དཔལ་གསང་བ་འདུས་པའི་སྒྲུབ་པའི་ཐབས་དངོས་གྲུབ་འབྱུང་བའི་གཏེར་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་གུ་ཧྱ་ས་མཱ་ཛ་སཱ་དྷ་ནཾ་སིདྡྷི་སཾ་བྷ་བ་ནི་དྷི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 44 · folio 59a
འཇིགས་པ་སྟོང་གསུམ་གང་བ་ཡང་། །སྲུང་བྱེད་སྟོབས་སུ་འགྱུར་བར་བཤད། །མངོན་རྟོགས་ཉེ་བའི་རྣལ་འབྱོར་པས། །ལས་ནི་བཞི་སྟེ་གཅིག་ལ་གསུམ། །བསྒྲུབ་ཕྱིར་ཉེ་དང་མི་ཉེ་བས། །བསམ་གཏན་རི་མོ་བསྲུང་བའི་ཕྱིར། །རང་བཞིན་དག་པའི་ཆོས་
རྣམས་ཀྱི། །དོན་དང་འབྲས་བུར་བཅས་པ་རྣམས། །དག་པའི་ཁྲོ་བོ་རྣམས་ཀྱི་ནི། །བསྒོམ་པའི་ཆོ་ག་བཤད་པར་བྱ། །སྔོན་བཞིན་རྟེན་གྱི་དཀྱིལ་འཁོར་དང་། །དང་པོ་མགོན་པོ་བསྐྱེད་བྱས་ནས། །སེམས་ཅན་སྐྱེ་རིམ་བཞི་སྤངས་ནས། །བར་མའི་སེམས་ཀྱིས་དང་པོར་
འགྱུར། །བསྐུལ་བས་ཧཱུྃ་ལྔ་བྷྲཱུཾ་དུ་བྱུང་། །ཧཱུྃ་ལྔ་ལྕགས་ཀྱུ་དབྱུག་ཏོ་དང་། །རྩེ་གསུམ་རལ་གྲི་རྡོ་རྗེར་འགྱུར། །བྷྲཱུཾ་ནི་འཁོར་ལོ་རྩིབས་བརྒྱད་འགྱུར། །དེ་ཡང་དེ་དག་རྣམས་ཀྱིས་མཚན། །འོད་ཀྱི་ཁམས་བཞུགས་སངས་རྒྱས་རྣམས། །རང་དང་འདྲ་བས་བསྐུལ་བྱས་ཏེ། །
བཅུག་སྟེ་ས་བོན་ནང་དུ་ཐིམ། །ཊཱ་ཀྐི་རྒྱལ་པོ་ཁྲོ་བོ་ཆེ། །སྐུ་དང་དབུ་ཞལ་མཐིང་ག་ལ། །གཡས་དཀར་གཡོན་དམར་ཕྱག་དྲུག་པ། །གཡས་གཉིས་ལྕགས་ཀྱུ་རལ་གྲི་འཛིན། །གཡོན་གཉིས་རིན་ཆེན་པདྨའོ། །དབྱུག་སྔོན་ཅན་ནི་ཁྲོ་བོ་ཆེ། །སྐུ་མདོག་དེ་འདྲ་ཕྱག་དྲུག་
པ། །གཡས་གཉིས་དབྱུག་ཏོ་རལ་གྲི་འཛིན། །གཡོན་གཉིས་རིན་ཆེན་པདྨའོ། །སྟོབས་པོ་ཆེ་ནི་ཁྲོ་བོ་ཆེ། །ཞལ་གསུམ་དེ་འདྲ་ཕྱག་དྲུག་པ། །གཡས་གཉིས་རྩེ་གསུམ་རལ་གྲི་འཛིན། །གཡོན་གཉིས་རིན་ཆེན་པདྨའོ། །མི་གཡོ་མགོན་པོ་ཁྲོ་བོ་ཆེ། །ཞལ་གསུམ་དེ་འདྲ་
ཟུར་གྱིས་ལྟ། །གཡས་གཉིས་རལ་གྲི་འཁོར་ལོ་འཛིན། །གཡོན་གཉིས་རིན་ཆེན་པདྨའོ། །གནོད་མཛེས་རྒྱལ་པོ་ཁྲོ་བོ་ཆེ། །སྐུ་དང་དབུ་ཞལ་དེ་འདྲ་སྟེ། །གཡས་གཉིས་རྡོ་རྗེ་རལ་གྲི་དང་། །གཡོན་གཉིས་རིན་ཆེན་པདྨའོ། །གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་ཆེ། །སྐུ་དང་
དབུ་ཞལ་གསེར་བཙོ་འདྲ། །གཡས་གནག་གཡོན་དཀར་ཕྱག་དྲུག་པ། །གཡས་གཉིས་འཁོར་ལོ་རྡོ་རྗེ་འཛིན། །གཡོན་གཉིས་རིན་ཆེན་པདྨ་འཛིན། །དེ་དག་དང་པོས་རིག་མ་འཁྱུད། །སྟག་ལྤགས་ཤམ་ཐབས་དང་ལྡན་པ། །འགྱིང་བག་ཏུ་ནི་རབ་ཁྲོ་བ། །མཆེ་བ་ཅུང་ཟད་
Vol. 44 · folio 59b
གཙིགས་པ་སྟེ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །པདྨ་ཉི་མའི་དཀྱིལ་འཁོར་ལ། །སྦོམ་པོ་གཡས་བསྐུམ་གཡོན་བརྐྱང་བའོ། །མེ་ཡི་འོད་ཀྱི་དཀྱིལ་འཁོར་ནང་། །འཁོར་ལོ་འབར་བས་གཙུག་ཏོར་བསྐོར། །མི་བསྐྱོད་ཅོད་པན་མཚན་མ་བསྒོམ། །དེ་དག་དྲན་པ་གཅིག་པ་
སྟེ། །ལས་ཀྱི་ཁྱད་པར་སྒྲུབ་བྱེད་པས། །འདི་ནི་འཁོར་ལོར་ལྡན་པ་ཡི། །ཞར་ལ་དེ་ཡི་སྒྲུབ་པ་གསུངས། །དགུག་དང་དབང་གི་དང་པོ་དང་། །ཆོས་ཚེ་རྒྱས་མཛད་མང་པོ་ཞི། །མ་ཡིན་ལས་ཀྱི་ཁྱད་པར་རྣམས། །དང་པོ་གཉིས་པས་ཡང་བྱ་སྟེ། །དུས་ཀྱི་བྱེ་བྲག་ངེས་མེད་པས། །
འགྲུབ་སྟེ་དང་པོ་ཐུན་མོང་ལུང་། །ཁྱད་པར་གཞུང་འདིས་ཟློས་བྱས་ཏེ། །དད་པས་དེ་རྣམས་ནན་ཏན་བྱ། །གཏི་མུག་ཉེས་པའི་འདོད་ཆགས་དང་། །སྒྲིབ་པ་ལས་ནི་རྣམ་དག་པའི། །རང་བཞིན་གཟུང་དང་དགའ་བ་དང་། །ཚུལ་དང་མི་གཡོ་རྒྱུ་ཉིད་དང་། །འབྲས་བུར་དག་སྟེ་
དེ་རྣམས་ཀྱི། །སྤྱི་ཡི་མཚན་ཉིད་རྣམ་དག་པ། །ཁམས་གསུམ་རྣམ་པར་རྒྱལ་བ་ཡི། །བསྒྲུབ་པའི་མཚན་ཉིད་བཤད་པར་བྱ། །གང་ཕྱིར་རི་མོའི་བརྟུལ་ཞུགས་ཀྱིས། །གཞུང་དུ་ངེས་པར་གསུངས་པས་ན། །ལས་ཀྱི་རིམ་པ་བསྐང་བའི་ཕྱིར། །གསང་བའི་ཐིག་ལེ་
རྒྱུད་ལས་གསུངས། །དེ་ཕྱིར་སྒྲུབ་ཐབས་རིམ་པ་ནི། །རྫོགས་པར་བྱ་ཕྱིར་བླ་མས་ཀྱང་། །སྒྲུབ་པོ་རྣམས་ལ་ཕན་གདགས་ཕྱིར། །འདུས་པའི་ཆོ་གར་གསུངས་པ་ཡི། །སྔོན་བཞིན་ཐམས་ཅད་རབ་བྱས་ལ། །རྡོ་རྗེ་ཧཱུྃ་མཛད་རྣལ་འབྱོར་གནས། །དབུས་ཞལ་སྐུ་ནི་མཐིང་ཀ་
ལ། །གཡས་དཀར་གཡོན་དམར་ཕྱག་དྲུག་པ། །དང་པོས་རང་གི་རིག་མ་འཁྱུད། །གཡས་གཉིས་རྡོ་རྗེ་ལྕགས་ཀྱུ་བསྣམས། །གཡོན་གཉིས་པདྨ་ཞགས་པ་བསྣམས། །མཆེ་བ་ཅུང་ཟད་གཙིགས་པ་སྟེ། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །དབུ་སྐྲ་སེར་པོ་གྱེན་དུ་
བརྫེས། །གཏུམ་པོའི་ཧཱུྃ་གི་ང་རོ་སྒྲོགས། །སྟག་ལྤགས་སྨད་གཡོགས་དང་ལྡན་པ། །དྲག་པོ་གཡས་བསྐུམ་གཡོན་བརྐྱང་གིས། །ལྷ་ཆེན་ཆུང་མར་བཅས་པ་ཡི། །གདན་གཡོན་སྲ་བའི་ནུ་མར་མནན། །ཅོད་པན་མི་བསྐྱོད་མཚན་པ་བསྒོམ། །དེ་ལྟར་བསྒོམས་ནས་དེ་ཡི་
Vol. 44 · folio 60a
སྔགས། །ཧཱུྃ་བཞིའམ་དེར་གསུངས་བཅུ་བདུན་པོ། །རྩེ་གཅིག་ལས་རྣམས་ཀུན་ལ་ནི། །སྔར་བཅས་ཆོ་ག་བཞིན་དུ་བཟླས། །ཨོཾ་ཨཱཿཀྲོ་དྷེ་ཧཱུྃ་ཀ་ར་ན་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། རྩ་བའི་རིག་པའོ། །ཨོཾ་ཧྲི་ད་ཡ་ཧཱུྃ། སྙིང་གའོ། །ཨོཾ་ཀ་པཱ་ལ་ཧཱུྃ་ཕཊ།
མཚོག་མ་ལའོ། །ཨོཾ་ཨཱཿཧཱུྃ་ཀ་ར་ཀེ་ཀ་བེ་ར་ཧཱུྃ་ཕཊ། སྤྱི་གཙུག་ཏུའོ། །ཨོཾ་ཛྭ་ལ་ཛྭ་ལ་ལི་ཏ་བཱི་ཏྲ་ཧ་ཧཱུྃ་ཕཊ། གོ་ཆ་ལའོ། །ཨོཾ་བེ་བས་སྭ་ཏནྟ་ཀ་ཧཱུྃ་ཕཊ། མཚོན་ཆ་ལའོ། །སྦྱོར་བ་དེ་ཡིས་བ་དན་དང་། །ཐལ་བ་སྣག་ཚ་བཙག་སོར་གཏུབ། །སྐྲོད་བྱེད་དག་གི་ལས་རྣམས་
དག །ཇི་བཞིན་དུ་ནི་བསྒྲུབ་པར་བྱ། །དུར་ཁྲོད་རས་ལ་བ་དན་ནི། །ཁ་དོག་མཐིང་ག་སོར་བཅུ་དྲུག །སྨྱུག་མའི་ཡུ་བ་ཁྲུ་གང་ལ། །བཏགས་ཏེ་དུར་ཁྲོད་གནས་སུ་བསྒྲུབ། །དེ་ནི་ལག་ཏུ་གཟུང་བྱས་ནས། །ཞག་བདུན་སྔགས་བཟླས་ནམ་ལངས་ན། །དེ་ཐོགས་དགྲ་
དཔུང་ལ་གཡབས་པས། །ཐེ་ཚོམ་མེད་པར་གནོན་པར་འགྱུར། །མཚོན་ཐོགས་བདག་ལ་གནོད་བྱེད་གཞན། །སྒྲུབ་པ་པོ་ནི་མཐོང་ཙམ་གྱིས། །དེ་དག་མདུང་བཞིན་རེངས་པར་འགྱུར། །དེ་བཞིན་གླང་རྒྱལ་མྱོས་པ་དང་། །ཤིང་རྟ་རྟ་དང་སྲོག་ཆགས་རྔམ། །རྐང་ཐང་འཁྲུགས་
པ་མང་བཅས་པ། །མཐོང་བ་ཙམ་གྱིས་རེངས་པར་འགྱུར། །མཚན་མོ་མི་རོ་བསྲེགས་པ་ཡི། །གནས་སོང་སྐྲ་བཤིག་གཅེར་བུར་ཕྱུང་། །བཟླས་པ་བསྐོར་ཞིང་རབ་བྱས་ནས། །ནམ་ལངས་ཐལ་བ་སྤར་གང་བླང་། །ལག་པ་གཡོན་པས་བླངས་ནས་ནི། །རང་གི་ཁྱིམ་དུ་འགྲོ་བར་
བྱ། །ཡང་ན་ལྷ་ཁང་སྟོང་པར་འགྲོ། །ཕྱིར་ནི་བལྟ་བར་མི་བྱའོ། །དེ་ནས་དེར་ཡང་ཐལ་བ་དེ། །ཞག་བདུན་སྔགས་བཟླས་བསྲུང་བར་བྱ། །སྣོད་སར་ནང་དུ་རབ་བཞག་སྟེ། །ས་ལ་གཞག་པར་མི་བྱའོ། །དེ་ཡིས་གང་གི་དཔུང་གི་ཚོགས། །མཐོང་ན་ལན་ཅིག་
གཏོར་ཙམ་གྱིས། །རེངས་པར་འདོད་ན་རེངས་པར་འགྱུར། །རླུང་ཕྱོགས་དག་ཏུ་སྦྱར་བ་ན། །ལྡོག་པར་འདོད་ན་ལྡོག་པར་འགྱུར། །མདུན་དུ་སྐེམ་སྟེ་གཏོར་བྱས་ནས། །མྱོས་པར་འགྱུར་ཏེ་མཚོན་ཆ་རྔམ། །དེ་ཁོ་ན་བཞིན་འདོར་བར་འགྱུར། །ཚིལ་ཆེན་སྣུམ་ལ་མར་མེ་ནི། །
Vol. 44 · folio 60b
ཐོད་པ་བཟང་པོར་སྦར་བར་བྱ། །སྟེང་གི་ཐོད་པར་དུ་བ་བསྒོ། །སྣག་ཚར་བྱས་ཏེ་དེ་བླངས་ལ། །ཞག་བདུན་སྔགས་བཟླས་ནམ་ལངས་ན། །དུ་བའི་སྣག་ཚ་མིག་ལ་བསྐུ། །དེ་ཡིས་གང་མཐོང་ཐམས་ཅད་ཀུན། །ཅི་བགྱི་ཞེས་ནི་བཀའ་ཉན་འགྱུར། །ཡུག་སྣམ་བཙག་ནི་
དགེ་བ་དག །བསྲེག་པའི་གནས་འགྲོ་ཁར་བཅུག་ལ། །དེ་ཕྱེད་ཚིག་པའི་དུས་སུ་ནི། །གྲོགས་མེད་པར་ནི་མཚན་མོ་བླང་། །ལྷ་ཡི་ཁང་སྟོང་དུ་ཁྱེར་ནས། །གོང་གི་སྔགས་ནི་ཞག་བདུན་བཟླ། །དེ་ཚེ་བགེགས་ཀྱང་སྣ་ཚོགས་འང་། །མི་འཇིགས་འདུག་ཅིང་དེ་ལ་བཟླ། །དེ་ནས་
ནམ་ལངས་གྱུར་པ་ན། །རས་ནི་དམར་པོས་དཀྲི་བྱས་ལ། །མཆོད་ཅིང་བསྲུངས་ནས་གཞག་པར་བྱ། །དེ་ཡིས་སེམས་དང་ལྡན་པའམ། །མི་ལྡན་གང་གི་མིང་བྲིས་པས། །བསྐུལ་ནས་དོགས་པ་མེད་པ་ཡང་། །རྡོ་རྗེ་འཆང་བའི་བཀའ་བཞིན་དུ། །འོངས་ནས་ལས་རྣམས་
ཐམས་ཅད་བྱེད། །སྲོག་སོང་དུར་ཁྲོད་ཁྱེར་བ་ན། །གསེར་གྱི་སོར་གདུབ་དེ་ཡི་ཁར། །བཅུག་ནས་བདག་ཉིད་གཅིག་པུ་ནི། །ཁྲོ་བོའི་སྔགས་ནི་ཟློས་ཤིང་འདུག །རོ་དེ་མེ་ཡིས་ཚིག་འགྱུར་ན། །ཁ་ཡི་སོར་གདུབ་སྒྲུབ་པ་པོའི། །ལག་པ་གཡོན་པས་བླང་བྱས་ལ། །ཞག་
བདུན་བར་དུ་བཟླ་བར་བྱ། །དེ་ནས་སོར་གདུབ་བཟང་པོ་དེ། །ལག་པ་གཡོན་པའི་མཛུབ་མོ་ལ། །བཅུག་སྟེ་ལག་པ་དེ་ཡིས་ནི། །གང་དང་གང་དུ་རེག་འགྱུར་བ། །དེ་དང་དེ་ཡིས་ལས་ཀུན་བྱེད། །ཕྱི་བཞིན་དུའང་རྟག་ཏུ་འབྲང་། །རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ། །འདི་
ལ་དཔྱད་པར་ཡོང་མི་བྱ། །སིང་ཏའི་ཤིང་ལ་གབ་ཚེ་ཡང་། །བཟང་པོ་སོར་ནི་བརྒྱད་པ་བྱ། །དེ་ཡི་ནང་དུ་སྐྲོད་བྱེད་ཀྱང་། །དངོས་གྲུབ་སྦྱིན་པར་བྱེད་པར་བླུགས། །ཟླ་བ་གཟས་ནི་ཟིན་པའི་ཚེ། །མ་གྲོལ་བར་དུ་དེ་ལ་བཟླ། །དེ་ནས་སྔོན་བཞིན་འཁོར་ལོ་བྲི། །འབྱུང་པོ་གཏོར་
མ་སྦྱིན་བྱས་ལ། །གབ་ཚེ་ནང་གི་སྐྲོད་བྱེད་ཀྱང་། །སྒྲ་འབྱུང་ཡང་ན་གས་ཀྱི་བར། །དེ་སྲིད་ཞག་བདུན་དེ་ལ་ནི། །ཁྲོ་བོའི་སྔགས་ཀྱི་བཟླས་པར་བྱ། །དེ་ཚེ་སྐྲོད་བྱེད་གྲུབ་མ་ཐག །བླངས་ནས་གང་ཡང་རུང་བ་རུ། །ཆོ་ག་བཞིན་དུ་སྦྱར་ན་ནི། །དེ་ཡིས་མི་ནུས་གཅིག་
Vol. 44 · folio 61a
ཀྱང་མེད། །ས་ཡང་འགས་བྱེད་ཆུ་ཡང་སྐེམས། །རིན་ཆེན་ཕྱེ་མ་བཞིན་དུ་རློག །རི་རྩེར་སྦྱར་ན་བསྙིལ་བར་བྱེད། །ཁྲག་དང་སོལ་བའི་སེལ་འབེབས་བྱེད། །གནམ་ལྕགས་དག་ནི་འཐོར་བ་དང་། །ས་གཡོས་སྤྲིན་ནི་གཏོར་བ་དག །རྣལ་འབྱོར་
པ་ཡིས་རབ་སྦྱར་ན། །གློ་བུར་དུ་ནི་ཐོགས་མེད་འགྲུབ། །མཚོ་གཡོ་ཀླུ་རྣམས་སྐྲག་པ་དང་། །ཤིང་རྣམས་འབྲས་བུ་གློ་བུར་འབྱིན། །གཞན་ཡང་སྒྲུབ་པོ་ཅི་བསམ་པའི། །ལས་རྣམས་ཐམས་ཅད་དེ་ཡིས་བྱེད། །འདི་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི། །སྔགས་རྒྱུད་ལྡན་པའི་ལས་རྣམས་དེ། །
གཞན་ཡང་དེ་ལས་གསུངས་པ་ཡི། །ལས་རྣམས་མཁས་པས་ཤེས་པར་བྱ། །ད་ནི་ཐུན་མོང་གི་དངོས་གྲུབ་ཀྱི་མཇུག་ཏུ་མངག་གཞུག་བསྒྲུབ་པའི་ཆོ་ག་བཤད་པར་བྱའོ། །རྡོ་རྗེ་བཟླས་གནས་རྣལ་འབྱོར་པས། །རང་གི་དགོས་པ་རྫོགས་པའི་ཕྱིར། །བདག་གི་རིགས་ཀྱི་ཁྲོ་
བོ་མཆོག །མངག་གཞུག་པ་རུ་བསྒྲུབ་པར་བྱ། །འདོད་པའི་ལྷ་ཡི་རྣལ་འབྱོར་པས། །ཐམས་ཅད་སྔ་མ་བཞིན་བྱས་ལ། །ཧྲི་ནི་འོད་ཟེར་ལྔ་འབར་བ། །ནམ་མཁའི་དབུས་སུ་བསམ་པར་བྱ། །མཁའ་དབྱིངས་བདེ་གཤེགས་བྱང་ཆུབ་སེམས། །རིག་པའི་ལྷ་དང་ཁྲོ་
བོའི་ཚོགས། །གང་བར་བསམས་ནས་སྔགས་འདི་ཡིས། །སྐུ་གསུང་ཐུགས་ལ་གནས་ལ་གདབ། །ཨོཾ་ཨཱཿཧྲི་ཨ་མོ་གྷ་སིདྡྷི་ནན་བྷཀྵ་ཨཱ་ཀཱཪྵ་ཡ་ཧཱུྃ། ཕབ་པས་གནས་དེ་རིགས་ཀྱི་རིམ། །མི་བསྐྱོད་པ་ཡི་ཨ་གྱུར་ཏེ། །ཚེ་དཔག་མེད་པའི་ཁཾ་དུ་གྱུར། །རྣམ་པར་སྣང་མཛད་
དིང་གྱུར་ཏོ། །ཆོ་ག་དེ་ལ་སྐད་ཅིག་གིས། །ཆོ་ག་གཉིས་པ་བསྒྲུབ་པར་བྱ། །ཨ་དེ་བདུད་རྩི་འཁྱིལ་པར་གྱུར། །ཐལ་སྦྱར་གཞན་ལ་སྔོན་བཞིན་བསམ། །ཁཾ་དེ་པདྨ་མཐར་བྱེད་གྱུར། །དེ་ནི་གཤིན་རྗེ་གཤེད་གྱུར་ཏེ། །དེ་དག་སྔོན་བཞིན་ཉི་མ་ལ། །གནས་ཏེ་དང་པོ་ཐལ་
སྦྱར་བསམ། །ལྷ་མོ་སྤངས་པའི་ཕྱག་མཚན་ཡང་། །གཡས་ཀྱི་ཐ་མར་དཔའ་བོ་དང་། །ལྕགས་ཀྱུས་བཀང་བའི་སྣོད་བཟུང་ནས། །སྒྲུབ་པ་པོ་ལ་སྟོབས་བྱེད་བསྒོམ། །དེ་དག་གནས་གསུམ་གོང་མ་ཡིན། །ཨ་ཁཾ་དེ་ནི་བཀོད་བྱས་ནས། །དེ་ནས་བསྐུལ་བ་ལ་སོགས་པས། །
Vol. 44 · folio 61b
དོན་ཡོད་གྲུབ་པས་དབུ་བརྒྱན་ཏེ། །བདུད་རྩི་འཁྱིལ་པའི་ཐུགས་ཀ་རུ། །ཉི་མའི་དཀྱིལ་འཁོར་ལ་གནས་པའི། །མི་བསྐྱོད་པ་ནི་བསྒོམ་པར་བྱ། །པདྨ་མཐར་བྱེད་ཐུགས་ཀ་རུ། །དེ་གནས་ཚེ་དཔག་མེད་པར་བསྒོམ། །གཤིན་རྗེ་གཤེད་ཀྱི་ཐུགས་ཀ་རུ། །ཟླ་བའི་དཀྱིལ་
འཁོར་ལ་གནས་པའི། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །དེ་ནས་རིགས་གསུམ་ཕྱག་གནས་པའི། །མདུང་རྩེ་གསུམ་དང་ཀྱོ་བ་དང་། །རྡོ་རྗེ་དང་ནི་གཏུན་ཤིང་གིས། །གསང་བའི་གནས་ལ་བརྡབ་ཅིང་བསྐུལ། །ཨོཾ་མི་བསྐྱོད་པ་ནི་རྡོ་རྗེ་མཆོག །ཁྱོད་ཀྱི་རིགས་ཀྱི་ཁྲོ་
བོ་ཆེ། །ང་ཡི་རེ་བ་རྫོགས་བྱའི་ཕྱིར། །ཁྱོད་ཀྱི་མངག་གཞུག་པ་རུ་བསྐུལ། །ཚེ་དཔག་མེད་དང་སྣང་མཛད་ཀྱང་། །དེ་བཞིན་དུ་ནི་བསྐུལ་བྱས་ཏེ། །ཉམས་དགའ་བ་ཡི་རི་དག་དང་། །ཆུ་གླིང་རྣམ་པ་སྣ་ཚོགས་སུ། །བསམ་གཏན་འདི་ནི་ཟླ་ཕྱེད་བསྒོམ། །རི་རབ་སུམ་ཅུ་
རྩ་དྲུག་གི །རབ་ཏུ་ཕྲ་བའི་རྡུལ་སྙེད་དང་། །འཁོར་ལོ་ཅན་གྱི་བྱང་ཆུབ་འགྲུབ། །དེས་ཁྲིད་སངས་རྒྱས་ཞིང་དུ་འགྲོ། །ཟབ་ཅིང་རྒྱ་ཆེའི་ཆོས་ཐོབ་འགྱུར། །དེ་ནི་གཉིད་སོགས་དང་བྲལ་ཡང་། །བདེ་གཤེགས་ཀུན་གྱིས་བྱིན་བརླབས་ནས། །གཉིད་འོད་དེ་རུ་གོང་གསུངས་
པའི། །མཚན་མ་རྣམས་ནི་ཡང་དང་ཡང་། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །ལྷ་ཡི་བཀའ་ཡིས་བརྟན་པར་བྱེད། །ནམ་མཁའ་ཆོས་རྣམས་སྤངས་པ་ཡང་། །རྟ་དང་གླང་ཆེན་ལ་སོགས་པ། །སྒྲུབ་པ་པོ་ཡིས་བསྐུལ་བ་ཡིས། །མངག་གཞུག་དེ་ཡིས་བྱེད་པར་འགྱུར། །
གོང་གསུངས་འོག་ནས་འབྱུང་བ་ལ། །སྒྲུབ་པའི་ཐབས་ནི་ཇི་སྙེད་པ། །ནུས་དང་ལྡན་པས་དེ་རྣམས་ལས། །ལྷ་སོགས་རྣམས་ཀྱིས་ཁྱད་ཤེས་གྱུར། །འདྲོན་པོའི་དང་པོའི་གནས་བཞིན་དུ། །ཐམས་ཅད་བརྗོད་པས་ལུང་རྔོ་ཐོགས། །དེ་བས་དང་པོ་སྔོན་འགྲོ་བས། །གཞུང་གི་དོན་ལ་
བརྟན་པར་བྱ། །ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པར་བྱའོ། །སྔོན་གསུངས་ཡང་དག་རིམ་གནས་ལ། །དགོས་དང་དོན་བྱེད་མ་གཏོགས་པ། །བྱ་བ་ཐམས་ཅད་མཆིལ་ཐལ་བཞིན། །སྤངས་ནས་རྡོ་རྗེ་འཆང་བ་ཡི། །སྦྱོར་བ་ཐོབ་ཕྱིར་དུས་
Vol. 44 · folio 62a
རྟག་ཏུ། །སངས་རྒྱས་མཆོད་དང་འགྲོ་དོན་ལ། །དད་པས་བརྩོན་འགྲུས་ཀྱིས་སྦྱོར་བྱེད། །ཐབས་ཤེས་སྦྱོར་བས་སྐྱོན་ཀུན་བསལ། །ཐོབ་པའི་ཟས་ནི་ཟ་བར་བྱེད། །ཆགས་པ་སྡང་བ་རྣམས་དང་བྲལ། །འཇིག་རྟེན་ཆོས་བརྒྱད་མ་གཏོགས་པའི། །འདོད་
པའི་ལོངས་སྤྱོད་ཐོབ་བཞིན་སྤྱོད། །བཀའ་ཡི་གཞུང་ལུགས་འཇིགས་སྤངས་ནས། །ལུས་གནས་པ་ཡི་ཆོག་ཤེས་ཏེ། །བྱ་བ་གསུམ་གྱི་མཐའ་ལ་སྤྱོད། །དགོས་པ་འགྲུབ་པ་དེས་བསྒྲུབ་བྱ། །ཅི་གསུང་མཚན་མ་མཐོང་འགྱུར་ནས། །རང་གི་རིགས་ཀྱི་ཕྱག་རྒྱ་མཆོག །གོང་
དུ་བསྟན་པའི་ཆོ་ག་ཡིས། །བཀུག་སྟེ་བདག་གིར་བྱ་བའོ། །དེ་དང་ལྷན་ཅིག་ཡིད་འོང་དགོན། །རང་ཉིད་མ་གཏོགས་གཞན་གྱིས་ནི། །མི་ཕྱེད་གནས་སུ་ཟླ་དྲུག་ཏུ། །གསང་བའི་བརྟུལ་ཞུགས་སྤྱོད་པ་བྱ། །བརྒྱུད་པའི་མན་ངག་ལས་གསུངས་པའི། །ལུས་ངག་
ཡིད་ཀྱི་སྤྱོད་པའི་མཆོག །ཕྱག་རྒྱ་དག་ཕྱིར་ཉིན་མཚན་དུ། །རྣལ་འབྱོར་དབང་ཕྱུག་བརྩོན་པར་བྱ། །དེ་ཡིས་ཟླ་བ་གཅིག་གིས་ནི། །སྐལ་ལྡན་གྱུར་པར་ཐེ་ཚོམ་མེད། །དེ་དང་ལྔ་ཡི་བར་དུ་ནི། །རྗེས་མཐུན་ཤིས་པའི་ཟས་ལོངས་སྤྱོད། །རང་གི་ཁམས་ན་རང་གནས་པའི། །བདེ་
གཤེགས་རྣམས་ཀྱིས་ཐུགས་གདུངས་ནས། །དེ་རུ་བྱོན་ནས་སྒྲུབ་པོ་ལ། །འཕྲལ་དུ་བཀའ་སྩལ་སྟེར་བར་གྱུར། །དེ་ནས་བཀའ་སྩལ་ཐོབ་མ་ཐག །རང་གི་མཐུ་སྟོབས་རྟོགས་བྱའི་ཕྱིར། །གོང་དང་ལྷན་ཅིག་ཟླ་དྲུག་ཏུ། །ཕྱི་ཡི་རིག་པའི་བརྟུལ་ཞུགས་སྤྱད། །ཡིད་འོང་
དབེན་པར་ཆོ་ག་བཞིན། །འདུས་པའི་འཁོར་ལོ་བྲི་བྱས་ལ། །མཆོད་པ་སོགས་ཀྱིས་མཉེས་བྱས་ཏེ། །བསོད་ནམས་ཚོགས་ནི་རྫོགས་པར་བྱ། །དེ་ནས་བདག་ཉིད་དེ་དང་ནི། །བཅོས་མའི་གདོང་ལ་སོགས་པས་མཚན། །ཡང་ན་ཕྱོགས་གོས་འབའ་ཞིག་གིས། །མཚན་ཏེ་ཀུན་དུ་རྒྱུ་
བར་བྱ། །རི་ཡི་གཅོང་རོང་ནགས་ཚལ་གནས། །གླང་ཆེན་སེངྒེ་སྦྲུལ་དང་སྟག །གདུག་པའི་སེམས་ཅན་འཇིགས་པའི་སར། །བདག་རྒྱུ་དེ་དག་རྩེ་བར་བྱེད། །རྡོ་ལེབ་རྒྱ་མཚོར་བདག་ཉིད་འདུག །རི་དགས་ལྟེ་བའི་དྲི་བྲོ་སྟེ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །སྣུམ་དང་མིག་སྟོང་
Vol. 44 · folio 62b
གདན་བཞིན་ནོ། །ཚེར་མང་ཆུ་མིག་གྲོག་རལ་མང་། །མི་སྡུག་གནས་སུ་བདག་རྒྱུ་བས། །མེ་ཏོག་འབྲས་བུ་བཟང་པོ་དང་། །དྲི་ཞིམ་ཆུ་ནི་མདོངས་དང་ལྡན། །གཞན་གསུངས་ཕྱག་རྒྱ་རྣམས་ཀྱི་མཚན། །གར་བྱེད་གླུ་བླང་བརྐམ་ཚིག་སྨྲ། །མི་ཤེས་བླུན་པའི་གཟི་ཅན་རྣམས། །འདུལ་
ཞིང་ལུས་ཀྱི་རྒྱུ་མཐུན་པས། །གསོ་བར་བྱེད་ཅིང་སྟོབས་མཐོང་བས། །ནགས་ཚལ་དག་ཏུ་བསོད་སྙོམས་བསླང་། །བསྒྲུབ་དབང་དེ་ཡི་གཟི་བརྗིད་ཀྱིས། །ནགས་ཚལ་ལྷ་རྣམས་སྐྲག་ནས་ནི། །ཁ་ཟས་བཟང་པོ་སྟེར་བ་དག །སྒྲུབ་པ་པོ་ལ་རབ་ཏུ་སྦྱོར། །ཕུན་སུམ་ཚོགས་པ་མ་སྦྱར་
ན། །དམ་ཚིག་སྟོབས་ཀྱིས་དེ་རྣམས་འཆི། །དེ་ལྟར་སྤྱི་དང་དངོས་གཞི་ཡི། །མཚན་ཐོབ་པ་ཡི་རྣལ་འབྱོར་པས། །རང་གི་ཁམས་ནི་དག་བྱའི་ཕྱིར། །འོག་ནས་བཤད་པའི་རིམ་པ་བཞིན། །དུས་མཚན་བཞི་རུ་ཞག་བདུན་དུ། །བསྒོམ་པའི་དབང་བསྐུར་རྣམ་དག་པས། །ཉི་ཤུ་རྩ་
ལྔའི་བདག་ཉིད་ཅན། །འཁོར་ལོའི་བདག་ཉིད་དྲི་མེད་བྱ། །རང་གི་ས་བོན་འོད་ལྕགས་ཀྱུ། །རྟག་དང་སྦྱོར་བའི་སྤྱན་མའི་ཚོགས། །འོག་མིན་ནས་ནི་བཀུག་བྱས་ནས། །ནམ་མཁའི་ཁམས་ཀུན་གང་བཞུགས་བསྒོམ། །དེ་ཉིད་བདེ་ཆེན་རོ་ཞུ་བས། །འོ་མའི་རྒྱུན་ལྟར་དེ་དག་གིས། །
སྤྱི་བོ་ནས་ནི་མདུན་རྒྱབ་དང་། །ལྔ་སྟོང་དག་ནི་ཞུགས་པར་བྱ། །དེ་བཞིན་བདེ་བ་ཅན་ཞིང་ནས། །དཔག་མེད་དང་སྦྱོར་གོས་དཀར་དགུག །སྔོན་བཞིན་བསམས་ནས་དེ་ཡི་དུས། །དེ་དག་རྣམས་ནི་ལྕེ་ལ་གཞུག །མངོན་དགའ་ལས་བྱུང་མི་བསྐྱོད་དང་། །མཱ་མ་ཀཱི་ནི་གཉིས་
མེད་དུ། །དེ་དག་རྣམས་ཀྱི་ཐུགས་ཀ་རུ། །ལྔ་སྟོང་བདུན་བརྒྱའི་བར་དུ་ཞུགས། །འོད་དེས་ཁ་ཏི་ཀ་ནས་ཀྱང་། །དོན་ཡོད་གྲུབ་དང་སྒྲོལ་མ་ཡང་། །བདེ་ཆེན་གཞན་གྱི་དབང་གྱུར་ནས། །ལྟེ་བར་དེ་དུས་ཞུགས་བྱས་ནས། །ནམ་མཁའ་ལྟ་བུར་དེ་བཞིན་ཉིད། །ཡང་དང་
ཡང་དུ་བརྩོན་པར་བྱ། །གང་ཕྱིར་དེ་ཉིད་ཡང་བསྒོམས་པས། །དངོས་པོ་དག་པར་བྱེད་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་དེ་ཉིད་བསྔགས། །དེ་དང་དེ་ཡི་རྣལ་འབྱོར་གྱིས། །རྡོ་རྗེ་གསུམ་གྱིས་མཚན་པ་ནི། །ཁྱུ་མཆོག་དེ་ནི་མཉེས་པར་འགྱུར། །དེ་ལྟར་སྦྱོར་བ་གསུམ་ལྡན་
Vol. 44 · folio 63a
པས། །དངོས་གཞིའི་ལས་ལ་འཇུག་དོན་དུ། །གོང་གསུངས་ལས་ཀྱི་ཕྱག་རྒྱ་ཆེ། །རིགས་གསུམ་བྱེ་བྲག་གིས་གཟུང་བྱ། །མི་བསྐྱོད་རྡོ་རྗེ་རྣལ་འབྱོར་པས། །སྨེ་ཤ་ཅན་གྱི་མཐུ་ཆེན་གྱི། །བུ་མོ་ལོ་གྲངས་བཅུ་དྲུག་པ། །ཨུཏྤ་ལ་ཡི་མདོག་འདྲ་
བསྒྲུབ། །དེ་བཞིན་རྟག་པའི་སྦྱོར་བ་ཡི། །བཙོ་བཟླག་མཁན་གྱི་བུ་མོ་དཀར། །ལོ་གྲངས་ཉི་ཤུ་ལྔ་ལོན་པ། །སྤྱན་མའི་ངོ་བོར་བསྒྲུབ་པར་བྱ། །ཚེ་དཔག་མེད་ཀྱི་རྣལ་འབྱོར་པས། །གར་མཁན་བུ་མོ་རབ་མཛེས་ཤིང་། །དམར་པོ་བཞིན་སྡུག་མིག་དཀྱུས་རིང་། །ཉི་ཤུ་ལོན་པ་གོས་
དཀར་བསྒྲུབ། །ཡང་ན་བྲམ་ཟེ་རྒྱལ་རིགས་དང་། །རྗེའུ་རིགས་དམངས་རིགས་གཞན་བུད་མེད། །གང་གི་རྣལ་འབྱོར་གྱིས་གནས་སྒྲུབ། །དེ་ཡིས་གསང་བའི་སྐུ་གསུམ་ཐོབ། །འདིས་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །རྡོ་རྗེ་སེམས་དཔའ་བདེ་
བའི་མཆོག །ལྷག་པའི་བྱ་བ་བྱ་ཞེས་བསྒྲུབ། །ཆགས་མིན་ཆགས་དང་བྲལ་བའང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །འདི་ནི་གཉིས་མེད་ཐེག་པའི་མཆོག །བུད་མེད་སྒྱུ་མའི་རྒྱུ་འདི་ཡིས། །སྒྱུ་མ་དག་ནི་ཐམས་ཅད་པས། །བུད་མེད་སྒྱུ་མ་ཁྱད་པར་ཆེ། །ངོ་བོ་ཉིད་ཀྱི་
མཐུ་དག་གིས། །རང་བཞིན་གྱིས་ནི་དེ་འགྲུབ་པའོ། །འཇིག་རྟེན་གསུམ་འདིར་བུད་མེད་འདིས། །གུས་པ་བྱེད་པ་དག་ཏུ་འགྱུར། །རྙེད་དང་བདེ་བ་དགའ་ཀུན་གྱིས། །ནང་སྤྱོད་རྣམས་ཀྱང་འགྲུབ་པར་འགྱུར། །རང་གི་ངོ་བོ་ཡོངས་བསྒྱུར་ནས། །བུད་མེད་ཀུན་གྱི་སྒྱུ་མ་འགྲུབ། །ངོ་མཚར་སྒྱུ་
མའི་ཕྱག་རྒྱ་འདི། །མཁའ་འགྲོ་མ་ཡི་བརྡར་བསྟན་ཏོ། །དེ་བས་དེ་དང་ལྷན་ཅིག་ཏུ། །ཡིད་འོང་གནས་སུ་སྔོན་བཞིན་དུ། །རི་མོའི་དཀྱིལ་འཁོར་བྲིས་ནས་ཀྱང་། །བྱིན་བརླབས་ལ་སོགས་སྔོན་བཞིན་བྱ། །དེ་རུ་སྟེགས་བུ་གྲུ་བཞི་ནི། །བདུད་རྩི་ལྔ་ལ་སོགས་པས་བྱུག །བདེ་བའི་སྟན་ལ་དེ་
དང་ནི། །ལྷན་ཅིག་སྒྱུ་འདྲའི་ཏིང་འཛིན་རོལ། །བསྲུང་བ་ལ་སོགས་རྟེན་བསྒྲུབས་ལ། །དང་པོའི་མགོན་པོས་བདག་ཉིད་བསྒྲུབ། །གོང་མ་རིག་མའི་འདུ་བྱེད་པས། །རབ་ཏུ་བསྒྲུབས་ཏེ་པདྨར་བཞག །ཕྲིན་ལས་ལ་གནས་བདེ་ཆེན་པོ། །དེ་ཡིས་སྐུ་གསུམ་གོམས་བྱའི་ཕྱིར། །ཡང་
Vol. 44 · folio 63b
དང་ཡང་དུ་ཉིན་མཚན་དུ། །ཟླ་བ་དྲུག་ཏུ་བསྒྲུབ་པར་བྱ། །དེ་ཡིས་སྒྲུབ་པོ་བདག་ཉིད་ཀྱིས། །ཕྱི་ནང་དུས་སུ་སངས་རྒྱས་ཀྱི། །མཚན་གྱིས་བརྒྱན་པར་མ་གྱུར་ན། །ཡང་ནི་ཆོ་ག་དེ་ཁོ་ནས། །དེ་ཡི་འདོད་པ་ལོངས་སྤྱོད་ཅིང་། །གསང་བའི་མཆོད་པ་དང་བཅས་པས། །ས་བཅུ་དེ་ལ་
གནས་བཅས་ཏེ། །ཟླ་བ་དྲུག་ཏུ་ཡང་བསྒྲུབ་བྱ། །གལ་ཏེ་དེ་རུ་སྒྲུབ་པ་པོས། །གོང་གསུངས་མཐོང་བར་མ་གྱུར་ན། །ཇི་སྐད་བཤད་པའི་ཆོ་ག་ཡིས། །ཡང་ནི་ཟླ་དྲུག་རབ་ཏུ་བརྩམས། །དྲུག་གསུམ་བཅོ་བརྒྱད་ཆོ་ག་བཞིན། །བསྒྲུབ་པས་རྡོ་རྗེ་གསུམ་གྱིས་ནི། །དངོས་གྲུབ་
སྟེར་ཏེ་ཕྱིས་འབྱུང་བའི། །ཕྱག་རྒྱ་ཆེན་པོ་རབ་ཏུ་འཐོབ། །དེ་ལྟར་བྱས་པའི་སྒྲུབ་པ་པོས། །བསྒོམས་པས་དངོས་གྲུབ་མཆོག་མ་མཐོང་། །སྙན་ཚིག་ཞི་བའི་བསྐུལ་བ་ཡིས། །དངོས་གྲུབ་བསླང་བར་བྱ་བའོ། །སྔོན་གྱི་འཁོར་ལོ་ཁང་པའམ། །གཞན་ཡང་གང་ཡང་རུང་བ་
རུ། །བགེགས་བསྐྲད་ཕུར་བུས་བཏབ་ནས་སུ། །སྔོན་བཞིན་གཙང་གཏོར་ས་གསོལ་བཏབ། །སངས་རྒྱས་ལ་སོགས་སྔ་མ་བཞིན། །གསོལ་བཏབ་སྟེགས་བུ་འདུས་བྱས་ཏེ། །བྱིན་བརླབས་ཏིང་འཛིན་གསུམ་གནས་ལ། །སྐྱེ་གཅིག་ཐོགས་བསམ་གསོལ་བ་གདབ། །
དྲུག་ཅུ་རྩ་བཞིས་བགེགས་བསྐྲད་ནས། །ས་བསྲུངས་ས་ཡི་ལྷ་མོ་ཡང་། །མཆོད་པ་སོགས་ཀྱིས་མཉེས་བྱས་ལ། །དབང་པོར་ཞལ་གྱིས་བཞེས་པར་བྱ། །དེ་ནས་མེ་ཏོག་སྣ་ཚོགས་དང་། །དྲི་ཞིམ་ལ་སོགས་ལྡན་པ་ཡི། །མཎྜལ་སྔོན་བཞིན་འདུས་བྱས་ལ། །དེ་
ན་གནས་པ་དམིགས་པར་བྱ། །རང་གི་ས་བོན་འོད་ཟེར་ལས། །ལྕགས་ཀྱུ་རྡོ་རྗེ་གསལ་ཤིང་སོགས། །མཚན་པའི་ཁྲོ་བོ་སྤྲོ་བྱས་ལ། །དེ་དག་མཆོད་སོགས་ཀྱིས་མཉེས་བྱ། །སྒྲུབ་པོས་འོག་ནས་འབྱུང་བ་ཡི། །ཚིགས་བཅད་སྔགས་ཀྱི་ཁྱེད་རྣམས་ཀྱིས། །སངས་རྒྱས་
བྱང་ཆུབ་སེམས་དཔའ་རྣམས། །བསྐུལ་ཅིག་ཅེས་ནི་སྨྲ་བར་བྱ། །དེ་ནས་ཞལ་གྱིས་བཞེས་ནས་ནི། །སོང་སྟེ་འཇིག་རྟེན་ཁམས་གནས་པའི། །སངས་རྒྱས་སོགས་ལ་ཕྲ་མོ་དང་། །སྙན་ཚིག་འཇེབས་པའི་དབྱངས་ཀྱིས་བསྐུལ། །ཆེ་གེ་ཞེས་བྱ་རྡོ་རྗེ་ཆེ། །འདི་ཡི་གནས་
Vol. 44 · folio 64a
སུ་དམ་སྡོམ་ཅན། །རིག་མའི་བརྟུལ་ཞུགས་སྤྱོད་པ་ཡིས། །ཚོགས་ནི་རྫོགས་པར་འགྱུར་བའོ། །བསྒོམ་པ་བཟླས་བརྗོད་ཡོངས་རྫོགས་ནས། །ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། །བརྟུལ་ཞུགས་སྤྱོད་པ་ཡང་གནས་ནས། །ཁྱེད་ཀྱིས་བསྒྲུབ་
པའི་དཀྱིལ་འཁོར་བྲི། །ཁྱེད་ཅག་དེ་རུ་བྱོན་ནས་སུ། །དེ་ཡི་འཁོར་ལོ་བྱིན་བརླབས་ལ། །མཆོད་པ་ལ་སོགས་བཞེས་ནས་ཀྱང་། །ཕྱག་རྒྱ་ཆེན་པོ་གནང་བར་མཛོད། །དེ་ལྟར་བརྗོད་པས་དེ་དག་ཀྱང་། །རབ་ཏུ་དགྱེས་ནས་ཁྲོ་བོ་ལ། །དེ་ལྟར་བྱ་ཞེས་བསམས་ནས་ཀྱང་། །ལྷན་
ཅིག་བྱོན་བསམས་གནས་སུ་དགོད། །ཁྲོ་བོས་སྒྲུབ་པ་པོ་ལ་སྨྲས། །བདག་ཅག་རྣམས་ཀྱིས་གསོལ་བ་བཏབ། །དེ་དག་ཀྱང་ནི་འདི་སྐད་གསུངས། །རྡོ་རྗེ་ཆེ་གེ་ཞེས་བྱ་ལ། །བདག་ཅག་ཕྱག་རྒྱ་ཆེན་པོ་བཞིན། །གསུངས་ནས་འདི་རུ་བྱོན་པ་ལགས། །ཁྱེད་ཀྱིས་མཆོད་པའི་
ཚོགས་རྣམས་ཀྱིས། །མཉེས་པར་བྱས་ཏེ་དམ་ཚིག་བསྐུལ། །དེ་ནས་སྒྲུབ་པོས་སངས་རྒྱས་དང་། །ཁྲོ་རྒྱལ་ལྷ་མོ་མཉེས་བྱའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་བཀུག་ནས། །རང་གི་བ་སྤུའི་བུ་གར་བཅུག །དེ་ཉིད་ལྷ་མོ་སྒེག་པས་བརྒྱན། །སྤྲོས་ནས་སངས་རྒྱས་བྱང་ཆུབ་
སེམས། །ཁྲོ་བོ་དང་བཅས་འཁོར་ལོ་ལ། །བདེ་བ་ཆེན་པོའི་རོས་མཆོད་པ། །བྱས་ནས་བསྟོད་ལ་བདུད་རྩི་མྱང་། །སྣ་ཚོགས་ཀྱིས་ནི་མཉེས་བྱས་ནས། །སྲོག་དང་བཅས་པ་བསམས་ནས་ཀྱང་། །བདག་ཉིད་ཀྱིས་ནི་སྙན་གསོན་གསོལ། །སངས་རྒྱས་ཀུན་བདག་དངོས་
གྲུབ་ཀྱི། །དཀྱིལ་འཁོར་བདག་གིས་བྲི་བར་འཚལ། །སང་ནི་དེ་རུ་བྱོན་ནས་ཀྱང་། །བདག་གི་མཆོད་པ་ལ་སོགས་བཞེས། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །གལ་ཏེ་མ་སྩལ་ཁྱེད་རྣམས་ཀུན། །རང་ཉིད་ཀྱི་ནི་བསྟན་པ་ལ། །བརྫུན་དུ་སྨྲ་བར་གྱུར་པའོ། །དེ་
ལྟར་སྙན་གསན་ལན་གསུམ་དུ། །གསོལ་ནས་དེ་དག་ཞལ་བཞེས་ནས། །མཆོད་པ་སོགས་ཀྱིས་མཉེས་པར་བྱ། །སྟེང་གི་གནས་སུ་གཤེགས་སུ་གསོལ། །ཡང་ནི་མཆོད་པའི་བུམ་པ་རྣམས། །སྔོན་བཞིན་སྟ་གོན་གནས་བྱས་ནས། །མེ་ཏོག་སྤོས་ལ་སོགས་པ་ཡིས། །
Vol. 44 · folio 64b
མཆོད་ནས་ཇི་བཞིན་གནས་སུ་དགོད། །དེ་ནས་ཕྱི་དེ་ཉིན་པར་ཡང་། །སྐུད་པ་ཚོན་རྩི་སྔོན་བཞིན་བསྒྲུབ། །གོས་དང་རིན་ཆེན་རྒྱན་ལྡན་པའི། །ཁྱེའུ་དང་བུ་མོ་དབབ་བྱས་ནས། །དེ་ཡིས་དངོས་གྲུབ་དཀྱིལ་འཁོར་མཆོག །ཡང་དག་སྦྱིན་བྱེད་བྲིས་ནས་ཀྱང་། །དབྱེ་བ་བྱས་
ནས་དེ་ཉིད་ཀྱང་། །མཆོད་ནས་རང་གི་གནས་སུ་བཏང་། །དེ་ནས་ཕྱག་རྒྱ་དང་ལྷན་ཅིག །འཁོར་ལོ་བསྒྲུབ་པའི་ཆོ་ག་བཞིན། །གཉིས་འདྲེས་བྱས་ནས་སྟེང་ནས་དབབ། །སྔོན་བཞིན་དཀྱིལ་འཁོར་དབྱེར་མེད་བྱ། །བདག་པོ་ལྔ་ལྔ་བཞི་པའི་དུས། །བདག་པོ་གཉིས་
པས་ཡང་མཚན་བྱ། །ཡང་ན་དེ་དག་ཀླད་རྒྱས་དང་། །ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བར་རྒྱུ་ཡི་སྐྱེས་བུ་དགོད། །རྡོ་རྗེ་མི་ཕྱེད་གསུམ་ལས་སྐྱེས། །སྒྲུབ་པ་པོ་ནི་བློ་ལྡན་ལ། །འཇིགས་ཤིང་སྐྲག་ནས་བྱིན་གྱིས་རློབ། །དེ་དག་གསང་བའི་མཆོག་སོགས་པ། །སྔོན་
གསུངས་མཆོད་པ་ཉི་ཤུས་ཀྱང་། །མཆོད་ནས་འོད་ཟེར་རྩེ་མོ་ལས། །ཡིད་དགའི་རིན་ཆེན་སྣ་བདུན་སྤྲོ། །གསེར་མདོག་ལྟ་བུའི་རྒྱན་རྣམས་ཀྱིས། །བརྒྱན་པའི་བདེ་བའི་ལོངས་སྤྱོད་འཛིན། །པདྨའི་སྟེང་ན་གནས་པ་ཡི། །བུད་མེད་རིན་ཆེན་དབུལ་བར་བྱ། །གནོད་སྦྱིན་ལྟ་
བུའི་གཟུགས་འཛིན་པ། །གོས་སྔོན་བསྒོས་པ་རིན་ཆེན་གཏེར། །གཟུང་བའི་ཁྱིམ་བདག་རིན་པོ་ཆེ། །སྒྱུ་མ་ལྟ་བུས་སྤྲུལ་པ་བྱ། །མཆེ་བ་དྲུག་ལྡན་གླང་པོ་དཀར། །གསེར་གྱིས་བརྒྱན་པ་སྤྲོ་བར་བྱ། །ཨུཏྤལ་མཐིང་གའི་འདབ་འདྲའི་རྟ། །རིན་ཆེན་ཆས་བརྒྱན་སྤྲོས་ཏེ་
དབུལ། །ཆང་ཟུངས་རིན་ཆེན་སྣ་བདུན་གྱིས། །སྤྲས་པའི་རལ་གྲི་རིན་པོ་ཆེ། །འོད་ཟེར་དང་ལྡན་པདྨ་ལ། །གནས་པ་སྤྲོས་ཏེ་དབུལ་བར་བྱ། །ལྷ་ཡི་གོས་ཀྱིས་རབ་བརྒྱན་པ། །འོད་ཟེར་སྣ་ཚོགས་སྤྲོ་བ་ཡི། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །སྦྱོར་བ་ཤེས་
པས་སྤྲོ་བར་བྱ། །མཁའ་ཀུན་གསལ་བར་བྱེད་པ་ཡི། །འོད་ཟེར་མཐའ་ཡས་རབ་སྤྲོ་བ། །བློན་པོ་རིན་ཆེན་སྤྲོས་ནས་ཀྱང་། །དེ་དག་ཕྱིར་རྒོལ་བརྒྱན་པར་བསྒོམ། །དེ་ལྟར་ལྷ་སོགས་བུ་མོ་དང་། །རིག་འཛིན་རྣམས་ཀྱིས་བསྒྱུར་བ་ཡི། །གླུ་དང་གར་དང་གླིང་བུ་དང་། །དུང་དང་
Vol. 44 · folio 65a
རྫ་རྔ་ལ་སོགས་པས། །ནམ་མཁའི་ཁམས་ཀུན་གཡོས་པར་བསྒོམ། །ཤིན་ཏུ་ཞི་བའི་སྒྲ་སྒྲོགས་པའི། །ཁུ་བྱུག་བུང་བ་ངང་པ་སོགས། །མདངས་དགའ་རྣམས་ཀྱིས་གང་བར་བསམ། །མེ་ཏོག་ཤིང་གིས་མཐའ་བརྒྱན་པའི། །མཛེས་པའི་
རྫིང་བུ་སྣ་ཚོགས་དང་། །དཔག་བསམ་ཤིང་གི་ནགས་ཚལ་ནི། །འཁོར་ལོའི་ཕྱོགས་བཞི་ནས་འབྱུང་ངོ་། །དེ་བཞིན་བཟའ་བཅའ་ཁ་ཟས་དཀར། །ཚལ་དང་ཐེག་པ་གདན་རྣམས་དང་། །མྱོས་བྱེད་བཏུང་བའི་ཚོགས་རྣམས་ཀྱང་། །འཁོར་ལོ་མཉེས་ཕྱིར་སྤྲོ་བར་
བྱ། །རང་བཞིན་དག་པའི་ཆོས་ཉིད་ལ། །ཆོས་ཀྱི་དབྱིངས་ནི་གནས་མེད་དེ། །རྡོ་རྗེ་ལས་བྱུང་རྟོག་པ་ནི། །གསུངས་པ་ཉིད་ཀྱང་མ་གྲུབ་པོ། །དེ་ལྟར་སྣ་ཚོགས་མཆོད་པ་ཡིས། །མཉེས་བྱས་སྔོན་བཞིན་རང་ཉིད་ཞུགས། །བདག་པོ་ང་རྒྱལ་དང་ལྡན་པར། །འཁོར་ལོ་བདག་
ལ་ཞུགས་བྱས་ཏེ། །དགའ་བའི་ཡེ་ཤེས་རབ་གནས་ནས། །ཞག་བདུན་སོགས་པར་ཡང་དུ་བརྟག །དེ་ལྟར་དེ་རུ་ཕྱག་རྒྱ་ཆེ། །ཇི་སྐད་གསུངས་པ་ཐོབ་པར་འགྱུར། །དེ་ལྟར་བྱས་ཀྱང་ཕྱག་རྒྱ་ཆེ། །སྒྲུབ་པོས་ཀྱང་ནི་ཐོབ་མ་གྱུར། །སྔོན་བཞིན་ཉམས་པ་སྣ་ཚོགས་དང་། །དབྱེ་
བའི་སྒོ་ནས་བསྒྲུབ་པར་བྱ། །རང་གི་འདོད་བཞིན་གསོལ་བཏབ་ནས། །བྲིས་པའི་འཁོར་ལོ་གཤེགས་སུ་གསོལ། །སྨོན་ལམ་རྣམས་ནི་བྱས་ནས་སུ། །བྱང་ཆུབ་ཆེན་པོར་བསྔོ་བར་བྱ། །རྟོག་པ་ལས་བྱུང་ཇི་སྙེད་པ། །རྗེ་བཙུན་རྣམས་ཀྱི་སྤྱན་སྔར་བཤགས། །ཅི་བཞིན་བྱིན་
གྱིས་བརླབས་བྱས་ནས། །རང་གི་རྗེས་སུ་མཐུན་པས་བསྒྲུབ། །འཁོར་ལོ་གང་དང་གང་བསྟན་པ། །སྣ་ཚོགས་ཕྱག་རྒྱ་མཆོད་པ་ཡིས། །སློབ་མའི་ཚོགས་ཀུན་དེ་དང་དེས། །མཆོད་པ་བྱས་ནས་དེ་བསྒྲུབ་པོ། །རང་གི་འཁོར་ལོ་ཚོགས་ལྡན་པའི། །རང་གི་བླ་མ་ལ་སོགས་གཞན། །ཡིད་
དགའ་གནས་སུ་སྤྱན་དྲངས་ནས། །དངོས་གྲུབ་རྣམ་པར་འཕྲུལ་འདི་བྱ། །བདེ་བར་གཤེགས་པའི་ལྷ་རྣམས་མཆོག །རིན་ཆེན་སྣ་ཚོགས་ཀྱིས་སྤྲས་པ། །དྲིལ་བུ་རྒྱལ་མཚན་མཆོད་སོགས་ལྡན། །བླ་རེ་དམ་པ་བྲེས་པ་རུ། །རྡོ་རྗེ་སྔགས་དང་མཆོད་ལ་སོགས། །གླུ་དང་སིལ་སྙན་རྣམ་
Vol. 44 · folio 65b
པར་འབུལ། །མེ་ཏོག་བདུག་སོགས་རབ་སྦྱོར་བས། །དག་པའི་གདན་ཆེན་བཤམ་པར་བྱ། །དེར་ནི་དེ་དག་ཐམས་ཅད་ཀུན། །ཇི་ལྟའི་གནས་སུ་ཇི་བཞིན་འདུག །བསྐལ་བཟང་རང་གི་ཕྱག་རྒྱ་དང་། །དངོས་གྲུབ་ཕྱིར་ནི་རྣམ་པར་རོལ། །ཤ་དང་ཆང་ལ་སོགས་པ་ཡི། །བཟའ་
བཅའ་བཏུང་བའི་ཚོགས་རྣམས་དང་། །ལུས་དང་ངག་གི་སྤྱོད་པ་ཡིས། །དེ་ཀུན་མཉེས་པར་བྱ་དགོས་སོ། །དེ་བཞིན་ཕྱོགས་སྐྱོང་ལ་སོགས་ཀུན། །གཞན་བཞིན་འཁོར་ལོར་བསྒྲུབ་བྱས་ལ། །གོང་གསུངས་གཏོར་མའི་ཚོགས་རྣམས་ཀྱིས། །དེ་དག་ཚིམ་པར་ཡང་བྱའོ། །
སྒྱུ་འདྲའི་ཏིང་འཛིན་ལྷ་རྣམས་དམིགས། །འཁོར་ལོ་ཡང་དང་ཡང་དུ་མཆོད། །བླ་མས་མདུན་དུ་བཞག་ནས་ནི། །ཉམས་པར་དོགས་པ་ཐམས་ཅད་བསལ། །དེ་ལྟར་གོམས་པ་བརྟན་བྱ་ཞིང་། །མ་ཉམས་སྐྱོན་མེད་སྤྱོད་པར་ལྡན། །མཆོག་གི་དངོས་གྲུབ་ལམ་ལ་གནས། །
དམ་པའི་རིག་མ་མ་འཁྲུལ་པས། །ཞག་བདུན་དང་ནི་ཟླ་ཕྱེད་དང་། །ཟླ་གཅིག་ཟླ་བ་ཕྱེད་དང་གཉིས། །རྡོ་རྗེ་དམ་ཚིག་བསྐྱེད་བྱས་ནས། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །དེ་ལྟར་ཡང་དང་ཡང་བསྒོམས་པས། །བདེ་གཤེགས་རྣམས་ཀྱི་དངོས་གྲུབ་མཆོག །མི་འགྲུབ་
འཁྲུལ་པའི་རྒྱུ་ཡིས་ནི། །སྒྲུབ་པ་པོ་ལ་བཀག་གྱུར་ན། །དེ་ཉིད་དུ་ནི་སྒྲུབ་པ་པོས། །གོ་སྐབས་གཞན་ནི་མེད་པའི་ཕྱིར། །ཐུགས་རྗེ་ཆེ་བའི་གསང་བ་ཀུན། །དེ་ལ་ཁྲོས་པར་རིག་པ་ཡིན། །རྟོག་པའི་དབང་གིས་དེ་དག་རྣམས། །རང་རང་ཚོགས་དང་རང་ཁམས་དང་། །སྒྲུབ་པ་
པོ་ལ་མི་གཟིགས་ཏེ། །བཏང་སྙོམས་ཆེན་པོར་གནས་པའོ། །བཀའ་ཡིས་འཇིགས་མེད་འཁྲུལ་བསལ་དང་། །ཐུབ་པས་སྤྱན་རས་གཟིགས་བྱའི་ཕྱིར། །དམ་པའི་གཞུང་ལས་གསུངས་པ་ལྟར། །དེ་དག་རྣམས་ཀྱི་སྙིང་པོ་བསྐུལ། །བདག་དང་འཁོར་ལ་དམིགས་བྱས་ནས། །དེ་
དག་རྣམས་ཀྱི་སྤྱི་བོ་དང་། །མགྲིན་པ་དེ་འོག་ཐུགས་ཀ་རུ། །སྔོན་བཞིན་ཕྱག་རྒྱ་བཞིའི་རྒྱས་གདབ། །དེ་བཞིན་ཕྲ་མོའི་འཁོར་ལོ་ལ། །ས་བོན་སོགས་པས་ཡང་མཚན་ཏེ། །དེ་ཉིད་བརྗོད་པས་དེ་དག་ལས། །དེ་དག་རྣམས་ནི་སྤྲོ་བར་བྱ། །སྤྲོས་ཏེ་མདུན་དུ་རབ་གཡེང་བའི། །ཤིང་རྟ་དེ་
Vol. 44 · folio 66a
དག་བཀའ་ནོད་པ། །གནས་ཤིང་ཁྲོས་པ་བསམ་བྱས་ཏེ། །སྒྲུབ་པོས་དེ་ལ་བཀའ་ཡིས་བསྒོ། །ང་ནི་དཔལ་ལྡན་ཆེ་གེ་མོ། །ཁྱོད་ཀྱི་རྟག་ཏུ་བསྒྲུབ་ལ་གནས། །དམ་སྡོམ་ལམ་ལ་རྟག་བརྩོན་པས། །བདག་ལ་དངོས་གྲུབ་སྩལ་དུ་གསོལ། །
ཨོཾ་ཤྲཱི་བན་ཙཀྲ་ཨཾ་གུ་ཤ་ག་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཧྲི་ད་ཡ་ཙུནྡེ་ཨཱ་ཀཱཪྵ་ཡ་ཕཊ་ཛ། ཨོཾ་ཤྲཱི་བན་པདྨ་ཨཾ་གུ་ཤ་ག་ཏེ། གོང་གི་བསྒྲུབ་བྱ་ཧྲི་ད་ཡ་ཙུནྡེ་ཨཱ་ཀཱཪྵ་ཡ་ཕཊ་ཛ། ཨོཾ་ཤྲཱི་བན་ཁརྒ་ཨཾ་གུ་ཤ་ག་ཏེ། བསྒྲུབ་བྱ་ཧྲི་ད་ཡ་ཙུནྡེ་ཨཱ་ཀཱཪྵ་ཡ་ཕཊ་ཛ། ཨོཾ་ཤྲཱི་བན་
བཛྲ་ཨཾ་གུ་ཤ་ག་ཏེ། བསྒྲུབ་བྱ་ཙུནྡེ་ཨཱ་ཀཱཪྵ་ཡ་ཕཊ་ཛ། རིན་ཆེན་ལ་སོགས་རང་སྔགས་ཀྱིས། །རང་རང་མཚན་མས་མཚན་པ་ཡི། །ཡེ་ཤེས་སེམས་དཔའ་ལ་སོགས་པ། །དེ་དག་ཀུན་ཏུ་སྤྲོ་བར་བྱ། །སྤྲོས་ཏེ་ཕྱོགས་བཅུར་སོང་ནས་ཀྱང་། །རང་གི་ཞིང་ན་གནས་པ་ཡི། །བདེ་
གཤེགས་རིགས་བཅས་བཏང་སྙོམས་གནས། །ལྕགས་ཀྱུ་ཐུགས་ཀར་བརྡེག་ཅིང་བསྐུལ། །ཆེ་གེ་ཞེས་བྱ་རྡོ་རྗེ་ལ། །ཁྱེད་ཀྱིས་དངོས་གྲུབ་དམ་པ་སྩོལ། །གལ་ཏེ་མ་སྩལ་ཁྱེད་རྣམས་བརྫུན། །སྨྲས་པས་རང་ཉིད་བསླུས་པའོ། །དེ་བཞིན་ལུས་ཀྱི་དཀྱིལ་འཁོར་དང་། །སྐུ་
ཡི་བུ་ག་ཀུན་ནས་ཀྱང་། །དེ་འདྲ་བསམ་གྱིས་མི་ཁྱབ་པ། །འཕྲོས་པའི་མཚན་མ་རྣམས་ཀྱིས་བསྐུལ། །མི་གཟིགས་མངོན་པར་གྱུར་པའི་དོན། །ཐབས་དེ་ཞག་བདུན་བར་དུ་བྱ། །དེ་ཡིས་རྒྱུ་ཀུན་རྫོགས་པས་ན། །དེ་དག་རྣལ་འབྱོར་པ་ལ་འཇུག །དེ་ཡི་འོག་འབྱུང་མཆོག་
བཞིའོ། །རྡོ་རྗེ་ཚུལ་མཆོག་འདི་བརྩམས་པས། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་། །མཆོག་སྩོལ་ཞིང་ནི་རྣམ་པར་གཟིགས། །ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས། །ཡིད་ལ་མགུ་ཞིང་དགར་འགྱུར་བའི། །དངོས་གྲུབ་དམ་པ་དེ་དུས་ཏེ། །དེ་ལ་རོལ་མོ་འབྱུང་བའོ། །གལ་
ཏེ་གཉིས་ཀྱི་བདག་ཉིད་རྨོངས། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །དེ་ཡིས་སྔོན་དུ་མ་བྱས་ན། །དེ་དག་ཆད་པས་གཅད་པར་བྱ། །རང་ཉིད་འཁོར་ལོར་བཅས་པ་ཁྲོས། །ནག་པོ་མེ་དཔུང་དཀྱིལ་ན་བཞུགས། །བསྙེན་པ་ལ་སོགས་དང་ལྡན་པས། །ཕྱག་རྒྱ་ལྷན་ཅིག་གཉིས་མེད་
Vol. 44 · folio 66b
བྱ། །སྔོན་གསུངས་འཕྲོས་པ་རྣམས་ཀྱིས་ཀྱང་། །རང་ཁམས་གནས་པའི་རྟག་པ་སོགས། །རང་རང་ཁ་དོག་དང་ལྡན་པ། །ལྕགས་ཀྱུས་བཀུག་པར་བྱས་ནས་སུ། །ཕྱག་རྒྱའི་གསང་བར་ཉི་མའི་སྟེང་། །མེ་ཡི་དཀྱིལ་འཁོར་གྲུ་གསུམ་དུ། །བཞག་སྟེ་དེ་དག་དམ་ཚིག་གིས། །
བསྙེངས་པས་འདར་བར་བསམ་པའོ། །དེ་ནས་རང་གི་རིགས་ཅན་ཉིད། །ཉི་མ་བྱེ་བ་ཕྲག་བརྒྱའི་འོད། །ལྡན་པའི་པདྨ་ཁ་བྱེ་བའི། །ནང་དུ་བཅུག་ནས་ཕན་ཚུན་དཀྲི། །དེ་བཞིན་གཤེགས་པའི་རིགས་འབྱུང་གནས། །གཤིན་རྗེ་མཐར་བྱེད་སྟོད་སྔོན་བཞིན། །འོད་ལྡན་སྨད་ནི་རྩེ་
གཅིག་གཟུགས། །རྡོ་རྗེ་ལས་ནི་དབྱུང་བར་བྱ། །དེ་ཡིས་དེ་དག་རྟག་པ་ཡི། །སྤྱི་བོ་ནས་ནི་སྔགས་འདི་ཡིས། །བཏབ་པས་རླུང་གིས་ཐལ་བ་ལྟར། །སྔགས་ཀྱི་ལུས་ནི་མི་སྣང་བྱས། །ཨོཾ་ཙྪིནྡྷ་ཙྪིནྡྷ། ཧ་ན་ཧ་ན། ཧ་ན་ཧ་ན། དཱིཔྟ་བཛྲ་ཙཀྲ་ཧཱུྃ་ཕཊ། དེ་བཞིན་པདྨའི་རིགས་འབྱུང་བའི། །
པདྨ་མཐར་བྱེད་སྤྲོས་ནས་ཀྱང་། །སྔོན་བཞིན་སྣང་བ་མཐའ་ཡས་ཀྱི། །ཁ་རུ་སྔགས་འདིས་གདབ་པར་བྱ། །ཨོཾ་ཧྲཱིཿཕུར་པ་ཧཱུྃ་ཕཊ། རྡོ་རྗེ་རིགས་ལས་བྱུང་བ་ཡི། །ཤེས་རབ་མཐར་བྱེད་དེ་བཞིན་སྤྲོ། །དེ་ཡིས་མི་བསྐྱོད་ཐུགས་ཀ་རུ། །སྔགས་འདི་ཡིས་ནི་གདབ་པའོ། །ཨོཾ་ཨཱཿ
བཛྲ་ར་ཙ་ཧཱུྃ་ཕཊ། ཡི་གེ་གསུམ་གྱི་བར་བཅུག་པའི། །སྔགས་འདི་བསྐུལ་ནས་དེ་ཡིས་བཏབ། །རྟོག་པ་ལས་བྱུང་ཇི་སྙེད་པ། །བསལ་བས་ཤེས་བྱའི་སྒྲིབ་སོགས་བཅོམ། །ཏཏ་ཀུ་ལ་ན་ཤྭ་ཀཱི་ལ་ཡ་ཧཱུྃ་ཕཊ། བཏབ་པ་ཙམ་གྱིས་རྡོ་རྗེ་གསུམ། །སྐུ་གསུམ་དྲི་མེད་ལས་བྱུང་
བའི། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཡང་ན་འཆི་བའི་གནས་སུ་འགྱུར། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཆོ་ག་ལེགས་པར་བྱས་ནས་ནི། །མཁའ་དབྱིངས་རྡོ་རྗེ་མཐའ་ཀླས་པར། །འདེབས་པར་གྱུར་པ་གདོན་མི་ཟ། །བསྒྲུབ་བྱ་དེ་དག་ཞི་བའི་ཕྱིར། །བསྡུ་དང་
སྤྲོ་བའི་སྒོ་ནས་ཀྱང་། །ཕུར་བུ་སྔགས་ཀྱིས་ཕྱུང་ནས་ནི། །ཡེ་ཤེས་ཙམ་དུ་གནས་པར་བྱ། །ཨོཾ་ཨཱཿབཛྲ་དྷ་རོ་ཨཱཛྙཱ་ཨུད་ཀཱི་ལ་ཡ་ཧཱུྃ། ཨོཾ་བཛྲ་དྷ་རོ་ཨཱཛྙཱ་ཨུད་ཀཱི་ལ་ཡ་ཧཱུྃ། ཨོཾ་ཨཱཿསརྦ་ཀཱི་ལ་ཡ་ཀ་ན་བུདྡྷ་ས་ཏེ་ན་བཛྲ་དི་ཏ་ཨ་བཛྲ་ཡ་ཧཱུྃ། ཨོཾ་ཨཱཿསརྦ་ཀཱི་ལ་ཡ་ཀ་ན་དྷརྨྨཱ་ས་ཏེ་བཛྲ་དི་ཏ་ཨ་བཛྲ་
Vol. 44 · folio 67a
ཡ་ཧཱུྃ། ཨོཾ་ཨཱཿསརྦ་ཀཱི་ལ་ཡ་ཀ་ན་སཾ་གྷ་ས་ཏེ་ན་བཛྲ་དི་ཏ་ཨ་བཛྲ་ཡ་ཧཱུྃ། ཡེ་ཤེས་མར་མེ་ལྟ་བུའི་ཚུལ། །རང་གི་མི་ཤེས་དབྱེར་མེད་བྱས། དབུགས་འབྱིན་མཆོག་དང་ལྷན་ཅིག་ཏུ། །ཆོ་ག་འདི་ནི་མ་ལུས་བརྩམ། །དཔུང་བརྐྱང་མགུལ་པ་ནས་འཁྱུད་
པས། །མི་གཡོ་སྐྲ་བཟུང་བརླ་གཉིས་པར། །བལྟས་ཏེ་སིང་སྒྲའི་གླུ་བླངས་ནས། །བུང་བ་ལྟ་བུར་རྩེ་བར་བྱ། །འགྱིང་བག་སྟབས་ཀྱིས་འཁྱུད་ནས་ནི། །གཡོན་གྱི་སྤྱི་བོ་ནས་བཟུང་ནས། །གཡས་ཀྱི་ཀོ་སྐོ་བསྟེན་ནས་ནི། །མ་མཆུ་སྦྲང་རྩི་གཞིབ་པར་བྱ། །གཞིབ་ཅིང་
སིད་ཅེས་རབ་བརྗོད་པས། །འགྲམ་གཉིས་སུ་ནི་འོ་བྱ་ཞིང་། །དཔུང་པའི་བར་དུ་རབ་བྱས་ལ། །ཁ་ཡིས་དེ་ལ་རྩེ་བར་བྱ། །རྣ་བ་དེ་བཞིན་མཆན་ཁུང་དང་། །མགྲིན་པའི་གློ་དང་སུམ་མདོ་རྣམས། །སེན་མོས་རེ་མོས་གདབ་བྱ་ཞིང་། །ཡང་དང་ཡང་དུ་བྱུག་པར་བྱ། །གཡོན་གྱིས་
པདྨ་མཉེ་བ་དང་། །ལག་གཉིས་སྦྱོར་བའི་དཀྱིལ་འཁོར་ལ། །རྡོ་རྗེ་གཡོན་གྱིས་སོར་མོ་གསུམ། །ཆོས་འབྱུང་ནང་དུ་བྲུད་ཅིང་རྩེ། །བསྙེན་དང་ཉེར་བསྒྲུབ་སྒྲུབ་པ་ཡིས། །འདི་ལྟར་བསྐྱོད་པ་ཙམ་གྱིས་ནི། །སྙིང་འདར་དྲན་པ་ཉམས་པར་འགྱུར། །སྤྱི་བོ་སྐྲ་བཀྲོལ་གོས་འདོར་
བྱེད། །དངུལ་ཆུ་ཐིགས་པས་ཀུན་དུ་ཁྱབ། །བརྟན་པའི་ངང་ཚུལ་ཤོར་ནས་ནི། །བ་སྤུ་རྣམས་ཀྱང་གཡོ་བར་བྱེད། །དམར་བའི་མིག་ནི་ཕྲ་བས་བལྟ། །བདག་ཉིད་བསྒྲུབ་པ་ལ་གནས་ན། །ཟླ་བ་ལྟ་བུའི་རིགས་ཅན་འཆར། །རྩེ་གཅིག་ཡིད་ཀྱིས་མ་སྤྲོས་པར། །ཡང་དང་ཡང་
དུ་བརྟག་པར་བྱ། །མཁའ་འགྲོ་མ་གཏོགས་ཕྱག་རྒྱ་ཡིས། །ལྷན་ཅིག་དུས་ནི་བདུན་དུ་བརྟག །བྱིན་བརླབས་དེའམ་དེ་སྔོན་དུ། །མངོན་དུ་བྱེད་པར་ཐེ་ཚོམ་མེད། །རྡོ་རྗེ་ཉི་མ་ནུབ་ནས་ནི། །བསྒྲུབ་པ་ཀུན་དུ་བརྩམ་པར་བྱ། །ཉི་མ་བདུན་གྱིས་འགྲུབ་འགྱུར་བ། །སྐྱ་རེངས་འཆར་བའི་དུས་
ནའོ། །དེ་རུ་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་ཆེན་ཀུན་གྱི་གནས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ། །སངས་རྒྱས་ཀུན་གྱི་ཐབས་བྱས་ཐོབ། །དེ་ནི་སྐུ་གསུམ་མཆོག་སྦྱིན་པ། །སངས་རྒྱས་མཚན་གྱིས་མཚན་པར་འགྱུར། །དཔག་ཚད་བྱེ་བའི་ཚད་ཙམ་དུ། །དེ་ཡི་འོད་ཀྱང་
Vol. 44 · folio 67b
སྣང་བར་བྱེད། །དེ་ཉིད་ཡང་དག་ཡེ་ཤེས་ཐོབ། །གཟུགས་བརྙན་བདག་ཉིད་སྤྱི་གཟུགས་ཀྱིས། །འཁོར་ལོ་གསུམ་པོ་མཐའ་ཡས་ཁམས། །འགྲོ་བའི་ཕན་དོན་མཛད་པའོ། །འཁོར་བ་ཇི་སྲིད་གནས་ཀྱི་བར། །སྦྱོར་བ་བདུན་ལྡན་རྡོ་རྗེ་སེམས། །རོ་མྱང་མཚན་ཉིད་བརྒྱན་
བརྙེས་ནས། །བླ་ན་མེད་པར་གྱུར་པའོ། །རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པའི་ཆོ་ག་རྒྱས་པར་བཤད་ཟིན་ཏོ།། །།གང་ཕྱིར་རྒྱུ་དང་བཅས་པ་ཡིས། །དངོས་པོ་དེ་དག་ངོ་བོ་ནི། །བྱང་ཆུབ་སེམས་ཡིན་དེ་ཡི་ཕྱིར། །དེ་ཡི་རང་བཞིན་བརྗོད་པར་རིགས། །
ཐོག་དང་ཐ་མ་མེད་ཞི་བ། །དངོས་པོ་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་སུ་གསུངས་པའོ། །བྱང་ཆུབ་སེམས་དེའི་ནང་དུ་ནི། །བདག་པོ་འགའ་ཡང་མི་དམིགས་སོ། །དེ་ཡི་གཉེན་པོ་རྣམ་གསུམ་ལ། །ཐ་དད་དབྱེ་བར་རྣམ་པར་རྟོག །དེ་
ཡང་རང་བཞིན་ལ་མི་དམིགས། །འོད་གསལ་སེམས་ནི་དག་པ་ལ། །གཅིག་དང་དུ་མ་བྲལ་བའི་ཕྱིར། །དོན་གཞན་འགྱུར་བ་ཡང་མི་དམིགས། །སྒྱུ་མ་ཙམ་གྱི་སེམས་དེ་ནི། །དག་དང་མ་དག་གཉིས་མི་རུང་། །དེ་བས་རང་བཞིན་རྣམ་དག་པའི། །བྱང་ཆུབ་སེམས་སུ་
ངེས་པའོ། །དེ་ཡི་དེ་བཞིན་ཉིད་ངོ་བོ། །གང་དང་འབྲེལ་པ་མ་ཡིན་ནོ། །མ་འབྲེལ་པ་ཡང་མ་ཡིན་ནོ། །ཀུན་རྟོག་ཡང་ནི་སྙམ་མི་སེམས། །ནམ་མཁའ་རྟག་མེད་བལྟར་མི་སྣང་། །ཆོས་རྣམས་ཀུན་ཀྱང་དེ་བཞིན་ནོ། །ཆོས་རྣམས་སྐུ་གསུམ་མཉམ་པ་སྟེ། །གང་ཡིན་སེམས་
ཀྱི་ངོ་བོའོ། །སེམས་དེ་དེ་བཞིན་ཉིད་གནས་ལ། །དེ་ནི་ཁམས་གསུམ་གནས་མ་ཡིན། །མི་གནས་དེ་ནི་ཀུན་བརྟགས་ཀྱི། །སྐྱེ་མེད་ངོ་བོ་མེད་པའོ། །ཡིན་ཡང་བདེ་གཤེགས་ཐམས་ཅད་ཀྱི། །ཡེ་ཤེས་འབྱུང་བའི་རྒྱུ་ཉིད་དེ། །རྒྱུ་གསུམ་མི་གནས་ཆོས་དེ་ནི། །སྐྱེ་མེད་ཡེ་
ཤེས་འབྱུང་བའི་གནས། །སད་དང་རྨི་ལམ་དབྱེར་མེད་པས། །འདས་པ་རྨི་ལམ་ལྟ་བུ་སྟེ། ད་ལྟར་བྱུང་བ་རྨི་ལམ་འདྲ། །མ་འོངས་རྨི་ལམ་ལས་བྱུང་བའོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་དང་། །སེམས་ཅན་རྣམས་ནི་ཇི་སྙེད་པ། །རྨི་ལམ་ལྟ་བུར་བདག་མེད་
Vol. 44 · folio 68a
དེ། །སྒྱུ་མ་ལྟ་བུར་དེ་བཞིན་ནོ། །དཔེར་ན་ཡིད་བཞིན་རིན་པོ་ཆེ། །རྟོག་པ་ཐམས་ཅད་རབ་བྲལ་ཡང་། །སྐལ་བ་ལྡན་པའི་སེམས་དབང་གིས། །འདོད་པ་ཐམས་ཅད་འབྱུང་བར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དེ་ལས། །ཆོས་རྣམས་ཐམས་ཅད་
འབྱུང་བས་ན། །ནམ་མཁའ་རྗེས་འབྲང་ཆོས་རྣམས་ལ། །སངས་རྒྱས་ཆོས་རྣམས་རྗེས་སུ་འབྲང་། །དེ་བས་དངོས་གྲུབ་ཐམས་ཅད་དང་། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །ལུས་དང་ངག་དང་སེམས་ལ་གནས། །དེ་ནི་ཁམས་གསུམ་མི་གནས་སོ། །ནམ་མཁའ་
བཞིན་དུ་དག་པའི་ཕྱིར། །དེ་བཞིན་གཅིག་ལ་གཅིག་མི་གནས། །དེ་དག་དེ་བཞིན་ཉིད་གནས་པས། །དེ་ནི་སྨྲ་བརྗོད་ཡུལ་ལས་འདས། །དེ་འདྲའི་དེ་བཞིན་ཉིད་ལ་ནི། །རང་གི་ཡེ་ཤེས་རབ་སྦྱོར་ཞིང་། །གཞན་ཡང་བདག་པོ་འདི་སྙམ་དུ། །སྐུ་མི་འགྱུར་བ་འདི་སྙམ་དུ། །
གསུང་དང་ཐུགས་ཀྱི་བདག་ཉིད་མེད། །ནམ་མཁའ་རྡོ་རྗེ་རྟོག་ལས་བྱུང་། །ལོག་པ་དག་ཏུ་འཛིན་སྙམ་ནས། །བདག་གཅིག་སྟོན་པ་མི་གསུང་བཞུགས། །དེ་ནས་འཇམ་པའི་དབྱངས་ལ་སོགས། །དེ་ཡི་གཉིས་པ་དགག་པའི་ཕྱིར། །བདེ་བར་གཤེགས་ལ་ཡང་ཞུས་པ། །གསུང་
ལ་ལོག་འབྱུང་མི་བརྟག་གསོལ། །ཅི་ཕྱིར་སྔོན་གྱི་རྒྱལ་བ་ལྟར། །རྡོ་རྗེ་འཆང་བས་མཛད་པར་རིགས། །ཡོད་དེ་ཚངས་པ་ལ་སོགས་པ། །ཡང་དག་མངོན་ཤེས་མ་ཐོབ་པས། །ཀུན་རྫོབ་རྒྱུན་ལ་འཁྲུལ་པས་ན། །བདག་པོ་འདི་ཡིས་ཤེས་ནས་སམ། །ཡང་ན་མི་སེམས་འཆད་དོ་
སེམས། །དེ་བས་ལོག་འབྱུང་བཀག་པའོ། །སྐྱེ་མེད་རྡོ་རྗེ་མངོན་བྱང་ཆུབ། །ངོ་བོ་མེད་པ་མི་འགྱུར་བ། །བདེ་གཤེགས་རྣམས་ཀྱིས་ཀྱང་མི་ཤེས། །དེས་ནི་སེམས་ཅན་ཀུན་ལ་ཁྱབ། །དེས་ན་དེ་དག་ཐམས་ཅད་ཀུན། །བྱང་ཆུབ་རྡོ་རྗེའི་གནས་ཐོབ་པས། །སངས་རྒྱས་རྡོ་རྗེ་རྫུ་
འཕྲུལ་ཆེ། །དེ་བླངས་དེ་ནི་ཐོབ་པའོ། །དེ་བས་ཆོས་འདི་ཐམས་ཅད་ཀུན། །ངོ་བོ་ཉིད་བདག་གནས་མེད་ལ། །ཆོས་དབྱིངས་ཤེས་རབ་གནས་སུ་རྟོག །རྡོ་རྗེ་ལས་བྱུང་ལྟར་སྨྲས་པ། །སྨྲ་སྟེ་སྨྲ་བ་ཡང་མ་ཡིན། །སྔོན་བཞིན་ཐམས་ཅད་མཁའ་ལ་གནས། །ནམ་མཁའ་གང་དུ་
Vol. 44 · folio 68b
མི་གནས་པས། །དེ་ནི་རང་བཞིན་འོད་གསལ་དབྱིངས། །དེ་རུ་ཡང་དག་ཀུན་རྫོབ་རྒྱན། །དབྱེར་མེད་པ་ཡིས་རྣམ་པར་བསྒོམ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་བསྒོམ་པའོ། །དེ་ལྟར་བྱང་ཆུབ་སེམས་བསྒོམ་པས། །རྣམ་དག་གསང་བའི་ཡི་གེ་
གསུམ། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ། །དད་པའི་འབྲས་བུ་རྫོགས་པར་འགྱུར། །གང་ཕྱིར་བུད་མེད་སྐྱེས་པ་དང་། །མ་ནིང་གསལ་བྱེད་ཐམས་ཅད་ནི། །ཡི་གེ་གསུམ་སྡུད་དེ་ཡི་ཕྱིར། །དེ་ནི་ཀུན་གྱི་གཙོ་བོའོ། །དངོས་པོ་གཟུགས་ཅན་ཐམས་ཅད་དང་། །སྒྲ་
གྲག་པ་ནི་ཇི་སྙེད་དང་། །བསམ་རྟོག་མ་ལུས་ཐམས་ཅད་ཀུན། །རྡོ་རྗེ་གསུམ་གྱི་སྡུད་པའོ། །དེ་འདྲའི་དེ་ཉིད་གསུམ་པོས་ནི། །ཀུན་ཁྱབ་གཞན་གྱི་སྤྱོད་ཡུལ་མིན། །ཉག་གཅིག་རྟོགས་པའི་སྤྱོད་ཡུལ་པས། །དེ་ནི་གསང་བའི་ཡི་གེའོ། །དེ་བས་རྫོགས་ལྡན་ལ་
སོགས་པར། །དེ་ནི་སྣོད་ནི་མ་གཟིགས་པས། །རྡོ་རྗེ་འཆང་བ་དེ་ཡི་ཚེ། །དེ་འགྱུར་གསང་བའི་དོན་མ་བཤད། །ཕ་རོལ་ཕྱིན་པ་ལ་སོགས་པས། །བསྐལ་པར་འབད་ཀྱང་མི་བརྙེས་པ། །གསང་བའི་དོན་འདིས་ཚེ་འདི་ལ། །སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས། །སངས་
རྒྱས་ཀུན་གྱི་བྱང་ཆུབ་ཆེ། །སྐུ་གསུམ་དབྱེར་མེད་སངས་རྒྱས་མཆོག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །བླ་ན་མེད་པ་དེས་འགྱུར་རོ། །གོང་གསུངས་སེམས་ཅན་དེ་དག་ཀུན། །འདི་ཡི་སྣོད་མ་ཡིན་ཐོས་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །སྙིང་རྗེ་གར་གྱིས་
དེ་དག་དུས། །དོན་དེ་ཟབ་མོར་བསྟན་པའི་ཕྱིར། །གསང་བའི་ཡི་གེ་རྣམ་དག་པས། །ཐུན་མོང་གི་ནི་སྡུག་བསྔལ་ཏེ། །དེ་བས་བདེ་གཤེགས་རྣམས་ཀྱིས་བཀག །དུས་འདིར་བདག་ཅག་སྣོད་དུ་གྱུར། །དེ་ཡི་ཆོས་ཉིད་ཉེར་བླངས་པས། །སྐུ་གསུམ་རྡོ་རྗེའི་ཆོས་ཉིད་
དེ། །འགའ་འགས་རྟོགས་པར་འགྱུར་བའོ། །དེ་ལྟར་བསྟན་པའི་དངོས་པོ་རྣམས། །རྣམ་པ་བཞི་རུ་ཡང་དག་དབྱེ། །སྐྱེས་བུ་ལམ་དང་དེ་སྔོན་འགྲོ། །ལམ་གྱིས་བསྒྲུབ་པའི་འབྲས་བུའོ། །སྐྱེས་བུ་གསུམ་དེ་དང་པོ་དང་། །ཅུང་ཟད་ཙམ་དང་ཡེ་ཤེས་ཐོབ། །བསྙེན་པ་ཐུན་
Vol. 44 · folio 69a
མོང་ཅིག་ཤོས་ཀྱི། །བསྒྲུབ་ལ་འཇུག་པའི་སྐྱེས་བུའོ། །རྡོ་རྗེ་ཅན་གྱིས་བསྟན་པ་ཡི། །ལམ་གྱི་རིམ་པ་རྣམ་གཉིས་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པའི་རིམ་པ་ཁོ་ནའོ། །བསྐྱེད་པའི་རིམ་པ་བསྙེན་པ་དང་། །ཐུན་མོང་ཐུན་མིན་སྒྲུབ་
པ་ལ། །སྣོད་དག་སྐྱེ་བའི་རིམ་པ་གསུམ། །བསྒོམ་པའི་རིམ་པ་ཇི་སྙེད་པའོ། །རྫོགས་པའི་རིམ་པ་རྣལ་འབྱོར་དང་། །ཕྱག་རྒྱ་ལས་སྐྱེས་ཆོས་ཐམས་ཅད། །སྒྱུ་མ་ལ་སོགས་འདྲར་བསྒྲུབ་པ། །རང་བཞིན་གནས་པའི་རྣལ་འབྱོར་རོ། །དེ་ཡི་སྔོན་འགྲོ་རྣམ་གསུམ་སྟེ། །
དཀྱིལ་འཁོར་དང་ནི་དམ་ཚིག་དང་། །དེ་ཡི་བསྒྲུབ་པའི་ངོ་བོ་ཉིད། །རྡོ་རྗེ་འཆང་བས་རབ་ཏུ་གསུངས། །དཀྱིལ་འཁོར་བཞི་སྟེ་རི་མོ་དང་། །ལུས་དང་བྱང་སེམས་བྷ་ག་སྟེ། །ཡེ་ཤེས་ལྔ་ལ་སོགས་པ་ཡི། །ཐོབ་བྱེད་གནས་སུ་ཡང་དག་བཤད། །དམ་ཚིག་ལ་ནི་རྣམ་གཉིས་
ཏེ། །ཐུན་མོང་སྡོམ་པར་བསྟན་པ་དང་། །ཐུན་མོང་མ་ཡིན་སྡོམ་པའོ། །ཐུན་མོང་མ་ཡིན་རྣམ་གསུམ་སྟེ། །སྤང་བའི་དམ་ཚིག་སྡོམ་པ་དང་། །བཟའ་དང་བསྲུང་བའི་དམ་ཚིག་དང་། །རྣལ་འབྱོར་སྙིང་པོ་སྡོམ་པ་སྟེ། །སྣོད་སོགས་རྐྱེན་དུ་ཡང་དག་བཤད། །དབང་གི་རྣམ་
པ་གསུམ་དག་སྟེ། །བུམ་པའི་དབང་གི་དང་པོ་དང་། །གཉིས་པ་ལ་ནི་གསང་བའི་དབང་། །ཤེས་རབ་ཡེ་ཤེས་གསུམ་པའོ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །བླ་མ་དམ་པའི་ཞལ་ལས་ནི། །ཐོབ་པ་ཡིན་ཏེ་རྣམ་པ་གསུམ། །ཀུན་ལ་རབ་ཏུ་ཁྱབ་པའོ། །འབྲས་བུ་
ལ་ནི་རྣམ་གཉིས་ཏེ། །ཐུན་མོང་གི་ནི་གྲུབ་པ་དང་། །ཕྱག་རྒྱ་ཆེན་པོའི་གྲུབ་པའོ། །ཐུན་མོང་གྲུབ་པ་རྣམ་པ་བརྒྱད། །རིག་འཛིན་མངོན་པར་ཤེས་པ་ལྔ། །མངག་གཞུག་སྔགས་ཀྱི་ཁྱད་པར་དང་། །ཨ་ཛ་ལས་ཀྱི་དབྱེ་བའོ། །ཅིག་ཤོས་རྡོ་རྗེ་གསུམ་ཡིན་ཏེ། །དེ་དང་
དེ་རུ་རབ་བསྟན་པའི། །སངས་རྒྱས་ཉིད་གྲུབ་དངོས་གྲུབ་ནི། །ཡང་དག་ཡེ་ཤེས་དབང་ཐོབ་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ཀུན། །ཚུལ་འདི་ལས་ནི་མ་འདས་པས། །ཤེས་རབ་ལྡན་པ་རྣམས་ཀྱིས་ཀྱང་། །འདི་རྣམས་ཁོ་ན་བསྒྲེ་བར་བྱ། །གསང་དང་རབ་གསང་
Vol. 44 · folio 69b
ཤིན་ཏུ་གསང་། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཕྲ་ཞིང་ཤེས་དཀའ་བདེ་གཤེགས་རྣམས་ཀྱི་ཡུལ་འདི་རྟོག་བྲལ་དཔྱད་ལས་འདས། །འོན་ཀྱང་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བླ་མེད་ཐུགས་རྗེ་ཉི་ཟེར་གྱིས། །བསྐལ་པར་འདུས་བྱས་པ་ཡི་མུན་པ་ཀུན་བསལ་བདེ་གཤེགས་
སྤྱོད་ཡུལ་བསྟན། །བདག་གིས་ཅུང་ཟད་རྟོགས་ནས་དང་པོ་གྲོགས་མཆོག་བཟང་པོ་གསང་བ་དང་། །ཀོ་ས་ལ་ཡི་གྲོགས་མཆོག་དྲི་མེད་པ་ཡི་བཟང་པོ་ཞེས་བྱ་དང་། །ཤེས་རབ་ལྷ་ཞེས་བྱ་བའི་གྲོགས་མཆོག་པཉྩ་ལ་ཡི་དུར་ཁྲོད་གནས། །ལེགས་པའི་ཚུལ་མང་ཤྲི་ན་ལེནྡྲ་ཡི་
གཙུག་ལག་ཁང་གནས་ཏེ། །དགེ་བའི་སྤུན་གྱིས་གསོལ་བཏབ་རྒྱུད་ཀྱི་རྒྱལ་པོ་དེ་ལ་བློ་དམན་པས། །ཚོགས་ནི་ཆུང་ངུས་རྟོགས་པར་བྱ་ཕྱིར་ང་རྒྱལ་མ་ཡིན་དད་པ་ཡིས། །བསྡུས་པའི་དོན་དང་སྒྲུབ་པའི་ཐབས་འདི་འབད་པས་སེམས་ཁྲལ་ཆེར་བྱས་ལ། །སངས་རྒྱས་ལ་
སོགས་དཔའ་བོ་མཁས་པ་རྣམས་ཀྱིས་བདག་ལ་བཟོད་པར་མཛོད། །དེ་ལྟར་བྱས་པ་ལས་བྱུང་དགེ་བ་དྲི་མེད་དེ་ཡིས་འགྲོ་བ་རྣམས། །འདི་གཞུང་རིམ་པས་ཚོགས་ནི་རབ་རྫོགས་རིག་འཛིན་ལ་སོགས་གསུམ་གྱིས་ནི། །ཐ་མལ་པ་ཡི་སྐད་ཅིག་སོགས་བསྒྲེས་དེ་འགག་དེ་ཡིས་
བཟློག་བྱ་སྟེ། །རང་གི་ཕྱག་རྒྱས་རྡོ་རྗེ་འཆང་བ་ཐོབ་ནས་བདུད་ལས་རྒྱལ་གྱུར་ཅིག །དཔལ་གསང་བ་འདུས་པ་སྒྲུབ་པའི་ཐབས་དངོས་གྲུབ་འབྱུང་བའི་གཏེར་ཞེས་བྱ་བ། སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་།
བོད་ཀྱི་ལོ་ཙཱ་བ་ལྷ་བཙན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words