འདོད་པའི་བསྟན་བཅོས་ཞེས་བྱ་བ
Sanskrit title (Tibetan script, as in the text) ཀཱ་མ་ཤཱསྟྲ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 53 · folio 274b
༄༅༅། །རྒྱ་གར་སྐད་དུ། ཀཱ་མ་ཤཱསྟྲ་ནཱ་མ། བོད་སྐད་དུ། འདོད་པའི་བསྟན་བཅོས་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གསལ་དང་ཡན་ལག་བདེ་སྟངས་དང་། །རིགས་དང་རྫས་དང་སྔགས་རྣམས་
Vol. 53 · folio 275a
ནི། །སྔགས་པས་ཤེས་ནས་འཇིག་རྟེན་འདིར། །བདེ་བའི་མཆོག་ནི་བསྒྲུབ་པར་བྱ། །བདེ་བའི་ཁྱད་པར་བསྐྱེད་པའི་ཕྱིར། །དྲང་སྲོང་སྭ་ར་ཡ་ནས་གསུངས། །འདོད་པའི་བསྟན་བཅོས་འབུམ་སྡེ་ལས། །ཀླུ་སྒྲུབ་ཀྱིས་ནི་སྟོང་ཕྲག་གཅིག །བསྡུས་
ཏེ་དེ་ལས་བདག་གིས་ཀྱང་། །བདེ་བ་བསྒྲུབ་ཕྱིར་འདི་གསུང་ངོ་། །འབད་པས་རོལ་བྱེད་མ་རྣམས་ཀྱི། །མཁས་པས་བདེ་བ་བསྐྱེད་པར་བྱ། །ཡང་ན་ཤེས་པ་ཙམ་གྱིས་ནི། །རོལ་བྱད་མ་ཡི་རིགས་ཤེས་འགྱུར། །འདོད་པ་བསྟེན་པའི་དུས་སུ་ནི། །བུད་མེད་རྣམས་ནི་མགུ་
བར་འགྱུར། །བུད་མེད་རིགས་ནི་རྣམ་བཞི་སྟེ། །སྐྱེས་པ་རྣམས་ཀྱང་དེ་བཞིན་ནོ། །པདྨ་ཅན་དང་དུང་ཅན་མ། །གླང་ཆེན་མ་དང་སྣ་ཚོགས་མ། །རི་བོང་དང་ནི་ཁྱུ་མཆོག་དང་། །རྟ་དང་དེ་བཞིན་དགོ་བ་དང་། །པདྨའི་གདོང་ཅན་སྐལ་བཟང་མ། །འདོད་པའི་གཟུགས་
ཅན་བུད་མེད་མཆོག །ཁམས་གསུམ་ཀུན་དུ་གྲགས་པ་ཡི། །པདྨ་ཅན་གྱི་མཚན་ཉིད་དོ། །གདོང་པ་རིང་ཞིང་གཟུག་བཟང་མ། །སྐལ་ལྡན་ཀུན་གྱི་ཡིད་དུ་འོང་། །ངང་པའི་འགྲོས་ཅན་བློ་བཟང་མ། །འདི་ནི་དུང་ཅན་མ་ཞེས་བྱ། །ཚོ་ཞིང་ཅུང་ཟད་མཆེ་བ་ཅན། །
ཡན་ལག་མ་ཉམས་མཛེས་ལྡན་མཆོག །མདོག་ལྡན་སྐལ་བཟང་གསང་བ་ཐུབ། །དེ་ནི་གླང་ཆེན་མ་རུ་གྲགས། །སྐྱུང་ཀའི་དབྱངས་ཅན་ཡན་ལག་གནག །སྣ་ཚོགས་གཟུགས་ཅན་སྙན་པར་སྨྲ། །བྱམས་ལྡན་སེམས་ནི་མ་དཀྲུགས་མཆོག །དེ་ནི་སྣ་ཚོགས་མ་
ཞེས་བྱ། །པགས་པ་སྟོང་ཞིང་འཇམ་པ་དང་། །གསེར་གྱི་མེ་ཏོག་དང་མཚུངས་རྟགས། །ཡན་ལག་བཀྲ་ཞིང་ཁ་དོག་གནག །གང་གི་རྟགས་ནི་དེ་རི་བོང་། །གདོང་པ་རིང་ཞིང་སྐད་བཟང་མཆོག །རོལ་བྱེད་མ་རྣམས་མགུ་བར་བྱེད། །པགས་པ་དམར་
ལྡན་རྩེད་མོ་མཛེས། །དེ་ཡི་རྟགས་ལྡན་ཁྱུ་མཆོག་ཡིན། །ཤིན་ཏུ་རིང་ཞིང་སྦོམ་པ་ནི། །དཔག་མེད་ཡོན་ཏན་སྟེར་བའོ། །མགྲིན་སྔོན་དང་ནི་མཚུངས་པ་སྟེ། །འབྲས་ཅན་ལྟར་ནི་བཤད་པ་ཡིན། །ཐུང་ཞིང་སྦོམ་པ་གླང་ཉ་ཡིན། །བརྟན་ཞིང་རོལ་
Vol. 53 · folio 275b
བྱེད་མ་ཡིད་འོང་། །རྟགས་ཀྱི་ཐ་སྙད་དེ་ཡིས་ནི། །རི་དྭགས་དགོ་བ་ཞེས་སུ་བརྗོད། །འདོད་པའི་བསྟན་བཅོས་མཐའ་དག་ལས། །རྟགས་ཀྱི་མཚན་ཉིད་འདི་བཞི་བསྟན། །ལྷན་ཅིག་སྐྱེས་པ་བད་ཀན་ཅན། །རིང་བ་རླུང་ཅན་མཁྲིས་པ་ཅན། །རྐེད་པ་ཟླུམ་ཞིང་བཟང་མོ་
སྟེ། །པདྨའི་འདབ་མ་དང་མཚུངས་མིག །ཡོངས་སུ་རྫོགས་ཤིང་འདོད་པ་རྫོགས། །སྐྱེ་གནས་མཛེས་པ་ལྷན་ཅིག་སྐྱེས། །བུད་མེད་མདོག་དཀར་པདྨ་ཅན། །ཡིད་འབྱུང་ལས་བྱུང་རིང་བར་བཤད། །ཚེ་ཞིང་གསང་བ་རྒྱས་པ་ནི། །གྲང་བའི་རེག་ལྡན་བད་ཀན་
ཅན། །མགོ་ཡི་ཤ་རྒྱས་བཟང་མོ་སྟེ། །ཁ་ཡི་འགྲམ་གཉིས་ཤིན་ཏུ་དོག །སྐྲ་ལི་མགོ་བོ་ལྷག་པར་ཆེ། །གང་གི་མཚན་མ་དེ་རླུང་ཅན། །སྦལ་བའི་རྒྱབ་འདྲ་མགྲིན་པ་སྲ། །དྲོ་བའི་རེག་པ་ཡང་དག་ལྡན། །མདོག་སེར་ཟླ་མཚན་མྱུར་བ་ནི། །མཚན་མ་དེ་ཡོད་
མཁྲིས་པ་ཅན། །དུས་ཀྱི་སོར་ནི་རི་བོང་སྟེ། །དེ་བཞིན་རྒུ་བ་ཁྱུ་མཆོག་བཅད། །རྟ་ནི་ལོ་ཡི་ཟླ་བའི་ཚད། །བཟང་པོའི་ཚད་ནི་དགོ་བའོ། །རིགས་ཀྱི་སྦྱོར་བ་འདི་ཡིས་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །བུད་མེད་ངག་གི་རིགས་དག་དང་། །མཚོན་པས་
ཐེ་ཚོམ་མེད་པར་ཤེས། །པདྨ་ཅན་ནི་ནོར་སྦྱིན་མོ། །དུང་མ་དྲི་ཟ་མོ་རུ་བཤད། །གླང་ཆེན་ཤ་ཟ་མ་ཡིན་ཏེ། །སྣ་ཚོགས་མ་ནི་སྲིང་མོར་བཤད། །རི་བོང་པདྨ་ཅན་གྱི་བདག །ཁྱུ་མཆོག་དུང་མ་དེ་བཞིན་ཏེ། །རྟ་ནི་གླང་ཆེན་མ་ཡི་བདག །སྣ་ཚོགས་མ་ནི་ང་གོ་
བའོ། །ནོར་སྦྱིན་མོ་ནི་ནོར་གྱིས་མགུ། །དྲི་ཞིམ་སྤོས་སོགས་དྲི་ཟ་མོ། །བཟའ་དང་བཅས་པ་ཤ་ཟ་མགུ། །དཔའ་བ་གཉིས་ཀྱིས་སྲིན་མོ་མགུ། །རིགས་མི་མཐུན་པ་མཐུན་བྱའི་ཕྱིར། །རྫས་ཀྱི་སྦྱོར་བ་བཤད་པར་བྱ། །ལན་བརྒྱ་བཀྲུས་པའི་མར་གྱིས་ནི། །
རྟགས་ནི་འབད་པས་བསྐུ་བར་བྱ། །མེ་ལ་ཅུང་ཟད་བསྲོས་གྱུར་ན། །འདོད་པའི་དུས་སུ་སྦོམ་པར་འགྱུར། །རྩ་བ་བཅུ་པའི་བཅུད་ཀྱིས་ལེན། །བཞོས་ཐོག་འོ་མ་བསྲེས་ཏེ་བཏུང་། །འདོད་པའི་ནུས་པ་མེད་པ་རྣམས། །བཟློག་དཀའི་འདོད་པ་སྐྱེ་བར་འབྱུང་། །
Vol. 53 · folio 276a
སྦལ་པའི་ཡན་ལག་ལྔ་བླངས་ནས། །ཆུ་སྐྱེས་དམར་པོའི་ཟེའུ་འབྲུ་བསྲེས། །ཕྱེ་མ་བྷ་གའི་ནང་དུ་ནི། །ཞག་གསུམ་བཅུག་པས་ཆུང་བར་འགྱུར། །གང་དུ་ཟླ་བ་གནས་པར་ནི། །དེར་ནི་འདོད་པ་རྟག་ཏུ་གནས། །གཅིག་ཏུ་གྱུར་པས་མཉམ་པའི་
བདེ། །ལོངས་སྤྱོད་གྲོལ་བར་མཁས་པས་བསྐྱེད། །ཡུལ་དང་རིགས་ཀྱི་བྱེ་བྲག་ནི། །ཤེས་ནས་ལས་ཀྱི་ཚོགས་རྣམས་སྦྱར། །སོ་དང་སེན་མོ་གནས་རྣམས་ནི། །ཚེས་ཀྱི་སྦྱོར་བས་ཤེས་པར་བྱ། །ཚེས་གཅིག་ལ་ནི་སྤྱི་བོ་སྟེ། །གཉིས་པ་ལ་ནི་རྣ་བར་བཤད། །གསུམ་
པ་ལ་ནི་སྣ་རུ་སྟེ། །དེ་བཞིན་བཞི་པ་གདོང་ཡིན་ཏེ། །ལྔ་པ་ལ་ནི་མགྲིན་པར་གནས། །དྲུག་པ་ལ་ནི་དཔུང་པར་རོ། །བདུན་པ་ལ་ནི་སྙིང་གར་གནས། །བརྒྱད་པ་དེ་བཞིན་སྙིང་གར་བསྟན། །དགུ་པ་ལྟེ་བར་བལྟ་བར་བྱ། །བཅུ་པ་སྐྱེ་རགས་འཁོར་བར་གནས། །
བཅུ་གཅིག་པ་ནི་གསང་བར་བརྟག །བཅུ་གཉིས་པ་ནི་བརླ་དག་གནས། །བཅུ་གསུམ་པ་ནི་པུས་མོ་སྟེ། །བཅུ་བཞི་པ་ནི་བྱིན་པ་གཉིས། །གནམ་སྟོང་ལ་ནི་རྐང་བོལ་དུའོ། །ཡར་ངོའི་ཟླ་བ་གནས་ལ་ནི། །རིམ་བཞིན་དུ་ནི་བཟློག་པར་བྱ། །འཕེལ་
དང་འགྲིབ་པའི་ཚུལ་དུ་ནི། །མཁས་པས་ཤེས་ནས་སྤེལ་བར་བྱ། །སྨིན་དྲུག་དང་ནི་སྨལ་པོ་མགོ །ཁ་དང་རྟ་ཆུང་དེ་བཞིན་ཏེ། །བྲེ་དང་ཕུལ་དག་ཚེས་ལ་ནི། །མཁས་པས་རྟག་ཏུ་སྤང་བར་བྱ། །དུས་མིན་ལ་ནི་མི་བརྩམ་སྟེ། །རོལ་བྱེད་མ་དང་ཕྲད་མི་
བྱ། །གལ་ཏེ་ཆགས་པས་འཇུག་གྱུར་ན། །ཐེ་ཚོམ་མེད་པར་འཆི་བར་འགྱུར། །མཉམ་པའི་བདེ་བ་དུས་སུ་ནི། །རོལ་མོ་སྣ་ཚོགས་བསྟེན་པར་བྱ། །བུད་མེད་མཆོག་རྣམས་མགུ་བྱའི་ཕྱིར། །དང་པོ་ཐུན་གཉིས་བསྟེན་པར་བྱ། །སོ་དང་སེན་མོས་གདབ་
པ་ནི། །བདེ་བའི་དུས་སུ་བསྟེན་པར་བྱ། །བདེ་བས་མྱོས་པའི་དུས་སུ་ནི། །སེན་མོ་ལ་སོགས་ཁྱད་པར་གདབ། །ཉི་མ་ཟླ་བ་འཕོ་དུས་དང་། །ཟླ་བ་ཞག་གི་མཚམས་དེ་བཞིར། །འཆི་བས་འདོད་པ་སྤྱད་མི་བྱ། །བུད་མེད་ཟླ་མཚན་དུས་སུ་ནི། །ས་
Vol. 53 · folio 276b
བོན་ལེན་པས་སྤང་བར་བསྔགས། །སྐལ་ལྡན་མ་ཡི་བྷ་ག་ལས། །མཁས་པས་མེ་ཏོག་བླང་བྱས་ནས། །བཞོས་ཐོག་འོ་མར་བསྲེས་བྱས་ནས། །བུད་མེད་མོ་གཤམ་རྣམས་ལ་ནི། །བྱིན་པས་བུ་བཟང་སྐྱེ་བར་འགྱུར། །གཞན་གྱིས་མི་ཐུབ་དཀར་
པོའི་རྩི། །སྐུད་པ་དཀར་པོས་དཀྲི་བར་བྱ། །བུད་མེད་རྐེད་པར་བཅིང་བྱས་ན། །བདེ་བར་བུ་ནི་བཙའ་བར་འགྱུར། །འདོད་པའི་བསྟན་བཅོས་རྒྱས་པ་ལས། །བཅིང་ཐབས་བཞི་པོ་བཤད་པར་བྱ། །པདྨའི་བཅིང་ཐབས་ཉིས་ལོག་དང་། །བརླ་བསྡམས་དང་ནི་
རེག་པའོ། །བྷ་ག་ལ་ནི་འོ་བྱས་ནས། །སྐྱེ་གནས་ལག་པས་རྩེ་བར་བྱ། །འབད་པས་ལིངྒ་བཅུག་བྱས་ནས། །དལ་བས་བརྒྱབ་པ་བརྩམ་པར་བྱ། །རྐང་པ་བྱིན་པས་གནས་བྱས་ནས། །མགུལ་ནས་རྟག་ཏུ་འཁྱུད་པར་བྱ། །སེན་མོ་ཡན་
ལག་འདྲི་བྱས་ནས། །མྱུར་བའི་བརྒྱབ་པ་བརྩམ་པར་བྱ། །འདི་ནི་པདྨའི་བཅིང་ཐབས་ཏེ། །པདྨ་ཅན་དང་ལྷན་ཅིག་བརྩམ། །འདི་ནི་པདྨ་ཅན་དགྱེས་པས། །ལྷན་ཅིག་སྐྱེས་པའི་ཡོན་ཏན་ཏེ། །རྐང་པ་གཅིག་གིས་མནན་བྱས་ནས། །རྐང་པ་གཅིག་
བཅིངས་ཁྱད་པར་དུ། །འབད་པས་རྟག་ཏུ་ཆུད་བྱས་ན། །འཇམ་པའི་བརྒྱབ་པ་བརྩམ་པར་བྱ། །བྱིན་པ་ཡིས་ནི་ཕྱེ་བས་ན། །རང་གི་བྱིན་པའི་ནང་དུ་འཇུག །དེ་ནས་ཕྲག་པར་དགལ་བར་བྱ། །སླར་ཡང་མགུལ་ནས་གཟུང་བར་བྱ། །རྟགས་ནི་འབད་
པས་འཇུག་བྱས་ནས། །ཡང་དང་ཡང་དུ་བརྒྱབ་པར་བྱ། །རང་གི་ཡོན་ཏན་འབྱུང་འགྱུར་ན། །འོ་མས་ལན་གསུམ་བཀྲུ་བྱས་ནས། །དེ་བཞིན་བྷ་ག་བཀྲུ་བར་བྱ། །དུང་ཅན་མ་ཡི་ནུ་མ་བཟུང་། །སྔ་མའི་འདུག་སྟངས་སླར་བཅིངས་ནས། །བསྲུབ་ཅིང་
སྔགས་འདི་བརྗོད་པར་བྱ། །ཨོཾ་ཙ་ལ་ཙ་ལ་སྭཱ་ཧཱ། །སྟོང་བཟླས་པས་ནི་དངོས་གྲུབ་སྟེ། །ཡོན་ཏན་བསླབ་རྣམས་སྐྱེ་བར་འགྱུར། །དེ་ནི་གཉིད་ལོག་འདུག་སྟངས་ཏེ། །དུང་ཅན་མ་དང་ལྷན་ཅིག་བཤད། །བརླ་གཉིས་ཀྱིས་ནི་བརླ་བསྡམས་ཏེ། །ནུ་མ་
Vol. 53 · folio 277a
ལག་པས་གཟུང་བར་བྱ། །བྱིན་ཁུང་གྲུ་མོས་ཕྱེ་བྱས་ནས། །འབད་པས་རྟགས་ནི་འཇུག་པར་བྱ། །དེ་ནི་གླང་མོ་དག་གིས་ནི། །རོལ་བྱེད་མ་ཡི་བྱིན་པ་ཕྱེ། །མ་མཆུ་ཙུམ་པ་བྱས་ནས་སུ། །དེ་ཡི་འོག་ཏུ་བརྒྱབ་པར་བྱ། །འདི་ནི་བསྡམས་པའི་འདུག་སྟངས་
ཏེ། །གླང་ཆེན་མ་ལ་སྦྱར་བྱས་ནས། །ཡོན་ཏན་རྒྱུན་རྣམས་སྟེར་བར་འགྱུར། །ཡན་ལག་ཕན་ཚུན་འཁྱུད་བྱས་ནས། །རོལ་བྱེད་མ་ཡི་ནུ་དྲག་འཇིབ། །རང་གི་བརླ་སྟེང་གཞག་བྱས་ནས། །རྟགས་ནི་འབད་པས་འཇུག་པར་བྱ། །ས་ལ་བསྡད་པར་བྱས་ནས་ནི། །དེ་
འོག་མགྲིན་པ་གཡས་པས་འཁྱུད། །ལག་པ་གཡོན་པ་གཙོ་བོས་གཟུང་། །ཡང་དང་ཡང་དུ་བརྒྱབ་པར་བྱ། །སྣ་ཚོགས་མ་དང་ལྷན་ཅིག་ཏུ། །རེག་པའི་འདུག་སྟངས་ཙོག་པུར་བཤད། །སྣ་ཚོགས་མ་ནི་ཙུམ་པ་ནས། །མགྲིན་པར་འཁྱུད་པས་ཡོན་ཏན་སྟེར། །དེ་དང་ཆང་
ནི་བཏུང་བར་བྱ། །བཅུད་ཀྱིས་ལེན་ཀྱང་ཁྱད་པར་དུ། །ཡང་དང་ཡང་དུ་ངལ་སོ་ཞིང་། །སོ་རྩི་དག་ཀྱང་བཟའ་བར་བྱ། །ཚིག་ནི་སྙན་པར་སྨྲ་བར་བྱ། །འབད་པས་རིགས་ཀྱི་སྒྲ་ནི་བརྗོད། །དུས་ཤེས་པ་ཡི་མཁས་པས་ནི། །སྣ་ཚོགས་གོས་ནི་བགོ་བར་བྱ། །པདྨའི་དྲི་ཅན་
པདྨ་ཅན། །དུང་མ་མར་གྱི་དྲི་ཡིས་བརྟག །གླང་ཆེན་མ་ནི་རྡུལ་དྲིས་སོ། །འོ་མའི་དྲི་ཡིས་སྣ་ཚོགས་བརྟག །ནུ་མ་བཙིར་བར་བྱ་བ་དང་། །མཁས་པས་མང་དུ་ཙུམ་པ་ན། །མགྲིན་པར་འཁྱུད་ཅིང་མ་མཆུ་མྱང་། །དེ་ལྟར་ལས་རྣམས་བྱས་ནས་ནི། །དེ་ནས་གླུ་དང་གར་རྣམས་ཀྱིས། །
རོལ་བྱེད་མ་རྣམས་མགུ་བར་བྱ། །འདོད་ཆགས་ཁྱད་པར་སྦྱར་བ་ཡིས། །འཁོར་བའི་སྡུག་བསྔལ་སྐྱེ་མི་འགྱུར། །འདོད་ལྡན་གང་ཟག་རྣམས་ཀྱིས་ནི། །སེར་སྣ་ཞེ་སྡང་སྤང་བར་བྱ། །དུལ་ཞིང་ངོ་ཚ་ཤེས་པ་དང་། །རོལ་བྱེད་མ་ཡི་རྩེ་ཟླ་རྣམས། །འབད་དེ་ཀུན་དུ་གསང་བར་བྱ། །འཇམ་
པས་འདུལ་ཏེ་དྲག་པོས་མིན། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི། །འདོད་པའི་བསྟན་བཅོས་རྒྱས་པ་ལས། །བསྡུས་ཏེ་གཟུགས་བཟང་བདག་གིས་ནི། །འགྲོ་ལ་ཕན་ཕྱིར་སྙིང་པོར་བསྡུས། །འདོད་པའི་བསྟན་བཅོས་མདོར་བསྡུས་པ་སློབ་དཔོན་གཟུགས་བཟང་གིས་མཛད་པ་རྫོགས་སོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words