དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་པ
Sanskrit title (Tibetan script, as in the text) ཤྲཱི་ས་མཱ་ཛ་མཎྜ་ལ་བི་དྷིཿཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 43 · folio 87a
ཐ་ཚིག་གོ། །དེ་ལྟར་ན་ཐམས་ཅད་བྱ་བ་ཡིན་པས་མི་དགེ་བ་ཡང་བྱར་རུང་བར་སེམས་པ་ནི་ཐལ་ཆེས་པས་སྔར་བཀག་པ་ཉིད་ཡིན་ནོ། །དམ་ཚིག་ལས་འདས་པར་གྱུར་པ་ལ་དམ་ཚིག་ཉམས་པ་ལ་བསླང་བར་བྱ་བའི་ཕྱིར་དོན་ཡོད་རྡོ་རྗེ་དཀྱིལ་འཁོར་གྱི་བདག་པོར་གྱུར་པས་
སྙིང་གའི་སྣ་ཚོགས་རྡོ་རྗེ་ལ་ཡི་གེ་ཁཾ་བསམས་ནས། ཐམས་ཅད་དག་པ་ཞེས་བྱ་བ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པར་ཡིད་ལ་སེམས་ཤིང་སྔར་བྱས་པ་ལྟར་བདག་ཉིད་དབང་བསྐུར་བར་བྱའོ། །སྦྱིན་དང་བཅས་པའི་ཞེས་བྱ་བ་ནི་ཡོན་ཏན་དང་བཅས་པའོ། །བྱ་ཞེས་བྱ་བ་ནི་དབུལ་
བའོ། །རང་གི་འཁོར་ལོ་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་རོ། །ཐུན་མཚམས་སུ་ཡང་ཞེས་བྱ་བ་ནི་ཉི་མ་གུང་དང་། ཉི་མའི་མཐའ་དང་། མཚན་ཕྱེད་ལ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱས་ལ། མཆོད་པ་དང་བསྟོད་པ་ལ་སོགས་པ་ཡང་སྔ་
མ་བཞིན་བྱས་ནས། གཉིད་ལྡོག་པའི་དུས་སུ་ཉལ་བར་བྱའོ། །ཤེས་རབ་ནི་དེ་ཁོ་ན་ཉིད་ལ་དམིགས་པའོ། །སྙིང་རྗེ་ནི་འགྲོ་བ་ལ་ཕན་པའི་བསམ་པ་སྟེ། དེ་གཉིས་དང་ལྡན་པ་དང་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་དང་ཡང་ལྡན་པའོ། །འདིར་གནས་སྐབས་ཀྱི་དབྱེ་བས་རྣལ་འབྱོར་པ་ནི་རྣམ་
པ་བཞི་སྟེ། ལས་དང་པོ་པ་དང་ཡེ་ཤེས་ལ་ཅུང་ཟད་དབང་བ་དང་། ཡེ་ཤེས་ལ་དབང་ཐོབ་པ་དང་། ཡང་དག་པར་ཡེ་ཤེས་ལ་དབང་བའོ། །འདི་རྣམས་གང་གི་བྱ་བ་གང་ཡིན་པ་དེ་གོ་རིམས་ཇི་ལྟ་བ་བཞིན་དུ་ཚིགས་སུ་བཅད་པ་བཞི་སྟོན་ཏོ། །ལྡང་ཚེ་ནི་གཉིད་སད་པ་ནའོ། །ལྷ་མོའི་གླུ་
ནི། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའོ། །ལེགས་ཟློས་དང་པོ་ལས་ཅན་ཡིན། །ཞེས་བྱ་བ་ནི་ལས་དང་པོ་པས་ཆོ་ག་མ་ལུས་པར་ཡང་དག་པར་བཟླ་བར་བྱ་བ་སྟེ།ཏིང་ངེ་འཛིན་གསུམ་རྒྱ་ཆེར་མངོན་དུ་བྱས་ལ་བཟླས་བརྗོད་བྱའོ་ཞེས་པའི་དོན་ཏོ། །གང་རགས་
པའི་སྐུའི་དཀྱིལ་འཁོར་ནི་ཡུད་ཙམ་གྱིས་མངོན་དུ་བྱེད་པར་ནུས་ལ། ཕྲ་བའི་སའི་སྙིང་པོ་ལ་སོགས་པ་དང་། སྐུ་རྡོ་རྗེ་ལ་སོགས་པ་མངོན་དུ་བྱེད་པར་མི་ནུས་པས། སྔགས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཡང་ལྡན་པ་དག་ནི་དེའི་མཐུ་ཐོབ་པས། དེ་ནི་ཡེ་ཤེས་ལ་ཅུང་ཟད་དབང་
Vol. 43 · folio 87b
བཞེས་བྱ་སྟེ། དེ་ནི་ཐུན་མཚམས་ཐམས་ཅད་ལ་ཡུད་ཙམ་གྱིས་དཀྱིལ་འཁོར་མངོན་དུ་བྱས་ལ། དེ་ལ་མིག་ལ་སོགས་པ་དང་(སྐུལ་‚སྐུ་ལ་)སོགས་པ་བྱིན་གྱིས་བརླབ་པ་བྱས་ཏེ། རྗེས་སུ་མཉེས་པར་བྱ་བ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་སྔོན་དུ་འགྲོ་བ་དང་། བག་ཡོད་
པས་བཟླས་པ་བྱའོ། །གང་རྣམ་པ་ཐམས་ཅད་དུ་རབ་ཏུ་རྫོགས་པར་སྤྲོ་བ་དང་སྡུད་པར་བྱེད་པའི་སྦྱོར་བས་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱེད་པར་ནུས་པ་དེ་ནི་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱ་སྟེ། འདི་ཡང་ཡེ་ཤེས་བབས་པ་ཐོབ་པ་ཉིད་ལས་འགྱུར་གྱིས། མ་ཐོབ་བ་ལས་ནི་མ་
ཡིན་ཏེ། དེ་ཉིད་ཀྱིས་ན་ཅུང་ཟད་ཅེས་སྨོས་པ་ཡིན་ནོ། རྣལ་འབྱོར་པ་དེས་ནི་འབྲས་བུའི་མཐར་ཐུག་པར་བགྲོད་པར་བྱ་བའི་ཕྱིར་རྣལ་འབྱོར་དེ་ཉིད་ཉིན་དང་མཚན་དུ་བྱའོ། །རང་གི་དོན་གྱི་མཐར་ཐུག་པར་སོན་པའི་རྣལ་འབྱོར་པ་ནི་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ཡིན་ལ། དེ་
ནི་བསམ་གཏན་ཙམ་གྱིས་འགྲོ་བའི་དོན་བྱེད་པར་འོས་པ་ཡིན་ནོ། །གང་གིས་བྱེད་ཅེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཕྲ་རབ་ཀྱི་ནང་དུ་ཆུད་པའི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར། གཟུགས་བརྙན་དག་ཉིད་གཟུགས་ཀྱིས་ནི། །ཞེས་བྱ་བ་སྤྲུལ་པའི་རང་གི་གཟུགས་
ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྔོན་དུ་བསྙེན་པ་བྱས་པའི་རྣལ་འབྱོར་པ་ཉིད་ཀྱིས་དཀྱིལ་འཁོར་བྲི་བར་བྱས་ལ། དེ་ཡང་འདོད་པའི་དངོས་གྲུབ་ཐ་མལ་པའམ། མཆོག་ཐོབ་པའི་མཚན་མ་རྨི་ལམ་ལ་སོགས་པའམ། སེམས་གནས་པའི་མཚན་མ་རྒྱུད་ལས་གསུངས་པ་ལན་གཅིག་མ་
ཡིན་པ་ལན་མང་དུ་འམ་དུ་མ་ཐོབ་པ་ནི། དེ་ཁོ་ན་ཉིད་གསུམ་གྱིས་མཆོད་པ་ཆོ་ག་བཞིན་དུ་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་འདུག་པའམ། སྒོའི་དབུས་སུ་འདུག་པར་ལྷག་པར་མོས་པ་བྱས་ལ་སྔ་མ་བཞིན་དུ་ཡན་ལག་བཞི་རྫོགས་པར་བྱ་བ་དང་། དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་
བརླབ་པའི་རིམ་པས་དངོས་གྲུབ་སྩོལ་བར་མཛད་པའི་སྐྱོབ་པ་རྣམས་ལ་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བཤད་ཟིན་པའི་དོན་ཉིད་ལྷག་མ་དང་བཅས་པར་སྨོས་པ་ནི། རང་ངམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་ངམ་ཞེས་བྱ་བ་ནི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བའོ། གཞན་
Vol. 43 · folio 88a
གྱིས་གསོལ་བ་བཏབ་པ་ཞེས་བྱ་བ་ནི་དབང་བསྐུར་བ་དོན་དུ་གཉེར་བའི་སློབ་མས་སོ། །གཞན་དོན་འབད་པར་བྱེད་པས་ཀྱང་། །ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ཆེན་པོ་མཐོང་ཞིང་བསྐུལ་ན་བྲི་བར་བྱའོ། །དེ་ཡང་གང་གི་ཚེ་ཤེས་ཤེ་ན། སློབ་མས་ལན་གཉིས་ལན་གསུམ་
དུ་གསོལ་པ་བཏབ་པར་གྱུར་ཅིང་། གལ་ཏེ་ཡོ་བྱད་ཚོགས་པར་གྱུར་ན་ཡང་དེའི་ཚེ་ལྟེ་བར་བཀོད་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་སྙིང་གར་གནས་པའི་ཀཾ་ལས་བྱུང་བའི་སྡིག་པ་མདོག་གནག་པ་ཤ་ཟ་དང་འདྲ་བར་མི་སྡུག་པ་སྣ་རྩེར་བྱུང་བ་དང་། ཡི་གེ་ཧཱུཾ་དེ་ཡང་
སྙིང་གར་ཕྱིན་པ་ན་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་གཡོན་བརྐྱང་བས་གནས་པ། མཆེ་བ་གཙིགས་པ། ལྟོ་བ་འཕྱང་བ། མདོག་གནག་པ། གཡོན་པའི་སྡིགས་མཛུབ་མཆེ་བ་ལྟར་བསྒྲེང་བ། ཕྱག་གཡས་པ་མཆེ་བ་དང་བཅས་པ་འཕྱར་བ། ཁྲོ་བོའི་གཟུགས་སུ་བྱས་པ་ཕྱུང་སྟེ། ཨོཾ་
བཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ཁཱ་ད་པཱ་པཾ་ནི་ཨ་སྱ་ཧཱུཾ་ཕཊ་ཅེས་བྱ་བས་དེའི་སྡིག་པ་ཤིན་ཏུ་གསོལ་དུ་བཅུག་ལ། ཡང་སློབ་མ་དེ་ཡི་གེ་སཾ་ལས་ཀུན་དུ་བཟང་པོའི་གཟུགས་སུ་བསམས་ནས། དེའི་སེམས་ཀྱིས་བགེགས་བདུད་རྩི་ཐབ་སྦྱོར་གྱི་ཕུར་བུས་བཏབ་ལ། ཕུར་བུའི་འོད་ཟེར་ཤིན་ཏུ་དྲག་ཅིང་
འཇིགས་སུ་རུང་བས་གདུག་པ་ཐམས་ཅད་ཤིན་ཏུ་བསྲེགས་ནས། དེ་བསྲུང་བའི་དོན་དུ་སློབ་མའི་སྙིང་གར་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་དབྱངས་ཀྱི་ཡི་གེ་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གནས་པར་བསམ་པར་བྱའོ། །འཁོར་ལོ་ལ་གནས་ཚུལ་བཞིན་བཟླས། །
ཞེས་བྱ་བས་ནི་སྔོན་དུ་བསྙེན་པ་བྱ་བ་སྟོན་ཏེ། བཟླས་ཞེས་བྱ་བ་སྨོས་པ་དེར་གང་གི་སྔགས་ཇི་སྲིད་ཀྱི་བར་དུ་བཟླ་བ་བཤད་པ་ནི། འཁོར་ལོ་ཅན་སྔགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཁོར་ལོ་ཅན་ཞེས་བྱ་བ་ནི་ཐུགས་ཀྱི་གཙོ་བོའམ། གསུང་གི་གཙོ་བོའམ། སྐུའི་གཙོ་བོའིའོ། །
རང་གི་དཀྱིལ་འཁོར་ལ་ནི་རང་གི་ལྷ་འཇམ་པའི་རྡོ་རྗེ་ལ་སོགས་པའིའོ། །བཀས་གནང་ཞེས་བྱ་བ་ནི་བཀས་ཐོབ་པར་གྱུར་པ་སྟེ། དེ་ནི་བཟླས་པའི་མཚན་ཉིད་ཡིན་ནོ། །སྔགས་བཟླ་བར་བྱ་བ་ཡིན་ལ། དེ་བས་ན་སྔགས་བཏུ་བ་བཤད་པ་ནི། འབྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བཛྲ་དྷྲྀཀ་
Vol. 43 · folio 88b
ཅེས་བྱ་བ་ལ་སོགས་པའི་འབྱིན་པའི་སྔགས་གང་ཡིན་པ་དེ་དང་སྤེལ་བྱའོ། །སྙིང་པོའི་ས་བོན་ནི་ཡི་གེ་ཧཱུཾ་ལ་སོགས་པ་གང་ཡིན་པ་དེ་དང་སྤེལ་བར་བྱ་བ་སྟེ། དེ་གཞན་དག་དང་ཞེས་བྱ་བའི་དོན་ཏོ། །མིང་སྟེ་མཚན་གྱི་ཡི་གེ་དང་པོ་ཀླད་ཀོར་དང་ཅས་པ་དང་ཡང་སྤེལ་ཞིང་སྔགས་བཏུ་བར་བྱའོ། །གང་
དང་སྤེལ་ཞེ་ན། དེ་ཉིད་གསུམ་དང་མན་ངག་ཇི་ལྟ་བ་བཞིན་དུ་སྤེལ་ལོ། །ཕྲེང་བའི་སྔགས་ནི་ཇི་སྐད་གསུངས་པ་ཉིད་ཡིན་གྱི་བཏུ་བར་བྱ་བ་མ་ཡིན་ནོ། །གཞན་དག་ཅེས་བྱ་བས་ཇི་སྐད་གསུངས་པའི་ཕྲེང་བའི་སྔགས་རྣམས་ཀྱང་དེ་ཁོ་ན་ཉིད་གསུམ་དང་སྤེལ་ཏེ་བཏུ་བར་བྱའོ་ཞེས་ཁ་ཅིག་
འཆད་དོ། །ཁ་ཅིག་ནི་སྙིང་པོ་ཞེས་བྱ་བའི་སྒྲའི་དོན་གྱི་ཤུགས་ཀྱིས་ཕྲེང་བའི་སྔགས་ཀྱང་འཇུག་པ་ཡིན་ནོ་ཞེས་འཆད་དོ། །སྔགས་ཀྱི་སྐབས་ཡིན་པས་ཕྱག་རྒྱ་དང་སྙིང་པོ་དང་རིགས་པ་རྣམས་ཀྱི་རང་བཞིན་ཡང་སྨོས་པ་ནི། སྐུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།
ཕྱག་རྒྱ་ནི་རྣམ་པ་བཞི་སྟེ། དེ་ལ་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བཤད་ཅེས་བྱ་བ་ནི་ཕྱག་རྒྱའི་གོ་རིམས་ཇི་ལྟ་བ་བཞིན་དུ་ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། གསང་བ་གསུམ་གྱི་དབུས་ན་གནས་པའམ། དེའི་ངོ་བོ་ཉིད་ཀྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་
རྒྱ་སྟེ། དེ་ནི་ཡེ་ཤེས་སེམས་དཔའ་ཡིན་ནོ། །ས་བོན་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུར་གྱུར་པའི་སྔགས་སོ། །ཞི་ལ་སོགས་པ་རབ་བསྐུལ་བས། །ཞེས་བྱ་བ་ནི་ལས་བསྐུལ་བ་དང་སྤེལ་བའི་སྔགས་རྣམས་སོ། །རྣམ་ཀུན་དུ་ཞེས་བྱ་བ་ནི་མཐུ་ཆེ་བ་ཉིད་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་བཟླ་བར་
བྱའོ། །སེམས་དག་པའི་རྒྱུའི་གཙོ་བོ་བཤད་ཟིན་པ་དང་། མ་བཤད་པ་རྣམ་པ་གསུམ་བསྟན་པའི་ཕྱིར། ཅི་རིགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགོག་པའི་འཁོར་ལོ་གོམས་པ་ཡིས། །ཞེས་བྱ་བ་ནི་སྔར་ཇི་སྐད་དུ་བཤད་པའི་སྲུང་བའི་འཁོར་ལོ་ཡུན་རིང་དུ་གོམས་པར་བྱ་བས་སོ། །
དེ་ལྟར་ན་དེ་དག་ནི་སྔོན་དུ་བསྙེན་པའི་ཆོ་ག་ཡིན་ནོ།། །།ས་སྦྱང་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། བགེགས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སློབ་དཔོན་གྱིས་དང་པོ་ཁོ་ནར་ཉིན་ཞག་ཤིས་པ་ལ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་གསུམ་བྱས་ལ། ཤིས་ཤིང་ཉམས་དགའ་བའི་དཀྱིལ་
Vol. 43 · folio 89a
འཁོར་གྱི་ས་གཞི་དེར་འདུག་སྟེ། གནས་ཀྱི་བདག་པོ་ལ་སོགས་པ་ལ་གཏོར་མ་བྱིན་པ་ལ་སོགས་པས་མཆོད་པ་ལ་སོགས་པ་བསྟབས་ཏེ། རྨི་ལམ་ལ་སོགས་པ་དེ་རྣམས་ལས། གནང་བ་ཐོབ་པར་ཤེས་པ་དང་། །སངས་རྒྱས་ལ་སོགས་ལྷག་གནས་བྱ། །ཞེས་བྱ་བ་སངས་
རྒྱས་དང་རྡོ་རྗེ་འཆང་བ་ལ་སོགས་པ་ནམ་མཁའི་ངོས་ལ་བཞུགས་པ་ལས་རྗེས་སུ་གནང་བ་ནོད་པར་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་ཆོ་ག་བཞིན་དུ་བསྒོམས་པའམ། དྲག་པོའི་སྦྱིན་སྲེག་གིས་བགེགས་བསྐྲད་ལ། སྦྱིན་སྲེག་བྱེད་པའི་ཕྱོགས་ལྟར་ན་སློབ་མ་བསྲུང་བའི་ཕྱིར་ཞི་བའི་སྦྱིན་སྲེག་ཀྱང་
བྱས་ལ། ས་དེ་ཕུར་བུས་བཏབ་ནས་ལས་ཐམས་ཅད་པའི་ཆུའམ་ཡུངས་ཀར་བཅུག་པའི་ཆུ་དང་ཐལ་བ་ལ་དེ་བཟླས་པ་གཏོར་ལ། ས་དེ་ལ་གསོལ་བ་གདབ་ཅེས་བྱ་བ་ནི་སྐྱོབ་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་སའི་ལྷ་མོ་ལ་གསོལ་བ་གདབ་ཅེས་བྱ་
བའི་དོན་ཏོ། །དེ་ནས་ཅི་རིགས་པར་མཆོད་ཡོན་དང་གཏོར་མ་བྱིན་ཅིང་མཆོད་དེ་སྦྱིན་སྲེག་གིས་ཀྱང་ཚིམ་པར་བྱས་ལ་སའི་ལྷ་མོ་ཡིད་ཀྱིས་བཏེག་སྟེ་ནམ་མཁར་གཞག་པར་བྱའོ། །དེ་ནས་ས་དེ་བགེགས་མེད་པར་ཤེས་ནས་དངོས་གྲུབ་ཆུང་ངུ་དང་བར་མ་དང་། མཆོག་གི་དབྱེ་བས་པུས་མོ་ནུབ་
ཙམ་མམ། རྐེད་པ་ཙམ་མམ། སྙིང་ག་ཙམ་བརྐོས་ཏེ། ཐལ་བ་དང་སོལ་བ་དང་། སྐྲ་དང་ཕུབ་མ་དང་། རྡོ་དང་རུས་པ་དང་། གྱོ་མོ་དང་གསེག་མ་ལ་སོགས་པ་བསལ་ལ། ས་དེའམ་དེ་ལས་གཞན་པའི་ས་དག་ཅིང་དྲི་ཞིམ་པའམ་ཆུ་དྲི་ཞིམ་པས་བརླན་པས་ཁུང་བུ་བཀང་སྟེ། ཧཱུཾ་ཡོངས་སུ་
བཟླས་པའི་དྲི་ཞིམ་པོའི་ཆུས་ཆག་ཆག་བཏབ་ལ་བརྡུངས་ཏེ་ལག་མཐིལ་ལྟར་མཉམ་པར་བྱའོ། །དེ་ལྟར་བྱས་པའི་ཁུང་བུ་དགང་བ་ལ་ཡང་རིམ་པ་འདི་ཡིན་ཏེ། མཆོད་ཡོན་དང་གཏོར་མ་སྦྱིན་པ་ལ་སོགས་པའི་ཆོ་ག་ཉིད་བྱ་བའོ། །ཡང་དེའི་ཚེ་སའི་ལྷ་མོ་ཕབ་ལ་ས་ཕྱོགས་དེ་བྱིན་གྱིས་བརླབས་
པར་བསམ་པར་བྱའོ། །འདིར་ཚིགས་སུ་བཅད་པ་ནི། ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །ལག་པས་བྱབ་ཅིང་གསང་སྔགས་བཟླས། །དེ་ཡི་སྦྱང་བའང་དེ་ཉིད་ཡིན། །ཁང་ཐོག་དང་ནི་རྡོ་ལེབ་དང་། །གཙུག་ལག་ཁང་སོགས་ཆུ་འགྲམ་མམ། །སྔར་ནི་
Vol. 43 · folio 89b
སྦྱང་བ་བྱས་པའི་གནས། །མ་བརྐོས་ཀྱང་ནི་དག་པ་ཡིན། །ཞེས་བྱ་བ་ཡིན་ནོ། །དེར་ནི་བདུད་རྩི་ཐབ་སྦྱོར་གྱིས་བགེགས་བསལ་བ་དེ་བཟླས་པའི་ཡུངས་ཀར་དང་། ཆུ་དང་ཐལ་བ་གཏོར་ཏེ་ཤར་ཕྱོགས་ནས་བརྩམས་ཏེ། བའི་རྣམ་པ་ལྔ་ལ་དེ་བཟླས་པས་ཉེ་བར་བྱུགས་ལ། སྤོས་ཆུས་
བསང་གཏོར་བྱ་བ་ཙམ་འབའ་ཞིག་བྱའོ། །དེ་ནས་དཀྱིལ་འཁོར་གྱི་གནས་དེ་སྒོ་བཞི་པའི་ཁང་པ་བརྩེགས་པའི་ནང་དུ་ཆུད་ལ། ཕྱོགས་བཞི་ནས་སྐར་ཁུང་དྲ་བ་ཅན་དང་། རྟ་བབས་ཀྱིས་བསྐོར་བ། མེ་ཏོག་གི་ཆུན་འཕྱང་དང་། དྲིལ་བུ་བཏགས་པའི་བ་དན་བཟང་པོ་སྣ་ཚོགས་པས་
ཐམས་ཅད་དུ་ཁྱབ་པ། བླ་རེ་བྲེ་བ་དང་ལས་ཐམས་ཅད་པ་བཟླས་པའི་དྲིས་ཉེ་བར་བྱུགས་པ་དེ་བཟླས་པའི་སྨན་དང་རིན་པོ་ཆེ་དང་འབྲུ་དབུས་སུ་བརྐོས་པའི་ནང་དུ་གཞུག་པར་བྱའོ། །དེ་ལྟ་བུའི་ས་སྦྱང་བ་ཇི་ལྟ་བུས་སྔར་བྱས་པ་དང་། དེའི་རྗེས་ལ་གང་ཞིག་བྱ་བ་དེ་བསྟན་པའི་ཕྱིར།
འཇམ་པའི་རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འཇམ་པའི་རྡོ་རྗེའི་བདག་ཉིད་ཅན་གྱི་རྣལ་འབྱོར་གསུམ་པོ་དང་ལྡན་ཞིང་མཉམ་པར་བཞག་ནས། དེ་དང་འདྲ་བར་བྱས་པས་སྔོན་དུ་བསྙེན་པ་རྫོགས་པར་བྱས་ལ། གྲོགས་ཤིན་ཏུ་བྱ་བ་དང་མཆོད་པ་སྟེ། དཀྱིལ་འཁོར་གྱི་ཡོ་བྱད་ཀྱི་
ཚོགས་པ་དང་ཡང་ལྡན་པའི་སློབ་དཔོན་དེས་དཀྱིལ་འཁོར་གྱི་གནས་ཇི་སྐད་དུ་བཤད་པའི་ཆོ་གས་ཡང་དག་པར་སྦྱང་བར་བྱའོ། །དེ་སྦྱངས་ནས་བགེགས་མཐར་བྱེད་པའི་སྦྱོར་བའམ། རང་གི་ལྷའི་སྦྱོར་བས་གནས་ལ་བདག་ཉིད་དབང་བསྐུར་ཏེ་གདུག་པ་ཐམས་ཅད་གཞོམ་ཞིང་ཚར་
གཅོད་པར་བྱའོ། །དེ་ནས་ཨོཾ་བྷུ་ཁཾ་ཞེས་བྱ་བ་འདིས་ས་ནམ་མཁར་བྱས་ལ། དེ་ནས་ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བ་འདིས་རྡོ་རྗེའི་རང་བཞིན་དུ་བྱས་ནས་ཨོཾ་མེ་དི་ནཱི་ཞེས་བྱ་བ་ལ་སོགས་པས་བྱིན་གྱིས་བརླབ་པར་བྱའོ། །འདི་ནི་ས་སྦྱང་བའི་ཆོ་གའོ།། །།ས་ཡོངས་སུ་གཟུང་བའི་ཆོ་ག་བསྟན་པའི་ཕྱིར།
སྔར་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲུང་བའི་འཁོར་ལོ་བསྒོམས་པས་བགེགས་གཞོམ་པ་དང་སྦྱོར་བའི་བདག་ཅེས་བྱ་བ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་གསུམ་མངོན་སུམ་དུ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་གསུམ་པ་ནི་ལན་དུ་མར་བསྟན་པ་ཡིན་པས་དེ་རྣམ་པར་གཞག་
Vol. 43 · folio 90a
པར་བྱ་བའི་ཕྱིར། བསྙེན་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྙེན་པ་ཆུང་ངུ་ནས་རྗེས་སུ་མཉེས་པར་བྱ་བའི་མཐར་ཐུག་པ་དེ་གང་ཡིན་པ་དེ་ཐམས་ཅད་དང་ལྡན་པ་ནི་དང་པོའི་སྦྱོར་བ་དང་ལྡན་པ་ཡིན་ཏེ། དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ལྡན་པ་གང་ཡིན་པ་
དེ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་དང་པོ་རང་གི་དཀྱིལ་འཁོར་རབ་ཏུ་ཕྱུང་བ་ནས་ཐ་མར་བདུད་རྩི་མྱང་བའི་བར་དུ་བྱེད་པའི་རྣལ་འབྱོར་པ་དེ་ནི་འཁོར་ལོའི་རྒྱལ་པོ་མཆོག་གི་སྦྱོར་བའི་བདག་ཉིད་དུ་འགྱུར་ཏེ། འདི་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་ལྡན་པ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་འོག་ཏུ་འཁོར་ལོའི་ལས་དཀྱིལ་འཁོར་གྱི་ལྷ་རྣམས་རེ་རེ་ཞིང་ཡང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སོགས་པའི་ཕྲིན་ལས་རྣམ་པ་སྣ་ཚོགས་པ་གང་ཡིན་པ་དེས་ལས་མཆོག་བྱེད་ཅེས་བྱ་བ་ནི་འགྲོ་བའི་དོན་རྣམས་བྱེད་པ་སྟེ། རྣལ་འབྱོར་པ་དེ་ནི་ལས་ཀྱི་རྒྱལ་པོ་
མཆོག་གི་སྦྱོར་བའི་བདག་ཉིད་ཅན་དུ་འགྱུར་བས་འདི་ནི་ལས་ཀྱི་རྒྱལ་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡིན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་བསྟན་པའི་ཕྱིར། དེ་ལྟའི་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དེ་ལྟར་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་གསུམ་ལ་གནས་པའི་སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་དང་། རྡོ་རྗེ་འཆང་གི་བདག་ཉིད་ཅན་ཡིན་ལ། དེའི་དཀྱིལ་འཁོར་གྱི་ས་གཞིའི་དབུས་ན་ལེགས་པར་གནས་པར་གྱུར་ཅིང་། རྡོ་རྗེ་དང་
དྲིལ་བུ་འཛིན་པར་བྱེད་པ་ལའོ། །དཔའོ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དང་། རྡོ་རྗེ་འཆང་བ་དང་འཇམ་པའི་རྡོ་རྗེའི་ངོ་བོ་ཉིད་ཀྱི་ང་རྒྱལ་བརྟན་པ་དང་ལྡན་པའོ། །ཡང་ན། བདག་ཉིད་རང་གི་རྡོ་རྗེ་ཅན། །ཕྱག་ན་རྡོ་རྗེའང་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་
ཆེན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་བརྟན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབ་པ་མི་འདོར་རོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་ང་རྒྱལ་བརྟན་པར་བྱས་པ་ལ། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་
Vol. 43 · folio 90b
ཅན་གྱི་རྣམ་པར་སྣང་མཛད་ལ་སོགས་པའི་སྦྱོར་བ་དང་ལྡན་པ་དེས་ཕྱོགས་བཞིར་གནས་པས། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གཅིག་ཏུ་གྱུར་པའི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་དོན་དམ་པ་ཡིན་ལ། དེ་
བས་ན་དཀྱིལ་འཁོར་ནི་དེའི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཉིད་དུ་ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་པ་ཡིན་ལ། གསུམ་གྱིས་ནི་བཤད་པ་ཡིན་ཏེ། དཀྱིལ་འཁོར་དེ་བཤད་དུ་གསོལ་ཞེས་པ་བཀའ་སྩོལ་ཅིག །གསུངས་ཤིག །སྟོན་ཅིག་ཅེས་བྱ་བའི་ཐ་
ཚིག་གོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་སྤངས་པས་ཤིན་ཏུ་རྣམ་པར་དག་པའི་ཐུགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཞེས་བྱ་བའི་ཐ་
ཚིག་གོ། །ཆོས་ཀུན་བདག་མེད་པ་ཡི་མཆོག །ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མཆོག་ནི་བདག་མེད་པ་ཡིན་ཏེ། བདག་མེད་པ་ངེས་པར་སྟོན་པའི་གསུང་ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་འཁོར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བར་སྦྱར་རོ། །
མཚན་རྣམས་ནི་སུམ་ཅུ་རྩ་གཉིས་སོ། །དེའི་འཁོར་ཡིན་པས་དཔེ་བྱད་རྣམས་ཀྱང་བསྡུ་བར་བྱའོ། །དེའི་མི་མཐུན་བའི་ཕྱོགས་ནི་མཚན་མ་ཡིན་བའོ། །ཀུན་དུ་བཟང་པོ་ནི་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱི་སྐུའི་མཆོག་ནི་སྐུའི་ཚོགས་ཡིན་ཏེ། དཔེར་ན་
སྟོབས་ཀྱི་མཆོག་ལ་སྟོབས་ཀྱི་ཚོགས་ཞེས་བྱ་བ་དང་འདྲའོ། །ཞི་བ་ནི་ཤིན་ཏུ་རྣམ་པར་དག་པའོ། །ཆོས་ཀྱི་མཆོག་ནི་ཆོས་ཀྱི་ཚོགས་ཏེ། །དེ་ལས་བྱུང་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ཀྱི་སྤྱོད་པ་ནི་བྱང་ཆུབ་
ཀྱི་སྤྱོད་པ་སྟེ། དེ་ལ་རྣམ་པར་སྦྱོར་བར་བྱེད་པའོ། །དེ་ཉིད་ཀྱིས་ན་དེའི་ལས་སུ་བྱ་བ་ཤེས་པའི་ཕྱིར་རོ། །སེམས་དཔའ་ཀུན་གྱི་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིའོ། །སེམས་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །དག་པ་ནི་སྒྲིབ་པ་ཐམས་
Vol. 43 · folio 91a
ཅད་སྤངས་པའི་ཕྱིར་རོ། །དེའི་དག་པ་ནི་གཞིག་པར་བྱ་མི་ནུས་པ་ཉིད་དམ། ཉོན་མོངས་པ་གློ་བུར་བ་ཉིད་ཀྱིས་ན་རང་བཞིན་དྲི་མ་མེད་ཅེས་བྱའོ། །ཁ་ལོ་སྒྱུར་ཞེས་བྱ་བ་ནི་གདུལ་བར་དཀའ་བའི་གདུལ་བྱ་འདུལ་བས་ཁ་ལོ་སྒྱུར་བའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་
བཏབ་པའི་རྗེས་ཐོགས་ལའོ། །འཇམ་པའི་རྡོ་རྗེའི་སྦྱོར་བ་ལ་གནས་པར་གྱུར་པ་ཉིད་དང་། འགྲོ་བ་སེམས་ཅན་གྱི་ཁམས་མ་རིག་པའི་མུན་ནག་གིས་ཁེབས་པ་ལ་བརྟེན་ཅིང་གནས་པར་བལྟས་ནས། ཁྲོས་པས་ཞེས་བྱ་བ་ཁྲོ་བོའི་འགྱུར་བས་སྨིན་མ་བསྡུས་པ་དང་། མཆེ་བ་གཙིགས་
པ་དང་། བསྒྱིངས་པའི་སྤྱོད་པ་ལ་སོགས་པ་དང་ལྡན་པས་ཧཱུཾ་བཛྲོད་ཏིཥྛ་ཞེས་བྱ་བ་འདིས་སྤྲུལ་པའི་འཁོར་ལོ་ནམ་མཁའ་ལ་ལེགས་པར་བཏེག་པར་བྱའོ། །ཡི་གེ་མ་ཊས་ཉི་ཟླའི་མིག་ཅེས་བྱ་བ་དང་། རང་མིག་ཅེས་བྱ་བའི་ཚིག་འདི་གཉིས་ཀྱིས་ནི་རྡོ་རྗེ་ལྟ་བ་བཤད་པ་ཡིན་པས། མ་ལས་ནི་
མིག་གཡས་པ་ཉི་མར་བྱས་ཤིང་། ཊ་ལས་ནི་མིག་གཡོན་པ་ཟླ་བར་བྱས་ལ། ཧཱུཾ་གིས་མིག་འབྲས་བསྐལ་པའི་མེ་ལྟ་བུར་བྱས་ཏེ་ལྟ་བ་འདིས་འགྲོ་བ་ཀུན་ལ་བལྟས་པ་ཉིད་ཀྱིས་ཕྱོགས་ཐམས་ཅད་དུ་ཉེ་བར་སྦར་ཞིང་སྣང་བར་བྱས་ལ་དཀྱིལ་འཁོར་གྱི་ས་གཞི་ཡོངས་སུ་བསྐོར་བར་བྱའོ། །ཇི་ལྟར་
བསྐོར་བར་བྱ་ཞེ་ན། རྐང་འོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་ཨ་ལས་རྐང་པ་གཉིས་ཀྱི་མཐིལ་དུ་སྣ་ཚོགས་རྡོ་རྗེ་འབར་བ་བསམས་ལ། དེ་ལྟ་བུར་གྱུར་པའི་རྐང་པ་གཉིས་ཀྱི་རོལ་པའི་སྟང་སྟབས་གང་ཡིན་པ་དེས་ས་ལ་སྣ་ཚོགས་རྡོ་རྗེ་ཀུན་དུ་འདྲ་བའི་འགྲོས་གང་ལ་ཡོད་པ་དེ་ནི་རྡོ་
རྗེའི་འགྲོས་ཀྱི་རོལ་པའོ། །དེའི་གོམ་པ་འཇོག་པ་གང་ཡིན་པ་དེ་ནི་རོལ་པའི་རྡོ་རྗེའི་འགྲོས་ཀྱི་གར་ཏེ་རོལ་པའི་རྡོ་རྗེའི་འགྲོས་ཇི་ལྟར་འབྱུང་བར་འགྱུར་བ་དེ་ལྟར་གར་བྱེད་ཅིང་། ལུས་ངག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྐྲད་པར་བྱའོ། །དེ་ནས་དཀྱིལ་
འཁོར་གྱི་ས་གཞི་དྲིས་བྱུགས་ལ་མེ་ཏོག་དང་། མར་མེ་ལ་སོགས་པ་དང་། སྒོ་བཞི་དང་མཚམས་བཞི་ནས་སྤོས་སྣོད་ལས་བདུག་པ་གཏུལ་བ་དང་། གར་དང་གླུ་ལ་སོགས་པས་ཡང་དག་པར་མཆོད་ལ། ལག་པས་རེག་ཅིང་དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་
Vol. 43 · folio 91b
དང་། ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ་དེ་ཉིད་དུ་མཉམ་པར་གཞག་བཞིན་དུ་ཉལ་བར་བྱའོ། །དེ་ལྟར་ན་འདི་ནི་ས་ཡོངས་སུ་གཟུང་བའི་ཆོ་གའོ། །ཉིན་ཞག་གཉིས་ལ་ནི་ལྷག་པར་གནས་པར་བྱ་བ་ཡིན་པས་དེ་བསྟན་ཕྱིར། ས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནང་པར་གྱི་དུས་ཉིད་
དུ་བདག་པོའི་སྦྱོར་བ་བྱས་ལ་སློབ་དཔོན་གྱིས་བགེགས་མཐར་བྱེད་ཉིད་ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པ་འདྲ་བ། སྐུ་སྟོད་རང་གི་རྣམ་པ་འདྲ་ཞིང་རང་གི་མཚན་མ་བསྣམས་པའི་ཕུར་བུར་བློས་བསམས་ལ་དེ་ཉིད་གཡོན་པའི་ཁུ་ཚུར་གྱིས་བཟུང་སྟེ། གཡས་པའི་རྡོ་རྗེ་འབར་བའི་ཐོ་བས་བརྡུང་
ཞིང་། ཨོཾ་གྷ་གྷ་ཞེས་བྱ་བའི་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱི་སའི་དབུས་སུ་བརྒྱ་བྱིན་འཁོར་དང་བཅས་པ་ལ་སོགས་པ་ཕྱོགས་བཅུའི་བགེགས་ཀྱི་ཚོགས་རྣམས་ཕུར་བུས་བཏབ་སྟེ་གཞོམ་པར་བྱས། དེ་ནས་ས་ཤིན་ཏུ་བགེགས་དང་བྲལ་བ་དང་། རྡོ་རྗེ་འབར་བའི་རང་བཞིན་ཅན་དུ་གྱུར་
པས་འབར་བའི་འོད་ཟེར་རྣོན་པོ་རྣམས་ཀྱིས་ཁྱབ་པའི་འོད་ཟེར་འདི་ལ་ཡོད་པས་དེ་སྐད་ཅེས་བྱའོ། །དེ་ལྟར་བསམས་ནས་ཕྱི་རོལ་དུ་གོ་རིམས་ཇི་ལྟ་བ་བཞིན་དུ་ཡི་གེ་བཾ་ལས་རྡོ་རྗེ་འབར་བའི་དྲ་བ། ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར་བའི་ར་བ། །ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་
འཁོར་ཟུར་བཞི་པ་སེར་པོས་ཕྱོགས་བཅིང་བ་དང་། རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོས་མཚམས་བཅིང་བར་བསམས་ལ་སའི་ལྷ་མོ་ལྷག་པར་གནས་པར་བྱའོ། །དེ་ཡང་དབུས་སུ་དྲིའི་དཀྱིལ་འཁོར་ལ་སའི་ལྷ་མོ་ཡི་གེ་བཾ་ལས་བྱུང་བ་མདོག་སེར་བ་
ལག་ན་བུམ་པ་ཐོགས་པ་ལེགས་པར་མཆོད་ལ། སྐྱོབ་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལན་གསུམ་བརྗོད་ལ་གཤེགས་སུ་གསོལ་ཏེ་དེ་ཉིད་དུ་ཐིམ་པར་བྱའོ། །ཕྱི་དྲོའི་དུས་སུ་ཁྲུས་བྱས་ཤིང་ལུས་དྲི་ཞིམ་པོ་དང་རྒྱན་གྱིས་བརྒྱན་ཅིང་གོས་དམར་པོ་བཟང་པོ་བགོ་བ་དང་། མེ་
ཏོག་གི་ཕྲེང་བ་བཏགས་ཤིང་ཁ་དྲི་ཞིམ་པར་བྱས་ལ། དང་པོ་ཁོ་ནར་དཀྱིལ་འཁོར་གྱི་ས་གཞི་དྲི་ཞིམ་པོས་བྱུགས་པ་དང་། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པ་གཅལ་དུ་བཀྲམ་པ་ཡང་བྱེད་དུ་བཅུག་སྟེ་རང་ཉིད་འཇམ་པའི་རྡོ་རྗེའི་རྣལ་འབྱོར་བྱས་ལ་ལྷ་རྣམས་ཀྱི་གནས་སུ་ཟླ་བ་དང་ཉི་
Vol. 43 · folio 92a
མ་ལ་སོགས་པས་དཀྱིལ་འཁོར་རྣམས་བྱས་ཏེ། དེ་རྣམས་ལ་རང་རང་གི་གདན་ཇི་ལྟ་བ་བཞིན་བསམས་ལ། དེར་ནམ་མཁའ་ལ་བཞུགས་པའི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་སྤྱན་དྲངས་ནས་བཞུགས་སུ་གསོལ་ལ། མཚམས་བཅིང་བ་ལ་སོགས་པ་དང་། མཆོད་
པ་ལ་སོགས་པ་ཡང་བྱས་ནས་བུམ་པ་ལྷག་པར་གནས་པར་བྱའོ། །དེ་ཡང་། མགྲིན་པ་མཆོག་ནི་གོས་ཀྱིས་དཀྲི །ཞེས་བྱ་བ་ནི་མགྲིན་པ་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པས་མཆོག་ཏུ་གྱུར་པ་དེ་རས་ལ་སོགས་པས་ལེགས་པར་བཅིངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཀྱིལ་
འཁོར་པའི་ཞེས་བྱ་བ་ནི་ལྷ་བཅོ་བརྒྱད་པོ་རེ་རེའམ། ཡང་ན་རིགས་ཀྱི་ཡུམ་རྣམས་ཀྱི་བཞི། དེ་བཞིན་གཤེགས་པ་དང་དེའི་རིགས་དང་བཅས་པ་རྣམས་ཀྱི་ལྔ། ལས་ཐམས་ཅད་པའི་བུམ་པ་ནི་བཅུ་པའོ། །གང་གི་བུམ་པ་གང་ཡིན་པ་དེ་ལ་དེའི་སྔགས་ལན་བདུན་བདུན་བཟླ་བ་དང་། དེའི་མཚན་
མ་དེ་ལ་བྲི་བར་བྱའོ། །བུམ་པ་མདོར་བསྡུས་པ་ལ་ཡང་དེ་བཞིན་གཤེགས་པའི་བུམ་པ་རྣམས་ལ་ནི་དེ་བཞིན་གཤེགས་པའི་མཚན་མ་ཉིད་དོ། །ལས་ཐམས་ཅད་པའི་བུམ་པ་ལ་ནི། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཞེས་བྱ་བ་འདི་ནི་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །རྣམ་པར་རྒྱལ་བའི་བུམ་
པ་ལ་ནི་གཙོ་བོ་ཡིན་པའི་ཕྱིར་དང་། བྱ་བ་མང་པོ་ཡོད་པའི་ཕྱིར་ཁྱད་པར་བསྟན་པ་ནི་འབྲུ་སྨན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་ལ་ཞེས་པ་ནི་རྣམ་པར་རྒྱལ་བའི་བུམ་པ་ལ་སྟེ། རྩ་བ་ནག་པོ་ར་རི་མེད་པ། མཆུ་འཕྱང་བ། མགྲིན་པ་རིང་བ། ལྟོ་བ་ཆེ་བ། མགྲིན་པ་མེ་ཏོག་གི་ཕྲེང་བ་དང་བཅས་
པའི་གོས་བཟང་པོས་དཀྲིས་པ། ཡལ་ག་ལོ་འབྲས་བཟང་པོ་ཡོད་པས་ཁ་བརྒྱན་པ་ཆོས་འབྱུང་བའི་དབུས་ན་གནས་པའི་བདག་པོའི་མཚན་མས་མཚན་པ་ཡི་གེ་བཾ་ལས་རིན་པོ་ཆེའི་རང་བཞིན་ཅན་དུ་བྱས་པར་བསམས་ལ་འཁོར་ལོའི་གཙོ་བོ་བཟླ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །འབྲུ་ལྔ་ནི་ཏིལ་
དང་། ནས་སོ་བ་དང་། མ་ཤ་དང་། འབྲས་སོ་བ་དང་། གྲོའོ། །སྨན་ལྔ་ནི་བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། ཤ་ཏ་རཀྵ་དང་། དཎྜོཏྤ་ལ་དང་། གི་རི་ཀརྞི་དཀར་པོའོ། །རིན་ཆེན་ལྔ་ནི་མུ་ཏིག་དང་། གསེར་དང་། དངུལ་དང་། བྱི་རུ་དང་། མུ་མེན་ནོ། །དྲི་བཟངས་ཆུ་ནི་སྤོས་ཆུ་ཅུང་ཟད་དོ། །
Vol. 43 · folio 92b
འཁོར་ལོ་ནི་འཇམ་པའི་རྡོ་རྗེའི་བསམ་གཏན་གྱི་དཀྱིལ་འཁོར་རོ། །འདི་རྣམས་ཀྱི་ཚོགས་བསྡུས་པར་གྱུར་པ་གང་ཡིན་པར་མེ་ཏོག་གི་ཕྲེང་བ་བཏགས་པའི་རྡོ་རྗེ་སྟེང་དུ་བཞག་པ་གང་ཡིན་པ་ལ་འཁོར་ལོའི་གཙོ་བོ་ཞེས་པ་འཇམ་པའི་རྡོ་རྗེའི་སྔགས་དེའི་ས་བོན་ལས་བཏུས་པ་བཟླ་བར་བྱ་
སྟེ། ཁུ་ཚུར་གཡོན་པས་རྡོ་རྗེ་ལ་བཏགས་པའི་ཕྲེང་བ་བཟུང་ལ་སྔགས་བརྒྱ་རྩ་བརྒྱད་མངོན་པར་བཟླ་བར་བྱའོ། །མཆོད་ཡོན་ཞེས་བྱ་བ་ནི་རང་གི་བདག་པོའི་སྔགས་དང་། ཡི་གེ་ཧཱུཾ་ལན་བདུན་བཟླས་པའི་མཆོད་ཡོན་གྱི་ཆུ་ལས་ཅུང་ཟད་ཅིག་དབུལ་ལོ། །དེར་ཞེས་བྱ་བ་ནི་རྣམ་པར་རྒྱལ་
བའི་བུམ་པའི་སྟེང་དུ་དྲི་ལ་སོགས་པའི་རྫས་ལྔ་དང་ལྡན་པའི་པདྨའི་སྣོད་གཞག་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །ཉིན་རེ་ཞེས་བྱ་བ་ནི་ཇི་སྲིད་འཁོར་ལོ་དགོད་ཀྱི་བར་དུའོ། །དེ་བཞིན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བཟླ་བ་ཞེས་བྱ་བ་ནི་རྣམ་པར་རྒྱལ་བའི་བུམ་པ་ལའོ། །དཀྱིལ་འཁོར་རྫོགས་
པའི་ཚེ་བུམ་པ་ཇི་ལྟར་དགོད་པ་དེའི་གནས་སྐབས་ལ་བབ་པ་དེ་སྔར་ཉིད་བཤད་པ་ནི། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མཚམས་སུ་ཞེས་བྱ་བ་ནི་སྒོའི་དྲང་ཐད་མ་ཡིན་པའི་གནས་སུའོ། །གཡས་སུ་ཞེས་བྱ་བ་ནི་ཕྱི་འམ་ནང་གི་གཡས་ལོགས་སུའོ། །ཆུའི་དབང་
བསྐུར་བའི་གནས་སྐབས་མདོར་སྡུས་ཏེ་བཤད་པ་ནི། དེ་ལས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལས་ཞེས་བྱ་བ་ནི་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ལས་མདོར་བསྡུས་པས་སོ། །མཆོད་ཡོན་སྣོད་དུ་ཞེས་བྱ་བ་ནི་ཤར་སྒོ་མན་འཇི་ལ་བཞག་པའི་དུང་ཕོར་ལ་སོགས་པར་རོ། །
སློབ་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཤུགས་ཀྱིས་གོ་བར་འགྱུར་རོ། །དེ་ལྟར་ན་འདི་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།པུས་བཙུགས་ཞེས་བྱ་བ་ནི་ས་ལའོ། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །ཞེས་བྱ་བ་ལ་འགྲོ་བ་རྣམས་ལ་དཀྱིལ་འཁོར་གྱི་བྱ་བས་དོན་སྩོལ་བར་མཛད་
པའོ། །འབྲས་གནས་ཞེས་བྱ་བ་ནི་ས་ཐོབ་པ་རྣམས་སོ། །གཞན་ཞེས་བྱ་བ་ནི་ས་ཐོབ་པ་རྣམས་ལས་གཞན་པ་ལྷ་ལ་སོགས་པའོ། །བྱང་ཆུབ་ལ་བཀོད་པ་ཞེས་བྱ་བ་ནི་བཏུལ་བའོ། །སེམས་ཅན་ཞེས་བྱ་བ་ནི་མི་ལ་སོགས་པའོ། །རྡོ་རྗེའི་སྤྱན་མངའ་བ་ནི་ལྷའི་མིག་དང་ལྡན་པའོ། །
Vol. 43 · folio 93a
ཡོ་བྱད་ཅེས་བྱ་བ་ནི་ཅི་འབྱོར་བའི་མཆོད་པའོ། །དེ་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ཡང་དག་པར་བསྲུངས་ལ་ཞེས་བྱ་བ་ནི་མཚམས་བཅིངས་པ་ལ་སོགས་པས་སོ། །འདི་ནི་ལྷ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་རང་གི་སློབ་མ་ལྷག་པར་གནས་པར་བྱའོ་ཞེས་བྱ་
བར་སྦྱར་རོ། །མེ་ཏོག་ཕྲེང་ཐོགས་ཞེས་བྱ་བ་ནི་མེ་ཏོག་གི་ཕྲེང་བ་སྙིམ་པས་འཛིན་པའོ། །ང་རྒྱལ་མེད་པ་ནི་རློམ་པ་མེད་པའོ། །རིགས་མཐོ་བ་ནི་རིགས་བཟང་པོ་ལས་སྐྱེས་པའོ། །ཡོན་ཏན་དང་ལྡན་པ་ནི་གཏོང་བ་དང་བརྟན་པ་ལ་སོགས་པ་དང་ལྡན་པའོ། །བདེ་བར་གཤེགས་པའི་ཞེས་བྱ་བ་
ལ་སོགས་པ་ནི་རིགས་དང་ཡོན་ཏན་དང་། གཟུགས་དམན་པར་གྱུར་པ་དག་ཀྱང་ལྷག་པར་གནས་པར་བྱ་སྟེ།དེ་ཡང་གལ་ཏེ་གསང་སྔགས་སྒྲུབ་པ་ལ་ཤིན་ཏུ་དོན་དུ་གཉེར་ཞིང་མངོན་པར་བརྩོན་པ་དང་ལྡན་པ་དང་། སྟོན་པ་གཞན་ལ་མི་བརྟེན་པར་གྱུར་ན་བྱར་རུང་ངོ་ཞེས་བྱ་བའི་
ཐ་ཚིག་གོ། །ཆོ་ག་ཞེས་བྱ་བ་ནི་འཇུག་པ་ལ་སོགས་པའོ། །འཁོར་བཞི་ཆར་ཡང་ཞེས་བྱ་བ་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མའོ། །རང་གི་བསླབ་དད་ཤིན་ཏུ་ལྡན། །ཞེས་བྱ་བ་ནི་དེ་ལ་བརྩོན་ཞིང་གུས་པའོ། །ཐེག་ཆེན་ལ་དགའི་བདག་ཉིད་ཅན།
ཞེས་བྱ་བ་འདིས་ནི་མི་འགལ་བར་བྱ་བའི་ཕྱིར་འདི་ལ་ནི་ཡིད་ཀྱི་ལས་གཙོ་བོ་ཡིན་པས་སྟོན་ཏོ། །ཡང་ན་འཇུག་པ་ཐམས་ཅད་ལ་ཆོ་ག་ཐམས་ཅད་སེམས་པར་བྱ་དགོས་པ་མ་ཡིན་པས་དེ་ལ་འགལ་བ་ག་ལ་ཡོད། གསང་སྔགས་གྲུབ་དོན་གཉེར་ཞེས་བྱ་བ་ནི་འཇིག་རྟེན་འདི་ཉིད་དུ་མངོན་པར་མཐོ་
བ་འདོད་པའོ། །བསོད་ནམས་འདོད་པས་ཞེས་པ་ནི་འཇིག་རྟེན་གཞན་དུ་མངོན་པར་མཐོ་བ་ཐོབ་པའི་དོན་དུའོ། །འཇིག་རྟེན་གཞན་དོན་གཉེར་ཞེས་བྱ་བ་ནི་འཇིག་རྟེན་གཞན་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་ཕུན་སུམ་ཚོགས་པ་སྐུ་གསུམ་གྱིས་ཡང་དག་པར་བསྡུས་པ་འཕགས་པ་དང་
འཕགས་པ་མ་ཡིན་པའི་འཇིག་རྟེན་ཐམས་ཅད་ལས་གོང་མར་གྱུར་པ་ཉིད་དོ། །དོན་དུ་གཉེར་བའི་སངས་རྒྱས་ཉིད་དོན་དུ་གཉེར་བ་ཞེས་བྱ་བའི་བར་དུའོ། །འཇིག་རྟེན་ཕ་རོལ་ཞེས་བྱ་བ་ནི་ཕྱོགས་གསུམ་པ་གཟུང་ངོ་། །ཚེ་འདིའི་ཞེས་བྱ་བ་ནི་ཕྱོགས་གོང་མ་གཉིས་པོ་དང་སྦྱར་ཏེ། འདི་ཉིད་
Vol. 43 · folio 93b
དུ་དམན་པའི་འཇིག་རྟེན་ཉིད་དུ་གྱུར་པས་ན་ཚེ་འདི་བ་ཉིད་དོ། །རིགས་པས་སྒྲུབ་པ་བཤད་པ་ནི། ཚེ་འདི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྒྱས་ཞེས་བྱ་བ་ནི་མཐའ་དག་གོ། །དེ་སྐད་བརྗོད་ཅེས་བྱ་བ་ནི་ཡིད་གཞུངས་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བསམ་པ་དག་པར་བྱ་བའི་ཕྱིར་བརྗོད་པར་
བྱའོ། །སྔོན་བཞིན་ཞེས་བྱ་བ་ནི། རང་རིག་པདྨའི་ལྟེ་བ་རུ། །ཞེས་བྱ་བ་ལ་སོགས་པ་གང་བཤད་པ་དེ་བཞིན་དུའོ། །ཁང་པ་ནི་དཀྱིལ་འཁོར་རོ། །གསོལ་བ་འདེབས་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་གཉིས་ཀྱིས་སོ། །དགའ་ཆེན་ཞེས་བྱ་བ་ནི་
རྡོ་རྗེ་འཆང་དང་མཉམ་པའི་ཕྱིར་རོ། །ཚུལ་ཞེས་བྱ་བ་ནི་ལམ་མོ། །བརྟེན་པ་ཞེས་བྱ་བ་ནི་མི་ཤིགས་པའོ། །དམ་ཚིག་ཅེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པའོ། །ལན་གསུམ་བརྗོད་ཅེས་བྱ་བ་ནི་ཚིགས་སུ་བཅད་པ་གཉིས་པོ་འདི་དག་ཉིད་དོ། །རབ་གུས་ཞེས་བྱ་བ་ནི་རྗེས་དང་བཅས་
པའོ། །མཉེས་གཤིན་པ་ནི་སྙིང་དུ་སྡུག་པ་དང་བཅས་པའོ། །གཙོ་བོ་གཅིག་ལ་ནི་དམིགས་བྱས་ཞེས་བྱ་བ་ནི་དེའི་སྒོ་ནས་ཐམས་ཅད་ལ་སྨྲ་བའོ། །ཆོ་ག་ཞེས་བྱ་བ་ནི་ཐབས་ཆེན་པོའོ། །མཐུ་ཡིས་ཞེས་བྱ་བ་ནི་བཟླས་པ་དང་བསྒོམས་པས་སོ། །ཡེ་ཤེས་མཉམ་མེད་ཅེས་བྱ་བ་ནི་བྱང་ཆུབ་ཆེན་
པོའོ། །འདི་གྱིས་ཤིག་ཅེས་བྱ་བ་ནི་གསང་སྔགས་ཀྱི་ཚུལ་ལ་རབ་ཏུ་གཞོལ་བའོ། །བཤགས་སོ་ཞེས་བྱ་བ་ནི་སྡིག་པ་བཤགས་པ་ལ་སོགས་པ་ལན་གསུམ་བརྗོད་དུ་བཅུག་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །དྲན་དུ་གཞུག་ཅེས་བྱ་བ་ནི་ཚིགས་སུ་བཅད་པ་གཅིག་གིས་ཏེ། དཀོན་མཆོག་
གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་སེམས་བསྐྱེད་ཅེས་བྱ་བ་འདིས་སོ། །བསྲུངས་ནས་ནི་ཞེས་བྱ་བ་ནི་སློབ་མ་ལས་ཐམས་ཅད་པས་བསྲུངས་ལ། དེ་རྣམས་ཉིད་ཀྱི་སྙིང་ག་ལ་སོགས་པའི་རྡོ་རྗེ་
ལ་སོགས་པར་ཧཱུཾ་ཨཱཿཨོཾ་ལ་སོགས་པ་བརྗོད་ཅིང་། སྙིང་ག་ལ་སོགས་པར་སྤོས་ཆུ་དང་རྡོ་རྗེ་ལ་སོགས་པ་དང་ལྡན་པའི་ཁུ་ཚུར་གྱིས་རེག་པར་བྱས་ལ་མདུན་དུ་སྤོས་དང་མར་མེ་བྱིན་ནས་ཨ་ཤྭདྠའམ་ཨུ་དུམ་ཝཱ་རའི་སོ་ཤིང་སོར་བཅུ་གཉིས་པ་དྲང་བ་མ་གས་པ་སྲོག་ཆགས་མེད་པ། རྩེ་མོ་
Vol. 43 · folio 94a
ལ་མེ་ཏོག་བཏགས་པ་དེ་རྣམས་ཁ་བྱང་དུ་བལྟས་ཏེ་སྙིམ་པ་སྦྱར་བར་སྦྱིན་པར་བྱའོ། །དེས་ཀྱང་དཀྱིལ་འཁོར་འདོམ་གང་གྲུ་བཞི་པ་བྱས་ནས་སློབ་མ་དེ་ཤར་རམ་བྱང་དུ་ཁ་བལྟས་ཏེ་འདུག་པ་ལ་སོ་ཤིང་རྩེ་མོ་ནས་འཆར་བཅུག་ལ་ལྟོས་པ་མེད་པར་མདུན་དུ་
དོར་དུ་གཞུག་གོ། །སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་པས་འདི་རྣམས་ཀྱིས་ཞི་བ་ལ་སོགས་པའི་དངོས་གྲུབ་ཅིར་འགྱུར་བ་ཡང་བསྟན་པར་བྱའོ། །དེ་ལ་བྱང་དང་ཤར་དང་ལྷོ་དང་ནུབ་ཏུ་ལྷུང་བ་ལས་ཞི་བ་དང་རྒྱས་པ་དང་མངོན་སྤྱོད་དང་དབང་འགྲུབ་པ་ཡིན་ལ་སྟེང་དུ་བལྟས་ཏེ་ལྷུང་ན་ནི་
རིག་པ་འཛིན་པའི་དངོས་གྲུབ་འགྲུབ་པོ། །འོག་ཏུ་བལྟས་ཏེ་ལྷུང་ན་ནི་ས་འོག་གི་དངོས་གྲུབ་འགྲུབ་བོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་བ་ལ་ནི་དངོས་གྲུབ་མེད་དོ། །འཐོར་འཐུང་ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་བཟླས་པའི་ཆུས་སོ། །སྐྱོར་ཆུ་ལན་གསུམ་ཞེས་བྱ་བ་ནི་སྤོས་ཆབ་
ཀྱི་སྐྱོར་ཆུ་ཨོཾ་ཧྲི་ཞེས་བྱ་བ་ལ་སོགས་པའི་ཕྲེང་བའི་སྔགས་བཟླས་ལ་ལན་གསུམ་བླུད་ནས་ཁང་པའི་ཕྱི་རོལ་དུ་བཞག་ནས་བདུད་རྩི་ཐབ་སྦྱོར་བཟླས་པའི་ཀུ་ཤ་མང་པོ་ནི་སྟན་གྱི་ཕྱིར་སྦྱིན་ལ། དེ་བཞིན་དུ་ཀུ་ཤ་གཅིག་ནི་སྔས་ཀྱི་ཕྱིར་སྦྱིན་ནོ། །དེ་ནས་བདུད་རྩི་ཐབ་སྦྱོར་བཟླས་པའི་སྐུད་པ་
སུམ་སྒྲིལ་མདུད་པ་གསུམ་དང་ལྡན་པས་དེ་རྣམས་ཀྱི་དཔུང་པ་གཡས་པར་རང་ཉིད་ཀྱིས་བཅིངས་ལ་དེ་ཡང་དག་པར་བསྲུང་བར་བྱའོ། །དེ་ནས་གཟེངས་བསྟོད་པའི་ཕྱིར་ཆོས་བཤད་པར་བྱ་བ་ཡིན་པས་དེའི་ཕྱིར་དེ་ནི། འཇིག་རྟེན་དུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྒྱ་ལམ་ཞེས་
བྱ་བ་ནི་ལན་འགའ་ཞིག་གོ། །དེ་ཡང་འདི་ལྟ་སྟེ་བསྐལ་པ་ཆེན་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བར་འགྱུར་ལ། ཡང་ན་མི་འབྱུང་བ་ཡོད་དེ། ལན་འགའ་ནི་བསྐལ་པ་ཆེན་པོ་མང་པོར་ཡང་སངས་རྒྱས་མི་འབྱུང་བ་འགྱུར་བ་ཡང་འདས་ཟིན་པའི་ཕྱིར་རོ། །གསང་སྔགས་སྤྱོད་
པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་བྱ་བ་ནི། །རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔོན་བྱུང་བ་བརྗོད་ཀྱིས་མི་ལང་པའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཏུ་ཕྲ་བ་དང་མཉམ་པའི་བསྐལ་
Vol. 43 · folio 94b
པ་ཡང་འདས། གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འདས་པ་ནས་ཐུབ་པ་ཆེན་པོ་འོད་སྲུངས་མངོན་པར་སངས་རྒྱས་པའི་བར་གྱིས་ཀྱང་མ་གསུངས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྨོས་ཅི་འཚལ་ཞེས་
བྱ་བ་ནི་སྔར་བཤད་པ་ལས་ཁྱད་པར་དུ་འཕགས་པར་སྟོན་ཏེ། སྔགས་ཀྱི་སྤྱོད་པ་ལ་གནས་ནས་སྔགས་ཟློས་ཤིང་གོམས་པར་བསླབས་པས་གོ་འཕང་བླ་ན་མེད་པ་འཐོབ་པར་འགྱུར་བ་དེ་སུ་ཞིག་གི་སྔགས་ཡིན་ཞེ་ན། གྲགས་པ་མཐའ་ཡས་ཞེས་བྱ་བ་སྟེ་སྐྱོབ་པ་རྣམས་ཀྱིའོ། །སྐྱེ་བཞིན་པ་
ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པས་སོ། །ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་མྱ་ངན་ལས་འདས་པའོ། །ཆེར་འབྱུང་བ་ནི་ཐེག་པ་ཆེན་པོ་རྣམས་འབྱུང་བ་སྟེ། གང་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་འབྱུང་བའོ། །དེ་ལྟ་བུའི་ལམ་དེ་ནི་ཐེག་པ་ཆེན་པོའོ་
ཞེས་འབྱུང་བའོ། །དོན་བཤད་བྱས་ནས་ནི་ཞེས་བྱ་བ་ནི་དེ་ལྟར་གཟེངས་བསྟོད་པར་བྱ་བའི་ཕྱིར་ཆོས་བཤད་པ་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བསྲུང་བ་ཡང་བྱའོ་ཞེས་རང་གི་དོན་དང་ཡང་སྦྱར་བར་བྱའོ། །ཉལ་དུ་གཞུག་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་མཐར་རོ། །གང་དག་ཅི་
མཐོང་བ་ཞེས་བྱ་བ་ལ་སོགས་པ་བསྒོའོ་ཞེས་བྱ་བ་ནི་ལྷག་མའོ། །བདག་ཉིད་ཀྱང་དེ་བཞིན་དུ་བསམ་གཏན་ལ་མཉམ་པར་གཞག་པའི་བློས་སེང་གེའི་ཉལ་ཐབས་སུ་ཉལ་བར་བྱའོ། །མདོར་བསྡུས་པའི་དོན་གྱི་ངེས་པ་བསྟན་པ་ནི་བསྲུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ།
བསྲུང་བ་དང་བྱིན་གྱིས་བརླབ་པ་དང་། བགེགས་གཞོམ་པ་ལ་སོགས་པ་སྔགས་མེད་པར་སྔར་བཤད་པ་དང་ཕྱིས་འཆད་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ལ། ལས་ཐམས་ཅད་པའི་སྔགས་བཟླའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གང་ཞིག་ཡིན་ཞེ་ན། རིགས་ལྔ་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། རིགས་ལྔ་རྣམས་དང་། དཀྱིལ་འཁོར་གསུམ་པོ་ལ་ལས་ཐམས་ཅད་བྱེད་པ་ནི་བདུད་རྩི་ཐབ་སྦྱོར་ཡིན་ནོ་ཞེས་པའོ། །འདི་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའོ། །ཉིན་ཞག་གསུམ་པ་ལ་ནི་དཀྱིལ་འཁོར་བྲི་བ་བསྟན་པ་ཡིན་པས་རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་
Vol. 43 · folio 95a
ཏེ། ཉེས་པ་ལ་སོགས་པ་སྟོན་པར་བྱེད་པའི་རྨི་ལམ་གང་ཡིན་པ་དེ་ལ་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུའོ་ཞེས་ལྷག་པར་མོས་པ་བྱས་ལ་ལེགས་བསྲུངས་ཞེས་བྱ་བ་ནི་ཐམས་ཅད་དོ། །སྣོད་གྱུར་ཞེས་བྱ་བ་ནི་སློབ་དཔོན་ཉིད་དུ་འོས་པ་གང་ཡིན་པ་དེའོ། །སྡོམ་པ་ཞེས་
བྱ་བ་ནི་སློབ་དཔོན་གྱི་སྡོམ་པའོ། །སྡོམ་པ་དེ་ཡང་དགེ་བསྙེན་ལ་སོགས་པའི་སྡོམ་པ་བླངས་ཟིན་པས་སློབ་དཔོན་གྱི་ཞབས་གཉིས་ལ་བཏུད་དེ་ལག་ན་མེ་ཏོག་ཐོགས་པས་ཕྱག་བྱས་ལ་མེ་ཏོག་གཏོར་ཏེ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ་གསོལ་བ་བཏབ་ནས་སྡོམ་པ་བླང་བར་བྱའོ། །
གསོལ་བ་གདབ་པའི་ཚིགས་སུ་བཅད་པ་ནི་མི་ལྡོག་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གསོལ་བ་བཏབ་པའི་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་བཏབ་པས་ཞུ་བར་བྱ་སྟེ། ཆེ་གེ་མོ་ཞེས་བྱ་བ་འདི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །གསང་བ་ཡི་ནི་
འཁོར་ལོ་འདིར། །དམ་ཚིག་སྡོམ་པ་ལེན་པར་འཚལ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་ལེན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱའོ། །དེ་ནས་
སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །
ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་
དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་
Vol. 43 · folio 95b
བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །དབྱེ་བ་རྣམ་པ་བཅུ་བཞི་འདི། །ཕས་ཕམ་བར་ནི་རབ་ཏུ་བསྒྲགས། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཡིན་པར་བཤད། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། །
ཁ་ན་མ་ཐོ་ཆེན་པོར་འགྱུར། །སློབ་མས་ཀྱང་ནི་འདི་སྐད་བརྗོད། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །གཙོ་བོས་ཇི་སྐད་བཀའ་སྩལ་པ། །དེ་ལྟར་བགྱི་བ་བདག་གིས་བགྱི། །རྣལ་འབྱོར་མཉམ་གཞག་ཅེས་བྱ་བར་ནི་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་གསུམ་བྱ་བའོ། །འཁོར་ལོ་མཆོག་
ཅེས་བྱ་བ་ནི་ལྷག་པར་གནས་པས་གཞག་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་རོ། །མཁའ་ལ་གཞག་ཅེས་བྱ་བ་ནི་གཤེགས་སུ་གསོལ་བའི་དོན་དུའོ། །དེ་ནས་སྲད་བུ་ལྔ་པོ་དེ་བསྒྲིལ་བར་བྱའོ་ཞེས་བྱ་བར་སྦྱོར་རོ། །སྲད་བུ་ཇི་ལྟ་བུ་ཞེ་ན། རྟག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་པ་ཇི་
ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པའི་ངོ་བོ་ཉིད་ཡིན་ཞིང་དེའི་མདོག་ཏུ་སྣང་བའོ། །དེ་ཇི་ལྟར་ཞེ་ན། དེའི་མདོག་ས་བོན་ལས་བྱུང་བ། །ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཚོན་དྲི་ཞིམ་པོ་དང་། ཡུངས་
ཀར་གྱི་ཕྱེ་མ་དང་བསྲེས་པ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་སོ་སོར་བཙོས་པ་ཡིན་པ་དེའི་ཕྱིར་དེའི་མདོག་དང་འདྲ་བ་དང་། གང་གི་ཕྱིར་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་བྱ་བའི་ས་བོན་ལས་ཡོངས་སུ་བསྐྱེད་པ་ཡིན་པས་དེའི་ཕྱིར་དེའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱིས་ནི་ཡེ་ཤེས་
ལྔ་ལྡན་ཞེས་བྱ་སྟེ། མེ་ལོང་ལྟ་བུ་ལ་སོགས་ཏེ་ཡེ་ཤེས་ལྔའི་རང་བཞིན་ཅན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་པོ་རེ་རེ་ཞིང་བཞི་པོ་རྗེས་སུ་འབྲང་བས་ན་རྣམ་པ་ཉི་ཤུ་རྩ་ལྔར་ཕྱེ་བ་ཡིན་ནོ། །ཡང་ན་ཡེ་ཤེས་རེ་རེ་ཞིང་ལྷ་ཉི་ཤུའི་རང་བཞིན་ཅན་གྱི་དཀྱིལ་འཁོར་གྱི་བདག་ཉིད་ཅན་ཡིན་པས།
ཉི་ཤུ་ཆེན་ལྔར་རྣམ་ཕྱེ་བས། །ཞེས་བྱ་སྟེ། རྣམ་པ་བརྒྱར་དབྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ཕྱོགས་ཀྱིས་དེ་བཞིན་གཤེགས་པ་རྣམས་བསྡུས་པར་གྱུར་པའི་དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་ཀྱི་སྙིང་པོ་ཡི་གེ་བྷྲཱུཾ་ལ་སོགས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་སྲད་བུ་འོད་ཟེར་གྱི་རང་བཞིན་
Vol. 43 · folio 96a
དུ་བསམས་ལ། ཨོཾ་ཨཱ་ཤཱ་ཤྭ་ཏེ་བཛྲ་སཱུ་ཏྲཾ་མེ་བྲ་ཡཙྪ་མ་ཧཱ་མཎྜ་ལ་སུ་ཏྲཱ་ན་ཡ་ཧཱུཾ་ཞེས་བྱ་བ་འདིས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་པར་བྱའོ། །དེ་བཞིན་དུ་མཚན་བརྗེ་བའི་ཚུལ་གྱིས་རིན་ཆེན་འབྱུང་ལྡན་ལ་སོགས་པ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་འཇམ་པའི་རྡོ་
རྗེའི་སྦྱོར་བ་ལ་གནས་པ་ཉིད་དང་། ཡི་གེ་ཛཿལས་མིག་གཉིས་སུ་ཉི་མ་དང་ཟླ་བ་བསྐྱེད་ལ་འབར་བའི་ལྟ་བ་ཞེས་བྱ་བ་ནི་འབར་བའི་ལྟ་བ་ཉིད་ལྕགས་ཀྱུ་ཡིན་ཏེ། དེས་བཀུག་པའི་ཡེ་ཤེས་ཀྱི་ཐིག་བཅོམ་ལྡན་འདས་རྣམས་ཀྱིས་བརྫངས་པ་ཉིད་དུ་ལྷག་པར་མོས་ལ། རང་གི་ལག་ན་གནས་པའི་སྲད་
བུ་རྣམས་ལ་རང་རང་གི་ཁ་དོག་གི་ནང་དུ་ཆུད་པར་བྱས་ལ། རྣལ་འབྱོར་པས་ཞེས་བྱ་བ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་ལ་གནས་པར་གྱུར་པས་ཐམས་ཅད་བྱེད་དང་བཅས་ཞེས་བྱ་བ་ནི། བདུད་རྩི་ཐབ་སྦྱོར་གྱི་རྣལ་འབྱོར་ཅན་གྱི་སློབ་མ་དང་ལྷན་ཅིག་བསྒྲིལ་བར་བྱའོ། །ཨ་ནྱོ་ནྱཱ་ནུ་ག་
ཏ་སརྦ་དྷརྨཱ། པ་ར་སྤ་རཱ་ནུ་ག་ཏ་སརྦ་དྷརྨཱ། ཨ་ཏྱནྟཱ་ནུ་ག་ཏ་སརྦ་དྷརྨཱ། ཞེས་བརྗོད་ཅིང་ཅི་ནས་ཀྱང་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་འགྱུར་བ་དང་། སྦོམས་སུ་སྒོའི་ཉི་ཤུ་ཆར་འགྱུར་བ་དེ་ལྟ་དེ་ལྟར་བསྒྲིལ་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་བསྒྲིལ་བའི་རྗེས་ཐོགས་ལ་སྤོས་ཆབ་བདུད་རྩི་ལྔ་དང་
བཅས་པ་ལ་སྦངས་ལ་ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བྱས་ནས་དྲིས་བྱུགས་ནས་གསེར་གྱི་སྣོད་ཀྱི་ནང་དུ་བཞག་ལ། དྲི་དང་མེ་ཏོག་དང་སྤོས་ཀྱིས་ཀྱང་མཆོད་ནས་ལག་པ་བཀབ་སྟེ་བདུད་རྩི་ཐབ་སྦྱོར་བཟླས་ཏེ་བསྲུང་བ་ཡང་བྱའོ། །དེ་ནས་དཀྱིལ་འཁོར་གྱིས་གཞི་དྲིས་ཉེ་བར་བྱུགས་ལ། མེ་ཏོག་
སིལ་མ་གཏོར་ནས་ནམ་མཁའི་ངོས་ལ་གནས་པའི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དམིགས་ལ་མཆོད་ཡོན་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་དེ། རང་ཡང་དེའི་སྦྱོར་བ་དང་ལྡན་པ་དང་། སྒྲུབ་པའི་གྲོགས་པོ་ཡང་བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་བསམས་ལ། མིག་གཡོན་པ་དང་
གཡས་པ་གཉིས་སུ་ཛ་ལས་བྱུང་བའི་ཟླ་བ་དང་ཉི་མའི་མདོག་མདངས་སེར་པོར་སྣང་བར་བསམས་ཏེ། སྲད་བུ་དེ་ཡང་ཁུ་ཚུར་གཡོན་པས་བཟུང་ལ་ལྟེ་བར་བཞག་སྟེ། སྲད་བུ་དེའི་རྩེ་མོ་གཅིག་སྒྲུབ་པའི་གྲོགས་པོའི་ལག་ཏུ་ཛྫ་ཛྫ་ཛྫ་ཞེས་བྱ་བས་གཏད་པར་བྱས་ལ། སྒྲུབ་པའི་གྲོགས་པོས་ཀྱང་
Vol. 43 · folio 96b
རང་ཉིད་ལ་མངོན་དུ་ཕྱོགས་པར་བལྟས་ལ་ཛྫ་ཛྫ་ཛྫ་ཞེས་བྱ་བ་ཛྫ་གསུམ་པོ་ཉིད་ཀྱིས་དེ་བཞིན་དུ་དྲང་བར་བྱའོ། །དཔལ་ལྡན་འཇམ་པའི་རྡོ་རྗེའི་སློབ་དཔོན་ནུབ་དང་ལྷོ་ཕྱོགས་སུ་གནས་ཏེ་ཤར་དང་བྱང་དུ་ཁ་བལྟས་ལ་ནམ་མཁའི་ཐིག་ཅེས་བྱ་བ་ཚངས་པའི་ཐིག་གཉིས་ལྟེ་བའི་ཐད་ཀའི་ནམ་མཁའ་ལ་གདབ་ཅིང་རྡོ་རྗེ་དང་
བཅས་པའི་ལག་པ་གཡས་པའི་མཐེ་བོང་དང་གུང་མོ་གཉིས་ཀྱིས་སྲད་བུ་བཟུང་ལ་སེ་གོལ་གྱི་སྒྲ་བྱའོ། །ཐིག་གདབ་པ་ཐམས་ཅད་ལ་ཡང་ཨོཾ་བཛྲས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་ཐིག་གི་སྒྲ་དེས་ཀྱང་ནམ་མཁའ་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་བསྐུལ་བར་བྱའོ། འདི་
ནི་དེའི་བརྡ་ཅན་གྱི་དོན་ཡིན་ཏེ། ཁྱེད་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་འདིར་གཤེགས་པའི་དུས་ལགས་སོ། །ཞེས་པའོ། །སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་གཉིས་ཐམས་ཅད་དུ་གཡས་ནས་བསྐོར་ཏེ་འགྲོ་བ་དང་། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་བྱ་བ་བཤད་
པ་ནི། རང་དང་རྗེས་མཐུན་གཡས་ནས་བསྐོར། །མཁས་པས་ཐིག་གིས་ཐིག་བཏབ་ནས། །ཕྱོགས་ཀུན་མཉམ་པ་ཉིད་དུ་བྱ། །ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་འོག་ཏུ་ཐིག་གདབ་པོ་ཞེས་བྱ་བ་ནི་ནམ་མཁའི་ཐིག་དང་འདྲ་བར་ས་ལ་ཐིག་གདབ་པ་ལ་ཡང་གཉི་གས་སྲད་བུ་དེ་ལག་པ་ཕབ་པས་
བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་ཐིག་གདབ་པར་བྱ་བ་ཡིན་པས་དེའི་ཕྱིར། གནོད་སྦྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་སྦྱིན་དང་ཡི་དྭགས་དང་དབང་པོ་དང་ཀླུ་སྟེ་འདི་དག་གི་ཕྱོགས་སུ་བལྟ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བྱང་དང་ལྷོ་དང་ཤར་དང་ནུབ་ཏུ་ཁ་བལྟས་ཏེ་ཞེས་
བྱ་བའི་ཐ་ཚིག་གོ། །མེ་དང་བདེན་བྲལ་ཕྱོགས་གནས་ཏེ། །ཞེས་བྱ་བ་ནི་མེ་ལྷ་དང་བདེན་བྲལ་གྱི་ཕྱོགས་མཚམས་སུ་གནས་ཏེ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་དེ་ལྟར་གནས་པར་གྱུར་ནས་ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་བཞི་པོའི་ཐིག་གདབ་པར་བྱའོ། །དེ་ནས་མེའི་ཕྱོགས་ན་གནས་
པ་ཉིད་ཀྱིས་རླུང་གི་མཚམས་སུ་ཐིག་གདབ་པ་དང་། བདེན་བྲལ་གྱི་ཕྱོགས་ན་གནས་ལ་དབང་ལྡན་གྱི་མཚམས་སུ་ཐིག་གདབ་པའི་སྲད་བུ་བརྐྱང་བས་ཐིག་གདབ་པར་བྱའོ། །དེ་ནས་ཕྱིའི་ཇི་ལྟ་བ་བཞིན་དུ་ནང་དུ་རེའུ་མིག་ཆ་བརྒྱད་པའི་དཀྱིལ་འཁོར་ཤར་དང་ནུབ་དང་བྱང་དང་ལྷོ་ཕྱོགས་སུ་ཐིག་གིས་
Vol. 43 · folio 97a
གདབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ནས་དེ་བཞིན་དུ་སྲད་བུ་ཉིས་རིམ་དུ་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་བཏབ་པའི་ཕུར་བུ་ལ་བཏགས་པ་ཉིད་ཀྱིས་བརྟན་པར་བྱས་ལ། ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཟླུམ་པོའི་རྡོ་རྗེའི་ཐིག་གཉིས་ཀྱིས་ཐིག་གདབ་པར་བྱའོ། །ནང་གི་
དཀྱིལ་འཁོར་ཡང་དེ་བཞིན་ནོ། །དེ་ཡང་། རྡོ་རྗེའི་ཕྲེང་བས་ཡོངས་བསྐོར་བས། །ཞེས་འོག་ནས་བཤད་པ་དང་། ཡང་ལྕགས་རི་དག་ཅེས་སྨོས་པ་ནི་འོད་ཀྱི་དཀྱིལ་འཁོར་གྱི་ཐིག་གཉིས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་གཉི་ག་ལ་ཡང་དབང་ལྡན་ནས་བརྩམས་ཏེ་ཐིག་གདབ་པར་བྱའོ། །
རང་དང་རྗེས་མཐུན་གཡས་ནས་བསྐོར། །ཞེས་བྱ་བ་ནི་སློབ་དཔོན་དང་སློབ་མ་གཉིས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་ལེགས་པར་གཡས་ནས་བསྐོར་ཕྱོགས་སུ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟས་ངན་བྱུང་ན་ཞེས་བྱ་བ་ནི་ཚངས་པའི་ཐིག་གདབ་པ་དང་འབྲེལ་བས་
སོ། །ན་བར་འགྱུར་ཞེས་བྱ་བ་ནི་བླ་མ་ཉིད་དོ། །ཐིག་བཞི་ཞེས་བྱ་བ་ནི་མཚམས་ཀྱི་ཐིག་གིས་སོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་ཟླ་བ་ཕྱེད་པ་ལ་གནས་ཤིང་རྩེ་མོ་ལ་རྡོ་རྗེ་གནས་པའི་རིན་པོ་ཆེས་སོ། །ཀ་བ་འཁོར་ལོ་ལ་སོགས་སྤྲས། །ཞེས་བྱ་བ་ནི་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་
རལ་གྲིའི་ཀ་བས་སོ། །ཀ་བ་བརྒྱད་དང་ཐིག་བརྒྱད་ཀྱིས་དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན་པར་ནི་འདྲ་བ་ཞེས་བྱ་བའི་སྒྲས་སྟོན་ཏོ། །དེ་ནས་ཧི་དང་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ཡི་གེ་ཧི་ཞེས་བྱ་བས་མིག་གཡོན་པ་དང་གཡས་པ་གཉིས་ཟླ་བ་དང་ཉི་མར་བསྐྱེད་ལ། ཁྲོ་བོའི་
ལྟ་བས་ཀུན་དུ་རྣམ་པར་ལྟ་བཞིན་དུ་སྒོ་རྣམས་དབྱེ་བར་བྱའོ། །སྒོའི་ཕྱེད་ཀྱི་ཚད་ནི་ཁ་ཁྱེར་ལ་སོགས་པ་ཡིན་ནོ། །ཀུན་ནས་ཞེས་བྱ་བ་ནི་ཁ་ཁྱེར་གྱིས་ཕྱིའི་དཀྱིལ་འཁོར་ཀུན་ནས་བསྐོར་བའོ། །དེའི་ཕྱེད་ཅེས་བྱ་བ་ནི་ཁ་ཁྱེར་གྱི་ཕྱེད་དོ། །སུམ་འགྱུར་ཏེ་ཞེས་བྱ་བ་ནི་ཆུར་སུམ་འགྱུར་
དུའོ། །དཔངས་སུ་ནི་ཇི་ལྟར་མཛེས་པར་བྱའོ། །གལ་ཏེ་ཐིག་འདེབས་དང་འཚམ་པ། །འགའ་མེད་དེ་ཚེ་རང་ཉིད་ཀྱིས། །ཕུར་བུར་བརྟོད་ནས་གྲོགས་མེད་པར། །ཐིག་ནི་དེ་བཞིན་གདབ་པར་བྱ། །དེ་ལ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་འདི་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་
Vol. 43 · folio 97b
ལས་གང་ཡིན་ཞེ་ན། ཐུགས་ཀྱི་དཀྱིལ་འཁོར་ཉིད་ཡིན་པར་བསྟན་པའི་ཕྱིར། རྫོགས་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསུང་དབང་ནི་འཇམ་པའི་དབྱངས་སོ། །དེ་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ཡིན་ནོ་ཞེས་བྱ་བར་གྲགས་ལ། ཡེ་ཤེས་དེ་ཡང་ཆོས་ཀྱི་
སྐུ་ཤིན་ཏུ་ཡང་དག་པར་གྱུར་པ་ཡིན་ལ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི་བཅོམ་ལྡན་འདས་མི་བསྐྱོད་པ་ཡིན་ནོ། །དེ་བས་ན་འདི་ནི་རྡོ་རྗེ་ཞེས་པ་མི་བསྐྱོད་པའི་རིགས་ཡིན་པར་བཤད་དོ། །དེ་བས་ན་འདིའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ཉིད་ཡིན་
ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཚད་ནི་ཚད་དུ་བྱ་བ་སྟེ་དཀྱིལ་འཁོར་ཁྲུ་ཉི་ཤུ་པ་ཞེས་བྱ་བ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རིག་མའི་རིགས་དང་ན་ཚོད་དང་ཁ་དོག་ལ་སོགས་པ་སྟེ། འདི་དག་གི་ངེས་པ་རྒྱུད་ལས་གསུངས་པ་ནི་ངེས་པ་ལ་དགའ་བའི་སེམས་ཅན་རྣམས་ཀྱི་
བསམ་པ་ལ་བརྟེན་ནས་གསུངས་པ་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ། །གལ་ཏེ་ངོ་བོ་ཉིད་ཡིན་ན་ཅི་ཉེས་ཤེ་ན། དེའི་ཕྱིར་ཐབས་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །འཁོར་ལོ་དེ་ཞེས་བྱ་བ་ནི་དཀྱིལ་འཁོར་དེ་ཐིག་བཏབ་པ་ཁོ་ནས་ཡེ་ཤེས་
ཀྱི་སྲད་བུས་ཡང་གཤེགས་སུ་གསོལ་ལོ་ཞེས་བྱ་བ་ནི་ལྷག་མའོ། །ཚོན་ལ་ཞེས་བྱ་བ་ལ་སོགས་པས་ནི་ཚོན་བྱིན་གྱིས་བརླབ་པ་སྨོས་པ་ཡིན་ཏེ་སྔ་མའི་རིམ་གྱིས་ཞེས་བྱ་བ་ནི་སྲད་བུ་བྱིན་གྱིས་བརླབས་པའི་སྐབས་སུ་སྔར་བཤད་པའི་རིམ་པ་ཇི་སྐད་བཤད་པས་སོ། །ཡེ་ཤེས་སྦར་ཞེས་བྱ་བ་ནི་སངས་
རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་འོད་ཟེར་རོ། །འདིར་ཚིགས་སུ་བཅད་པ་ནི། ལྕགས་ལྔའམ་རིན་ཆེན་ལས་བྱུང་བའམ། །ཁམས་བྱུང་འབྲས་ཕྱེ་ལས་བྱས་པའམ། །ཡང་ན་དམར་པོ་སོ་ཕག་བསྲེགས། །ནག་པོ་སོལ་བ་ལས་བྱས་ཚོན། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་དང་ནག་པོ་གོ་རིམས་
བཞིན། །དེ་ལྟར་ལེགས་བཞག་བྷྲཱུཾ་ཨཱཾ་ཛྲཱྀཾ། །ཁཾ་ཧཱུཾ་ལས་ནི་རབ་བསྐྱེད་པ། །སྔར་བཞིན་འབར་བའི་རྟས་དྲངས་པའི། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་འོད། །བསྲེས་ཏེ་ཡེ་ཤེས་ཉིད་བྱས་པ། །སྦར་ཏེ་མངོན་པར་བཟླ་བར་བྱ། །ཞེས་བྱ་བའོ། །སྔགས་ནི་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་
Vol. 43 · folio 98a
བའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་ན་འདུག་པའི་ཕུར་བུ་ཡི་གེ་ཧཱུཾ་གིས་བཏོན་ལ་རང་གི་ལག་ན་གནས་པའི་རྡོ་རྗེར་བློས་བཅུག་ལ། ཕུར་བུའི་ཁུང་བུ་ཚོན་སྣ་ལྔས་བཀང་ལ་མཉམ་པོར་བྱས་ནས་དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུ་དག་གིས་མཚན་མ་ངན་པ་བསལ་ལ། འདི་ནི་
ཆོས་དབྱིངས་དག་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ནས། ཉེས་པ་ཀུན་ལས་རྣམ་གྲོལ་བའོ། །ཞེས་བྱ་བའི་བར་དུ་བདག་ཉིད་ཀྱིས་ལྷག་པར་མོས་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །བླ་མ་ཞེས་བྱ་བ་ནི་སློབ་དཔོན་ཏེ་དེས་ནང་དུ་གནས་ནས་དཀར་པོ་ལ་སོགས་པའི་ཚོན་དགྱེ་བར་བྱ་སྟེ།
ཐམས་ཅད་ཀྱི་ཕྱི་རོལ་དུ་ནི་དགྱེ་བ་ནས་ཐམས་ཅད་ཀྱི་ནང་དུ་ནི་ནག་པོ་དགྱེ་བར་བྱའོ། །རི་མོ་ཞེས་བྱ་བ་ནི་ཚོན་གྱི་རང་བཞིན་ཅན་ནོ། །དེ་ཉིད་ནི་རྩེ་མོ་ལྟ་བུའོ། །འདི་ནི་ཞེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱིའོ། །ས་གཞིའི་ཆ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱིའོ། །ནས་གང་གིས་
མ་རེག་པར་ཞེས་བྱ་བ་ནི་འོག་གི་ཚད་དེ། སྟེང་དུ་ཇི་ལྟར་མཛེས་པར་བྱའོ། །རྒྱུད་འདི་ལས། དཀྱིལ་འཁོར་དག་ནི་འདྲི་བ་ན། །གལ་ཏེ་རླུང་སོགས་བྱུང་གྱུར་ན། །མཆེ་བའི་ཕྱག་རྒྱ་བཅིངས་ནས་ནི། །གདུག་པའི་དགྲ་ནི་དྲན་པར་བྱ། །ཞེས་གསུངས་པ་དེ་བསྟན་པའི་ཕྱིར། བདུད་
རྩི་ཐབ་སྦྱོར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་མཆེ་བ་ཞེས་བྱ་བ་ནི་ལག་པའི་ཕྱག་རྒྱ་ཡིན་པར་བཤད་ལ། གདུག་པའི་དགྲ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ཡིན་ནོ་ཞེས། འདི་ལྟར་ལ་ལ་དག་རྟོག་པ་ཡོད་པས་དེ་བསལ་བར་བྱ་བའི་ཕྱིར། འདི་ནི་རྒྱ་ཆེན་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། སྒྲའི་བཀོད་པ་འདི་ལ་བཤད་པར་བྱ་བ་གཙོ་བོ་ཡིན་གྱི་གྲགས་པ་གཙོ་བོ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདིར་ཟླ་བ་ནི་བཅུ་གཉིས་སོ། །ཉི་མ་ནི་བདུན་ནོ། །བྱ་བ་ལ་སོགས་ཞེས་བྱ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ལ་སོགས་པས་སོ། །སྨོན་ལམ་ནི་དོན་དུ་
གཉེར་བའོ། །དད་སོགས་ཞེས་བྱ་བ་ནི་སྒོ་རྣམས་སུ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་ཏོ། །རྣམ་ཀུན་གསལ་བར་ཤེས་བྱས་ལ། །ཞེས་བྱ་བ་ནི་བྲིས་པའི་དཀྱིལ་འཁོར་རྣམ་པ་ཐམས་ཅད་དུ་གསལ་བར་གྱུར་པར་ཤེས་ནས་སོ། །ལྷག་པར་གནས་
Vol. 43 · folio 98b
པའི་བུམ་པ་གནས་ཇི་ལྟ་བ་བཞིན་དུ་གཞག་པ་དང་། ཕྱི་རོལ་དུ་བུམ་པ་གང་བ་ཡང་གཞག་པར་བྱའོ། །དེ་ནས། རང་གི་འཁོར་ལོ་བསྒོམ་པར་བྱ། །ཞེས་བྱ་བ་ནི་ནམ་མཁའ་ལ་འཇམ་པའི་རྡོ་རྗེའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །སངས་རྒྱས་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་
ཅད་དོ། །དེ་དང་ལྷན་ཅིག་ཅེས་བྱ་བ་ནི་སངས་རྒྱས་རྣམས་དང་ངོ་། །ཀུན་དུ་བསྐྲད་པ་ནི་བདུད་རྩི་ཐབ་སྦྱོར་གྱིས་སོ། །མངོན་པར་བསྲུང་ཞེས་བྱ་བ་ནི་ཕུར་བུ་དང་ར་བ་ལ་སོགས་པས་སོ། །གནས་བསྲུང་བ་བྱས་ནས་གཤིན་རྗེ་གཤེད་ལ་སོགས་པས་གོ་རིམས་ཇི་ལྟ་བ་བཞིན་དུ་དགུག་པ་ལ་སོགས་
པ་བཞི་བྱ་བ་དང་། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། མཆོད་ཡོན་དབུལ་བ་དང་། དབང་བསྐུར་བ་དང་མཆོད་པ་ཡང་བྱས་ནས་མི་བསྐྱོད་པ་ནི་ཞེས་བྱ་བ་ལ་སོགས་པས་བསྟོད་དོ། །དེ་ཁོ་ན་ཉིད་ཀྱི་བདུད་རྩིས་ཚིམ་པར་བྱས་ལ་བདེ་
བ་ཆེན་པོ་བབས་པར་རྣམ་པར་བསྒོམས་ནས་ཡོངས་སུ་བཟླས་པས་ཀྱང་མཉེས་པར་བྱའོ། །སྔོན་བཞིན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བདུད་རྩི་མྱང་བའི་ཆོ་གས་པདྨའི་སྣོད་དུ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྐྱེད་ལ་དེས་ཕྱོགས་སྐྱོང་མཆོད་པར་བྱའོ། །རང་རང་སྦྱོར་ལ་གནས་ཞེས་བྱ་བ་ནི་
འདུས་པའི་ལྷ་ལྟར་ཤེས་རབ་དང་བཅས་པའི་ཆ་ལུགས་འཛིན་པའོ། །གལ་ཏེ་ཚོགས་པ་དང་ལྡན་ན་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ་ཕྱི་རོལ་དུ་ཕྱུང་སྟེ་ཤར་ལ་སོགས་པའི་ཕྱོགས་སུ་དཀྱིལ་འཁོར་བྱ་བའམ་བྱེད་དུ་བཅུག་སྟེ་རང་གི་བདག་པོའི་སྦྱོར་བའམ། ཁྲོ་བོའི་རྣལ་འབྱོར་གྱི་དབང་
པོ་ལ་སོགས་པ་གནས་ཇི་ལྟ་བ་ནས་བཀུག་སྟེ་རེ་རེ་ཞིང་དེའི་ཕྱོགས་སུ་བལྟས་པ་ཉིད་དང་དེ་རྣམས་ལ་མཆོད་ཡོན་དང་། དྲི་དང་། མེ་ཏོག་དང་། སྤོས་དང་། འབྲས་ཆན་དང་། འབྲས་ཡོས་དང་། ཏིལ་དང་། སྣུམ་ཁུར་ལ་སོགས་པའི་གཏོར་མ་མེ་ཏོག་དང་། ཆུ་དང་བཅས་པ་སྔ་མ་བཞིན་བསྐྱེད་ལ་ལན་
གསུམ་གསུམ་ཤིང་རྟའམ། གཞོང་པར་རམ་སྙིམ་པས་གཏོར་རོ། །དེ་ནས་འཐོར་འཐུང་དང་མཆོད་ཡོན་བྱིན་ལ་ལེགས་པར་མཆོད་དེ་སླར་གཏང་བར་བྱའོ། །ལྷག་མ་ནི་མན་ངག་ལས་ཤེས་པར་བྱའོ། །དེ་ལྟར་ཕྱོགས་སྐྱོང་རྣམས་ལ་ཡང་དག་པར་མཆོད་ནས་ཇི་སྙེད་པའི་གོས་དང་རྒྱན་དང་
Vol. 43 · folio 99a
ལྡན་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ང་རྒྱལ་དང་ལྡན་པར་བྱས་ནས་མེ་ཏོག་སྔོན་པོའི་མེ་ཏོག་གི་ཕྲེང་བ་བླངས་ལ་ཧཱུཾ་བཞི་པའི་སྔགས་ཟློས་ཤིང་རྡོ་རྗེའི་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་བསྐོར་བ་ལན་གསུམ་བྱས་ཏེ། ལྷག་པ་
དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་དཀྱིལ་འཁོར་བལྟས་ལ་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ཏེ། ཡང་དེ་གར་བྱ་བའི་ཚུལ་གྱིས་བླངས་ལ་རང་གི་མགོ་ལ་བཅིངས་ནས་ཕྱག་ཀྱང་བྱའོ། །ཡང་ན་མདོར་བསྡུས་པའི་དོན་དུ་ནི་ཕྲེང་བ་མེད་པར་ཞུགས་ལ་བལྟས་ཏེ་ཕྱག་བྱས་ནས་སྦྱིན་སྲེག་
དག་གིས་ཞེས་བྱ་བ་རྒྱས་པས་སོ། །མཆོད་ཅེས་བྱ་བ་ནི་དཀྱིལ་འཁོར་ཚིམ་པར་བྱའོ། །མདོར་བསྡུས་པའི་ཕྱིར་ལས་ཐམས་ཅད་པའི་ཐབ་ཁུང་གཅིག་པུ་ཁོ་ན་བཤད་པ་ནི། ཀུན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བར་དུ་སོར་བཞི་དོར་བར་ཁ་ཁྱེར་དེའི་ཚད་ཅེས་བྱ་བ་ནི་དཔངས་
དང་རྒྱར་སོར་བཞིའི་ཚད་ལ་པདྨ་ཁ་བྱེ་བ་འདྲ་བས་ཡོངས་སུ་བསྐོར་བ། ཁྲུ་གང་བ་ཞེས་བྱ་བ་རྒྱར་ཁྲུ་གང་གི་ཚད་ལ་ཁྲུ་ཕྱེད་པ་ཞེས་བྱ་བ་ནི་ཟབས་སུ་སོར་བཅུ་གཉིས་པའོ། །འཁོར་ལོ་ལྟ་བུ་ཞེས་བྱ་བ་ནི་ཟླུམ་པོའོ། །ལས་ཀུན་བྱེད་པས་བྱ་བའོ་ཞེས་བྱ་བ་ནི་ལྷག་མ་སྟེ། ཐབ་དེའི་དབུས་
སུ་ནི་རལ་གྲི་བྲི་ཞིང་དེས་བརྒྱན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རལ་གྲི་ཇི་ལྟ་བུ་ཞེ་ན། ཆུར་སོར་བརྒྱད་པ་དཔངས་སུ་སོར་གཅིག་པ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲིའི་དབུས་སུ་ཆུད་པ་མཚན་མ་བཞིའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །ཐབ་ཁུང་འདི་ནི་དཀྱིལ་འཁོར་གྱི་
བྱང་ཕྱོགས་སུ་བརྐོ་བར་བྱའོ། །མེ་ཐབ་ཀྱི་ས་ལས་ཁྲུ་གང་ཙམ་དང་བཅས་པར་དྲི་སེར་པོས་བྱུགས་ལ་མེ་ཏོག་སྣ་ཚོགས་པའི་ཆལ་པ་ཡང་དགྲམ་པར་བྱའོ། །ཤར་དུ་ཁ་བལྟས་ཏེ་ཞེས་བྱ་བ་ནི་ཚང་བར་བྱེད་པས་ན་ཤར་དེ་རྫོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཁ་ཞེས་བྱ་བའི་སྒྲ་ནི་གཙོ་བོའི་དོན་ཏེ་
རྫོགས་པར་བྱ་བ་གཙོ་བོར་གྱུར་པས་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། ཁ་བྱང་དུ་བལྟས་ཏེ་ཡིད་དགའ་བ་དང་། སེར་བ་དང་སྣ་ཚོགས་པའི་དྲི་དང་ཕྲེང་བ་དང་གོས་དང་རྒྱན་དང་ལྡན་པས་སྔ་དྲོར་བསམ་པས་འདུག་པར་བྱའོ། །ཀུན་བྱེད་ཅེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་
Vol. 43 · folio 99b
རོ། །བཟླས་པས་ཞེས་བྱ་བ་ནི་ལས་ཐམས་ཅད་པའི་ཆུ་ལའོ། །ཀུན་དུ་བསྲུང་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཀུ་ཤའི་ཆུན་པོ་ལག་པ་གཡས་པས་བཟུང་བས་བསང་གཏོར་བྱས་པའི་ཕྱིར་རོ། །དགོད་པ་བཤད་པ་ནི་མཆོད་ཡོན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་མཆོད་ཡོན་ནི་དུང་ཕོར་ལ་
སོགས་པའི་སྣོད་དུ་དྲི་སེར་པོ་ལ་སོགས་པ་དང་སྦྱར་བའི་ཆུ་ཏིལ་དང་ཞོ་དང་བཅས་པ་རང་གི་ལྷའི་སྔགས་ཐ་མ་ཨོཾ་དང་བཅས་པ་ལན་བདུན་བཟླས་པའོ། །སོགས་པའི་སྒྲས་ནི་ལས་ཐམས་ཅད་པའི་ཆུ་ཡང་གཡོན་དུ་གཞག་པའོ། །དེ་ལས་གཞན་ཡོ་བྱད་ཅེས་བྱ་བ་ནི་ཡམ་ཤིང་དང་བུད་ཤིང་དང་ཀུ་ཤ་
ལ་སོགས་པའི་སྲེག་རྫས་རྣམས་སོ། །བསངས་ནས་ནི་ཞེས་བྱ་བ་ནི་ལས་ཐམས་ཅད་པའི་ཆུ་ཉིད་ཀྱིས་སོ། །དེ་ནས་མེ་རྒྱུན་བཞག་ལ་སོགས་པའི་ཁྱིམ་ནས་བླངས་ལ་ཐབ་ལས་གཞན་དུ་འོ་མ་ཅན་གྱི་ཤིང་གིས་སྦར་ལ་ཡི་གེ་གསུམ་གྱིས་བསང་ཞེས་པ་ཡི་གེ་གསུམ་ཟློས་ཤིང་དབྱིག་པ་སྐམ་པོ་
ལ་སོགས་པས་དེའི་མེ་ལྕེ་ལས་བླང་བར་བྱའོ། །དེ་ནས་ལས་ཐམས་ཅད་པའི་ཀུ་ཤའི་རྩེ་མོས་བླངས་ཏེ་གཡས་ནས་ལན་གསུམ་བསྐོར་བས་བསངས་ལ། ཐབ་ཏུ་ཐབ་ལས་དམའ་བའི་ཚད་ཙམ་གྱིའོ་མ་ཅན་གྱི་ཤིང་སྐམ་པོ་གཤགས་པའི་ཤིང་རྣམས་ལ་རྩྭ་སྐམ་པོ་གཙང་མ་རྣམས་བཅུག་ལ་
རླུང་གཡབ་གཡབ་པས་སྦར་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་བྱ་བས་སྦར་བར་བྱའོ། །དེ་ནས་མར་གྱིས་ཉེ་བར་སྦར་ལ་ཀུ་ཤ་ཞེས་བྱ་བ་ནི་སར་པ་དྲི་མ་མེད་པ་སྔོ་བ། མ་གས་པ། མ་ཆག་པའོ། །དགྲམ་ཞེས་བྱ་བ་ནི་ཤིན་ཏུ་རིང་པོ་མ་ཡིན་པ་དགྲམ་པར་བྱའོ། །གཡས་ནས་བསྐོར་ཞིང་ཞེས་བྱ་བ་ནི།
ཁ་ཁྱེར་ལ་ནི་ཤར་བལྟས་དགྲམ། །ལྷོ་དང་ནུབ་ཏུ་བལྟས་པ་དང་། །དེ་ནས་ཐབ་བྱང་རྩེ་བསྟན་ལ། །ཀུ་ཤ་ཤར་དུ་རྩེ་བསྟན་བཞག །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །འདིར་ནི་སྒྲུབ་པ་པོས་གང་དུ་བལྟས་པ་དེ་ཉིད་ཤར་ལ་སོགས་པ་ཡིན་ནོ། །དེ་ནས་རང་གི་ལྷའི་ས་བོན་ལས་ཐབ་བསྐྱེད་ལ་འདིར་
ཞེས་བྱ་བ་ཐབ་ཀྱི་མེ་འབར་བའི་དབུས་སུ་མེ་ཞེས་བྱ་བ་མེ་ལྷ་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན་དང་པོའི་སྙིང་བྱུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔལ་མཆོག་དང་པོའི་སྙིང་པོའི་རང་བཞིན་ཅན་གྱི་ཡི་གེ་རཾ་དང་བཅས་པའི་དཀྱིལ་འཁོར་གྲུ་གསུམ་པར་པདྨ་ལ་གནས་པའོ། །ལྷག་མ་ནི་དོན་གོ་
Vol. 43 · folio 100a
བར་ཟད་དོ། །སེར་ཞིང་ཞེས་བྱ་བ་ནི་གོས་དང་རྒྱན་དང་འོད་ཀྱི་ཕྲེང་བ་སེར་བོ་དང་ལྡན་པ་ཡིད་དགའ་ཞིང་མགུ་བ་ཞེས་བྱ་བར་བལྟ་བར་བྱའོ། །དེ་ནས་རང་གི་ལྷའི་ང་རྒྱལ་དང་ལྡན་པས་མེ་ལྷ་སྤྱན་དྲང་བའི་སྔགས་བརྗོད་པར་བྱའོ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྲི་ཛ་ས་ཏ་
མ། གྲྀ་ཧི་ཏཱ་ཧུ་ཏི་མ་ཧཱ་རཾ་ཨསྨིན་སནྣི་ཧི་ཏོ་བྷ་བཱ། ཨོཾ་ཨགྣ་ཡེ་དི་པྱཱ་དི་པྱ་ཨ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ན་ཡ་སྭཱཧཱ། དེ་ནས་འདོད་པའི་རྒྱལ་པོའི་སྔགས་དེ་ཁོ་ན་ཉིད་གསུམ་དང་སྤེལ་བས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ལ་ཐབ་ན་གནས་པའི་རང་གི་རྣམ་པ་ལ་གཞུག་པར་བྱའོ། །དེ་ནས་དེ་ལ་ལས་
ཐམས་ཅད་པའི་ཆུས་བསང་གཏོར་བྱས་ལ་པདྨའི་གདན་ལ་བཞུགས་སུ་གསོལ་ལོ། །སོགས་པའི་སྒྲས་ནི་མཆོད་ཡོན་དང་ཞབས་བསིལ་དང་། མཆོད་པ་ལ་སོགས་པ་ཡང་བྱའོ། །དགང་གཟར་བླུགས་གཟར་ཞེས་བྱ་བ་ནི་དགང་གཟར་དང་བླུགས་གཟར་གཉིས་སྐྱེས་བུ་ཚད་དང་ལྡན་པའི་
མཐེབ་སོར་ཉི་ཤུ་རྩ་བཞི་ནི་ཁྲུ་སྟེ་འདི་གཉིས་ཀྱི་ཡུ་བ་ཁྲུ་གང་གི་ཚད་དུ་བྱ་བའོ། །འདི་གཉིས་ཀའི་ཡུ་བའི་འོག་ཏུ་ནི་རྡོ་རྗེ་དང་རིན་པོ་ཆེ་སོར་དྲུག་པ་བྱའོ། །དེ་ལྟར་ན་ཡུ་བ་ཁྲུ་གང་རྡོ་རྗེ་དང་རིན་པོ་ཆེ་ནི་འདི་གཉིས་ཀྱི་ཐུན་མོང་གི་མཚན་ཉིད་ཡིན་ནོ། །ཁྱད་པར་གྱི་མཚན་ཉིད་ནི་དེའི་སྟེང་
ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་རེ་ཞིག་དགང་གཟར་ནི་ཡུ་བའི་སྟེང་དུ་རྒྱར་སོར་བཞི་ཞེས་པ་ཆུ་དང་རྒྱར་སོར་བཞི་ཡོད་པ་ཟབས་སུ་སོར་གཉིས་ཏེ་གྲུ་བཞི་པ་སྟེ་ཉིད་ཀྱི་ཆར་ཆུ་དང་རྒྱར་དེ་ཙམ་གྱིས་དམའ་བར་བརྐོས་པ་དེ་ཉིད་ཀྱི་པདྨའི་འདབ་མར་བྱས་པ། ནང་རྡོ་རྗེ་
ཞེས་བྱ་བ་སོར་བཞི་བརྐོས་པ་དེ་ཉིད་ཀྱི་ནང་དུ་དང་པོའི་རྡོ་རྗེ་གནས་པའོ། །མཐར་ཞེས་བྱ་བ་ཐམས་ཅད་ཀྱི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་དང་སོར་བཞི་པ་ཡོད་པ། བར་དུ་ཞེས་བྱ་བ་རྩེ་གསུམ་པ་དང་ཟུར་བཞི་པའི་བར་དུ་པདྨའི་འདབ་མའི་དབྱིབས་འདྲ་བ་ཡོད་པ། གཤེར་རྫས་འཛག་པའི་བུ་
ག་མཐེ་བོའི་ཚད་ཙམ་མམ། མཐེའུ་ཆུང་གི་ཚད་ཙམ་བལྟ་བར་བྱ་སྟེ། ཡུ་བའི་སྟེང་དུ་འདི་ལྟ་བུ་བྱ་བ་ནི། དགང་གཟར་ཡིན་ནོ། །བླུགས་གཟར་ཇི་ལྟ་བུ་ཞེ་ན། བླུགས་གཟར་སོར་གཉིས་པདྨའི་དབྱིབས། །ཟབས་སུ་སོར་གཅིག་ནང་རྡོ་རྗེ། །ཞེས་བྱ་བ་སྟེ། རྡོ་རྗེ་རྩེ་ལྔ་པ་གནས་པ་
Vol. 43 · folio 100b
པདྨའི་དབྱིབས་འདྲ་བ་སོར་གཉིས་པའི་ཚད་ཟབས་སུ་སོར་གཅིག་བརྐོས་པའོ། །དེའི་ནང་ན་རྡོ་རྗེ་རྩེ་ལྔ་པ་གནས་བ་ཞེས་བྱ་བའི་ཐ་ཚིག་གོ། །དགང་གཟར་དང་བླུགས་གཟར་ནི་མཆོད་སྦྱིན་གྱི་ཤིང་ངམ། གསེར་རམ་དངུལ་ལ་སོགས་པ་ལས་བྱས་པའོ། །གལ་ཏེ་དེ་གཉིས་མ་རྙེད་ན་སོར་
མོ་ལྔ་བཅེར་བས་ནི་དགང་བླུགས་དབུལ་ལོ། །ཡང་ན་སོར་མོ་གསུམ་བཅེར་བས་དབུལ་ལོ། །ཇི་ལྟར་དགང་ཞིང་སྲེག་བླུགས་དབུལ་ཞེ་ན། དེའི་ཕྱིར་དགང་གཟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགང་གཟར་དང་བླུགས་གཟར་གྱི་ཁར་རང་གི་ལྷའི་ས་བོན་འོད་ཟེར་རབ་ཏུ་འབར་བ་
བསམས་པ་དང་། མེ་ལྷའི་ཁ་ལ་ཡི་གེ་རཾ་བཀོད་ནས་ལག་པ་གཉིས་པུས་མོའི་བར་དུ་གཞག་སྟེ། བླུགས་གཟར་གྱིས་མར་གྱི་དགང་བླུགས་གསུམ་མེ་ལྷ་ཞལ་ཅུང་ཟད་གདངས་པ་ལ་དབུལ་ལོ། །དེ་ནས་མེ་བགེགས་དང་བཅས་པ་དང་། བགེགས་མེད་པའི་མཚན་ཉིད་བརྟག་པར་བྱ་སྟེ།
ཁ་དོག་དང་དབྱིབས་ལེགས་པར་འབར་ཞིང་སྒྲ་དང་དྲི་ལ་སོགས་པའི་ཡོན་ཏན་གྱིས་ནི་བགེགས་མེད་པ་ཡིན་ལ། དུ་བ་མང་པོ་ལ་སོགས་པས་ནི་བགེགས་དང་བཅས་པ་ཡིན་ནོ། །དེ་ཡང་། དུ་བ་མང་ཞིང་མེ་ལྕེ་རྒོད་པ་དང་། །འབར་བར་དཀའ་ཞིང་ཅུང་ཟད་ཅུང་ཟད་འབར། །མེ་ལྕེ་རྣམ་པར་
འཆད་ཅིང་གཟི་བརྗིད་མེད། །རྩུབ་ཅིང་གནག་ལ་པ་ལ་ཤ་ཡི་མདོག །མདུང་དང་ཞིབ་མ་ལྟ་བུ་ཉིད་དང་ནི། །དེ་བཞིན་བ་ལང་མགོ་བོ་ལྟ་བུ་དང་། །མི་རོའི་དྲི་དང་དྲི་མི་ཞིམ་པ་དང་། །བོང་བུའི་དྲི་དང་དེ་བཞིན་དྲི་ངན་དང་། །སྦྱིན་སྲེག་བྱེད་པ་འབར་བས་གདུངས་པ་དང་། །མེ་ལྕེ་རྣམ་པར་
རྒོད་ཅིང་གཡོ་བར་བཤད། །མེ་ནི་བགེགས་དང་བཅས་པར་ཤེས་བྱས་ལ། །བདུད་རྩི་ཐབ་སྦྱོར་གྱི་ནི་ཆོ་ག་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་མེ་བགེགས་དང་བཅས་པར་ཤེས་ན་བདུད་རྩི་ཐབ་(སྤྱོར་‚སྦྱོར་)གྱི་སྔགས་ཀྱིས་བསང་ཞིང་རྣམ་པར་སྦྱངས་ལ་ཡང་དག་པར་བསྲུངས་ཏེ། དེ་ཉིད་
ཀྱིས་མར་གྱི་སྲེག་བླུགས་ལན་བདུན་དུ་དབུལ་བར་བྱའོ། །དེ་ནས་ཡང་བསང་བར་བྱའོ། །དེ་ལྟར་བགེགས་མེད་པའམ་བགེགས་དང་བྲལ་བར་བྱས་པའི་མེ་དེ་ལ་དགང་བླུགས་གཅིག་གམ་གསུམ་མམ་བདུན་དགང་གཟར་མར་གྱིས་བཀང་བ་བླུགས་གཟར་དང་བཅས་པས་ཨོཾ་ཨེ་ཧྱེ་ཧི་ཞེས་
Vol. 43 · folio 101a
བྱ་བ་ལ་སོགས་པའི་སྔགས་ཀྱིས་སྦྱིན་པར་བྱ་ཞེས་བྱ་བ་ནི་སྦྱིན་སྲེག་དབུལ་བར་བྱའོ། །དཔལ་ཡོན་ཅན་ལ་ཞེས་བྱ་བ་ནི་ནོར་སྒྲུབ་པ་ལ་ཤེས་པ་སྟེ། རྒྱལ་པར་བྱེད་པ་དང་ལྡན་པ་ཞེས་བྱ་བ་བའི་བར་དུའོ། །དེ་ཉིད་ཀྱིས་ན་པ་ལ་ཤ་དང་། ཨུ་དུམྺཱ་ར་དང་། ཨ་མྲ་དང་། ཀ་
དམྦ་དང་། ཀཥྨརྫྱ་་དང་། པླཀྴ་དང་། ཨ་ཤྭདྠ་དང་། ཤ་མི་དང་། ནྱ་གྲོ་དྷ་ལ་སོགས་པའོ་མ་ཅན་གྱིས་ཤིང་ལས་བྱུང་བ་འདབ་མ་དང་བཅས་པ་རླན་དང་བཅས་པ་མཉམ་པོར་བཅད་པ། དབུས་ཀྱི་ཆ་ལས་བྱུང་བ། ལོ་མ་གཉིས་དང་བཅས་པ་སྦོམས་ཆང་པའི་ཚད་ཙམ་ཆུར་ཁྲུ་གང་ཙམ་འོ་མ་དང་ཞོ་
དང་མར་ལ་བཏགས་པ། རྩེ་མོ་གཉིས་དྲི་སེར་པོ་ལ་བཏགས་པ་མཐེ་བོང་དང་སྲིན་ལག་གིས་བཟུང་སྟེ་རྩེ་གཅིག་པས་དབུལ་བར་བྱའོ། །རྙིངས་པ་དང་ལོ་མ་མེད་པ་དང་། སུལ་ཅན་དང་། ཁོང་སྟོང་དང་། ཆག་པ་དང་། ཤུན་ལྤགས་མེད་པ་དང་། རིང་བ་དང་། ཐུང་བ་དང་། ཡོ་བ་དང་།
རྩེ་མོ་གཉིས་སུ་གས་པ་དང་། ཕྲ་བ་དང་། སྦོམ་པོ་དང་། འབུ་ཡོད་པ་དང་། འབུས་ཟོས་པ་དང་། བཅས་པ་རྣམས་ནི་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡམ་ཤིང་མེ་ལ་ཞེས་བྱ་བ་ནི་ཡམ་ཤིང་གིས་སྦར་བའི་མེའོ། །མ་གྲུགས་ཞེས་བྱ་བ་ནི་འབྲས་སོ་བ་མ་གྲུགས་པའོ། །ཆོ་གའི་
རིམ་པ་ཡིན་ཞེས་བྱ་བ་ནི་རིམ་པ་འདི་དག་ཉིད་ཀྱིས་སོ། །དེ་ལ་དགང་བླུགས་ཀྱི་ཆོ་ག་བཞིན་དུ་མདོར་བསྟན་པའི་རིམ་པ་ཡིན་པས་གང་འདི་ཞུ་བའི་རྫས་དེ་ནི་མེ་ལྷའི་ཞལ་དུ་དབུལ་བར་བྱའོ། །ཡམ་ཤིང་དང་ཀུ་ཤ་ལ་སོགས་པ་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །བཟའ་བ་དང་འཐོར་
འཐུང་ལ་སོགས་པ་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འོད་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མར་མེ་དང་མཆོད་ཡོན་ནི་མདུན་དུའོ། །དེ་ལ་མཆོད་ཡོན་གྱི་ཆུ་ནི་སྣོད་གཞན་དུ་དབུལ་བར་བྱའོ། །དེ་ནས་མེ་ལ་འཐོར་འཐུང་དང་
བསང་གཏོར་དབུལ་ལོ། །དེ་ནས་ཐུན་མོང་བའི་ལྷ་རྣམས་ལ་སྤྱིར་སྦྱིན་སྲེག་བྱ་བའི་ཆོ་ག་དེ་ནི་དེ་ཉིད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་དམ་ཚིག་དེ་ཉིད་མེ་ལྷ་ཡིན་པར་བལྟས་ལ། དེའི་ཐུགས་ཀའི་ཟླ་བར་ཡི་གེ་མཾ་ལས་བྱུང་བའི་བདག་པོ་
Vol. 43 · folio 101b
དཀྱིལ་འཁོར་དང་བཅས་པ་བསམས་ལ། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ་མཆོད་ཡོན་དང་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱའོ། །དེ་ཡང་རྫས་རེ་རེ་ལས་སྲེག་བླུགས་གཅིག་གམ། གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་དམ། སྟོང་
དབུལ་བར་བྱའོ། །རྒྱས་པའི་དབང་དུ་བྱས་པ་ཡིན་ན་ཡང་དེའི་ཞར་ལ་ལས་ཐམས་ཅད་ལ་སྔགས་ཀྱིས་བསྐུལ་བའི་ཕྱིར་སྦྱོར་བ་བསྟན་པ་ནི། རྒྱས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྒྱས་པ་ལ་སོགས་པའི་ལས་བདུན་པོ་ལ་གོ་རིམས་བཞིན་དུ་ཨོཾ་ལ་སོགས་པའི་སྔགས་བདུན་ཐ་མར་སྦྱར་བ་ཡིན་ལ།
འང་ཞེས་བྱ་བའི་སྒྲས་ནི་བསྐུལ་བའི་མཐར་བྱ་བ་དང་། བསྐུལ་བའང་བྱ་ཞེས་བྱ་བ་བསྐུལ་བ་དེ་ཡང་སྔགས་ཀྱི་མཐར་གཞུག་པ་སྟེ། སྔགས་ཀྱི་གོང་དུ་ཡི་གེ་ཨོཾ་ལ་སོགས་པ་དེ་ནས་བསྐུལ་བ། དེ་ནས་ཡང་ཨོཾ་ལ་སོགས་པ་གཞུག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆོ་ག་འདིས་ཐུགས་ཀའི་ཟླ་བ་ལ་
བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྔ་མ་བཞིན་དུ་རྡོ་རྗེ་གནས་པའི་ལྗགས་ལ་ཟླ་བ་ལ་སོགས་པའི་རྫས་གཤེར་བ་དང་། དེ་ལ་སོགས་པ་མར་ལ་སོགས་པ་ཚིམ་པར་བྱེད་པ་རྣམས་ཀྱིས་ཡང་དག་པར་ཚིམ་པར་བྱའོ། །རང་གི་བདག་པོ་ལ་སྲེག་བླུགས་ཕུལ་བ་ཉིད་ཀྱིས་ལྷ་ཐམས་
ཅད་ལ་སྦྱིན་སྲེག་ཕུལ་བར་འགྱུར་བའི་མདོར་བསྡུས་པའི་དོན་བཤད་པ་ནི། སྙིང་ག་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་གི་བདག་པོ་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་ཉིད་དོ། །སྙིང་གའི་སེམས་དཔའ་ཞེས་བྱ་བ་ནི་དེའི་ཡེ་ཤེས་སེམས་དཔའ་ལ་མངོན་སུམ་དུ་སྲེག་བླུགས་ཕུལ་བས་
ཚིམ་པར་བྱས་པས་ནི་ལྷ་ཐམས་ཅད་ཡེ་ཤེས་སེམས་དཔའ་དང་བཅས་པ་ཚིམ་པར་གྱུར་བར་བསམ་པར་བྱའོ། །བསམ་པ་དེ་ཡང་སྲེག་བླུགས་ཐམས་ཅད་ཀྱི་ལྗགས་ལ་བསྟབས་པར་མོས་པ་ཡིན་པའི་ཕྱིར་རོ། །ཡང་ན་ལྷ་ཐམས་ཅད་ཀྱི་ལྗགས་དང་དེའི་ལྗགས་ཐ་མི་དད་པར་ལྷག་པར་
མོས་པས་སོ། །དེ་ནས་དེའི་རིགས་ཀྱི་སྙིང་པོ་ལན་གསུམ་མམ་བདུན་གྱི་བར་གྱི་དགང་བླུགས་ཀྱིས་གཟི་བརྗིད་བསྐྱེད་པར་བྱའོ། །མཐར་ཡང་དགང་བླུགས་ཕུལ་ལ་བསང་གཏོར་དང་། འཐོར་འཐུང་དང་མཆོད་ཡོན་ཕུལ་ནས་ཡང་དག་པར་མཆོད་དེ་ལེགས་པར་བསྟོད་ལ་ལྷ་རྣམས་
Vol. 43 · folio 102a
ཀྱི་འཁོར་ལོ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་སྲེག་རྫས་ཀྱི་ལྷག་མ་མེ་ལྷ་ལ་ཕུལ་ལ་མེ་ལྷ་དེ་ཡང་དེ་བཞིན་དུ་གཤེགས་སུ་གསོལ་ལོ། །འཁོར་ལོ་ཞེས་བྱ་བ་ནི་བྲིས་པའི་དཀྱིལ་འཁོར་རོ། །ཡང་དག་འཇུག་ཅེས་བྱ་བ་ནི་འཇུག་པར་བྱའོ། །དེ་ནས་ལྷ་རྣམས་
ཀྱི་འཁོར་ལོ་མངོན་སུམ་བཞིན་དུ་བསམས་ལ་ཆོ་ག་སྔ་མས་ཡང་དག་པར་མཆོད་དོ་ཕྱིར་དབྱུང་བར་བྱའོ། །དེ་ནས་རིགས་ཀྱི་བདག་པོ་བླ་མ་ཉིད་དུ་བྱས་ལ་འོག་ནས་བཤད་པའི་སློབ་མ་འཇུག་པའི་ཆོ་གས་བདག་ཉིད་དང་པོར་དཀྱིལ་འཁོར་དུ་ཞུགས་ལ། བདག་ཉིད་དབང་བསྐུར་བའི་ཆོ་ག་
རིགས་ཀྱི་བདག་པོར་རྫོགས་པར་མཛད་པ་དང་། དེ་ཉིད་ལས་སློབ་དཔོན་གྱི་ལས་ཐམས་ཅད་ཀྱི་རྗེས་སུ་གནང་བ་མནོས་ལ། དཀྱིལ་འཁོར་དུ་སློབ་མ་གཞུག་པར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་དང་། བདེན་པ་དགོངས་པར་བྱ་བ་ཉིད་ཀྱིས་བཅོམ་ལྡན་འདས་མཉེས་པར་བྱ་བའི་ཚིགས་སུ་
བཅད་པས་གསོལ་བ་གདབ་པར་བྱའོ། །དེ་ལ་དེ་ཁོ་ན་ཉིད་ནི་ཐར་པའི་གོ་འཕང་གི་མཆོག་གོ། །བདེན་པ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་ལ་དེ་ཁོ་ན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། འདོད་ཆགས་ཆེ་ལས་བྱུང་དེ་ཉིད། །ཅེས་བྱ་བ་སྨོས་ཏེ། འདོད་ཆགས་ཆེན་པོ་ལས་
བྱུང་བ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ་རྡོ་རྗེ་འཆང་གི་རང་བཞིན་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བདེན་པ་ཇི་ལྟ་བུ་ཞེ་ན། འཁོར་ལོའང་གཟུགས་བརྙན་ལྟ་བུ་ཞེས་བྱ་བ་སྨོས་ཏེ། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བའི་བདག་ཉིད་ཅན་གཉིས་སུ་
མེད་པའི་ཡེ་ཤེས་ཀྱི་སྐུ་དང་ལྡན་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནི་བདེན་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དེ་ལ། ནམ་མཁའ་སྐྱེ་བའི་མཚན་ལྡན་ཕྱིར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་ནི་དམ་ཚིག་གསུམ་གྱི་གླུས་མཆོད་པ་ཡིན་ནོ། །དེ་ནས། སེམས་
ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །ཞེས་བྱ་བ་གཅིག་གིས་ནི་དེ་ཁོ་ན་ཉིད་གདས་པར་བྱའོ། །དེ་ནས་ཚིགས་སུ་བཅད་པ་གསུམ་གྱིས་ནི་བདེན་པ་བསྒྲགས་པའོ། །དེ་ལ་དམ་ཚིག་གསུམ་གྱི་གླུས་དམ་ཚིག་གསུམ་པོ་རྡོ་རྗེ་འཆང་བའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་འདིའི་ཆོས་ཡིན་ལ།
Vol. 43 · folio 102b
དེའི་དམ་ཚིག་གང་ཡིན་པ་དེ་འདིའི་དམ་ཚིག་ཡིན་པས་དཀྱིལ་འཁོར་གྱི་བདག་པོ་ཐམས་ཅད་ཀྱང་རྡོ་རྗེ་འཆང་བའི་རང་བཞིན་ཅན་ཡིན་ནོ། །དེ་བས་ན་དེའི་དེ་ཁོ་ན་ཉིད་ལ་སོགས་པ་གང་ཡིན་པ་དེ་འཇམ་པའི་རྡོ་རྗེ་ལ་སོགས་པའི་ཡང་ཡིན་པར་འགྱུར་རོ། །དེ་ལ་ཚིགས་སུ་བཅད་པ་གསུམ་
གྱིས་ནི་དེ་ཁོ་ན་ཉིད་གསུམ་གྱི་གླུ་སྟོན་ཏོ། །དེ་ལ་དེ་ཁོ་ན་ཉིད་གསུམ་ནི་རང་བཞིན་གྱི་དེ་ཁོ་ན་ཉིད་དང་། འབྱོར་བའི་དེ་ཁོ་ན་ཉིད་དང་རྣམ་པར་དག་པའི་དེ་ཁོ་ན་ཉིད་དོ། །དེ་ལ་རང་བཞིན་གྱི་དེ་ཁོ་ན་ཉིད་ཀྱི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་ནི་ནམ་མཁའ་སྐྱེ་བའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་
ཁོ་ན་ཉིད་གཙོ་བོར་གྱུར་ཅིང་དེ་ཁོ་ན་ཉིད་དུ་རོ་གཅིག་པ་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ནི་འདིའི་རང་བཞིན་ཡིན་ལ། དེ་ཉིད་ནི་རྡོ་རྗེ་ཆེན་པོ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེས་ན་སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཞེས་བྱའོ། །རྡོ་རྗེ་སེམས་དཔར་བདག་གྲུབ་མཛོད། །ཅེས་
བྱ་བ་ནི་རང་བདག་ཉིད་དུ་མཛོད་ཅིག་ཅེས་བྱ་བའོ། །སེམས་ལ་ནི་སྐྱེ་བ་ཡོད་པ་ཡིན་ལ་སྐྱེ་བ་དང་ལྡན་པ་ནི་འཇིག་པར་འགྱུར་བ་ཡིན་མོད་ཀྱི་འོན་ཀྱང་བཅོམ་ལྡན་འདས་གང་ཡིན་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་ཡིན་ལ། དེ་ལྟར་ན་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་ནོ། །བྱང་ཆུབ་ཀྱི་
སེམས་དེ་ཡང་གང་ཡིན་ཞེ་ན་གང་འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མ་དང་ཐ་མ་མེད་པའི་སེམས་ཀྱི་རྒྱུན་སྟོང་པ་ཉིད་དུ་རོ་གཅིག་པས་ནམ་མཁའ་དང་འདྲ་བས་རང་བཞིན་གྱིས་དག་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་དེ་བཞིན་ཉིད་ཀྱི་སྐུའི་ས་རྣམས་ལ་གློ་བུར་
བའི་སྒྲིབ་པ་རིམ་གྱིས་རྣམ་པར་དག་པའི་མཐར་ཐུག་པར་རྟོགས་པར་འགྱུར་བ་ཡིན་པས་དེ་སྐུ་དེས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བར་བཤད་དོ། །དེས་ན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཅན་གྱིས་བཅོམ་ལྡན་འདས་དེ་ལ་ཐོག་མ་དང་ཐ་མ་ག་ལ་མངའ། གང་ཡང་འདི་སྒྲིབ་པ་དང་བྲལ་བར་གྱུར་
ན་གསལ་བར་འགྱུར་བས་འདིའི་སྐྱེ་བར་ཉེ་བར་གདགས་སུ་རུང་སྟེ། དཔེར་ན་ནམ་མཁའ་རྩིག་པ་ལ་སོགས་པ་གསལ་བར་སྣང་བ་དང་འདྲ་བའོ། །དེའི་ཕྱིར། ནམ་མཁའ་སྐྱེ་བའི་མཚན་ལྡན་ཕྱིར། །ཞེས་སྨོས་པའི་དཔེ་འདི་ལ་ཡོད་པས་ནམ་མཁའ་སྐྱེ་བའི་མཚན་ལྡན་ཏེ་དེའི་ངོ་བོ་
Vol. 43 · folio 103a
ཉིད་ནི་དེ་ཉིད་དེ་དེའི་ཕྱིར་ཐོག་མ་ཐ་མ་མེད་པའོ། །མཆོག་ནི་གཙོ་བོའོ། །འབྱོར་བའི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་པའི་ཚིགས་སུ་བཅད་པ་ནི་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དངོས་གྲུབ་ཐམས་ཅད་ཀྱི་མཆོག་ནི་དངོས་གྲུབ་ཆེན་པོ་སྟེ་ཡང་དག་པར་རྫོགས་
པའི་བྱང་ཆུབ་བོ། །དེས་ན་དབང་ཕྱུག་ཆེན་པོ་སྟེ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཐམས་ཅད་ལ་དབང་བའི་མཆོག་ཏུ་གྱུར་པའོ། །དེས་ན་ལྷག་པའི་ལྷ་ཡིན་ཏེ། འཇིག་རྟེན་པ་ཐམས་ཅད་ལས་ལྷག་པའི་ལྷ་ཉིད་དོ། །ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བརྙེས་པས་ན་རྡོ་རྗེ་
འཛིན་པ་ཀུན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་དེ་ལ་རག་ལས་པའི་ཕྱིར་རྒྱལ་པོའོ། །དེའི་འབྱོར་བ་དེ་ཡང་རྟག་ཏུ་མི་འགྱུར་བ་ཡིན་བས་ན་མི་འགྱུར་མཆོག་གོ། །རྣམ་པར་དག་པའི་དེ་ཁོ་ན་ཉིད་ཀྱི་དབང་དུ་མཛད་ནས་གསུངས་པ་ནི་ཉེས་པ་མི་མངའ་ཞེས་བྱ་བ་ལ་
སོགས་པ་ཡིན་ཏེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པས་ན་ཉེས་པ་མི་མངའ་བའོ། །དེ་ལྟར་ན་ཡང་གནས་པ་དང་། ཕྲིན་ལས་དང་། འདོད་ཆགས་དང་། དགའ་བ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་ཚིག་གི་དོན་ཡིན་ནོ། །དེ་ཡང་སྐུ་གསུམ་གྱིས་
ནམ་མཁའ་ཇི་སྲིད་ཀྱི་བར་དུ་བཞུགས་པས་ན་རྟག་པའོ། །དངོས་གྲུབ་ཐམས་ཅད་བརྙེས་པའི་འདོད་ཆགས་ཀྱིས་སེམས་ཅན་ཐམས་ཅད་ལ་རྗེས་སུ་དགའ་བར་མཛད་པས་ན། འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །ཞེས་བྱའོ། །དེ་ཉིད་ཀྱིས་ན་དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་
འདོད་ཆགས་མངའ་བས་ན་འདོད་ཆགས་ཆེན་པོའོ། །མཚན་མ་མེད་པའི་ཆོས་ཀྱི་དགའ་བས་དགྱེས་པས་ན་དགའ་བ་ཆེ་ཞེས་བྱའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་གསུམ་གྱིས་བཤད་པའོ། །ཆོས་ཉིད་ཀྱི་གླུ་ནི་ཤིན་ཏུ་དག་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་
བཅད་པ་གཅིག་གིས་སྟོན་ཏེ། འདི་ལ་ཆོས་ཉིད་ཀྱི་སྐུ་ཐར་བ་ཆེན་པོའི་རང་བཞིན་ཅན་ནི་ཆོས་ཡིན་ལ། དེ་ནི་ཚིགས་སུ་བཅད་པ་འདིས་སྟོན་ཏེ། གློ་བུར་བའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་པའི་ཕྱིར་རམ། སླར་མི་ལྡོག་པའི་དག་པ་མངའ་བས་ན་ཤིན་ཏུ་དག་
Vol. 43 · folio 103b
པའོ། །ཆོས་ཐམས་ཅད་ཀྱི་མཆོག་ནི་མྱ་ངན་ལས་འདས་པ་ཡིན་ལ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མཆོག་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་རང་བཞིན་ནི་བཅོམ་ལྡན་འདས་ཡིན་པས་དེའི་ཕྱིར་ཀུན་གྱི་མཆོག་གོ། །ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་རྣམ་པར་
དག་པ་ཡིན་པས་ན་གདོད་ནས་གྲོལ་བའོ། །ཆོས་རྣམས་ཀྱི་ཆོས་ཉིད་ཇི་ལྟར་གནས་པ་དེ་ལྟར་ཐུགས་སུ་ཆུད་ཅིང་གཤེགས་པས་ན་དེ་བཞིན་གཤེགས་པའོ། །ཀུན་ནི་མ་ལུས་པའོ། །བཟང་པོ་ནི་དགེ་བ་སྟེ། སྐལ་བ་དང་ལྡན་པ་རྣམས་འདི་ལས་བྱུང་བས་ན་ཀུན་དུ་བཟང་པོའོ། །ཆོས་ཀྱི་དབྱིངས་
ནི་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་མཚན་ཉིད་ཡིན་བས་ན་ཀུན་བདག་ཉིད་དོ། །བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །དམ་ཚིག་ནི་ཕྱག་རྒྱ་སྟེ་དེའི་གླུ་ནི་དངོས་གྲུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སྟོན་ཏེ། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །ཅེས་
བྱ་བ་ནི་བཤད་ཟིན་ཏོ། །དབང་ཕྱུག་ཆེན་པོ་ཡང་བཤད་ཟིན་ཏོ། །དེའི་ཕྱག་རྒྱ་ནི་དེའི་རྒྱུ་མཐུན་པ་ནི་ཡིད་ཀྱི་རང་བཞིན་ཅན་གྱི་བརྡའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུས་རང་ཉིད་བྱིན་གྱིས་བརླབས་ཤིང་མཆོད་པའི་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་ངོ་བོའི་ཕྱག་རྒྱ་
དེས་བཅོམ་ལྡན་འདས་ཡུམ་རྡོ་རྗེ་བསྙེམས་མའི་ཕྱག་རྒྱའི་བདག་པོ་སྟེ་གཙོ་བོར་གྱུར་པ་བདག་ལ་གྲུབ་པར་མཛོད་ཅིག་པའོ། །ཇི་ལྟར་ན་འདི་ནི་བདག་པོ་ཡིན་ཞེ་ན། རྡོ་རྗེ་ཆེར་བསྟོད་པ་ཞེས་བྱ་བ་སྟེ་དང་པོའི་རྡོ་རྗེ་བསྟོད་ཅིང་ཕྱག་གཡས་པས་གསོར་བའི་ཕྱིར་རོ། །འདི་ནི་ཉེ་བར་མཚོན་པ་ཙམ་སྟེ། དེ་
ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དམ་ཚིག་གསུམ་གྱི་གླུའི་མཆོད་པ་བཤད་ནས་དེ་ཁོ་ན་ཉིད་བསྒྲགས་པ་ནི། སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྒྲིབ་པ་གཉིས་རྣམ་པར་དག་པ་དེ་བཞིན་ཉིད་གཙོ་
བོར་གྱུར་པའི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་ཐར་པའི་གནས་སོ། །དེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཡིན་ལ། དེ་ཉིད་ནི་འདིར་འདོད་པའི་སྒྲར་གསུངས་ཏེ་ཆེན་པོ་རྣམས་ཀྱི་འདོད་པར་བྱ་བ་ཡིན་པའི་ཕྱིར་རོ། །
Vol. 43 · folio 104a
འདོད་པ་དེ་ཡང་སེམས་ཅན་ཀུན་གྱི་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནས་སོ་སོའི་སྐྱེ་བོའི་བར་གྱི་ཡིད་ལ་ཁྱབ་པ་ཡིན་ནོ། །བདེ་བ་རབ་ཏུ་སྩོལ་བས་ཕ་དང་འདྲའོ། །དེ་ལ་སངས་རྒྱས་རྣམས་ལ་ནི་རྣམ་པར་དག་པའི་ཚུལ་གྱིས་ཐུགས་ལ་ཁྱབ་པའོ། །བྱང་ཆུབ་
སེམས་དཔའ་རྣམས་ལ་ནི་རང་གི་ས་རྣམས་ཀྱི་སྒྲིབ་པ་རྣམ་པར་དག་པའི་ཚུལ་གྱིས་སོ། །དེ་རྣམས་ལ་བདེ་བ་རབ་ཏུ་སྩོལ་བར་མཛད་པ་ཡང་ཡིན་ཏེ། རྣམ་པར་དག་པའི་བདེ་བ་སྐྱེད་པར་མཛད་པའི་ཕྱིར་རོ། །དེ་ཡང་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། དམ་ཆོས་འདི་ལ་རྒྱལ་བའི་
སྲས། །རྣམ་པར་མི་རྟོག་བསམས་གྱུར་ན། །རྣམ་རྟོག་བགྲོད་དཀའ་རྣམ་སྤངས་ཏེ། །རིམ་གྱིས་མི་རྟོག་འཐོབ་པར་འགྱུར། །དེ་བས་རབ་ཞི་མི་གཡོ་མཆོག །དབང་བྱེད་མཉམ་ལ་མི་གནས་པ། །རྣམ་པར་མི་རྟོག་བདེ་བ་ནི། །བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར། །ཞེས་ཇི་སྐད་
གསུངས་པ་ལྟ་བུའོ། །ལ་ལ་ལས་ནི་སྙིང་ལ་བཞུགས་ཞེས་ཟེར་ཏེ། དེ་ཡང་བདེ་བ་རབ་ཏུ་སྩོལ་བ་ཉིད་ཀྱིས་སྡུག་པ་ཡིན་བས་སྙིང་ལ་གནས་ཞེས་བྱའོ། །བཅོམ་ལྡན་འདས་འདོད་པ་དེ་ནི་དེ་རྣམས་ཀྱི་ཡབ་ཏུ་གྱུར་པ་ཡང་ཡིན་ཏེ། དེ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་དེ་ཉིད་ལས་
འཁྲུངས་པའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་ལྟ་བ་དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་ཡིན་ཏེ། སེམས་ཀྱི་བདེ་བ་དང་ལུས་ཀྱི་བདེ་བ་དེ་ཉིད་ཀྱི་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་འདི་ནི་འདོད་པའི་
མཆོག་དང་། དམ་ཚིག་གི་མཆོག་ཀྱང་ཡིན་ཏེ། དམ་ཚིག་རྣམས་ཀྱི་མཆོག་ནི་ཡང་དག་པའི་ཡེ་ཤེས་ཡིན་ལ། དེ་གང་ལ་མངའ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་མཆོག་སྟེ་གཙོ་བོའོ། །ཡང་ན་ཡིད་ལ་ཕྲ་བའི་ཚུལ་གྱིས་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་ཁྱབ་པའོ། །
བདེ་བ་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་རབ་ཏུ་སྩལ་བ་དང་། སྙིང་ལ་བཞུགས་ཞེས་བྱ་བ་ལ་སྙིང་ནི་ཡིད་ཀྱི་རྩ་བའི་གནས་སོ། །ཡབ་ནི་དག་པ་དང་མ་དག་པའི་སྐུས་སྐྱེད་པར་མཛད་པའོ། །དམ་ཚིག་མཆོག་ཅེས་བྱ་བ་ལ་མཆོག་ནི་ཡིད་ཀྱི་གཟུགས་དག་པ་ཉིད་དེ། དེས་ཕུལ་དུ་བྱུང་བའོ། །བདེན་
Vol. 43 · folio 104b
པ་བསྒྲགས་པ་གསུངས་པ་ནི། བདེན་པ་གང་གིས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་མཆོག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། གཉིས་སུ་དབྱེར་མེད་པས་སོ། །དེ་ཡང་གཉིས་སུ་ཉེ་བར་མི་དམིགས་པ་ནི་ཤེས་རབ་ཡིན་ལ། གཉིས་སུ་མེད་པ་ལ་དམིགས་པ་ནི་ཐབས་ཡིན་ཏེ། དངོས་
མེད་གང་ཞིག་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་ཇི་སྐད་གསུངས་པ་ལ་སོགས་པ་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་འདི་ཡང་དཀྱིལ་འཁོར་གྱི་བདག་པོའི་བདག་ཉིད་ཅན་ཡིན་ནོ། །དེ་བས་ན་དཀྱིལ་འཁོར་ལ་ནི་དེའི་རང་བཞིན་རྗེས་སུ་འགྲོ་བ་ཉིད་
ཡིན་པར་སྟོན་ཏོ། །བདེན་པ་ནི་ཕྱིན་ཅི་མ་ལོག་པའོ། །འདོད་པ་ནི་ཡིད་ལ་མངོན་པར་བསམས་པའོ། །ཆོས་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་བདུད་རྩི་ཐབ་སྦྱོར་གྱི་བར་གྱི་དཀྱིལ་འཁོར་པ་རྣམས་སོ། །གཟུགས་བརྙན་ལྟ་བུ་སྟེ་ཞེས་བྱ་བ་ནི་སེམས་ཙམ་
གྱི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དག་པ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཕྱིར་རོ། །གསལ་བ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཕྱིར་རོ། །རྙོག་པ་མེད་པ་ནི་སྙོམས་པར་འཇུག་པའི་སྒྲིབ་པ་རྣམ་པར་དག་པའི་ཕྱིར་རོ། །གཟུང་དུ་མེད་པ་ནི་སོ་སོ་རང་གི་རིག་པ་
ཉིད་ཀྱིས་ན་ཤེས་པ་གཞན་གྱིས་གཟུང་དུ་མེད་པའི་ཕྱིར་རོ། །བརྗོད་དུ་མེད་པ་ནི་སྒྲ་དང་རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །འདི་རྣམས་ཀྱི་རྒྱུ་ནི་ཆོས་ཀྱི་དབྱིངས་སོ། །ལས་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལ་སོགས་པས་སོ། །འདི་གཉིས་ལས་ཀུན་དུ་འབྱུང་བ་འདི་ཡིན་པས་
ན་དེ་སྐད་ཅེས་བྱའོ། །དེ་བཞིན་ཉིད་དང་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་ཏེ། དེ་གཉི་གའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ནི་དེ་བཞིན་ཉིད་དང་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱེར་མི་ཕྱེད་པའི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཡང་བཅོམ་ལྡན་
འདས་རྡོ་རྗེ་འཆང་བ་ཡིན་ལ་དེ་ཉིད་ནི་དཀྱིལ་འཁོར་གྱི་བདག་པོ་ཐམས་ཅད་ཡིན་པས་ན་དེ་ལས་ངེས་པར་སྐྱེས་པ་སྟེ། དེའི་རྒྱུ་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་རྣམ་པར་སྣང་མཛད་ལ་སོགས་པ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་
Vol. 43 · folio 105a
ལ་སོགས་པ་བསྡུས་པར་གྱུར་པ་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་མཉམ་པ་ཉིད་ཀྱི་རྒྱས་བཏབ་པ་ལ་ཡང་དག་པར་བརྟེན་ནས་དེ་ལས་གཞན་པ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཕུང་པོ་དང་སྐྱེ་མཆེད་དང་ཁམས་འདི་དག་ཉིད་ཀྱིས་
རྒྱས་བཏབ་པ་ཡིན་ནོ། །དེ་བས་ན་འདི་རྣམས་ལས་དེ་དག་ཀྱང་ཐ་མི་དད་པར་བསྒོམ་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དང་རྒྱས་བཏབ་པ་ཚད་མར་བྱས་པ་ཡིན་པའི་ཕྱིར་རོ། །གཟུགས་བརྙན་ཞེས་བྱ་བ་ནི་ཇི་ལྟར་བྲིས་པའོ། །གསལ་བར་ཞེས་བྱ་བ་ནི་གང་གི་གཟུགས་
བརྙན་གང་ཡིན་པ་དེའི་གཟུགས་སུ་ལྟོས་ཤིག་པའོ། །དྲི་མ་མེད་ཅེས་བྱ་བ་ནི་བདེན་པའི་བྱིན་གྱི་རླབས་དང་། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་སྡིག་པ་ངེས་པར་བསལ་བས་སོ། །དེ་ལྟར་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ནས་གཞུག་པར་འོས་པའི་སློབ་མ་གཞུག་པར་བྱའོ། །དེ་ཡང་
རེ་ཞིག་རྣམ་པ་གཉིས་ཏེ། ལ་ལ་ནི་སྤྱིའི་སྡོམ་པའོ། །ལ་ལ་ནི་སློབ་དཔོན་གྱི་སྡོམ་པའོ། །དེ་ལ་སྡོམ་པ་གང་སློབ་དཔོན་མི་བྱེད་ཀྱང་སྦྱིན་པ་དེ་ནི་སྤྱིའི་ཡིན་ཏེ། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་ཅན་སྔར་བཤད་པ་ཡིན་ནོ། །དེ་ལ་སློབ་དཔོན་ཉིད་དུ་བྱེད་
པར་སྦྱིན་པ་གང་ཡིན་པ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྟེ། རིགས་ལྔས་ཡང་དག་པར་བསྡུས་པའོ། །དེ་ཡང་སློབ་དཔོན་དོན་དུ་གཉེར་བ་ལ་འཛིན་དུ་གཞུག་སྟེ། དེ་ནི་སྡོམ་པ་ཞེས་བྱ་བ་འདིས་སྔ་མ་སྟོན་པ་ཡིན་ཏེ། རང་གི་ངོ་བོ་ཡང་ཁོ་བོས་བཤད་ཟིན་ཏོ། །དེ་ལ་སྤྱིའི་སྡོམ་པས་ཇི་ལྟར་འཇུག་
པ་དེ་ནི་སློབ་མ་སྤྱིའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ཡང་སློབ་མ་ཁྲུས་བྱས་ལ་དྲི་ལ་སོགས་པས་བརྒྱན་ཅིང་མེ་ཏོག་གི་ཕྲེང་བ་བཏགས་ལ་ཁ་དྲི་ཞིམ་པར་བྱས་ཏེ་སྟོད་གཡོགས་དང་སྨད་གཡོགས་དམར་པོ་དང་གཙུག་ཏོར་དང་གདོང་གཡོགས་དམར་པོ་བཅིངས་ལ་སྔོན་བཞིན་ཞེས་བྱ་བ་
འཇམ་པའི་རྡོ་རྗེ་ལ་སོགས་པ་རང་གི་འདོད་པའི་ལྷའི་སྐུར་བསམས་ལ། སྐུ་སོགས་འོད་གསལ་བྱ་ཞེས་བྱ་བ་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པར་བསམས་ལ་ཡོལ་བས་བར་དུ་བཅད་དེ་བསང་གཏོར་བྱས་པ་ལ་སྡུག་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །སློབ་མས་ཀྱང་སྡུག་པ་
Vol. 43 · folio 105b
བདག་ནི་སྐལ་བ་བཟང་པོའོ་ཞེས་བརྗོད་པར་བྱའོ། །དེ་ནས་ཡང་སློབ་མས་ཀྱང་བླ་མ་ལ་ཡོན་ཕུལ་བ་དང་། སྤོས་ལ་སོགས་པས་ཡང་དག་པས་མཆོད་ལ་ལག་པ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ནས་དེ་བཞིན་དུ་ཤར་སྒོར་ཡི་གེ་ཧཱུཾ་གིས་གཞག་པར་བྱའོ། །དེ་ནས་འདི་ཨོཾ་སརྦ་ཡོ་ག་
ཙིཏྟོ་དྤཱ་ད་ཡཱ་མི་ཞེས་བྱ་བའི་སྔགས་འདིས་རྣལ་འབྱོར་གྱི་སེམས་བསྐྱེད་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱ་བའི་སྙིང་པོ་འདིས་སྙིང་གར་རྡོ་རྗེ་གཞག་པར་བྱའོ། །དེ་ནས་དེ་ལ་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི་ཞེས་བྱ་བ་ལ་སོགས་པ་ནས་དད་
པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ་ཞེས་བྱ་བའི་གཤིན་རྗེ་གཤེད་ཀྱི་སྔགས་འདི་དང་སོགས་པའི་སྒྲས་འདོད་པའི་རྒྱལ་པོའི་སྔགས་སམ། ཧཱུཾ་མཛད་ཀྱི་སྔགས་ཀྱིས་སློབ་མ་བཀུག་ལ་ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་
ཡི་གེ་ལྔས་བཅུག་ལ་འོག་ནས་འབྱུང་བའི་ཆོ་ག་རྣམས་བྱའོ། །སློབ་དཔོན་གྱི་སྡོམ་པ་ལ་ནི་སློབ་མ་གཞུག་པའི་ཆོ་ག་ཁྱད་པར་ཡོད་ལ་དེ་ལས་ཅུང་ཟད་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བ་ལས་འཆད་དོ། །ཅུང་ཟད་ནི་འདི་ཉིད་དུ་དེ་ནས་ཡང་ཞེས་བྱ་བས་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་
འཇུག་པའི་རྗེས་ཐོགས་ལའོ། །ཡང་ཞེས་བྱ་བ་ནི་སྡུད་པའི་དོན་ཏོ། །འདི་སྐད་བརྗོད་ཅེས་བྱ་བ་ནི་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཞེས་བྱ་བ་ནས་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བའི་བར་དུའོ། །ཡང་ཞེས་བྱ་བའི་སྒྲ་ནི་དེ་རྣམས་
ལ་བརྗོད་པར་བྱ་ཞིང་ཇི་སྐད་བཤད་པའི་ཆོ་ག་རྣམས་བྱའོ། །དེའི་སྙིང་གར་ཞེས་བྱ་བ་ལ་སོགས་པས་སྤྱི་དང་སློབ་དཔོན་གྱི་སྡོམ་པ་དང་ལྡན་པའི་ཐུན་མོང་གི་ཆོ་ག་བཤད་པ་ཡིན་ནོ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །ཞེས་བྱ་བ་ནི་ཅི་སྟེ་སྨྲས་པར་གྱུར་ནའོ། །དམྱལ་བ་ཞེས་བྱ་བ་ནི་ཆུ་
བོ་རབ་མེད་དུ་གྱུར་པའོ། །དངོས་གྲུབ་ཅེས་བྱ་བ་ནི་ཁྱེད་ཉིད་ཀྱིས་ཞེས་བྱ་བ་དང་སྦྱར་རོ། །རྡོ་རྗེ་བདུད་རྩིའི་ཆུ་ཞེས་བྱ་བ་ནི་ཚར་གཅོད་པ་ན་རྡོ་རྗེའོ། །ཕན་འདོགས་པས་ན་བདུད་རྩིའོ། །དབབ་པའི་ཆོ་ག་བཤད་པ་ནི། དེ་ནས་སློབ་མ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནས་སློབ་
Vol. 43 · folio 106a
མ་བརྗོད་དུ་གཞུག་པ་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་བྱ་བའོ། །དེ་སྐད་སྨྲར་བཅུག་ནས་དེའི་སྙིང་གར་ཡི་གེ་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་
ལ་མཚམས་བཞིར་རྡོ་རྗེ་སེར་པོས་མཚན་པར་ཧཱུཾ་བསྒོམ་པར་བྱའོ། །ལྐོག་མར་ནི་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་བསམ་པར་བྱའོ། །སྤྱི་བོར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ་བསྒོམ་
པར་བྱའོ། །ཆུ་དང་རླུང་གི་དཀྱིལ་འཁོར་དེ་གཉིས་ལ་ཡི་གེ་ཧཱ་དང་ཨཱཿརིམ་བཞིན་བསྒོམ་པར་བྱའོ། །རྐང་པ་གཉིས་ཀྱི་འོག་ཏུ་ནི་ཡི་གེ་ཛྷཻཾ་རབ་འབར་བ་ཞེས་བྱ་བ་ཀུན་ནས་འོད་འབར་བ་བསྒོམ་པར་བྱའོ། །ཛྷཻཾ་དེ་ཡང་རླུང་གི་དཀྱིལ་འཁོར་ལ་གནས་པའི་རཾ་ལས་འབྱུང་བའི་མེའི་དཀྱིལ་
འཁོར་འོག་གཞིར་གྱུར་པས་སྦར་ལ། དེ་ནས་སློབ་མ་ལ་དབབ་པར་བྱའོ། །ཨཱ་བེ་ཤ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་ཇི་སྲིད་དུ་བབས་པར་མ་གྱུར་པ་དེ་སྲིད་དུ་བསྒྱིངས་པ་དང་བཅས་པས་བརྗོད་པར་བྱའོ། །སློབ་མ་ལ་བབས་པར་གྱུར་པར་ཤེས་པ་དང་དེ་འདོད་ཆགས་རྡོ་རྗེའི་
སྐུར་བསམས་ལ། དེའི་ལྕེ་ལ་ཡི་གེ་ཨ་དམར་པོ་བསམས་ཏེ་བྷྲཱུཾ་ཧི་བཛྲ་ཞེས་བརྗོད་ན་དགེ་བའམ་མི་དགེ་བ་སྟོན་ཏོ། །དེ་ནས་ཁྱོད་ཀྱི་མིག་ལམ་ན་ཇི་ལྟ་བུ་སྣང་ཞེས་དྲིས་ལ། དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོའི་འོད་ཀྱི་དཀྱིལ་འཁོར་སྣང་བ་ལས་དེ་བཞིན་ཞི་བ་ལ་སོགས་པའི་
དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་ཤེས་པར་བྱའོ། །དེ་ནས་བབས་པ་དེ་བརྟན་པར་བྱ་བའི་ཕྱིར་ཏིཥྛ་བཛྲ་ཞེས་བརྗོད་དོ། །དེ་ནས་ཧཱུཾ་གིས་མེ་ཏོག་གི་ཕྲེང་བ་དོར་ཞིང་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་དོ། །དེ་ནས་དེ་མགོ་ལ་བཅིང་ཞིང་པྲ་ཏི་གྲྀཧྞ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །སློབ་མ་གང་
དག་གིས་ལྷ་དེ་སྔར་བླངས་པའམ་མ་བླངས་པ་སྟེ་བསྟེན་པའམ་མ་བསྟེན་པ་དེ་མེ་ཏོག་གི་ཕྲེང་བ་དོར་བ་ལས་ལྷ་གང་གི་མཚན་མ་གང་ཡིན་པའམ་མཚན་མ་དང་ཉེ་བ་གང་ཡིན་པར་བབས་པའི་ལྷ་དེའི་སྦྱོར་བ་དག་དེ་གཉིས་ལ་སྦྱིན་པར་བྱ་སྟེ། དེ་ནི་འདི་གཉིས་ལ་འགྲུབ་པར་འགྱུར་རོ། །དད་ཀྱང་ཞེས་བྱ་བ་
Vol. 43 · folio 106b
ནི་ཡང་ན་འདི་གཉིས་ལྷ་གང་ལ་ལྷག་པར་དད་ཅིང་མོས་པའོ། །ཡང་ན་སྐལ་བ་ཅན་ཉིད་ཅེས་བྱ་བས་ནི་གང་གི་ལྷའི་རིགས་གང་ཡིན་པ་འདི་གཉིས་ཀྱི་ཉེ་བར་སྤྱོད་པ་ལས་ཤེས་པར་བྱའོ། །དེ་བཞིན་དུ་བབས་པར་གྱུར་པའི་སློབ་མའི་མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་བསམས་ལ།
རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །ཞེས་བྱ་བའི་ཚིགས་སུ་བཅད་པས་གདོང་གཡོགས་བཀྲོལ་ཏེ། ཧེ་བཛྲ་པཱ་ཤྱ་ཞེས་བརྗོད་ལ། དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་བདུད་རྩི་ཐབ་སྦྱོར་གྱི་དཀྱིལ་འཁོར་བསྟན་པར་བྱའོ། །མིག་ནི་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཐམས་ཅད་མཐོང་བའི་
ཕྱིར་རོ། །རྡོ་རྗེའི་མིག་ཅེས་བྱ་བ་ནི་གཟུགས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་མིག་གོ། །བླ་ན་མེད་ཅེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཅི་འདྲ་བའོ། །འབྱེད་མཛད་དེ་ཞེས་བྱ་བ་ནི་སྒྲིབ་པ་རྣམས་བསལ་བས་སོ། །ཆུ་ལ་སོགས་པ་ལྔས་དབང་བསྐུར་བ་ནི་རིག་པའི་དབང་བསྐུར་
བ་ཡིན་ལ། དེ་ནི་བཛྲ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བརྗོད་དེ་ཞེས་བྱ་བ་ནི་ཚིག་ཏུ་བརྗོད་པའོ། །ཆུས་ཞེས་བྱ་བ་ནི་དང་པོར་རྣམ་པར་རྒྱལ་བའི་བུམ་པའི་ཆུས་སོ། །དེ་ནས་ལྷ་མོ་བཞིའི་བུམ་པས་སོ། །དེ་ནས་དཀྱིལ་འཁོར་པའི་བུམ་པ་རྣམས་ཀྱིས་ཏེ། དེ་རྣམས་ཉིད་ཀྱི་
རང་རང་གི་སྔགས་བརྗོད་ཅིང་མངོན་པར་དབང་བསྐུར་བར་བྱའོ། །སྔོན་བཞིན་ཞེས་བྱ་བ་ནི་དང་པོའི་སྦྱོར་བ་དང་འདྲ་བར་རིག་པའི་ཚོགས་ཕྱག་ན་བུམ་པ་རྣམས་ཀྱིས་སོ། །ཅོད་པན་ཞེས་བྱ་བ་ནི་དར་དཔྱངས་དང་བཅས་པའི་ཅོད་པན་གྱིས་སོ། །རང་གི་བདག་པོ་ནི་མི་བསྐྱོད་པ་ལ་སོགས་པའོ། །རྡོ་རྗེ་
དེ་ཞེས་བྱ་བ་ནི་རང་གི་ལྷའི་མཚན་མའོ། །ཡང་ན་རྡོ་རྗེ་དེ་ཞེས་བྱ་བ་ནི་དཔལ་མཆོག་དང་པོའི་རྡོ་རྗེ་སྟེ། བཅོམ་ལྡན་འདས་དེ་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། འདི་ནི་སངས་རྒྱས་ཐམས་ཅད་དེ། །ཞེས་གསུངས་པའི་ཕྱིར་རོ། །
རབ་གྲུབ་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཉིད་ལ་སོགས་པའོ། །རྡོ་རྗེ་དྲིལ་བུས་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་བཟུང་བས་སོ། །རང་གི་བདག་པོས་ཞེས་བྱ་བ་ནི་བདག་པོས་དབང་བསྐུར་བར་བྱ་བའོ། །སྤྱི་བོར་མིང་གི་ཞེས་བྱ་བ་ནི་མགོ་བོར་རྡོ་རྗེ་དང་དྲིལ་བུ་བཞག་པས་སོ། །དེ་བཞིན་
Vol. 43 · folio 107a
དུ་གཞན་ཡང་མིང་གི་དབང་བསྐུར་བ་ནི། ཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བས་མིང་གི་དབང་བསྐུར་བ་སྟེ། ཀྱེ་དཔལ་འཇམ་པའི་རྡོ་རྗེ་ཞེས་བྱ་བའི་རྣམ་པས་སོ། །འདིར་མིང་གི་དབང་བསྐུར་བ་འདི་ནི་འཁོར་ལོས་སྒྱུར་བའི་མཚན་ལས་དྲངས་ནས་སྦྱིན་ནོ། །འཁོར་ལོས་
སྒྱུར་བ་ཡང་གང་ཡིན་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་ལོའི་བདག་པོར་གྱུར་པས་དབང་བསྐུར་བ་ཉིད་དེ། དེའི་མཚན་གྱིས་དབང་བསྐུར་བར་འདོད་དོ། །འདི་ནི་བྱང་ཆུབ་སེམས་དཔའ་ཉིད་ཡིན་པས་དེ་གཉི་ག་ཡང་མི་རིགས་སོ་ཞེས་འགའ་ཞིག་སོམ་
ཉི་སྐྱེ་བར་འགྱུར་བས་དེ་བསལ་བའི་ཕྱིར་བདག་པོ་ཞེས་བྱ་བ་སྨོས་ཏེ། སོ་སོར་སྣང་བ་གང་ཅི་ཡང་རུང་དེ་ནི་རང་ཉིད་ཀྱི་དངོས་པོ་ཐམས་ཅད་ཡིན་ཏེ། ཐམས་ཅད་ཀྱང་སེམས་ཀྱི་འབྱོར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཙོ་ཆེར་ཞེས་བྱ་བ་ནི་སྒྲོ་བཏགས་པ་མ་ཡིན་པ་སྟེ། དོན་
དམ་པ་ཉིད་དུ་ན་རང་ཉིད་ནི་དངོས་པོ་ཐམས་ཅད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གང་ཡིན་པ་དེ་ཉིད་ནི་བདག་ཡིན་ལ། ཤེས་པ་དེ་ཉིད་ནི་སེམས་ཡིན་ལ། ཤེས་པ་ལས་ལོགས་ཤིག་ན་སྣང་བ་ཅི་ཡང་མེད་དོ་ཞེས་བྱ་བའི་ཚུལ་གྱིས་སོ། །དེ་བས་ན་དེ་ཉིད་ནི་
འཇམ་པའི་རྡོ་རྗེའོ། །རང་ཞེས་བྱ་བ་ནི་མངོན་སུམ་གྱིས་ཡིན་གྱི་ཉེ་བར་གདགས་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་འཇམ་དཔལ་ནི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །དེ་བས་ན་སེམས་ཀྱི་འབྱོར་བ་འདི་ཐམས་ཅད་ནི་འཁོར་ལོ་ཡིན་ལ། སེམས་ནི་འཁོར་ལོས་སྒྱུར་བ་ཡིན་ཏེ། དེ་
ཡང་བཅོམ་ལྡན་འདས་འཇམ་དཔལ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །མགོན་པོ་འཇམ་དཔལ་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ཀྱང་མ་ཡིན་ལ། སེམས་ཅན་ཐམས་ཅད་ཀྱི་ཡང་མ་ཡིན་ནོ། །དེ་བས་འཇམ་པའི་རྡོ་རྗེའི་མཚན་གྱིས་སེམས་ཅན་རྣམས་ལ་དབང་བསྐུར་བ་ནི་དེ་ཁོ་
ན་ཉིད་མ་ཡིན་ནོ་ཞེ་ན། དེའི་ཕྱིར་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་རྣམས་ཀྱི་ཆོས་གང་ཡིན་པ་དང་། དེ་ལས་གཞན་པ་གང་ཡིན་པ་དེ་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ཚུལ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནོ། །རྣམ་པར་དག་པའི་ཆོས་གང་ཡིན་པ་དེ་ཉིད་ནི། སངས་རྒྱས་
Vol. 43 · folio 107b
རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ཡིན་ནོ། །དེ་བས་ན་སློབ་མ་ཡང་སེམས་ཀྱི་འབྱོར་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་ལོ་ཡིན་ལ། དེའི་སེམས་ནི་འཇམ་པའི་རྡོ་རྗེའི་ཞེས་བྱ་བའི་འཁོར་ལོས་སྒྱུར་བ་ཡིན་པས་མཚན་དང་དབང་བསྐུར་བ་གཉིས་ཀ་ཡང་མི་རིགས་པ་མ་ཡིན་ནོ། །རང་ཉིད་
ཅེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གྱི་བདག་པོ་ཉིད་དུ་གྱུར་པ་ཡིན་པས་རང་ཉིད་ཀྱི་མཚན་གྱི་དང་པོར་དཔལ་གྱི་སྒྲ་དང་སྦྱར་བར་བྱ་སྟེ། དཔེར་ན་དཔལ་འཇམ་དཔལ་འབྱུང་བའི་དཀྱིལ་འཁོར་ཞེས་བྱ་བ་དང་། དཔལ་རྡོ་རྗེ་སེམས་དཔའ་འབྱུང་བའི་དཀྱིལ་འཁོར་ཞེས་བྱ་བ་ལྟ་བུའོ། །
མིང་གི་དབང་བསྐུར་བ་ལ་ནི་ཁྱད་པར་ཡོད་པས་དེ་བཤད་པ་ནི་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འང་ཞེས་བྱ་བའི་སྒྲས་ནི་དེ་ཁོ་ན་ཉིད་ཀྱི་ཁྱད་པར་སྟོན་ཏེ། མིང་གི་དབང་བསྐུར་བ་ལ་ལྷ་ཐམས་ཅད་ཀྱི་ཁྱད་པར་ཉིད་ལ། དཔལ་གྱི་སྒྲ་དང་སྦྱར་ནས། དེའི་གོང་དུ་ཡང་ཀྱེའི་
སྒྲ་དང་སྦྱར་ནས་རྡོ་རྗེའི་སྒྲ་དང་མཐའ་མར་སྦྱར་ཏེ་བརྗོད་པར་བྱའོ། །འདི་ག་ལས་ཤེས་ཤེ་ན། བདག་པོ་ཐམས་ཅད་ལས་ཞེས་བྱ་བ་སྟེ། འཁོར་ལོའི་བདག་པོ་ཉིད་ལས་ཞེས་བྱ་བའི་ཐ་ཚིག་གོ། །གནས་སྐབས་འདི་ལ་ཐམས་ཅད་བདག་པོར་གྱུར་པ་ཡོད་པ་མ་ཡིན་(མདོ་‚མོད་)ཀྱི། རང་རང་གི་
དཀྱིལ་འཁོར་ལ་ནི་ཡོད་པ་ཉིད་ཡིན་ནོ། །དེ་བས་ན་ཐམས་ཅད་ཀྱང་དཀྱིལ་འཁོར་འདིར་རང་གི་མིང་དང་དཔལ་རྡོ་རྗེ་དང་ཀྱེ་ཞེས་བྱ་བའི་སྒྲ་དང་སྦྱར་ནས་དབང་བསྐུར་བ་སྦྱིན་པར་བྱ་སྟེ། ཀྱེ་དཔལ་འཇམ་པའི་རྡོ་རྗེ། ཀྱེ་དཔལ་སེམས་དཔའི་རྡོ་རྗེ། ཀྱེ་དཔལ་རབ་ཏུ་དགའ་བའི་མྱུ་གུའི་རྡོ་རྗེ་ཞེས་
བྱ་བ་ལ་སོགས་པས་ཅི་རིགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བཤད་པའི་དབང་བསྐུར་བ་རྣམས་ཀྱི་དེ་ཁོ་ན་ཉིད་བཤད་པ་ནི། ཆུའི་ཁམས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆུའི་ཁམས་དག་པའི་དེ་ཁོ་ན་ཉིད་ནི་མི་བསྐྱོད་པ་ཞེས་བྱ་བ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་
ཤེས་སམ། ཟད་པ་ཤེས་པའོ། །བདག་པོ་བྱ་བ་སྒྲུབ་ཅེས་བྱ་བ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་སྩོལ་བ་ཞེས་བྱ་བ་ནི་དོན་སྩོལ་ཞིང་ཉེ་བར་སྟོན་པས་ན་དོན་སྩོལ་བ་སྟེ། དོན་སྩོལ་བ་ནི་དོན་སྟེར་བ་ཉིད་ཡིན་བར་སྦྲེལ་ཏེ་བསྟན་པས་མིང་གི་དབང་བསྐུར་
Vol. 43 · folio 108a
བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཡེ་ཤེས་ལྔ་པོ་གང་ཡིན་པ་དེ་ནི་རིག་པ་ཡིན་ལ། དེ་བས་ན་ཆུ་ལ་སོགས་པའི་དབང་བསྐུར་བ་ལྔ་ལ་ནི་རིག་པའི་དབང་བསྐུར་བ་ཞེས་
བཤད་དོ། །འདིར་ཞེས་བྱ་བ་ནི་རིག་པའི་དབང་བསྐུར་བ་བྱིན་པ་ལའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱ་བ་ཡིན་ཏེ། རིག་པའི་དབང་བསྐུར་བ་ལས་ནི་ཐུན་མོང་གི་བྱང་ཆུབ་ཀྱི་ངེས་པ་འཐོབ་ཀྱི། ཁྱད་པར་གྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མ་ཡིན་ནོ། །དེ་བས་
ན་རིང་ཞིག་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་ཐོབ་པར་བྱ་བའི་ཕྱིར་བརྟུལ་ཞུགས་སྦྱིན་པ་འབའ་ཞིག་ཙམ་རིག་པའི་དབང་བསྐུར་བ་ལ་བྱ་བར་རིགས་ཀྱི། ལུང་བསྟན་པ་དང་དབུགས་དབྱུང་བ་གཉིས་ནི་མ་ཡིན་ཏེ། དེ་གཉིས་ནི་ཕྱིར་མི་ལྡོག་པའི་ས་དང་འབྲེལ་བའི་ཕྱིར་རོ། །
ཡང་གང་ཞིག་ལ་རིག་པའི་དབང་བསྐུར་བ་འབའ་ཞིག་ཙམ་སྦྱིན་ཞེ་ན། སློབ་དཔོན་དུ་དབང་བསྐུར་བ་དོན་དུ་མི་གཉེར་བའམ། དེ་དོན་དུ་གཉེར་བ་སྤྱིའི་སྡོམ་པ་ཉི་ཚེ་ཙམ་ལེན་པར་བྱེད་ཀྱི། སློབ་དཔོན་གྱི་སྡོམ་པ་ནི་མ་ཡིན་པ་དག་ལའོ། །ཁམས་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའིའོ། །
རིགས་ཞེས་བྱ་བ་ནི་རང་བཞིན་ནོ། །དེ་ཡང་གང་ཡིན་ཞེ་ན། རྡོ་རྗེ་ཆེན་པོའི་དབང་བསྐུར་བའོ། །དེ་ནི་དབང་བ་སྟེ་དེ་ལ་དབང་བ་ཉིད་ནི་དེ་མི་ལྡོག་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ཆེན་པོར་དབང་བསྐུར་བ་ནི་མི་ལྡོག་པར་དབང་བསྐུར་བ་ཞེས་བྱ་བ་དང་། སློབ་
དཔོན་གྱི་དབང་བསྐུར་བ་ཞེས་བཤད་དོ། །དེའི་ཕྱིར་འདིར་ཕྱིར་མི་ལྡོག་པའི་དབང་བསྐུར་བར་གྱུར་ན་བརྟུལ་ཞུགས་དང་ལུང་བསྟན་པ་དང་། དབུགས་དབྱུང་བ་གསུམ་ཆར་བྱ་བ་ཡིན་ཏེ། ལུང་བསྟན་པ་དང་དབུགས་དབྱུང་བ་གཉིས་ཀྱང་ཐོབ་པའི་ཕྱིར་རོ། །རིག་པའི་
དབང་བསྐུར་བ་ལ་ཡང་མིང་འདི་ཡིན་ཞེས་བྱ་བ་ནི་ལན་འགའ་ནི་རིག་པའི་དབང་བསྐུར་བ་འབའ་ཞིག་ཙམ་ལའང་བརྟུལ་ཞུགས་དང་ལུང་བསྟན་པ་དང་། དབུགས་དབྱུང་བ་འདི་སྣོད་ཀྱི་ཁྱད་པར་བལྟས་ནས་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །མིང་ཞེས་བྱ་བ་ནི་མིང་གི་དོན་དུ་ཐ་སྙད་བཏགས་
Vol. 43 · folio 108b
པ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་སྙད་དུ་བཏགས་པ་ཡང་ང་ནི་ལུང་བསྟན་ཏོ། །ངས་ནི་དབུགས་དབྱུང་བ་ཐོབ་པོ་ཞེས་ལྷག་པར་མོས་པའི་སྟོབས་ཀྱིས་རིང་ཞིག་ན་བྱང་ཆུབ་ཆེན་པོར་ངེས་པར་འཐོབ་པར་བྱ་བའི་དོན་དུ་བརྟུལ་ཞུགས་བྱིན་པ་དང་འདྲ་བ་ཡིན་ནོ། །རིག་པའི་དབང་བསྐུར་བའི་
རྗེས་ཐོགས་ལ་རྡོ་རྗེ་བརྟུལ་ཞུགས་སྦྱིན་བར་བྱའོ་ཞེས་གསུངས་པ་དེ་ནི་འདི་དེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྡོ་རྗེ་བརྟུལ་ཞུགས་སྦྱིན་པའི་ཚིགས་སུ་བཅད་པ་ཉིད་དང་། ཨོཾ་ཞེས་བྱ་བ་ལ་སོགས་པ་བརྟུལ་ཞུགས་འཛིན་དུ་གཞུག་པའི་སྔགས་དང་། བརྟུལ་ཞུགས་དང་འབྲེལ་
པའི་དམ་ཚིག་གསུམ་སྦྱིན་བར་བྱ་བ་ཡིན་ཏེ། དཔལ་མཆོག་དང་པོ་ལས་ཀྱང་། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་གསུངས་པ་ཡིན་ནོ། །འདིར་དྲིལ་བུའི་ཚིག་ཀྱང་དེ་
ཉིད་གཟུང་ལ་ཞེས་བྱ་བ་དང་སྦྱར་རོ། །འདི་ཉིད་བཤད་པ་ནི།རྡོ་རྗེ་བརྟུལ་ཞུགས་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ཏེ། ཀུན་ཞེས་བྱ་བ་ནི་སྤྱིའི་སྡོམ་པ་དང་། གཉི་གའི་སྡོམ་པའོ། །རྡོ་རྗེ་དེ་ཉིད་ཀྱིས་འཛིན་དུ་གཞུག་གོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེའི་དེ་ཁོ་ན་ཉིད་ནི་ཐོག་མཐའ་མེད་
པའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །བདག་པོ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཀྱི་བདག་པོའོ། །ལྷག་མ་རྣམས་ནི་སྔར་བཤད་ཟིན་ཏོ། །འདི་དེ་ཞེས་བྱ་བ་ལ་སོགས་པ་ནི་དྲིལ་བུའི་དེ་ཁོ་ན་ཉིད་ཀྱི་ཚིགས་སུ་བཅད་པ་ཡིན་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་
ཀྱི་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་ཤེས་རབ་ནི་སྟོང་པ་ཉིད་ལ་དམིགས་པ་ཡིན་ལ། དེ་ནི་དེ་སྟོན་པར་བྱེད་པའི་སྒྲ་སྐད་སྣ་ཚོགས་ལྷུན་གྱིས་གྲུབ་པར་འཇུག་པས་རྫོགས་པར་བྱེད་པ་ཡིན་ཏེ། དྲིལ་བུ་དེ་ཡང་དེ་དང་འདྲའོ། །དེ་བས་ན་འདི་ནི་ཕྱག་རྒྱའི་གཟུགས་ཀྱིས་དེ་ཉིད་ཤེས་རབ་ཡིན་པར་
རྒྱལ་བ་རྣམས་ཀྱིས་བཤད་པས་དེ་ཉིད་ནི་བྱང་ཆུབ་ཡིན་པར་བཞེད་དོ། །སྲིད་པ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་ཚིགས་སུ་བཅད་པར་གསུངས་པ་ཡིན་ཏེ། སྲིད་པ་ནི་འཁོར་བར་སྐྱེ་བའི་རྒྱུན་ནོ། །དེ་ནི་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཅེས་བྱ་བས་ཡོངས་སུ་
Vol. 43 · folio 109a
དག་པ་ཉིད་ཡིན་ནོ། །འོན་ཀྱང་རང་གིས་ཀུན་དུ་བརྟགས་པའི་མཚན་ཉིད་གཟུང་བ་དང་འཛིན་པའི་བདག་ཉིད་ཅན་གྱི་དངོས་པོ་གང་ཡིན་ལ་མངོན་པར་ཞེན་པ་གཞན་གྱི་དབང་གིས་བསྡུས་པ་དེས་འགལ་བའི་སྲིད་པར་བྱས་པ་སྟེ། གནོད་པ་མེད་པ་ལས་གནོད་པ་ཅན་དུ་
བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དེ་ཉིད་སེམས་དཔའ་མཆོག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སྲིད་པའི་མཆོག་མཛད་པ་ཡིན་ཏེ། མི་གནས་པའི་མྱ་ངན་ལས་འདས་པར་མཛད་དོ། །ཇི་ལྟ་བུས་མཛད་ཅེ་ན། རང་བཞིན་དག་པས་ཞེས་བྱ་བས་ཏེ། རང་
བཞིན་དེ་ལ་མི་བདེན་པའི་མངོན་པར་ཞེན་པ་དེ་དག་ཅིང་ཟད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཚིག་སྦྱིན་པ་ཚིགས་སུ་བཅད་པ་གསུམ་གྱིས་བཤད་པ་ནི། བསྙེན་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ནི་འདི་རྣམས་ཀྱི་བསྡུས་པའི་དོན་ཡིན་ཏེ།
བསྙེན་པ་དང་ཉེ་བར་སྒྲུབ་པ་ལ་སོགས་པར་བཤད་པའི་སྙིང་པོས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། གཟུགས་ལ་སོགས་པའི་འདོད་པ་དམ་ཚིག་ཏུ་གྱུར་པས་གསང་སྔགས་ཞེས་བྱ་བར་རང་གི་འདོད་པའི་ལྷ་བཟླ་ཞེས་པ་སྐད་ཅིག་མ་རེ་རེར་མཆོད་པར་བྱའོ། །མ་ཚང་བ་
མེད་ཅེས་བྱ་བ་ནི་མཆོད་པའི་ཡན་ལག་མ་ཚང་བ་མེད་པར་གྱུར་པས་སོ། །རང་གི་རིག་པ་ཞེས་བྱ་བའི་ཚིགས་སུ་བཅད་པས་ནི་མཆོད་པའི་ཡན་ལག་སྟོན་པ་ཡིན་ཏེ། དམ་ཚིག་དེས་མཆོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་གཟུགས་ལ་སོགས་པ་རང་རིག་པ་ཙམ་ཉིད་ཀྱིས་དེ་
ཁོ་ན་ཉིད་ངེས་པར་བཅད་པ་དང་། ཕྱོགས་དང་དུས་རྣམས་ཁྱབ་པ་ཉིད་ཀྱིས་མཆོག་ཏུ་ཆེ་བ་སྟེ་མཆོད་པའི་ཡན་ལག་གཉིས་སོ། །འཁོར་ལོའི་བདག་པོའི་ཚུལ་དུ་བདག་ཉིད་ཡིད་ལ་བྱེད་པ་ནི་གསུམ་པའོ། །དེ་གཉི་ག་མཆོད་པར་ལྷག་པར་མོས་པ་ནི་ཡན་ལག་བཞི་པ་སྟེ། འདི་དག་
ནི་ངེས་པར་བྱ་དགོས་པ་ཡིན་ནོ། །དེ་ཡང་ལུས་དང་ཡིད་གདུང་བར་བྱེད་པའི་སྡོམ་པ་རྣམས་ལ་བརྟེན་པར་གྱུར་ན་དངོས་གྲུབ་དམན་པ་ཡང་འགྲུབ་པར་མི་འགྱུར་ཏེ། འདི་ལྟ་སྟེ་མི་སྣང་བ་དང་མངོན་པར་ཤེས་པ་དང་རིག་པ་འཛིན་པ་དང་། སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་
Vol. 43 · folio 109b
རྣམས་ཀྱང་མི་འགྲུབ་པོ། །དེ་བས་ན་སྔགས་ཀྱི་སྤྱོད་པ་ཉིད་ནི་སྤྱོད་པ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །དེ་ལ་སྤྱོད་པར་མཛད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འདོད་པ་ཐམས་ཅད་ཉེ་བར་བསྟེན་པ་ཉིད་ཀྱིས་ཆོས་ཀྱི་ཡི་གེ་བརྙེས་པ་ཡིན་ཏེ། ཆོས་ཀྱི་སྐུའི་བདག་ཉིད་
ཅན་གྱི་ཐར་པ་བརྙེས་པ་ཡིན་ནོ། །མཆོག་ནི་ཉན་ཐོས་ལ་སོགས་པའི་ཐར་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །བྱང་ཆུབ་མི་འདོད་པ་རྣམས་ལ་ཇི་ལྟར་བྱང་ཆུབ་བར་འགྱུར་བ་འམ། བྱང་ཆུབ་འདོད་པ་ཇི་ལྟར་ན་དམན་པ་འགྲུབ་པར་འགྱུར་ཞེ་ན་མ་ཡིན་ཏེ། ཡེ་ཤེས་དོན་
གཉེར་ཞེས་པ་བྱང་ཆུབ་དོན་དུ་གཉེར་བས་འདོད་ཆགས་ཅན་ཞེས་བྱ་བ་རྣམ་པར་དག་པའི་ཤེས་རབ་དང་ལྡན་པའི་འཁོར་ལོ་ཅན་གྱི་སྦྱོར་བས་འདོད་པ་བསྟེན་ཞིང་ཐམས་ཅད་བསྒྲུབ་པ་ཉིད་དུ་བྱ་སྟེ། བྱང་ཆུབ་བམ་དངོས་གྲུབ་དམན་པ་དག་ཀྱང་བསྒྲུབ་པར་བྱའོ། །དེ་ཉིད་ཚིགས་སུ་
བཅད་པས་བཤད་པ་ནི་གང་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐུ་དང་གསུང་དང་ཐུགས་བསྒོམས་པ་ཇི་སྐད་བཤད་པའི་མཉེས་པར་བྱ་བ་རྣམས་ཀྱིས་སོ། །གང་བཤད་པ་ཞེས་བྱ་བ་ནི་བཤད་ཟིན་ཞེས་བྱ་བའི་དོན་སྟོན་ཏོ། །དེ་ལྟར་རིག་པའི་དབང་བསྐུར་བའི་སློབ་མ་ལ་
འདུས་པའི་ཕྱག་རྒྱ་དང་བཅས་པའི་སྔགས་རང་ཉིད་ཀྱིས་བརྒྱ་རྩ་བརྒྱད་བཟླས་ལ་སྦྱིན་ཞིང་། བཅོམ་ལྡན་འདི་ལ་སྩལ་ལགས་(གྱིས‚ཀྱིས)། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་
མཛད་དུ་གསོལ། །ཞེས་བརྗོད་དོ། །དེ་ནས་དེ་དཀྱིལ་འཁོར་དུ་ཟློས་སུ་བཅུག་ལ་རང་གི་ལྷའི་ཕྱག་རྒྱ་བསླབས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱེད་ཀྱིས་སྔགས་དང་ཕྱག་རྒྱ་ལ་མི་མཁས་པ་དང་། དཀྱིལ་འཁོར་མ་མཐོང་བ་ལ་བརྗོད་པར་མི་བྱ་སྟེ། རྒྱུ་དེས་ཁྱེད་དང་དེ་ཉིད་
དམྱལ་བར་འགྲོ་བར་གྱུར་ཏ་རེ་ཞེས་པའོ། །རིག་པའི་དབང་བསྐུར་བ་ལ་སློབ་དཔོན་གྱི་དབང་བསྐུར་བ་སྦྱིན་པར་བྱ་བ་ཡིན་པས་རེ་ཞིག་དེ་བརྟན་པ་ནི་སློབ་མ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྡོམ་པ་ནི་འདིར་སློབ་དཔོན་གྱི་སྡོམ་པའོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །མཆོད་པ་
Vol. 43 · folio 110a
ཆེན་པོའམ་མཐུ་ཆེན་པོ་འདི་ལ་ཡང་མངའ་བས་ན་མཆོད་ཆེན་ནོ། །ནམ་མཁའ་རྡོ་རྗེ་ནི་རྡོ་རྗེ་འཆང་བ་སྟེ། དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་བྱང་ཆུབ་ནི་ནམ་མཁའ་དང་མཉམ་པ་ཉིད་ཡིན་པའི་ཕྱིར་འདིར་ནི་དེའི་རང་བཞིན་ཉིད་དུ་སྟོན་ཅིང་དེའི་མཛད་པ་
ལ་སྤྱོད་པས་བླ་མ་ཉིད་ལ་ནམ་མཁའ་རྡོ་རྗེ་ཞེས་བརྗོད་དོ། །འཇུག་སྒོར་ཞེས་བྱ་བ་འཇུག་པར་བྱེད་པའི་སྒོར་བསྟན་པ་གཞག་པ་གང་ཡིན་པ་དེར་གནས་པར་བྱ་སྟེ། དེ་ཡང་དེར་པདྨ་འདབ་མ་བརྒྱད་པ་སྣ་ཚོགས་པདྨར་བྱས་པ་དེར་རང་གི་ལྷའི་སྦྱོར་བ་ཞེས་བྱ་བས་དེར་འདུག་སྟེ།
རང་གི་གང་འདོད་པའི་ལྷའི་སྦྱོར་བ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྔ་མ་བཞིན་དུ་རིག་དབང་བསྐུར། །ཞེས་བྱ་བ་ནི་སྟན་དེ་ཉིད་ལ་ཆོ་ག་སྔ་མས་རིག་པའི་དབང་བསྐུར་བ་ཐོབ་པའོ། །དེ་ལྟ་བུར་གྱུར་པའི་སློབ་མ་ལ་སངས་རྒྱས་ཀྱི་འཁོར་ལོས་དབང་བསྐུར་བར་བྱའོ། །རང་སྙིང་
བྱུང་ཞེས་བྱ་བ་ནི་སློབ་དཔོན་གྱི་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་སྒོ་ལས་བྱུང་བ་རྣམས་ཀྱིས་སོ། །རོལ་མོ་དྲི་ལ་སོགས་ཞེས་བྱ་བའི་སྒྲས་ནི་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་། ཡེ་ཤེས་ཀྱི་ཆུས་ཡོངས་སུ་གང་བའི་རིན་པོ་ཆེའི་བུམ་པ་ཡང་བསྡུའོ། །འདིས་
ཞེས་བྱ་བ་ནི་འོག་ནས་བཤད་པས་སོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གང་ཡིན་པ་དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་གནས་ཡིན་ལ། དེ་ལས་བྱུང་བའི་རྒྱུ་མཐུན་པའི་ཚུལ་གྱིས་སོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་ཆེན་པོའོ། །འདི་ཉིད་ནི་རྡོ་རྗེ་ཆེན་པོའི་དབང་
བསྐུར་བ་དང་། ཕྱིར་མི་ལྡོག་པར་དབང་བསྐུར་བ་དང་། སློབ་དཔོན་དུ་དབང་བསྐུར་བར་བྱ་བ་ཡིན་ནོ་ཞེས་བྱ་བར་བཤད་དོ། །གང་ལ་དབང་བསྐུར་བ་འདི་བྱིན་པ་དེ་ལ་གསང་བ་དང་། ཤེས་རབ་ཀྱི་དབང་བསྐུར་བར་བྱ་བ་ཡིན་ནོ། །ཡང་སློབ་དཔོན་གྱི་དབང་བསྐུར་བ་དེ་ཉིད་ཀྱི་རྗེས་
ཐོགས་ལ་མིག་ཐུར་གྱིས་བྱུག་པའི་ཆོ་ག་ལ་སོགས་པ་ཐམས་ཅད་ཀྱང་བྱ་བ་ཡིན་ལ་ཁྱད་པར་ནི་འདི་དག་ཙམ་ཡིན་ཏེ། དེ་ལ། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བའི་དབང་འབའ་ཞིག་ཙམ་
Vol. 43 · folio 110b
སྦྱིན་གྱི། ངོ་བོ་ཉིད་ཀྱིས་སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་ཀྱང་མི་བྱའོ། །སྙིང་ལ་འབབ་པར་བྱ་བ་ཡང་ཚིགས་སུ་བཅད་པ་དང་པོ་ཉིད་ཀྱིས་བྱའི་གཉིས་པས་ཀྱང་མི་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་དང་།
སློབ་དཔོན་གྱི་ལས་རྣམས་འདི་ལ་བསྟན་པར་བྱའོ། །དེ་ཐམས་ཅད་བཤད་པ་ནི། མི་མཉམ་མེད་པས་ཟུར་བཞི་པ་ཞེས་བྱ་བ་ལ་སོགས་པ་དཔལ་མཆོག་དང་པོ་ལས་འབྱུང་བ་ཡིན་ནོ། །འདིའི་དོན་ནི་དཀྱིལ་འཁོར་དེ་ནི་མི་མཉམ་པ་མེད་པའི་རྒྱུས་ནི་ཟུར་བཞི་པ་ཡིན་ཏེ། མི་མཉམ་པ་མེད་
པའི་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཟུར་བཞི་པ་ཉིད་ཀྱི་དེ་ཁོ་ན་ཉིད་མི་མཉམ་པ་མེད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །མི་མཉམ་པ་མེད་པའི་བཤད་པ་ནི། སངས་རྒྱས་སངས་རྒྱས་མིན་མཉམ་ཉིད། །ཅེས་སྨོས་པ་ཡིན་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་གྱི་སངས་རྒྱས་
དང་སངས་རྒྱས་མ་ཡིན་པ་མཉམ་པ་ཉིད་ཀྱིས་ནི་མི་མཉམ་པ་མེད་ཅེས་བྱ་བ་བའི་ཐ་ཚིག་གོ། །དཔལ་མཆོག་དང་པོ་ལས་ནི། དྲན་ནས་དབང་པོ་སྒོ་བཞི་ཡིན། །ཞེས་འབྱུང་ལ། འདི་ཉིད་རྒྱ་ཆེར་བཤད་པ་ནི་ལུས་ཚོར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་སྙམ་དུ་དགོངས་ཏེ།
དྲན་ནས་དབང་པོ་ཞེས་བྱ་བ་ལ་དྲན་པའི་སྒྲས་ནི་དྲན་པ་ལ་སོགས་པ་སྡེ་ཚན་ལྔ་སྡུད་དེ། ཉེ་བར་མཚོན་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ནི་འདི་ལྟ་སྟེ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔའོ། །སྟོབས་
ཀྱི་སྒྲ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ཡུལ་ཅན་གྱི་སྡེ་ཚན་ལྔ་པོ་དད་པ་ལ་སོགས་པ་ལྔ་བསྡུའོ། །དེ་ལ་སྡེ་ཚན་གསུམ་པོ་དང་དབང་པོ་གསུམ་གྱིས་ནི་གོ་རིམས་བཞིན་དུ་སྒོ་གསུམ་ཡིན་ལ། དབང་པོ་གཉིས་དང་སྡེ་ཚན་གཉིས་ཀྱིས་ནི་བྱང་གི་སྒོ་ཡིན་ལ། བྱང་ཆུབ་ཕྱིར་འདོད་དོ་ཞེས་བྱ་བ་ནི་
སྒོ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། བྱང་ཆུབ་པའི་ཕྱིར་འདོད་པ་ནི་བྱང་ཆུབ་པའི་དོན་དུ་དགའ་བ་ཡིན་ལ། བྱང་ཆུབ་པའི་ཕྱིར་ཡོངས་སུ་གྱུར་པས་སྒོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ཀྱི་གཅིག་པ་ཉིད་དང་དུ་མ་ཉིད་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་རང་བཞིན་
Vol. 43 · folio 111a
མེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་དྲན་ཞེས་བྱ་བ་ལུས་ལ་སོགས་པའི་དྲན་པ་ཡིན་ཞིང་དྲན་པའི་རྒྱུར་གྱུར་བས་ན་དྲན་པ་ཞེས་བྱ་བ་སྟེ་ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་
པ་ཞེས་བྱ་བའི་ཐ་ཚིག་གོ། །དྲན་པ་ཉེ་བར་གཞག་པ་འདི་དག་ནི་ཤེས་རབ་ཀྱི་རང་བཞིན་ཡིན་ཞིང་དྲན་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དྲན་པ་རྣམ་པ་འདི་བཞིའི་ངོ་བོ་གང་ཡིན་པ་འདི་དང་། གང་འདི་དང་པོར་དད་པ་དེ་གཉིས་ཀའི་དེ་ཁོ་ན་ཉིད་ནི་ཤར་གྱི་སྒོ་ཡིན་ཏེ། ལྔ་པོ་འདི་དག་ནི་ཤར་
སྒོའི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བརྩོན་འགྲུས་རྣམ་པ་བཞི་པོ་གང་ཡིན་པ་དང་། དེའི་ཡང་གོང་གི་བརྩོན་འགྲུས་གང་ཡིན་པ་སྟེ། ལྔ་པོ་འདི་དག་ནི་ལྷོའི་སྒོར་ཞེས་པ་ལྷོ་ཕྱོགས་ཀྱི་སྒོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་རྣམ་པ་བཞི་ཡིན་ཞེ་ན། དེ་ནས་
ཞེས་བྱ་བ་ཆོས་དྲན་པ་ཉེ་བར་གཞག་པས་ཕྱིན་ཅི་ལོག་གི་བདག་ཉིད་ཅན་གྱི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་། ཕྱིན་ཅི་མ་ལོག་པའི་བདག་ཉིད་ཅན་གྱི་རྣམ་པར་བྱང་བའི་ཆོས་རྣམས་ཡོངས་སུ་ཤེས་པའི་འོག་ཏུ་བྱུང་ཞིང་སྐྱེས་པའི་ཕྱིན་ཅི་ལོག་རྣམས་སྤང་བར་བྱ་བའི་ཕྱིར་ནི་
བརྩོན་འགྲུས་གཅིག་ཡིན་ནོ། །འབྱུང་བར་འགྱུར་བ་སྟེ་མ་སྐྱེས་པའི་ཕྱིན་ཅི་ལོག་རྣམས་མི་བསྐྱེད་པར་བྱ་བའི་ཕྱིར་ནི་གཉིས་པ་ཡིན་ནོ། །ཀྱང་ཞེས་བྱ་བ་ནི་འདི་གཉིས་ཀྱི་རྗེས་ལ་མ་སྐྱེས་ཤིང་མ་བྱུང་བའི་ཡང་དག་པ་སྟེ། ཕྱིན་ཅི་ལོག་གི་གཉེན་པོ་བསྐྱེད་པའི་ཕྱིར་ནི་གསུམ་
པའོ། །སྐྱེས་པའི་ཡང་དག་པར་གནས་པར་བྱ་བའི་ཕྱིར་ནི་བརྩོན་འགྲུས་བཞི་པ་ཡིན་ནོ། །བརྩོན་འགྲུས་བཞི་པོ་འདི་དག་ནི་ཡང་དག་པར་སྤོང་བ་ཞེས་བཤད་དོ། །དམིགས་པ་འདིས་ནང་གི་སེམས་ཀྱི་ཡང་དག་པར་འཇོག་པས་ཡང་དག་པར་སྤོང་བ་ཞེས་བྱའོ། །འདུན་དང་
སྤྲོ་དང་གནས་དང་བློ། །ཞེས་བྱ་བ་ནི་འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པར་སྤོང་བས་སེམས་ནང་དུ་འཇོག་པའི་ཏིང་ངེ་འཛིན་ལ་གུས་པར་བྱ་བའི་སྦྱོར་
Vol. 43 · folio 111b
བའི་སྟོབས་ལས་བྱུང་བ་གང་ཡིན་པ་དེ་ནི་འདུན་པའི་ཏིང་ངེ་འཛིན་ཏོ། །རྟག་ཏུ་སྦྱར་བའི་སྟོབས་ལས་སྐྱེས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཏོ། །སྔ་མའི་ཏིང་ངེ་འཛིན་གྱིས་ཐོབ་ནས་སེམས་ལ་སེམས་འཇོག་པ་དེ་ཉིད་ལས་སྐྱེས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཏིང་ངེ་འཛིན་
ཏོ། །དམིགས་པ་ལ་རབ་ཏུ་རྣམ་པར་དཔྱོད་པ་ནི་སྐྱེ་བ་གང་ཡིན་པ་དེ་ནི་དཔྱོད་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་བཞི་པོ་འདི་དག་ལས་སུ་རུང་བ་ཐོབ་པ་ལ་རྫུ་འཕྲུལ་གྱི་རྐང་པར་འགྱུར་ཏེ། མངོན་པར་ཤེས་པ་ལ་སོགས་པའི་སྦྱོར་བ་རྣམས་ཀྱི་རྐང་པ་སྟེ། གནས་དང་རྒྱུ་ཞེས་བྱ་བའི་ཐ་
ཚིག་གོ། །རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་དང་། འདིའི་ཡང་གོང་གི་དྲན་པ་གང་ཡིན་པ་སྟེ་ལྔ་པོ་འདི་ནི་ནུབ་ཀྱི་སྒོ་ཡིན་ནོ། །དད་དང་བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སེམས་ལས་སུ་རུང་བར་གྱུར་པ་གང་ཡིན་པའི་དད་པ་དང་།
བརྩོན་འགྲུས་དང་དྲན་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་དེ་ནི་དབང་པོ་ཡིན་ཏེ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ལ་དབང་བྱེད་པའི་ཕྱིར་དབང་སྒྱུར་བས་ན་དབང་པོ་ཞེས་བྱ་བ་ཡིན་ནོ། །དེ་དག་ཉིད་ཀྱིས་མི་མཐུན་པའི་ཕྱོགས་མ་དད་པ་དང་། ལེ་ལོ་དང་
དྲན་པ་ཉམས་པ་དང་རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་བསྲབས་པ་ཉིད་དུ་གྱུར་པས་གལ་ཏེ་མ་གཡེངས་པར་གྱུར་པ་དེའི་ཚེ་སྟོབས་ཅན་ཉིད་ཡིན་པས་སྟོབས་སུ་འགྱུར་རོ། །དེ་ལ་དད་པ་ནི་མངོན་པར་ཡིད་ཆེས་པའོ། །བརྩོན་འགྲུས་ནི་མངོན་པར་སྤྲོ་བའོ། །དྲན་པ་
ནི་དམིགས་པ་མ་བརྗོད་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །ཤེས་རབ་ནི་ཆོས་རྣམ་པར་འབྱེད་པའོ། །དབང་པོ་རྣམས་དང་སྟོབས་རྣམས་ནི་དབང་པོ་དང་སྟོབས་ཀྱང་ཡིན་ལ་མཉམ་པ་མེད་པ་ཡང་ཡིན་པས་ན་དབང་སྟོབས་མཉམ་མེད་ཅེས་བྱ་སྟེ། དབང་པོ་དང་
སྟོབས་རྣམས་ཀྱིས་མཉམ་པ་མེད་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་སྦྱོར་བར་གྱུར་པའི་ཕྱིར་རོ། །བཅུ་པོ་དེ་དག་དང་དབང་པོ་ཡུལ་དུ་བྱེད་པའི་སྔར་གྱི་ཏིང་ངེ་འཛིན་གང་ཡིན་པ་དང་། ཡང་ཞེས་བྱ་བའི་སྒྲས་སྟོབས་ཡུལ་དུ་བྱེད་པའི་ཤེས་རབ་གང་ཡིན་པ་སྟེ། ཆོས་བཅུ་
Vol. 43 · folio 112a
གཉིས་པོ་གང་ཡིན་པ་དེ་དག་ནི་བྱང་གི་སྒོ་ཡིན་ཏེ། བྱང་གི་སྒོའི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཞེས་བྱ་བ་ནི་ལུས་ཚོར་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པའི་རྣམ་པ་འདིས་དྲན་ནས་དབང་པོ་སྒོ་བཞི་ཡིན་ཞེས་བྱ་བ་ཡིན་ཏེ། དཀྱིལ་འཁོར་
དེའིའོ། །དང་པོ་ལ་སོགས་བསམ་གཏན་བཞི། །ཞེས་བྱ་བ་ལ།དེ་ལ་གང་གིས་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་དེ་ནི་བསམ་གཏན་དང་པོའོ། །གང་གིས་བསམ་གཏན་དང་པོའི་ཆགས་པ་དང་བྲལ་བ་དེ་ནི་གཉིས་པའོ། །གང་གིས་གཉིས་པ་ལས་འདས་པ་དེ་
ནི་གསུམ་པའོ། །གང་གིས་གསུམ་པ་ལས་འདས་པ་དེ་ནི་བསམ་གཏན་བཞི་པའོ། །དེ་ལ་དང་པོ་དང་གསུམ་པ་ནི་ཡན་ལག་ལྔ་པའོ། །གཉིས་པ་དང་བཞི་པ་ནི་ཡན་ལག་བཞི་པའོ། །དང་པོ་ལ་ནི་རྟོག་པ་དང་དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་ཀྱིས་མི་མཐུན་པའི་
ཕྱོགས་སུ་གྱུར་པ་འདོད་ཆགས་དང་གནོད་སེམས་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྤོང་བར་བྱེད་པ་ཡིན་པའི་ཕྱིར་རོ། །དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། མི་མཐུན་པའི་ཕྱོགས་སྤངས་པས་དེས་དབེན་པ་ལས་བྱུང་བའི་དགའ་བ་དང་བདེ་བ་ཐོབ་པའི་ཕྱིར་རོ། །
སེམས་རྩེ་གཅིག་པ་ཉིད་ནི་དེ་གཉིས་ཀའི་རྟེན་གྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་ཡང་དག་པར་བརྟེན་པའི་སྟོབས་ཀྱིས་གཉེན་པོ་དང་། ཕན་ཡོན་གྱི་ཡན་ལག་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །གཉིས་པ་ལ་ནང་གི་བདག་ཉིད་ཡང་དག་པར་དང་བ་ནི་གཉེན་པོའི་ཡན་ལག་ཡིན་ཏེ།
དེས་རྟོག་པ་དང་དཔྱོད་པ་སྤོང་བའི་ཕྱིར་རོ། །དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་སྟེ། ཡན་ལག་གི་གཉེན་པོ་ནི་སྔ་མ་དང་འདྲའོ། །གསུམ་པ་ལ་ནི་བཏང་སྙོམས་དང་། དྲན་པ་དང་ཤེས་བཞིན་ནི་གཉེན་པོའི་ཡན་ལག་སྟེ། དེ་རྣམས་ཀྱིས་དགའ་བ་སྤོང་བའི་ཕྱིར་རོ། །བདེ་བ་ནི་
ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་གཅིག་སྟེ་སྔ་མ་བཞིན་ནོ། །བཞི་པ་ལ་ནི་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་ཀྱིས་བདེ་བ་སྤོང་བར་བྱེད་པའི་ཕྱིར་རོ། །སྡུག་བསྔལ་ཡང་མ་
Vol. 43 · folio 112b
ཡིན་བདེ་བ་ཡང་མ་ཡིན་པ་ནི་ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པ་ནི་སྔ་མ་བཞིན་ནོ། །དཔའ་བར་འགྲོ་དང་ཞེས་པ་ནི་དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་དང་། དྲི་མ་མེད་པ་དང་། སེང་གེ་རྣམ་པར་རོལ་པ་སྟེ་ཏིང་ངེ་འཛིན་བཞི་པོས་ནི་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་མཐའ་ཡས་པ་སྡུད་པར་བྱེད་པ་ཡིན་ནོ། །དེ་དག་ཀྱང་སྤྲོས་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་རོ་གཅིག་པ་ཉིད་ཡིན་པ་ཡང་བྱ་བའི་དབྱེ་བས་རྣམ་པར་ཕྱེ་བ་ཡིན་ནོ། །དེ་ཡང་གང་གིས་སྐྱོ་བ་མེད་པར་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་
པར་འཇུག་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏོ། །གང་གིས་དེ་རྣམས་དྲི་མ་མེད་པར་བྱེད་པ་དེ་ནི་དྲི་མ་མེད་པའོ། །གང་གིས་དེའི་འབྲས་བུ་མངོན་པར་ཤེས་པ་ལ་སོགས་པས་སེང་གེ་ལྟར་རྣམ་པར་རྩེ་བར་བྱེད་པ་ནི་སེང་གེ་རྣམ་པར་རོལ་པའོ། །གང་གིས་འདིས་སངས་རྒྱས་ཀྱི་ཞིང་
ཐམས་ཅད་དུ་ཁྱབ་པའི་ཆོས་དང་ཟང་ཟིང་ལ་སོགས་པའི་སྦྱིན་པ་ལ་སོགས་པ་རྣམས་ལ་ནམ་མཁའ་ལྟ་བུའི་མཛོད་མངའ་བ་དེ་ནི་ནམ་མཁའ་མཛོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་བཞིས་བསྡུས་པ་གང་ཡིན་པ་དང་། སངས་རྒྱས་རྣམས་ཀྱི་གང་ཡིན་
པ་དེ་ནི་བསམ་གཏན་བཞི་པོ་ཉིད་ཀྱིས་སོ། །དེ་དག་གི་རྣམ་པར་དག་པ་ནི་ཁ་ཁྱེར་རྣམ་པ་བཞི་ཡིན་ནོ། །ལག་ན་ཞེས་བྱ་བ་ལ་སོགས་པ་ནི་ལྷ་བཤོས་ལ་སོགས་པའི་མཆོད་པ་ལག་ན་ཐོགས་པ་དང་གཡེན་སྤྱོ་ཞེས་བྱ་བ་ནི་གར་ལ་སོགས་པས་སོ། །དེ་རྣམས་ནི་ཚིག་ལ་
སོགས་པའི་གཟུངས་ཀྱི་རང་བཞིན་ཅན་གྱི་ལྷའི་བུ་མོའི་ཚོགས་མང་པོའི་དཀྱིལ་འཁོར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷའི་བུ་མོའི་ཚོགས་ལ་གཟུངས་ཞེས་བྱ་བ་སྟེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཚིག་ལ་སོགས་པའི་ཞེས་བྱ་བ་ནི་ཆོས་ལ་སོགས་པ་གཟུངས་བཞི་པོས་ནི་
གཟུངས་ཐམས་ཅད་བསྡུས་པར་གྱུར་པའོ། །དེ་ལ་བཟོད་པ་འཛིན་པར་བྱེད་པས་ན་བཟོད་པའི་གཟུངས་སོ། །སྔགས་ཀྱི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་ཀྱང་དེ་བཞིན་ནོ། །དེ་དག་གི་རྣམ་པར་དག་པ་ནི་ཤར་ལ་སོགས་པའི་སྒོ་རྣམས་དང་ཉེ་བའི་མཆོད་པའི་
Vol. 43 · folio 113a
ལྷ་མོ་དང་རིམ་བཞིན་དུ་སྦྱར་རོ། །འདིར་ཡང་རབ་ཏུ་དགའ་བའི་ས་ཐོབ་པ་ནི་བར་ཆད་མེད་པའི་རྒྱུར་གྱུར་པའི་ཤེས་རབ་ལ་ནི་བཟོད་པ་ཞེས་བྱ་བར་བཤད་དེ། དོན་དམ་པའི་ཆོས་རྣམས་ལ་བཟོད་པའི་ཕྱིར་རོ། །བཟོད་པ་དེ་རིང་པོར་མི་ཐོགས་པར་སྐྱེད་
པར་བྱེད་པའི་ཤེས་རབ་ནི་བཟོད་པའི་གཟུངས་ཞེས་བྱ་སྟེ། བཟོད་པ་འཛིན་པར་བྱེད་པའི་ཕྱིར་རོ། །དེ་ཡང་གང་ཞེ་ན། གང་སྔགས་ལ་དམིགས་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པའི་སྔགས་ཀྱི་དོན་ལ་དཔྱོད་པའི་སྒོ་ནས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་
ནམ་སྐྱེ་བ་མེད་པའི་སྟོང་པ་ཉིད་ཀྱི་རྣམ་པར་སོ་སོར་རྟོགས་པར་གྱུར་པའི་ངེས་པ་དང་སྣང་བའི་རང་བཞིན་དགའ་བ་དང་མགུ་བ་རྒྱ་ཆེན་པོ་དང་བཅས་པར་བསྐྱེད་པར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །གང་གི་ཏིང་ངེ་འཛིན་དུ་གྱུར་པའི་སྟོབས་ཀྱིས་དེ་འདྲ་བའི་སྔགས་གསུངས་པ་དང་།
གང་མཆོག་ཏུ་གྲུབ་པར་གྱུར་པ་དེ་སྔགས་ཀྱི་གཟུངས་ཏེ་སྔགས་འཛིན་པའི་ཕྱིར་རོ། །གང་གི་དྲན་པ་དང་། ཤེས་རབ་གཉིས་ཀྱི་སྟོབས་ཀྱིས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་མཐའ་ཡས་པ་དུས་མཐར་ཐུག་པ་མེད་པ་ཆོས་ཐོས་པ་ཙམ་གྱིས་ཡང་དག་པར་འཛིན་པའི་དྲན་པ་དང་
ཤེས་རབ་གཉིས་ནི་ཆོས་ཀྱི་གཟུངས་སོ། །གང་དག་གི་སྟོབས་ཀྱིས་ཆོས་དེ་རྣམས་ཉིད་ཀྱི་དོན་དེ་བཞིན་དུ་འཛིན་པར་བྱེད་པའི་དྲན་པ་དང་ཤེས་རབ་ནི་དོན་གྱི་གཟུངས་སོ། །གང་གི་ཕྱིར་འགྲོ་བ་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེའི་ཕྱིར་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ་
ཡིན་ཏེ། དེའི་རྣམ་པར་དག་པ་ཞེས་བྱ་བའི་ཐ་ཚིག་གོ། །འདུལ་བར་མཛད་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྱོད་ཅིང་སྟོན་པར་མཛད་པའི་དམ་པའི་ཆོས་གང་ཡིན་པ་དེའི་ཡན་ལག་ནི་རྣམ་པ་དགུའོ། །དེ་རྣམས་ཀྱི་སྒྲ་ཀུན་དུ་འགྲོ་བ་འདི་ལ་ཡོད་པས་དེ་སྐད་ཅེས་བྱའོ། །གང་གི་
ཕྱིར་དེ་ལྟ་ཡིན་པས་ན་ཁ་དོག་སྣ་ཚོགས་པ་རླུང་གིས་བསྐྱོད་པའི་རྩེ་མོར་དྲིལ་བུ་བཏགས་པས་སྒྲ་སྒྲོགས་པ་དང་། ཡེ་ཤེས་ནི་མདའ་སྟེ། མི་མཐུན་པའི་ཕྱོགས་འཇོམས་པས་དེ་དང་ཆོས་མཐུན་པའི་ཕྱིར་ཡེ་ཤེས་མངའ་ཞེས་བྱ་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྒོམ་པའི་
Vol. 43 · folio 113b
ལམ་ཞེས་བྱ་བའི་དོན་ཏོ། །མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་ནི་མེ་ལོང་སྟེ། ཉེ་བར་མཚོན་པ་ཙམ་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་ནི་བདུན་ཏེ། དེ་ཡང་མཐོང་བའི་ལམ་ཡིན་ནོ། །ཕྱོགས་ཀུན་དུ་འོད་རབ་ཏུ་གསལ་བ་ནི་གསུམ་སྟེ། བྱང་ཆུབ་ཀྱི་སེམས་
དང་ཤེས་རབ་དང་། ཡེ་ཤེས་ཆེན་པོ་དང་། སྒྲིབ་པ་ཐམས་ཅད་ལས་གྲོལ་བའི་དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་སོ། །གསུམ་པོ་དེ་དག་གིས་དེ་ཁོ་ན་ཉིད་དུ་གྱུར་པས་དྲ་བ་ལ་སོགས་པའི་འབར་བ་ཡིན་ཏེ། དྲ་བའི་དེ་ཁོ་ན་ཉིད་ནི་འཇིག་རྟེན་ལས་ལས་འདས་པའི་བསྒོམ་
པའི་ལམ་སྟེ། ཉོན་མོངས་པ་རྩ་བ་ནས་འབྱིན་པའི་ཕྱིར་རོ། །དྲ་བ་ཕྱེད་པ་ནི་འཇིག་རྟེན་པའི་བསྒོམ་པའི་ལམ་སྟེ་ཉོན་མོངས་པ་རྣམས་པར་སེལ་བའི་ཕྱིར་རོ། །ཉི་མ་ནི་ཤེས་རབ་དང་ཡེ་ཤེས་སོ། །ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །རྔ་ཡབ་ནི་དེ་བཞིན་གཤེགས་པའི་ལམ་གྱི་ཡེ་
ཤེས་ཏེ། རྒྱལ་པོའི་མཚན་མ་ཡིན་པའི་ཕྱིར་དང་། ཕྲ་བ་ཉིད་ཀྱི་ཕྱིར་རོ། །མེ་ཏོག་གི་ཕྲེང་བ་ནི་བྱང་ཆུབ་ཀྱི་ཡན་ལག་གོ། །མེ་ལོང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡིན་ནོ། །དྲ་བ་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་ནི་དཔལ་ཐམས་ཅད་གསང་བ་ལས། ཉོན་
མོངས་ཐམས་ཅད་དེས་གཅོད་པ། །ཉོན་མོངས་འཕྲོག་པས་དྲ་བ་སྟེ། །ཡང་དག་གཅོད་ཅིང་སྤོང་བ་ཉིད། །སེལ་བའི་སྤོང་བ་ལ་གནས་པ། །ཚོགས་གཉིས་ཀྱི་ནི་སྦྱོར་བ་ཉིད། །ཉོན་མོངས་པ་ཡི་ཕྱེད་འཕྲོག་པ། །དྲ་བ་ཕྱེད་ཅེས་བྱ་བར་བཤད། །རང་བཞིན་འོད་གསལ་གང་
ཡིན་དེ། །བྱང་ཆུབ་སེམས་ནི་བླ་མེད་ཡིན། །སེམས་ནི་དོན་ཀུན་སྐྱེད་བྱེད་པ། །ཟླ་བའི་དཀྱིལ་འཁོར་ཡིན་པར་བཤད། །ཤེས་རབ་ཡེ་ཤེས་རང་བཞིན་དག །རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས། །ཐར་པའི་སྣང་བ་གཟི་བརྗིད་ཆེ། །ཉི་མའི་དཀྱིལ་འཁོར་ཡིན་པར་བཤད། །ལྟ་བ་ལྔ་
ཡི་མེ་ཏོག་ཡིན། །ཡེ་ཤེས་ལྔ་ཡི་ཉེ་སྦྱོར་ཉིད། །སངས་རྒྱས་ལྔ་ཞེས་ཡང་དག་བཤད། །ནམ་མཁའ་བཞིན་དུ་བདག་མེད་པའི། །རྣམ་ཤེས་ཡེ་ཤེས་དམ་པ་ཡིན། །ཡེ་ཤེས་དེ་ཡི་རྒྱན་བཤད་པ། །ཆགས་པའི་སེམས་ཞེས་བྱ་བར་བཤད། །སྒྲིབ་པ་གཉིས་དང་རྣམ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words