དོ་ཧ་མཛོད་ཀྱི་སྙིང་པོ་དོན་གྱི་གླུའི་འགྲེལ་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) དོ་ཧ་ཀོ་ཥ་ཧྲྀ་ད་ཡ་ཨརྠ་གཱི་ཏི་ཊཱི་ཀཱ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 52 · folio 65b
༄༅༅། །རྒྱ་གར་སྐད་དུ།
Vol. 52 · folio 66a
དོ་ཧ་ཀོ་ཥ་ཧྲྀ་ད་ཡ་ཨརྠ་གཱི་ཏི་ཊཱི་ཀཱ་ནཱ་མ། བོད་སྐད་དུ། དོ་ཧ་མཛོད་ཀྱི་སྙིང་པོ་དོན་གྱི་གླུའི་འགྲེལ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་བྱང་ཆུབ་སེམས་དཔའ་རིན་ཆེན་བློ་གྲོས་དང་། །དཔལ་ལྡན་རྣལ་འབྱོར་
དབང་ཕྱུག་ཆེན་པོ་མདའ་བསྣུན་གྱི། །ཇི་བཞིན་དགོངས་པ་ལོན་པ་དཔལ་ལྡན་ས་ར་ཧའི། །ཞབས་ཀྱི་རྡུལ་ལ་སྒོ་གསུམ་དང་བས་ཕྱག་འཚལ་འདུད། །སྙིང་པོའི་དོན་ནི་བློ་ཡི་ཡུལ་དུ་མ་གྱུར་པས། །བདག་འདྲས་ཚིག་ཏུ་བརྗོད་ཀྱང་དོན་དང་ཤིན་དུ་རིང་། །ཚིག་དང་དོན་གྱི་
འབྲེལ་པ་མེད་དེ་འོ་ན་ཡང་། །དྲན་རིག་སྒྲོན་མེ་འདི་ལ་བརྟེན་པའི་དོན་འགྲེལ་འདི། །མུ་སྟེགས་ལ་སོགས་གཞན་གྱི་གཞུང་ལ་མི་སྨོད་དོ། །རྟོགས་ན་དེ་དག་སྙིང་པོའི་དོན་ལས་མ་གཡོས་པས། །འོན་ཏེ་ལོག་པར་རྟོགས་པས་གྲོལ་བར་མི་འགྱུར་ཏེ། །དོན་ལ་དགོས་པ་
མེད་པས་ཞིབ་ཏུ་མ་གསུངས་སོ། །གཞན་གྱི་གཞུང་གི་རྩ་བའི་རྗེས་ལ་འགྲེལ་པས་བཤད། །བདག་འདྲའི་ལུགས་ཀྱིས་བཤད་པའི་རྗེས་ལ་རྩ་བ་བྲི། །དེ་ཡང་སྡེ་སྣོད་རྣམས་ཀྱི་ལུང་ཚིག་མི་འདྲེན་ལ། །སྔགས་དང་རྒྱུད་རྣམས་ལུང་ཚིག་བྲིས་པས་རྫོགས་པ་མེད། །
དཔལ་ལྡན་རི་ཁྲོད་ཞབས་ཀྱི་ཐུགས་དགོངས་འབའ་ཞིག་ལ། །བརྟེན་ནས་གསུང་གི་བདུད་རྩིའི་ཐིག་པའི་བརྗེད་བྱང་འདི། །བདག་དང་བདག་འདྲ་མོས་པ་རྣམས་ཀྱི་དོན་དུ་ནི། །དོན་གྱི་གདམས་ངག་འབའ་ཞིག་བསྡུས་ནས་བྲི་བར་བྱ།། །།དེ་ལ་རེ་ཞིག་དོ་ཧ་ཀོ་ཥ་གཱི་ཏི་འདི་ལ་
དོན་རྣམ་པ་གཉིས་སོ། །སྙིང་པོའི་དོན་མ་རྟོགས་པ་ལ་བརྒལ་བ་དང་། རྟོགས་པ་གསལ་བར་བྱེད་པའོ། །མ་རྟོགས་པ་ལ་བརྒལ་བ་ནི། ཕྱི་རོལ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པའོ། །དེ་ཡང་མུ་སྟེགས་བདག་ཏུ་ལྟ་བ་ལ། །རྟག་པ་དང་བདེ་བ་དང་། ཁྱབ་པ་
དང་། གཅིག་པུ་དང་བཞི་ཁས་ལེན་ཏེ། མི་གསལ་བའི་མཚན་མ་དང་། གསལ་བའི་མཚན་མ་ཞི་ལ་བཞི་པ་ལ་བཞེད་དེ། དེ་ལས་འགྲོ་བའི་དོན་དུ་རིགས་རྣམ་པ་བཞིར་གཟིགས་ནས། སྟོན་པ་རྣམ་པ་བཞིར་སྤྲུལ་པ། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་།
Vol. 52 · folio 66b
ཁྱབ་འཇུག་དང་། དྲག་པོ་འཇིགས་བྱེད་དང་བཞིའོ། །དེ་ཡང་མ་འོངས་པའི་དུས་ན། བྲམ་ཟེའི་རིགས་དང་། རྗེའུ་རིགས་དང་། རྒྱལ་རིགས་དང་། དམངས་རིགས་རྣམས་ཀྱི་དོན་དུའོ།། །།དེ་ལ་བདག་རྟག་པ་ནི། ཚངས་པའི་ཞལ་ནས་གསུངས། བདག་བདེ་བ་ནི་དབང་
ཕྱུག་ཆེན་པོ་ཡབ་ཡུམ་གྱི་ཞལ་ནས་གསུངས། བདག་ཀུན་ལ་ཁྱབ་པ་ནི་ཁྱབ་འཇུག་གི་ཞལ་ནས་གསུངས། བདག་གཅིག་པུ་ནི་དྲག་པོ་འཇིགས་བྱེད་ཀྱི་ཞལ་ནས་གསུངས། དེ་ལ་ཚངས་པའི་ཞལ་བཞི་ནས་བྲམ་ཟེའི་དོན་དུ་རིག་བྱེད་བཞི་གསུངས་ཀྱང་། དོན་དམ་པའི་ལྟ་བ་མ་རྟོགས་
པས། དེ་ཉིད་མི་ཤེས་བྲམ་ཟེ་ནི། །ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་དངགས་ཀྱི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་བཞི་པོ་ཚུལ་ཙམ་བསྒོམས་པས་མ་རྟོགས་པས། གྱི་ན་རིག་བྱེད་བཞི་དག་འདོན། །ལུས་དག་པར་བྱེད་པ་ས། ངག་དག་པར་
བྱེད་པ་ཆུ། སེམས་དག་པར་བྱེད་པ་རྩྭ་ཀུ་ཤ། རང་བཞིན་དག་པར་བྱེད་པའི་སྐུད་པའི་སྤྱོད་པས་མ་རྟོགས་པས། ས་ཆུ་ཀུ་ཤའི་དག་བྱེད་དང་། སྦྱིན་སྲེག་ཕྱི་ནང་གི་སྲོག་དང་མ་བྲལ་ཡང་ཕུང་པོ་མེ་ལ་སྲེག །དོན་དམ་པའི་འབྲས་བུ་མ་རྟོགས་པའི་ཕྱིར་ན། ཁྱིམ་ན་གནས་ཤིང་
མེ་ལ་སྲེག །ཚེ་འདི་ལ་ནི་ཚ་བའི་སྡུག་བསྔལ་ལ་སོགས་པའི་དོན་མེད། ཕྱི་མའི་ཚེ་ལ་ནི་གྲོལ་བར་མི་ནུས་པས། དོན་མེད་སྦྱིན་སྲེག་བྱེད་པ་ནི། །ཡང་དག་པའི་ལྟ་བ་ནི་མ་རྟོགས། སྒྲིབ་པ་འབའ་ཞིག་ང་ལ་གནོད་པས། དུ་བས་མི་ལ་གནོད་པ་བས། ད་ནི་དབང་ཕྱུག་ཆེན་
པོའི་ཞལ་ནས་གསུང་པ་རྗེའུ་རིགས་ཀྱི་ཆོས། ལེགས་ལྡན་དང་། དབྱུ་གུ་པ་དང་། ཐ་དད་པ་དང་། ངང་པའི་སྤྱོད་པ་དག་ལ་བརྒལ་བ། ཉི་མ་དང་། ཟླ་བ་ལ་ཕྱི་རོལ་གྱི་དབྱུ་གུ་ལ་བརྩིས་ནས་སམ། ཕོ་སྨོས་ཀྱི་བདེ་བ་ལ་བརྟེན་ནས་ལེགས་པར་གྲོལ་བར་མཐོང་བས། དབྱུ་
གུ་དབྱུག་གསུམ་ལེགས་ལྡན་གཟུགས། །དེ་ཡང་པ་དག་ལ་ཡབ་ཡུམ་གཉིས་སུ་བསྒོམས་པའམ། ཕོ་སྨོས་ངང་པ་ལྟར་འགྲོགས་པའམ། རླུང་ངང་པ་ལྟར་ཤེས་ནས་གྲོལ་བར་འདོད་པས། ཐ་དད་པ་དང་དད་པའི་བསྟན་པ་དག །ཕོ་སྨོས་ཀྱི་བདེ་བའམ། དབྱུ་གུ་རླུང་རྒྱུ་
Vol. 52 · folio 67a
བའི་བདེ་བ་མྱོང་ན་དཀར་པོའི་ཆོས་སམ་ནག་པོའི་ཆོས་ལ་ཁྱད་མེད་པས། ཆོས་དང་ཆོས་མིན་མི་ཤེས་པར་མཉམ་ཞིང་དོན་དམ་པའི་བདེ་བ་མ་ཡིན་པ་ལ་དོན་དམ་པ་ཡིན་སྙམ་པས། འགྲོ་བ་རྣམས་ནི་བརྫུན་པ་ཉིད་དུ་གོལ། ད་ནི་ཁྱབ་འཇུག་གི་ཞལ་ནས་གསུངས་
པ་རྒྱལ་རིགས་ཀྱི་ཆོས། བརྟན་པ་དང་གཡོ་བ་ལ་ཁྱབ་པའི་ཨེ་རིལ་བརྒལ་བ། དེ་ཁོ་ན་ཉིད་ནི་མ་རྟོགས་པའི་ལྕི་བའམ། མི་རུས་ཀྱི་ཐལ་བས་ལུས་ལ། ཨེ་རིལ་ཐལ་བས་ལུས་ལ་བྱུགས་ནས་སུ། །ཁྱབ་འཇུག་མགོ་བོ་ལ་ཡོད་པར་བསམས་ལ་སྤྱོད་པ་བྱེད་པས། མགོ་
ལ་རལ་པའི་ཁུར་བུ་ཁུར་བར་བྱེད། །སྒོམ་པ་ནི་སྙིང་གར་མར་མེ་ལྟ་བུ་ནང་གི་ཕྱོགས་བཞིའི་མར་མེ་ཕྱིའི་ཁྱིམ། ཁྱིམ་དུ་མར་མེ་བཏང་ནས་གནས་ཟུར་བཞིར་བུད་མེད་བཞི་བཞག་ལ། རང་དབུས་སུ་མཚན་མ་འགྲེང་བས་མཚམས་སུ་འདུག་ནས་དྲིལ་བུ་དཀྲོལ། མན་ངག་
གི་སྙིང་གའི་མར་མེ་རླུང་གིས་ཏལ་གྱིས་བསྐུལ་བའི་དུས་སུ། སྐྱིལ་ཀྲུང་བཅས་ནས་མིག་བཙུམ་སྟེ། །སྙིང་དང་འདྲ་བའི་སློབ་མ་ལ་སྙིང་གར་རྣ་བ་གཏོད་པའི་དུས་སུ་ཧཾ་དགུའི་སྒྲས། རྣ་བར་ཤུབ་ཤུབ་སྐྱེ་བོ་སླུ་བར་བྱེད། །གང་སླུ་ཞེ་ན་ཐབས་མེད་པས་རེང་མོའམ།
གོ་བ་མེད་པ་སྐྲ་མེད་པ་ཡིན་པས། ཁྱོ་མོ་སྐྲ་མེད་འདི་འདྲ་གཞན་ལ་སྟོན། །སྙིང་གར་ཨ་ཧཾ་གི་སྒྲ་ཐོས་པ་ཙམ་དྲིས་པ་ལ། དབང་ཐོབ་པོ་ཟེར་ནས་ཡོན་འདོད། དབང་རྣམས་བསྐུར་ཞིང་བླ་མའི་ཡོན་རྣམས་ལེན། །དྲག་པོ་འཇིགས་བྱེད་ཀྱི་ཞལ་ནས་གསུངས་པ། དམངས་
རིགས་གྲངས་ཅན་ལ་བརྒལ་བ། འདོད་པ་ལ་ཡེངས་པའི་སྐྱེ་བོ་རྣམས་ནི་སེན་མོ་བཅད་ཅིང་བྱི་དོར་བྱས་སོ། །ང་ནི་འདོད་པ་སྤངས་པའི་ཆེད་དུ་སེན་མོ་རིང་ཞིང་ལུས་ལ་དྲི་མས་གཡོགས། དགེ་སྦྱོང་ནི་ངོ་ཤེས་པས་ཆོས་གོས་དང་སྐྲ་སྤུ་གྲིས་བཞར་ལ། ང་ནི་ངོ་ཚ་དོན་དམ་པར་
མེད་པས། གོས་དང་བྲལ་ཞིང་སྐྲ་ནི་འབལ་བར་བྱེད། ལྟ་བ་ནི་སྟོན་ཀའི་ནམ་མཁའ་ལ་བལྟས་པས་ཡིད་ཆགས། རང་གིས་རང་ལ་གནོད་པ་སྐྱེལ་བ་དེ་ལ་ལམ་ཡིན་པས། ནམ་མཁའི་ཡིད་ཅན་གནོད་བྱེད་ལམ་གྱི་གཟུགས། །བདག་དང་འགྲོ་བའི་ཆེད་དུ་སྡུག་བསྔལ་
Vol. 52 · folio 67b
དུ་བྱས་ན་ཐར་པ་ཐོབ་ཟེར་བས་ཐར་པའི་ཆེད་དུ་བདག་ཉིད་འགྲོ་བྱེད་སླུ། བརྒལ་བ་རྣམས་ནི་གོའོ། །དེ་ཉིད་མ་རྟོགས་པའི་ནང་པ་སངས་རྒྱས་པ་ལ་བརྒལ་བ། དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་འདམ་གྱིས་མ་གོས་པའི་དོན་དམ་པའི་བདེན་པ་ནི་ངོ་མ་ཤེས་པས།
ཐེག་པ་ཐུན་མོང་བ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཀྱང་གྲོལ་བས། བདེ་བའི་དེ་ཉིད་དང་ནི་བྲལ་གྱུར་ཞིང་། །དེ་ཡང་སེམས་ཀྱི་དཀའ་ཐུབ་ཀྱི་མན་ངག་ནི་མ་རྟོགས། ལུས་ཀྱི་དཀའ་ཐུབ་འབའ་ཞིག་གིས་མི་གྲོལ་བས། ལུས་ཀྱི་དཀའ་ཐུབ་འབའ་ཞིག་ཙམ་ལྡན་པས། །
དེ་ཡང་ཐེག་པ་གསུམ། གནས་པ་ནི་བཞི། སྦྱོར་བ་ནི་དགུ་ཁོ་ནའོ། །དེ་རྣམས་ཀྱི་དོན་ལྟ་བ་དང་། སྤྱོད་པ་དང་། བསྒོམ་པ་དང་། བསམ་གཏན་གྱི་དྲི་མ་ནི་གཞན་ན་གསལ་བས་འདིར་མ་བྲིས་སོ། །དེ་ལ་ཉན་ཐོས་ཐ་མ་འབྲིང་རབ་གསུམ་ནི། ཚུལ་དགེ་སློང་གནས་བརྟན་ཞེས་
བྱའོ། །ཚོགས་ལ་སྤྱོད་པ་དང་བསེ་རུ་ལྟ་བུའི་རང་རྒྱལ་བ་ནི། བེནྡེ་རྣམས་ནི་དེ་ལྟར་རབ་བྱུང་ནས། །ཐེག་པ་ཆེན་པོའི་ཐ་མ་མདོ་སྡེ་ནི། །ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འདུག །འབྲིང་པོ་སེམས་ཙམ་རྣམ་བཅས་དང་རྣམ་མེད་ནི། སེམས་ཀྱི་ཉམས་མྱོང་ལས་མ་བྲལ་བས།
ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང་། རབ་དབུ་མ་པ་ནི་ཆོས་ཐམས་ཅད་སྒྱུ་མ་དང་གཉིས་སུ་མེད་པར་སྨྲ་བ་དང་། རྣམ་གྲངས་མ་ཡིན་པ་ཆོས་ཐམས་ཅད་རབ་ཏུ་མི་གནས་པ་རྒྱུ་མཚན་ཉིད་ཐེག་པ་ཡིན་པས། ཁ་ཅིག་ཐེག་ཆེན་འདི་ལ་སྒྱུ་བྱེད་ཅིང་། །དེ་ལ་ལུང་དང་བསྟན་
བཅོས་དང་། །ཚད་མས་ཤེས་བྱ་གཏན་ལ་ཕབ་པ་ལ། །བསྐལ་པ་དུ་མའི་བར་དུ་གཞུང་ལ་ཞུགས་པའི་ཕྱིར་ན། དེ་ནི་གཞུང་ལུགས་ཚད་མའི་བསྟན་བཅོས་ཡིན། །དེ་ལ་རྡོ་རྗེ་ཐེག་པ་ནི། འཁོར་ལོ་སྡོམ་པའམ། དགྱེས་པའི་རྡོ་རྗེ་ལ་སོགས་པ་བསྐྱེད་པའི་རིམ་པ་
བསྒོམས་པས། གཞན་ཡང་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ། དེ་ཡང་དབང་བཞི་པ་ལ་བརྟེན་ནས་འཁོར་ལོ་བཞི་པ་ལ་ཐིག་ལེ་བཞི་པའི་མན་ངག་རྫོགས་པའི་རིམ་པ་འཆད་པས་ན་ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། དེ་ཡང་སྟོང་པ་ཉིད་ཀྱི་ཞི་
Vol. 52 · folio 68a
གནས་མཐོང་བས། ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་སྣང་། །ལ་ལ་ནི་སྣ་ཚོགས་དང་། སྟོང་པ་ཉིད་ནི་དབྱེར་མེད་པ་ཅིག་ལ་བལྟ་བར་བྱས་པས། གཞན་དག་སྟོང་པ་ཉིད་ལྟ་བར་བྱེད་པ་སྟེ། ལ་ལ་ན་རེ་སྣང་བ་ནི་བེམས་པོ་མ་ཡིན་ལ།
ཤེས་པ་ནི་རིག་པ་མ་ཡིན་པས་ལྷའི་དཀྱིལ་འཁོར་དང་ཤེས་པ་ལ་འབྲེལ་པ་མེད་དོ་ཞེས། ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པ་རྣམ་པ་གསུམ་ངོ་ཤེས་པས་ན། གཞན་གང་གིས་ཀྱང་མི་གྲོལ་བས།
ལྷན་ཅིག་སྐྱེས་བྲལ་གཞན་གང་གིས། །དེ་ཡང་ཞི་གནས་ཕྱོགས་གཅིག་པས་ཐར་པ་མི་མཐོང་བས། མྱ་ངན་འདས་གང་སྒོམ་བྱེད་པ། །འདི་ནི་ཞི་གནས་སོ། །འདི་ནི་ལྷག་མཐོང་ངོ་། །འདི་ནི་མཉམ་གཞག་གོ། །འདི་ནི་རྗེས་ཐོབ་པོ་ཞེས་བྱ་བ་ལ་སོགས་པའི་རློམ་
སེམས་ཀྱིས་དོན་དམ་པ་ལ་མི་རེག་པས། དེ་དག་འགས་ཀྱང་དོན་དམ་ནི། །དོན་དམ་པ་ནི་བློས་རེག་ཏུ་མི་བཏུབ་པས། བརྗོད་པ་དང་བྲལ་བ་དེའི་ཕྱིར་ན་མིང་གདགས་སུ་མ་བཏུབ་པ་དེ་ཤེས་བྱའི་ཡུལ་མ་ཡིན་པས། ཅིག་ཤོས་འགྲུབ་པར་མི་འགྱུར་རོ། །ཅིག་ཤོས་
ནི་བློས་ཡི་རེག་ལ། ཞི་གནས་ལ་སོགས་པ་ནི་བློས་མོས་པ་ཡོད་པས། གང་ཞིག་ལ་མོས་པར་གྱུར་པ་དེས། མོས་པའི་ཕྱིར་ན་ཡང་དག་པ་མ་ཡིན་པས། སངས་རྒྱས་ཀྱི་དགོངས་པ་མི་འཐོབ་པས། བསམ་གཏན་པས་ཐར་པ་ཐོབ་བམ་ཅི། ཡང་དག་པའི་ལྟ་བ་
རྟོགས་ན། མཆོད་པའི་རྣམ་པའམ། འོད་གསལ་བའམ། སྟོང་པའམ། མི་རྟོག་པ་མི་དགོས་པས་ན། མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། །ཡང་དག་པའི་ཇི་ལྟ་བ་བཞིན་དུ་རྟོགས་ན། ཕྱིའི་སྔགས་ནི་ཁྲོ་བོའི་སྔགས་དང་། ནང་གི་སྔགས་ནི་རླུང་རྒྱུ་བ་ལ་
སེམས་འཛིན་པ་དང་། གསང་བའི་སྔགས་ཡིད་སྐྱོབ་བ་མི་དགོས་པས། དེ་ལ་ཅི་བྱ་གསང་སྔགས་བརྟེན་པས་ཅི་ཞིག་དགོས། ཕྱི་རོལ་པ་བཞིན་དུ་འབབ་ཆུའི་སྟེགས་ལ་བརྟེན་པའམ། ནགས་སུ་འགྲོ་ནས་དཀའ་ཐུབ་བྱ་བ་མི་དགོས་པ་བཞིན་དུ། ནང་གི་འཁོར་ལོའི་
Vol. 52 · folio 68b
རིམ་པ་ནས་བྱང་ཆུབ་སེམས་དབབ་པ་དང་། འཁོར་ལོའི་རིམ་པས་སྟེགས་བྱ་བ་དང་། བྱང་ཆུབ་ཀྱི་སེམས་དེ་ཉིད་གྱེན་ལ་བཟློག་ནས། འགྲོ་བ་དང་། དེ་ལ་བརྗོད་དུ་མེད་པའི་དཀའ་ཐུབ་མི་དགོས་པས། འབབ་སྟེགས་འགྲོ་དང་དཀའ་ཐུབ་ཅི་དགོས་ཏེ། །ཕྱི་རོལ་
པ་བཞིན་དུ་ཁྲུས་བྱས་པའམ། སྔགས་པ་བཞིན་དུ་མི་གཙང་བ་ལ་གཙང་བར་བསྒོམས་པས་ཐར་པ་མི་ཐོབ་པས་ཆུ་ལ་ཞུགས་པས་ཐར་པ་ཐོབ་བམ་ཅི། ཐབས་དང་། སྣང་བ་དང་། དྲན་པ་དང་། བདེ་བ་དང་། གསལ་བ་དང་། བྲལ་བའི་སྟོང་པ་ཉིད་ཀྱི་ཞི་གནས་
འབའ་ཞིག་ལ་ཞུགས་པ་དེ་དོན་མ་ཡིན་པས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ཕྱག་རྒྱ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ་མི་མཐོང་བས། དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཡང་ན་ཐབས་ཀྱི་རྣམ་གྲངས་དུ་མ་ཡོད་ཀྱང་། བློའི་ཕ་རོལ་ཏུ་ཕྱིན་པའམ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་ན། བསྒོམ་པ་ནི་ཚུ་རོལ་ཡིན་པས། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །བསྒོམ་པ་ནི་ཡིད་ལ་བྱས་པས་ཁམས་གསུམ་ལས་མི་ཐར་བས། འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །དེ་ཡན་དུ་གཞན་གྱི་གཞུང་
བསྟན་ཟིན་ཏོ།། །།ད་ནི་རང་གི་གཞུང་གསལ་བར་བསྟན་པར་བྱ་སྟེ། དེ་ལ་ལྟ་བ་ལ་སོགས་པ་ནས་འབྲས་བུ་རེ་དོགས་པས་འཇུག་བསྡུས་ལ། དཔེ་སུམ་ཅུ་རྩ་ལྔས་རྩ་བའི་དཔེས་བསྡུ་བར་བྱའོ། །སུམ་ཅུ་རྩ་ལྔ་དེ་དག་ནི། །སྙིང་པོའི་དོན་ཡིད་ལ་མ་བྱས་པ་
ལྟ་བ་འགྱུར་བ་མེད་པ་ལག་མཐིལ་དུ་གནས་པའི་དཔེ་དང་། སྤྱོད་པ་འཁྲུལ་དང་མ་འཁྲུལ་དབྱེར་མེད་པ་ལ་ཆུ་ལ་ཆུ་བཞག་པའི་དཔེ་དང་། བསྒོམ་པ་ཞེན་པ་ལ་བརྒལ་ནས་རང་གཞུང་བསྟན་པ་ནི་སྒྱུ་འཕྲུལ་དྲ་བ་པང་དུ་འཁྱུད་པའི་དཔེ་དང་། འབྲས་བུ་མཚོན་དུ་མེད་པ་ནམ་
མཁའི་དཔེ་དང་། སེམས་ཉིད་ཡིད་བཞིན་གྱི་ནོར་བུའི་དཔེ་དང་། དེའི་ཡོན་ཏན་སྦྱོར་བ་བཞི་ནམ་མཁའི་དཔེ་དང་། རྒྱུན་མ་འཆད་པའི་བསམ་གཏན་རྟོགས་ན་སྙིམ་པ་ཆུས་བཀང་བའི་དཔེ་དང་། སོ་མ་རང་ཏང་ལྷུག་པ་ནི་རྔ་མོའི་དཔེ་དང་། རླུང་གི་རྣལ་འབྱོར་ལ་
Vol. 52 · folio 69a
བརྒལ་ནས་རང་གི་གཞུང་བསྟན་པ་ནི་ཤིང་གི་རྣལ་འབྱོར་གྱི་དཔེ་དང་། རེ་དོགས་མེད་པ་བུ་ཆུང་གི་དཔེ་དང་། རང་གིས་ཉམས་སུ་མྱོང་ཡང་གཞན་ལ་བསྟན་དུ་མེད་པ་གཞོན་ནུ་མའི་བདེ་བའི་དཔེ་དང་། ཡུལ་གྱི་འདམ་གྱིས་མ་གོས་པ་ཨུཏྤ་ལའི་
དཔེ་དང་། ཉོན་མོངས་པས་མི་གནོད་པ་དུག་ཅན་སྔགས་ཅན་གྱི་དཔེ་དང་། མཉམ་གཞག་དང་རྗེས་ཐོབ་དབྱེར་མེད་པ་གླང་ཆེན་ལོམ་པའི་དཔེ་དང་། ཆོས་སྐུ་ལས་མ་གཡོས་པ་གཟིངས་ལས་འཕུར་བའི་བྱ་རོག་གི་དཔེ་དང་། ཡུལ་གཉིས་ཀྱི་སྐྱོན་གྱིས་འཆིང་བ་ནི་ཐག་པ་
ལ་སྦྲུལ་དུ་མཐོང་བའི་དཔེ་དང་། འདོད་པའི་ཡོན་ཏན་ལྔས་འཆིང་བ་ནི་ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་རི་དགས་ཀྱི་དཔེ་དང་། ཆོས་ཉིད་རྟོགས་པས་འདོད་ཡོན་སྤྱོད་ཀྱང་མི་གནོད་པ་ཆུ་དང་རླབས་ཀྱི་དཔེ་དང་། རྣམ་རྟོག་གློ་བུར་བ་ཆོས་སྐུ་ལ་ནུབ་པ་ཉིད་རྡུལ་གྱི་
དཔེ་དང་། དུ་མ་རོ་གཅིག་ནི་ཆུ་ལ་ཆུ་བཞག་པའི་དཔེ་དང་། ཐུག་ཕྲད་ཀྱི་རྣལ་འབྱོར་ནི་ནགས་ལ་མཆེད་པའི་མེ་ལྕེའི་དཔེ་དང་། གང་ལ་ཞེན་པ་འགལ་བ་ནི་ཏིལ་གྱི་ཤུན་པའི་དཔེ་དང་། དབང་པོའི་མངོན་སུམ་དང་རྣལ་འབྱོར་གྱི་མངོན་སུམ་འདྲ་ལ་མི་འདྲ་བ་ནི་ཕག་
དང་གླང་པོའི་དཔེ་དང་། རིག་པ་མེད་ཀྱང་འགྲོ་དོན་བྱེད་པ་ཡིད་བཞིན་ནོར་བུའི་དཔེ་དང་། སྣོད་རྟག་པའམ་དྲན་དུ་མ་བཏུབ་ཀ་ལ་ཀུ་ཏའི་དཔེ་དང་། ཆོས་ཉིད་ཀྱི་རོ་མ་སྟོར་བ་ནི་ལན་ཚྭ་ཆུ་ལ་ཐིམ་པའི་དཔེ་དང་། སེམས་དང་སེམས་ལས་བྱུང་བ་དབྱེར་མེད་པ་ནི་ཆུ་ནང་
གི་མར་མེའི་དཔེ་དང་། སྣ་ཚོགས་ཆོས་སྐུ་ལས་མ་གཡོས་པས་རྒྱལ་པོ་ལ་སྒྱུ་མ་བསྟན་པའི་དཔེ་དང་། རིག་པ་ཟས་སུ་ཟོས་པ་ཆུང་མས་ཁྱོ་ཟོས་པའི་དཔེ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལྷན་ཅིག་སྐྱེས་པའི་སྡོམ་པ་མེ་ཤེལ་ཆུ་ཤེལ་གྱི་དཔེ་དང་། ཆོས་སྐུ་
བློས་རེག་རེག་འདྲ་སྟེ་མི་རེག་པ་ནི་གདོལ་པའི་རིག་བྱེད་ཀྱི་དཔེ་དང་། ལོངས་སྐུ་མ་རྟོགས་ཀུན་ཏུ་རུ་ལ་འཚོལ་ན་སྨིག་རྒྱུའི་ཆུའི་དཔེ་དང་། བཞི་པའི་མན་ངག་རྟོགས་ན་ཟླ་བའི་ནོར་བུའི་དཔེ་དང་། སྤྲུལ་སྐུ་རྟོགས་ནས་སེམས་ཡན་པར་གླང་པོ་ཆེ་སྐྱོང་བའི་དཔེ་དང་། ངོ་བོ་
Vol. 52 · folio 69b
དབྱེར་མེད་པར་རྟོགས་ན་ཆུ་བུར་གྱི་དཔེའོ།། །།དཔེ་དེ་རྣམས་གསལ་བར་བྱ་བ་ནི། དང་པོ་ཁོ་ན་དུས་གསུམ་གྱི་བདེ་བར་གཤེགས་པའི་དགོངས་པ་ལྟ་བ་རྟོགས་བྱ་མ་ཡིན་པ་རྟོགས་དགོས་ཏེ། དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པའི་ཆོས་ཇི་སྙེད་
པ་ཅིག་གཉིས་སུ་མེད་པར་ཤེས་དགོས་སོ། །འདི་ལ་བརྗོད་བྱ་མང་པོ་ཡོད་དེ་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ལ་རྣལ་འབྱོར་ཐ་མ་དང་འབྲིང་དང་རབ་ཀྱི་དབང་དུ་བྱས་ན། ཐ་མ་སྣང་སྟོང་དབྱེར་མེད་ལྟ་བ། བདེ་སྟོང་དབྱེར་མེད་བསྒོམ་པ། སྐུ་གསུམ་དབྱེར་མེད་
འབྲས་བུའོ། །རྣལ་འབྱོར་འབྲིང་པོ་ན་རེ། རྣལ་འབྱོར་ཐ་མ་ནི་རྣམ་པར་རྟོག་པ་འབའ་ཞིག་ལ་མིང་དུ་བཏགས་པའོ། །རྣམ་རྟོག་དེ་ཡང་དྲན་པ་ཙམ་ཡིན་པས་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མན་ངག་གིས་དྲན་མེད་མྱོང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སྐྱེ་མེད་ས་
བསྟན་པས་སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་དང་བྲལ་བ་རྟོགས་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། བསམ་དུ་མེད་པ་ཤིན་དུ་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཤིན་དུ་རྣམ་པར་དག་པའི་དབྱིངས་དེ་དག་མན་ངག་གིས་ཉམས་སུ་མྱོང་བས་རྣལ་འབྱོར་འབྲིང་པོ་ཞེས་བྱའོ། །
རྣལ་འབྱོར་རབ་ན་རེ། རྣལ་འབྱོར་འབྲིང་པོས་ཡེ་ཤེས་སུ་མིང་དུ་བཏགས་པ་ནི་སྒྱུ་མ་ལྟ་བུ་དྲན་པ་དང་ཡིད་ལ་མ་བྱས་པ་དབྱེར་མི་ཕྱེད་པ་ཟུང་འཇུག་རབ་ཏུ་མི་གནས་པ་ཙམ་ཡིན་གྱི། གང་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་དེ་སྟོང་ཉིད་རབ་ཏུ་མི་གནས་པ་དང་། སྐྱེ་བ་མེད་ཅིང་
དགག་ཏུ་མེད་པ་དེ་བཏང་སྙོམས་རབ་ཏུ་མི་གནས་པ། གང་གིས་བློས་མི་རིག་པ་བསམ་དུ་མེད་པས་རྒྱུན་ཆད་རབ་ཏུ་མི་གནས་པའོ། །དེ་ཡང་རབ་ཏུ་མི་གནས་པ་དེ་དག་ཡིད་ལ་མི་བྱེད་པ་དང་དབྱེར་མི་ཕྱེད་པས། གང་ཡང་གཉིས་པོའི་སྦྱར་བའི་ནུས་པ་དེས། འཁོར་བ་
རྣམ་པ་གསུམ་དང་མྱ་ངན་ལས་འདས་པ་གསུམ་ནི་སེམས་དང་ཡེ་ཤེས་ཀྱི་སྤྲུལ་པའོ། །སེམས་དང་ཡེ་ཤེས་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པས་ནི་དངོས་པོ་མ་ཡིན་པ་ལ་གནས་པར་མི་བྱ་སྟེ། ཆོས་ཉིད་སྐྱེ་བ་མེད་པ་དེ་ནི་སེམས་ལས་བྱུང་བ་ངན་པ་
Vol. 52 · folio 70a
འདི་ལ་གནས་པར་མི་བྱ་ལ། སེམས་ཉིད་དྲན་མེད་ཤེས་བྱ་ཡིན་པས་གནས་པར་མི་བྱེད་པས། འཁོར་བར་མི་གནས་མྱ་ངན་འདས་མི་གནས། །སྐྱེ་བ་མེད་པ་དེ་ཡང་དྲན་པ་དང་དྲན་མེད་ལ་བརྟེན་ནས་རྟོགས་པར་འགྱུར་གྱི། དཔེར་ན་བུད་
ཤིང་མ་ཟད་ཀྱི་བར་དུ་མེ་གནས་པར་འགྱུར་གྱི། བུད་ཤིང་ཟད་པ་དང་མེ་ལ་གནས་མེད་པ་བཞིན་དུ། དྲན་དང་དྲན་མེད་མ་ཟད་བར་དུ་སྐྱེ་བ་མེད་པ་ཞེས་གནས་པར་འགྱུར་གྱི། དེ་གཉིས་རྨི་ལམ་གྱི་སྒྱུ་མ་ལྟ་བུར་ཤེས་པ། སྐྱེ་བ་མེད་པ་དེ་དམིགས་སུ་མེད་པའི་ཕྱིར་ལོང་བ་
ལྟ་བུ་ཡིན་པས་བརྗོད་དུ་མེད་པ། ཀྱེ་ལགས་གང་སྨྲས་བརྫུན་པ་ལོང་བ་བོར་ལ། སེམས་ལ་སྣང་བ་ནི་རྐྱེན་བག་ཆགས་ལ་རག་ལུས། སེམས་ལ་སྟོང་པ་ནི་ལྟོས་པའི་ཆོས་ལ་རག་ལུས་སེམས་སྐྱེ་བ་མེད་པ་དེ་གཉིས་ལ་རག་ལུས་པས། སྣང་བ་དང་། སྟོང་པ་དང་། སྐྱེ་བ་མེད་
པ། གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོང་། ཞི་བསྡུས་ཀྱི་ཆོས་ཐམས་ཅད་ཡིད་ལ་མ་བྱས་པ་ཐུག་ཕྲད་དུ་རྟོགས་པས། རྟོགས་པར་གྱུར་ན་དེ་ཡིན་ཏེ། ཡིད་ལ་མ་བྱས་པ་བླ་ན་མེད་པས་བརྡ་དང་ཐབས་ཀྱིས་བསྟན་ཡང་རྟགས་དེ་མ་ཡིན། དཔེར་ན་བྲམ་ཟེ་མ་ཡིན་པ་བོས་
ཤིག་བྱས་པས། གཞན་ནི་ངོས་བཟུང་བ་མེད་པ་དེ་བཞིན་དུ། དེས་གཞན་ཞིག་ནི་ཤེས་པར་བྱ་བའི་ཡུལ་མ་ཡིན་པས། དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་འགྱུར། །དེ་ཡང་ཐོས་པའི་ཤེས་རབ་དང་། བསམས་པའི་ཤེས་རབ་དང་བསྒོམས་པའི་ཤེས་རབ་སྐུ་གསུམ་
ཤེས་པས་ཀློག་པ་དེ་ཡིན་འཛིན་དང་བསྒོམ་པ་དེ་ཡིན་ཏེ། དེ་ཉིད་ཐོག་མ་མེད་པ་ནས་འགྱུར་བ་མེད་པ། སྲིད་པ་ཆགས་པ་དང་དེའི་བསྟན་བཅོས་ཀྱང་དེ་ལས་གཞན་མ་ཡིན་པས། བསྟན་བཅོས་སྙིང་ལས་འཆང་བའང་དེ་ཡིན་ནོ། །བླ་མ་དམ་པས་བརྡ་དང་ཐབས་ཀྱི་སྒོ་ནས་
ཡིད་ལ་མི་བྱེད་པའི་ལྟ་བ་མཚོན་ན། གཞན་རྣམ་རྟོག་ཡིད་ལ་བྱས་པས་ལྟ་བ་འགྱུར་བ་མེད་པ་ནི་མ་རྟོགས་པས། དེ་མི་མཚོན་པའི་ལྟ་བ་ཡོད་མིན་ཏེ། འོ་ན་ཡིད་ལ་བྱས་པའི་ལྟ་བ་དེ་རྟོགས་སུ་རུང་བ་ཡིན་ན་ཤེས་བྱ་ཡིན་ལ། མ་རྟོགས་ན་ཉོན་མོངས་པ་ཡིན་ནོ། །དེ་བས་
Vol. 52 · folio 70b
ན་བརྒྱུད་པའི་བླ་མ་དང་དངོས་ཀྱི་བླ་མས་བརྡ་དང་ཐབས་ཁྱད་པར་ཅན་གྱིས་བསྟན་དུ་ཡོད་པས། འོན་ཀྱང་གཅིག་ཏུ་བླ་མའི་ཞལ་ལ་ལྟོས་པ་ཡིན། བརྒྱུད་པའི་བླ་མས་བརྡས་བསྟན་ལ། །དངོས་ཀྱི་བླ་མས་ནི་ཐབས་ཀྱིས་རྟོགས་པ། སྙིང་གི་དཀྱིལ་འཁོར་ལ་གནས་
པས། བརྒྱུད་པའི་བླ་མས་སྨྲས་པ་དངོས་ཀྱི་བླ་མའི་གང་གི་སྙིང་ཞུགས་པ། དཔེ་ཅི་དང་འདྲ་ཞེ་ན། ཡིད་བཞིན་ནོར་བུའམ། ནོར་ལྷ་བསྒྲུབས་པའི་སྐྱེས་བུའི་ལག་པའི་མཐིལ་ནས་ཅི་བསམས་པ་འགྲུབ་པ་དེ་བཞིན་དུ། ལྟ་བ་འགྱུར་བ་མེད་པ་རྟོགས་ན། ཟད་པ་མེད་
ཅིང་འཕེལ་བ་མེད་པས། ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ།། །།ད་ནི་ལྟ་བ་རྟོགས་པའི་རྣལ་འབྱོར་གྱི་སྤྱོད་པ། ཆུ་ལ་ཆུ་བཞག་གི་དཔེས་བསྟན་པར་བྱའོ། །དེ་ཡང་འཁྲུལ་པ་དང་མ་འཁྲུལ་པ་གཉིས་སུ་སྣང་ཡང་། གཉུག་མའི་ངང་དུ་
གཉིས་སུ་མེད་དོ། །བྱིས་པ་སོ་སོའི་སྐྱེ་བོ་ལ་གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་ཡོད་པ་དེ་མ་མཚོན་པའི་དུས་སུ་ཡིད་ལ་མ་བྱས་པ་རྟོགས་ན། གཉུག་མའི་རང་བཞིན་བྱས་པས་མ་མཚོན་པར། །གཉུག་མ་མ་བཅོས་པ་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དེ་
ཉིད་བརྡ་ཡིས་མ་མཚོན་པར་སྒྲ་དང་ཐ་སྙད་ཀྱིས་མཚོན་པ་ཙམ་འཁྲུལ་པས། འདི་གཙང་འདི་མི་གཙང་འདི་དགེ་འདི་མི་དགེ་ལ་སོགས་པ་བསླབས་ཤིང་བཅོས་པས་བུས་པ་བསླུས་པས་ན། འཁྲུལ་པས་བུས་པ་བསླུས་ཞེས་མདའ་བསྣུན་སྨྲ། །དོན་དམ་པའི་ལྷན་ཅིག་
སྐྱེས་པ་དེ་བསྒོམ་དུ་ཡང་མེད་ལ། དེ་ལས་ཁྱད་པར་འཕགས་པ་ཡང་མེད་པས། བསམ་གཏན་མེད་ཅིང་རབ་ཏུ་བྱུང་བའང་མེད། །འོ་ན་ཡུལ་དང་ཡུལ་གྱི་དགའ་བ་སྤང་དགོས་སམ་ཞེ་ན་མ་ཡིན་གྱི། དྲན་པའི་ཁྱིམ་ན་གནས་ཤིང་དྲན་མེད་ཀྱི་ཆུང་མ་ཤེས་རབ་མ་རྣམ་པ་
གསུམ་དང་མ་བྲལ་བར། ཁྱིམ་ན་གནས་ཤིང་ཆུང་མ་དག་དང་ལྷན་ཅིག་ཏུ། །འོ་ན་ཕྱིའི་ཡུལ་ནི་འདོད་ཡོན་ལྔ། ནང་གི་ཡུལ་ནི་དྲན་པས་མི་འཆིང་ངམ་ཟེར་བ་ལ་རྟོགས་ན་གྲོལ་བས། གང་ཞིག་ཡུལ་གྱི་དགའ་བས་བཅིངས་པས་མི་གྲོལ་ན། དེ་ཉིད་ཡིད་ལ་བྱས་
Vol. 52 · folio 71a
ནས་འབད་པ་བྱས་པས། མདའ་བསྣུན་ངས་ནི་དེ་ཉིད་ཤེས་པ་ཡིན། །ཞེས་སྨྲ། གལ་ཏེ་རྒྱུན་མི་འཆད་པའི་བསམ་གཏན་བཞི་རྟོགས་ན། ཡིད་ལ་བྱས་པའི་བསམ་གཏན་བྱ་མི་དགོས་པས། གལ་ཏེ་མངོན་དུ་གྱུར་ན་བསམ་གཏན་ཅི། །
ཡང་ན་རྒྱུན་མི་འཆད་པའི་བསམ་གཏན་བླ་མ་དམ་པས་བསྟན་པས་མ་རྟོགས་ན། ཡིད་ལ་བྱས་པ་ཡལ་བས། གལ་ཏེ་ལྐོག་ཏུ་གྱུར་ན་མུན་པ་འཇལ། །དེ་ལ་ཆོས་ཐམས་ཅད་སྐྱེ་ས་དང་། གནས་ས་དང་། འགག་ས་ནི་དོན་གྱི་ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་
ན། ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཉིད་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་དྲན་པ་དང་བཅས་པ་ཞིག་ཡིན་ནམ། དྲན་པ་མེད་པ་ཞིག་ཡིན་ནམ་ཞེ་ན་མ་ཡིན་གྱི། དངོས་དང་དངོས་པོ་མེད་པ་མ་ཡིན་ཏེ། །རྒྱུན་མི་འཆད་པའི་བསམ་གཏན་སེམས་མ་ལུས་པ་ཡོད་པ་ངོ་
མ་ཤེས་པས། མདའ་བསྣུན་འོ་དོད་རྟག་ཏུ་འབད་པར་བྱེད། །སེམས་ཅན་ཐམས་ཅད་ཀྱིས་མ་རིག་ལ་དེས་སྐྱེ་རྒ་ན་འཆིར་འགྱུར་བས་གང་ཞིག་བླངས་ནས་སྐྱེ་ཤིའི་གནས་གྱུར་པ། མ་རིག་པ་དེ་ཉིད་ཆོས་ཉིད་ཀྱི་དབྱིངས་སུ་ཡལ་བའི་དུས་སུ་མ་རིག་པ་ཉིད་ཆོས་ཀྱི་སྐུ་ཡིན་པས་
བློས་མ་རེག་པས་དོན་དམ་པ་ཡིན་པས། དེ་ཉིད་བླངས་ནས་བདེ་ཆེན་མཆོག་སྒྲུབ་བྱེད་ཅེས། དེ་ཡང་འདམ་གྱིས་མ་གོས་པ་བདེ་བ་ཆེན་པོ་དེ་ཉིད་བརྡའི་སྐད་དུ་སྐད་སྤྲུལ་སྐུའི་སང་བ་ལོངས་སྐུ། མཐོན་པོའི་ཆོས་སྐུ། མ་རྟོགས་པས། སྐད་གསང་མཐོན་པོས་མདའ་བསྣུན་སྨྲ་
བྱེད་ཀྱང་། །ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱིས་རང་ལ་ཡོད་པ་ངོ་མ་ཤེས་པས། བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། གོ་ཞིང་རྟོགས་ན་བསམ་དུ་ཡོད་དམ་ཞེ་ན། བསྒོམ་པ་དང་བསམ་པ་དང་། དྲན་པ་ནི་རྣམ་པར་རྟོག་པ་ཡིན་པས། དོན་དམ་པ་
ནི་བསམ་བསྒོམ་ལས་འདས་པས། བློས་མ་རེག་པའི་དབྱིངས་དེ། བསམ་གཏན་བྲལ་བས་ཅི་ཞིག་བསམ་དུ་ཡོད། །འོ་ན་བསམ་དུ་མ་བཏུབ་པ་ན། སློབ་དཔོན་དང་སློབ་བུ་བཤད་པའི་འབྲེལ་པ་ཡོད་དམ་ཞེ་ན། བློའི་ཡུལ་དུ་མ་གྱུར་པས་ཚིག་གིས་བརྗོད་པར་
Vol. 52 · folio 71b
མི་ནུས་པས། བརྗོད་དུ་མེད་གང་ཇི་ལྟར་བཤད་དུ་ཡོད། །བཤད་པར་བྱེད་ན་དྲན་དགོས་ཏེ། དྲན་པའི་རྣམ་པར་རྟོག་པ་ནི་འཁོར་བ་ཡིན་ལ་དེ་ཉིད་ཡལ་བར་མ་ཤེས་པས། སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། །དྲན་པ་ནི་རང་བཞིན་གྱིས་ཡལ། གཉུག་
མའི་ཤེས་བྱ་མ་ཡིན་པས། རང་བཞིན་གཉུག་མ་སུས་ཀྱང་བླངས་པ་མེད། །གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་ལ། །རྒྱུད་གསུམ་མམ་ལྔ་མེད། ཕྱི་ནང་གསང་སྔགས་མེད། དེ་ལ་བརྟེན་ནས་བསྒོམ་བྱ་སྒོམ་བྱེད་མེད་པས། རྒྱུད་མེད་སྔགས་མེད་བསམ་
བྱ་བསམ་གཏན་མེད། །བསྒོམ་པ་བསམ་པ་དྲན་པ་ཡིད་ལ་བྱེད། །དེ་ཀུན་རང་ཡིད་འཁྲུལ་པར་བྱེད་པའི་རྒྱུ། །ཤེས་དང་ཤེས་བྱ་ལ་སོགས་པའི་དྲི་མ་རང་བཞིན་གྱིས་དག་ལ། བྱས་པའི་བསམ་གཏན་གྱིས་བསླད་དུ་མི་བཏུབ་པས། རང་བཞིན་དག་པའི་
སེམས་ལ་བསམ་གཏན་དག་གིས་མི་བསླད་དེ། དབང་གི་ཉམས་སུ་མྱོང་བའི་བདེ་བས་ལུས་དང་སེམས་དང་སྣང་བའི་བདེ་བ་མྱོང་བར་འགྱུར་ཡང་གློ་བུར་བ་ཡིན་པས་བདག་ཉིད་བདེ་ལ་གནས་ཤིང་གདུང་བར་མ་བྱེད་ཅིག དེ་ལ་མ་འཁྲུལ་པ་ཚངས་པ་དགུའི་མན་ངག་
བསྟན་པར་བྱའོ། །དེ་དག་གང་ཞེ་ན། ཚོགས་ཀྱི་འཁོར་ལོ་དང་། ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། དོན་གྱི་ལུས་དང་། དོན་གྱི་ངག་དང་། དོན་གྱི་ཡིད་དང་། དེ་དག་དབྱེར་མེད་པའོ། །ཚོགས་
ཀྱི་འཁོར་ལོ་ལ། ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་རྣལ་འབྱོར་ཕོ་མོ་ཡབ་ཡུམ་ཚོགས་པའི་དུས་སུ་ཟ་ཞིང་འཐུང་ལ་གཉིས་སྤྲོད་དགའ་ཞིང་། ལུས་ལྷའི་འདུ་ཤེས་དང་། ངག་སྔགས་ཀྱི་འདུ་ཤེས་དང་། སེམས་དེ་ཁོ་ན་ཉིད་ཀྱི་འདུ་ཤེས་དང་མ་བྲལ་
བར་བསྐྱེད་པའི་རིམ་པ་བསྒོམས་པས། རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །འབྲས་བུ་རྡོ་རྗེ་ཐེག་པའི་བསྐྱེད་པའི་རིམ་པ་ལ་སོགས་པ་ཇི་བཞིན་པ་རྟོགས་ན། ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། དེ་མ་རྟོགས་ན། རྨོངས་པའི་
Vol. 52 · folio 72a
མགོ་བོར་རྡོག་པས་མནན་ནས་སོང་། ནང་གི་ཚོགས་ནི་བདུད་རྩི་ལྔ་དང་ཤ་ལྔ་ནི་ཟ་ལ། རྡོ་རྗེ་ཆུ་འཐུང་གི་མན་ངག་གིས་འཐུང་ལ། བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པས་ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང་། འཁོར་ལོ་རིམ་པ་
བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བས་འགེངས་པས་ན། རྟག་ཏུ་ཡང་དང་ཡང་དུ་འཁོར་ལོའི་འགེངས། །ཐབས་ཁྱད་པར་ཅན་གྱི་མན་ངག་རྟོགས་ན། ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། དེ་ལྟ་བུའི་ཆོས་མ་རྟོགས་ན་རྨོངས་པ་འཇིག་
རྟེན་མགོ་བོར་རྡོག་པས་མནན་ནས་སོང་། གསང་བའི་ཚོགས་ནི་ཟས་སུ་དྲན་པ་ཟ། སྐོམ་དུ་དྲན་པ་འཐུང་ལ། སྐྱེ་བ་མེད་པ་དབྱེར་མེད་པས། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱི་དགའ་ཞིང་། དྲན་དང་དྲན་སྤྲུལ་པའི་སྐུ་ཡིན་པ་དང་། སྐྱེ་བ་མེད་པ་ལོངས་
སྐུ་བློས་མ་རེག་པ་ཆོས་སྐུ་ཡིན་པས། རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །དེ་ལྟ་བུའི་ཆོས་ཉིད་ཡང་དག་པར་རྟོགས་ན། ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། ཆོས་ཉིད་བློ་ལས་འདས་པ་མ་རྟོགས་པས། རྨོངས་པའི་འཇིག་རྟེན་
མགོ་བོར་རྡོག་པས་མནན་ནས་སོང་། ད་ནི་ལས་ཀྱི་ཕྱག་རྒྱའི་དཔེ་དོན་གཉིས་ལ། དཔེ་ལས་ཀྱི་ཕྱག་རྒྱ་ནི་གཞན་གྱིས་བཤད་ཟིན་ཏོ། །དོན་ལས་ཀྱི་ཕྱག་རྒྱ་ནི། རང་གི་བྱང་ཆུབ་སེམས་ཐིག་ལེ་རྣམ་པ་བཞི། དེ་ཡང་མན་ངག་གིས་བསྟན་པའི་དུས་སུ་དྲན་
པའི་ཐིག་ལེ་འཁོར་བ། དྲན་པ་མེད་པ་མྱ་ངན་ལས་འདས་པ་སྐྱེ་བ་མེད་པའི་མཚན་ཉིད་ཡིད་ལ་མ་བྱས་པས། བློ་ལས་འདས་པའི་མཚན་ཉིད་ཡིད་ལ་མ་བྱས་པའི་དུས་སུ། བླ་མའི་མན་ངག་གི་རྣམ་རྟོག་མི་རྒྱུ་རིག་པ་མི་རྒྱུ་བས། གང་དུ་རླུང་དང་སེམས་ནི་མི་རྒྱུ་
ཞིང་། །དུས་དེ་ལ་དྲན་པའི་ཉི་མ་སྣང་བ་མི་འཇུག །དྲན་པ་མེད་པ་ཟླ་བ་མི་སྣང་བ་མི་འཇུག་པས། ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །ཤེས་བྱ་ཤེས་བྱ་མ་ཡིན་ལ། །མན་ངག་བསྟན་པའི་དུས་སུ་སེམས་ངལ་སོས་ཡིན་ལ། དྲན་དང་དྲན་མེད་དེ་བཞིན་
Vol. 52 · folio 72b
གཤེགས་པའི་དབུགས་དབྱུང་བ་དང་། སྐྱེ་བ་མེད་པ་རྡོ་རྗེ་འཆང་གི་དབུགས་དབྱུང་བ་དང་། བློ་ལས་འདས་པ་བདེ་བ་ཆེན་པོའི་དབུགས་དབྱུང་བས། མི་ཤེས་པ་དག་གནས་དེར་སེམས་ནི་དབུགས་དབྱུང་ཞིག་བླ་མ་དང་སློབ་མའི་མན་ངག་བསྟན་དུ་བཏུབ་པས། མདའ་
བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང་། །དཔེའི་ཆོས་ཀྱི་ཕྱག་རྒྱ་དང་། དོན་གྱི་ཆོས་ཀྱི་ཕྱག་རྒྱ་གཉིས་ལ། དཔེའི་ཕྱོགས་ཀྱི་ཕྱག་རྒྱ་ནི་གཞན་གྱིས་བཤད་ཟིན་ཏོ། །དོན་གྱི་ཆོས་ཀྱི་ཕྱག་རྒྱ་ནི། ཆོས་མ་ལུས་པ་སེམས་ལ་བསྡུས། དེ་ཡང་སེམས་རྩ་གསུམ་
ལའོ། །དྲན་པའི་རྩ་ནི་རོལ་མོ་མཁན་དང་འདྲ་བས་ལ་ལ་ནཱའོ། །དྲན་པ་མེད་པའི་རྩ་ནི་མཉམ་པ་ཉིད་ལ་གནས་པས་ར་ས་ནཱ་དེ་གཉིས་ལས་གཞན་སྐྱེ་བ་མེད་པ་ངོས་བསྟན་ཡོད་ལ་ངོས་གཟུང་མེད་པས་ཨ་ཝ་དྷཱུ་ཏཱིའོ། །དེ་ལས་དྲན་པ་དང་མ་དྲན་པ་བྱུང་ཡང་དབྱིངས་
དེ་ལ། གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །དྲན་པ་སྐུའི་རིགས། དྲན་མེད་གསུང་གི་རིགས། སྐྱེ་མེད་ཐུགས་ཀྱི་རིགས། དབྱིངས་དེ་ལ་ཐ་མི་དད་པས། རིགས་ལ་བྱེ་བྲག་དག་ཏུ་མ་བྱེད་པར། དྲན་པ་ལ་ཆགས་ན་འདོད་པའི་ཁམས་ཀྱི་རྒྱུ། དྲན་མེད་ལ་ཆགས་ན་གཟུགས་ཀྱི་ཁམས་ཀྱི་རྒྱུ། སྐྱེ་མེད་
ལ་ཆགས་ན་གཟུགས་མེད་པའི་རྒྱུ་ཡིན་ལ། སེམས་ཀྱི་ཆོ་འཕྲུལ་ཡིན་པས་དེ་ལ་ཡང་དག་ཏུ་མི་འཛིན་པས་ན། ཁམས་གསུམ་མ་ལུས་འདི་ཐམས་ཅད་ནི། དེའི་ཕྱིར་བློས་མ་རེག་པའི་བདེ་བ་བླ་མ་དམ་པས་བསྟན་པ་དེ་ལ་ཆོས་མ་ལུས་པ་དེའི་ངང་ལས་མ་གཡོས་པས་
འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཅིག་དང་། ཕྱག་རྒྱ་ཆེན་པོ་རང་བཞིན་གྱི་རྣམ་པར་དག་པ་ལ་ནི་དཔེས་མཚོན་པར་བྱ་བ་མ་ཡིན་གྱིས། དོན་འདི་ལྟ་བུ་ཞེས་མཚོན་དུ་མེད་དེ། འོ་ན་ཡང་བླ་མ་དམ་པའི་གདམས་ངག་གིས་བསྟན་མ་ཐག་ཏུ་རྣལ་འབྱོར་མངོན་
སུམ་རྐྱེན་གསུམ་གྱིས་མ་བསླད་པ་དེ་ནི་དུས་གསུམ་མཉམ་པ་ཉིད་སྤྲུལ་པའི་སྐུ་གནས་པས། དེར་ནི་ཐོག་མ་བར་མཐའ་མེད། །སྲིད་པ་དང་མྱ་ངན་ལས་འདས་པ་སྐྱེ་བ་མེད་པའི་དབྱིངས་སུ་ལོངས་སྐུ་གནས་པས། སྲིད་མེད་མྱ་ངན་འདས་པ་མིན། །འཁོར་བ་དང་མྱ་ངན་
Vol. 52 · folio 73a
ལས་འདས་པའི་འདམ་གང་གིས་ཀྱང་མ་གོས་པས་ནི་ཆུའི་ནང་གི་ཟླ་བ་བཞིན་དུ་འདྲེས་ལ་མ་འདྲེས་པ་ཆོས་ཀྱི་སྐུ་ནི་བླ་མའི་ཞལ་ལས་ཤེས་པར་བྱས་ལ་དེ་ཡང་རྐྱེན་གསུམ་གྱིས་མ་བསླད་པས། བདེ་བ་ཆེན་པོ་མཆོག་འདི་ལ། །བདག་གི་
དོན་དང་གཞན་གྱི་དོན་གཉིས་མ་གྲུབ་པས་ན། བདག་དང་གཞན་མ་གྲུབ་པའི་ངོ་བོ་ཉིད་ཀྱིས་ཐ་དད་པས་མ་ཡིན་ཏེ། གློ་བུར་གྱི་དྲན་པས་མ་བྱུང་བའི་ངོ་བོ་ཉིད་ཀྱི་སྤྲུལ་སྐུ་དང་། དྲན་མེད་མ་བྱུང་བའི་ངོ་བོ་ཉིད་ཀྱི་ལོངས་སྐུ་དང་། སྐྱེ་མེད་མ་བྱུང་བའི་ངོ་བོ་ཉིད་ཀྱི་ཆོས་
སྐུ་དེ་ལ་བདག་དོན་དང་གཞན་དོན་དང་གཉིས་སུ་མ་གྲུབ་པས། བདག་དང་གཞན་ན་ཡོད་མ་ཡིན། །དམ་ཚིག་གི་ཕྱག་རྒྱ་དཔེ་དོན་གཉིས་ལ། དཔེ་ནི་གཞན་གྱིས་བཤད་ཟིན་ཏོ། །དོན་ནི་ད་ལྟར་གྱི་དྲན་པ་འདིས་སྣ་ཚོགས་སུ་སྣང་བས་རྣམ་པར་སྣང་མཛད་མདུན་
དུ། དེའི་ཕ་རོལ་ན་དྲན་པ་མེད་པའི་སྣང་བས་ཁྱབ་པས་སྣང་བ་མཐའ་ཡས་རྒྱུ་བ། དེ་གཉིས་དབྱེར་མེད་པ་ལས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སྣ་ཚོགས་འབྱུང་བས་རིན་ཆེན་འབྱུང་ལྡན། སྣ་ཚོགས་དེ་ཉིད་ལས་འགྲོ་དོན་མཛད་པས་དོན་ཡོད་གྲུབ་པ། རང་གི་ངོ་བོ་
ལས་མ་གཡོས་པས་མི་བསྐྱོད་པ། འཁོར་བ་དང་མྱ་ངན་ལས་འདས་པ་དེ་དག་དང་པོ་རྒྱུ་མེད་པ་དེ་ཉིད་རྒྱུ་གཅིག་པར་རྟོགས་པ་བྱམས་པ། མ་རྟོགས་པ་རྟོགས་པར་བྱེད་པ་ཐབས་སྙིང་རྗེ། རྟོགས་ནས་བྲལ་དུ་མེད་པ་དགའ་བ། དེ་ཉིད་བློའི་ཡུལ་ལས་འདས་པ་བཏང་
སྙོམས། དེ་རྣམས་ཡིད་ལ་མ་བྱས་པས་རྡོ་རྗེ་སེམས་དཔའ་སྟེ་བཅུའོ། །དེ་གང་ལྟར་བལྟས་ཀྱང་དེ་ལས་མ་གཡོས་པ་ནི། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །ཡང་ན་བསྐྱལ་ས་གང་དུ་བསྐྱལ་བ་བསྟན་པ་ནི། །རང་གི་ཤེས་པ་ལ་སྣང་བ་ནི་གཟུགས་ཀྱི་ཕུང་པོ་རྣམ་
པར་སྣང་མཛད་དང་། རང་གི་ཚོར་བས་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་། དེ་ཉིད་ཀྱི་འདུ་ཤེས་སུ་ཡོད་པས་འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་། དེ་ལྟར་འདུ་བྱེད་ཀྱི་རྣམ་པ་ནི་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་། ཤེས་པས་མ་རྟོགས་པས་གཞན་
Vol. 52 · folio 73b
པས་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ནི་ཡེ་ཤེས་ལྔ་སྟེ་འཇིག་རྟེན་པའི་ཕུང་པོ་ལྔའོ། །མན་ངག་གིས་བསྟན་པ་དེ་ནི་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་། དེ་ཉིད་རྒྱུན་མི་འཆད་པ་ཏིང་ངེ་འཛིན་གྱི་ཕུང་པོ་རིན་
ཆེན་འབྱུང་ལྡན་དང་། དེ་ཉིད་བློས་མི་རེག་པ་ཤེས་རབ་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་། དེ་ཉིད་གང་གིས་ཀྱང་མ་བཅིངས་པ་རྣམ་པར་གྲོལ་བའི་ཕུང་པོ་དོན་ཡོད་གྲུབ་པ་དང་། གང་གིས་ཀྱང་མ་བཅིངས་པའི་དེ་ཉིད་ལ་སངས་རྒྱས་ཀྱི་དགོངས་པ་ཡོད་པས་
རྣམ་པར་གྲོལ་པའི་ཡེ་ཤེས་གཟིགས་པའི་ཕུང་པོ་མི་བསྐྱོད་པ། དེ་དག་ཡེ་ཤེས་ལྔས་རྒྱས་བཏབ་པ་ནི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་སྟེ། རྣལ་འབྱོར་པ་འགའ་ཙམ་གྱི་སྤྱོད་ཡུལ་ལོ། །མ་རྟོགས་ན་འཇིག་རྟེན་པའི་ཕུང་པོ་དང་འགྲོགས་ལ། རྟོགས་
ན་འཇིག་རྟེན་ལས་འདས་པའི་ཕུང་པོ་དང་། ལྷན་ཅིག་ཏུ་སྒྱུ་མ་ལྟ་བུས་ཆགས་པ་དང་གྲོལ་བའི་ལམ་གཉིས་ལས། འཇིག་རྟེན་པའི་ཕུང་པོ་ལྔ་ནི་ཆགས་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་ནི་གྲོལ་བའི་ལམ་གཉིས་ལ་གནས་པས། མདུན་
དང་རྒྱབ་དང་ཕྱོགས་བཅུ་རུ། །གང་ལྟར་བལྟས་ཀྱང་ཡིད་ལ་མ་བྱས་པའི་དེ་ཁོ་ན་ཉིད་དང་མི་འབྲལ་བ་ཡིན་པས། གང་གང་མཐོང་བ་དེ་དེ་ཉིད། །བླ་མ་དམ་པས་བརྡས་བསྟན་པའི་དུས་སུ། རྩ་རྡུལ་ཙམ་གྱི་ཐེ་ཚོམ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དོན་རྟོགས་
པས། དེ་རིང་ཉིད་དུ་མགོན་པོ་ད་ལྟར་འཁྲུལ་པ་ཆད། དྲི་བ་དང་དྲི་བའི་ལན་ནི་དྲན་པ་འབའ་ཞིག་ཡིན་ལ། ཅིག་ཤོས་ནི་གཏན་ཡིད་ལ་བྱར་མེད་པས། ད་ནི་སུ་ལའང་དྲི་བར་མི་བྱའོ། །ལྷན་ཅིག་སྐྱེས་པའི་ལུས་ལ་དཔེ་དོན་གཉིས་ལས། དཔེའི་ལྷན་ཅིག་སྐྱེས་
པའི་ལུས་ནི་ཐིག་ལེ་དཀར་དམར་གཉིས་ལ་མིག་གི་དབང་པོ་ལ་སོགས་པ་མེད། དོན་གྱི་ལྷན་ཅིག་སྐྱེས་པའི་ལུས་ལ་ཡང་དཔེ་དོན་གཉིས། དཔེ་ནི་བག་ཆགས་དང་བཅས་པ་དང་བག་ཆགས་མེད་པའོ། །བག་ཆགས་དང་བཅས་པ་ནི་ཡིད་ཀྱིས་གཟུགས་ལ་
Vol. 52 · folio 74a
བལྟས་པའི་དུས་སུ། ལུས་དེ་ལ་ཤ་ཁྲག་དང་དབང་པོ་གང་ཡང་མེད། བག་ཆགས་མེད་པ་དཔེའི་ལུས་ནི་རང་གིས་མ་ཕྱིན་པའི་སར་ཡིད་ཀྱིས་བལྟར་མེད་པའི་ཕྱིར་ཡིད་ཀྱི་གཟུགས་མེད་པའི་ཕྱིར་དབང་པོ་མེད། དེ་དག་གིས་མ་མཚོན་པའི་
དུས་གསུམ་མཉམ་པ་ཉིད་དུ་འདུ་ཤེས་པས་དུས་གསུམ་རྩ་བ་དང་བྲལ་ལ་གནས་པ་དོན་གྱི་ལུས་ནི་བརྒྱུད་པའི་བླ་མ་དམ་པས་བསྟན་པས། དབང་པོ་གང་དུ་ནུབ་འགྱུར་ཞིང་། །དེ་ལ་བདག་དང་བདག་གིར་བགྱི་བ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་མ་གྲུབ་པས་རང་གི་ངོ་
བོའང་ཉམས་པར་འགྱུར། དེ་ལྟར་དུས་གསུམ་གྱི་བདེ་བར་གཤེགས་པའི་དགོངས་པ་ཡིད་ལ་བྱ་བ་མ་ཡིན་པ་ནི་མ་རྟོགས། ཡིད་ལ་བྱས་པ་འདི་དག་གིས་འཁོར་བ་ལས་ཐར་པ་མི་ཐོབ་པས། སྡིག་པའི་གྲོགས་པོ་ཡིན། དོན་དམ་ནི་ཡིད་ལ་བྱར་མི་བཏུབ་
པས་ལྷན་ཅིག་སྐྱེས་པ་རྟོགས་ན་དགེ་བའི་བཤེས་གཉེན་ཡིན་པས། གྲོགས་དག་དེ་ནི་ལྷན་ཅིག་སྐྱེས་པའི་ལུས། །དེ་ཡང་བརྒྱུད་པའི་བླ་མ་དམ་པའི་ཞལ་གྱི་བརྡས་བསྟན་མ་ཐག་ཏུ་དངོས་ཀྱི་བླ་མ་ཡིད་ཀྱི་བརྡས་ཐེ་ཚོམ་མི་ཟ་བ་དེ། དཔེའི་ལྷན་ཅིག་སྐྱེས་པ་ལ་མ་
དྲི་བར། དོན་གྱི་ལྷན་ཅིག་སྐྱེས་པ་བླ་མ་དམ་པ་ལ་རག་ལུས་པས། བླ་མ་དམ་པའི་ཞལ་ལ་གསལ་བར་དྲིས། །ད་ལྟར་གྱི་ངག་ནི་དབྱངས་དང་གསལ་བྱེད་དང་ཡིད་དང་རླུང་རྒྱུ་བ་ལས། བརྗོད་བྱས་དོན་ཇི་བཞིན་པ་ཚོལ་བ་ཡིན་གྱི། ཇི་བཞིན་པ་དེ་བརྗོད་བྱ་མ་ཡིན་པ།
དེ་ཡང་དཔེའི་ལྷན་ཅིག་སྐྱེས་པའི་དབང་གིས་ཐིག་ལེ་དཀར་དམར་གྱི་བར་ན་ཡིད་ཀྱི་རླུང་མི་རྒྱུ་བའི་དུས་སུ་སྣང་བ་ནི་ནུབ། སྟོང་པ་ནི་མ་ཤར་བ་དེ་བཞིན་དུ། དོན་དམ་པའི་ངག་ལ་ཡིད་དང་སེམས་དང་རིག་པ་དང་། རྣམ་པར་ཤེས་པའི་དྲན་པའི་རླུང་མི་རྒྱུ། ཡིད་
ནི་གར་འཆི་རླུང་གར་དེངས། །དེ་ལ་སངས་རྒྱས་ཀྱི་ཡོན་ཏན་སྐུའི་རྣམ་པའི་གཞིར་གྱུར་པས། ས་སྟེང་འདི་ན་ཡན་ལག་ཐམས་ཅད་གནས། །གང་དུ་ཤེས་པར་བྱ་ཞེ་ན། དཔེའི་ཐིག་ལེ་དཀར་དམར་གཉིས་སམ་ཉི་ཟླའི་བར་ན་བརྗོད་དུ་མེད་དེ། དོན་གྱི་ཐིག་ལེ་དྲན་
Vol. 52 · folio 74b
དང་དྲན་མེད་ཀྱི་མཚམས་སུ་ཤེས་པས། དེ་ནི་རྨིས་པས་མཚམས་སུ་ཡོངས་ཤེས་བྱ། །དེ་ཡང་ཤེས་དང་ཤེས་བྱ་མ་ཡིན་པ་ནི་ཟབ་པ་དང་བརྗོད་དུ་མེད་པ་དེ་ཉིད་ཤེས་པས། གཏི་མུག་རྒྱ་མཚོ་འཆད་པས་གང་ཤེས་པ། །ད་ལྟར་གྱི་སེམས་ནི་རྐྱེན་དང་བག་
ཆགས་ལ་སོགས་པས་བསྒྱུར་བའི་ཕྱིར་ན་དཔེ་ཙམ་དུ་ཤེས་པར་བྱའོ། །དོན་དམ་པའི་སེམས་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ། །རྟོགས་པ་མེད་པ་དེ་ཡང་ཐོག་མ་མེད་པས་ན་གློ་བུར་གྱི་དྲན་པའི་འདམ་དང་། དྲན་མེད་ཀྱི་འདམ་གང་གིས་ཀྱང་མ་
གོས་པས། འདི་ནི་བདེ་ཆེན་མཆོག་ཡིན་ཏེ། །རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་འགྲོ་ས་ནི། ལུས་ཀྱི་ཐིམ་ས་དྲན་མེད་སྤྲུལ་སྐུའོ། །ངག་གི་ཐིམ་ས་སྐྱེ་མེད་ལོངས་སྐུ་ལའོ། །ཡིད་ཀྱི་ཐིམ་ས་བློ་ལས་འདས་པ་ཆོས་སྐུ་མན་ངག་གིས་བསྟན་པས།
ས་ར་ཧ་ཡིས་བསྟན་ནས་འགྲོ། །འོ་ན་བསྟན་དུ་ཡོད་དམ་ཞེ་ན། དྲན་པ་འདི་ཉིད་ཀྱི་སྒྲོན་མ་ལ་བརྟེན་ནས། དྲན་མེད་སྐྱེ་མེད་བློ་ལས་འདས་པ་ངོ་བསྟན་པ་ནི། ཀྱེ་ཧོ་འདི་ནི་རང་རིག་སྟེ། །དོན་གྱི་ངོ་བོ་ལ་ནི་འཁྲུལ་པ་མེད་དེ། དེ་མ་རྟོགས་པའི་དབང་གིས་དྲན་པའི་
འཁྲུལ་པས་འཁྲུལ་ཞིང་གདའ་ན། རྟོགས་པའི་དབང་གིས་དྲན་པ་དབྱིངས་སུ་དག་ནས་བློའི་ཡུལ་དུ་མ་གྱུར་པ་དེ་ལ་ནི་ཐེ་ཚོམ་མི་ཟ་བས། འདི་ལས་འཁྲུལ་པར་མ་བྱེད་ཅིག །དུས་གསུམ་གྱི་བདེ་བར་གཤེགས་པའི་དགོངས་པ་ནི། དངོས་པོ་ཇི་ལྟ་བ་བཞིན་ཡིད་
ལ་བྱས་པས་འཆིང་ལ། དངོས་པོ་མེད་པ་སྟོང་པ་ཉིད་ཇི་ལྟ་བ་བཞིན་ཡིད་ལ་བྱས་པས་ཀྱང་འཆིང་བས་དངོས་དང་དངོས་མེད་བདེ་བར་གཤེགས་པ་འཆིང་བ་སྟེ་ཇི་སྲིད་གཟུང་དང་འཛིན་པ་ནི་སྲིད་པའོ། །གཟུང་བ་དང་འཛིན་པ་མེད་པའོ་ཞེས་དེ་ཡང་ཡིད་ལ་བྱས་ན་དྲན་པ་དང་
རང་གི་སྲིད་པའོ། །ཆོས་རྣམས་ཀྱི་ངོ་བོ་ཡིད་ལ་མ་བྱས་པ་དེ་ནི་མཉམ་པ་ཉིད་དོ། །མཉམ་པ་ཉིད་མཉམ་པ་ཉིད་ཅེས་བྱ་བ་དེ་མིང་ཙམ་ཡིན་པས། སྲིད་དང་མཉམ་པ་ཉིད་ཐ་དད་མ་བྱེད་པར། གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པའི་རང་བཞིན་ནི་ཡིད་ལ་བྱར་མེད་དོ། །
Vol. 52 · folio 75a
རྣམ་པར་རྟོག་པ་ནི་ཡིད་ཡིན་པས་དྲན་པའོ། །དྲན་པ་དེ་ནི་ན་བུན་བཞིན་དུ་ཡལ་བས། གཉུག་མའི་ཡིད་ནི་གཅིག་ཏུ་སྡོད་དང་རྣལ་འབྱོར་པ། དེ་ཡང་ན་མ་དྲན་པ་འདི་ལ་མངོན་པར་ཞེན་ན། ཆུ་ལ་འབྲུ་མར་ཐིགས་པ་གནས་པ་བཞིན་དུ།
སྤྲོས་པ་དང་བཅས་པ་ཡིན་ནོ། །དྲན་པ་འདི་ཉིད་གོ་བར་ཤེས་ན་ཆོས་ཐམས་ཅད་ནི་ཆོས་ཉིད་དུ་ཐིམ་པས། ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱོས།། །།ད་ནི་བསྒོམ་པ་འཕྲུལ་པ་དང་མ་འཁྲུལ་པ་སྒྱུ་འཁྲུལ་དྲ་བ་པང་དུ་འཁྱུད་པའི་དཔེས་བསྟན་པར་
བྱའོ། །སྣང་སྟོང་དང་བདེ་སྟོང་དང་གསལ་སྟོང་དང་རིག་སྟོང་དང་ཟུང་འཇུག་ལ་སོགས་པའི་བསམ་གཏན་ཡིད་ལ་བྱས་པས་ཐར་པ་མི་ཐོབ་པོ། །ཡིད་ལ་བྱས་པས་ནི་ཁམས་གསུམ་ལས་འདའ་བར་མི་ནུས་སོ། །ལ་ལ་ན་རེ་ཞི་གནས་ལ་མཉམ་པར་བཞག་ནས།
ལྷག་མཐོང་དང་རྗེས་ལས་ཐོབ་པའི་ཤེས་པ་དེ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་མ་ཡེངས་པར་བྱས་ན་ཐར་པ་ཐོབ་ཟེར་ཏེ། རྟག་ཏུ་མཉམ་གཞག་ཡིན་པར་མ་ཤེས་ན་ཡིད་ལ་བྱས་པའི་མཉམ་གཞག་གིས་ནི་ཐར་པ་མི་ཐོབ་པས། བསམ་གཏན་བརྫུན་པས་ཐར་པ་རྙེད་མིན་
ནོ། །རྒྱུན་མི་འཆད་པའི་བསམ་གཏན་མ་ཤེས་ན། །གློ་བུར་དུ་དྲན་པའི་བསམ་གཏན་ནི། དཔེར་ན་སྒྱུ་མ་མཁན་གྱིས་རི་མོ་མཁན་བསླུས་པའི་སྒྲུང་བརྒྱུད་དང་། ཚོང་དཔོན་གྱི་བུ་རིན་ཆེན་གླིང་དུ་སོང་པ་སྨད་འཚོང་མ་སྒྱུ་འཕྲུལ་ཞེས་བྱ་བས་བསླུས་པ་དང་། ཚོང་
དཔོན་གྱི་བུ་དྲ་བ་ཞེས་བྱ་བ་སྤྲེའུ་ཡིས་སྨད་འཚོང་མོ་སྒྱུ་འཕྲུལ་བསླུས་པའི་སྒྲུང་བརྒྱུད་བཞིན་དུ། ཞི་གནས་ཀྱིས་ལྷག་མཐོང་བསླུས་པ་དང་། ལྷག་མཐོང་གིས་ཞི་གནས་བསླུས་པ་དང་། མཉམ་གཞག་གིས་རྗེས་ཐོབ་བསླུས། རྗེས་ཐོབ་ཀྱིས་མཉམ་གཞག་
བསྡུས་པ་དང་། སྣང་བས་སྟོང་པ་བསླུས་པ། སྟོང་པས་སྣང་བ་བསླུས་པས། སྒྱུ་འཕྲུལ་དྲ་བས་ཇི་ལྟར་པང་དུ་འཁྱུད། །དེ་དག་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་ན། དཔེར་ན་སྒྱུ་མ་མཁན་ཅིག་གིས་རྒྱལ་པོའམ། བླུན་པོ་མཁས་པ་རིག་པ་ཅན་ཅིག་ལ། རྟ་དང་
Vol. 52 · folio 75b
གླང་པོ་དང་། སྐྱེས་པ་དང་། བུད་མེད་གཞོན་ནུ་མ། ཡིད་འཕྲོག་པར་སྤྲུལ་ནས་བསྟན་ན། དེ་ཡིས་ཡིད་འཕྲོག་པར་མི་འགྱུར་རོ། ཅིའི་ཕྱིར་ཞེ་ན་སྒྱུ་མ་ཡིན་པར་ཤེས་སོ། །དེ་བཞིན་དུ་བླ་མ་དམ་པས་བརྡ་དང་ཐབས་ཀྱི་སྒོ་ནས་རྒྱུན་མི་འཆད་པའི་བསམ་གཏན་
བསྟན་པའི་དུས་སུ་དོན་དམ་པའི་བདེན་པ་མཐོང་བས། ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ཙམ་ལ་ཡིད་ཆེས་པར་མི་འགྱུར་རོ། །སྐུ་གསུམ་གྱི་བསམ་གཏན་རང་ལ་ཡོད་པར་བླ་མ་དམ་པས་བསྟན་པས་ཡིད་ཆེས་པར་འགྱུར་བས་ན། ཐེ་ཚོམ་མེད་པར་རྟོགས་པས་ན། །
བླ་མ་དམ་པའི་བཀའ་ཡིས་བདེན་པར་ཡིད་ཆེས་པ། བརྒྱུད་པའི་བླ་མ་དམ་པའི་བརྡས་བསྟན་པ་དེ་རྟག་པ་དང་ཆད་པ་དང་། བདེ་བ་དང་སྟོང་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཐ་སྙད་གདགས་སུ་མ་བཏུབ་པས། ཡིད་བརྗོད་དུ་ཡོད་མ་ཡིན་ཞེས་
མདའ་བསྣུན་སྨྲ།། །།ད་ནི་རེ་དོགས་མེད་པའི་འབྲས་བུ་མཚོན་དུ་མེད་པ་ནམ་མཁའི་དཔེས་བསྟན་པར་བྱའོ། །ནམ་མཁའ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་ཐ་སྙད་གང་གིས་ཀྱང་མི་གོས་སོ། །ནམ་མཁའ་ཞེས་བྱ་བ་མིང་དུ་བཏགས་པས་མིང་ཙམ་
ཡིན་པས། ནམ་མཁའ་དངོས་པོ་མེད་པས་གཟུགས་ལ་སོགས་པ་དེ་དག་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་སོགས་པས་ཚོར་བར་འགྱུར་གྱི། ནམ་མཁའ་དངོས་པོ་ཅན་ཅིག་ཡིན་ན་ནི། །བདེ་སྡུག་ལ་སོགས་པའི་ཚོར་བར་མི་འགྱུར་རོ། །ནམ་མཁའ་
ནི་སྐྱེ་འགག་ལ་སོགས་པས་མ་གོས་པས། གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །དོན་སེམས་ཉིད་དེ་ཡང་རྐྱེན་གང་ཡང་མ་བྱུང་བའི་དུས་སུ་བལྟས་པས་དྲན་རིག་ཏུ་ཤེས། ཡང་བལྟས་པས་སྐྱེ་མེད་དུ་ཤེས། ཡང་གཅིག་བལྟས་པས་བློས་རེག་པས།
བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །དེ་ཉིད་འབྲས་བུ་ཆོས་ཀྱི་སྐུ་རྟོགས་པས་ནི། ཤེས་དང་ཤེས་བྱ་འགགས་པས། དེ་ལྟ་བུ་ཉིད་དུས་སུ་འགོག་པར་འགྱུར། དེ་ཉིད་གཉུག་མའི་ཆོས་རྣམས་ཀྱི་ལྷན་ཅིག་སྐྱེས་པ་ཡིད་ལ་བྱ་བ་མ་ཡིན་པ་ནི་མ་
Vol. 52 · folio 76a
རྟོགས། ཡིད་ལ་བྱས་པ་འདི་འབྲས་བུ་ཆོས་ཀྱི་སྐུ་ཡིན་སྙམ་པས། གཉུག་མའི་ཡིད་ལ་སྐྱོན་གྱི་བུས་པ་བསླུས། །ཁམས་གསུམ་གྱི་སེམས་ཅན་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་བྱའོ་སྙམ་ནས་ལྷག་པའི་བསམ་པས། སྐྱེ་བོ་མ་
ལུས་ལྷག་པར་སུན་འབྱིན་ཅིང་། །ཉོན་མོངས་པས་སུན་འབྱིན་ན། ཤེས་བྱས་སུན་འབྱིན་པ་ནི། དཔེར་ན་བཙོན་ར་ནས་བྱུང་ཡང་བཙོན་རའི་ནང་དུ་ཆུད་པ་བཞིན་དུ། ཤེས་བྱའི་ང་རྒྱལ་དེ་ཉིད་བློ་ལས་འདས་པ་ལ་ཐིམ་པར་མ་ཤེས་ན། ང་རྒྱལ་སྐྱོན་གྱིས་དེ་ཉིད་
མཚོན་མི་ནུས། །ཁམས་གསུམ་གྱི་འཇིག་རྟེན་མ་ལུས་པས་ནི་རང་ལ་ཡོད་པའི་བསམ་གཏན་མ་རྟོགས་པས། འཇིག་རྟེན་མ་ལུས་བསམ་གཏན་གྱིས་རྨོངས་འགྱུར། །རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣལ་འབྱོར་གྱི་
དགོངས་པ་ནི་དཔེ་དང་དོན་གྱིས་མཚོན་དུ་མེད་པས་བློས་བྱས་མི་རྟོགས་པས། གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། །ཆོས་རྣམས་ཀྱི་རྩ་བར་གྱུར་པ་སེམས་ཡིན་ཏེ། སེམས་རང་བཞིན་གྱིས་མ་གྲུབ་པས། རྩ་བ་མཚོན་དུ་མེད་པས་སེམས་ཀྱི་རྩ་བ་མི་མཚོན་ཏེ།
སེམས་ལས་བྱུང་བ་འདི་ལྟར་སྣང་བ་དང་པོ་དྲན་མེད་ལས་སྐྱེས། དྲན་མེད་ལ་གནས་དྲན་མེད་ལ་ཐིམ་པས། སྣང་བའི་ལྷན་ཅིག་སྐྱེས་པ་ནི་དྲན་པ་མེད་ལ་ཉམས་སུ་མྱོང་དུ་ཡོད་པའོ། །སེམས་ནི་རྐྱེན་མ་བྱུང་བའི་དུས་སུ་དྲན་པ་མེད་དེ་སྟོང་པ་ཉིད། དང་པོ་སྐྱེ་མེད་
ལས་སྐྱེས། སྐྱེ་མེད་ལ་གནས། སྐྱེ་མེད་ལ་ཐིམ་པས་སྟོང་པ་ཉིད་ཀྱི་ལྷན་ཅིག་སྐྱེས་པ་ནི་སྐྱེ་བ་མེད་ལ་ཉམས་སུ་མྱོང་དུ་ཡོད་པའོ། །སེམས་ཉིད་དྲན་དང་དྲན་མེད་མ་བྱུང་བའི་དུས་སུ་སྐྱེ་བ་དང་། འགག་པ་ལས་བྲལ་བའི་སེམས་ཉིད་དེ་ཡང་བློའི་ཡུལ་ལས་འདས་
ནས། ཆོས་རྣམས་ཀྱི་ཆོས་ཉིད་དུས་གསུམ་གྱི་སྙིང་པོ་དེ་ལས་སྐྱེས་པ་དང་། གནས་པ་དང་ཐིམ་པས། སྐྱེ་བ་མེད་པའི་ལྷན་ཅིག་སྐྱེས་པས་བསམ་དུ་མེད་པ་རྟོགས་པར་བྱེད་ན། ལྷན་ཅིག་སྐྱེས་པ་རྣམ་པ་གསུམ་གྱིས། སེམས་རྟོགས་ན། སྣང་བ་དང་། སྟོང་
Vol. 52 · folio 76b
པ་དང་། སྐྱེ་བ་མེད་པ་དེ་དག་སྐྱེས་ཉིད་ལ་འགག་པས་གང་ལ་དེ་སྐྱེས་གང་དུ་ནུབ། ཆོས་རྣམས་ཀྱི་ཆོས་ཉིད་བཙལ་ན་མི་རྙེད་པས། གང་ན་གནས་གྱུར་གསལ་བར་མི་ཤེས་སོ། །སེམས་ཅན་རྣམས་ཀྱི་གཞི་རྩ་མེད་པས། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་གཞི་
རྩ་མེད་དོ། །རྩ་བ་མེད་པ་ནི་བྱང་ཆུབ་སེམས་ཀྱི་རྩ་བ་སྟེ། དམིགས་སུ་མེད་པས་ན་རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་རྟོགས་པར་བྱེད་ན། ལྷན་ཅིག་སྐྱེས་པའི་མན་ངག་བླ་མ་དམ་པས་བསྟན་མ་ཐག་ཏུ་དྲན་པ་མེད་ཅིང་བརྗེད་པ་
མེད་པས། བླ་མའི་མན་ངག་ཐོབ་པ་དེ་ཡིས་ཆོག །དེ་ཡིས་ཆོག་ནི་འཁོར་བ་ལ་འཁོར་ཡིན་གདའ་ཟེར་ན། སེམས་ཀྱི་རང་བཞིན་མ་ཤེས་ན་འཁོར་གྱི། དཔེར་ན་རྨི་ལམ་གྱི་དུས་སུ་བདེ་སྡུག་ལ་སོགས་པ་དེ་དག་སེམས་ལས་བྱུང་བ་མ་གཏོགས་པ་གང་ཡང་མེད་
དེ། གཉིད་སད་པའི་དུས་ཤེས་པ་དང་། རྨི་ལམ་རྨིས་པ་དང་། རྨི་ལམ་གྱི་ཤེས་པ་མ་སྐྱེས་པ་དེ་དག་ཐ་དད་པ་མེད་དེ། དེ་བཞིན་དུ་སེམས་ལས་བྱུང་བ་དྲན་པ་དང་། སེམས་དྲན་པ་མེད་པ་དང་། སེམས་ཉིད་མ་སྐྱེས་ཐ་མི་དད་དེ། འཁོར་བ་དང་མྱ་ངན་
ལས་འདས་པ་མ་སྐྱེས་པའི་སེམས་ཉིད་ཀྱི་ཆོ་འཕྲུལ་ཡིན་པས། འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས་བྱ། དེ་ལྟར་ཐབས་ཁྱད་པར་ཅན་གྱིས་སེམས་ཀྱི་རང་བཞིན་ཤེས་པ་བོར་བས། རྨོངས་རྣམས་མདའ་བསྣུན་གྱིས་སྨྲས་ཤེས་པར་བྱོས།
རྣལ་འབྱོར་གྱི་དགོས་པ་ནི་གཉུག་མ། དེ་ཉིད་བློས་མ་རེག་པས་ཚིག་གིས་བརྗོད་པར་མི་འགྱུར་རོ། །ཚིག་གིས་བརྗོད་པ་ལས་དྲན་པ་སྐྱེ་བར་འགྱུར་གྱི། ཅིག་ཤེས་ནི་ཚིག་གིས་མི་བརྗོད་པས། དྲན་པ་སྐྱེ་བར་མི་འགྱུར་བ་དེ་ཉིད། གཉུག་མའི་རང་བཞིན་ཚིག་གིས་
དེ་བརྗོད་ཀྱང་། །དེ་ལྟ་བུའི་ཆོས་ཉིད་བླ་མ་དམ་པས་ཡེ་ཤེས་མིག་གཅིག་དྲི་མ་མེད་པ་གནང་བཙམ་གྱིས་མཐོང་བས། སློབ་དཔོན་མན་ངག་གིས་མཐོང་བར་འགྱུར། དེ་ལྟར་རྟོགས་པའི་དུས་སུ་ཤེས་དང་ཤེས་བྱ་བསྲེགས་ན། དཀར་པོའི་ཆོས་དང་ནག་པོའི་ཆོས་
Vol. 52 · folio 77a
ལྟ་ཅི་སྨོས་ཏེ། ཆོས་དང་ཆོས་མིན་མཉེས་ནས་ཟོས་པ་ཡིས། །འོ་ན་དཀར་པོའི་ཆོས་རྣམས་ཀྱིས་ཕན་པའམ། ནག་པོའི་ཆོས་རྣམས་ཀྱིས་གནོད་པ་བྱེད་པ་ཡིན་ཞེ་ན། དེ་ལྟར་མ་ཡིན་པས། འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ལགས། །
ད་ནི་སེམས་ཉིད་ཀྱི་དོན་བློའི་ཡུལ་ལས་འདས་པ་ལས་སྣ་ཚོགས་ཤར་བ་ཡིད་བཞིན་ནོར་བུའི་དཔེས་བསྟན་པར་བྱའོ། །དེ་ཡང་སེམས་ཉིད་ནི་རང་བཞིན་གྱིས་རྣམ་པར་དག་ཀྱང་། སེམས་ལས་བྱུང་བའི་གློ་བུར་གྱི་དྲན་པ་འདིས། ཤེས་དང་ཤེས་བྱ་དང་ཉོན་མོངས་
པ་ལ་སོགས་པ་མཁྲེགས་ཤིང་འཁོར་བ་ལས་ཐར་བར་མི་བྱེད་དོ། །དེ་དག་ལས་ཐར་བར་འདོད་པས། བརྒྱུད་པའི་མན་ངག་དང་ལྡན་པའི་བླ་མའི་ཞབས་ཀྱི་དྲུང་དུ་ཡང་ནས་ཡང་དུ་ཐུག་པས། བརྒྱུད་པའི་བླ་མའི་ཞལ་ནས་གཉུག་མའི་ལྷན་ཅིག་སྐྱེས་པ། ཆོས་
ཐམས་ཅད་ཀྱི་གཞིར་གྱུར་པ། རྣམ་པ་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་དྲན་པས་ནི་དབང་དུ་བསྒྱུར་ལ། དྲན་པའི་འདམ་གྱིས་མ་གོས་པ་ཡིན་ཡང་། ཡིད་ལ་བྱས་པའི་དྲི་མ་མ་འབྱངས་ན་ཕྲད་པར་མི་འགྱུར་རོ། །དེ་བས་ན་འདས་པ་དང་། མ་འོངས་པ་དང་།
ད་ལྟར་བྱུང་བ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཐུག་ཕྲད་རྣལ་འབྱོར་རྣམས་ཀྱི་དགོངས་པ་ཆོས་རྣམས་ཀྱི་ལྷན་ཅིག་སྐྱེས་པ་ལས་དྲན་པའི་ཡིད་ནི། དེ་ཉིད་ལ་དངོས་པོའི་མངོན་པར་ཞེན་པ་སྦྱངས་པས་རྟོགས་པ་ནི། གཉུག་མའི་ཡིད་ནི་ཐམས་ཅད་གང་ཚེ་སྦྱངས་གྱུར་པ།
དེ་ཡང་དངོས་ཀྱི་བླ་མས་ཇི་བཞིན་པ་ཉམས་སུ་མྱོང་བ་དེའི་དུས་སུ་དུས་གསུམ་གྱི་བདེ་བར་གཤེགས་པའི་ཡོན་ཏན་རྣམས་ཆོས་ཀྱི་སྐུ་ལས་མ་གཡོས་པར་ཤེས་པས། དེ་ཚེ་བླ་མའི་ཡོན་ཏན་སྙིང་ལ་འཇུག་པར་འགྱུར། དེ་ལྟར་འདས་པ་དང་། མ་འོངས་པ་དང་།
དེ་ལྟར་ནི་དྲན་པ་མེད་པ་དང་། སྐྱེ་བ་མེད་པ་གང་གི་ཡང་བློས་མ་རེག་པ་རྟོགས་ན། རྒྱུན་མི་འཆད་པས་སངས་རྒྱས་རྣམས་ཀྱི་དགོངས་པའི་གླུ་ཡིན་པས། འདི་ལྟར་རྟོགས་ན་མདའ་བསྣུན་གླུ་ལེན་ཏེ། དེ་ལྟར་རྟོགས་པར་བྱེད་ན། བླ་མ་དམ་པའི་གདམས་
Vol. 52 · folio 77b
ངག་མ་ཡིན་པ་གཞན་ལ་རག་ལུས་པ་མ་ཡིན་པ། ཕྱི་ནང་གསང་བའི་སྔགས་ལ་བློ་སྦྱངས་པ་མ་ཡིན། ལུང་ནི་རྗེས་སུ་འབྲངས་ནས་རྒྱུད་སྡེ་ལྔ་ཁུངས་དྲངས་པ་མེད། ལུང་གི་གར་དྲངས་ཀྱང་ཡོད་ལ་རིགས་པ་ནི་ཇི་ལྟར་ཡང་འཆར་དུ་རུང་། མན་ངག་ནི་ཅི་ལ་
ཡང་བྱེད་པས། ཡིད་ལ་མི་བྱེད་པ་ནི་ལུང་དང་རིགས་པ་མན་ངག་གིས་བརྗོད་དུ་མེད་ལ། བརྡ་དང་ཐབས་ཀྱིས་བསྟན་དུ་ཡོད་པའི་ཕྱིར། །སྔགས་དང་རྒྱུད་རྣམས་གཅིག་ཀྱང་མ་མཐོང་ངོ་། །དེ་ལྟར་མ་རྟོགས་པའི་གང་ཟག་རྣམས་ནི་དར་གྱི་སྲིན་བུ་བཞིན་དུ་རང་གི་
རྣམ་པར་རྟོག་པའི་དྲན་པ་འདི་ཉིད་ལ་དོན་དམ་པ་ཡིན་ནོ་སྙམ་ནས་འབད་པ་བྱེད་དེ། དེ་ཁོ་ན་ཉིད་ནི་མ་མཐོང་བས། ཇི་ལྟར་བྱིས་པ་རྣམས་ཀྱིས་བྱེ་མའི་ལྷ་ཁང་བརྩིགས་པ་དང་འཇིག་པ་ལ་དགེ་བ་དང་མི་དགེ་བ་བཞིན་དུ། འགྲོ་བ་རྣམས་ཀྱིས་སོ་སོར་བཅིངས་འགྱུར་
ཏེ། །དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལ་དོན་དམ་དུ་མི་འཛིན་ན། ལས་ལས་གྲོལ་ན་རང་ཡིད་ནི་ཐར་པ་ཡིན། འགྲོ་བ་རིགས་དྲུག་གི་སེམས་ཅན་ནི། ཇི་ལྟ་བུས་འབད་པའི་འགྲོས་བཞིན་དུ་རང་རང་གི་ལས་ཀྱི་རྣམ་པར་སྨིན་པ་ལས་འབད་པས་
བསྙགས་ཏེ། སྲིད་པའི་འཁོར་བའི་འཁོར་བ་ལས་ཐར་བར་མི་བྱེད་དོ། །རྟོགས་པའི་རྣལ་འབྱོར་པས་ནི་དྲན་པའི་འདམ་མི་གཙང་བ་ལས་པདྨ་སྐྱེས་པ་བཞིན་དུ། དྲན་པ་མེད་ལས་ཉམས་སུ་མྱོང་བས། རང་རྒྱུད་གྲོལ་ན་ངེས་པར་གཞན་མེད་དེ། །འབྲས་
བུ་ཆོས་སྐུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་ཉིད། མཆོག་གི་མྱ་ངན་འདས་པ་ཐོབ་པར་འགྱུར། །ཆོས་སྐུ་མ་རྟོགས་ན་འཁོར་བར་འཁོར་ལ། རྟོགས་ན་མྱ་ངན་ལས་འདས་པས། སྐྱེ་མེད་ཀྱི་དབྱིངས་དེ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །
རང་གི་ངོ་བོ་མི་འགྱུར་བས། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་ལས། །སེམས་ཉིད་ཀྱི་དབྱིངས་རྣམ་པར་དག་པ་ལ་གློ་བུར་གྱི་དྲན་རིག་གི་དྲི་མས་མ་གོས་པ་ལ། སྣང་བའི་རྐྱེན་དང་། བག་ཆགས་ཀྱི་རྐྱེན་དང་། བརྡའི་རྐྱེན་གྱིས་ཅིར་ཡང་འབྱུང་བས།
Vol. 52 · folio 78a
འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡིས། །དྲན་རིག་མེད་པའི་ཆོས་སྐུ་ལས་གཟུགས་སྐུ་གཉིས་ཇི་ལྟར་འབྱུང་ཞེ་ན། དཔག་བསམ་ཤིང་ངམ་བུམ་པ་བཟང་པོའམ། །ཡིད་བཞིན་ནོར་བུ་ལ་དྲན་རིག་མེད་དེ་སེམས་པོའང་མ་ཡིན་ནོ། །
དེ་བཞིན་དུ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་མི་བསྒོམ་པའི་ཕྱིར་བསམ་གྱིས་མི་ཁྱབ་པས། ཡི་དམ་ལྷ་ལ་དོན་གྱི་ལུས་ངག་སེམས་དང་བས། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ།། །།ད་ནི་སྦྱོར་བ་བཞི་རྟོགས་ན་སེམས་ཉིད་གང་གིས་
ཀྱང་མ་བཅིངས་མ་གྲོལ་བ་ལ། སེམས་ལས་བྱུང་བ་གློ་བུར་གྱི་དྲན་པ་དེ་ཉིད་ལ་མངོན་པར་ཞེན་ན་འཆང་བས། སེམས་བཅིངས་ན་ནི་འཆིང་བར་འགྱུར་ཏེ། དེ་ཉིད་ལ་དོན་དམ་དུ་འཛིན་ཅིང་དབྱིངས་རྣམ་པར་དག་པའི་ངང་དུ་རང་གྲོལ་ན། དེ་ཉིད་གྲོལ་ན་ཐེ་ཚོམ་
མེད། །མ་རྟོགས་པ་རྣམས་ནི་ཉོན་མོངས་པ་རྣམས་ཀྱིས་འཆིང་བས་ན། བླུན་པོ་གང་གིས་བཅིང་འགྱུར་བ། །དེ་ཉིད་ཆོས་ཀྱི་དབྱིངས་སུ་སྐྱོལ་བའི་ཚེ་འདི་ཉིད་ལ་བླ་མ་དམ་པའི་གདམས་ངག་ལ་མཁས་པ་དེ་ཡིས་མྱུར་དུ་གྲོལ། སེམས་ཇི་ལྟར་གཟུང་བར་བྱ་ཞེ་ན།
དྲན་མེད་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་ཁྱབ་པས། སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། ནམ་མཁའ་ལ་དབྱིབས་དང་ཁ་དོག་དང་དྲན་རིག་མེད་པ་ལས་སྣ་ཚོགས་ཤར་ཡང་ཕན་གནོད་མེད་པ་དེ་བཞིན་དུ། སེམས་ཉིད་ལས་དྲན་པ་སྣ་ཚོགས་ཤར་ན་ཕན་གནོད་མེད་
པས། ནམ་མཁའི་རང་བཞིན་དུ་སེམས་ཉིད་གཟུང་བར་བྱ། ཡིད་ལ་བྱས་པའི་ཆོས་ཀུན་ཡིད་ལ་མ་བྱས་པར་ཤེས་ན། རྟོགས་པར་གྱུར་ན། ཡིད་དེ་ཡིད་མིན་བྱེད་འགྱུར་ན། །དེས་དྲན་མེད་ལས་ཅིར་ཡང་ཤར་དུ་རུང་བའི་སྤྲུལ་སྐུ་དང་། སྐྱེ་མེད་ཀྱི་དབྱིངས་སུ་
གནས་པའི་ལོངས་སྐུ་དང་། བློ་ལས་འདས་ནས་བསྒོམ་དུ་མེད་པས་ཆོས་སྐུ་དེས་ན། དེ་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ནམ་མཁའ་ལ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཐ་སྙད་གང་ལ་ཡང་མི་དམིགས་པས། རྣམ་རྟོག་རླུང་འཆིང་བས། མཁའ་
Vol. 52 · folio 78b
འདྲ་བྱས་ན་རླུང་ནི་རྣམ་པར་འཆིང་། །སངས་རྒྱས་དང་སེམས་ཅན་དབྱིངས་སུ་ཐ་དད་པ་མེད་པས། མཉམ་ཉིད་ཡོངས་སུ་ཤེས་པ་རབ་ཏུ་ཐིམ། །སྐུ་གསུམ་ལས་མ་གཡོས་པར་སེམས་ཉིད་གནས་པར་ངག་གི་དུས་སུ་ཤེས་ན། མདའ་བསྣུན་གྱིས་སྨྲས་ནམ་ཞིག་
ནུས་ལྡན་ན། །སེམས་ལས་བྱུང་བ་དྲན་འགྱུར་བ་ཅན་གྱིས་བཅིངས་པའི་འགྲོ་བ་རིས་དྲུག་གིས་འཁོར་བ་ལ་འཁོར་ལོའི་རང་བཞིན་མི་རྟག་པ་དེ་ནི། སེམས་དྲན་མེད་ཀྱི་དབྱིངས་སུ་གནས་པ་རྟོགས་ན། མི་རྟག་གཡོ་བ་མྱུར་དུ་སྤོང་བར་འགྱུར། །སྦྱོར་བ་བཞི་ནི་ལས་ཀྱི་
ཕྱག་རྒྱའི་སྦྱོར་བ་བཞི་དང་། འདའ་ཀ་ཡེ་ཤེས་ཀྱི་སྦྱོར་བ་བཞི་དང་། སེམས་ཉིད་གནས་ལུགས་རྟོགས་པར་བྱེད་པའི་སྦྱོར་བ་བཞི་དང་། ལུས་ཀྱི་སྦྱོར་བ་བཞི་དང་གླིང་བཞི་བསྡུ་བ་དང་། རྒྱ་མཚོ་རི་རབ་ལ་སྦྱར་བ་དང་། ལྕེ་རྐན་ལ་གཏད་པ་དང་། མིག་གྱེན་ལ་
བཟློག་པའོ། །ངག་གི་སྦྱོར་བ་བཞི་ནི། ལྟེ་བར་ཨཱཿ སྙིང་གར་ཧཱུཾ། མགྲིན་པར་ཨོཾ། སྤྱི་བོར་ཧཾ་ངོ་། །ཡིད་ཀྱི་སྦྱོར་བ་བཞི་ནི། ཤེས་པ་དེ་ལྟར་གཏད་དོ། །དེའི་དུས་སུ་སྟེང་གི་རླུང་དང་། འོག་གི་མེ་དང་། ཐིག་ལེ་དབང་ཆེན་འགགས་པས། རླུང་དང་མེ་
དང་དབང་ཆེན་འགགས་པ་ན། །རྩ་ཨ་ཝ་དྷཱུ་ཏཱིའི་ནང་དུ་རླུང་དང་སེམས་བསྡུས་པས་བདུད་རྩིའི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །བདེ་བ་ཆེན་པོའི་གནས་སུ་ནམ་ཞིག་སྦྱོར་བ་བཞི་གནས་གཅིག་ལ་ནི་ཞུགས་པ་ན། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བདེ་བ་ཧཾ་གི་ཐིག་
ལེ་ལ་སྐྱོལ་བའི་དུས། བདེ་ཆེན་མཆོག་གི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །འདའ་ཀ་ཡེ་ཤེས་ཀྱི་སྦྱོར་བ་བཞི་ནི། སྣང་བ་སྟོང་པ་ལ་འགག །སྟོང་པ་སྣང་བ་ལ་འགག །དབང་པོ་རྣམས་དབང་ཆེན་ལ་འགག །སེམས་དྲན་པ་ཙམ་ལ་འགག་པའི་དུས་སུ།
རླུང་དང་མེ་དང་དབང་ཆེན་འགག་པ་ན། །དོན་དམ་པའི་འབྱུང་བ་ཆེན་པོ་བཞི་ནི། དྲན་པ་སའི་ཁམས། དྲན་མེད་ཆུའི་ཁམས། སྐྱེ་མེད་མེའི་ཁམས། བློ་ལས་འདས་པ་རླུང་གི་ཁམས། སྐྱེ་ཤི་མེད་པའི་བདུད་རྩི་རྒྱུ་བའི་དུས་རླུང་ནི་སེམས་ལ་འཇུག །དོན་
Vol. 52 · folio 79a
དམ་པའི་འབྱུང་བ་བཞི་ཆོས་སྐུའི་གནས་སུ། ནམ་ཞིག་སྦྱོར་ཞིག་གནས་གཅིག་ལ་ཞུགས་པ་ནི། བདེ་བ་ཆེན་པོའི་སྐུ་ནི་འདམ་གང་གིས་ཀྱང་མ་གོས། ནམ་མཁའ་ཚད་གཟུང་དུ་མེད་པ་བཞིན་དུ། དེ་བཞིན་ཉིད་ལ་ཚད་གཟུང་
དུ་མེད་པས། བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །སེམས་ཉིད་ཀྱི་གནས་ལུགས་ཀྱི་སྦྱོར་བ་བཞི་ནི། ཞེ་སྡང་སྦྲུལ། གཏི་མུག་ཕག་པ། འདོད་ཆགས་གླང་པོ་ཆེ། ཉམ་ང་མེད་པ་སེང་གེ དཔེ་བཞིས་བསྟན་པར་བྱའོ། །ཞེ་སྡང་
དྲན་པའི་སེམས་དུག་སྦྲུལ་ལྟ་བུ་དེ། དྲན་མེད་དྲན་མེད་གཏི་མུག་ཕག་པས་ཟ་བར་བྱའོ། །དྲན་མེད་གཏི་མུག་ཕག་པ་ལྟ་བུ་དེ། འདོད་ཆགས་སྐྱེ་མེད་གླང་ཆེན་ལྟ་བུས་ཟ་བར་བྱའོ། །འདོད་ཆགས་སྐྱེ་མེད་གླང་ཆེན་ལྟ་བུ་དེ། ཉམ་ང་མེད་པ་བློ་
ལས་འདས་པ་སེང་གེ་ལྟ་བུས་ཟ་བར་བྱའོ། །དེ་ལྟར་སེམས་ཀྱི་གནས་ལུགས་རྟོགས་པའི་རྣལ་འབྱོར་པ་དེས་རླུང་རྣམ་པར་རྟོག་པ། མི་རྟོག་པ་དབང་ཆེན་དེ་ཉིད་དྲན་པ་ཙམ་འགགས་པས། རླུང་དང་མེ་དང་དབང་ཆེན་འགགས་པ་ན། །དྲན་པ་
མེད་ཅིང་བརྗེད་པ་རྟོགས་པས། སྐྱེ་ཤི་མེད་པ་བདུད་རྩི་རྒྱུ། སེམས་ལས་བྱུང་བའི་རྣམ་རྟོག་རླུང་ནི་དྲན་མེད་སེམས་ལ་འཇུག་པས། བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །ནམ་ཞིག་བླ་མ་དམ་པའི་བརྡ་དང་ཐབས་ཁྱད་པར་ཅན་གྱི་སྒོ་ནས་
བསམ་དུ་མེད་པའི་གནས་སུ། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། རྐྱེན་གསུམ་གྱིས་མ་བསླད་པས། བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་།། །།ད་ནི་རྟོགས་པའི་དུས་སུ་རྒྱུན་མི་འཆད་པའི་བསམ་གཏན་སྙིམ་པ་
ཆུས་བཀང་བའི་དཔེས་བསྟན་པར་བྱའོ། །དེ་ལྟར་མ་རྟོགས་ན་ནི། དྲན་པའི་སྲོག་ཆགས་ལས་ཁྱད་པར་མེད་པས་ཕྱིའི་ཡུལ་གྱི་ཁྱིམ་དང་། ནང་གི་ཁྱིམ་སེམས་ཅན་དྲན་པ་དང་། དེ་ལ་གླེང་ཡང་ཁྱིམ་དང་ཁྱིམ་ན་དེའི་གཏམ་སྨྲ་ཡང་། བསམ་བརྗོད་ལས་
Vol. 52 · folio 79b
འདས་པས། བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །འགྲོ་བ་མ་ལུས་པས་ནི་རང་གི་བསམ་གཏན་དུ་མ་ཤེས་པས། འགྲོ་ཀུན་བསམ་པས་སུན་འབྱིན་མདའ་བསྣུན་སྨྲ། །བློ་ལས་འདས་པས་བསམ་དུ་མེད་པ་རྟོགས་པ་འགའ་ཡང་མེད་པས། བསམ་
གྱིས་མི་ཁྱབ་པ་གྲུབ་པ་འགའ་ཡང་མེད། དེ་ལྟ་བུ་དེ་སེམས་ཅན་ཐམས་ཅད་ལ་ཡོད་དེ། སྲོག་ཆགས་ཐམས་ཅད་ཀུན་ལ་ཡང་། །དུས་གསུམ་བདེ་བར་གཤེགས་པ་རྣམས་ཀྱི་དགོངས་པ། དེ་ཉིད་ཡོད་དེ་རྟོགས་པ་མེད། །རྟོགས་པའི་དུས་གཅིག་ན་མཉམ་
པ་ཉིད་དུ་རོ་གཅིག་པ་ཡིན་པས། ཐམས་ཅད་རོ་མཉམ་རང་བཞིན་པས། །དེ་ཉིད་དྲན་མེད་སྐྱེ་མེད་བློ་ལས་འདས་པ་དེ་བླ་ན་མེད་པའི་ཡེ་ཤེས་ཡིན་པས། བསམ་ཡས་ཡེ་ཤེས་བླ་མེད་པའོ། །དེ་ལྟར་རྟོགས་པར་བྱ་བ་དུས་གཞན་ལ་རག་ལུས་པས་སམ།
འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ལ། ཁང་སར་དེ་རིང་སང་དང་གཞན། །རིམ་གྱིས་བརླབས་ནས་སངས་རྒྱས་ཀྱི་ཡོན་ཏན་མཚན་དང་དཔེ་བྱད་དུ་བྱུང་བར་འདོད་པས། དོན་རྣམས་ཕུན་སུམ་ཚོགས་པར་སྐྱེ་བོ་འདོད། རྒྱུན་མི་འཆད་པ་
དང་ཉམས་པ་མེད་པ་མ་རྟོགས་པའི་གང་ཟག་རྣམས་ནི། ཕྱིའི་ཡུལ་ལ་ཡེངས་པའི་དཔེར་ན། ཀྱེ་ཧོ་བཞིན་བཟང་སྙིམ་པ་ཆུས་བཀང་བ། །རྒྱུན་དུ་འཛག་པས་ཀྱང་ཉམས་པ་མེད་པས། འཛག་པ་བཞན་དུ་ཉམས་པ་མ་ཚོར་རོ། །འཁོར་བའི་སེམས་
དྲན་པས་བྱ་བ་བྱེད་པ་དང་། མྱ་ངན་ལས་འདས་པའི་སེམས་དྲན་པ་མེད་པས་བྱ་བ་མི་བྱེད་པས། བྱ་བ་བྱེད་དང་བྱ་བ་མི་བྱེད་པ། །འཁོར་བ་དང་མྱ་ངན་ལས་འདས་པ་སྒྱུ་མ་ཙམ་དུ་རྟོགས་པས། ངེས་པར་རྟོགས་ན་འཆིང་དང་གྲོལ་བ་མེད། །བློའི་ཡུལ་མ་ཡིན་
ན་ཚིག་གིས་བརྗོད་དུ་མེད་པས། ཡི་གེ་མེད་ལ་འཆད་པར་ཡོད་འདོད་པ། །བཅོས་མའི་རྣལ་འབྱོར་པ་རྣམས་ཀྱིས་དྲན་པ་ཁོ་ན་ལ་རྣལ་འབྱོར་ཟེར་བས། དྲན་པ་ནི་རྐྱེན་ལ་རག་ལུས་པས་གཉིད་མཐུག་པོའམ། འབོགས་པའམ། བརྒྱལ་བ་ལ་སོགས་པ་ལ་
Vol. 52 · folio 80a
དྲན་པ་མེད་པའི་ཕྱིར་དོན་དམ་པ་ནི་མ་ཡིན་ནོ། །བློས་མ་བཞག་པ་རྒྱུན་མི་འཆད་པ་ནི། །གང་ཞིག་རྣལ་འབྱོར་བརྒྱ་ལ་འགའ་ཡིས་མཚོན།། །།ད་ནི་སེམས་དྲན་པའི་འཇུར་བུས་མེ་འཆིང་བར་ཡན་པ་རྔ་མོའི་དཔེས་བསྟན་པར་བྱའོ། །
དེ་ཡང་མ་བཅོས་པའི་དེ་ཉིད་མ་རྟོགས་དྲན་རྟོག་ཁོ་ན་ལ་གཞག་ལ། འཇུར་བུས་བཅིངས་པའི་སེམས་འདི་ནི། །ཕྱི་རོལ་གྱི་ཡུལ་ལྔ་ལས་ཞན་པའི་འཇུར་བུ་དང་། ནང་བདེ་རླུང་སྟོང་པ་ལ་ཞེན་པའི་འཇུར་བུ་དེ་དུས་འདི་ཉིད་ལ་དྲན་པ་མེད་ཅིང་བརྗེད་པ་མེད་པ་རྟོགས་
ན་གྲོལ་བ་ཡིན་པས་གློད་ན་གྲོལ་བར་ཐེ་ཚོམ་མེད། མ་རྟོགས་ན་དྲན་པ་འདི་ཉིད་ཀྱིས་འཆིང་བས། དངོས་པོ་རྣམ་པ་གཉིས་ཀྱིས་དངོས་པོ་གང་གིས་རྨོངས་པ་འཆིང་། ཆོས་ཉིད་ཀྱི་དངོས་པོ་མ་རྟོགས་ན། དྲན་པ་འདི་ཉིད་ལ་ཡེངས་པར་ཤེས་པས། མཁས་
རྣམས་དེ་ཡིས་རྣམ་པར་གྲོལ། །རྟོགས་ན་སེམས་རང་ཐང་དུ་ཡན་པས། དེ་མ་ཤེས་པས། འཁོར་བའི་ཐག་པ་དྲན་རིག་གི་ཐག་པས་བཅིངས་པས་འགྲོ་བ་རིགས་དྲུག་ཏུ་གྱུར་པ་ནས། བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བར་རྩོལ། །སེམས་ཉིད་ཀྱི་དོན་རྟོགས་
ན་དྲན་པ་གློ་བུར་བ་ལ་ཡན་ཡང་། དྲན་མེད་ཀྱི་དབྱིངས་སུ་ལྡོག་པར་འགྱུར་བས། ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །ཇི་ལྟར་རྔ་མོ་ནི་བཅིངས་པས་མི་འཆག་བཏང་ན་མི་འགྲོ་བ་བཞིན་དུ། སེམས་ཉིད་ཀྱང་བསྒོམས་ན་ཡེངས་པའོ། །དེའི་སྐད་
ཅིག་མ་ལ་མ་ཡིངས་པ་རྟོགས་པས། སེམས་ཀྱི་ཐག་པས་བཅིངས་པའི་དུས་ཁམས་གསུམ་དུ་འཁོར་ཞིང་འཁྱམས་ལ། སེམས་ཐག་ཆོད་ན་འཁོར་འཕྲོ་དང་འཁྱམ་འཕྲོ་འཆད་པས་ན། གོ་བཟློག་རྔ་མོ་ལྟ་བུར་གྲོགས་དག་བདག་གིས་རྟོགས་པ། དེ་ལྟར་ཡིན་
ནམ་མ་ཡིན་བླ་མ་དམ་པ་རྣམས་ལ་ཞུས་ལ། རང་ལ་རྒྱུན་དུ་གནས་པ་དེ་བུ་དང་འདྲ་བའི་སློབ་མ་ལ་གནང་བའི་དུས་སུ་བུ་ཁྱེད་རྣམས་ཀྱང་དེ་ལྟར་རང་ལ་ཚོར་ཏེ་ལྟོས་ཤིག་དང་། ཅི་ལ་ལྟ་ཞེ་ན། དབང་པོ་རང་ལོག་གི་མན་ངག་གིས་ཡོངས་སུ་ཆུག་པ་ཡིད་ཀྱི་དབང་
Vol. 52 · folio 80b
པོ་དེ། ཀྱེ་ལགས་དབང་པོ་ལྟོས་ཤིག་དང་། །དུས་འདི་ལ་རང་གིས་མྱོང་དང་མི་མྱོང་གི་ཐ་སྙད་དང་བྲལ་བས། འདི་ལས་ངས་ནི་མ་རྟོགས་སོ། །མ་རྟོགས་པ་དེ་ཉིད་ལས་ཀྱི་རྣམ་པར་སྨིན་པ་ལས་གྲོལ་བས། བརྒྱུད་པའི་མན་ངག་དང་ལྡན་པས། ལས་ཟིན་པའི་
སྐྱེས་བུ་ཡི། ཇི་སྲིད་སེམས་ཀྱི་ཐག་པ་མ་བཅད་བར་དུ་དེ་སྲིད་སེམས་དང་བཅས་པའི་སེམས་ཅན་དུ་ལྟུང་བས། ཇི་སྲིད་སྤྲེའུ་ཐག་པས་བཅིངས་ནས་སྡོང་པོ་ལ་མཐོན་དམན་དུ་འགྲོ་ཡང་སྡོང་པོ་ལས་མི་ཐར་བ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་འདུ་ཤེས་དང་
མ་བྲལ་ན། མཐོན་དམན་དུ་ཡོད་ཀྱང་ཐར་བ་མེད་དེ། ཕྱིས་སེམས་གསོད་ཤེས་པའི་དྲུང་དུ་སེམས་ཐག་བཅད་པར་བྱའོ།། །།ད་ནི་བརྒྱུད་པའི་མན་ངག་མ་རྟོགས་པ་རྣམས་ཀྱིས་རླུང་ལ་བསླབས་པས་ལ་བརྒལ་བ་ཤིང་གི་རྣལ་འབྱོར་གྱི་དཔེས་བསྟན་པར་
བྱའོ། །དེ་ཡང་རྩ་དང་རླུང་ལ་བརྟེན་པའི་བཅོས་མའི་རྣལ་འབྱོར་པས། བདེ་བ་གསལ་བ་སྟོང་པའི་གཟུགས་བརྙན་མཐོང་བ་ཙམ་ཡིན་གྱིས། རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྩ་རླུང་ལ་མ་བསླབས་ཀྱང་དོན་དམ་པ་རྟོགས་ན་གྲོལ་བས། རླུང་འཆིང་བ་
ལ་རང་ཉིད་མ་སེམས་ཀྱི། རྣལ་འབྱོར་པ་ལ་རྩ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། བསྡུ་ན་ཤིན་ཏུ་བསྡུ་ན་གསུམ་སྟེ། དེ་བས་བསྡུ་ན་ཨ་ཝ་དྷཱུ་ཏཱི་ལ། རྩ་ག་ན་གནས་པ་ན་རླུང་། རླུང་ག་ན་གནས་པ་ན་བྱང་ཆུབ་སེམས། བྱང་ཆུབ་སེམས་ག་ན་གནས་པ་ན་བདེ་བ། བདེ་བ་
གང་ན་གནས་པ་དེ་སངས་རྒྱས་ཡིན་ཟེར་ཏེ། དེ་མ་ཡིན་པས་ཤིང་གི་རྣལ་འབྱོར་སྣ་རྩེར་མ་འདུག་ཅིག །འོ་ན་ལུས་ཀྱི་བདེ་བ་མྱོང་བ་དེ་མ་ཡིན་ནམ་ཟེར་ན་མ་ཡིན་ཏེ། རྟོགས་པའི་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པས་ཁྱད་པར་འཕགས་པས། ཨེ་མ་ཧོ་མ་
ཡིན་ལྷན་ཅིག་སྐྱེས་པ་མཆོག་ཆགས་བྱོས་སྣང་བ་དབྱིབས་ཀྱི་སྣ་རྩེ། སྐྱེ་མེད་དུས་ཀྱི་སྣ་རྩེ། ཉམས་མྱོང་བདེ་བའི་སྣ་རྩེ། ལས་ཀྱི་ཕྱག་རྒྱའི་སྲིད་པའི་སྣ་རྩེ་འཆིང་བ་ཡོངས་སུ་སྤངས། །རྣམ་རྟོག་ཤས་ཆེ་བས་ཡིད་ལ་བྱས་པ་ནི། དགའ་བ་བཞི་སྐད་ཅིག་མ་
Vol. 52 · folio 81a
བཞི་དང་རླུང་ཨ་ཝ་དྷཱུ་ཏཱིར་འཛུད་པ་ལ་ཡིད་ཆེས་པ་ནི། འདི་ན་ཡིད་འདུས་པ་རླུང་གི་རླབས། རླུང་གི་རྣལ་འབྱོར་གྱིས་ཡོན་ཏན་ཐོབ་ཀྱང་། གཡོས་ཤིང་འཕྱར་ལ་ཤིན་དུ་མི་སྲུན་འགྱུར། །ཆོས་ཐམས་ཅད་སྣང་བ་དང་སྟོང་པ་དང་སྐྱེ་བ་
མེད་པས་བསྡུས་ལ། དེ་དག་གི་སྐྱེ་ས་གནས་ས་འགག་ས་རྟོགས་ནས། ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་འགྱུར་ན། །དེ་ལྟར་རྟོགས་པས་མི་གཡོ་བའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། དེ་ཡིས་བདག་ཉིད་བརྟན་པར་འགྱུར་བ་ཡིན། །གང་གི་ཚེ་ཡིད་སེམས་
རིག་པ་དྲན་པ་བློ་རྣམས་འགགས་ན། གང་ཚེ་ཡིད་ནི་ཉེ་བར་འགགས་གྱུར་ན། །ད་ལྟའི་སྐྱེ་རྒ་ན་འཆིའི་ལུས་ཀྱིས་སེམས་འཆིང་བས། དོན་དམ་པའི་ལུས་རྟོགས་ན། ལུས་ཀྱི་འཆིང་བ་རྣམ་པར་འཆད་པར་འགྱུར། །ཕྱིའི་ཆོས་ནི་སྒྱུ་མ་དང་། རྨི་ལམ་དང་
མཚུངས་པས། ནང་གི་ཉམས་སུ་མྱོང་བ་ཀུན་དྲན་པ་དང་། མ་དྲན་པ་དང་སྐྱེ་བ་མེད་པ་དུ་མ་རོ་གཅིག་ཡིན་པ། གང་ཚེ་ལྷན་ཅིག་སྐྱེས་དང་རོ་མཉམ་པས། །དམན་པའི་རིགས་དང་འཁོར་བ། བྲམ་ཟེའི་རིགས་མྱ་ངན་ལས་འདས་པ་རྟོགས་ན་མཉམ་པས།
དེ་ཚེ་དམན་པའི་རིགས་དང་བྲམ་ཟེ་མེད།། །།ད་ནི་དམ་པའི་ལུས་རྟོགས་ན། །རེ་དོགས་མེད་པ་བུ་ཆུང་གི་ཚུལ་དུ་གནས་པའི་དཔེས་བསྟན་པའོ། །དེས་ན་ཕྱི་རོལ་མུ་སྟེགས་པ་ན་རེ། ལུས་དང་སེམས་ཀྱི་གཙང་བ་འདི་ཁྲུས་དང་དུས་དང་གནས་ཁྱད་པར་
ཅན་གྱིས་ལུས་དག་པར་བྱ་ཟེར། བསམ་པ་ངོ་དང་མཆོད་པའི་གནས་ཀྱིས་སེམས་དག་པར་བྱ་ཟེར། དེ་ཡང་ཟླ་བའི་རྒྱ་མཚོ་ལ་སོགས་པ་ལ་ཁྲུས་བྱས་པས། ཟླ་བ་ཉ་བའི་དུས་སུ་ཞིང་དང་ཉེ་བའི་ཞིང་ལ་སོགས་པའི་གནས་སུ་ཕྱིན་ཏེ། ལུས་ཀྱི་བདེ་བ་འདབ་ལྡན་
ལ་སོགས་པའི་བསྒོམ་པ་དང་། ཚངས་པ་ལ་སོགས་པ་ལ་མཆོད་ན་སེམས་ཀྱི་དགེ་བ་ཟེར་རོ། །དོན་དམ་པའི་བློའི་སྤྱོད་ཡུལ་མ་ཡིན་པ་རྟོགས་པའི་རྣལ་འབྱོར་པས་ནི་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་དང་འདྲ་བས། འདི་ན་ཟླ་བའི་རྒྱ་མཚོ་ཉིད་དང་ནི། །
Vol. 52 · folio 81b
སྣ་ཚོགས་ཆོས་ཉིད་ཀྱི་དབྱིངས་སུ་དབྱེར་མི་ཕྱེད་པས་ན། སྟོང་ཉིད་དབྱེར་མེད་དུ་ཤེས་པས། འདི་ན་གང་གཱའི་རྒྱ་མཚོ་ཉིད་དང་ནི། །གཙང་ལ་མི་གཙང་བ་ནི་བྲམ་ཟེ་ཆང་སྐྱུགས་ནས་ཆུས་ཁྱེར་བ་དང་འདྲ་བར། ཐོག་མ་མེད་པ་ནས་ཡོད་དང་མེད་པ་མ་ཡིན་
པས། བཱ་རཱ་ཎ་སཱི་པྲ་ཡག་ཡ་འདི། །སྟོང་པ་མཚན་མོ་ཟླ་བ་དང་། །སྣང་བ་ཉིན་མོ་གསལ་བྱེད་ཡིན་པས། འདིར་ནི་ཟླ་བ་གསལ་བྱེད་ཉིད། །ཆོས་ཐམས་ཅད་སྐྱེ་ས་གནས་ས་འགག་ས་གནས་ཉི་ཤུ་རྩ་བཞི་དང་འདྲ་བས། ཞིང་ཀུན་གནས་དང་ཉེ་བའི་གནས་
སོགས་པ། །འགྲོ་འོང་མེད་པའི་ཚུལ་གྱིས་རྟོགས་པས། ཕྱིན་དེ་བལྟས་པས་རྟོགས་པར་གང་སྨྲ་བ། །དོན་གྱི་ལུས་ཀྱིས་ཀུན་ལ་ཁྱབ་པ་དེ་རྟོགས་ན། ལུས་དང་འདྲ་བའི་མུ་གནས་གཞན་ན་མེད། །ཡིད་ལ་བྱས་ན་མི་དགེ་བ་ཡིན་ལ། ཡིད་ལ་བྱས་
ན་དགེ་བ་ཡིན་པས། དགེ་བ་ང་ཡིས་ངེས་པར་ཡང་དག་མཐོང་། །ཕྱི་རོལ་པའམ་ནང་པ་ལ་ལ་ན་རེ། ལུས་འཁོར་ལོ་བཞི་འམ་དྲུག་ཏུ་པདྨའི་འདབ་མ་གྲངས་ཇི་བཞིན་དང་སྡོང་པོ་གེ་སར་ལ། འདབ་ལྡན་པདྨའི་སྡོང་པོ་གེ་སར་གྱི་དབུས་ན། དེ་ལས་ཉམས་སུ་མྱོང་
བའི་དགའ་བ་དང་བདེ་བ་དེ་ཉིད། ཤིན་དུ་ཕྲ་བའི་རྣལ་མའི་དྲི་དང་ཁ་དོག་ལྡན། དུས་ཉི་ཚེ་བ་ཡིན་པས། ཐོབ་ཤོར་གྱི་དུས་སུ། བྱེ་བྲག་འོངས་ཤིང་རྨོངས་པ་མྱ་ངན་གྱིས། །འདུས་མ་བྱས་པའི་ཆོས་སྐུ་རྒྱུན་དུ་གནས་པ་མ་ཤེས་པ་ན། འདུས་བྱས་
ལ། གདུང་བས་འབྲས་བུ་མེད་པར་མ་བྱེད་ཅིག །ཕྱི་རོལ་པ་ན་རེ། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཟད་པར་བྱེད་ན། ཚངས་པ་ལ་སོགས་པ་མཆོད་ནས་བདེ་བར་འགྱུར་ཟེར། རྟོགས་པའི་རྣལ་འབྱོར་པས་ནི་གཏི་མུག་ཆེན་པོ་ཚངས་པ་ཆོས་སྐུ་དང་།
ཞེ་སྡང་ཆེན་པོ་ཁྱབ་འཇུག་སྤྲུལ་སྐུ་དང་། འདོད་ཆགས་ཆེན་པོ་མིག་གསུམ་པ་ལོངས་སྐུ་ནི། ཁམས་གསུམ་དང་སྐུ་གསུམ་གྱི་གཞི་ཡིན་པས་ན། གང་དུ་ཚངས་པ་ཁྱབ་འཇུག་མིག་གསུམ་འཇིག་རྟེན་མ་ལུས་གཞིར་གྱུར་པ། །ཉོན་མོངས་པ་དག་ནས་རིགས་སུ་ཕྱེ་
Vol. 52 · folio 82a
བ་མེད་པ་དང་། དཀར་ནག་གི་ལས་ཀྱིས་མ་གོས་པས། རིགས་མེད་དེ་ལ་མཆོད་ན་ལས་ཀྱི་མཐའི་ཚོགས་ནི་ཡང་དག་ཟད་པར་འགྱུར། དེ་གང་ཞེ་ན། སློབ་མ་སྣོད་དང་ལྡན་པ་ལ་བསྟན་པའི་དུས་སུ་འདམ་གྱིས་མ་གོས་པའི་བདེ་བའི་གནས་
ནི་བུ་དང་འདྲ་བ་ལ་བསྟན་པར་བྱའི། གཞན་ལ་བསྟན་དུ་མེད་པས། ཀྱེ་ཧོ་བུ་ཉོན་རྩོད་པའི་རོ་ནི་དགའ་བར་ཡང་དག་གནས། །ཞེས་པས་དེ་མ་རྟོགས་ན་བརྟན་པ་རི་རབ་ལ་སོགས་པ། །གཡོ་བ་འགྲོ་བ་རིས་དྲུག་གི་སྒྲུང་བརྒྱུད་དང་མདོ་དང་དབྱངས་ཀྱིས་མ་
རྟོགས་པས། འགྲོ་བ་འཆད་ཅིང་འདོན་པ་ལ་སོགས་པས་དེ་ཤེས་པར་ནུས་མ་ཡིན། འོ་ན་འགྲོ་བ་ལས་ལོག་ནའང་ཞེ་ན་མ་ཡིན་ཏེ། འགྲོ་བའི་རང་བཞིན་སེམས་ཡིན་ཏེ། དེ་ཡང་བརྟན་པ་ནི་དྲན་མེད། གཡོ་བ་ནི་དྲན་པའི་རྣམ་པ་སྣ་ཚོགས་སོ། །སྐྱེ་མེད་དེ་
ཡང་བུ་དང་འདྲ་བ་ལ། །ཀྱེ་ཧོ་བུ་ཉོན་དེ་ཉིད་སྣ་ཚོགས་ཀྱི། །རྐྱེན་གྱིས་མ་བསླད་པའི་ཡང་དག་པའི་ཤེས་པའི་རོ་འདི་བསྟན་པར་ནུས་པ་མ་ཡིན་ཏེ། ཡང་དག་པའི་ཤེས་པ་དེ་ཉིད་རྟོག་གེ་བའི་བློའི་ཡུལ་མ་ཡིན། སངས་རྒྱས་ཀྱི་དགོངས་པ་མ་ཡིན་པས།
བདེ་བའི་གནས་མཆོག་རྟོགས་པ་སྤངས་པ་སྟེ། །འགྲོ་བའི་རང་བཞིན་དེ་ཡང་ལོགས་ནས་སྐྱེ་ས་མེད་པས། འགྲོ་བ་ཉེ་བར་སྐྱེ་བ་ཉིད་བཞིན་ནོ། །བློ་སེམས་རིག་པ་དྲན་པ་རང་བཞིན་གྱིས་འགགས་ལ་ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ཡལ་བས་ན། བློ་
ནི་རྣམ་འགགས་ཡིད་ནི་ཕམ་འགྱུར་བ། །ཤེས་བྱ་ཤེས་བྱའི་ང་རྒྱལ་དང་རློམ་སེམས་དབྱིངས་སུ་དག་པས་ན། གང་དུ་མངོན་པའི་ང་རྒྱལ་ཆད་པའོ། །དྲན་པ་ལ་འཁོར་བར་འཁོར་ལ། དྲན་པ་མེད་པ་ལས་མ་གཡོས་ན་མྱ་ངན་ལས་འདས་པའོ། །དེ་ཡང་རྣམ་
པར་རྟོག་པ་སྒྱུ་མ་ཡིན་པར་ནི་མ་ཤེས། མི་རྟོག་པ་ལྟོས་པའི་ཆོས་ཅན་ཡིན་པར་མ་ཤེས་པས་འབད་པ་བྱེད་དོ། །དྲན་མ་དྲན་སྒྱུ་མ་ཙམ་དུ་ཤེས་ཏེ་དེའི་རང་བཞིན་སྐྱེ་བ་མེད་པ་དེ་བློས་མ་རེག་པའི་དབྱིངས་སུ་ཐིམ་པ་དེ་ཁྱད་པར་དུ་འཕགས་པས་ན། རྟོགས་
Vol. 52 · folio 82b
པའི་རྣལ་འབྱོར་པས་ནི་རིག་པ་སྣ་ཚོགས་འཁོར་བའི་རྣམ་གྲངས་ཡིན་ལ། དྲན་པ་དྲན་མེད་ལས་འདས་པས་མྱ་ངན་ལས་འདས་པའོ། །དྲན་མེད་སྐྱེ་མེད་ལས་འདས་པས་མྱ་ངན་ལས་འདས་པའོ། །སྐྱེ་མེད་བློས་མ་རེག་པ་ལས་འདས་པས་མྱ་ངན་ལས་
འདས་པའོ། །དེ་ཡང་འཁོར་བ་སྤང་བར་བྱ་བ་དང་། །མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་དེ་གཉིས། དེ་ཉིད་སྒྱུ་མའི་རང་བཞིན་མཆོག་ཏུ་རྟོགས་ཏེ། སེམས་ཀྱི་གནས་ལུགས་རྟོགས་ན་བསམ་གཏན་དུ་མ་གྱུར་པ་གང་ཡང་མེད་དེ། དྲན་པ་ནི་སྒྱུ་མ་
ལྟ་བུའི་ཏིང་ངེ་འཛིན་རྐྱེན་ལ་རག་ལུས་པའི་ཕྱིར་རོ། །དེའི་ཕ་རོལ་ན་དྲན་པ་མེད་པ་དེ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་གང་ལ་ཡང་ཉམ་ང་མེད་པའི་ཕྱིར་རོ། །དེ་ལས་གཞན་སྐྱེ་བ་མེད་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འཁོར་བ་དང་། མྱ་
ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་མི་རྒྱུ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བློ་ལས་འདས་པ་ནས་མི་འགྱུར་བའི་ཕྱིར་རོ། །དེ་ཉིད་བསམ་གཏན་བཞི་ཡིན་པས་དེ་ལ་བསམ་གཏན་འཆིང་བས་དེས་ནི་ཅི་བྱར་ཡོད། སེམས་
ཀྱི་གནས་ལུགས་ནི་ནམ་མཁའ་དང་འདྲ་ལ། སེམས་ལས་བྱུང་བའི་དྲན་པ་ནི་ན་བུན་དང་མཚུངས་པས་ཡལ་བས། དངོས་པོ་སྐྱེ་བ་མཁའ་ལྟར་རབ་ཞི་ན། །དངོས་པོ་སྐྱེ་བ་ནི་སེམས་ལས་ལོགས་ན་མ་ཡིན་ཏེ། དེ་ཡང་དྲན་ནས་སྐྱེ་བ་དང་། དྲན་པ་མེད་ནས་སྐྱེ་
བའོ། །དེ་གཉིས་སྤངས་པའི་ཕ་རོལ་ན་ཅི་སྐྱེས། དངོས་པོ་རྣམས་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །ཐོག་མ་མེད་པ་ནས་སྐྱེ་བ་མེད་པ་ལས་སྐྱེ་ན་ནམ་མཁའི་མེ་ཏོག་ཀྱང་སྐྱེའོ་ཟེར་ཏེ། འདི་ལྟར་སྣང་བ་ཀུན་ནམ་མཁའི་མེ་ཏོག་ཏུ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ནམ་
མཁའ་འབྱུང་བ་རིམ་གྱིས་ཆགས་ཤིང་སྣ་ཚོགས་སུ་སྣང་བས་ནམ་མཁའི་མེ་ཏོག་ཡིན་ནོ། །དེ་བཞིན་དུ་སེམས་ཉིད་ནམ་མཁའ་དང་འདྲ་ལ། སེམས་ལས་བྱུང་བའི་དྲན་པ་ནི་ནམ་མཁའི་མེ་ཏོག་དང་འདྲ་བས་དྲན་བསྒོམ་ལ་རེ་དོགས་མི་བྱའོ། །དེའི་ཕྱིར་ན་
Vol. 52 · folio 83a
དྲན་པ་དང་དྲན་པ་མེད་པས་མ་བསླད་པ་གང་ཡིན་པ་དེ་ནི། གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །སྣང་བ་དང་ལུས་ཀྱི་བརྡ། ངག་གི་བརྡ། ཡིད་ཀྱི་བརྡ་གསུམ་ནི་སྣང་བའི་བརྡའོ། །སྟོང་པ་དང་སྐྱེ་བ་མེད་པ་བརྡས་བསྟན་པའི་
དུས་སུ། དེ་རིང་དཔལ་ལྡན་བླ་མ་མགོན་པོས་བསྟན་པས་རྟོགས། རྟོགས་པའི་ཡོན་ཏན་དུ་གང་གི་ཚེ་ཆོས་ཐམས་ཅད་ཡིད་ལ་མི་བྱེད་པའི་དུས་སུ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་དྲན་པའི་བརྡས་བསྟན་པས་མཐོང་དང་ཐོས་དང་རེག་དང་དྲན་པ་དང་།
གཙང་བ་དང་བཙོག་པ་དང་འགྲོ་བ་དང་འོང་བ་མེད་པའི་བརྡས། ཟས་སྐོམ་འཁྱམ་དང་འགྲོ་དང་འདུག་པ་དང་། །དྲི་བ་དང་དྲི་བའི་ལན་བཏབ་པའི་བརྡས་བསྟན་པས། ཅལ་ཅོལ་གཏམ་དང་ལན་སྨྲར་གྱུར་པ་ལ། །སེམས་ཉིད་ཀྱི་རང་བཞིན་བློ་ལས་འདས་
པ་ལས་མ་གཡོས་པས། སེམས་སོ་ཞེ་ན་གཅིག་གི་རྣམ་པ་ལས་མི་བསྐྱོད། དེ་ལྟར་ཕྱག་རྒྱ་ཆེན་པོའི་བརྡའི་སྒོ་ནས་བསྟན་མ་ཐག་ཏུ་སྐྱེ་ཤི་མེད་པ་བདུད་རྩི་དང་འདྲ་བ་དེ་རྟོགས་པས། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །འཁོར་བའི་ཐང་སྟོང་ཤིན་
དུ་སྒྲོལ་དཀའ་བ་ལ་ཉོན་མོངས་པའི་ཆོམ་རྐུན་མང་ལ། སྐྱེ་རྒ་ན་འཆིའི་ཚད་པས་བསྐལ་པ་གྲངས་མེད་པའི་བར་དུ་དང་། བླ་མ་དམ་པའི་ཞབས་ཀྱི་མཚོ་སྐྱེས་ཀྱི་མཚོ་མ་རྙེད། གལ་ཏེ་རྙེད་པར་གྱུར་ཡང་མ་འཁྲུལ་པ་ལ་འཁྲུལ་པར་མཐོང་ནས་སྤྱི་བོར་བླང་
བར་མི་བྱེད། གདམས་ངག་གི་བདུད་རྩིའི་ཆུ་རྣ་བས་འཐུང་བར་མི་བྱེད་ལ། སྙིང་གི་པདྨའི་ནང་དུ་མི་འཇོག་པས། །གདུང་སེལ་བསིལ་བས་ངོམས་པར་མི་འཐུང་བ། །དེ་ཅི་འདྲ་ཞེ་ན། མྱ་ངན་གྱི་ཐང་སྟོང་དང་འདྲ་བ་འཁོར་བའི་ཐང་སྟོང་ཤིན་དུ་སྒྲོལ་
དཀའ་བ་དེ། བླ་མ་དམ་པའི་ཞབས་དང་མ་བྲལ་བའི་པདྨའི་མཚོ་དེ་ལ་ཐབས་ཀྱིས་བླང་བར་མེད་ལ། སྒྲ་དང་། ཚད་མ་དང་། ལུང་དང་། བསྟན་བཅོས་ཀྱི་ཚིག་དང་ཐ་སྙད་ལ་མཁས་ཀྱང་དོན་མེད་པས། དེ་ནི་བསྟན་བཅོས་དོན་མང་མྱ་ངན་གྱིས། །
Vol. 52 · folio 83b
སྐོམ་པས་ཤིན་དུ་གདུང་བའི་སྨྲེ་སྔགས་འདོན་ཡང་རོ་སྐམ་ལ་བུང་བ་མཐོང་བ་དང་འདྲ་བའི་བསྟན་བཅོས་ཀྱི། ཐང་ལ་སྐོམ་པས་གདུངས་ཏེ་འཚོ་བར་ཟད། །བླ་མ་དམ་པས་བརྡ་དང་ཐབས་ཀྱིས་བསྟན་པར་འགྱུར་གྱི། ལུང་དང་བསྟན་བཅོས་ལ་མ་ཡིན་ནོ། །ལུང་
དང་བསྟན་བཅོས་ལ་ཡོད་ན་མན་ངག་མ་ཡིན་གྱི། དེ་དང་མི་མཐུན་ན་མན་ངག་ཡིན་ནོ། །ཡང་དག་པའི་དོན་དེ་ཁོ་ན་ཉིད་ཀྱི་མན་ངག་ནི། བློའི་ཡུལ་དུ་མ་གྱུར་པས། ཚིག་གིས་བརྗོད་པར་མི་འགྱུར་བས། །བླ་མས་བསྟན་པས་བརྗོད་མིན་ནི། །སློབ་མས་ཀྱང་
འདི་ལྟ་བུའོ་ཞེས་ཡིད་ལ་བྱར་མེད་དོ། །གོ་བ་ཤེས་བྱའི་སྒྲིབ་པ་ཡིན་ཏེ། ཡང་དག་བྱའི་བདེན་པ་མ་ཡིན་པས། །མ་གོ་བ་ཉོན་མོངས་པའི་སྒྲིབ་པ་ཡིན་ནོ། །དེ་ཉིད་ཤེས་བྱ་བདེན་པ་མ་ཡིན་པས། །ཤེས་པ་ཡང་བདེན་པ་མ་ཡིན་ནོ། །འོ་ན་ཡང་ཤེས་དང་
ཤེས་བྱའི་སྒྲོན་མེ་ལྟ་བུ་ལ་བརྟེན་ནས། དྲན་པས་དྲན་པ་གོ་བ་ལྟ་བུའི་ནི་མ་ཡིན་གྱི། གོ་བ་དེ་ལས་གོ་བ་མེད་པ་དེ་ཉིད། སློབ་མས་གོ་བ་མ་ཡིན་ཏེ། དེ་ཡང་ཆོས་རྣམས་སྐྱེ་བ་མེད་པ་ལས་སྐྱེས་པ་དང་། གནས་པ་མེད་པ་ལས་གནས་པ་དང་། འགགས་པ་
མེད་པ་ལ་འགགས་པ་དང་ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། དེ་ཡང་སེམས་ཀྱིས་སེམས་བསྟན་དུ་ཡོད་པ་མ་ཡིན། ཡིད་ཀྱིས་ཡིད་ལ་བྱེད་དུ་མི་བཏུབ་པས། གང་གིས་ཇི་ལྟར་བསྟན་པར་བྱ། །གལ་ཏེ་མ་རྟོགས་པ་ལ་བསྟན་ཡང་། སྒྲ་དང་ཚད་མའི་བསྟན་
བཅོས་ཀྱི་དབང་དུ་བྱས་ནས། གང་གིས་ཚད་མར་འཛིན་པའི་དབང་གིས་སུ། །རྟོག་པ་ལ་སོགས་པའི་ཐ་སྙད་ལ་ནི་མཁས་ལ་དོན་ལ་མི་མཁས་པས། བླུན་པོས་བྱེ་བྲག་རྙེད་པ་སྟེ། །དེའི་ཚེ་ན་མི་མཁས་པའི་དབང་གིས་དྲན་པ་ཁོ་ན་ལ་འབད་པར་བྱེད་པས་
ན། སྒྲིབ་པ་ལས་ཐར་བར་མི་བྱེད་དོ། །ཅིག་ཤོས་ནི་བློས་རེག་མེད་ལ་གདོལ་བ་དང་འདྲ་བས། དེ་ཚེ་གདོལ་པའི་ཁྱིམ་དུ་རོལ། །དེ་ཡང་དྲི་མ་གཉིས་དག་པའི་ཉི་མའི་དཀྱིལ་འཁོར་དང་འདྲ་བའི་རྒྱུན་མི་འཆད་པའི་མི་བསྒོམ་པའི་དབྱིངས་སུ་གནས་པ་དེ།
Vol. 52 · folio 84a
འོན་ཀྱང་དྲི་མས་མི་གོས་སོ། །དེ་ལྟ་བུའི་དྲི་མ་དག་པའི་ནོར་བུ་རིན་པོ་ཆེ་ལག་ཏུ་ཐོབ་པ་ནི་ངོ་མ་ཤེས། དཔེར་ན་རི་ཁྲོད་པའི་ལག་ན་ཡོད་པའི་ནོར་བུ་རིན་པོ་ཆེ་མིག་ཕིགས་པར་དཀའ་བ་བོར་ནས། དེ་བས་སླ་བ་འོལ་མ་སི་ལག་ཏུ་བླངས་ནས་
རྒྱན་དུ་བྱས་པ་དེ་བཞིན་དུ། དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་དེ། བློས་ཕིགས་པར་དཀའོ་སྙམ་ནས། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་དགོངས་པ་དྲན་པ་འདི་ཁོ་ན་ཡིད་ལ་བྱས་ནས། རང་རང་གི་ཡུལ་དང་བསྟན་ནས། དགེ་བའི་ཆོས་
ལ་འབད་པར་བྱེད་དོ། །རྣལ་འབྱོར་པའི་དགོངས་པ་ནི་འཇིག་རྟེན་པའི་ཆོས་དང་མི་མཐུན་ཡང་། འཇིག་རྟེན་ལས་འདས་པ་ནི་ཡིད་ཀྱིས་ཕིགས་པར་དཀའ་ཡང་། བླ་མ་དམ་པའི་གདམས་ངག་རིན་པོ་ཆེ་རྡོ་རྗེ་ཕ་ལམ་དང་འདྲ་བ་ཐོབ་ནས། བརྡའི་ཁྱད་
པར་གྱིས་ཕིགས་པ་དེ་ནི། འཇིག་རྟེན་པས་སྨོད་པ་དེ་ནི་བླངས་པའོ། །དེ་ཅི་འདྲ་ཞེ་ན། འཇིག་རྟེན་པས་ལོངས་སྤྱད་ནས་བོར་བས་སྲང་ཀའི་ཁམ་ཕོར་བླངས་པའི་ཕུང་པོའི་དུམ་བུ་ལ་སུ་ཞིག་རེ་བ་བྱེད། དེ་བཞིན་དུ་ཕལ་པས་དྲན་པ་ཁོ་ན་ལ་སྤྱོད་པའི་དུས་སུ་
བོར་བས། དྲན་མེད་སྐྱེ་མེད་བློ་ལས་འདས་པ་དེ་ཉིད་སྐུ་གསུམ་པས་སློང་ན་དེ་ཉིད་སློང་དགོས་པ་ཡིན་པས་ན། གང་ཚེ་སློང་ན་སྲང་ཀའི་ཁམ་ཕོར་གྱིས་སྤྱོད་དེ། སྐུ་གསུམ་དེ་ཉིད་དཀོན་མཆོག་རིན་པོ་ཆེ་ཟད་པ་མེད་པའི་གཏེར་དེ་ཡིན་པས། ཕྱི་རོལ་པའི་རྒྱལ་
པོ་ལ་མི་སྨོད་པས། བདག་ཉིད་རྒྱལ་པོ་ཡིན་ན་དེར་ནི་སླར་ཡང་ཅི་བྱར་ཡོད། རྟོགས་པའི་དུས་སུ་ཡེ་ཤེས་ཀྱི་མིག་གིས་ཕྱོགས་མ་ལུས་པར་བལྟས་པས། འདི་དག་ནི་འཁོར་བའོ། །འདི་དག་ནི་མྱ་ངན་ལས་འདས་པའོ་ཞེས་དེ་ཁོ་ན་ཉིད་ལ་དབྱེར་མེད་པས།
དབྱེ་བ་རྣམ་པར་སྤངས་ནས་དེ་ཉིད་གནས་པ་ལ། ཆོས་ཀྱི་སྐུའི་རང་བཞིན་གཡོ་བ་མེད་ཅིང་རྣམ་པར་རྟོག་པ་མེད་པས། རང་བཞིན་མི་གཡོ་བཏང་སྙོམས་ལྷུན་གྱིས་གྲུབ། །དེའི་ཕྱིར་སྣང་བའི་རྒྱན་དུ་སྟོང་པ་མཛེས་ལ། སྟོང་པའི་རྒྱན་དུ་སྣང་བ་མཛེས་སོ། །
Vol. 52 · folio 84b
མི་རྟོག་པའི་མྱ་ངན་ལས་འདས་པ་དེ་བས་ཀྱང་རྟོགས་པའི་སྲིད་པ་ལ་གནས་སུ་རུང་བས། མྱ་ངན་འདས་པ་ལ་གནས་སྲིད་པར་མཛེས། །ཡིད་ལ་བྱས་པའི་མི་རྟོག་པ་བསྒོམས་པས་རྟོགས་པའི་དེ་ཉིད་ལ་ཡེངས་པར་བྱས་ན་ཉོན་མོངས་པའི་ནད་ཞི་བར་བྱེད་དོ། །
དཔེར་ན་མེས་ཚིག་པ་དེ་མེ་ལ་བསྲོ་བར་བྱའོ། །རླུང་ལངས་པ་ནི་རླུང་ཉིད་ལའོ། །རྣ་བར་ཆུ་སོངས་ནི་ཡང་ཆུ་ནི་ཐིགས་པས་རུང་བ་དེ་བཞིན་དུ། འདོད་ཆགས་ཀྱི་ནད་ཞི་བར་བྱེད་པ་ནི་བདེ་སྟོང་དབྱེར་མེད་པའོ། །ཞེ་སྡང་ཞི་བར་བྱེད་པ་ནི་ལྷའི་དཀྱིལ་འཁོར་
རོ། །གཏི་མུག་ཞི་བར་བྱེད་པ་ནི་སྟོང་པ་ཉིད་ཀྱི་ཞི་གནས་ཡིན་པས། ནད་གཞན་དག་ལ་སྨན་གཞན་གཏང་མི་བྱ། །དེ་ལྟ་བུ་ལ་ཡེངས་པ་ལ་གཞན་གྱིས་བསྒོམ་པར་མཐོང་སྟེ་དེ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་ངོ་བོ་ནི་ཡིད་ལ་བྱར་མི་བཏུབ་པས་ན། བསམ་དང་བསམ་
བྱ་རབ་ཏུ་སྤངས་ནས་སུ། །རེ་བ་དང་དོགས་པ་དང་། གཙང་བཙོག་མེད་པ་དང་བླང་དོར་མེད་པའི་ཚུལ་གྱིས། ཇི་ལྟར་བུ་ཆུང་ཚུལ་དུ་གནས་པར་བྱ།། །།ད་ནི་རང་གིས་ཉམས་སུ་མྱོང་ཡང་། གཞན་ལ་བཟླས་སུ་མེད་པ་གཞོན་ནུ་མའི་བདེ་བའི་དཔེས་
བསྟན་པར་བྱའོ། །དེ་ཡང་ལུང་དང་བསྟན་བཅོས་མང་པོ་ལ་ཡིད་མ་ཆེས་པའི་སྐྱེས་བུས། བླ་མ་དམ་པའི་བརྡ་དང་ཐབས་ཀྱིས་མན་ངག་ལ་ཡིད་ཆེས་པས། རྟག་ཏུ་རྒྱུན་མི་འཆད་དུ་གནས་པའི་བསམ་གཏན་དེ། བླ་མའི་ལུང་ལ་བསྒོམས་ཏེ་གུས་འབད་ན། །
དེ་ལ་ཆོས་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པའི་རང་བཞིན་གསུམ་མ་འཁྲུལ་བར་བྱུང་བ་དེས། ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ལྷན་ཅིག་སྐྱེས་པ་དེ་ཡང་སྔོན་པོ་ལ་སོགས་པའི་ཁ་དོག་མེད། སྙིང་སྟོབས་རྡུལ་དང་མུན་པའམ། །ཡང་བ་ལ་སོགས་
པའི་ཡོན་ཏན་ནམ། ཚིག་དང་ཐ་སྙད་དམ་སྒྱུ་མ་ལ་སོགས་པའི་དཔེས་མཚོན་དུ་མེད་པས། ཁ་དོག་ཡོན་ཏན་ཡི་གེ་དཔེ་བྲལ་བ། །ཉམས་སུ་མྱོང་བ་དེ་རི་བོང་གི་རྭ་ལྟར་གཏན་མེད་པ་མ་ཡིན། བ་ལང་གི་རྭ་ལྟར་གཏན་ཡོད་པ་མ་ཡིན་པས་དྲན་མེད་སྐྱེ་མེད་བློ་
Vol. 52 · folio 85a
ལས་འདས་པ་ཡོད་མེད་ལས་གྲོལ་བ་རྒྱུན་མི་འཆད་པའི་བསམ་གཏན། ཉམས་སུ་མྱོང་བ་ནི། སྨྲ་རུ་མི་བཏུབ་བདག་གིས་གྱི་ན་མཚོན། །དེ་ཇི་ལྟར་ཤེས་པར་བྱ་ན། གཞོན་ནུ་མའི་བུ་ཆུང་སྐྱེས་པའི་དུས་སུ་མས་སྟེ་བ་བཅད་པའི་དུས་སུ།
ཨོཾ་ཞེས་བྱ་བ་ལྟར་གནས་པ་དང་། ཕ་ལས་བྱུང་བ་ཧཾ་ཞེས་བྱ་བ་སྤྱི་བོར་གནས་པ་དང་། དེ་གཉིས་ཤེས་རབ་དང་ཐབས་ཀྱི་ཡི་གེ་གཉིས་ཀྱི་ཐིག་ལེ་དཀར་དམར་གཉིས་སོ། །དེ་གཉིས་ཀྱི་དུས་དང་རྐྱེན་འཛོམ་པའི་དུས་སུ་ཐིག་ལེ་གཉིས་སྙིང་གར་ཕྲད་པས་དགའ་བས་བུ་
ཆུང་གཉིད་ལོག་པས་འཛུམ་པ་བྱས་པ་དང་། ཡང་ན་དོན་དྲན་པའི་ཐིག་ལེ་མ་དྲན་པའི་ཐིག་ལེ་གཉིས་སྐྱེ་བ་མེད་པའི་དབྱིངས་སུ་ཕྲད་པ་མི་ལ་བཟླས་སུ་མ་བཏུབ་པས་ན། ཡང་ན་གཞོན་ནུ་མ་དེ་དར་ལ་བབ་པ་ཅིག་དང་། །ཡིད་དུ་འོང་བའི་སྐྱེས་བུ་གཞོན་པ་དང་སྙོམ་
པར་ཞུགས་པའི་དུས་སུ་དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་གསུམ་གཞན་ལ་བཟླས་སུ་ཡོད་ལ། དེ་ལས་གཞན་ལྷན་ཅིག་སྐྱེས་པ་སྙིང་ལ་ཞེན་པ་བཟླས་སུ་མ་བཏུབ་པས་ན། གཞོན་ནུ་མའི་བདེ་བ་སྙིང་ལ་ཞེན་པ་བཞིན། །དོན་དམ་པའི་ལྷན་
ཅིག་སྐྱེས་པ་དེ་ཡང་ཆོས་རྣམས་ཀྱི་གཞིར་གྱུར་པ་བློས་མི་རེག་པས། བློས་གཞག་པ་རྣམས་ཀྱི་སྙིང་ལ་ཟིལ་གྱིས་མནན་ནས་དུས་གསུམ་དང་ཁམས་གསུམ་དབང་དུ་སྒྱུར་བ་དེ་ནི་སུའི་བློས་ཀྱང་མྱོང་དུ་མེད་པས། དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། །
དེ་ཡང་དངོས་པོ་སེམས་ལས་བྱུང་བའི་དྲན་པའི་རྣམ་པ་དེ་ལྟ་བུ་ཅིག་མེད་ན་ནི། དངོས་པོ་མེད་པ་དྲན་པ་མེད་ལ་ཉམས་མྱོང་བ་སུས་ཀྱང་རྟོགས་པར་མི་འགྱུར་རོ། །དཔེར་ན་ནམ་མཁའ་ལས་སྣ་ཚོགས་ཀྱི་གོ་བདེ་བར་བྱེད་པ་མ་ཡིན་ན་ནི། ནམ་མཁའ་ཡངས་པ་ཞེས་
རྟོགས་པར་མི་འགྱུར་རོ། །དེ་བཞིན་དུ་སེམས་ལས་བྱུང་བ་དྲན་པ་འདི་མེད་ན་ནི། སེམས་ཀྱི་དྲན་མེད་ཉམས་སུ་མྱོང་བ་སུས་ཀྱང་རྟོགས་པར་མི་འགྱུར་རོ། །དེ་བས་ན་སེམས་ལས་བྱུང་བའི་དྲན་པའི་དངོས་པོ་དང་། སེམས་དེ་རྐྱེན་མེད་ན་དྲན་མེད་པས་དངོས་པོ་
Vol. 52 · folio 85b
མེད་པ་དེ་གཉིས་སྐྱེ་བ་མེད་པ་ལ་ཐིམ་པས། དངོས་དང་དངོས་མེད་ཡོངས་སུ་བཅད་པ་དང་། །ཡིད་ལ་བྱས་པའི་ཆོས་ཐམས་ཅད་ནི་མི་བརྟན་པ་དང་གཡོ་བའི་རང་བཞིན་ཅན་ཡིན་པས། དེར་ནི་འགྲོ་བ་མ་ལུས་རབ་ཐིམ་འགྱུར། །ཡིད་ལ་བྱས་པའི་ཆོས་ཐམས་
ཅད་ནི་མི་རྟག་པ་དང་གཡོ་བའི་རང་བཞིན་ཅན་ཡིན་པས། གང་གི་ཚེ་ན་ཡིད་བཞིན་ལ་མ་བྱས་པའི་དོན་རྟོགས་པའི་དུས་དེར། གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་དེར། །འཁོར་བ་འཁོར་མོད། འཁོར་བ་ནི་ཡིད་ལ་བྱས་པའི་རྣམ་པར་རྟོག་པ་མཁྲེགས་ཤིང་
བརྟན་པ་ལས་ཡིན་གྱི། འོ་ན་སྟོང་པ་ཉིད་ཡིད་ལ་བྱས་ན་ཐར་པ་ཐོབ་ཟེར་བ་ལ། སྟོང་པ་ཉིད་ཡིད་ལ་བྱས་པས་སྐྱེ་མཆེད་བཞི་ལ་སྐྱེ་བར་འགྱུར་གྱི། ཡིད་ལ་མ་བྱས་པའི་དུས་གསུམ་མཉམ་པ་ཉིད་ཡིན་པས། འཁོར་བར་འཁོར་བའི་དངོས་པོ་མེད་པས་རང་གྲོལ་བ་ན།
སྦྲུལ་གྱི་ཕུང་པོའི་ནང་དུ་རྐང་པ་ཆུད་པ་དེ་མ་འགྱུར་བར་བསྡད་ན་རང་གྲོལ་བ་བཞིན་དུ། བླ་མའི་མན་ངག་གིས་གཉུག་མ་མ་བཅོས་པའི་དོན་རྟོགས་ན། དྲན་པ་རང་གྲོལ་བས་ན། དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། །སེམས་དང་སེམས་ལས་བྱུང་བ་
ལས་ནི་བདག་དང་བདག་གིར་བགྱི་བ་ཡོད་ཀྱི། དེ་དག་གི་དངོས་པོ་ཡང་དག་པར་མ་གྲུབ་པའོ། །དོན་དམ་པར་ནི་བདག་གི་དོན་དུ་སངས་རྒྱས་མ་གྲུབ་པས། གང་ཚེ་བདག་གཞན་ཡོངས་སུ་ཤེས་ན་སེམས་ལས་བྱུང་བའི་དྲན་པ་ནི་ཡལ་བ་སྤྲུལ་སྐུ་བླ་ན་མེད་པའི་ལུས་
དང་། དེ་ཉིད་ལ་སྐྱེ་འགག་མེད་པ་ལོངས་སྤྱོད་རྫོགས་པ་བླ་ན་མེད་པའི་ལུས་དང་། དེ་ཉིད་གང་གིས་ཀྱང་བློས་གཞག་ཏུ་མི་བཏུབ་པ། ཆོས་སྐུ་བླ་མེད་ལུས་ཐོབ་པས། །དེ་ཚེ་བླ་མེད་ལུས་ནི་ཐོབ་པར་འགྱུར།། །།ད་ནི་སེམས་དང་སེམས་ལས་བྱུང་བའི་འདམ་
གྱིས་མ་གོས་པ་ཨུཏྤ་ལའི་འདབ་མའི་དཔེས་བསྟན་པར་བྱའོ། །དེ་གང་ཞེ་ན། བླ་མ་དམ་པས་བརྡས་བསྟན་པའི་དུས་དང་། བརྡས་མ་མཚོན་པའི་དུས་སུ་ཤེས་པར་ཤེས་བྱ་ལས་འདས་པ་ངོ་བོ་ཉིད་ཀྱིས་འོད་གསལ་བ་དེ་ལ་འཁྲུལ་པའི་ཟུག་རྔུ་རྡུལ་ཙམ་ཡང་མེད་
Vol. 52 · folio 86a
པས། དེ་ལྟར་བསྟན་པ་ཉིད་ལ་ངེས་པར་མ་འཁྲུལ་པར། དེ་ཡང་གཞན་ལ་རག་མ་ལུས་པར། རང་ལ་རྒྱུན་དུ་གནས་པའི་བསམ་གཏན་དེ། ཐབས་གང་ཡང་རུང་བ་ཅིག་ལ་བརྟེན་ནས་དོན་དེ་ཉིད་དྲན་པས་མ་གོས་པའི་སྐུ་གསུམ་རང་ལ་ཡོད་
པ་དེ། རང་གིས་རང་ལ་ལེགས་པར་ཤེས་པར་བྱས་ནས་ནི། ཕྱིའི་དངོས་པོ་མ་ལུས་པ་རྫས་སུ་ཤེས་པ་མ་གྲུབ་པས་ན། རྡུལ་དང་ཕྱི་ནང་གི་དངོས་པོ་མ་ལུས་པ་རྫས་སུ་མ་གྲུབ་པས་འདོད་པ་དེ་ཉིད་དཀྱིལ་འཁོར་ལ་བསྡུས་པས་སམ། ཡི་གེའི་ཐིག་ལེ་ནཱ་ད་ལ་སེམས་
བསྡུ་བ་ནི་རྡུལ་ཕྲན་ནམ་སྟོན་ཀའི་ཉི་མ་ཕྱེད་ཀྱི་དྲི་མ་དག་པའི་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་བའི་སེམས་སུ་སྨྲ་བ་ནི་སེམས་ཙམ་མམ། དེ་དག་གིས་ཀྱང་རྣལ་འབྱོར་པའི་ཇི་བཞིན་པའི་དགོངས་པ་མ་རྟོགས་པས། རྡུལ་མིན་རྡུལ་བྲལ་མ་ཡིན་སེམས་ཀྱང་མིན། །
ཡང་དག་པའི་རྣལ་འབྱོར་པའི་དགོངས་པ་ནི། སྣང་བ་དང་། སྟོང་པ་དང་། སྐྱེ་བ་མེད་པ་དང་། སེམས་ཀྱི་སྤྱོད་ཡུལ་མ་ཡིན་པས་དེ་དག་གི་དངོས་པོ་ལ་ཡང་འདས་པ་ནི་བརྗེད་པའི་ཕྱིར་ཞེན་པ་མེད། མ་འོངས་པ་ནི་མ་དྲན་པའི་ཕྱིར་ཞེན་པ་མེད། ད་ལྟར་གྱི་ཤེས་པ་
ནི་རྐྱེན་ལ་རག་ལུས་པའི་ཕྱིར་ཞེན་པ་མེད་པས། དངོས་པོ་དེ་དག་གདོད་ནས་རྟག་ཏུ་ཞེན་པ་མེད། དེ་ཡང་ལས་དང་ཉོན་མོངས་པ་དང་སྐྱེ་བའི་རྒྱུན་གྱིས་ཡིད་ཅེས་བྱ་བ་དང་། ཡིད་ལ་བྱས་པ་ཞེས་བྱ་བ་དང་། ཡིད་ལ་མ་བྱས་པ་ཞེས་བྱ་བ་ནི་མིང་ཙམ་དུ་བཏགས་
མོད་ཀྱི། བྱས་པ་ནི་མི་རྟག་ལ། མ་བྱས་པ་ནི་མིང་མེད་ལ། དཔེར་ན་མདང་གི་རྨི་ལམ་ནི་ཉམས་སུ་མྱོང་ཡང་དངོས་པོ་ཡོད་པར་མ་གྲུབ་ལ། དོ་ནུབ་ཀྱི་རྨི་ལམ་ནི་ཉམས་སུ་མ་མྱོང་ཡང་དངོས་པོ་མེད་པར་མ་གྲུབ་པ་དེ་བཞིན་དུ། དྲན་ནས་ཉམས་སུ་མྱོང་ཡང་
ཡིད་ལ་མ་བྱས་པ་མེད། མ་དྲན་ནས་ཉམས་སུ་མྱོང་ཡང་ཡིད་ལ་མ་བྱས་ཞེས་བསམ་པ་དང་བརྗོད་པ་ལས་འདས་པ་དེ་ནི་མདའ་བསྣུན་གྱིས་སྨྲས་པ་དེ་ཙམ་ཞིག་ཏུ་ཟད། འོ་ན་ཡིད་ལ་མ་བྱས་པའི་བསམ་གཏན་ནི་དྲི་མ་དང་བཅས་པ་ཅིག་ཡིན་ནམ་ཟེར་ན། མ་རྟོགས་
Vol. 52 · folio 86b
ན་ཉོན་མོངས་པས་ཀྱང་ཉོན་མོངས་པར་འགྱུར་ལ། ཤེས་བྱས་བྱས་ཀྱང་སྒྲིབ་པར་འགྱུར་རོ། །རྟོགས་པའི་རྣལ་འབྱོར་པའི་དཔེ་ནི་ཉི་མའི་དཀྱིལ་འཁོར་དང་འདྲ་ལ། གནམ་སྟོང་གི་ཉིན་པར་ནི་ཟླ་བ་དེ་ཉི་མའི་དབྱིངས་སུ་ཐིམ་པས་བསིལ་བར་མི་འགྱུར། ཉི་མ་དེ་ཉིད་ཉའི་
ཉིན་པར་ཟླ་བ་དང་རྒྱང་རིང་བས་ལྷག་པར་དྲོ་བར་མི་འགྱུར་བ་དེ་བཞིན་དུ། རྣལ་འབྱོར་པའི་དགོངས་པ་དེ་ཡང་གློ་བུར་གྱི་ཉོན་མོངས་པ་དྲན་པ་དང་ཤེས་བྱ་དྲན་པ་མེད་པའི་དྲི་མ་གཉིས་མེད་པས། ཀྱེ་ཧོ་བུ་མ་ལུས་དྲི་མེད་དོན་དམ་ཤེས་པར་བྱོས། དེ་ལྟར་ན་མི་རྟོགས་
པ་རྣམ་པར་རྟོག་པའི་རྣམ་གྲངས་ལ་ཡིད་ཆེས་ལ་ཕྱི་རོལ་གྱི་རིག་མ་ལས་བྱུང་བའི་བདེ་བ་དེ་ཉམས་སུ་མྱོང་བ་དེ་དོན་དམ་པ་ཡིན་ནོ་སྙམ་ནས་མངོན་པར་ཞེན་པས་འབད་པ་བྱས་ན། རང་ལ་རྒྱུན་དུ་གནས་པའི་བསམ་གཏན་རྟོགས་པའི་ངང་ལས་འབད་པ་དང་། རྩོལ་སྒྲུབ་
ལས་འདས་པ་དེ་ངོ་མ་ཤེས་པས། ཁྱིམ་ན་ཡོད་པ་ཕྱི་རོལ་སོང་ནས་ཚོལ། །ཆོས་ཉིད་རང་ལ་ཡོད་པ་ངོ་མ་ཤེས་པས་ཕྱི་རོལ་གྱི་དྲན་པ་ལ་དྲིས་པས་སམ། ནང་གི་ཁྱིམ་ནི་དྲན་པ་དྲན་མེད་ཀྱི་བདག་པོ་སྐྱེ་མེད་ཡིན་པར་ངོ་མ་ཤེས་པས། གློ་བུར་དུ་འོངས་པའི་ཁྱིམ་ཚེས་
དང་འདྲ་བའི་དྲན་པའི་རྣམ་རྟོག་ལ་དྲིས་པས། ཁྱིམ་བདག་མཐོང་ནས་ཁྱིམ་ཚེས་དག་ལ་འདྲི། །དེ་ལྟ་བུའི་བློས་རེག་པར་བྱ་བའམ། ཚིག་གིས་བརྗོད་པར་བྱ་བ་མ་ཡིན་ཏེ། བླ་མ་དམ་པའི་བརྡའི་གདམས་ངག་དྲན་པའི་སྒྲོན་མ་དེས་མཚོན་ནས་རྟོགས་པར་བྱ་བ་མ་ཡིན་
པ་རྟོགས་པ་དེ་མདའ་བསྣུན་གྱིས་སྨྲས་བདག་ཉིད་ཤེས་པར་བྱོས། ཇི་ལྟར་ཤེས་པར་བྱ་ཞེ་ན། ཐ་མལ་པ་བཞིན་དུ་བསམ་བྱ་དང་། བསམ་གཏན་དང་། བཟླས་བྱ་དང་། བཟླས་པ་དང་། བརྗོད་བྱ་དང་། བརྗོད་པ་ལས་འདས་པའི་ཕྱིར། བླུན་པོའི་བསམ་
གཏན་བསམ་བྱ་བཟླས་བརྗོད་མིན། །དེ་ཡང་བླ་མ་དམ་པས་བསྟན་མ་ཐག་ཏུ་དྲན་པ་མེད་ཅིང་བརྗེད་པ་མེད་པ་རྙེད་པ་མེད་ཅིང་སྟོར་བ་མེད་པ། སྐྱེ་བ་མེད་ཅིང་འགག་པ་མེད་པ། བསྒོམ་དུ་མེད་ཅིང་མི་བསྒོམ་པའི་དབང་མེད་པ་དེ། རྒྱུན་དུ་གནས་པར་ཞེས་
Vol. 52 · folio 87a
བསྟན་ཀྱང་ཐེ་ཚོམ་མ་ཆོད་ན། གང་ཚེ་བླ་མས་བསྟན་ཅིང་བདེན་པར་ཐམས་ཅད་ཤེས་བྱས་ཀྱང་། བདག་གིས་འདི་ལྟས་བལྟ་ཞིང་བརྟག་པར་བྱའོ། །རྐྱེན་གང་ཡང་རུང་བ་ཅིག་དྲན་དུ་བཅུག་ལ། མན་ངག་གིས་དྲན་པ་མེད་ཅིང་ཉམས་སུ་
མྱོང་བའི་དུས་སུ་འདི་ལྟ་བུ་དྲན་པ་ནི། ཆུའི་ཐིགས་པ་ཙམ་དུ་ཤེས་པར་བྱའོ། །དེའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ལ་ཡང་མི་སྐྱེ་བ་ནི་རྒྱ་མཚོ་ཙམ་དུ་ཤེས་པར་བྱའོ། །རྣམ་པར་མི་རྟོག་པ་ནི་རྒྱ་མཚོ་ཙམ་ལ་དྲན་པ་མེད་པ་ནམ་མཁའ་ཙམ་དུ་ཤེས་པར་བྱའོ། །
དྲན་པ་མེད་པ་ནི་ནམ་མཁའ་ཙམ་དུ་ཤེས་པར་བྱ་བ་ཡིན་པས། ཤེས་དང་ཤེས་བྱའི་ཡུལ་ལས་འདས་པ་ནི་དཔེ་དང་དོན་གྱིས་མཚོན་དུ་མེད་པ་དེ་ངོ་མ་ཤེས་པ་ནི་དཔེར་ན་བུ་ཆུང་ལ་མཛུབ་མོས་ཟླ་བ་མཚོན་པའི་དུས་སུ་ཟླ་བ་ལ་མི་ལྟ་བར་མཛུབ་མོ་ལ་བལྟའོ། །དེ་
བཞིན་དེ་ཁོ་ན་ཉིད་མ་རྟོགས་པའི་གང་ཟག་རྣམས་ཀྱིས་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ལ་དགོངས་པ་མི་མཛད་པར་དྲན་པའི་རྣམ་པར་རྟོག་པ་ལ་བསྒོམ་པ་མཛད་དོ། །དེའི་ཕྱིར་དྲན་པས་མཚོན་ཡང་དྲན་པའི་འདམ་གྱིས་མ་གོས་པའི་དོན་
མ་རྟོགས་པས་བདག་གིས་ཡོངས་སུ་བརྟགས་པས་མ་རྟོགས་ཐར་པ་ཐོབ་བམ་ཅི། འོ་ན་ཕྱིའི་ཡུལ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་ལ། ནང་གི་ཡུལ་ནི་དྲན་པ་ཡིན་ནོ། །དེ་ལྟ་བུ་ལ་སྤྱོད་ཀྱང་ཡང་དག་པའི་དོན་ནི་མི་ཤེས། ཕྱི་དང་ནང་དུ་ལྷ་དང་ལྷ་མོའི་དཀྱིལ་
འཁོར་གྱི་འདུ་ཤེས་ཀྱིས། ཡུལ་རྣམས་བགྲོད་ཅིང་ཡུལ་གྱི་གདུང་བས་ཉེན་བྱས་ཀྱང་། །ལྷན་ཅིག་སྐྱེས་པའི་ལྷ་ནི་ཡིད་ལ་བྱར་མེད། ཡིད་ལ་བྱས་པའི་ལྷ་ནི་མི་དགེ་བ་ཡིན་པས། ལྷན་ཅིག་སྐྱེས་པ་མི་རྙེད་སྡིག་པ་འཛིན། །ཆོས་རྣམས་ཀྱི་གཞིར་གྱུར་པ་
ལྷན་ཅིག་སྐྱེས་པ་ཡིད་ལ་མ་བྱས་པ་ཤེས་ན། ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་ཏེ། དཔེར་ན་ཨུཏྤ་ལ་དང་པདྨ་དང་པུཎྜ་རཱི་ཀ་དང་། སཽ་གནྡྷི་ལ་སོགས་པ་ཁ་དོག་ཡིད་དུ་འོང་བ་དང་རེག་བྱ་འཇམ་པ་དང་། དྲི་ཞིམ་པོས་ཁ་ཅིག་གི་ཡིད་འཕྲོག་ནུས་
Vol. 52 · folio 87b
པ། དེ་ཡང་གཞན་གྱི་ཡོན་ཏན་མ་ཡིན་གྱི། རྒྱུ་དེ་རྣམས་ནི་གྲོང་དང་གྲོང་ཁྱེར་ལ་སོགས་པའི་མི་གཙང་བའི་མཚོའི་རྐྱེན་གྱི་ཡོན་ཏན་ནོ། །མེ་ཏོག་དེ་དག་ལ་མི་གཙང་བའི་སྐྱོན་གྱིས་གོས་པ་མ་ཡིན་པས། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་དགོངས་པ་ཡང་ཕྱི་དང་
ནང་གི་ཡུལ་ལ་དྲན་པ་སྐྱེས་ཀྱང་། ཡང་དག་པའི་དོན་ཇི་ལྟ་བ་བཞིན་ཤེས་པས་ན། ཡུལ་གྱི་འདམ་གྱིས་མ་གོས་པ་ནི་འདམ་དང་གནས་མ་གོས་པར་ཨུཏྤ་ལ་བླངས་པ་བཞིན་དུ། དྲན་པས་མ་གོས་པར་ཆོས་ཉིད་རྟོགས་པའོ། །ཨུཏྤལ་འདབ་མ་ཆུ་ཡིས་མི་
རེག་བཞིན།། །།དེ་ལྟར་རྟོགས་ན་ཡེ་ཤེས་ཀྱི་ཚོགས་དང་བསོད་ནམས་ཀྱི་ཚོགས་རྣལ་འབྱོར་པའི་སྐྱབས་སུ་འགྲོ་བས་དུག་སྔགས་ཅན་གྱི་དཔེས་བསྟན་པར་བྱའོ། །རྩ་བ་ལ་འཆོས་པའི་ཡེ་ཤེས་ཀྱི་ཚོགས་རྒྱུན་མི་འཆད་པའི་དཔེས་མ་དུ་ལུང་
གའི་དཔེ་དང་། མེ་ཏོག་ལ་འཆོས་པ་བསོད་ནམས་ཀྱི་ཚོགས་འདུ་དུ་རའི་དཔེ་ནི། འདུ་དུ་རའི་ཞེས་བྱ་བ་མེ་ཏོག་གི་སྦྲང་རྩི་ལ་ཚོན་རྩི་གང་ཡང་རུང་བས་བཅོས་པས་འབྲུ་སྨིན་ནས་ས་བོན་དེ་བཏབ་པས་མེ་ཏོག་དེའི་ཁ་དོག་ཏུ་འགྱུར་རོ། །དེ་བཞིན་དུ་བསོད་ནམས་
ཀྱི་ཚོགས་བསགས་པས་ནི་བསྐལ་པ་གྲངས་མེད་པ་ན་འབྲས་བུ་སྨིན་པར་འགྱུར་རོ། །མ་དུ་ལུང་ག་ཞེས་བྱ་བ་ནི་མེ་ཏོག་གི་ཤིང་གི་རྩ་བ་ལ་ཐབས་མཁས་པས་ཚོན་གང་ཡང་རུང་བ་ཅིག་གིས་བསྐུས་ན། དེའི་ཁ་དོག་ཏུ་མྱུར་བར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པས་
སེམས་ཉིད་ཀྱི་རྩ་བ་རྟོགས་ན་འབྲས་བུ་ཆོས་སྐུ་སྨིན་པས། གང་ལྟར་རྩ་བ་རྣལ་འབྱོར་སྐྱབས་སུ་འགྲོ། །དེ་ལྟར་ཁོང་དུ་ཆུད་པའི་རྣལ་འབྱོར་པ་ནི། དཔེར་ན་དུག་སྔགས་གདེང་དུ་གྱུར་པ་ཅིག་གིས་དུག་ཟོས་པས་གནོད་པར་མི་འགྱུར་བ་དེ་བཞིན་དུ། ཡུལ་གྱི་དུག་
གིས་མི་ཚུགས་པས། དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས།། །།དེ་ལྟར་ཤེས་ནས་མཉམ་གཞག་དང་རྗེས་ཐོབ་ཞི་གནས་དང་ལྷག་མཐོང་དབྱེར་མེད་པའི་དཔེ་གླང་ཆེན་ལམ་ནས་ཚགས་ཆུད་པའི་དཔེས་བསྟན་པར་བྱའོ། །དེ་ཡང་རྗེས་ཐོབ་ཀྱི་དུས་སུ་ཕྱི་
Vol. 52 · folio 88a
རོལ་གྱི་ལྷ་ཁང་ལ་སོགས་པ་མཆོད་པ་དང་། ནང་གི་གཞལ་ཡས་ཁང་ལ་མཆོད་པ་བྱས་ནས། དེའི་ཡོན་ཏན་གྱིས་ལྷའི་དཀྱིལ་འཁོར་མངོན་སུམ་དུ་ཞལ་མཐོང་བར་འགྱུར་རོ་ཞེས། དེ་ཡང་རྒན་མོ་བུ་གཅིག་པ་ཤི་བས་གདུངས་བ་བཞིན་དུ།
རྟག་ཏུ་ལྷའི་དཀྱིལ་འཁོར་ཡིད་ལ་བྱས་ན། མཐོང་བར་འགྱུར་བ་ལ། དེ་ཉིད་མ་ཡིན་པའི་ཕྱིར་ན་བརྒལ་བ། ལྷ་ལ་མཆོད་པ་ཁྲི་ཕྲག་མང་བྱས་ཀྱང་། །འདི་ལྟར་ཤེས་ན་ནང་དང་ཕྱི་རོལ་གྱི་མངོན་པར་བྱང་ཆུབ་པས། ཡུལ་དང་དབང་པོ་ལྷ་དང་ལྷ་མོའི་དཀྱིལ་
འཁོར་བསྒོམ་པ་དང་། ནང་གི་མངོན་པར་བྱང་ཆུབ་པས་བདེ་བ་སྟོང་པ་བསྒོམ་པ་ནི་ཐག་པ་དཀར་ནག་གིས་འཆིང་བར་འདྲ་བ་བཞིན་དུ། དྲན་པའི་རྣམ་པར་རྟོག་པ། བདག་ཉིད་འཆིང་འགྱུར་དེ་ཡིས་ཅི་ཞིག་བྱ། །འོ་ན་མངོན་པར་བྱང་ཆུབ་པས་བསོད་ནམས་
ཀྱི་ཚོགས་དང་། དེ་ཉིད་སྟོང་པ་ཉིད་དུ་ཤེས་པ་ཡེ་ཤེས་ཀྱི་ཚོགས་ལ་གོམས་ནས་སྐྱེ་བ་ཕྱི་མ་ནས་ཕྱི་མའི་དུས་སུ་ཡང་ནས་ཡང་དུ་བླ་མ་སློབ་མ་དང་མཇལ་བར་འགྱུར་རོ་ཞེ་ན། སྐྱེ་རྒ་ན་འཆི་ལས་བརྒལ་བ། དེ་འདྲ་འཁོར་བ་འདི་ནི་འཆད་མིན་ཏེ། འོ་ན་འཁོར་བ་རྣམ་པ་གསུམ་
ལས་ཐར་ནས་སྐུ་གསུམ་མངོན་དུ་འགྱུར་བར་བྱ་ན། གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་དེ་བླ་མ་དམ་པའི་གདམས་ངག་གིས་རྟོག་པར་བྱས་ལ། སེམས་ཉིད་རྟོགས་ན་འཁོར་བ་ལས་བརྒལ་བར་འགྱུར་གྱིས། དེ་མ་རྟོགས་པ་རྣམས་ལ་བརྒལ་བས་གཉུག་མའི་རང་
བཞིན་མ་རྟོགས་བརྒལ་མི་ནུས། འོ་ན་གཉུག་མའི་རང་བཞིན་དེ་སངས་རྒྱས་དངོས་ཡིན་ཡང་འགྲོ་དོན་མཛད་པས། མཆོད་པ་མི་དགོས་སམ་ཟེར་ན་མ་ཡིན་གྱིས། མཆོད་པ་ཉི་ཤུ་རྩ་ལྔ་ཤེས་པར་བྱས་ལ། དེ་ཉིད་ན་བུན་ནམ་མེ་ལོང་གི་ཁ་རླངས་བཞིན་དུ་ཡལ་
ནས། དེ་ཉིད་ཁོ་ན་ལ་གཞན་འབྱུང་བ་མེད་པས་སྣ་ཚོགས་དྲན་ཡང་ཆོས་ཉིད་ཀྱི་དབའ་རླབས་ཡིན་པ་དེ་ཉིད་ལས་ཤར་ཞིང་། དེ་ཉིད་དུ་ནུབ་པར་ཤེས་ན་སྣང་བ་མི་འགོག་ལ་མི་སྣང་མི་བསྒྲུབ་པས། མིག་ནི་མི་འཛུམས་སེམས་འགོག་དང་། །རླུང་ཁྱབ་བྱེད་དང་། རྟོགས་
Vol. 52 · folio 88b
བྱེད་དེ་གཉིས་ཀ་དྲན་པ་ཙམ་ལ་བསྡུས་ལ། དེ་ཡང་རྐྱེན་གཞན་ལ་རག་ལུས་པ་ཡིན་པས་རིག་པ་རང་བཞིན་གྱིས་འགག་ལ། ཆོས་ཉིད་ཀྱི་དབྱིངས་བརྒྱུད་པའི་བླ་མས་བསྟན་པས། རླུང་འགག་པ་ནི་དཔལ་ལྡན་བླ་མས་རྟོགས། རྣམ་རྟོག་དེ་ཉིད་དྲན་པའི་ཚུལ་གྱིས་རྒྱུ་
བའི་དུས་སུ། དེའི་ཚེ་རྣམ་པར་རྟོག་པ་མེད་པ་དེ་ཉིད་སྐྱེ་ཤི་མེད་པའི་དོན་རྟོགས་ན་དེ་ལས་མི་གཡོ་བས། གང་ཚེ་རླུང་རྒྱུ་དེ་ནི་མི་གཡོ་སྟེ། དེ་ལྟར་དོན་རྟོགས་པའི་གཏིང་ལ་འཆི་བ་བསླུ་བར་མི་བྱའོ། །སྐྱེ་བ་བསླུ་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལས་ཐར་བ་
ཡིན་ཏེ་འཆི་ཞེས་བྱ་བ་ནི་དྲན་པ་ཡལ་བ་ཡིན་པས་འཆི་ཀ་མའི་གདམས་ངག་འདིར་མ་གསུངས་སོ། །གཞན་ན་རེ་བར་མ་དོའི་དུས་སུ་བཞེད་དེ། འབྱུང་བ་རིམ་གྱིས་ཐིམ་པར་གོམས་པའི་ཡི་དམ་ལྷ་ལ་ཤེས་པ་གཏད་པའི་མན་ངག་གིས་ཤེས་དང་ཤེས་བྱ་ལས་
ཐར་པར་བཞེད་དེ། དོན་དམ་པར་ན་ཤེས་དང་ཤེས་བྱ་མ་གྲུབ་པས། ཐར་པ་མ་ཡིན་ནོ། །ལ་ལ་ན་རེ་རླུང་དང་བྱང་ཆུབ་སེམས་དྲན་པས་བསྡུས་ལ་དེ་ཡང་འོག་སྒོ་ངན་སོང་དུ་ལྷུང་གིས་དོགས་པས་རིམ་གྱིས་ཏེ་སྒོ་ཁ་ཕྱེ་ལ། རླུང་དང་རྣམ་པར་ཤེས་པ་ཚངས་པའི་
གནས་ན་ཧཾ་གི་དབྱིངས་སུ་རླུང་དང་བྱང་ཆུབ་སེམས་ཡལ་བའི་མན་ངག་གིས་སྒྲོལ་བར་འདོད་དེ་ལེགས་པ་མ་ཡིན་ནོ། །ལ་ལ་ན་རེ་བདག་གི་ལུས་གཞན་ཡི་དམ་ལྷ་མཚན་དང་དཔེ་བྱད་དང་ལྡན་པ་ཅིག་མངའ་བ་བསྒོམས་ལ། དེ་གཉིས་ཀ་ལ་སེམས་མེད་པས་ཡིད་ཀྱི་
གཟུགས་ཙམ་ཞིག་ཤེས་ལ། བདག་རང་གི་སྐྱེ་བ་དང་ན་བ་དང་འཆི་བ་འདི་ལྟ་བུ་ཡིད་གཟུགས་བརྙན་དུ་སེམས་ལ་ཤར་བ་ཡིན་པར་ཤེས་པས། དེ་ཉིད་ལྷའི་གཟུགས་བརྙན་དུ་ཤེས་པར་བྱས་ལ། འགྲོ་བ་རིས་དྲུག་གི་གྲོང་ཁྱེར་མཐོང་བ་ལ་གོམས་ན། བར་མ་དོ་
ན་ལྷའི་སྐུ་བསྒོམ་པར་འདོད་པ་དེ་ཡང་འཐད་པ་མ་ཡིན་ནོ། །འོ་ན་གང་ཞེ་ན། སེམས་ལས་འབྱུང་བའི་འབྱུང་བ་བཞི་ལུས་ལ་གནས་པ་དང་། སེམས་ལ་གནས་པའི་འབྱུང་བ་བཞི་ནི་སེམས་དྲན་པ་སྲ་བ་ཉིད་ས། སེམས་ཉིད་དེ་དྲན་མེད་དབྱིངས་སུ་གནས་པ་རྒྱ་མཚོ་
Vol. 52 · folio 89a
ལྟར་ཤེས་པ་ཆུ། སེམས་དེ་ཉིད་བསྐལ་པའི་མེ་ལྟར་སྲེག་པ་ཚ་བ་མེ། སེམས་དེ་ཉིད་བློའི་ཡུལ་ལས་འདས་ནས་གཟུང་དུ་མེད་པར་དག་པ་རླུང་དེ་དག་དབྱིངས་སུ་དག་པར་བྱས་ནས། སྙན་ནས་སྙན་དུ་ཞལ་ནས་ཞལ་དུ་བརྒྱུད་པའི་མན་ངག་
གིས་ཤེས་པར་བྱས་ལ། རིག་པས་ཉམས་སུ་བླང་བར་མི་བྱའོ། །ཉམས་སུ་བླངས་ན་ཤེས་བྱའི་སྒྲིབ་པ་ལས་མ་རྟོགས་པ་འཁོར་བའི་ཉོན་མོངས་པ་ལས་ཐར་པ་མེད་དོ། །དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བློའི་ཕ་རོལ་ཏུ་ཕྱིན་པ་རྟོགས་ན། བདེ་
བའི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དུས་གསུམ་གྱི་དེ་བཞིན་གཤེགས་པའི་ཡུམ་ཡིན་པར་ཤེས་ནས། དེའི་ཕྱིར་ཕྱི་རོལ་གྱི་རིག་མ་ལས་བྱུང་བའི་བདེ་བ་དེ་རག་མི་ལུས་པ་དང་། འཆི་ཀ་མའི་གདམས་ངག་ལོགས་ནས་མི་ཚོལ་བས། འཆི་བའི་ཚེ་ན་རྣལ་འབྱོར་མས་ཅི་བྱ།
དེ་ཉིད་ཀྱི་དོན་གསལ་བར་བྱེད་པ་ཡུལ་ལ་ཡེངས་པའི་དུས་སུ་འདྲེ་བ་མེད་པ་དང་། འདའ་ཀའི་ཡིད་ཀྱི་དབང་པོ་འགྲོ་བ་རིགས་དྲུག་གྲོང་ལ་ལྷུང་བའི་དུས་སུ་འདྲེ་བ་མེད་རྟོགས་པ་ནི། ཇི་སྲིད་དབང་པོའི་ཡུལ་གྱི་གྲོང་ལ་ལྷུང་བ་ན། །སྐྱེ་བ་མེད་པ་དེ་ཉིད་ལས་ཀྱི་
རྣམ་པར་སྨིན་པས་མ་གཡོས་པས། དུས་གསུམ་མཉམ་པ་ཉིད་དུ་རྒྱས་པས། ཇི་སྲིད་རང་ཉིད་ལས་མེད་རབ་ཏུ་རྒྱས། །སྐྱེ་བ་མེད་པའི་དོན་རྟོགས་ན། ཕྱི་མའི་ཚེ་གར་འགྲོ་མི་ཤེས། ད་ལྟར་ཅི་བྱེད་མི་ཤེས་པས་ཁྱེད་ཅག་ད་ལྟར་ཅི་བྱེད་གར་འགྲོ་སོམས་དང་ཀྱེ།
སྐྱེ་ཤི་མེད་པའི་དོན་རྟོགས་པ་རྣམས་ཀྱིས་གཞན་ལ་བསྟན་དུ་མ་བཏུབ་པ་ནི་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ཉམས་སུ་མྱོང་བ་དེ་ཉམས་སུ་མྱོང་ན་དྲན་མེད་མ་ཡིན་ལ། དྲན་པ་མེད་ན་ཉམས་སུ་མྱོང་བ་མ་ཡིན་ཟེར། དེ་བཞིན་དུ་སྐྱེ་བ་མེད་པ་དང་བློ་ལས་འདས་པ་དེ་
སངས་རྒྱས་ཀྱི་དགོངས་པ་ཡིན་པས་བརྗོད་དུ་མེད་པའི་ཕྱིར། དེ་ནི་ཤིན་དུ་དཀའ་བའི་དགོངས་པས་འཇུག །རང་ལ་གནས་པ་སངས་རྒྱས་ཀྱི་དགོངས་པ་ནི་མ་མཐོང་། རྣམ་རྟོག་འབའ་ཞིག་ལ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་སྒྲུང་དང་ལད་མོ་བྱས་པས་ཐར་པ་
Vol. 52 · folio 89b
ཐོབ་ཏུ་རེ་བ་ནི་དཔེར་ན་བྱིས་པ་རྣམས་ཀྱིས་རྣམ་པར་རྒྱལ་བའི་གཞལ་ཡས་ཁང་ནི་མ་མཐོང་ལྟད་མོ་བྱས་པས་ཐོག་ཏུ་མ་ཕེབ་བཞིན་དུ། སངས་རྒྱས་ནི་རང་ལ་གནས་པ་མ་མཐོང་བ་ཡིན་པས། གང་ཞིག་གང་ལ་གནས་པ་ནི། །ཡང་ན་རང་སེམས་མཉམ་པ་
ཉིད་ཀྱི་ངང་ལ་གནས་པ་ནི། གཟུགས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བླ་མ་དམ་པས་བསྟན་གྱི་བར་དུ་དཔེར་ན་ལུས་དང་གྲིབ་མ་དང་འདྲ་སྟེ། མུན་ནག་གི་ནང་ན་མི་མཐོང་། དེ་ཡང་ཉི་མ་དང་ཟླ་བ་དང་མར་མེས་བསྟན་ནས་མཐོང་བར་འགྱུར་བ་དེ་བཞིན་དུ་
ཆོས་ཀྱི་དབྱིངས་བསམ་དུ་མེད་པ་དེ་ཡང་མ་མཐོང་བས། དེ་ནི་དེ་རུ་མ་མཐོང་སྟེ། དེ་མཐོང་བ་ནི་དོན་ལ་མཁས་པ་ཡིན་ལ། དེ་མ་མཐོང་ན་ལུང་དང་བསྟན་བཅོས་ཀྱི་ཚིག་དང་ཐ་སྙད་ལ། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་གནས་
པའི་སེམས་ཉིད་མ་མཐོང་ལ། །སེམས་ཉིད་ལ་གནས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མ་རྟོགས་པ་ནི། དཔེར་ན་དབུལ་མོའི་ལྟོ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའམ་ནོར་བུ་རིན་པོ་ཆེའི་སྒྱེད་པོའམ། གྱད་ཀྱི་རིན་པོ་ཆེ་སྟོར་བ་བཞིན་
དུ་རང་བཞིན་དུ་རང་ལ་ཡོད་པའི་སེམས་ཉིད་བསམ་དུ་མེད་པ་ནི་མ་རྟོགས། བསམ་བསྒོམས་བྱས་ནས་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ལ་འབད་པ་བྱས་པས་ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །རྟོགས་ན་ནི་མཉམ་གཞག་རྗེས་ཐོབ་ཇི་བཞིན་པ་ལ་
ནི་རྡུལ་ཙམ་ཡང་ཁྱད་མེད་དོ། །དེ་ལྟར་རྟོགས་ན་བློ་སེམས་བདེ་བ་ནི། །དཔེར་ན་བྲམ་ཟེ་རྒན་པོ་གླང་པོ་ཆེ་དང་། གླང་པོ་ཆེ་ཐུབ་པའི་སྐྱེས་བུ་དང་། ལྕགས་ཀྱུ་བ་ལོམ་པའི་སྒྲུང་བརྒྱུད་བཞིན་དུ། དྲན་པའི་རྣམ་རྟོག་གླང་ཆེན་དང་འདྲ་ལ། །དྲན་མེད་རྣམ་པར་
མི་རྟོག་པ་སྐྱེས་བུ་དང་འདྲ་ལ། སྐྱེ་མེད་ཀྱི་དབྱིངས་ལྕགས་ཀྱུ་དང་འདྲ་ལ། དེ་དག་ལོམ་པའི་ནོར་དང་འདྲ་བ་བློ་ལས་འདས་པ་ཟད་པ་མེད་ཅིང་འཕེལ་བ་མེད་པ་རྟོགས་ན། གླང་ཆེན་ལོམ་ནས་སེམས་ཚགས་ཆུད་པས་ན། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ནི།
Vol. 52 · folio 90a
དཔེར་ན་རང་ཐག་ཆུ་ཆད་པ་བཞིན་དུ། རྣམ་རྟོག་དྲན་པ་དེ་ཉིད་དབྱིངས་སུ་ངག་ཏུ་བཅུག་ལ། དེ་ལ་ཡང་རེ་དོགས་མེད་ལ། སངས་རྒྱས་ཞེས་བྱ་བ་མིང་དུ་བཏགས་པ་ཙམ་གང་ནས་ཀྱང་འགྲོ་བ་དང་འོང་བ་མེད་པས། དེ་ནི་འགྲོ་འོང་བཅད་
ནས་དལ་བ་སྟེ། །འདི་ལྟར་རྒྱུན་མི་འཆད་པའི་བསམ་གཏན་རང་ལ་གནས་པ་རྟོགས་ན་གཞན་དུ་བཙལ་མི་དགོས་པས། འདི་ལྟར་རྟོགས་ནས་གང་དུའང་དྲིས་ས་མེད། །ཕྱི་རོལ་གྱི་ལུང་དང་བསྟན་བཅོས་ལ་སོགས་པ་ལ་མཁས་ཀྱང་། དྲན་པའི་ང་རྒྱལ་ལས་
བོགས་མ་ཐོན་པས། ཚིག་ལ་ནན་ཏན་བྱས་ཀྱང་དོན་ལ་རྟོགས་པར་མི་འགྱུར་བས། མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །རྟོགས་པའི་ཡུལ་མ་ཡིན་པ་དེ་ཉིད་སྐྱེ་རྒ་ན་འཆི་ལས་འདས་པ། རྒྱུ་དང་རྐྱེན་ལ་རག་མ་ལུས་པས་ལྟོས་པ་མེད་པའི་ཕྱིར་རོ། །གསོན་
པོ་གང་ཞིག་རྣམ་པར་མ་གྱུར་པ། །ཐོག་མ་མེད་པ་ཡོད་མེད་ལ་སོགས་པའི་ཚིག་གི་བླ་དགས་དང་བྲལ་བས། དེ་ནི་རྒས་ཤིང་འཆི་བར་འགྱུར་རམ་ཅི། དེ་ཡང་བླ་མ་དམ་པས་བསྟན་པས། མཉམ་གཞག་དང་རྗེས་ཐོབ་དབྱེར་མེད་པར་རྟོགས་པ་ནི། ལས་དང་ཉོན་
མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ཀྱིས་མ་གནོད་པས་ན། བླ་མས་བསྟན་པས་དྲི་མེད་བློ་གྲོས་ནི། །དེ་ཉིད་ཁམས་གསུམ་གྱི་སེམས་ཅན་རྣམས་དང་། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་དེ་བཞིན་ཉིད་གཅིག་པ་ལ་སྤྱོད་ཀྱང་། ཟད་པ་མེད་ཅིང་
འཕེལ་བ་མེད་པའི་ཕྱིར། །གླང་པོ་ཆེ་ལོམ་པའི་ནོར་དང་འདྲ་བས། དེ་ཉིད་གཏེར་ཡིན་གཞན་པོ་གང་ཡིན་ལོ།། །།ད་ནི་རྫིངས་ལས་འཕུར་བའི་བྱ་རོག་གི་དཔེས་བསྟན་པར་བྱའོ། །དེ་ཡང་ཡུལ་རྣམ་པ་གཉིས་སོ། །ཕྱིའི་ཡུལ་ནི་གཟུགས་ལ་སོགས་པ་
དེ་དག་དངོས་པོར་མ་གྲུབ་པས་སེམས་ཀྱིས་བསྟེན་པར་མི་བྱ། ནང་གི་ཡུལ་རྐྱེན་ལ་རག་ལས་པ་ན། དྲན་པ་ལ་ཡང་བསྟེན་པར་མི་བྱའོ། །དྲན་པ་ནི་མཚན་མ་དང་བཅས་པའི་སྟོང་ཉིད་དུ་ཤེས་ལ། ནང་གི་ཡུལ་ལ་ཡང་ཡུལ་ཉིད་རྣམ་པར་དག་སྟེ་བསྟན་བྱ་མིན།
Vol. 52 · folio 90b
མཚན་མ་མེད་པའི་སྟོང་པ་ཉིད་ནི། དྲན་པ་མེད་པ་འབའ་ཞིག་ཡིད་ལ་བྱས་པའི་ཚུལ་གྱིས། སྟོང་པ་འབའ་ཞིག་གིས་ནི་སྤྱད་པར་བྱ། །ཤེས་བྱ་མ་གྲུབ་པས་ཤེས་པ་ལ་གནས་མེད་དོ། །ཤེས་དང་ཤེས་བྱ་མ་གྲུབ་པས་སེམས་ཞེས་བྱ་བའི་མིང་མ་གྲུབ་པའོ། །
དེ་ལས་དྲན་པ་བྱུང་ཡང་དེའི་ཚེ་མཚན་ཉིད་ཡིད་ལ་མ་བྱས་པས། དཔེར་ན་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་འདོད་པའི་ཚོང་པ་རྣམས་ཀྱིས་རྫིང་ལ་བྱ་རོག་གཞག་པ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱིས་འཁོར་བའི་ཕ་རོལ་དུ་འགྲོ་བར་འདོད་ན། དྲན་པའི་བྱ་རོག་
གིས་བྱ་ར་བ་བྱས་ལ། ཇི་ལྟར་རྫིངས་ལས་འཕུར་བའི་བྱ་རོག་ནི། །ཇི་ལྟར་བྱ་རོག་གིས་ཡུལ་མ་མཐོང་བས་རྫིང་ལ་བབ་པ་བཞིན་དུ། དེ་ལྟར་དྲན་པའི་བྱ་རོག་ཀྱང་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ལ། བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ།། །།
ད་ནི་ཐག་པ་ལ་སྦྲུལ་དུ་མཐོང་བའི་དཔེས་བསྟན་པར་བྱའོ། །དེ་ལ་བཅོས་མའི་རྣལ་འབྱོར་པས་ཕྱི་རོལ་གྱི་ཡུལ་མི་སྡུག་པ་བསྒོམས་ནས་སྤངས་ཏེ། ནང་གི་དྲན་རིག་ཉམས་སུ་མྱོང་བ་ལ་ཞེན་པ་ནི། རིག་པ་གཉིས་བསྒྲིལ་བ་ཐག་པ་ནག་པོ་དང་འདྲ་ལ་རྫས་སུ་མ་གྲུབ་
པའོ། །ཡུལ་མི་སྡུག་པར་བསྒོམ་པ་ནི། སྦྲུལ་ནག་པོ་དང་འདྲ་ལ། འཁྲུལ་པ་མ་གྲུབ་པས་ཐག་པ་ནག་པོ་དུག་སྦྲུལ་བཞིན། དེ་ལ་ཡང་རང་གི་ཤེས་བྱས་རང་སྔགས་པ་ནི། དཔེར་ན་རི་མོ་མཁན་མཁས་པ་བཟོབ་པ་ཅིག་གིས་ཁྲོ་བའི་གཟུགས་ཤིན་ཏུ་འཇིགས་སུ་
རུང་བ་ཅིག་བྲིས་པ་ལ། ནམ་ཞིག་ཁོ་རང་གིས་མཐོང་བས་སྔངས་པ་བཞིན་དུ། གང་ཟག་ཁ་ཅིག་ཀྱང་ཤེས་བྱ་རང་ལས་བྱུང་བ་ལ། མཐོང་བ་ཙམ་གྱིས་སྔངས་པར་འགྱུར། །ཤེས་དང་ཤེས་བྱ་འདྲ་བ་ལ་ཤེས་པར་བྱོས་ལ། ཤེས་བྱ་དོན་དམ་དུ་འཛིན་པས། གྲོགས་
སྐྱེ་བོ་དམ་པ་ནི། དངོས་པོ་མེད་བཞིན་དུ་ཤེས་བྱ་དངོས་པོ་ཅན་དུ་འཛིན་པ་ནི། དཔེར་ན་རི་མོ་མཁན་དེ་རང་གི་བུད་མེད་མཚན་དང་ལྡན་པ་ཡིད་དུ་འོང་བ་ཅིག་བྲིས་པ་ལ་ནམ་ཞིག་བལྟས་པས། ཁོ་རང་གི་རི་མོ་ལ་ཁོ་རང་ཆགས་པ་སྐྱེས་པ་བཞིན་དུ། རྣལ་འབྱོར་པ་
Vol. 52 · folio 91a
ཁ་ཅིག་གིས་ཕྱི་རོལ་གྱི་ཡུལ་ལ་བརྟེན་ནས་སྣང་སྟོང་དབྱེར་མེད་འདོད་པ་དང་། ནང་གི་ཡུལ་ལ་བརྟེན་ནས་རིག་སྟོང་དབྱེར་མེད་འདོད་པས། ཡུལ་གཉིས་སྐྱོན་གྱིས་བཅིངས་པར་འགྱུར། །དེ་ཉིད་གསལ་བར་བྱ་བར་འདོད་པའི་ཡོན་ཏན་ལྔས་
འཆིང་བའི་དཔེས་བསྟན་པར་བྱའོ། །དེ་ཉིད་མ་རྟོགས་པས་ནི་ཕྱི་དང་ནང་གི་ཡུལ་ལ་ཞེན་པའི་འཁོར་བ་ལས་ཐར་བར་མི་བྱེད་པས་ན་རྨོངས་པ་དང་འདྲའོ། །རྟོགས་པའི་རྣལ་འབྱོར་པས་ནི་ཕྱི་དང་ནང་གཉིས་ཀ་རྐྱེན་ལ་རག་ལུས་པས་དངོས་པོ་མ་གྲུབ་པར་ཤེས་སོ། །
དེ་ལྟར་མ་རྟོགས་པ་ནི་ཞེན་པས་འཆིང་ལ། རྟོགས་པ་ནི་ཞེན་པས་འཆིང་བར་མི་འགྱུར་རོ། །ལ་ལ་ན་རེ་ཕྱི་རོལ་གྱི་ཡུལ་ལས་བྱུང་བའི་བདེ་བ་ལས་ཞེན་པར་བྱ་ཞེ་ན། ཕྱི་རོལ་གྱི་དབང་པོའི་ཡུལ་གཟུགས་ལ་སོགས་པ་དང་། ནང་རིག་པའི་ཡུལ་བདེ་བ་སྟོང་
པ་འདྲ་བས། ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག །དོན་དམ་པའི་བདེན་པ་ནི་བསྒོམ་པར་བྱ་བ་མ་ཡིན་པས། དེའི་ནན་ཏན་དུ། ཀྱེ་ཧོ་རྨོངས་པ་མདའ་བསྣུན་གྱིས་སྨྲས་པ། དེ་ལ་ཡིད་མ་ཆེས་ན་དཔེ་ལྔ་ནི་ཐུན་མོང་ནི་གོ་སླའོ། །ཐུན་མོང་མ་ཡིན་པའི་ཡུལ་ནི་
བདེ་བའི་རོ་ལ་ཆགས་པ་ཉ་ལྟ་བུ་དང་། ལྷ་དང་ལྷ་མོའི་དཀྱིལ་འཁོར་ལ་ཆགས་པ་ཕྱེ་མ་ལེབ་ལྟ་བུ་དང་། ཤེས་རབ་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ་དཔེ་ཡིན་ལ་དོན་དུ་ཁྱེར་བ་གླང་པོ་ཆེ་ལྟ་བུ་དང་། སྟོང་པ་ཉིད་ཀྱི་དྲིལ་ཆགས་པ་བུང་བ་ལྟ་བུ་སྟེ། བཞི་པོ་དེ་དག་ཉམས་སུ་མྱོང་
བ་ལ་བསྟན་ཏོ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །བླ་མ་དམ་པའི་གདམས་ངག་གིས་ཡུལ་ལ་སྤྱད་ཀྱང་མི་འཆིང་བའི་ཐབས་ལ། གདམས་ངག་ཉི་མ་ལྟ་བུ་ཡུལ་མེ་ཏོག་སིལ་མ་ལྟ་བུ་དྲན་པ་བུང་བ་ལྟ་བུ་དེ་ཡུལ་ལ་སྤྱད་ཅིང་ཆོས་ཀྱི་དབྱིངས་སུ་བྲོས་པའོ། །བུང་བ་དང་།
སྒྲ་དང་། ཚད་མ་དང་། ལུང་དང་བསྟན་བཅོས་མང་པོའི་ཐ་སྙད་ལ་དགའ་བ་ནི། ཐ་སྙད་མང་པོས་སངས་རྒྱས་ཀྱི་དགོངས་པ་ཚིག་གསུམ་གྱི་གདམས་ངག་གསང་གཏམ་ལྟ་བུ་མྱོང་དུ་མི་སྟེར་བ་གཞོན་ནུ་མ་གསང་གཏམ་ཉམས་པ་ལྟ་བུ་འདི་ནི་རི་དགས་བཞིན་དུ་བལྟ་
Vol. 52 · folio 91b
བར་བྱོས།། །།ད་ནི་རྟོགས་ན་ཆུ་དང་རླབས་ཀྱི་དཔེས་བསྟན་པར་བྱའོ། །དེ་ཡང་སེམས་དང་སེམས་ལས་བྱུང་བའི་རིག་པ་ཡང་གཞན་མ་ཡིན་ལ། སྟོང་པ་དང་བདེ་བ་དང་། གསལ་བ་ཡང་གཞན་མ་ཡིན་ནོ། །དྲན་རྟོག་ཇི་སྙེད་པ་གང་ཡང་གཞན་མ་ཡིན་
པས། གང་ཞིག་སེམས་ལས་རྣམ་འཕྲོ་བ། །ཆོས་ཉིད་ལས་ལོགས་ན་གང་ཡང་སེམས་ལས་འབྱུང་མི་སྲིད་པས་ན། དེ་དག་ཡིད་ལ་མ་བྱས་པ་རྟོགས་པ། དེ་སྲིད་མགོན་པོའི་རང་བཞིན་ཏེ། །རྐྱེན་གློ་བུར་བས་བསྐུལ་བས། སེམས་ལས་རྟོག་པ་བྱུང་ཡང་ཆུ་བུར་
ཆུ་ལས་བྱུང་ཞིང་ཆུའི་ནང་དུ་ཐིམ་པ་དང་། སྤྲིན་ནམ་མཁའ་ལས་བྱུང་ཞིང་ནམ་མཁའ་ལ་ཐིམ་པ་དང་འདྲ་བར་ཆོས་ཉིད་ཟབ་མོའི་དབྱིངས་ལས་སྣ་ཚོགས་ཤར་ཡང་དབྱེར་མི་ཕྱེད་པའི་དཔེ་ཆུ་དང་རླབས་དག་གཞན་ཡིན་ནམ། འཁོར་བ་རྣམ་པ་གསུམ་དང་མཉམ་པ་
ཉིད་ཐ་དད་པ་མེད་པས། སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ།། །།དེ་ལྟ་བུ་ཉིད་ལས་བྱུང་ཞིང་དེ་ཉིད་ལ་བརླག་པ་ཉིད་རྡུལ་གྱི་དཔེས་བསྟན་པར་བྱའོ། །ཡང་དག་པའི་དོན་རྟོགས་ན་ལྷ་ཡི་མིག་དང་ལྷའི་རྣ་བ་དང་ཕ་རོལ་གྱི་སེམས་ཤེས་པ་དང་འདྲ་ལ།
ཅིའི་ཕྱིར་ཞེ་ན། སེམས་ཞེས་བྱ་བ་ནི་ཁམས་གསུམ་གྱི་སེམས་ཅན་དང་། དུས་གསུམ་གྱི་བདེ་བར་གཤེགས་པའི་གཉིས་སུ་མེད་པ་གང་ཡིན་པ་དེ་ནི་ཚུ་རོལ་གྱི་བག་ཆགས་ཀྱིས་མ་གོས་པ་ཕ་རོལ་གྱི་སེམས་ཞེས་བྱའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སེམས་ཉིད་
ཀྱི་རང་བཞིན་ནི་སེམས་ཅན་ཀུན་ལ་ཡོད་པ་ནི་མ་ཤེས། སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཕྱོགས་རེ་བ་ཤེས་པ་ལ་སེམས་ཉིད་ཤེས་པ་མི་ཟེར་རོ། །འདུ་ཤེས་ཀྱི་ཕ་རོལ་སེམས་ནི་སེམས་ལས་འདས་པ་ལས། མཐོང་བ་དང་ཐོས་པ་དེ་ཆོས་ཉིད་ཀྱི་ངང་ལས་མ་འདས་
པས། གང་ཞིག་བསྟེན་ཏེ་གང་ཐོས་པ། །རྟོགས་པའི་རྣལ་འབྱོར་པས་དོན་དམ་པ་གཞན་དོན་ལ་དགོངས་པས་གཟུགས་སྐུ་གཉིས་མ་དམིགས་པས། དགོངས་པ་གང་ཡིན་དམ་པ་སྐྱོལ་བ་ན་སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་སུ་སྣང་ཡང་ཀུན་རྫོབ་ཙམ་
Vol. 52 · folio 92a
ཡིན་པས་ཉི་ཟེར་རྡུལ་དང་འདྲ་ལ། རྣལ་འབྱོར་པའི་དྲན་རྟོག་ཇི་སྙེད་ཅིག་དགེ་བ་དང་མི་དགེ་བ། ཉི་ཟེར་ལྐུགས་རྡུལ་བཞི་བརླག །གཟུགས་སྐུ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པས་མྱ་ངན་ལས་འདས་ལ་ཆོས་སྐུ་ནི་བློ་ལས་
འདས་པ་དེ་ཉིད་ཡིན་པས་མྱ་ངན་ལས་འདས་པ་གཞན་ན་མེད་དོ། །རྣལ་འབྱོར་པས་དྲན་པ་བྱུང་ཡང་དྲན་མེད་ལ་ནུབ་པས། སྙིང་གཉིད་དུ་ནུབ་པར་འགྱུར་བ་ཡིན།། །།ད་ནི་ཆུ་ལ་ཆུ་གཞག་པའི་དཔེས་བསྟན་པར་བྱའོ། །དེ་ཉིད་རྟོགས་པར་འགྱུར་བའི་རྣལ་
འབྱོར་པས་མི་མཐུན་པ་དང་གཉེན་པོ་བླང་དོར་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ལས་མི་གཉིས་པས། ཇི་ལྟར་ཆུ་ལ་ཆུ་གཞག་ན། །ཆོས་མ་ལུས་པའི་དབྱིངས་ཤིན་དུ་རྣམ་པར་དག་པའི་ཕྱིར། སེམས་ལ་དུ་མ་ཤར་ཡང་རོ་ལ་ཐ་དད་མེད་དེ། དཔེར་ན་བུ་རམ་
ལ་རྟ་དང་གླང་པོ་ཆེ་ལ་སོགས་པའི་གཟུགས་བྱས་ཀྱང་། རོ་མ་སྟོར་བ་བཞིན་དུ་ཆོས་རྣམས་ཀྱི་ལྷན་ཅིག་སྐྱེས་པ་ལ་སྣ་ཚོགས་དྲན་ཡང་དེ་ཁོ་ན་ཉིད་ཀྱི་དབྱིངས་ལ་ཐིམ་པས། དེ་སྙེད་ཆུ་རུ་རོ་མཉམ་འགྱུར། །དེ་ལྟར་མ་རྟོགས་པས་སེར་སྣ་ལ་སོགས་པའི་འམ། ཚུལ་
བཞིན་མ་ཡིན་པའམ་བག་ལ་ཉལ་ལས། འདོད་པ་ལ་སོགས་པ་སྡང་བས་དེ་ལས་འཁོར་བར་འཁོར་བའི། ངན་འགྲོའི་ལམ་དུ་འགྲོ་བའི་སྐྱོན་དང་། སྦྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། དེ་ལས་ཐོབ་བྱ་ས་དང་པོ་ལ་སོགས་པ་མ་ཡེངས་པར་བྱ་བ་ནི་ཚུལ་
བཞིན་ཡིད་ལ་བྱས་པས་ཚངས་པའི་གནས་ལ་སོགས་པ་ལ་གོམས་པས། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པའི་ཡོན་ཏན་ཐོབ་པར་བྱ་བའི་དོན་དུ། སྐྱོན་དང་ཡོན་ཏན་རྣམ་ལྡན་སེམས། །དེ་ལ་སྐྱོན་སྤང་བར་བྱ་བའམ། ཡོན་ཏན་བསྒྲུབ་
པར་བྱ་བའི་གང་ཟག་གིས། དེ་དག་རྣམ་པར་སྨིན་པས་སྨིན་ཡང་། དེ་ཉིད་མཐོང་བ་མ་ཡིན་པས། །མགོན་པོ་སུས་ཀྱང་མཐོང་མི་འགྱུར།། །།ད་ནི་ནགས་ལ་མཆེད་པའི་མེ་ལྕེའི་དཔེས་བསྟན་པར་བྱའོ། །མ་རྟོགས་པའི་དུས་སུ་མ་རིག་པས་འཁོར་བར་
Vol. 52 · folio 92b
འཁོར་ལ། རྟོགས་པའི་དུས་སུ་མ་རིག་པ་དེ་ཉིད་ཆོས་སྐུ་ཡིན་པས། རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཐམས་ཅད་ཡིད་ལ་མ་བྱས་པས་དགོངས་པ་མཛད་དོ། །མ་རིག་པ་དང་། མ་ཤེས་པ་དང་། མ་རྟོགས་པ་མི་དམིགས་པའི་དུས་སུ། བླ་མ་དམ་པས་བརྡ་
དང་ཐབས་ཀྱིས་བསྟན་པ་དེ་ནི། དྲན་པ་སྤངས་པ་སྦྱིན་པ། དྲན་མེད་མྱོང་བ་ཚུལ་ཁྲིམས། སྐྱེ་མེད་བཟོད་པ། དབྱེར་མེད་བརྩོན་འགྲུས། རྒྱུན་མི་འཆད་པ་བསམ་གཏན། བློ་ལས་འདས་པ་ཤེས་རབ། རྟོགས་པར་བྱ་བ་ཐབས། བདུད་རྣམས་བཅོམ་པས་སྟོབས་
སྐུ་གསུམ་ཐོབ་པ་སྨོན་ལམ། སངས་རྒྱས་ཀྱི་དགོངས་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། གཞན་ནས་གཉེན་པོ་མི་ཚོལ་བས། །རྨོངས་པ་དག་ལ་གཉེན་པོ་གང་ཡང་མེད། །ཆོས་ཉིད་སྟོང་པ་ཉིད་ཀྱི་མེས་བསྲེགས་པས་ནི་སྟོང་པ་ཉིད་དུ་མ་གྱུར་པ་གང་ཡང་མེད་
དོ། །དེ་བས་ཀྱང་སེམས་ཉིད་ཀྱི་དབྱིངས་བློ་ལས་འདས་པ་དང་ཐུག་ཕྲད་དུ་གྱུར་པའི་དུས་སུ་ཡིད་ལ་བྱས་པ་གང་ཡང་མེད་དེ། སྣང་བ་ཐུག་ཕྲད་ནི་དྲན་པའོ། །སྟོང་པ་ཐུག་ཕྲད་ནི་དྲན་མེད་དོ། །སྐྱེ་མེད་ཐུག་ཕྲད་ནི་དེ་ཉིད་མ་སྐྱེས་པའོ། །རྟོགས་པར་གྱུར་པའི་རྣལ་འབྱོར་
པས་ནི། གང་དང་གང་ཕྲད་པ་དེ་ནགས་ལ་མཆེད་པའི་མེ་ལྕེ་བཞིན། རྣམ་པར་ཐར་པ་སྒོ་གསུམ་གྱི་མན་ངག་གིས་ཤེས་པར་བྱས་ལ། གདོང་དུ་སྣ་ཚོགས་ཤར་བ་དེ་དག་བླང་བ་དང་དོར་བ་གང་ཡང་མེད་པས། གདོང་དུ་བབ་པ་འདི་ལྟར་སྣང་བ་ཀུན། །ཆོས་ཐམས་ཅད་
ཀྱི་རྩ་བ་ནི་སེམས་ཡིན་ལ། སེམས་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་གང་ཡིན་པ་དེ་ནི། བློའི་ཡུལ་མ་ཡིན་པ། བློའི་ཡུལ་མ་ཡིན་པ་གང་ཡིན་པ་དེ་ནི། བསྒོམ་པར་བྱ་བ་མ་ཡིན་པས། སེམས་ཀྱི་རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས།། །།ད་ནི་ཞེན་པའི་སྐྱོན་ཏིལ་
གྱི་ཤུན་པའི་དཔེས་བསྟན་པར་བྱའོ། །དེ་ལ་ཡིད་ལ་བྱས་པས་ནི་ཁམས་གསུམ་ལས་ཐར་བར་མི་འགྱུར་གྱི། དེ་ཡང་དབང་གི་ཉམས་མྱོང་ཡིད་ལ་བྱེད་ན་འདོད་པའི་ཁམས། ལྷ་དང་ལྷ་མོའི་དཀྱིལ་འཁོར་ཡིད་ལ་བྱེད་ན་གཟུགས་ཀྱི་ཁམས། སྟོང་པ་ཉིད་ཀྱི་ཞི་གནས་
Vol. 52 · folio 93a
ཡིད་ལ་བྱེད་ན་གཟུགས་མེད་པའི་ཁམས་སུ་འདྲེ་བར་འགྱུར་བས། གལ་ཏེ་ཡིད་དུ་འོང་བ་སྙམ་པའི་སེམས། །དེ་ཡང་གང་དང་གང་ལ་ཞེན་པར་བྱས་ཀྱང་ཁམས་གསུམ་གྱི་སྡུག་བསྔལ་དུ་འགྱུར་བ་ནི། བདེ་བ་འདོད་པའི་ཁམས་གསལ་བ་
གཟུགས་ཀྱི་ཁམས། མི་རྟོག་པ་གཟུགས་མེད་པའི་ཁམས་སུ་གང་ཡང་རུང་བའི་ཡིད་ལ་བྱས་ན་ནི། དེ་དང་བྲལ་བར་མི་ཕོད་པས། །སྙིང་ལ་གཅེས་པར་བྱས་ནས་ནི། །འཕགས་པ་རྣམས་ཀྱིས་སྲིད་པའི་རྩེ་མོ་ནས་སྡུག་བསྔལ་དུ་ཤེས་ལ། འཁོར་བའི་སེམས་
ཅན་གྱིས་དམྱལ་བ་ངལ་སོ་བ་ལ་ཡང་བདེ་བར་མཐོང་ངོ་། །མཁས་པ་རྣམས་ནི་མིག་དང་འདྲ་ལ། ཏིལ་གྱི་ཤུན་པ་ཙམ་ལ་ཡང་ཞེན་པར་མི་བྱེད་དོ། །མི་མཁས་པ་རྣམས་ནི་མགོ་ལུས་དང་འདྲ་ལ། རྣམ་པར་རྟོག་པ་ལ་བདེ་བར་མཐོང་ངོ་། །དེའི་ཕྱིར་སྟོན་པའི་བཀའ་
ལ་སྟོང་པ་ཉིད་བསྒོམས་པས་གྲོལ་ལོ་ཞེས་གསུངས་ཀྱང་། སྣང་བ་ལ་ཞེན་པའི་གང་ཟག་གི་དོན་དུ་ཡིན་གྱི། སྟོང་པ་ཉིད་ལ་ཡང་རློམ་སེམས་སུ་བྱེད་ན། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ཡིད་ལ་མ་བྱས་པ་ནི་མ་རྟོགས། ཡིད་ལ་བྱས་པ་འབའ་ཞིག་
འཁོར་བའི་རྒྱུར་གྱུར་པས། ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད།། །།ད་ནི་ཕག་དང་གླང་པོ་ཆེའི་དཔེས་བསྟན་པར་བྱའོ། །དེ་ལ་ཡང་གཉིས་སོ། །དབང་པོའི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་གྱིས་བསྟན་པ་དང་། བླང་དོར་མེད་པ་
ཕག་པའི་དཔེ་དང་། ཉམ་ང་མེད་པ་གླང་པོ་ཆེའི་དཔེས་བསྟན་པར་བྱའོ། །དེ་ལྟར་དབང་པོའི་མངོན་སུམ་གཏན་ལ་ཕབ་པ་ནི། ཡིད་ཀྱིས་གང་ཡང་རུང་བ་ཅིག་དྲན་དུ་བཅུག་ལ། དེ་ཡིད་ཀྱི་དབང་པོས་སྣང་ལ་རང་བཞིན་མེད་ལ་ཤེས་པ་གཏད་པའི་དུས་སུ།
སྣང་བ་སྟོང་པ་དབྱེར་མེད་པ་དབང་པོའི་མངོན་སུམ་ཡིན་གྱི། རྣལ་འབྱོར་གྱི་མངོན་སུམ་ནི་མ་ཡིན་ནོ། །རྣལ་འབྱོར་གྱི་མངོན་སུམ་ད་ལྟའི་དུས་མ་ཡིན་ཟེར་ཏེ། བླ་མ་དམ་པས་བརྡས་བསྟན་ན་ད་ལྟར་གྱི་དུས་ཡིན་ནོ། །བརྡའི་སྒོ་ནས་བསྟན་པ་དང་། ངག་གི་སྒོ་
Vol. 52 · folio 93b
ནས་བསྟན་པས་གདམས་ངག་ཅེས་བྱ་སྟེ། བརྡ་ནི་ལུས་ཀྱི་བརྡ་དང་། ངག་གི་བརྡ་དང་། ཡིད་ཀྱི་བརྡའོ། །དེ་ཡང་སྣང་བའི་བརྡ་དང་། སྟོང་པའི་བརྡ་དང་། སྐྱེ་བ་མེད་པའི་བརྡས་ཤེས་པར་བྱའོ། །ངག་གིས་ནི་དྲན་པ་མྱོང་བ་དང་། དྲན་མེད་མྱོང་བ་དང་།
སྐྱེ་མེད་མཐོང་བ་དང་། བློ་ལས་འདས་པ་ཡིན་པར་ཡིད་ཆེས་པས་སོ། །དེ་ཡང་མངོན་སུམ་རྣམ་པ་བཞིས་སོ། །དབང་པོའི་མངོན་སུམ་ནི་དྲན་པ་ཡིན་པ་ལ་རྣལ་འབྱོར་གྱི་མངོན་སུམ་ནི་བློ་ལས་འདས་པ་ཡིན་ནོ། །འདྲ་འདྲ་འདྲ་ལ་མི་འདྲ་བ་ཕག་དང་གླང་
པོ་ནི་ཨུ་པ་དེ་ཤ་ཞེས་བྱ་བ་ཡིན་ཏེ། ཨུ་པ་ནི་བརྡ་ཉེ་བར་མཚོན་པ་ཡིན་ལ་དེ་ཤ་ནི་ཡུལ་ཡིན་ནོ། །དེ་ཡང་ཡིད་ཀྱིས་ཡིད་ལ་བྱར་མི་བཏུབ་པ་ནི། དྲན་མེད་སྐྱེ་མེད་བློ་ལས་འདས་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཡུལ་ལོ། །སངས་རྒྱས་ཀྱི་ཡུལ་གང་
ཡིན་པ་དེ་ནི། སེམས་ཅན་གྱིས་མི་བསྒོམ་མོ། །སེམས་ཅན་གྱིས་མི་བསྒོམ་པ་གང་ཡིན་པ་དེ་ནི། རྣལ་འབྱོར་པ་རྣམས་ཀྱི་ཐུགས་དམ་མོ། །འོ་ན་སེམས་ཅན་པ་དང་། རྣལ་འབྱོར་པ་དང་། སངས་རྒྱས་པ་དང་། ཆོས་ཉིད་ཐ་དད་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ།
ཆོས་ཉིད་གཅིག་པ་ལ། སེམས་ཅན་གྱིས་དྲན་པའི་རྣམ་པར་རྟོག་པ་དོན་དམ་དུ་མཐོང་ལ། རྣལ་འབྱོར་པས་ནི་དྲན་པ་དེ་ཉིད་གློ་བུར་བར་སྣང་བའོ། །དེའི་ཕྱིར་སེམས་ཅན་གྱི་སྣང་བ་ནི་སྣང་སྟོང་དབྱེར་མེད་ཡིན་ལ། རྣལ་འབྱོར་པའི་བདེ་སྟོང་དབྱེར་མེད་ནི་མ་ཡིན་
པས་སོ། །ཡང་ན་སྣང་བ་བརྙགས་པས་སྟོང་པ་ཡིན་པར་གོ། །སྟོང་པ་ཉིད་ལས་སྣ་ཚོགས་མྱོང་བས་སྣང་བ་ཡིན་པར་གོ། །དེ་གཉིས་དབྱེར་མེད་པ་དབང་པོའི་མངོན་སུམ་ཡིན་ཏེ། ཐར་པ་ཐོབ་པར་བྱེད་པའི་ལམ་མ་ཡིན་པས་ན་དེ་ནི་མ་ཡིན་ནོ། །དེ་ལྟར་
ཡིན་ཏེ་དེ་ནི་མ་ཡིན་ནོ། །དེ་ལྟ་བུ་དེ་ཀླུ་དཥ་ཀའི་གཙུག་གི་ནོར་བུ་རྒྱན་གྱི་མན་ངག་བཞིན་ནོ། །ཉམས་སུ་བླང་བར་དཀའ་བ་མ་ཡིན་གྱི། དེ་ལྟ་བུ་དེ་བླ་མ་དམ་པའི་ཞལ་གྱི་དྲིན་གྱིས་རྟག་ཏུ་བལྟ་བར་འདོད་པས། གཙང་བཙོག་མེད་པས་ཕག་པ་དང་འདྲ་ལ། ཉམ་ང་མེད་
Vol. 52 · folio 94a
པས་གླང་པོ་ཆེ་དང་འདྲའོ། །གྲོགས་པོ་གཉིས་ཀྱི་མ་མཐོང་བའི་མིང་སོ་སོར་བཏགས་པའི་སྒྲུང་བརྒྱུད་བཞིན་དུ། ཕྱོགས་སུ་མི་ལྟུང་བས། གྲོགས་པོ་ཕག་དང་གླང་པོར་ལྟོས།། །།ད་ནི་ཡིད་བཞིན་གྱི་ནོར་བུའི་དཔེས་བསྟན་པར་
བྱའོ། །སེམས་ཡིད་བློ་རྣམ་པར་ཤེས་པ་རིག་པ་དྲན་པ་མེད་ན། སེམས་ཅན་གྱི་དགོངས་པ་ཇི་ལྟར་བྱ་ཞེ་ན། དེ་དག་ལྡན་གྱི་བར་དུ་སེམས་ཅན་ཞེས་བྱའོ། །དེ་དག་ཀུན་དབྱིངས་སུ་དག་ལ་ཡིད་ལ་མེད་པས། འགྲོ་བ་དང་འགྲོ་བའི་དོན་དུ་སྐུ་ཡིན་པར་སྤྲུལ་ནས།
ཇི་ལྟར་ཡིད་བཞིན་ནོར་བུའི་དགོངས་པ་བཞིན། །འཁྲུལ་པ་ནི་སེམས་ཅན་རྣམས་ཀྱི་རང་རང་གི་རྣམ་པར་རྟོག་པ་ཡིན་ལ། དེ་ཡང་སེམས་ལས་བྱུང་བའི་དྲན་པ་ཁོ་ནའོ། །རྣལ་འབྱོར་པ་རྣམས་ཀྱིས་དྲན་པ་གློ་བུར་བར་ཤེས་ལ། རྟག་ཏུ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་
མེད་པར་རྟོགས་པས། འཁྲུལ་པ་ནི་རང་བཞིན་གྱིས་ཞི་ལ། སངས་རྒྱས་ཀྱི་དགོངས་པ་ནི་རང་གིས་ལྷུན་གྱིས་གྲུབ། སེམས་ཅན་རྣམས་ཀྱི་སེམས་ཀྱི་དངོས་པོའི་གནས་ལུགས་ཤེས་པས། འཁྲུལ་པ་ཞིག་པའི་མཁས་པ་ངོ་མཚར་ཆེ། །དེ་གང་ལ་གང་གིས་བསྟན་
པར་བྱ་ཞེ་ན། རང་ལ་གནས་པ་རང་ལ་རང་གིས་ཤེས་པར་བྱ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ། །གློ་བུར་གྱི་དྲ་བའི་དྲི་མས་མ་གོས་པ། རྒྱུན་མི་འཆད་པའི་བསམ་གཏན་གྱི་བག་ཆགས་བློ་ལས་འདས་པ་བདེ་བ་ཆེན་པོའི་ངང་ལ་གནས་པས། རང་ལ་རང་གི་བདེ་
བ་ཆེན་པོའི་བག་ཆགས་གཟུགས་དེ་ལྟར་རྟོགས་པའི་ཚེ། སེམས་ལས་བྱུང་བའི་དྲན་པ་ནི་སྤྲིན་བཞིན་ཡལ། སྟོན་ཀའི་ཉི་མ་ཕྱེད་ཀྱི་དྲི་མ་དག་པའི་ནམ་མཁའ་ལྟར། དུས་རྟག་ཏུ་མཉམ་པ་ཉིད་ལ་གནས་པས། ཐམས་ཅད་དེ་ཚེ་མཁའ་མཉམ་བྱེད་པར་འགྱུར།། །།
ད་ནི་ཀཱ་ལ་ཀཱུ་ཊའི་དཔེས་བསྟན་པར་བྱ་སྟེ། ཀཱ་ལ་ཀཱུ་ཊ་ནི་ནག་པོ་བརྩེགས་པའི་དུས་སྐད་ཅིག་མ་བརྩེགས་པ་ཡིན་ཏེ། དེ་ཡང་སྣོད་བརྟག་པར་བྱ་བ་གསེར་གྱི་གཏེར་རྙེད་པའི་སྒྲུང་བརྒྱུད་དང་། རང་གིས་ཉམས་སུ་མྱོང་བ་དྲན་དུ་མ་བཏུབ་པའི་དཔེ་སྦྲུལ་གྱི་སྒོང་ཟོས་པའི་
Vol. 52 · folio 94b
སྒྲུང་བརྒྱུད་དང་། བློའི་སྤྱོད་ཡུལ་མ་ཡིན་པས་ཚིག་གིས་བརྗོད་དུ་མེད་པ་ནི། ཤིན་ཏུ་རྣམ་པར་དག་པ་ལ་ཡེ་ཤེས་ཞེས་མིང་མེད་པ་ལ་མིང་དུ་བཏགས་པས་འཁྲུལ་པ་ནི། སྤུན་ལྔ་ལས་བཞི་ཤི་ནས་གཅིག་ལུས་པ་དེ་རྟག་ཏུ་འབོགས་པའི་སྒྲུང་བརྒྱུད་དང་། རྒྱ་མཚོ་བསྲུབས་
པ་ལས་ཐ་མ་ཀཱ་མ་ལ་ཀཱུ་ཊ་བྱུང་བ་དེ་དབང་ཕྱུག་ཆེན་པོས་མགྲིན་པ་ལ་བཞག་ནས། དེའི་གཉེན་པོ་ཀླུའི་རྒྱལ་པོ་ནོར་རྒྱས་སྙན་ཆ་བྱས་པའི་སྒྲུང་བརྒྱུད་དང་། བྱི་བ་དུག་ཅན་གྱིས་སོས་བཏབ་པས་དྲན་པ་ཙམ་གྱིས་ན་བའི་སྒྲུང་བརྒྱུད་དང་། དུག་གི་སྡོང་པོ་དང་དེའི་གཉེན་
པོ་ཙནྡན་སྦྲུལ་གྱི་སྙིང་པོ་ཞེས་བྱ་བའི་སྡོང་པོ་གཉིས་གཅིག་ཏུ་བསྲེགས་པའི་ཐལ་བ་དབྱེར་མི་ཕྱེད་པའི་སྒྲུང་བརྒྱུད་ཀྱིས་བསྟན་ལ། མདོར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི། ཤེས་དང་ཤེས་བྱས་འཇལ་དུ་མི་བཏུབ་པའི་ཚིག་བླ་དགས་ཀྱི་བརྡ་
ཡིན་ཡང་། ད་ལྟར་ཡིན་ན་ཡང་བླ་མ་དམ་པའི་བཀའ་དྲིན་གོ་བ་མེད་པའི་གོ་བ། རྟོགས་པ་མེད་པའི་རྟོགས་པ། ཤེས་པ་མེད་པའི་ཤེས་པ་དེ་ནི་བརྡས་བསྟན་པའི་དུས་སུ། བློ་ལས་འདས་པ་ཚིག་ལས་འདས་པ་ཐ་སྙད་ལས་འདས་པ་གང་ཡིན་པ་དེ་དྲན་
པ་མི་རུང་ལ་བརྗོད་དུ་མི་རུང་བས། ཀཱ་ལ་ཀཱུ་ཊ་སྨོས་སུ་མི་རུང་བ་སྟེ། དྲན་དུ་མི་རུང་ན་ཇི་ལྟར་དྲན་པར་བྱ་ཞེ་ན། དེའི་རང་བཞིན་ནི་ཇི་ལྟར་ནམ་མཁའ་ལ་སྤྲིན་ལ་སོགས་པ་དེ་ལས་བྱུང་ཞིང་དེ་ལ་ཐིམ་ཞིང་དག་པ་དེ་བཞིན་དུ་སེམས་ནམ་མཁའ་དང་མཚུངས་པ་
ལས། དྲན་པའི་བཟང་རྟོག་དང་ངན་རྟོག་དཀར་ནག་གི་ཆོས་ཇི་སྙེད་པ་དབྱིངས་སུ་དག་ནས། རང་བཞིན་མཁའ་མཉམ་ཡིད་ཀྱིས་འཛིན་པ་ཡིས། །ཡིད་ལ་བྱས་པའི་ཆོས་ཐམས་ཅད་ནི་མི་དགེ་བ་ཡིན་ལ། ཡིད་ལ་མ་བྱས་པའི་ཆོས་ཀུན་སངས་རྒྱས་ཀྱི་དགོངས་པ་
ལ་སྐྱེལ་ཤེས་ན་ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ན། ཆོས་རྣམས་ཀྱི་གཞི་ནི་ལྷན་ཅིག་སྐྱེས་པ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ནི་རང་བཞིན་གྱིས་རྣམ་པར་དག་པ་ལ། ཀུན་དུ་བཟང་པོ་ཡིན་པས། རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས། །ཕྱིའི་ཡུལ་དང་
Vol. 52 · folio 95a
ནང་གི་ཡུལ། བརྗོད་བྱ་དང་བརྗོད་པ་ཇི་སྙེད་པ་དེ་ནི་ལྷན་ཅིག་སྐྱེས་པ་ལས་ལོགས་ན་མ་གྲུབ་པས། ཁྱིམ་དང་ཁྱིམ་ན་བདེ་བ་བརྗོད་པ་སྟེ། །དེ་ལྟར་སེམས་ཅན་དང་སངས་རྒྱས་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོའི་གནས་ཁྱད་པར་འཕགས་པ་མ་ཤེས་
པས། བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །དེ་ཅིས་ལན་ཞེ་ན། འགྲོ་བ་འདི་དག་ནི་རང་རང་གི་དྲན་པའི་རྣམ་པར་རྟོག་པའི་ཁུར་བུས་རང་གི་སེམས་ལ་ཁལ་བཀལ་ནས། འགྲོ་བ་རིགས་དྲུག་གི་གྲོང་ནས་གྲོང་དུ་འཕོ་བས། འགྲོ་ཀུན་སེམས་ཁྲལ་ཁུར་བར་
མདའ་བསྣུན་སྨྲ། །འགྲོ་བ་རིགས་དྲུག་གི་གྲོང་དུ་མི་གཏོང་ན། བསམ་དུ་མེད་པ་བསྒོམ་དུ་མེད་པས། དྲན་དུ་མེད་པ་རྟོགས་དགོས་ཏེ། རྟོགས་པ་ཙམ་ཁུར་ལྕི་བས་མནན་པའི་གང་ཟག་གང་ཡང་རུང་བ་ཅིག་གིས་ཁུར་བོར་བ་བཞིན་དུ། དྲན་པའི་རྣམ་པར་རྟོག་པ་
དང་འབྲེལ་པ་མེད་པར་བྱ། བླ་ན་མེད་པའི་འབྲས་བུ་སྟེར་བའི་བསམ་དུ་མེད་པ་མ་རྟོགས་པས། དེ་ནི་བསམ་མེད་སུས་ཀྱང་རྟོགས་མ་ཡིན།། །།ད་ནི་རོ་མ་སྟོར་བ་ལ་ལན་ཚྭ་ཆུ་ལ་ཐིམ་པའི་དཔེས་བསྟན་པར་བྱའོ། །སངས་རྒྱས་ཀྱི་དགོངས་པ་ནི་སེམས་ཅན་
གྱིས་བསྒོམ་མི་ཤེས་ལ། སེམས་ཅན་གྱི་རྣམ་རྟོག་དྲན་པ་འདི་ལ་སངས་རྒྱས་ཀྱིས་ཞེན་པར་མི་མཛད་པའི་གནས་ལུགས་བདེ་བ་ཆོས་སྐུ། གསང་བ་ལོངས་སྐུ། ཡན་ལག་སྤྲུལ་སྐུ། ངོ་བོ་ཉིད་ཀྱིས་སྤྲོས་པ་དང་བྲལ་བས། བདེ་གསང་ཡན་ལག་ཡོངས་སུ་སྤངས་
པ་ན། །སོ་སོ་སྐྱེ་བོའི་བསྒོམ་པ་ནི་བསམ་པ། བསམ་པ་ནི་དྲན་པ། དྲན་པ་ནི་རྟོག་པ། རྟོག་པ་ནི་འཁོར་བ། འཁོར་བ་ནི་མི་རྟག་པ་ལ་སོགས་པས་གཡོས་པར་བྱེད་དོ། །རྣལ་འབྱོར་པ་རྣམས་ཀྱི་རྒྱུན་མི་འཆད་པ་རྣམས་ཀྱི་བསམ་གཏན་མི་བསྒོམ། མི་བསྒོམ་
པས་ནི་མི་བསམ་པ། མི་བསམ་པས་ནི་མི་དྲན་པ། མི་དྲན་པས་ནི་མི་རྟོག་པ། མི་རྟོག་པས་ནི་མི་འཁོར་བའོ། །མི་འཁོར་བས་ནི་མི་གཡོ་བ་དེ་ནི་བསྒོམ་པ་དང་མི་བསྒོམ་པ་ཁྱད་པར་མེད་པས། བདག་ནི་མཉམ་པར་གཞག་ཅེའམ་ལངས་ཞེས་རློམ་སེམས་མེད།
Vol. 52 · folio 95b
བསྒོམ་དང་མི་བསྒོམ་དབྱེར་མེད་བདག་གིས་མཐོང་། །ཕྱི་རོལ་གྱི་ཡུལ་ལ་བརྟེན་ནས་ནང་གི་ཡུལ་དྲན་པས་མྱོང་ལ། བྲམ་ཟེ་མ་ཡིན་པ་བོས་ལ་ཤོག་བྱས་པའི་དཔེ་དེ་བཞིན་དུ། དེ་ལས་ཡེངས་ཀྱི་བར་དུ་གཞན་དྲན་པ་མེད་པ་དེ། ཡུལ་གྱིས་མཚོན་པས་གཞན་དག་
བསམ་པར་བྱེད། །སེམས་དང་སེམས་ལས་བྱུང་བའི་མི་རྒྱུ་བ་གང་ཡིན་པ་དེ། གདམས་ངག་གིས་བསྟན་པས་དེ་ཉིད་ངོ་ཤེས། རྣམ་རྟོག་དྲན་པ་དེ་རང་བཞིན་གྱིས་ཡལ་བས། དེ་ཉིད་བསམ་པས་རྣམ་རྟོག་རང་བཞིན་འགག་པར་འགྱུར། གལ་ཏེ་སེམས་ཀྱི་རང་
བཞིན་ནི་དྲན་པ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། སེམས་ལས་བྱུང་བ་དྲན་པ་དེ་ཡང་སེམས་ལས་ལོགས་ན་མ་ཡིན་པ་དེས་མཚོན་དུ་འགྲོ་བས། གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། །དེ་ལྟར་རྟོགས་པའི་དུས་སུ་ཀུན་གཞི་རྣམ་ཤེས་ཡིད་དེ་དང་། ཕྱི་རོལ་
རྐྱེན་གྱིས་དྲན་པ་གློ་བུར་བ་དེ་དག་ནི། གཡོ་བ་མེད་པའི་ཏིང་ངེ་འཛིན་གྱི་དབྱིངས་སུ། རྣམ་རྟོག་དང་ནི་ཡིད་ནི་མི་གཡོ་བརྟན་པར་གནས། །ཆོས་རྣམས་ཀྱི་ངོ་བོ་ཉིད་བློས་རེག་ཏུ་མི་བཏུབ་ལ། བློ་དང་རིག་པ་ནི་རྐྱེན་ལ་རག་ལུས་པས་གློ་བུར་བ་ཡིན་ནོ། །གློ་བུར་བ་ནི་
དངོས་པོ་མེད་པའོ། །འཁྲུལ་པའི་དུས་སུ་དངོས་པོ་མཐོང་ཡང་། མ་མཐོང་བའི་ཆོས་ཉིད་ལ་བདེ་བའི་རོ་མ་སྟོར་བས། ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་པ་དེ་ནི་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་པས། །
དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། །བདག་གི་དོན་དུ་སངས་རྒྱས་པ་ནི་སྐྱེ་བ་མེད་པ་ཆོས་ཀྱི་སྐུའོ། །གཞན་གྱི་དོན་དུ་འཚང་རྒྱ་བ་ནི་གཟུགས་སྐུ་རྣམ་པ་གཉིས་མཉམ་པ་ཉིད་ལ་གནས་པས་ཐ་དད་པ་མ་ཡིན་ཏེ། བདག་དང་སེམས་ཅན་ལ་སོགས་པ་མི་དམིགས་
པས། དེ་ཚེ་བདག་དང་གཞན་ནི་མཉམ་པར་མཐོང་། །མཉམ་པ་ཉིད་ནི་དུས་ལ་ཐ་དད་མེད་པས་རྩོལ་བ་དང་འབད་པ་བྱས་པས་ཐོབ་པ་མ་ཡིན་གྱི། སྤྱོད་པ་ངེས་པ་མེད་པར་རྟོགས་པས་དྲན་པས་མི་གོས་པ་ཙམ་ཡིན་གྱི། དྲན་པ་ལ་འབད་པས་བསམ་གཏན་དུ་མ་གྱུར་
Vol. 52 · folio 96a
པས། འབད་དེ་བསམ་གཏན་བྱས་པས་ཅི་བྱར་ཡོད།། །།ད་ནི་ཆུ་དང་མར་མེའི་དཔེས་བསྟན་པར་བྱའོ། །ཆོས་རྣམས་ཀྱི་གཞི་དྲན་མེད། ལམ་སྐྱེ་མེད། འབྲས་བུ་བློ་ལས་འདས་པའི་ཕྱིར། དང་པོའི་སེམས་ཉིད་ཆོས་ཉིད་ནམ་མཁའི་
མཚན་ཉིད་གང་ཡང་མིང་དུ་གདགས་པ་མ་མཆིས་པ་གང་ཡིན་པ་དེ་ནི་དང་པོ་རྒྱུ་དང་། རྐྱེན་གྱིས་མ་བསླད་པ་དེ་ལ་ལྷ་ཞེས་བྱའོ། །དེ་ལྟ་བུ་དེ་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་རང་རང་གི་གཞུང་ཐེན་ནས་ལྷ་དུ་མར་སྣང་ངོ་། །དེ་ལྟར་རྟོགས་པར་བྱེད་ལ་ལན་རེ་བདེན་པ་
གཉིས་སུ་འདོད། ཀུན་རྫོབ་ཀྱི་བདེན་པ་ནི་མི་བདེན་ལ། དོན་དམ་པའི་བདེན་པ་ནི་དམིགས་སུ་མེད་པས། དེ་ཉིད་ལུང་རིགས་པ་བསྟན་བཅོས་ཀྱིས་འཇལ་དུ་མི་བཏུབ་པ་ལྷ། ལྷན་ཅིག་ལ་ནི་ལུས་རྣམས་མང་པོར་མཐོང་། །རྟག་ཆད་ལ་སོགས་པའི་ལྟ་བ་དང་རང་
གི་འདོད་གཞུང་ཐེན་པས་ལྷ་ཉིད་མ་རྟོགས་སོ། །དཔེར་ན་སྔར་མཐོང་བའི་མི་རྣམས་ཀྱིས། མུན་ནག་ནང་ན་གླང་པོ་ཆེ་ལ་རེག་པ་ལ་ལ་ལའི་སེམས་ལ་ཤར་ལུགས་མི་བདེན་པ་བཞིན་དུ། རང་འདོད་པའི་མང་པོ་གསལ་བར་སྣང་། གླང་པོ་ཆེ་དེ་ཉིད་མུན་པ་དཀར་བའི་
ནང་ཕྱུང་བས། གང་དང་ཡང་མི་འདྲ་བ་དེ་བཞིན་དུ། བླ་མ་དམ་པས་བསྟན་པས་སྒྲ་དང་ཚད་མ་དང་། ལུང་དང་བསྟན་བཅོས་མཁས་པ་རྣམས་ཀྱིས་མ་རྟོགས་པས། མགོན་པོ་བདག་ཉིད་གཅིག་པུ་གཞན་རྣམས་འགལ། །འོ་ན་ཕྱི་ནང་གི་ཡུལ་ལས་ལོགས་ན་
ཅིག་གྲུབ་མཐའ་ཡིན་ནམ་ཟེར་བ་ལ་མ་ཡིན་ཏེ། ཕྱིའི་ཡུལ་གཟུགས་ལ་སོགས་པ་དང་། ནང་གི་ཡུལ་དྲན་པ་ལ་གླེང་ཞེན་ཡང་གྲུབ་མཐའ་ལོགས་ནས་ཚོལ་མི་དགོས་པས། ཁྱིམ་དང་ཁྱིམ་ན་གྲུབ་མཐའ་དེ་གྲུབ་པའོ། །ཀུན་རྫོབ་ཀྱི་ཆོས་རྣམས་ནི་དྲན་པ་ཁོ་
ན་ལ་བསྡུས་ལ། དྲན་པ་དེ་ཡང་འདས་པ་ནི་བརྗེད་ལ། མ་འོངས་པ་ནི་མ་དྲན་པས། ད་ལྟར་ནི་དེ་ལས་ལོགས་ན་དྲན་དུ་མེད་དེ། དྲན་པ་དེ་ཉིད་ཟས་སུ་ཤེས་པས་གཞན་གང་ཡང་བསམ་མི་དགོས་སོ། །དཔེར་ན་རས་བལ་གྱི་ཕུང་པོ་མེས་ཚིག་པ་དང་འདྲ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words