིར་སློབ་དཔོན་གྱི་ལས་དང་། དངོས་གྲུབ་དང་། བརྟུལ་ཞུགས་དང་། སྡོམ་པ་

Vol. 41 · folio 50a

རྣམས་བསྟན་པར་བྱའོ། །དེ་ལ་བྲིས་པའི་དཀྱིལ་འཁོར་ཉིད་དུ་ནི་དངོས་གྲུབ་ཀྱི་སྒྲུབ་པ་དང་། སློབ་དཔོན་གྱི་བྱ་བ་ཡིན་པ་དེ་བས་ན། དང་པོ་བྲི་བའི་དཀྱིལ་འཁོར་གྱི་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་

གསུང་དང་ཐུགས་དེ་རྣམས་ཀྱི་དམ་ཚིག་སྟེ། གོ་བར་བྱེད་པ་ནི་ལེའུ་བཞི་པ་ལས། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཞི་ཞེས་བྱ་བའི་དོན་ཏེ། །དེས་གསོལ་བ་བཏབ་ནས་སོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་རྡོ་རྗེ་རིན་ཆེན་ཞེས་པ་ལ། དགའ་བ་རྒྱས་པར་བྱེད་པས་ན་རིན་ཆེན་ནོ། །ཉོན་མོངས་པ་ཟད་པར་བྱེད་པས་རྡོ་རྗེ་སྟེ། གཟུགས་རྡོ་རྗེ་ལ་སོགས་པའོ། །དེ་ཉིད་མཆོད་པ་ཡིན་ལ་དེའི་བཀོད་པ་ནི་གང་དག་གིས་ནམ་མཁའ་ཁྱབ་པའི་ཚོགས་སོ། །རྡོ་རྗེ་ཐམས་ཅད་ནི་སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །དེ་རྣམས་ཀྱི་དཀྱིལ་འཁོར་དེ་ཉིད་སེང་གེའི་རྒྱལ་པོ་དང་འདྲ་བས་ན། སེང་གེའི་དམ་ཚིག་གི་རྒྱལ་པོའོ། །དེའི་སོ་སོར་སྤྲོས་པ་དེ་སོ་སོའི་མཚན་མའི་རྣམ་པར་བསྡུས་པས་ནི་ཇི་ལྟ་བ་བཞིན་དུ་བཀོད་པ་ནི་བཀོད་པའོ། །དེ་ལ་དམིགས་པའི་ཏིང་ངེ་

འཛིན་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་ནི་རྟག་པའི་སྐུ་སྟེ། རྣམ་པར་སྣང་མཛད་ཡིན་ལ། དེའི་དཀྱིལ་འཁོར་ནི་གསང་བ་འདུས་པ་རྟེན་དང་བཅས་པ་བྲིས་པའི་སྐུའི་དཀྱིལ་འཁོར་རོ། །མཆོག་ཅེས་བྱ་བ་ནི་སྐུ་རྡོ་རྗེ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པའི་

ཕྱིར་རོ། །ཐུགས་ཀྱི་རྡོ་རྗེ་དེ་ནི་རྡོ་རྗེ་འཆང་གིས་སྤྲུལ་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །དེ་དང་འདྲ་བ་ནི་དེ་དང་མཚུངས་པའོ། །དཀྱིལ་འཁོར་རྣམས་ནི་ཀུན་གྱི་ཞེས་བྱ་བ་གསང་བ་གསུམ་པོ་འདུས་པ་སྟེ། དེ་ལ་ལྷ་མོ་རྣམས་ནི་གསུང་གི་གསང་བའོ། །ཁྲོ་བོ་རྣམས་ནི་ཐུགས་

ཀྱི་གསང་བའོ། །ལྷག་མ་རྣམས་ནི་སྐུའི་གསང་བའོ། །མཆོག་ཅེས་བྱ་བ་ནི་གསང་བ་དེ་རྣམས་དེ་བཞིན་གཤེགས་པ་ཉིད་ཡིན་པའི་ཕྱིར་རོ། །ཁྲུ་ནི་བཅུ་དྲུག་ཅེས་བྱ་བ་ནི་ལོགས་རེ་རེ་ཞིང་ཁྲུ་བཞིའམ་ཁྲུ་བཅུ་དྲུག་པ་ཉིད་དོ། །འདི་ནི་སྒྲུབ་པའི་དཀྱིལ་འཁོར་གྱི་ཚད་ཡིན་ནོ། །དབང་བསྐུར་བ་

Vol. 41 · folio 50b

ལ་སོགས་པའི་དཀྱིལ་འཁོར་ནི་ལོགས་རེ་རེ་ཞིང་ཁྲུ་གང་ནས་བརྩམས་ཏེ། ཁྲུ་སྟོང་གི་བར་ཡིན་ནོ། །སྐུ་ཡི་རྡོ་རྗེ་རབ་ཏུ་གནས། །ཞེས་བྱ་བ་ནི་དེའི་བདག་པོ་ཅན་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་ནི་བྲི་བར་བྱ་ཞེས་བྱ་བ་ནི་དེའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཙམ་རྡོ་རྗེའི་ཐིག་བཏབ་ནས་ཀ་བ་

བརྒྱད་ཀྱིས་མཛེས་པར་བྱས་པའི་རེའུ་ཆ་བརྒྱད་པ་ནང་གི་དཀྱིལ་འཁོར་ཟླུམ་པོའོ། །རྡོ་རྗེའི་ཆོ་ག་ཞེས་བྱ་བ་ནི་ཐིག་གདབ་པ་ལ་སོགས་པ་ནས་དབང་བསྐུར་བའི་མཐར་ཐུག་པའི་བར་དུ་སྦྱར་བར་བྱ་སྟེ། དེ་ཁོ་ན་ཉིད་བསྡུས་པ་དང་། དཔལ་མཆོག་དང་པོ་ལ་སོགས་པའི་རྒྱུད་གཞན་དག་ལས་

སྤྱིར་གསུངས་པའི་བྱ་བ་འགལ་བ་མེད་པ་ཅན་འདིར་ཡང་བྱ་བ་ཉིད་ཡིན་པའི་ཕྱིར་ཆོ་གའོ། །གསང་བ་འདུས་པ་ཁྱད་པར་དུ་གསུངས་པ་ནི་འགལ་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྟེ། ཆོ་ག་དང་ལྷན་ཅིག་པའི་རྡོ་རྗེ་ནི་རྡོ་རྗེའི་ཆོ་གའོ། །དེས་ཐིག་གདབ་ཅིང་བྲི་བར་བྱའོ། །དེ་བཞིན་དུ་ཇི་སྲིད་དབང་

བསྐུར་བ་དང་། སྔགས་དང་ཏིང་ངེ་འཛིན་སྦྱིན་པའི་བར་དུ་རྡོ་རྗེ་ཆོ་ག་ཡིས་ཞེས་བྱ་བར་སྦྱར་རོ། །དེ་མ་ལུས་པར་ཡང་དཀྱིལ་འཁོར་གྱི་ཆོ་གར་བལྟ་བར་བྱའོ། །ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའོ། །དེ་ཉིད་ནི་རྡོ་རྗེའི་གནས་ཏེ། སྔགས་རྣམས་ཀྱི་དེ་ཁོ་ན་ཉིད་དགོད་པར་བྱའོ། །ཅི་འདྲ་བ་ཞིག་

ཅེ་ན། གསང་བའི་མཆོག་སྟེ། མཆོག་ནི་དམ་ཚིག་གོ། །ཡང་ན་མཆོག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གཟུགས་སོ། །གསང་བ་ནི་བསྟན་པར་བྱ་བ་མ་ཡིན་པ་སྟེ། བྲི་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་གནས་ནི་འོད་ཟེར་དང་བཅས་པའི་འཁོར་ལོའོ། །མི་བསྐྱོད་པ་ལ་

སོགས་པ་ཞེས་བྱ་བ་ནི་དེའི་ངོས་ཀྱི་རེའུ་ཆ་རྣམས་ལ་སྟེ། འོད་ཟེར་དང་བཅས་པའི་རྡོ་རྗེ་དང་ནོར་བུ་དང་པདྨ་དང་རལ་གྲིའོ། །སྐུ་གསུང་ཐུགས་རྡོ་རྗེ་མཆོག་རྣམས་གྲྭ་ཀུན་དུ་ཞེས་བྱ་བ་ནི་སྐུའི་མཆོག་དང་གསུང་གི་མཆོག་དང་། རྡོ་རྗེ་ཐུགས་ཀྱི་མཆོག་དང་རྡོ་རྗེའི་མཆོག་རྣམས་ནི་གོ་རིམས་བཞིན་དུ་སྤྱན་

དང་མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ཡིན་ཏེ། དེ་རྣམས་ནི་གོ་རིམས་བཞིན་དུ་ནང་གི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་དག་ལ་དགོད་པར་བྱའོ། །ཁྲོ་བོ་རྣམས་ནི་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །ལྷ་མོ་རྣམས་ནི་མང་པོའི་ཚིག་དང་སོགས་ཞེས་བསྡུས་པར་འགྱུར་ཏེ། དེས་

Vol. 41 · folio 51a

ན་མཆོད་པའི་ལྷ་མོ་དྲུག་གཟུང་སྟེ། བཞི་ནི་ཕྱིའི་གྲྭ་བཞིར་རོ། །དབང་ལྡན་དང་མེ་མཚམས་གཉིས་སུ་ནི། རེག་བྱ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དག་རིམ་བཞིན་ནོ་ཞེས་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་གསུངས་སོ། །འདི་གཉིས་རྩ་བའི་སྒོའི་ངོས་གཉིས་སུ་སྟེ། དེ་དག་

གྲྭ་དང་ཉེ་བས་གྲྭ་ཞེས་བྱའོ་ཞེས་ཡེ་ཤེས་ཞབས་ཀྱིའོ། །སྒོའི་ངོས་རྣམས་ཀྱང་གྲྭ་ཡིན་པས་ཕྱི་རིམ་གྱི་གྲྭ་བཅུ་གཉིས་སུ་སྐྱེ་མཆེད་བཅུ་གཉིས་ཏེ། གླེང་གཞིའི་གཞུང་དང་དཀྱིལ་འཁོར་ཆེན་པོའི་བསྟོད་པ་ལས་དེ་དག་སྨོས་པའི་ཕྱིར་རོ་ཞེས་གཞན་དག་འདོད་དོ། །དེ་ལ་རྒྱལ་མོ་རྣམས་ཀྱི་སྤྱན་དང་།

རྡོ་རྗེ་དང་། པདྨ་དང་། ཨུཏྤ་ལ་སྔོན་པོའོ། །མཆོད་པ་རྣམས་ཀྱི་ནི། མེ་ལོང་དང་། པི་ཝང་དང་། དྲིའི་དུང་དང་། རོའི་སྣོད་དང་། གོས་སྣ་ཚོགས་དང་། ཆོས་འབྱུང་བ་ཞེས་བྱ་བ་བྲི་བར་བྱའོ། །སའི་སྙིང་པོ་ལ་སོགས་པ་ནི། འཁོར་ལོ་དང་། རྡོ་རྗེ་སྔོན་པོ་དང་། ནོར་བུ་དང་། པདྨ་དང་། རལ་གྲི་དང་།

རྡོ་རྗེ་བཟང་པོ་རྣམས་སོ། །ཁྲོ་བོ་རྣམས་ཀྱི་འབར་བ་དང་བཅས་པའི་ཐོ་བ་དང་། དབྱིག་པ་དང་། པདྨ་དང་། རྡོ་རྗེ་ཁ་གྱེས་པའི་རྣམ་པའོ། །རྡོ་རྗེ་གསང་བ་རབ་བསྒོམས་པས། །ཞེས་བྱ་བ་ནི་པདྨ་དང་རྡོ་རྗེ་ལས་བྱུང་བའོ། །གསུང་རྡོ་རྗེ་ཐམས་ཅད་ཀྱི་ངོ་བོ་ནི་ཆོས་ཀྱི་ངོ་བོ་ཉིད་ཀྱི་གསང་བ་གསུམ་མོ། །དེ་སྤྲོས་པ་

ནི་སྤྲིན་ཏེ། སོ་སོར་སྤྲོས་པའི་སྤྲིན་ནོ། །དེ་རྣམས་ཀྱི་བཀོད་པ་ནི་རེ་རེ་ཞིང་མཚན་མའི་རྣམ་པར་བསྡུས་ནས་གནས་ཇི་ལྟ་བ་བཞིན་དུ་དགོད་པའོ། །ལྷག་མ་རྣམས་ནི་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །རྡོ་རྗེའི་བསྒོམས་པས་ཞེས་བྱ་བ་ནི་བསྒོམ་པར་བྱ་བའི་དོན་བསྟན་པར་བསྒོམས་པས་སོ། །

རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པ་སྟེ། འདི་ལ་རྒྱལ་པོ་ཆེན་པོ་དེ་མངའ་བས་ན་དེ་སྐད་ཅེས་བྱའོ། །རིག་པའི་དབང་པོ་ནི་འོད་དཔག་ཏུ་མེད་པ་སྟེ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རིག་པའི་དབང་པོའོ། །འོད་དཔག་ཏུ་མེད་པ་དེ་ཉིད་ཀྱི་རང་གི་སྐུ་དང་རང་གི་དཀྱིལ་འཁོར་གང་ཡིན་པ་དེ་དག་ནི་གནས་ཏེ་བཞིའོ། །

གསུང་གི་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་སྟེ། །དེའི་ཡོན་ཏན་དེ་རྣམས་སྐྱེད་པར་མཛད་པ་སྟེ། མཐོང་བ་དང་འཇུག་པ་ལ་སོགས་པས་དེའི་ས་བོན་བཏབ་པ་དང་གསོལ་བ་གདབ་པའི་ཕྱིར་རོ། །དབབ་པར་བྱ་ཞེས་བྱ་བ་ནི་དཀྱིལ་འཁོར་སར་པ་བྲི་བར་བྱའོ། །འཁོར་ལོ་ཆེན་པོ་ནི་དབུས་མའི་དཀྱིལ་འཁོར་རོ། །

Vol. 41 · folio 51b

ཕྱག་རྒྱ་ཐམས་ཅད་ནི་ཐམས་ཅད་ཀྱི་མཚན་མའོ། །ཕྱག་རྒྱ་ཆེན་པོ་ནི་མཚན་མ་ཆེན་པོའོ། །དེ་ཉིད་དུ་ཞེས་བྱ་བ་ནི་ལེའུ་བཞི་པ་ལས་གསུངས་པ་གང་ཡིན་པ་དེ་ཉིད་དུའོ། །རྡོ་རྗེའི་གནས་ནི་མཚན་མ་དགོད་པའོ། །ཀུན་ནས་སྤྲིན་ནི་དཀྱིལ་འཁོར་གྱི་བདག་པོ་ཐམས་ཅད་ཀྱི་དཀྱིལ་འཁོར་སྤྲོས་པའོ། །

དེ་རྣམས་ཀྱི་ཚོགས་ནི་རང་གི་མཚན་མའི་རྣམ་པ་ཇི་ལྟ་བ་བསྡུས་ནས་གནས་ཇི་ལྟ་བ་བཞིན་དུ་དགོད་པའོ། །བརྟན་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རབ་ཏུ་གསང་བའི་དཀྱིལ་འཁོར་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །དེ་ཇི་ལྟར་ན་མཆོག་ཏུ་གསང་བ་ཡིན་

ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དཀྱིལ་འཁོར་གྱི་བདག་པོའི་ཚུལ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འདིར་བསྐྱེད་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་ཡང་ལྷའི་དཀྱིལ་འཁོར་ཡིན་ལ། གནས་ཀྱང་དེའི་རྟེན་གྱི་འཁོར་ལོ་ཡིན་པས་ན་

དཀྱིལ་འཁོར་གྱི་གནས་སོ། །ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ཀྱི་གསང་བ་ལས་བྱུང་སྟེ། དེ་བཞིན་གཤེགས་པའི་གསང་བ་གསུམ་ལས་སྐྱེས་ཤིང་གསུམ་གྱིས་ཡང་དག་པར་བསྡུས་པ་ཞེས་བྱ་བའི་དོན་ཏོ། །རྟེན་གྱི་དཀྱིལ་འཁོར་ཡང་སྐུའི་གསང་བས་བསྡུས་པའི་ཕྱིར་རོ། །འདི་འདྲ་བའི་

དཀྱིལ་འཁོར་གྱི་གནས་སུ་དེ་འགྱུར་བ་ནི་བདག་པོར་འགྱུར་བ་ཡིན་ཏེ། གང་ཡིན་པའི་གཟུགས་ཏེ། མཚན་མ་དེའི་དབུས་སུ་ལེགས་བྲིས་པའོ། །རྡོ་རྗེ་འཛིན་མཆོག་ཇི་ལྟ་བུ་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཛིན་པ་ཡང་དེ་ཡིན་ལ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ནས་གང་ཡང་རུང་བ་ཉིད་ཡིན་པའི་ཕྱིར་མཆོག་ཀྱང་ཡིན་པ་དེ་ལྟར་ན་རྡོ་རྗེ་འཛིན་མཆོག་སྟེ། རིན་པོ་ཆེ་དང་། དོན་ཡོད་པ་དང་། སེམས་དཔའ་དང་། འཇམ་པའི་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དེ་དག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །

སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཀུན་ནས་བཟང་བའི་གཟུགས་ཅན་ཡིན་ཏེ། སྐྱེས་པ་དང་། བུད་མེད་དང་། ཁྲོ་བོ་ལ་སོགས་པའི་དབྱེ་བས་སྣ་ཚོགས་པར་སྟོན་པ་ཡིན་པ་ལ་འདིར་ཐེ་ཚོམ་མི་བྱའོ། །མུ་སྟེགས་པའི་ལྷ་རྣམས་ཀྱང་རྒྱུད་འདིར་དཀྱིལ་

Vol. 41 · folio 52a

འཁོར་གྱི་བདག་པོ་མ་ཡིན་ཞིང་དཀྱིལ་འཁོར་པ་ཡང་མ་ཡིན་ཏེ། ཚིགས་སུ་བཅད་པ་ནི་རྡོ་རྗེ་འཛིན་མཆོག་གང་ཡིན་པའོ་ཞེས་བྱ་བ་འདིས་ནི་འཁོར་དེ་དང་འཁོར་ལོའི་དབང་ཕྱུག་སངས་རྒྱས་དང་། དེའི་སྲས་ཇི་ལྟར་འདོད་པ་བཞིན་དུ་གསུངས། སྐུ་ལ་སོགས་པའི་རྡོ་རྗེའི་

གནས་ནི་གསང་བའི་དཀྱིལ་འཁོར་རོ། །དེའི་ཡེ་ཤེས་དང་དེའི་གསང་བ་ནི་དོན་དམ་པའོ། །དཀྱིལ་འཁོར་ཐམས་ཅད་འབྱུང་བ་ནི་ཐིག་གིས་བཀོད་པ་དང་ཚོན་དགྱེ་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དཀྱིལ་འཁོར་ཐམས་ཅད་ནི་སྐུ་ལ་སོགས་པའི་གསང་བ་རྣམས་སོ། །

དེ་གསལ་བར་བྱེད་པའི་ཡི་གེ་གསུམ་པོ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་གསང་བ་གསུམ་གྱི་དཀྱིལ་འཁོར་རོ། །དེའི་སྔགས་ནི་དེ་ཤེས་པར་བྱེད་པའི་ཕྱིར་རོ། །སྙིང་པོའི་ཚིག་ནི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་ཕྱིར་རོ། །ཡི་གེ་ནི་ཡི་གེ་གཅིག་ཉིད་ཡིན་པའི་ཕྱིར་རོ། །གནས་ནི་རྗོད་པར་

བྱེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཡི་གེ་གསུམ་པོ་འདི་དག་གིས་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་ཚོན་དགྱེ་བ་དག་པའོ་ཞེས་བྱ་བར་དགོངས་སོ། །ཐིག་གདབ་པ་དང་ཚོན་དགྱེ་བ་གང་ཡིན་པ་དེ་དང་དེ་དག་སློབ་དཔོན་རང་ཉིད་ཀྱིས་རྟག་ཏུ་བྱའམ་ཞེ་ན། དེའི་ཕྱིར་རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། སྔགས་ནི་རང་གི་ལྷ་ཉིད་དོ། །སྔོན་དུ་བསྙེན་པས་བརྟན་པར་བྱས་པའི་སེམས་ནི་སེམས་དཔའོ། །ཡུན་རིང་པོར་རིག་པའི་བརྟུལ་ཞུགས་ཅན་ཉིད་ཡིན་པའི་ཕྱིར་སྔགས་སྒྲུབ་པའི་སེམས་དཔའ་འདི་ལ་ཡོད་པས་ན་སྔགས་ཀྱི་སེམས་དཔའ་སྟེ། བསྙེན་པ་མཐར་ཕྱིན་པ་དང་རིག་པའི་

བརྟུལ་ཞུགས་མཐར་ཕྱིན་པ་ཅན་གྱི་སྒྲུབ་པ་པོ་ལ་སྔགས་ཀྱི་སེམས་དཔའ་ཞེས་གསུངས་སོ། །དེས་ཐིག་གདབ་པ་དང་། ཚོན་རྩི་དགྱེ་བ་རང་ཉིད་ཀྱིས་མི་བྱའོ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་བྱ་བ་ནི་རང་ཉིད་བྱེད་ན། དེའི་བྱང་ཆུབ་ནི་ཐོབ་པར་དཀའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་

པ། དེ་བས་དམ་ཚིག་ཚུལ་ཤེས་པས། །ཞེས་བྱ་བ་ནི་དམ་ཚིག་ནི་བཤད་མ་ཐག་པའི་ཚིགས་སུ་བཅད་པའི་དོན་ཏོ། །ཚུལ་ནི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་ལྷ་དབབ་པ་ལ་སོགས་པའི་ཆོ་གའོ། །དེ་དག་ཤེས་པ་ཡིན་པས་ན་ཤེས་པའོ། །སྔགས་ཀྱི་ལྷ་རྣམས་ཞེས་བྱ་བ་ནི། རིགས་ཀྱི་ཚིག་གཅིག་པ་

Vol. 41 · folio 52b

ཅན་ནོ། །ལོ་བཅུ་གཉིས་ལོན་པའི་ཁྱེའུ་དང་བུ་མོ་དག་ལྷག་པར་གནས་པ་ཅི་རིགས་པར་ལྷ་དང་ལྷ་མོའི་གཟུགས་དེ་དག་ལ་ཡེ་ཤེས་ཀྱི་ལྷ་གཉིས་དག་ཕབ་ནས་ཏེ། བཅུག་ནས་སོ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབ་པའི་གནས་ནི་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའོ། །རྣམ་པར་བརྟག་པ་ནི་

དེ་དག་ཉིད་འདྲ་བ་སྟེ། གཞུག་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་རྣམས་གོ་རིམས་བཞིན་དུ་ལྷ་དབབ་པར་བྱ་བ་གཉིས་པོ་གོ་རིམས་གང་དང་གང་ཡིན་པ་དེ་ནི་རྒྱལ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐུའི་དཀྱིལ་འཁོར་གནས་ཞེས་བྱ་བ་ནི་ལྷ་གཉིས་

པོ་དེ་དག་ཉིད་དེ། གོ་རིམས་བཞིན་དུ་སྐུའི་དཀྱིལ་འཁོར་དང་དེའི་རྟེན་གྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་དོན་ཏོ། །རང་གི་ཆོས་མ་དང་ཞེས་བྱ་བ་ནི་རང་གི་བཙུན་མོ་འདོད་ཆགས་དགའ་མ་དང་ལྷན་ཅིག་གོ། །གཞུང་ལ་ལ་ལས་ནི་རང་གི་ཆོས་མ་ཡིན་ཞེས་འབྱུང་སྟེ། དེ་ནི་བྱེད་པའི་ཚིག་མེད་པ་ཅན་ཡིན་ནོ། །

འདི་ནི་ཞེས་བྱ་བ་ནི་ལྷ་དེ་དག་གི་སྙོམས་པར་ཞུགས་པའོ། །སྔགས་རྣམས་ཐམས་ཅད་ཀྱི་གསང་བ་ཞེས་བྱ་བ་ནི་གསུང་གི་དཀྱིལ་འཁོར་རྟེན་དང་བཅས་པའི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་རྟེན་དང་བཅས་པའི་འོ། །

སྙོམས་པར་འཇུག་པ་རྣམས་ཀྱིས་དབབ་པ་བྱས་པས་ཅིར་འགྱུར་ཞེ་ན། དེ་ལྟར་བྱས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ལ་དབང་བ་ཉིད་ཅེས་བྱ་བ་ནི་ལྷ་དྲུག་གོ། །གཤེགས་ཏེ་ཞེས་བྱ་བ་ནི་མངོན་སུམ་དུ་བབ་པའོ། །གསང་བ་རྣམས་ཀྱི་མཆོག་ཅེས་བྱ་བ་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རོ། །

ཀྱང་གསུངས་སོ་ཞེས་བྱ་བ་ནི་བྲིས་པའི་དགོས་པ་དང་དཀྱིལ་འཁོར་བསྒྲུབ་པ་དང་སྒྲུབ་པའི་མཆོད་པའོ། །སྔགས་ཀྱི་དངོས་གྲུབ་ཀྱིས་ཞེས་བྱ་བ་བསྒྲུབ་པའི་ཕྱིར་གྲུབ་པ་སྟེ། སྔགས་ཀྱི་སེམས་དཔས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བྲི་བའི་གསང་བ་ནི་རྡོ་རྗེ་གསང་བ་སྟེ། སྐུ་རྡོ་རྗེ་ལ་སོགས་པ་བབས་

པས་བྲིས་པའི་དཀྱིལ་འཁོར་རོ། །རྨད་པོ་ཆེ་ཞེས་བྱ་བ་ནི་དེ་མཐོང་ན་ལྷ་དང་མི་རྣམས་ཀྱི་ཡིད་དགའ་བར་བྱེད་པའོ། །ཁྲོ་བོའི་རྒྱལ་པོ་སྟེ་གནོད་མཛེས་རྡོ་རྗེས་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་རང་དང་རང་གི་གནས་སུ་བཀོད་ལ་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དང་དབང་བསྐུར་བར་བྱས་ནས་

Vol. 41 · folio 53a

སོ། །དམ་ཚིག་གི་མཆོད་པ་དུས་གསུམ་པ་ནི་ཐུན་མཚམས་སུའོ། །རྡོ་རྗེ་དྲི་མེད་གསུམ་དག་གིས་ནི་རྡོ་རྗེ་ཅན་ཏེ་དེ་ནི་དཀྱིལ་འཁོར་གྱི་བདག་པོའོ། །རྡོ་རྗེ་ཡི་ནི་སྦྱོར་བས་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་པ་ཉིད་ཀྱིས་སོ། །ཀྱང་གསུངས་སོ་ཞེས་བྱ་བ་ནི་ལྷ་བཤོས་རྣམས་སོ། །སྔགས་རྣམས་ཞེས་བྱ་བ་ནི་

ལྷ་རྣམས་སོ། །བཤང་བ་ལ་སོགས་པ་ནི་མིའི་བདུད་རྩི་ལྔའོ། །ཚིགས་སུ་བཅད་པ་ནི་ལྔ་པའི་ཁྱད་པར་གསུངས་པ་ཡིན་ནོ། །དེས་དེ་ལྟར་སྒྲུབ་པའི་དཀྱིལ་འཁོར་ཇི་ལྟར་བྲི་བ་དེ་བཞིན་དུ་གསུངས་པ་ཡིན་ནོ། །དམ་ཚིག་གི་དཀྱིལ་འཁོར་ཡང་མ་གྲུབ་ཏུ་ཟིན་ཀྱང་བྲི་བར་བྱའོ། །དེའི་ཕྱིར་མ་གྲུབ་པའི་དབང་དུ་མཛད་

ནས་ཐིག་གདབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཚེ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་བདག་ཉིད་རྣམ་པར་སྣང་མཛད་དམ་ཡང་ན་རྡོ་རྗེ་འོད་པོ་ཆེ་ཞེས་བྱ་བ་འོད་དཔག་ཏུ་མེད་པར་བདག་ཉིད་བསྒོམས་ནས་སུའོ། །རྡོ་རྗེ་མི་འཆིར་གྲགས་སློབ་མ། །ཞེས་

བྱ་བ་ནི་ཐིག་སྐུད་འཛིན་པར་འོས་པའི་སློབ་མ་བདུད་རྩི་ཐབ་སྦྱོར་ཉིད་དུ་བསྒོམ་པར་བྱའོ། །གཞན་དག་ན་རེ་བདག་ཉིད་རྣམ་པར་སྣང་མཛད་དམ། དཀྱིལ་འཁོར་གྱི་བདག་པོ་གཞན་དག་ཏུ་བསྒོམས་ནས། སློབ་མ་རྡོ་རྗེ་སེམས་དཔའ་འམ་བདུད་རྩི་ཐབ་སྦྱོར་འོད་ཟེར་འབར་བ་ཅན་བསྒོམ་པར་བྱའོ་ཞེས་ཟེར་རོ། །ལས་ནི་

དཀྱིལ་འཁོར་བྲི་བའོ། །དེ་ལ་བརྩོན་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀུན་གྱིས་ངེས་བསྟེན་པ། །བསྒོམ་པར་བྱ་སྟེ་དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་གོམས་པར་མཛད་པ་ཡིན་ནོ་ཞེས་བསམ་པར་བྱའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་ཆེན་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོའོ། །རྡོ་རྗེ་ཐིག་སྐུད་ནི་ཚོན་གྱི་བྱེ་བྲག་གིས་ཐིག་སྐུད་

སངས་རྒྱས་དང་ཁ་དོག་མཚུངས་པའོ། །དེ་དག་ཆུད་པར་དགོད་པ་ནི་སྐུའམ་ཡེ་ཤེས་ཀྱི་ཐིག་གི་རྣམ་པར་ནང་དུ་ཆུད་པར་དགོད་པ་སྟེ་བསྟིམ་པར་བྱའོ། །ཐིག་སྐུད་ཁ་དོག་ལྔ་པར་སོ་སོ་སོ་སོར་བཙོས་ལ་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་ལག་པ་གཡོན་པའི་མཐིལ་དུ་སོར་མོའི་རྩེ་མོ་ནས་བརྩམས་ཏེ། མཐེ་བོའི་རྩ་བའི་བར་དུ་

དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་རིམ་བཞིན་དུ་དགོད་དོ། །སྐུའི་དཀྱིལ་འཁོར་གྱི་དོན་དུ་ནི་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་རྣམས་སོ། །གསུང་གི་དཀྱིལ་འཁོར་གྱི་དོན་དུ་ནི་དཀར་པོ་དང་སེར་པོ་དང་ནག་པོ་དང་ལྗང་གུ་དང་དམར་པོའོ། །རིན་པོ་ཆེའི་དཀྱིལ་འཁོར་གྱི་དོན་དུ་ནི་དཀར་པོ་དང་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words