དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས

Sanskrit title (Tibetan script, as in the text) ཤྲཱི་རཀྟ་ཡ་མཱ་སཱ་དྷ་ནཾ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 48 · folio 88a

༄༅༅། །རྒྱ་གར་སྐད་དུ། ཤྲཱི་རཀྟ་ཡ་མཱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། དཔལ་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །བླ་མ་དེ་རྗེས་རྡོ་རྗེ་གཤིན་རྗེ་གཤེད་དམར་པོ། །རང་སྣང་ལུས་འཁྱུད་བདེ་བས་གང་ཞིག་

གཞན་དོན་འཇུག །རྡོ་རྗེས་མཚན་པའི་དབྱུག་པ་མི་མགོར་ལྡན་པའི་ཕྱག །ཞལ་གཅིག་འཇིགས་པ་སེལ་ལ་གུས་པས་མགོས་ཕྱག་འཚལ། །སྦྱིན་པ་ཚུལ་ཁྲིམས་ལ་སོགས་ལྡན། །བློ་བཟངས་སེམས་ཅན་དོན་རྩེ་གཅིག །བྱམས་སོགས་ཡོན་ཏན་ཡོངས་སུ་རྫོགས། །

དད་དང་ཐོས་པས་རྣམ་པར་བརྒྱན། །སྔ་བར་བརྩེ་བའི་བདག་ཉིད་ཀྱིས། །དང་པོར་ཁ་སོགས་དག་བྱས་ནས། །སྐྱེ་བོས་དབེན་སོགས་དུར་ཁྲོད་སོགས། །བདེ་བའི་སྟན་ལ་བརྩམ་པར་བྱ། །རང་གི་སྙིང་གར་པདྨ་བཀོད། །ཤིན་ཏུ་གསལ་བའི་ཉི་མ་བལྟ། །ཡཾ་ཡིག་དབུས་སུ་ཧཱུཾ་

Vol. 48 · folio 88b

ཡིག་ནི། །དམར་པོ་འོད་ཟེར་འཕྲོ་བའོ། །དེ་ཡི་འོད་ཀྱིས་སྤྱན་དྲངས་པའི། །རང་ལྷག་ལྷ་ཡི་དཀྱིལ་འཁོར་དང་། །རྡོ་རྗེ་འཆང་བདག་རྣམ་པ་ཅན། །བླ་མ་སངས་རྒྱས་དེ་ཡི་སྲས། །ཁམས་གསུམ་གནས་པའི་སེམས་ཅན་ཡང་། །དཀྱིལ་འཁོར་པ་ཡི་རང་བཞིན་ཅན། །དམིགས་ནས་

དེ་དག་རྣམས་ལ་ཕྱག །ལུས་ཀྱི་ཚོགས་ཀྱིས་རྣམ་པར་བརྩོན། །ཙརྩི་ཀཱ་ལ་སོགས་པ་ཡིས། །མཆོད་པ་བྱས་ལ་སྡིག་པ་བཤགས། །ལུས་དང་ངག་དང་ཡིད་ཀྱིས་སྡིག །བགྱིད་དང་དེ་བཞིན་བགྱིད་སྩལ་གང་། །གང་ཡང་རྗེས་སུ་ཡི་རང་བ། །དེ་དག་དུས་གསུམ་མགོན་ལ་

བཤགས། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །འཕགས་རྣམས་དགེ་ཚོགས་རྗེས་ཡི་རང་། །རྫོགས་པའི་སངས་རྒྱས་དམ་པའི་ཆོས། །ཚོགས་ཀྱི་མཆོག་བཅས་སྐྱབས་སུ་མཆི། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །རང་གི་ལུས་ནི་དབུལ་བར་བགྱི། །དམ་པའི་ཆོས་ཀུན་

སྟོན་པ་ཡི། །སྒྲ་དབྱངས་མཛེས་པས་བཞུགས་སུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་དང་། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་བསྟེན་པར་བགྱི། །སེམས་ཅན་རྣམས་ཀྱི་དོན་བསྒྲུབ་ཕྱིར། །རྫོགས་པའི་

བྱང་ཆུབ་སེམས་བསྐྱེད་བགྱི། །བསོད་ནམས་ཀུན་ནས་གང་བསགས་པ། །རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དུ། །གྱུར་ནས་བདག་གིས་འགྲོ་ཕན་བགྱི། །སྨོན་ལམ་འདི་ནི་བྱས་ནས་སུ། །བློ་ཡིས་དེ་རྣམས་གཤེགས་དེ་ནས། །བརྩེ་

བས་ཆོ་ག་བཞིན་བལྟས་ཏེ། །སྣ་ཚོགས་སྟོང་པར་རྣམ་པར་བསམ། །རང་བཞིན་དང་བྲལ་སྟོང་པ་སྟེ། །རྒྱུ་ཡིས་ཀྱང་ནི་མཚན་མ་མེད། །རྣམ་པར་རྟོག་དང་བྲལ་ཉིད་ཀྱིས། །སྨོན་པ་རྣམ་པར་སྤངས་པའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བརྟན་པར་བྱས་ནས་

སེམས་དེ་ནི། །ཨཾ་ཡིག་ལས་བྱུང་ཉི་མ་དེར། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྟེ། །ཀུན་ནས་སྔོན་པོ་རྩེ་ལྔ་པ། །འོད་ཟེར་འཕྲོ་བས་ཀུན་ནས་འཁྲིགས། །བསྲུང་བའི་དོན་དུ་བསྒོམ་པར་བྱ། །རྡོ་རྗེས་ས་གཞི་ཁོར་ཡུག་དང་། །ར་བ་གུར་ནི་དེ་བཞིན་དུ། །སངས་རྒྱས་ཞིང་ནི་རྣམ་དག་ཕྱིར། །

Vol. 48 · folio 89a

སླར་ཡང་བསམ་གཏན་བརྩམ་པར་བྱ། །དེར་ནི་སྣ་ཚོགས་པད་ཟླ་ལ། །སཾ་བྱུང་རྡོ་རྗེ་བཟང་པོ་ཡི། །ཡན་ལག་ཆོས་འབྱུང་ཟུར་གསུམ་དཀར། །སྣ་ཚོགས་པདྨ་རྡོ་རྗེ་དང་། །སོན་ཅིང་གྱེན་དུ་གནས་བསྒོམ་དེའི། །དབུས་སུ་སླར་ཡང་དཀྱིལ་འཁོར་ནི། །བྷྲུཾ་ཡིག་

འཁོར་ལོ་ལས་སྐྱེས་པ། །རྟག་པའི་ཡན་ལག་ཡང་དག་བྱུང་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཀྱིས་སྤྲས་ཤིང་། །སྟེགས་བུ་ལྷ་མོས་མཛེས་བྱས་པ། །སྣ་ཚོགས་རྩེ་མོ་རླུང་གིས་བསྐྱོད། །བ་དན་དྲིལ་བུ་དང་ལྡན་པ། །སྣ་ཚོགས་

རྡོ་རྗེ་མཉམ་པར་མནན། །ཟླ་བ་ཉི་མ་རྒྱལ་བའི་གདན། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་ལྗང་གུ་ཡང་དག་མཚུངས། །དབང་སྔོན་འོད་འབར་རྣམ་པར་ནི། །དབུས་ཀྱི་ས་གཞི་རྣམ་བསྒོམ་བྱ། །ཕྱོགས་ཀྱི་ཁ་དོག་

དབྱེ་བ་འདིས། །སྣ་ཚོགས་རྡོ་རྗེའང་བསྒོམ་པར་བྱ། །ཐོག་ཀྱང་དེ་བཞིན་བསམ་བྱ་ཞིང་། །རྩིག་པ་སོ་སོ་གོ་རིམས་བཞིན། །རྣམ་པ་ལྔ་ནི་རྣམ་བསྒོམས་ནས། །སངས་རྒྱས་སྐུ་ནི་རྣམ་པར་བསྒོམ། །རྣམ་པ་ལྔ་དེས་དཔལ་ལྡན་ནི། །རྡོ་རྗེ་གཤིན་རྗེ་འཇོམས་མཛད་པ། །སངས་

རྒྱས་སྐུ་ཞེས་བྱ་བར་གྲགས། །དེ་ཡང་དབྱེ་བས་བརྗོད་པར་བྱ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། །པདྨ་ཉི་མ་དབྱངས་ཟུང་དགོད། །དེ་ཡིས་ཟླ་བ་ཀ་ཡིག་སོགས། །ཌ་ཌྷ་ད་དྷ་ཡ་ལ་ཡང་། །སྤེལ་ཏེ་ཟུང་དེས་རྫོགས་པ་ཡི། །ཟླ་བ་དམར་པོ་བསྒོམ་པར་བྱ། །འདི་དག་ཁོ་ན་རྫོགས་པ་ནི། །

མེ་ལོང་ལྟ་བུའི་ཡེ་ཤེས་བརྗོད། །མཉམ་པ་ཉིད་ནི་དེ་གཅིག་ཉིད། །སོ་སོར་ཀུན་རྟོག་དེ་བྱུང་ཧཱུཾ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །དེ་ལས་བྱུང་བའི་རྣམ་པར་བསམ། །རྡོ་རྗེ་དབྱུག་པ་དབྱུག་པ་ཆེ། །མི་མགོ་སེར་པོས་རྣམ་པར་བརྒྱན། །ནོར་བུ་མེ་ཤེལ་ལྟ་བུ་ཡི། །འོད་ཟེར་འཁྲུག་

པའི་ས་བོན་བཅས། །ཨོཾ་བཛྲ་དཎྜ་ཨཱཏྨ་ཀོ྅ཧཾ། ཞེས་པས་ང་རྒྱལ་བྱའོ། །དེ་ལས་བྱུང་བ་དཀར་པོའི་ཉི་འོད་སྣང་བ་ཐུབ་མཆོག་འོད་འཕྲོ་རང་སྣང་གིས་སྐུ་འཁྱུད། །སྒེག་པའི་ཁྲོ་བོའི་ཚུལ་ཅན་མཆོག་ཏུ་བདེ་བའི་རང་བཞིན་རྡོ་རྗེ་འཆང་གི་མཚན་འཆང་བ། །གཡོན་བརྐྱང་གདན་

Vol. 48 · folio 89b

བཞུགས་འབར་བའི་རྡོ་རྗེ་དང་ལྡན་མི་མགོ་སོ་སོར་མཚན་པའི་དབྱུག་པ་ཐོགས། །གཏུམ་པོ་བདུད་རྩིའི་ཚོགས་ཀྱི་ཁུ་བས་ཡོངས་སུ་གང་བའི་པདྨའི་སྣོད་ནི་བསྣམས་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི། །ཡེ་ཤེས་རྡོ་རྗེ་འཛིན་བདག་ཉིད། །རྣམ་པ་ལྔ་ཡི་རང་བཞིན་གང་། །

རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །འདི་ནི་རྣལ་འབྱོར་རོ། །འདོད་ཆགས་ཆེན་པོའི་གདུལ་བྱ་ནི། །འགྲོ་བ་གསུམ་པོ་མཉམ་བལྟས་ནས། །རང་སྙིང་ཡེ་ཤེས་འོད་ཟེར་གྱིས། །འགྲོ་བ་སངས་རྒྱས་གཟུགས་ཅན་བྱས། །རང་གི་ལུས་ལ་མཉམ་པར་གཞུག །བདེ་བ་དམ་པའི་རང་

བཞིན་དུ། །བདག་ཉིད་ལོངས་སྤྱོད་རྫོགས་པ་བསྒོམ། །ཀུན་དུ་རྟོག་པ་ཐམས་ཅད་སྤོངས། །འདི་ནི་དེ་ཉིད་གསུམ་སྔགས་མཆོག །ཧོ་དམར་གཉིས་ཀྱི་དབུས་གནས་པ། །ཇི་ལྟར་སྐར་མདའ་འཕོ་བ་ལྟར། །དེ་ནས་བྱང་ཆུབ་སེམས་ལ་གཞུག །སྙིང་རྗེ་ཆགས་པའི་སེམས་

ཀྱིས་ནི། །རྡོ་རྗེ་འཛིན་པ་རང་ཉིད་ཞུ། །བྱམས་སོགས་ཙརྩི་ཀ་སོགས་ཀྱིས། །འཁོར་ལོའི་འདྲེན་པས་བསྐུལ་བར་བྱ། །ཐུགས་རྗེའི་ཁྲོ་བོ་རྗེ་བཙུན་ཉིད་བཞེངས་ཤིག །ས་གསུམ་མཐའ་དག་རྨོངས་པ་སོལ་མཛོད་ཅིག །ཇོ་བོ་བདུད་བཞི་པོ་འདི་ལས་རྒྱལ་བ། །སེམས་ནི་གཡེངས་

སོ་རྗེ་བཙུན་ཉིད་བཞེངས་ཤིག །འཇིག་རྟེན་མགྲོན་གཉེར་སྟོང་ཉིད་བཞུགས་སམ་ཅི། །རྗེ་བཙུན་འཇིག་རྟེན་བསོད་ནམས་ཉིད་ཀྱིས་བཞེངས། །བྱང་ཆུབ་རང་བཞིན་འཇིག་རྟེན་མགྲོན་གཉེར་ནས། །ཁྱོད་ནི་སྟོང་ཉིད་སེམས་ཤིང་ཅི་ལ་བཞུགས། །ཁུ་བ་དེ་བསྐུལ་ཞུ་བར་ནི། །

གྱུར་ཅིང་བཅུད་དེའི་རྗེས་སུ་ཞུགས། །གླུ་འདི་དག་གི་རྗེས་མཐུན་ངོར། །དེ་རྣམས་རྒུད་བཞིན་འབོད་པའི་ཕྱིར། །ཁུ་བ་ཡོངས་གྱུར་པཾ་ལས་སྐྱེས། །སྣ་ཚོགས་པདྨ་ཉི་དཀྱིལ་དུ། །ཁྲོས་ཤིང་དྲེགས་བཅས་དམར་པོ་ནི། །རུས་པའི་རྒྱན་གྱིས་རྣམ་པར་བརྒྱན། །སྨིན་མ་རྣོ་ཞིང་རབ་

འབར་བ། །རྨིག་པ་བརྡབས་པས་འཇིགས་པར་བྱེད། །མཾ་ཡིག་ས་བོན་ལས་བྱུང་བ། །འཇིགས་པ་ཡང་ནི་འཇིགས་པར་བྱེད། །མ་ཧེ་དེ་ཡི་རྒྱབ་གནས་པ། །མི་མགོ་སེར་པོས་མཚན་པ་ཡི། །རྡོ་རྗེའི་དབྱུག་པ་འོད་ཟེར་ཅན། །དཀར་པོ་གདུལ་དཀའ་འདུལ་བྱེད་བསྒོམ། །སླར་

Vol. 48 · folio 90a

ཡང་ས་བོན་དེ་དབུས་སོན། །ཉི་མ་དང་བཅས་མེ་ལོང་གི །གཟུགས་བརྙན་ལྟར་བསམས་དེ་འོད་ཀྱིས། །སྣ་ཚོགས་དུས་དགྲའི་གཟུགས་ཅན་བྱས། །དེ་ལ་ཡང་དག་བཅུག་ནས་ནི། །རྡོ་རྗེའི་དབྱུག་པ་ལས་བྱུང་བའི། །འཁོར་ལོའི་དབང་ཕྱུག་འོད་གསལ་

འབར། །བདག་ཉིད་འདི་ལྟར་བསྒོམ་པར་བྱ། །ཁམས་གསུམ་བདུད་ཀྱི་དཀྱིལ་འཁོར་ལ། །འོད་ཟེར་འབར་བ་དྲག་ཏུ་འཕྲོ། །དྲག་ཤུལ་བསྐལ་པའི་མེ་འབར་སྐུ། །ཁྲོ་གཉེར་འཁྱོག་པོ་འཇིགས་སུ་རུང་། །མགྲིན་པར་ཧཱུཾ་གི་རྣམ་པ་གང་། །ལྗགས་ནི་འགྱུར་ཞིང་འོད་ཟེར་

འཕྲོ། །ཉི་མའི་གཟུགས་ལ་འགྲན་པ་ཡི། །སྤྱན་གསུམ་འཕྲོ་བ་དང་ལྡན་པ། །མཆེ་བ་འབར་ཞིང་གཙིགས་པའི་ཞལ། །སྨིན་མ་སྨ་ར་མགོ་སྐྱེས་གྱེན། །ཉ་ཕྱིས་ལྟ་བུའི་མགོ་བོ་ལྔས། །དབུ་ལ་རྣམ་པར་བརྒྱན་པ་སྟེ། །ཞབས་གཡོན་བརྐྱང་བས་མནན་པ་ཡི། །དུས་ནི་

རྒྱལ་བར་བྱེད་པ་པོ། །འབར་བའི་ཕྲེང་བ་དམར་པོ་ཡིས། །ས་ཡི་དཀྱིལ་འཁོར་མཐའ་དག་ཁྱབ། །དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དམར། །ཕྱག་གཡས་རྡོ་རྗེའི་དབྱུག་པ་ནི། །དཀར་པོ་མི་མགོ་སེར་པོས་མཚན། །གཡོན་ན་པདྨའི་སྣོད་

མཆོག་ནི། །དཀར་པོ་བདུད་རྩི་ལྔ་ཡིས་གང་། །སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་། །མགོ་བོའི་དོ་ཤལ་རྣམ་འཕྱང་བ། །ཞལ་ནས་ཁྲག་འཛག་མགུལ་པར་ནི། །རང་སྣང་ཤེས་རབ་མ་ཡིས་འཁྱུད། །སྟག་གི་པགས་པའི་ན་བཟའ་ཅན། །གདེངས་ཅན་དབང་པོ་ཁྲོས་པས་

བརྒྱན། །མཐའ་ཡས་སྔོན་པོ་ཀླུ་དབང་གིས། །དབུ་སྐྲ་བཅིངས་མཛེས་འཇིགས་པར་བྱེད། །ཀླུ་རྒྱལ་འཇོག་པོ་དམར་པོ་ཡི། །རྣམ་པར་དྲག་པོའི་རྣ་རྒྱན་བྱས། །སྣ་ཚོགས་རིགས་ལྡན་དཔུང་པའི་རྒྱན། །ཀླུ་རྒྱལ་དུང་སྐྱོང་སེར་པོ་ནི། །ལག་གདུབ་དག་ཏུ་འཛིན་པའོ། །པདྨ་

དཀར་པོ་མགུལ་པའི་རྒྱན། །ལྗང་གུ་སྟོབས་ཀྱི་རྒྱུ་ཡིས་ཀྱང་། །མཆོད་ཕྱིར་ཐོགས་པ་ཤིན་ཏུ་མཛེས། །གདེངས་ཅན་ནོར་རྒྱས་བདུད་རྩི་ཡི། །ཁ་དོག་ལྟ་བུས་སྐ་རགས་བྱས། །པད་རྩ་ལྟ་བུར་དཀར་བའི་མདོག །པདྨ་ཆེན་པོས་རྐང་གདུབ་བྱས། །ཐམས་ཅད་ཕཊ་ཀྱི་སྒྲ་དྲག་

Vol. 48 · folio 90b

པོས། །ལྕེ་གཉིས་མཆེ་བའི་ཕྲེང་བ་ཅན། །དེ་ནས་རང་ཉིད་པད་ཉི་ལ། །ས་བོན་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེས་མཚན་པའི་དབྱུག་པ་དཀར། །མགོ་བོ་སེར་པོས་རྣམ་པར་བརྒྱན། །ཇི་ལྟར་དངས་པའི་ཤེལ་དག་ལ། །ཛ་བའི་མེ་ཏོག་དྲུག་ཏུ་གཞག །ཛ་བའི་མེ་ཏོག་དེས་མཚུངས་པ། །

རབ་ཏུ་གསལ་བར་སྣང་བར་འགྱུར། །དེ་བཞིན་དེ་དབུས་ཉི་མར་གནས། །གསལ་བར་དེར་སོན་གདན་དག་ལ། །མར་མེ་འབར་བའི་རྩེ་མོ་ལྟའི། །ཧཱུཾ་གི་རྣམ་པ་རབ་ཏུ་བསམ། །བཅོམ་ལྡན་འདས་འདི་ཅི་འདྲ་བ། །སྐུ་མདོག་ཕྱག་མཚན་ལ་སོགས་པ། །བཅོམ་ལྡན་འདས་མའང་དེ་དང་

འདྲ། །འོན་ཀྱང་མགོ་ཕྲེང་སྐམ་པོ་ཅན། །དེ་མཚན་རྡོ་རྗེ་རོ་ལངས་མ། །ཁ་ཅིག་རྡོ་རྗེ་གཤིན་རྗེ་ཡི། །གཤེད་མ་ཞེས་གྲགས་རིག་པ་ཡི། །དགའ་བའི་ཚོགས་རྒྱུན་འབབ་པ་མོ། །ཕྱི་ནས་བཅོམ་ལྡན་འདས་གསང་བ། །ཧཱུཾ་ཡིག་ལས་བྱུང་རྡོ་རྗེ་དང་། །བཅོམ་ལྡན་འདས་མའི་

གསང་བ་ཡང་། །ཨཱཿཡིག་ལས་བྱུང་པདྨ་རུ། །བལྟས་ནས་གསང་སྔགས་ཨོཾ་སརྦྦ། །ལ་སོགས་བརྗོད་ཅིང་མདུན་གནས་མ། །བདེ་ཆགས་ཐུགས་མ་རང་སྣང་གི །ཤེས་རབ་མ་ཡིས་གཙོ་བོ་འཁྱུད། །རྡོ་རྗེ་པདྨ་སྙོམས་འཇུག་པས། །བདེ་བ་འབེབས་པའི་དོན་དུ་གཉེར། །

ལྷན་ཅིག་སྐྱེས་དགའི་རང་བཞིན་དུ། །དེ་ཡི་མཇུག་ཐོགས་བསྒོམ་པར་བྱ། །ཤེས་རབ་ལྟེ་འོག་མཚོ་སྐྱེས་ནི། །འདབ་མ་བརྒྱད་པ་དམར་པོ་དེའི། །ལྟེ་བར་གནས་པའི་ཧཱུཾ་ཡིག་དམར། །དེ་ཡི་སྟེང་དུ་གནས་པ་ཡི། །པདྨའི་སྣལ་མའི་གཟུགས་ཅན་ནི། །སྤྱི་བོའི་བདུད་རྩི་ལས་

འཐོན་པ། །རི་མོ་དཀར་པོ་གསལ་བར་བྱ། །ཤེས་རབ་འཕེལ་བ་ཉེར་གནས་གང་། །འདི་ནི་འཁོར་བ་མྱང་འདས་ཀྱི། །གཟུགས་ཅན་གཤིན་རྗེ་འཇོམས་བྱེད་དུ། །རྟོགས་ནས་རྣམ་རྟོག་ཞི་བྱའི་ཕྱིར། །སྔགས་ཀྱིས་ཀུན་ནས་བྱིན་གྱིས་བརླབ། །ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་

ཀོ྅ཧཾ། འདི་ནི་རྗེས་སུ་རྣལ་འབྱོར་རོ། །རང་སྙིང་འོད་ཟེར་ལྕགས་ཀྱུ་ཡིས། །མཁའ་ཁྱབ་རྫོགས་པའི་སངས་རྒྱས་ཀུན། །སྤྱན་དྲངས་ཞལ་ནས་རྣམ་ཀུན་གཞུག །བདེ་བ་ཞུགས་པ་སྙིང་ག་རུ། །ཞུ་བྱས་བློ་ལྡན་དེ་དབྱུང་བྱ། །རྡོ་རྗེའི་ལམ་ནས་ཞུ་བ་དེ། །རང་སྣང་པདྨའི་དཀྱིལ་

Vol. 48 · folio 91a

གནས་པའི། །ས་བོན་རང་བཞིན་ཅན་དུ་བལྟ། །འོད་ཟེར་འཕྲོ་བའི་ཚོགས་འབར་བ། །ཆོ་ག་བཞིན་དུ་མཁས་པས་བསྒོམ། །དབུས་སུ་ཡ་ཡིག་ལས་བྱུང་བའི། །གཙོ་བོ་བཤད་པའི་མཚན་ཉིད་ཅན། །ཤར་དུ་ཀྵེ་དང་འཁོར་ལོ་ལས། །བྱུང་བའི་རྟག་པ་ཕྱག་གཉིས་

པ། །དཀར་པོ་གཡས་ན་འཁོར་ལོ་གཡོན། །དེ་བཞིན་ཐོད་པ་བསྣམས་པར་བསྒོམ། །ལྷོར་ནི་མ་ཡིག་རིན་ཆེན་ལས། །སྐྱེས་པའི་རིན་ཆེན་འབྱུང་ལྡན་ནི། །བཙོ་མ་གསེར་གྱི་མདོག་ལྟ་བུས། །གཡས་ན་རིན་ཆེན་ཆེ་མཆོག་བསྣམས། །གཡས་པ་མིན་ན་ཐོད་པའོ། །ནུབ་ཏུ་ཆགས་

པ་རྡོ་རྗེ་ཅན། །མེ་ཡི་ས་བོན་པདྨས་སྐྱེས། །པདྨ་རཱ་གའི་འོད་མཚུངས་པ། །པདྨ་དམར་དང་ཐོད་པ་ནི། །ཕྱག་གཡས་ཅིག་ཤོས་དག་ཏུ་དགོད། །བྱང་དུ་ད་ཡིག་རལ་གྲིས་བསྐྱེད། །ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ། །གཡས་ན་རལ་གྲི་མཆོག་བསྣམས་ཤིང་། །གཡོན་ན་མི་ཡི་

ཐོད་པའོ། །འདི་རྣམས་ཞལ་གཅིག་ཕྱག་གཉིས་པ། །ཞབས་ནི་གཡོན་བརྐྱང་སྟབས་ཀྱིས་བཞུགས། །ཐམས་ཅད་ཞེ་སྡང་གཤིན་རྗེ་གཤེད། །མཚན་ཉིད་དག་གི་ཁྲོ་བོའི་གཟུགས། །འོན་ཀྱང་དེ་རྣམས་ཕྱག་གཡས་ན། །རང་རང་སྐུ་མདོག་རང་ཕྱག་མཚན། །གཉུག་མའི་ཤེས་རབ་

གཉིས་མེད་གྱུར། །སྐུ་ནི་བདེ་བའི་རང་བཞིན་ཅན། །ཉི་མའི་དཀྱིལ་འཁོར་དག་ལ་གནས། །རྟག་པ་ཟླ་བའི་དཀྱིལ་འཁོར་ལ། །སྣ་ཚོགས་རྡོ་རྗེའི་ར་རྩར་གནས། །སེམས་ཅན་དོན་མཛད་བསྒོམ་པར་བྱ། །ཤར་དུ་ཡ་ཡིག་ཐོ་བ་ལས། །བྱུང་བའི་ཐོ་བ་གཤིན་རྗེ་གཤེད། །ཅེས་

གྲགས་སྐུ་མདོག་སྔོན་པོའི་ཚུལ། །ཕྱག་གཡས་ན་ནི་ཐོ་བ་སྟེ། །གཡོན་ན་པདྨའི་སྣོད་བསྣམས་པ། །ལྷོར་ནི་ཙ་ཡིག་དབྱུག་པ་ལས། །བྱུང་བའི་དབྱུག་པ་གཤིན་རྗེ་གཤེད། །དཀར་པོ་དབྱུག་མཆོག་མི་ཐོད་ཅན། །ནུབ་ཏུ་པདྨ་གཤིན་རྗེ་གཤེད། །ནི་སྐྱེས་ཆགས་པ་མཐར་བྱེད་

ཚུལ། །བྱང་དུ་རལ་གྲི་གཤིན་རྗེ་གཤེད། །ར་ལས་ཕྲག་དོག་མཐར་བྱེད་འདྲ། །ཅུང་ཟད་སྔོ་བ་བྱེ་བྲག་ཏུ། །མཛེས་ཤིང་རབ་ཏུ་འཇིགས་པར་བྱེད། །ཐམས་ཅད་གདུག་པ་སྦྲུལ་གྱིས་བརྒྱན། །མཆེ་བ་གཙིགས་ཤིང་གད་རྒྱངས་ཅན། །དབུ་སྐྲ་དམར་སེར་གྱེན་དུ་འབར། །ཉི་མའི་

Vol. 48 · folio 91b

དཀྱིལ་འཁོར་ཡང་དག་བཞུགས། །རང་སྣང་ཤེས་རབ་ཡན་ལག་སྦྱོར། །གཉིས་མེད་ཡེ་ཤེས་རང་བཞིན་ཅན། །མཆེ་བ་རྣམ་གཙིགས་འཇིགས་པའི་ཞལ། །རང་རང་ཕྱག་མཚན་ཐོད་པ་ཅན། །སྣ་ཚོགས་རྡོ་རྗེའི་གྲྭ་བཞི་རུ། །དེ་བཞིན་ལྷ་མོ་ཟླ་བར་བཞུགས། །ཤར་ལྷོར་ཛ་དང་

འཁོར་ལོ་ལས། །ལྷ་མོ་རྡོ་རྗེ་ཙརྩི་ཀ །དཀར་མོ་སྐེམ་ཞིང་དྲག་མོ་ཆེ། །གཏི་མུག་གཤིན་རྗེ་གཤེད་གཟུགས་མ། །ལྷོ་ནུབ་དག་ཏུ་རྡོ་རྗེ་ས། །ལས་སྐྱེས་རྡོ་རྗེ་ཕག་མོ་སྟེ། །དྲག་མོ་ཕག་གི་གདོང་ཅན་ཉིད། །ཟར་མའི་མེ་ཏོག་དང་མཚུངས་མ། །ནུབ་བྱང་ཟུར་དུ་དབྱངས་ཅན་མ། །

དམར་མོ་དེ་དང་པདྨས་བསྐྱེད། །རབ་ཏུ་ཞི་མ་ཕུན་སུམ་ཚོགས། །འདོད་ཆགས་གཤིན་རྗེ་མཐར་བྱེད་གཟུགས། །བྱང་ཤར་མཚམས་སུ་དཀར་མོ་སྟེ། །ལྗང་གུ་འཇིགས་བྱེད་ར་ལས་སྐྱེས། །ཕྲག་དོག་གཤིན་རྗེ་གཤེད་བྱེད་ཀྱི། །ཚུལ་དང་ཕྱག་མཚན་འཛིན་པར་བརྩོན། །ཐམས་ཅད་

གཡོན་བརྐྱང་བ་ཡི་ཞབས། །རང་རང་མཚན་མ་ཐོད་པ་ཅན། །འོན་ཀྱང་རྡོ་རྗེ་ཕག་མོ་དང་། །དཀར་མོ་བོང་ཐུང་སྟོ་བ་འཕྱང་། །ཎ་ཡོ་ནི་རཱ་ལས་བྱུང་བའི། །ཐོད་པ་བཞི་ནི་ཟུར་བཞི་རུ། །བསྐྱེད་དེ་ཇི་ལྟར་རང་རང་སྔགས། །གསུངས་པས་བློ་དང་ལྡན་པས་དབྱུང་། །ཧྲཱིཿཥྚྲྀཿལ་སོགས་གསང་སྔགས་

སྒྲས། །དཀྱིལ་འཁོར་བདག་པོ་ལ་བསྐུལ་ནས། །སྤྲུལ་པ་དཔག་མེད་སྤྲོ་བར་བྱ། །བླ་མེད་སེམས་ཅན་དོན་བྱས་ནས། །དངོས་པོ་ཀུན་གྱི་རང་ལུས་ལ། །ཁྲོ་བོ་དཔའ་བོ་དགོད་པར་བྱ། །ཛི་ན་ཛིཀ་ཅེས་བྱ་བ་འདིས། །ཤར་གྱི་རྨོངས་པ་མཐར་བྱེད་ནི། །ར་ཡི་རྩ་བར་གནས་སྣ་ཚོགས། །པདྨ་

ཟླ་བ་དག་ལ་དགོད། །རཏྣ་དྷྲྀཀ་ཅེས་བྱ་བ་འདིས། །ལྷོ་ར་ཆུ་སྐྱེས་ཉི་མ་ལ། །ཕྲ་མ་ཞེས་གྲགས་སྤྱན་དྲངས་ནས། །ཆོ་ག་ཡིས་ནི་དགོད་པར་བྱ། །ཨཱ་རོ་ལྀཀ་ཅེས་གསང་སྔགས་ཀྱིས། །འདོད་ཆགས་གཤིན་རྗེ་འཇོམས་པ་པོ། །ནུབ་ར་ཆུ་སྐྱེས་ཉི་མ་ལ། །ཆོ་ག་ཇི་བཞིན་དགོད་པར་བྱ། །

པྲཛྙཱ་དྷྲྀཀ་གི་དེ་ཉིད་ཀྱིས། །ཕྲག་དོག་གཤིན་རྗེ་རྣམ་འཇིག་པ། །བྱང་གི་ཆུ་སྐྱེས་འོད་རྣོ་བར། །ཆོ་ག་བཞིན་དུ་དགོད་པར་བྱ། །མུངྒ་དྷྲྀཀ་གི་དེ་ཉིད་ཀྱིས། །ཤར་སྒོར་ཆུ་སྐྱེས་ཉི་མ་ལ། །ཐོ་བ་གཤིན་རྗེ་མཐར་བྱེད་དག །མཁས་པས་ཆོ་ག་བཞིན་དུ་བསམ། །དཎྜ་དྷྲྀཀ་གི་གསང་སྔགས་

Vol. 48 · folio 92a

ཀྱིས། །ལྷོ་སྒོར་ཡང་དག་བཞུགས་པ་ཡི། །དབྱུག་པ་དུས་དགྲ་གདུལ་དཀའ་འདུལ། །སྣ་ཚོགས་པདྨ་ཉི་མར་དགོད། །པདྨ་དྷྲྀཀ་ཉིད་འདི་ཡིས་ནི། །པདྨ་གཤིན་རྗེ་འཇོམས་མཛད་པ། །ནུབ་སྒོར་པདྨ་ཉི་མ་ལ། །སྟོབས་པོ་ཆེ་ནི་བསམ་པར་བྱ། །ཁཌྒ་དྷྲྀ་ཀ་གི་དེ་ཉིད་

ཀྱིས། །རལ་གྲི་གཤིན་རྗེ་ཟད་མཛད་མ། །བྱང་དུ་བདུད་རྣམས་སེལ་བ་པོ། །སྣ་ཚོགས་པདྨ་ཉི་མར་དགོད། །སྣ་ཚོགས་རྡོ་རྗེའི་གྲྭ་བཞི་རུ། །དེ་བཞིན་གཞན་ཡང་ལྷ་མོ་བསྒོམ། །ཤར་ལྷོར་ལྷ་མོ་ཙརྩི་ཀ །དྲག་མོ་རབ་ཏུ་འོད་འཕྲོ་མ། །མོ་ཧ་ར་ཏིའི་གསང་སྔགས་ཀྱིས། །སྣ་ཚོགས་

ཆུ་སྐྱེས་ཟླ་བར་བཞུགས། །དེ་ནས་ལྷོ་ནུབ་རིགས་ཀྱི་ཡུམ། །རྡོ་རྗེ་ཕག་མོ་མཁས་པ་ཡིས། །དྭེ་ཥ་ར་ཏི་དེ་ཉིད་ཀྱིས། །པདྨ་ཟླ་བར་དགོད་པར་བྱ། །དེ་ནས་ནུབ་བྱང་མཚམས་སུ་ནི། །པདྨ་ཟླ་བར་དབྱངས་ཅན་མ། །རཱ་ག་ར་ཏིའི་སྔགས་ཀྱིས་དགོད། །དེ་ནས་བྱང་ཤར་དཀར་མོ་སྟེ། །བཛྲ་

ར་ཏིའི་གསང་སྔགས་ཀྱིས། །ཟླ་བར་འདི་རྣམས་ཤིས་པ་མཚན། །དཀྱིལ་འཁོར་གྱི་ནི་གྲྭ་བཞི་རུ། །དེ་ཉིད་གསུམ་གྱི་ཐོད་པའོ། །འདི་ལྟར་འཁོར་ལོ་དམ་པ་སྤྲོས། །བདེ་བ་ལྡན་པ་བརྟེན་བྱས་ནས། །སྔར་གྱི་འཁོར་ལོ་དེ་ཉིད་དུ། །ཐིམ་པར་མཉམ་པར་གཞག་པར་བལྟ། །འདི་ནི་ཤིན་

ཏུ་རྣལ་འབྱོར་རོ། །གཤིན་རྗེ་གཤེད་པོ་དམར་པོ་ཡི། །དཀྱིལ་འཁོར་པ་ཡི་རང་བཞིན་ཅན། །མིག་དང་སྐུ་སོགས་ངོ་བོ་ནི། །ལྷ་ཡི་མངོན་པར་བྱིན་གྱིས་བརླབ། །ཀྵིཾ་དང་འཁོར་ལོས་གཏི་མུག་བཞིན། །ཅུང་ཟད་ཁྲོ་བོའི་མིག་དག་ལ། །བློ་ལྡན་རྡོ་རྗེའི་མིག་དགོད་བྱ། །རྣ་བར་ཛྲཱིཾ་དང་

རྡོ་རྗེ་བསྐྱེད། །རྡོ་རྗེའི་སྣང་བ་ནག་པོར་སྣང་། །སྣར་ཁཾ་རིན་ཆེན་ལས་བྱུང་བའི། །སེར་སྣ་ཞེས་བྱ་ཟླ་བ་ལ། །རྡོ་རྗེ་སྣ་ཡང་དེ་བཞིན་གཞན། །ལྕེ་ལ་རཾ་ལས་པདྨ་བསྐྱེད། །རྡོ་རྗེ་ལྕེ་ནི་ཟླ་བར་གནས། །འདོད་ཆགས་དང་མཚུངས་རྡོ་རྗེ་ལུས། །སྐཾ་སྐྱེས་རལ་གྲི་ལས་བྱུང་བ། །ཕྲག་དོག་

གཤིན་རྗེ་གཤེད་ངོ་བོ། །ལུས་མིང་བྲལ་བའི་ཟླ་བར་གནས། །ལྟེ་བའི་སྟེང་དུ་སཾ་རྡོ་རྗེས། །སེམས་ཀྱི་རྡོ་རྗེ་དེ་བཞིན་གཤེགས། །སྒེག་པའི་ཁྲོ་བོའི་གཟུགས་ཅན་དེ། །རྡོ་རྗེ་འཛིན་པའི་རྣམ་པར་དགོད། །འདི་ནི་ཡན་ལག་དྲུག་དགོད་པ། །མངོན་ཤེས་དོན་བསྒྲུབ་ཆེད་དུ་བཤད། །སྙིང་

Vol. 48 · folio 92b

གར་རྡོ་རྗེའི་དཀྱིལ་གནས་ཧཱུཾ། །རྡོ་རྗེ་ཧཱུཾ་ལས་ཐུགས་རྡོ་རྗེ། །དུས་དགྲའི་སྐུ་མདོག་ཕྱག་མཚན་ལྡན། །སྔོན་པོ་འོད་ཟེར་གསལ་བའོ། །མགྲིན་པར་ཨཱཿཡིག་པདྨའི་དབུས། །སླར་ཡང་ཨཱཿཡིག་པདྨ་ལས། །འདོད་ཆགས་དུས་དགྲ་ལྟ་བུའི་སྐུ། །དཔལ་གསུམ་རྡོ་རྗེ་རྣམ་པར་བསམ། །སྤྱི་

བོར་ཨོཾ་ཡིག་འཁོར་ལོའི་དབུས། །ཨོཾ་ཡིག་འཁོར་ལོས་འོད་བཟང་དཀར། །སྐུ་ཡི་རྡོ་རྗེ་སྐུ་དབང་ཕྱུག །སྐུ་མདོག་དག་དང་ཕྱག་མཚན་མཆོག །འདི་ནི་དེ་ཉིད་གསུང་རྡོ་རྗེ། །མཆོག་བསྐྱེད་ནམ་མཁར་གནས་པ་ཡི། །སངས་རྒྱས་མཆོད་ལ་གསང་སྔགས་ཀྱིས། །དེ་དག་བྱིན་གྱིས་

བརླབ་པར་བྱ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རང་སྙིང་ས་བོན་འོད་ཟེར་གྱིས། །འཇིག་རྟེན་བཞུགས་པའི་སངས་རྒྱས་རྣམས། །སྲས་བཅས་སྤྱན་དྲངས་

མདུན་བལྟས་ནས། །གང་ཞིག་དེ་རྣམས་ཀྱིས་སྤྲོས་པའི། །ཙརྩི་ཀ་སོགས་ཀྱིས་གཟུང་བའི། །ཟླ་བ་ལྟ་བུའི་བུམ་པས་ནི། །དེ་རྣམས་བཀྲ་ཤིས་གླུ་ལ་སོགས། །སླར་ཡང་ཅ་ཅོའི་སྒྲ་རྣམས་ཀྱིས། །ཐམས་ཅད་དང་ནི་བདག་ཉིད་ལ། །དབང་བསྐུར་བར་ནི་བསམ་པར་བྱ། །སྤྱི་བོར་

གཤིན་རྗེ་གཤེད་དམར་པོ། །བདག་ཉིད་སྤྱི་བོར་རྡོ་རྗེ་ཅན། །རང་སྙིང་ས་བོན་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ། །བདག་ཉིད་མདུན་བལྟས་ཁྲོ་བོ་ཡིས། །བགེགས་ཚར་བཅད་ཅིང་བསྲུངས་ནས་ནི། །མཆོད་ཡོན་ཞབས་བསིལ་སོགས་ཕུལ་ནས། །ཨོཾ་མུངྒ་ར་ཛཿཞེས་

པའི་སྔགས་ཀྱིས་བཀུག་ནས། ཨོཾ་དཎྜ་ཧཱུཾ་ཞེས་པ་འདིས་བཅུག་ལ། ཨོཾ་པདྨ་བཾ་ཞེས་པ་འདིས་བཅིངས་ཏེ། ཨོཾ་ཁཌྒ་ཧོཿ ཞེས་པ་འདིས་དབང་དུ་བྱའོ། །སྙིང་གའི་ས་བོན་འོད་ཟེར་གྱིས། །སངས་རྒྱས་སྤྱན་དྲངས་འདིར་བཞུགས་པར། །བལྟས་ཏེ་ཐུགས་ཀར་ཞུ་བྱས་པར། །རྡོ་རྗེའི་

ལམ་ནས་འཐོན་གྱུར་པ། །རང་གི་རིག་མའི་པདྨ་ཡི། །ཟེ་འབྲུར་ཟླ་བས་བསྐྱེད་ལྷ་མོའི། །འཁོར་ལོ་ཕྱག་ན་སྣ་ཚོགས་པའི། །མེ་ཏོག་ཉེར་སྤྱོད་སོགས་བཟུང་བས། །བལྟས་ཏེ་ཐུགས་ཀར་ཞུ་བྱས་པ། །རྡོ་རྗེའི་ལམ་ནས་འཐོན་གྱུར་པ། །སྒེག་བཅས་མཆོད་བྱེད་དེ་རྣམས་ཀྱིས། །

Vol. 48 · folio 93a

མཆོད་པ་གླུ་དབྱངས་ཡིད་འོང་དང་། །སྣ་ཚོགས་གར་གྱི་རང་བཞིན་དག །བདེ་བ་ཆེན་པོ་སྟེར་བས་མཆོད། །ཨ་ཡེ་ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁོ་བོ་ཁྱོད་མཐོང་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤངས། །ཁྱོད་ཀྱིས་

གར་མཛད་ས་སྟེངས་དང་། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པའི་ཁྲོ་བོའི་འོད། །གར་མཛད་ཁྱོད་ཉིད་རོ་ལངས་ལགས། །སྐུ་ལུས་སྦོམ་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྐུ་སྤྲུལ་པ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚྲྀཿགསང་

སྔགས་དག་གིས་ནི། །ཁྱོད་ནི་ས་གསུམ་འཁྲུལ་པ་སེལ། །རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ལགས། །གར་མཛད་ཁྱོད་ནི་འཇིག་རྟེན་གཟིགས། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྒྲ་ཡི་ཚོགས་རྣམས་ཐམས་ཅད་ནི། །བྲག་ཅ་ལྟ་བུར་རྣམ་བལྟ་ཞིང་། །འཁོར་ལོ་ཅན་གྱི་འཁོར་ལོའི་

གཙོ། །བསྟོད་བྱ་དེ་རྣམས་དེ་བཞིན་དེས། །གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་

གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །ཁྱབ་བདག་ཆགས་པའི་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་

རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །མགོ་བོ་གསུམ་གྱི་སྟེང་གནས་པ། །ཨཱཿཡི་ཡི་གེ་ལས་

བྱུང་དག །པདྨའི་སྣོད་ནི་བསྐྱེད་ནས་སུ། །དེ་འོག་མེ་ཡི་དཀྱིལ་འཁོར་ཏེ། །གྲུ་གསུམ་རཾ་ཡིག་ལས་བྱུང་བ། །དེ་འོག་རླུང་གི་དཀྱིལ་འཁོར་ཏེ། །གཡོ་ཞིང་སྔོ་བ་གཞུ་ལྟ་བུ། །བ་དན་གྱིས་མཚན་ཡཾ་ལས་བྱུང་། །དེར་ནི་རྣམ་སྣང་ལ་སོགས་ཏེ། །མིང་ཡིག་དང་པོ་ལས་སྐྱེས་པ། །བྷྲཱུཾ་ཡིག་

Vol. 48 · folio 93b

ལ་སོགས་བྱུང་བ་ཡི། །གླང་ཆེན་ཤ་ལ་སོགས་པ་ལྔ། །ཧཱུཾ་སྐྱེས་རྡོ་རྗེའི་ཁ་ཆོད་ཀྱིས། །བཀབ་ལ་དེ་ནས་བསྒོམ་པར་བྱ། །ཧཱུཾ་སྐྱེས་རྡོ་རྗེའི་དབྱུག་པ་ཡིས། །ཡང་དང་ཡང་དུ་དཀྲུགས་བྱ་ཞིང་། །རླུང་གིས་བསྐྱོད་པར་འགྱུར་བའི་མེ། །འཇིག་དུས་བསྐལ་པའི་མེ་ལྟ་བུས། །བི་ར་མ་སོགས་གོ་

ཀུ་སོགས། །དེ་དག་ཞུ་བར་གྱུར་པར་བསམ། །དེ་དང་རེག་པའི་ཁོལ་བ་ཡི། །ཁུ་བར་འདི་ཉིད་ཡོངས་སུ་ཞུ། །རྡོ་རྗེ་རྡོ་རྗེའི་དབྱུག་པ་ཡང་། །རང་ཉིད་ཞུན་མར་ལྟ་བུ་སྟེ། །ཐམས་ཅད་དག་ཅིང་རོ་གཅིག་འགྱུར། །ཤིན་ཏུ་དྲི་མ་མེད་པར་བལྟ། །དེར་ནི་ཨོཾ་ཡིག་འོད་ཟེར་གྱིས། །སངས་རྒྱས་

ཡེ་ཤེས་ཚུལ་ཅན་བཀུག །གསང་སྔགས་གཟུགས་ཀྱིས་བཅུག་ནས་སུ། །བདུད་རྩི་ལྔ་པོ་མཆོག་བལྟས་ལ། །དེ་ཉིད་གསུམ་གྱིས་བྱིན་བརླབས་ཏེ། །དཀྱིལ་འཁོར་བདག་པོ་ཚིམ་པར་བྱ། །ལྗགས་ཀྱི་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་དཀར་པོ་བལྟས་ནས་སུ། །དེ་འོད་སྦུ་གུའི་རྣམ་པ་

ཡིས། །མཉམ་པར་དྲངས་ནས་དེ་ཡིས་ཀྱང་། །སྣ་ཚོགས་གནས་དང་སངས་རྒྱས་ཀུན། །དཀྱིལ་འཁོར་པ་དང་དེ་བཞིན་གཞན། །སྙིང་གར་ཡེ་ཤེས་འོད་ཟེར་དགོད། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཐོག་མཐའ་དབུས་ཀྱི་དབྱེ་བ་ཡིས། །འདིར་ཡང་གཅིག་ཏུ་ཡོད་མིན་ཏེ། །རྡུལ་ཕྲན་

ལ་ནི་ཆ་མེད་ཕྱིར། །དུ་མར་ཡང་ནི་གྲུབ་པ་མིན། །གཅིག་དང་དུ་མའི་རང་བཞིན་དུ། །གང་ཞིག་བྲལ་ཏེ་དེ་བཞིན་ནོ། །འཁྲུལ་པའི་ངོ་བོ་དེ་ཉིད་ཡིན། །གང་ཕྱིར་འཁྲུལ་པ་གཉིས་ལ་གནས། །སེམས་ནི་རྟག་ཏུ་འཁྲུལ་པ་མེད། །སྤྲོ་བ་དག་ནི་སྡུད་པའི་ལུས། །སེམས་ཅན་དོན་དུ་རོ་གཅིག་

བྱུང་། །འདི་ལས་གཞན་དུ་དེ་ཉིད་མིན། །ཡེ་ཤེས་ཞབས་སོགས་དཔའ་བོ་ཡིས། །འདི་ཉིད་ཁོ་ན་གསལ་བར་གསུངས། །དཔལ་ལྡན་གསང་འདུས་ལས་གསུངས་པ། །འདིར་ནི་ཅུང་ཟད་རབ་ཏུ་བསྟན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །དངོས་པོ་མེད་ཅིང་བསྒོམ་པ་མེད། །ཁམས་

མེད་རྣམ་པར་ཤེས་པའང་མེད། །ནམ་མཁའ་མཉམ་པ་ཉིད་ཀྱི་གཞི། །ནམ་མཁའ་ལྟ་བུར་བདག་མེད་པ། །ཆོས་འདི་བདེ་བ་ཆེན་པོ་སྟེ། །ས་མེད་ཆུ་དང་མེ་མེད་ལ། །རླུང་མེད་ནམ་མཁའ་ཡོད་མ་ཡིན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །འདི་དག་སྐྱེ་ཞིང་རབ་ཏུ་གནས། །དངོས་

Vol. 48 · folio 94a

པོ་ཐམས་ཅད་དངོས་མིན་ཞེས། །དེས་ན་དངོས་པོ་མེད་པར་གྲགས། །རྣལ་འབྱོར་རྣལ་འབྱོར་པ་ཉིད་འབྲེལ། །རྟག་པ་མ་ཡིན་ཆད་པའང་མིན། །ཕྱག་མིན་ཞལ་དང་སྐུ་མདོག་མིན། །མཆོག་ཏུ་དགའ་བའི་མཚན་ཉིད་དོ། །དངོས་ཀུན་ངེས་པར་བདེན་པ་མིན། །ཐོག་མ་

དབུས་མཐའ་སྤངས་པ་ཉིད། །འདི་ལྟར་རིག་བཅས་འཁོར་ལོ་མཆོག །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཕུང་པོ་ཁམས་སུ་བདག་མེད་མ། །བདེ་བ་དམ་པའི་གཟུགས་ཅན་བསྒོམ། །རང་སྙིང་ས་བོན་འོད་ཟེར་གྱིས། །འགྲོ་རྣམས་གཤིན་རྗེ་མཐར་བྱེད་བྱས། །བཀུག་ནས་དེ་རུ་

གནས་བལྟས་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་དང་བ་དང་ནི་ཆོས། །ཡེ་ཤེས་པ་ནི་ཡ་སྐྱེས་དགོད། །དེ་ལ་དེ་རྣམས་རང་ས་བོན། །ཡེ་ཤེས་ཧྲཱིཿཥྚྲྀཿསོགས་འོད་གསལ། །ལྟ་ཞིང་ཀུན་རྟོག་མ་ལུས་སྤངས། །བདེ་བ་དམ་པའི་རྣམ་པ་ནི། །འཕྲོ་ཞིང་སྡུད་པ་ཡོངས་སུ་རྫོགས། །

བདག་ཉིད་མཁས་པས་བཟླས་པར་བྱ། །སྐུ་སོགས་སྤྲོ་ཞིང་གཞུག་པ་ནི། །རིམ་པ་བཞིན་ནམ་ཅིག་ཅར་བྱ། །ཁྲོ་བོའི་ཚོགས་རྣམས་སྤྲུལ་པ་ནི། །ནམ་མཁའི་དཀྱིལ་རྣམས་མ་ལུས་ཁྱབ། །སེམས་ཅན་དོན་ནི་ཕུན་སུམ་བྱས། །ཧྲཱིཿཥྚྲྀཿལ་སོགས་འགྲོ་ལ་སྒྲོགས། །ཧྲཱིཿལ་སོགས་

པའི་སྔགས་ཟློས་ཏེ། །ཨོཾ་དང་སྭཱ་ཧཱས་དང་མཐར་བརྒྱན། །ཆོ་ག་འདི་དག་ཁོ་ན་ཡིས། །རྣམ་པ་ཀུན་དུ་བསྒོམ་ཞིང་བཟླས། །གཞན་ཡང་ཟས་ཀྱི་བྱ་བ་ལ། །སོགས་པ་བྱ་ཕྱིར་ལྡང་འདོད་ན། །མཆོད་བསྟོད་བདུད་རྩི་མྱང་བྱས་ནས། །སེམས་ཅན་དོན་ལ་སེམས་པ་ཡིས། །དེ་ཉིད་གསུམ་

གྱི་ཆོ་ག་བཞིན། །ཡེ་ཤེས་འཁོར་ལོ་གཤེགས་གསོལ་ཏེ། །ཆོ་ག་ཇི་བཞིན་བདག་ཉིད་ལ། །བདག་ཉིད་འཁོར་ལོ་བསྟིམས་ནས་ནི། །རང་གིས་བསགས་པའི་བསོད་ནམས་དག །བྱང་ཆུབ་ཏུ་ནི་ཡོངས་བསྔོ་ཞིང་། །དེ་ནས་སྨོན་ལམ་གདབ་བྱ་སྟེ། །ཨོཾ་ཨཱཿཧཱུཾ་མུཿ ཞེས་པས་གཤེགས་

སུ་གསོལ་ལོ། །འདི་ནི་རྣལ་འབྱོར་ཆེན་པོའོ། །ལངས་ནས་རང་གི་ལྷག་པའི་ལྷའི། །རྣམ་པ་ང་རྒྱལ་ཡང་དག་ལྡན། །རྣམ་པ་ཀུན་དུ་དངོས་པོ་ཀུན། །གསང་སྔགས་ངོ་བོ་དེ་བཞིན་ཏེ། །གཏི་མུག་དུས་དགྲའི་ངོ་བོར་ཡང་། །བསྒོམ་པར་བྱ་ཞིང་གནས་པར་བྱ། །ཐུན་གཞན་དུ་ནི་རྣལ་

Vol. 48 · folio 94b

འབྱོར་བཞིན། །དང་པོའི་རྣལ་འབྱོར་པ་ཡིས་བསྒོམ། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །ཡེ་ཤེས་ཅུང་ཟད་རྗེས་སྦྱོར་བས། །ཤིན་ཏུ་རྣལ་འབྱོར་ལས་རྣལ་འབྱོར། །ཆེན་པོ་ཡང་དག་ཡེ་ཤེས་དབང་། །གནས་པས་བཤད་བཞིན་ཆོ་ག་ཡིས། །ཐུན་གཅིག་ལ་ཡང་བསམ་གཏན་

འདི། །རྣལ་འབྱོར་ཆེན་པོའི་རང་བཞིན་གྱི། །རྣལ་འབྱོར་པ་ཡི་སྤྲོ་བསྡུའི་སྐུ། །ཡེ་ཤེས་དེ་ཉིད་གསུམ་བདག་ཚུལ། །རང་ཉིད་གཤིན་རྗེ་མཐར་བྱེད་དོ། །དབང་བསྐུར་ཆོ་ག་བསྒོམ་བྱ་ཞིང་། །ཁྲུས་བྱ་བཟའ་བའི་དུས་སུ་ནི། །བདུད་རྩི་ལྔ་ཡི་ཆོ་ག་ཡིས། །མཆོད་པ་གཞན་ནི་རྣམ་བརྟགས་པ། །

བདག་ཉིད་དང་ནི་གཞན་ཉིད་ཀྱང་། །ཆོ་ག་བཞིན་དུ་རྟག་ཏུ་མཆོད། །དཔལ་ལྡན་གཤིན་རྗེ་མཐར་བྱེད་ཀྱི། །རྣམ་པར་བལྟ་བྱ་བྱང་ཆུབ་བརྟེན། །བདག་གཞན་མཉམ་པ་བྱང་ཆུབ་སྟེ། །དཀྱིལ་འཁོར་བདག་པོའི་རྣལ་འབྱོར་ལས། །མིན་ན་ཇི་ལྟར་རྣལ་འབྱོར་པ། །དངོས་གྲུབ་བླ་ན་མེད་

པར་འགྱུར། །ཇི་ལྟར་རྣམ་པ་སྣ་ཚོགས་སུ། །བརྟགས་པས་དངོས་པོ་གཅིག་ཉིད་ནི། །གྲོལ་བ་སྡུག་བསྔལ་བདེ་བར་སྣང་། །ལས་ཀྱི་དབྱེ་བས་སྐྱེ་བར་འགྱུར། །རྣམ་པར་མི་རྟོག་བདག་ཉིད་སེམས། །བདེ་བ་དམ་པའི་མཐའ་ཡི་གཟུགས། །ཤེས་རབ་ཐབས་ཀྱི་རང་བཞིན་ནི། །

དུས་དགྲ་ཞེས་བྱ་གང་ལས་འབྲས། །འཁོར་བའི་ཆུ་བོ་སིན་དྷུ་སྐྱེ་འཆི་རྦ་ཀློང་དང་བཅས་ཟབ་ཅིང་འཇིགས་པ་ཆགས་སྡང་སོགས། །ཆུ་སྲིན་ན་ཀྲས་འཁྲུགས་ཤིང་ཤིན་ཏུ་མི་བརྟན་གཉིད་རྨུགས་ལ་སོགས་དབུ་བ་ཅན་སྒྲོལ་བ། །དཔལ་ལྡན་གཤིན་རྗེ་གཤེད་དམར་བདེ་བའི་རང་

བཞིན་སྲིད་བྲལ་སྒྲུབ་ཐབས་སྐྱེ་བོ་ཀུན་ཕྱིར་བྱས། །བདག་གི་བསོད་ནམས་གང་ཐོབ་དེས་འདིར་དེ་ཡི་གོ་འཕང་འཇིག་རྟེན་དོན་ཀུན་གྲུབ་པར་ཤོག །དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། པཎྜི་ཏ་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཕྱག་རྒྱ་ཆེན་པོ་གྲུབ་པ། གྲུབ་ཐོབ་ཀྱི་འཁོར་

ལོས་སྒྱུར་བའི་སློབ་དཔོན་དཔལ་འཛིན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་སློབ་དཔོན་ཆེན་པོ་རྗེ་བཙུན་ཉི་མའི་དབང་པོའི་འོད་ཟེར་གྱི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཆག་དགེ་སློང་ཆོས་རྗེ་དཔལ་གྱིས་གུས་པས་མཉན་ནས། མང་ཡུལ་གྱི་བཟོ་གནས་ཆེན་པོར་བསྒྱུར་ཅིང་ཞུས་

Vol. 48 · folio 95a

ཏེ་གཏན་ལ་ཕབ་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words