No title in the text — opening words: ལུང་བསྟན་སྦྱོར་བའི་མན་ངག་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 49 · folio 328a

༄། །ལུང་བསྟན་སྦྱོར་བའི་མན་ངག་བཞུགས། ༄༅༅། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་

ཕྱག་འཚལ་ལོ། །ལུང་བསྟན་སྦྱོར་བའི་མན་ངག་འདི། །རྒྱུད་རྣམས་ཀུན་ལས་མི་གསལ་བའི། །མཁའ་འགྲོ་མ་ཡིས་རྒྱས་བཏབ་ལ། །རྣལ་འབྱོར་བློ་དམན་དོན་དུ་ནི། །ཡང་ནས་ཡང་དུ་གསོལ་བཏབ་ནས། །ཡིད་ཆེས་བྲོད་པ་བསྐྱེད་པའི་ཕྱིར། །མན་ངག་རིམ་པ་བསྟན་པ་

ལ། །བླ་མ་ལས་ནི་མཉན་པར་གྱིས། །གསང་སྔགས་སྒོ་ནི་དཔག་མེད་ནས། །ཐབས་ཀྱི་རིམ་པ་མང་གསུངས་པ། །སེམས་ཅན་ལས་ནི་སྣ་ཚོགས་པས། །སོ་སོ་མོས་པ་མི་མཐུན་ཕྱིར། །དཔེར་ན་སྨན་རྣམས་ནུས་པ་ཡིས། །ནད་རྣམས་སོ་སོར་སེལ་བ་བཞིན། །མན་ངག་ཐབས་

རྣམས་སོ་སོས་ཀྱང་། །དུག་གི་ནད་རྣམས་འཇོམས་པར་བྱེད། །དཔེར་ན་སྨན་ནུས་གཅིག་གིས་ཀྱང་། །ཕྲད་པ་ཙམ་གྱིས་ནད་འཇོམས་པའོ། །ཡང་ན་གཉིས་འཇོམས་གསུམ་འཇོམས་དང་། །བཞི་འཇོམས་ལྔ་འཇོམས་ལ་སོགས་དང་། །མང་པོ་འདུས་ནས་འཇོམས་པ་དང་། །དེ་དག་

Vol. 49 · folio 328b

ཀུན་གྱིས་མ་ཆོམས་པ། །སྦྱོར་བ་གཞན་ལོག་འཇོམས་པ་དང་། །གཉན་པ་ཁོ་ནས་འཇོམས་པ་དང་། །སྨན་དང་སྦྱོར་བ་དེ་དག་ཀྱང་། །མཁས་པ་ཡིས་ནི་འཇོམས་པར་འགྱུར། །མི་མཁས་པས་ནི་གནོད་པར་འགྱུར། །སྨན་པ་མཁས་པར་གྱུར་ཀྱང་ནི། །བརྩོན་འགྲུས་ནན་ཏན་མ་

བྱས་ན། །ནད་རྣམས་འཇོམས་པར་མི་འགྱུར་རོ། །དེ་བཞིན་མཐུན་པའི་དཔེ་རྣམས་ཀྱང་། །མཁའ་འགྲོ་མ་ཡིས་ལུང་བསྟན་ན། །ཞིབ་པས་འདི་རུ་མ་ཕྱེའོ། །བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་འཇོམས། །བསྒོམས་པ་ལས་བྱུང་དངོས་གྲུབ་ཀྱིས། །མཆོག་གི་དངོས་གྲུབ་ཐོབ་

པར་འགྱུར། །ཏིང་འཛིན་ཐོབ་པར་མ་གྱུར་པས། །ཚོགས་འཁོར་ཚོགས་མཆོད་དངོས་གྲུབ་པོ། །དེ་མ་བྱུང་ན་སྦྱིན་སྲེག་གིས། །དངོས་གྲུབ་སྒྲུབ་པར་གསུངས་པ་ཡིན། །དེ་མ་བྱུང་བ་བཟླས་བརྗོད་དོ། །དེ་ནི་མ་བྱུང་གཏོར་མ་བྱ། །དེ་རྣམས་ཀུན་ལས་མ་བྱུང་ན། །ལས་ནི་ཕྲན་ཚེགས་

གཞན་ཡང་བསྟན། །ཡང་ན་དེ་དག་ཐམས་ཅད་ཀྱང་། །གཅིག་འདུས་གཉིས་འདུས་གསུམ་འདུས་དང་། །བཞི་འདུས་ལྔ་འདུས་ལ་སོགས་པས། །འབྱུང་བར་འགྱུར་བ་གསུངས་པ་ཡིན། །ཡང་ན་མཆོག་འདོད་པ་ལ་ནི། །ཐམས་ཅད་རྫོགས་པར་དགོས་པར་གསུངས། །ཐུན་མོང་

དངོས་གྲུབ་སྒྲུབ་པ་ལ། །ཆེ་ཆུང་གིས་ན་རིམ་པས་གསུངས། །སྦྱོར་བ་རེ་རེས་ཀྱང་ནི་འགྲུབ། །གསང་སྔགས་ལ་ལའི་བཞེད་ཀྱིས་ནི། །དཔེར་ན་སྦྲུལ་ནི་གཤུ་བུར་ཞུགས། །རྩ་བར་འགྲོ་དང་ཅོ་ཏོར་འགྲོ། །དེ་བཞིན་རྣལ་འབྱོར་སྔགས་པ་ཡང་། །རིག་འཛིན་ས་དང་རྡོ་རྗེ་དམྱལ། །ལ་ལ་དག་

གི་གཞུང་གིས་ནི། །བར་མ་དོ་ནས་འགྲོ་བའོ། །ལ་ལ་སྐྱེ་བ་ཕྱི་མ་ལ། །ལ་ལ་དག་གིས་བཞེད་ཀྱིས་ནི། །གཉིས་དང་གསུམ་པ་དག་ལའོ། །བཞི་པའམ་ལྔ་པར་འདོད་པའང་ཡོད། །ལ་ལ་སྐྱེ་བ་བདུན་པ་ལ། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འདོད། །དེ་ལྟར་གཞུང་ལུགས་མི་

འདྲ་བ། །མང་དུ་གསུངས་པ་དེ་དག་ཀྱང་། །འགལ་བ་མེད་དེ་ཀུན་ཀྱང་བདེན། །གསང་སྔགས་ཀྱི་ནི་གཞུང་གིས་ཀྱང་། །སྐྱེ་བ་བདུན་ལས་མི་དམའ་བས། །སྐྱེ་བ་བདུན་གྱི་ཐ་མ་ལ། །མ་བསྒོམས་ཀྱང་ནི་སངས་རྒྱས་ས། །ཞེས་སུ་རྒྱུད་ལས་བསྟན་པ་ཡིན། །སྐྱེ་བ་བདུན་ཞེས་བྱ་

Vol. 49 · folio 329a

བ་ཡང་། །སྔགས་པའི་བྱང་ཆུབ་སེམས་དཔའ་ཡིན། །སྔགས་དང་སྨན་ལ་སོགས་པ་ཡི། །སྟོབས་ཀྱིས་ལུས་སེམས་ལས་རུང་བས། །ཤ་དང་ཐོད་པ་ལ་སོགས་པ། །བསྟེན་ཅིང་ཟོས་པས་དངོས་གྲུབ་ཐོབ། །དེ་བས་སྔགས་མཐུའི་ཡོན་ཏན་ནོ། །ས་དང་ཕ་

རོལ་ཕྱིན་པ་ལ། །སྐྱེ་བ་བདུན་པ་འོང་སྲིད་ཀྱང་། །དེ་ལྟར་འོང་བ་ཤིན་ཏུ་དཀོན། །སྐྱེ་བ་བདུན་པ་ཞེས་བྱའི་གནས། །ཕལ་ཆེར་དུར་ཁྲོད་ཆེན་པོ་ཡི། །མཁའ་འགྲོ་མ་ཡི་གནས་སུ་སྐྱེ། །རིག་འཛིན་ས་ཞེས་བྱ་བ་ཡང་། །གཅིག་ནི་དེ་ལའང་བྱ་བ་ཡིན། །རིག་འཛིན་ས་ལའང་

གསུམ་ཡོད་དེ། །དུར་ཁྲོད་རིན་ཆེན་ས་དང་ནི། །བར་སྣང་ལྷ་གནས་ལྷ་རྟན་ས། །མཁའ་སྤྱོད་འོག་མིན་སྟུག་པོའི་ས། །གནས་ནི་དེ་གསུམ་ཡིན་པར་གསུངས། །སྐྱེ་བ་བདུན་པའི་གང་ཟག་ནི། ལུས་དང་གནས་ནི་ཁྱད་པར་ཅན། །སྔགས་སྤྱོད་པ་ཡི་ཡུལ་དག་ཏུ། །འགའ་ཙམ་

བྱུང་བ་དག་ཀྱང་ཡོད། །སྐྱེ་བ་གཅིག་སོགས་གཞན་པ་ནི། །དེ་རྣམས་གནས་ཀྱང་དེ་བཞིན་ནོ། །སྐྱེ་བ་བདུན་པའི་གང་ཟག་ནི། །དད་དང་སྙིང་རྗེ་ལ་སོགས་ལྡན། །ཕ་རོལ་ཕྱིན་བཅུའི་ཆོས་ལ་སྤྱོད། །མཐུན་འཇུག་སྤྱོད་པ་ཀུན་ལ་མཁས། །བཟོ་དང་རིག་པ་གནས་ལ་མཁས། །ལྟ་བ་

མ་ནོར་གདེང་དུ་གྱུར། །སྤྱོད་པ་ལ་དོར་ཐབས་ལ་མཁས། །མན་ངག་མཐོང་བ་ཙམ་གྱིས་ནི། །ཐེ་ཚོམ་མེད་པར་འཇུག་པར་བྱེད། །མན་ངག་བསྒོམས་མ་ཐག་ཏུ་ནི། །ཏིང་འཛིན་སྐྱེ་འགྱུར་རང་གི་ནི། །ཁམས་དང་དུས་ཀྱི་བྱེ་བྲག་ཤེས། །རྒྱུད་ལུས་མཚན་གྱི་མན་ངག་ལ། །ཐོས་པ་

ཙམ་གྱིས་དབུ་ཞབས་ཀྱི། །མན་ངག་རྣམས་ནི་ཁོང་དུ་ཆུད། །བཤད་པའི་རྒྱུད་དང་འགྲེལ་པ་དང་། །མངོན་རྟོགས་པ་ཡི་རིམ་པ་རྣམས། །མ་ཐོས་པ་རུ་ཤེས་པར་འགྱུར། །དཔེར་ན་ཤིང་འཛེར་སྩལ་པ་ཙམ། །རྒྱུད་ལུས་མན་ངག་མདོ་མདོ་ཡི། །མཁས་པ་ལ་ནི་བརྟེན་པ་

སུ། །ཐམས་ཅད་དོན་རྣམས་ཁོང་ཆུད་ནས། །སྐབས་ཕྱེད་སྤྱི་དོན་ཤིན་ཏུ་རྒྱས། །དཀའ་འགྲེལ་མངོན་རྟོགས་རིམ་པ་ནི། །རྩོམ་ནུས་དོན་ལ་ཤིན་ཏུ་མཁས། །མིག་ནི་ཡུན་རིང་མི་འཛུམ་ཞིང་། །ཡི་དམ་ལྷ་བསྒོམ་དུས་སུ་ནི། །སྐྱེ་བ་བདུན་པའི་གྲིབ་མ་སྣང་། །སྐྱེ་བ་

Vol. 49 · folio 329b

གཉིས་སོགས་གཞན་པོ་ལ། །གྲིབ་མའི་རྟགས་ཀྱང་དེ་བཞིན་ནོ། །བསྒོམས་པའི་སྟོབས་ཀྱི་ཁྱད་པར་གྱིས། །ཞག་བདུན་ཟླ་གཅིག་ཟླ་བདུན་དུ། །མཁའ་འགྲོ་མས་ནི་ལུང་སྟོན་ཞིང་། །ཆོས་བཤད་རྟགས་རྣམས་སྟོན་པར་མཛད། །ཆོས་པ་ཡི་ནི་མཛད་སྤྱོད་ཀྱང་། །དངོས་

སུ་སྤྲུལ་ནས་སྟོན་པ་དང་། །ཡང་སྤྲུལ་སུམ་སྤྲུལ་ལ་སོགས་སུ། །སྤྲུལ་ནས་སྟོན་དང་ཡང་ན་ནི། །སྐུ་ནི་མི་སྣང་སྒྲ་ཡིས་སུ། །ནམ་མཁའ་ལས་སུ་སྟོན་པ་དང་། །ཡང་ན་ཕྱག་མཚན་ལ་སོགས་ལ། །སྒྲ་བྱུང་ནས་ནི་སྟོན་པ་དང་། །ཡང་ན་རྨི་ལམ་མཚན་མས་སུ། །དུས་བཞི་

དུས་གསུམ་དུས་གཅིག་ཏུ། །ཡང་ནས་ཡང་དུ་སྟོན་པའོ། །མ་ཐོས་པ་ཡི་མན་ངག་རྣམས། །སྟོན་མོར་བྱེད་ན་སྐྱེ་བདུན་སོགས། །སྔགས་ཀྱི་དངོས་གྲུབ་ཐོབ་པ་ཡི། །རྣལ་འབྱོར་རིག་འཛིན་བྱང་ཆུབ་སེམས། །ཡང་ན་དང་པོ་སྐྱེས་ནས་ནི། །ཐེག་ཆེན་ཆོས་ལ་མོས་ནས་ཀྱང་། །མན་

ངག་བསྒོམས་ལ་ཤིན་ཏུ་དགའ། །སློབ་དཔོན་ལ་ནི་མན་ངག་གི། །རྣ་བརྒྱུད་གཅིག་ཙམ་ཐོས་པས་སུ། །བསྒོམས་པས་དངོས་གྲུབ་ཐོབ་པར་འགྱུར། །དེ་ནས་གོང་བཞིན་བྱུང་ནས་སུ། །གཞན་ལ་ཡང་ནི་སྟོན་པར་ནུས། །ཡང་ན་སྐྱེ་བདུན་གང་ཟག་སྟེ། །སྐྱེས་མ་ཐག་ཏུ་ཡི་དམ་

ལྷས། །རྨི་ལམ་ན་ནི་ཆོས་བསྟན་ནས། །མན་ངག་དེ་བསྒོམས་དངོས་གྲུབ་ནི། །ཕྲ་མོ་དག་ནི་ཐོབ་ནས་ཀྱང་། །གཞན་ལ་ཆོས་ནི་སྟོན་པར་ནུས། །དེ་ནས་རིམ་གྱིས་གཞན་ཡང་འབྱུང་། །ཡང་ན་སྐྱེ་བདུན་གང་ཟག་དེ། །རྐྱེན་ནི་གཉིས་པོ་འཛོམ་པ་ལས། །བསྒོམ་པ་ལ་ནི་དགའ་བར་འགྱུར། །

སོན་གྱི་བསྒོམས་པའི་སྟོབས་ཀྱིས་ནི། །འབད་རྩོལ་དྲག་པོ་མ་བྱས་པར། །ཐུན་གཅིག་ལ་ནི་སྒོམ་པ་རྙེད། །དེ་ནས་རིམ་གྱིས་བསྒོམས་པས་སུ། །ཞག་བདུན་ནས་ནི་ལུང་སྟོན་འབྱུང་། །དེ་ནས་རིམ་གསུམ་གོང་མ་བཞིན། །དེ་ནས་མངོན་ཤེས་དྲུག་ལྡན་ནས། །ཕྱག་རྒྱའི་དངོས་

གྲུབ་ཐོབ་པར་འགྱུར། །སྔགས་པའི་དངོས་གྲུབ་ཐམས་ཅད་ཀུན། །སྐྱེ་བ་འདི་ལ་ཕྱག་རྒྱ་ཐོབ། །དེ་ལྟར་མ་གྱུར་རྣལ་འབྱོར་པ། །གོང་མ་བཞིན་དུ་སྐྱེ་བདུན་དུ། །ལེན་པའི་རྟགས་ནི་གོང་བཞིན་འབྱུང་། །སྐྱེ་བ་འདི་ཐོབ་ཚུལ་རྣམས་ཀྱང་། །ཐེག་ཆེན་སྣོད་དུ་རུང་བ་ལ། །དབང་བསྐུར་

Vol. 49 · folio 330a

མན་ངག་ཐོབ་པ་ཡིས། །དམ་ཚིག་མ་ཉམས་བཤགས་ལ་བརྩོན། །བསྐྱེད་རིམ་བརྟན་པར་གྱུར་པས་ནི། །ལུས་ཀྱི་རྣམ་རྟོག་བཟློག་ནས་ཀྱང་། །རྡོ་རྗེ་བཟླས་ལ་བརྟེན་ནས་ཀྱང་། །ངག་གི་རྣམ་རྟོག་བཟློག་ནས་ནི། །སེམས་དབེན་པ་ལ་བརྟེན་པར་བྱ། །སེམས་ཀྱི་འཁྲུལ་

རྟོག་བཟློག་ནས་ཀྱང་། །སྒྱུ་མའི་ཏིང་འཛིན་ལ་གནས་ནས། །འོད་གསལ་ལ་ནི་འཇུག་པར་བྱ། །དེ་ནས་སྤྲོས་མེད་མན་ངག་ལ། །ལྷུན་གྱིས་གྲུབ་འགྱུར་ཕྱག་རྒྱའི་མཆོག །ཡང་ན་བསྐྱེད་རིམ་ལ་བརྟེན་ནས། །ཚེ་ལ་དབང་བའི་རིག་འཛིན་སྒྲུབ། །ཚེ་ལ་དབང་སྒྲུབ་རིག་འཛིན་གྱི། །རྫོགས་

པའི་མན་ངག་བསྒོམ་པར་བྱ། །དེས་སུ་ཕྱག་རྒྱའི་དངོས་གྲུབ་འཐོབ། །ཡང་ན་བསྐྱེད་རིམ་བརྟན་པ་ཡིས། །རྫོགས་པའི་མན་ངག་གང་བསྒོམས་ཀྱང་། །ཟླ་བ་དྲུག་གིས་ཕྱག་རྒྱ་འཐོབ། །རྫོགས་རིམ་བསྐྱེད་པ་ལ་བརྟེན་ནས། །དེ་ནས་རྫོགས་པའི་རྫོགས་པས་ནི། །ཕྱག་རྒྱའི་དངོས་གྲུབ་

ཐོབ་པར་གསུངས། །དེ་ནི་སློབ་དཔོན་ཆེན་པོའི་གཞུང་། །སྦྱོར་ན་ལྟ་བ་གདེང་འགྱུར་གཙོ། །ལྷན་ཅིག་ལྡོག་བྱའི་ཚུལ་དུ་ནི། །བྱས་ནས་ཐེ་ཚོམ་མི་སྐྱེ་ཞིང་། །ལྡོག་པར་མི་འགྱུར་འབྱུང་པོས་ཀྱང་། །ཚུགས་པར་མི་འགྱུར་འབྲས་བུ་མྱུར། །དེ་ལྟར་མ་གྱུར་རྣལ་འབྱོར་པས། །མན་ངག་

ཉམས་སུ་ལོན་པར་བྱ། །མན་ངག་བསྒོམས་པའི་སྟོབས་ཀྱིས་ནི། །མཁའ་འགྲོ་མ་ཡིས་ལུང་སྟོན་པས། །ལུང་བསྟན་པ་ཡི་དུས་སུ་ནི། །ལྟ་བ་མན་ངག་ཟབ་མོ་ནི། །བསྟན་པ་བསྒོམས་པས་ཕྱག་རྒྱ་འཐོབ། །མང་ན་རྣལ་འབྱོར་རིམ་པས་ནི། །བློ་ཡི་རབ་འབྲིང་ཁྱད་པར་ནི། །བག་ཆགས་

རྐྱེན་ལ་སོགས་པ་ཡིས། །རབ་འབྲིང་དགུ་དང་གསུམ་དང་ནི། །དབྱེ་བར་བྱ་བའི་དོན་ཤེས་བྱ། །རྒྱུ་རྐྱེན་འཛོམ་པའི་གང་ཟག་ནི། །སྐྱེ་བ་འདི་ལ་ལུང་སྟོན་པས། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། །རྐྱེན་ནི་རབ་ཏུ་མང་གྱུར་པའི། །རབ་ཀྱི་འབྲིང་སོགས་ལྡན་པ་ཅན། །བར་མ་

དོ་ལ་ལུང་བསྟན་ནོ། །རབ་ཀྱི་ཐ་མ་ལྡན་པ་ནི། །སྐྱེ་བ་ཕྱི་མ་ལུང་སྟོན་ནོ། །འབྲིང་གི་གསུམ་པོའི་རིགས་ལྡན་ཡང་། །གཉིས་དང་གསུམ་དང་བཞི་རུ་སྦྱར། །ཐ་མའི་རིགས་ལྡན་གསུམ་པོ་ཡང་། །ལྔ་དང་དྲུག་དང་བདུན་དུ་སྦྱར། །ཡང་ན་རྐྱེན་སོགས་ལྡན་གྱུར་ཀྱང་། །རྒྱུ་ལ་སོགས་

Vol. 49 · folio 330b

པའི་ནུས་པ་རྣམས། །དྲག་ཞན་གྱི་ནི་རིམ་པ་ཡིས། །རྐྱེན་གྱི་ཚུལ་བཞིན་སྦྱོར་ཤེས་བྱའོ། །རྒྱུ་རྐྱེན་གཉི་ག་འབྲིང་སོགས་ཀྱི། །རིམ་པ་དང་ནི་ལྡན་པ་རྣམས། །གོང་མ་གཉིས་དང་མི་མཐུན་པས། །གསུམ་དང་བདུན་དུ་སྦྱར་ཤེས་བྱ། །གཉིས་ཀ་ཞན་པར་གྱུར་པ་ན། །གསང་སྔགས་

སྣོད་དུ་མི་རུང་བས། །དབང་བསྐུར་མི་བྱ་འཇུག་པ་ཙམ། །དགེ་བའི་ས་བོན་ཆུང་གྱུར་ཀྱང་། །སྨོན་ལམ་བཏབ་པའི་དད་ལྡན་དེ། །གསང་སྔགས་ལ་ནི་མོས་གྱུར་ནས། །ཡང་ནས་ཡང་དུ་གསོལ་འདེབས་ལ། །ཕྱི་མའི་དབང་བསྐུར་ཙམ་བྱས་ལ། །མི་ཟབ་དབྱིབས་ཀྱི་མན་ངག་བསྟན། །

དེ་ལས་བསྟན་པའི་གང་ཟག་ལ། །ལྷག་མ་རྣམས་ནི་རིམ་གྱིས་བསྟན། །ཡང་ན་རྣལ་འབྱོར་རིམ་པ་ནི། །ཡི་དམ་ལྷ་ཚོགས་སོ་སོ་རུ། །སོ་སོ་བག་ཆགས་གཞག་པ་དང་། །མོས་པ་ལ་སོགས་རིམ་པ་ཡིས། །ཐེ་ཚོམ་ལ་སོགས་མེད་མོད་ཀྱང་། །དངོས་གྲུབ་འགྲུབ་པར་མ་གྱུར་

ན། །སྒྱུ་མ་ལྟ་བུའི་འདུ་ཤེས་ཀྱི། །ཐ་མི་དད་པར་བསྒོམས་ནས་ཀྱང་། །མན་ངག་ཡང་ཡང་སྤྲོས་ཀྱང་ནི། །འགལ་བ་མེད་དེ་དངོས་གྲུབ་འགྲུབ། །དེ་ལྟར་བྱས་ཀྱང་མ་བྱུང་ན། །སྒྲིབ་པ་ཤིན་ཏུ་ཆེ་གསུངས་པས། །སྦྱིན་སྲེག་ཚོགས་འཁོར་བཟླས་བརྗོད་དང་། །གཏོར་མ་ལ་སོགས་

ཆོ་ག་ཡིས། །བདུན་ནས་སྟོང་གི་བར་དུ་ནི། །མཁས་པས་ཅི་ནུས་རྒྱུད་བརྟགས་ལ། །སྣ་ཚོགས་སྡིག་པ་སྦྱང་བ་གསུང་། །ལུས་ཀུན་ལ་ནི་གནོད་པ་ཡི། །ཚེར་མའི་ཕུང་པོས་ལམ་རྣམས་འགགས། །མེ་ཡི་སྦྱོར་བ་མཁས་པ་ཡིས། །བསྲེགས་པས་ཐམས་ཅད་མེད་པར་བྱེད། །

དེ་ནས་ལམ་ནི་རྙེད་ནས་ནི། །གང་དུ་ཕྱིན་པར་འགྲོ་བར་བྱེད། །དེ་བཞིན་སྔགས་སོགས་མཐུན་རྣམས་ཀྱིས། །སྒྲིབ་པ་ལ་སོགས་བཅོམ་ནས་ཀྱང་། །ཏིང་ངེ་འཛིན་གྱི་ལམ་རྙེད་ནས། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །དངོས་གྲུབ་ཁྱད་པར་མ་ཐོབ་ཀྱང་། །ཕྲ་མོ་ལ་སོགས་ཐོབ་

པར་འགྱུར། །མཚན་མའི་ལུང་སྟོན་ཕྲ་མོ་འབྱུང་། །གལ་ཏེ་དེ་ལྟར་མ་གྱུར་པར། །ཚེ་དབང་མ་ཐོབ་རྣལ་འབྱོར་པས། །སྒྲིབ་པ་རྣམས་ནི་བྱང་གྱུར་ནས། །སྐྱེ་བ་ཕྱི་མ་ལ་སོགས་སུ། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །ཡང་ན་སྔགས་ཀྱི་མཐུ་རྣམས་ཀྱིས། །སྡིག་སྒྲིབ་རྩད་

Vol. 49 · folio 331a

ནས་མ་ཆོད་ཀྱང་། །ཆེ་ལོང་རགས་པ་མགོ་བཅོམ་ནས། །གཞན་དག་མི་སྐྱེ་མགོ་གནོན་ཞིང་། །དམ་ཚིག་མ་ཉམས་བཤགས་ལ་བརྩོན། །སྨོན་ལམ་དགེ་རྩ་བསྔོ་ལེགས་པས། །སྐྱེ་བ་འདི་རྗེས་གཞན་དག་ཏུ། །དུས་དང་གནས་དང་སློབ་དཔོན་དང་། །གྲོགས་དང་

ཕྱག་རྒྱ་མན་ངག་སོགས། །སྐྱེས་མ་ཐག་ཏུ་རྙེད་པར་འགྱུར། །དེ་རུ་དམ་ཚིག་ལྡན་སོགས་པས། །རིམ་གྱིས་སྐྱེ་བདུན་བརྒྱུད་ནས་སུ། །འབད་རྩོལ་དྲག་པོ་མ་བྱས་པར། །སངས་རྒྱས་ས་ལ་འགྲོ་བར་གསུངས། །དེ་སོགས་ལུང་བསྟན་སྦྱོར་བ་རྣམས། །མཁའ་འགྲོ་མ་ཡི་ལུང་

སྟོན་དུ། །རྣལ་འབྱོར་མཁས་པས་ཤེས་པར་བྱ། །འདི་ནི་བློ་དམན་དོན་ཆེད་དུ། །ཅུང་ཟད་བསྡུས་ཏེ་བསྟན་པ་ཡིན། །མཁའ་འགྲོ་མ་ཡིས་ལུང་སྟོན་ཀྱང་། །འཇིག་རྟེན་འདས་དང་འཇིག་རྟེན་པ། །འཇིག་རྟེན་འདས་པ་གཉིས་ཡོད་དེ། །ས་ནས་རིག་འཛིན་མཁའ་འགྲོ་དང་། །བདེ་

གཤེགས་བྱིན་རླབས་མཁའ་འགྲོའོ། །མཁའ་འགྲོ་དེ་དག་གཉི་ག་ཡང་། །མཛེས་པའི་གཟུགས་དང་མི་མཛེས་པའི། །གཟུགས་ནི་སྣ་ཚོགས་སྤྲུལ་ནས་སྟོན། །དེ་ལ་འཇིགས་དང་མི་འཇིགས་དང་། །རེ་དང་དོགས་པའི་སེམས་སྤངས་ཏེ། །ཕྱག་རྒྱ་བརྡ་ལ་སོགས་པ་ཡིས། །སྟོན་

པའི་དུས་སུ་ལས་རྣམས་ནི། །སྟོན་པར་ཤེས་པར་མ་གྱུར་ན། །དངོས་གྲུབ་མེད་དེ་ཉམས་པར་འགྱུར། །དེ་བས་ནན་ཏན་ཆེར་བསྐྱེད་ལ། །མན་ངག་ཐོས་པ་ཆེ་བ་གཅེས། །ཐོས་པ་ཆེ་བར་མ་གྱུར་ཡང་། །གང་སྒྲུབ་རྒྱུད་སྐོར་ལ་སོགས་ལ། །སློབ་དཔོན་ལ་ནི་ཡང་ནས་ཡང་། །ཐེ་

ཚོམ་ཆོད་པར་མཉན་པར་བྱ། །རྒྱུད་རྣམས་ཐོས་པར་མི་ནུས་པས། །སྒྲུབ་པའི་ཆ་རྐྱེན་བཅུ་བདུན་པོ། །ཤེས་པར་དེ་ནི་མ་བྱས་ན། །དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །སློབ་དཔོན་ལ་ནི་བརྟེན་པ་ཡིས། །མ་ཚང་ཡང་ནི་འགྲུབ་པར་གསུངས། །འཇིག་རྟེན་པ་ལ་གཉིས་ཡོད་དོ། །

རྒྱལ་བས་བཀའ་ལ་བཏགས་པ་ཡིས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བདུད་ནི་ནག་པོ་ལ་སོགས་པ། །དམ་ལ་མ་ཐོགས་བར་ཆོད་མཁན། །དེ་ལྟར་གཉིས་སུ་མ་ཤེས་ན། །དངོས་གྲུབ་ཐོབ་ཀྱང་སླར་ལ་འཚོར། །དེ་གཉིས་གཟུགས་དང་རྟགས་སོགས་པ། །གོང་མ་

Vol. 49 · folio 331b

བཞིན་དུ་སྟོན་པས་ན། །དེ་ཡི་རིམ་པ་གོང་བཞིན་བྱ། །དེ་དག་བརྟགས་པའི་ཆོ་ག་ཡང་། །ཞག་གསུམ་ཞག་བདུན་རྩ་གཅིག་ཏུ། །རེ་དོགས་ལ་སོགས་ཐམས་ཅད་ཀུན། །སྤངས་ནས་རྣལ་འབྱོར་ཏིང་འཛིན་ལ། །ནན་ཏན་དུ་ནི་བརྩོན་འགྲུས་བྱ། །ཚོགས་འཁོར་ལ་སོགས་ཡང་དང་ཡང་། །

བྱེད་པའི་དུས་སུ་རྡོ་རྗེ་གླུ། །ལེན་ཅིང་ཕྱག་རྒྱ་སོགས་བསྟན་པས། །ཏིང་འཛིན་ཕྱག་རྒྱ་གསལ་བ་དང་། །མཚན་མ་ལ་སོགས་གསལ་འབར་ཞིང་། །གཟུགས་དང་སྒྲ་དང་དྲི་ལ་སོགས། །ཐམས་ཅད་བརྟན་ཞིང་མི་འགྱུར་ན། །ལྷ་ཡི་མཚན་མར་ཤེས་པར་བྱ། །དེ་ལས་བཟློག་པ་

ཐམས་ཅད་ཀུན། །བདུད་ཀྱི་རྟགས་སུ་ཤེས་པར་བྱ། །དེ་ལ་སོགས་པ་མཐའ་ཡས་མཆོག །མཁའ་འགྲོའི་ལུང་དུ་བསྟན་པས་ན། །འདིར་ནི་སྒྲུབ་པོའི་དོན་དུ་བསྡུས། །སྒྲུབ་པའི་ཆ་རྐྱེན་མན་ངག་རྣམས། །སྒྲུབ་པོ་ཉམས་སུ་ལེན་པ་ལ། །བསྟན་ཞིང་སྤེལ་ན་བསོད་ནམས་

འཕེལ། །ཉམས་སུ་མི་ལེན་སེར་སྣ་ཅན། །རྫས་དང་ལུས་སྲོག་ལ་སོགས་པ། །བླ་མ་ལ་ནི་འབུལ་མི་ནུས། །དེ་ལ་མན་ངག་བསྟན་མི་བྱ། །དེ་ལ་མན་ངག་བསྟན་པ་ན། །དངོས་གྲུབ་ཉམས་ཏེ་སྡིག་པ་འཕེལ། །དམ་ཚིག་ཉམས་ནས་མཁའ་འགྲོས་གསོད། །ཆ་རྐྱེན་ལ་སོགས་

བཅུ་བདུན་པོ། །སྟོན་པ་ཕྱག་ན་རྡོ་རྗེ་ཡིས། །སེམས་དཔའ་ཕྱག་ན་རྡོ་རྗེ་ལ། །རྣ་བ་བརྒྱུད་པའི་གདམས་ངག་དེ། །རྡོ་རྗེ་མཁའ་འགྲོ་མ་ལ་བསྟན། །དེས་ནི་རོ་ལངས་མ་ལ་བསྟན། །གནོད་སྦྱིན་ཕྱག་ན་རྡོ་རྗེ་དང་། །སློབ་དཔོན་ཕྱག་ན་རྡོ་རྗེ་ཡིས། །བརྒྱུད་པའི་གདམས་ངག་རིམ་པ་

རྣམས། །ནན་ཏན་གྱིས་ནི་བཙལ་བར་བྱ། །དེ་ལ་བཙལ་བ་མ་ཤེས་ན། །དཔེར་ན་ཡིད་བཞིན་ནོར་བུ་ནི། །ཀླུ་རྒྱལ་གཙུག་ནས་རྙེད་ནས་ནི། །འདམ་རྫབ་ནང་དུ་སྟོར་བ་བཞིན། །དེ་བཞིན་མན་ངག་རིན་ཆེན་འདི། །ལུས་ངག་ཡིད་གསུམ་དཀའ་བ་ཡི། །སྒོ་ནས་སློབ་དཔོན་ལ་བཙལ་

ནས། །དམ་མེད་རྨོངས་པའི་ལག་ཤོར་ན། །དངོས་གྲུབ་མི་ཐོབ་ཉམས་པར་འགྱུར། །དེ་བས་ནན་ཏན་བསྐྱེད་དེ་བཙལ། །ལུང་བསྟན་པའི་རིམ་པའི་སྦྱོར་ཀའོ། །སློབ་དཔོན་ཆེན་པོ་བྷ་བས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུས་བསྒྱུར་ཅིང་གཏན་ལ་ཕབ་པ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words