དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན

Sanskrit title (Tibetan script, as in the text) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 56 · folio 183a

མཐུ་ལས་ལྷའི་དངོས་གྲུབ་དམ་པ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་རྟོག་པ་ཐམས་ཅད་ཀྱི་སྙིང་པོ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏོ། །ཡེ་ཤེས་གང་གིས་རྟོག་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་འབྱུང་བ་གང་ཡིན་པ་རྒྱུད་

གང་དུ་སྟོན་པ་གང་ཡིན་པ་དེ་ནི་རྟོག་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དོ། །ཡིད་ཀྱི་འདོད་པའི་ཆོ་ག་ཡིས། །ཡིད་ཀྱི་འདོད་པ་འགྲུབ་འགྱུར་ཏེ། །ཞེས་བྱ་བ་ལ་ཡིད་ཀྱི་འདོད་པའི་ཆོ་ག་ནི་རྣམ་པ་གང་དང་གང་གིས་ཏིང་ངེ་འཛིན་གང་དང་གང་ཡིད་ལ་ཐོབ་པ་དེ་དང་དེ་ནི་ཡིད་ཀྱི་འདོད་

པའི་ཆོ་ག་ཞེས་བྱའོ། །ཡིད་ཀྱིས་འདོད་པ་འགྲུབ་འགྱུར་ཏེ། །ཞེས་བྱ་བ་ལ་ཡིད་ཀྱིས་འདོད་པ་མངོན་པར་འདོད་པ་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་འགྲུབ་པ་སྟེ། དེ་ཡང་ཏིང་ངེ་འཛིན་གྱིས་འགྲུབ་སྟེ་ཡིད་ལ་འདོད་པའི་དོན་ཏིང་ངེ་འཛིན་གྱིས་འགྲུབ་པའི་ཕྱིར་ཏིང་ངེ་འཛིན་སྒྲུབ་པ་ཞེས་བྱ་བ་ལ་

དེ་བསྐུལ་བའི་སྒྲ་ཡང་ཏིང་ངེ་འཛིན་སྒྲུབ་པ་ཞེས་བྱའོ། །དེ་ཡང་སྙིང་ལ་གནས་ཞེས་བྱ་བ་ནི་ཐུགས་ལ་གནས་ཞེས་བྱའོ། །དེ་ལྟར་ཐུགས་ལ་གནས་པ་དེའི་ཕྱིར་སྙིང་པོ་ཞེས་བརྗོད་དོ་ཞེས་བྱ་བ་ཡིན་ནོ། །འདི་སྐད་སྟོན་ཏེ། གང་མངོན་པར་འདོད་པའི་དོན་དེ་སྙིང་ལ་ཇི་སྲིད་སྐམ་པ་དེ་སྲིད་དུ་མངོན་པར་

འདོད་པའི་དོན་རབ་ཏུ་སྒྲུབ་པར་བྱེད་དོ། །དེ་སྐུལ་བར་བྱེད་པའི་སྒྲ་དེ་ཡང་བཟླས་པར་གྱུར་ན་རང་གི་དོན་སྙིང་ལ་འཇོག་པར་བྱེད་ཅིང་བསྒོམས་པའི་དོན་དེ་ཡང་གང་དང་གང་གིས་སེམས་ཇི་ལྟ་ཇི་ལྟར་མཉམ་པར་གཞག་པ་དེ་དང་དེའི་ཆོ་གས་བསྒོམ་པར་གྱུར་ན་ཡིད་ལ་འདོད་པ་དེ་རབ་ཏུ་འགྲུབ་པར་འགྱུར་རོ། །

ཡེ་ཤེས་འདི་ནི་ཡང་དག་པར་རྟོགས་པ་ལས་ཀུན་དུ་འབྱུང་བའི་ཡེ་ཤེས་ཞེས་བྱའོ། །ད་ནི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་རྣམས་ཀྱི་ཡེ་ཤེས་གང་གིས་འབྱུང་བ་རྒྱུད་གང་དུ་སྟོན་པ་དེ་ནི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དོ། །ཇི་ལྟར་རྒྱལ་པོའི་ཕྱག་རྒྱའི་མཆོག །ཁྲིམས་ནི་འདའ་

དཀའ་མི་ཕྱེད་བཞིན། །ཞེས་བྱ་བ་ནི་དཔེས་བསྟན་པ་ཡིན་ཏེ་དཀའ་བས་འདའ་བར་བྱ་བ་ཡིན་པས་ན་འདའ་བར་དཀའ་བའོ། །དེ་བཞིན་དུ་སུ་ཞིག་གིས་ཀྱང་གཞིག་པར་མི་ནུས་པའི་ཕྱིར་ན་མི་ཕྱེད་པའོ། །དེ་གང་ཡིན་ཞེ་ན། རྒྱལ་པོའི་ཕྱག་རྒྱ་མཆོག་གི་ཁྲིམས་ཏེ་རྒྱལ་པོས་རྒྱས་འདེབས་པའི་

Vol. 56 · folio 183b

ཁྲིམས་ཀྱི་མཆོག་ནི་རྒྱལ་པོའི་གཙིགས་ཞེས་བྱ་བའི་དོན་ཏེ་རྒྱལ་པོའི་ཁྲིམས་ནི་ལུང་བསྒོ་བ་ལ་བྱ་སྟེ། བྱ་བ་དང་མི་བྱ་བའི་རྣམས་ཆབས་འོག་གི་འབངས་རྣམས་ཀྱིས་འདའ་བར་མི་བྱེད་པའོ། །དེ་ཡང་སོར་གདུབ་ལ་སོགས་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་མི་ཕྱེད་པ་ཡིན་ཏེ། དེ་ལྟར་འདའ་བར་

དཀའ་ཞིང་མི་ཕྱེད་པའི་ཕྱིར་རྒྱལ་པོས་རྒྱས་འདེབས་པ་ལ་ཁྲིམས་ཞེས་བྱའོ། །དེ་བཞིན་དུ། བདག་ཉིད་ཆེན་པོའི་གཟུགས་བརྙན་གྱི། །མཚན་མ་ཕྱག་རྒྱ་ཞེས་པར་གྲགས། །ཞེས་བྱ་བ་ཡིན་ཏེ་བདག་ཉིད་ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེའི་གཟུགས་བརྙན་གྱི་

མཚན་མ་ནི་ལག་པ་ལ་སོགས་པ་ཕྱག་རྒྱའི་ཐབས་སུ་བྱེད་པ་ལ་བྱས་ཏེ། སེམས་ཅན་ཕལ་པ་རྣམས་ཀྱིས་ཀྱང་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེའི་སྐུར་སྣང་བ་ལ་སོགས་པ་ལྷག་པར་མོས་པར་བྱས་ལ་བདག་ཉིད་དེའི་ང་རྒྱལ་དུ་བསྐྱེད་དོ། །དེའི་ཡོན་ཏན་གྱི་ཚོགས་རྣམས་ཀྱང་ཅི་

ནུས་སུ་བསམས་ན་དེ་ལྟ་བུར་གནས་པ་དེའི་དབང་གིས་དེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཀྱང་ཕྱག་རྒྱ་དེ་ཕྱེད་པར་མི་ནུས་སོ། །གང་དེས་ཚིག་བརྗོད་པ་དེ་ཡང་དེའི་གསུང་བརྗོད་ལ། དེ་བཞིན་དུ་བདག་ཉིད་ཡིན་པའི་ང་རྒྱལ་བྱས་ན་རྒྱལ་པོའི་ཁྲིམས་བཞིན་དུ་དེ་ལས་འདའ་ནུས་པར་མི་འགྱུར་ཏེ།

ཚུལ་དེ་ལྟ་བུའི་ཡེ་ཤེས་ནི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་ཞེས་བྱའོ། །ད་ནི་འདའ་བར་བྱ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པས་སྔགས་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། འདའ་བར་བྱ་བ་མ་ཡིན་ཞིང་། །ཞེས་བྱ་བ་ནི་ངེས་པར་བྱའོ། །དབྱེ་བར་དཀའ་བ་ནི་བསྒྲགས་པར་བྱ་བ་མ་ཡིན་པའོ། །གསང་བ་

ཉིད་ཅེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱིས་མི་ཤེས་པ་ཉིད་དུ་སྟོན་ཏོ། །གསང་སྒྲུབ་ཕྱིར་ནི་བརྗོད་པས་ན། །ཞེས་བྱ་བ་ནི་དཔེར་ན་རྒྱལ་པོས་བློན་པོ་དང་གྲོས་བྱེད་པ་ཡང་གསང་བར་བྱ་བའི་དོན་འགྲུབ་པར་བྱ་བའི་ཕྱིར་ཡིན་པས་ན་གྲོས་སུ་བརྗོད་པ་ཞེས་པའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་

ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་གང་འཁོར་གྱི་དཀྱིལ་འཁོར་དུ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་གྱིས་རྗེས་སུ་བསྡུས་པའི་གསུང་བརྗོད་པ་དེ་ལ་སྔགས་ཞེས་བྱ་བ་

Vol. 56 · folio 184a

ཡིན་ལ། དེ་ཡང་ལྷ་ལ་སོགས་པས་འདའ་བར་བྱ་བ་མ་ཡིན་ཞིང་། བདུད་ཀྱིས་དབྱེ་བར་དཀའ་ལ་ཐམས་ཅད་དུ་བསྒྲགས་པར་བྱ་བ་མ་ཡིན་པས་ན་གསང་བ་ཉིད་ཡིན་ནོ། །གང་དེ་ལྟ་བུའི་ཡེ་ཤེས་དེ་ནི་སྔགས་འབྱུང་བའི་ཡེ་ཤེས་ཡིན་ཏེ་གང་གི་ཕྱིར། དགོས་པ་འགྲུབ་

ཕྱིར་སྒྲོགས་པས་ན། །དེས་ན་སྔགས་ཞེས་བརྗོད་པ་ཡིན། །ཞེས་བྱ་བའོ། །ད་ནི་རིག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། རིག་པ་རྣམས་ཡེ་ཤེས་གང་ལས་འབྱུང་བ་དེ་ནི་རིག་པ་འབྱུང་བའི་ཡེ་ཤེས་ཏེ། དེ་རྒྱུད་གང་དུ་སྟོན་པ་དེ་ནི་རིག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དོ། །མ་རིག་པ་ནི་གཞོམ་

པ་དང་། །ཞེས་བྱ་བ་ནི་མ་རིག་པ་སྤང་བའི་ཕྱིར་རོ། །ངག་གི་རིག་མཆོག་འགྲུབ་པའི་ཕྱིར། །ཞེས་བྱ་བ་ནི་ཚིག་གི་བདག་ཉིད་ཅན་གྱི་རིག་པ་གྲུབ་པའི་ཕྱིར་རོ། །རྟོག་ཅིང་རིག་པའི་དངོས་གྲུབ་སྟེ། །ཞེས་བྱ་བ་ནི་རྟོག་པ་ཁོང་དུ་ཆུད་པའི་དངོས་གྲུབ་སྟེ་ཁོང་དུ་ཆུད་པ་དེས་མ་རིག་པ་སྤངས་ཏེ།

སེམས་ཅན་རྣམས་ཀྱི་དགོས་པ་གྲུབ་པའི་ཕྱིར་ཚིག་ཏུ་བརྗོད་པ་གང་ཡིན་པ་དེའི་ཕྱིར་རིག་པ་ཞེས་བརྗོད་དོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའི་རྒྱུད་སྟོན་ཏེ་རྟོག་པ་ཐམས་ཅད་དུ་ཐབས་གང་གིས་ཡེ་ཤེས་འབྱུང་བར་འགྱུར་བ་དེ་ནི་རྟོག་

པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའོ། །ཐབས་འདི་རྒྱུད་གང་དུ་སྟོན་པ་དེ་ནི་རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའི་རྒྱུད་དོ། །དེ་ལས་ཀྱང་དང་པོར་སྙིང་པོའི་ཡེ་ཤེས་སྐྱེ་བའི་རྒྱུད་སྟོན་ཏེ། སྙིང་པོས་ཡེ་ཤེས་ཇི་ལྟར་སྐྱེ་བར་འགྱུར་བ་དེ་སྟོན་ཏོ། །སྙིང་པོ་བཟླས་ཏེ་བདག་གམ་ནི། །གཞན་

ཡང་རུང་སྟེ་བྱུང་བ་དང་། །ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ། རྡོ་རྗེ་ཕྲ་མོ་སྒོམ་པ་གོམས་པར་བྱས་ནས་ཕྱག་རྒྱ་བཞི་དང་ཡང་དག་པར་ལྡན་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། དེ་ནས་དེས་བཟླས་པ་བྱ་བའི་སྙིང་པོ་གང་ཡིན་པ་དེ་བརྒྱད་སྟོང་བཟླས་ན་བདེན་པའི་བྱིན་གྱིས་བརླབ་

བྱའོ། །གང་འཇུག་པའམ་བཟློག་པའི་མཚན་ཉིད་ཀྱི་ཆོས་རྣམས་ལས་གང་ལ་ལ་ཞིག་ངེས་པ་ཁོ་ནར་གོམས་པར་བྱ་བ་དེ་དང་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་བདག་གིས་ཆོས་འདི་སྐྱེས་ཚུན་ཆད་དམ། སྡོམ་པ་བླངས་ཚུན་ཆད་འཇུག་པའི་མཚན་ཉིད་དམ། ལྡོག་པའི་མཚན་ཉིད་ལེགས་པར་

Vol. 56 · folio 184b

བཅད་ཅིང་བར་ཆད་མེད་པར་ཉམས་སུ་བླངས་པ་འདིའི་བདེན་པ་དང་། བདེན་པའི་ཚིག་དང་སངས་རྒྱས་ཀྱི་བདེན་པ་དང་ཆོས་ཀྱི་བདེན་པ་དང་དགེ་འདུན་གྱི་བདེན་པ་དང་བདེན་པར་སྨྲ་བ་རྣམས་ཀྱི་བདེན་པས་བདག་གམ་གཞན་ནམ་བྱུང་བ་དང་འབྱུང་བ་དང་། འབྱུང་བར་འགྱུར་བ་གང་ཅུང་ཟད་ཡན་ཆད་

བདག་གིས་ཤེས་པར་འདོད་པ་དེ་བདག་ཉིད་མཉམ་པར་གཞག་པའི་སེམས་དཔའ་འདི་ལ་མཐོང་ཞིང་ཐོས་པ་སྣང་བར་གྱུར་ཅིག་ཅེས་བྱའོ། །དེ་ལྟར་རང་གི་ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱིས་གནས་པར་བྱའོ། །དེ་ནས་དེའི་ཡེ་ཤེས་ལ་དེ་དག་དེ་བཞིན་དུ་མཐོང་བ་དང་ཐོས་པའི་སྣང་བ་སྐྱེ་བར་

འགྱུར་ཏེ་འདི་ནི་སྙིང་པོའི་ཡེ་ཤེས་སོ། །ད་ནི་ཕྱག་རྒྱའི་ཡེ་ཤེས་འབྱུང་བའི་རྒྱུད་སྟོན་ཏེ། ཡིད་ཀྱིས་ཆོ་ག་ཇི་བཞིན་དུ། །ཞེས་བྱ་བ་ནི་སྨྲས་མ་ཐག་པའི་ཆོ་གས་སོ། །གང་ཡང་རུང་བའི་ཕྱག་རྒྱ་བཅིངས། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་བཅིང་བའོ། །འཇིག་རྟེན་པ་ལས་

བལྟས་ན་ནི། །ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཡིད་ཀྱིས་སོ། །གོང་མ་བཞིན་ཞེས་བྱ་བ་ནི་འདས་མ་ཐག་པ་བཞིན་དུ་ཤེས་པར་བྱའོ། །ཀུན་ཤེས་འགྱུར་ཞེས་བྱ་བ་ནི་མཐོང་བ་དང་ཐོས་པར་འགྱུར་བའོ། །ད་ནི་སྔགས་ཀྱི་ཡེ་ཤེས་འབྱུང་བའི་རྒྱུད་སྟོན་ཏེ། སྔགས་ཀྱི་ཡེ་ཤེས་འབྱུང་བས་ན་

སྔགས་ཀྱི་ཡེ་ཤེས་འབྱུང་བའོ། །ལན་ཅིག་ཙམ་ཡང་སྔགས་བརྗོད་ན། །ཞེས་བྱ་བ་ལ་སོགས་པ་ལ་རང་གི་ལྷའི་རྣལ་འབྱོར་བྱས་ལ་ལན་ཅིག་སྔགས་བརྗོད་པ་ནི་བཟླས་པར་བྱ་བའི་སྔགས་བརྗོད་ན་རང་གི་ལྕེ་ལ་སྨྲ་བར་འགྱུར་རོ། །ཅི་ཞིག་སྨྲ་བར་འགྱུར་ཞེ་ན། དེའི་ཕྱིར། འདས་དང་བྱུང་དང་

འབྱུང་གང་ཡིན། །དེ་དག་ཐམས་ཅད་བདེན་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཡིད་ལ་བསྐུལ་བ་རྩེ་གཅིག་ཏུ་བྱས་ནས་ཕྱག་རྒྱ་བཞིའི་རྣལ་འབྱོར་པ་དེས་ཇི་ལྟར་གསོལ་བ་བཏབ་པའི་དོན་དེ་དག་ཐམས་ཅད་སྔགས་ཀྱི་མཐུས་དེའི་ལྕེ་ལ་གསལ་བ་ཉིད་དུ་སྨྲ་བར་འགྱུར་རོ་ཞེས་བཅོམ་

ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ། །ད་ནི་རིག་པའི་ཡེ་ཤེས་སྐྱེ་བའི་རྒྱུད་སྟོན་ཏེ། རིག་པ་ལན་ཅིག་བརྗོད་ན་ནི། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་དུ་བྱས་པ་ལ་སོགས་པ་གོང་མ་བཞིན་དུ་བྱས་ནས་ཏིང་ངེ་འཛིན་ལ་གནས་ཏེ་རིག་པ་ལན་ཅིག་བརྗོད་པར་བྱའོ། །

Vol. 56 · folio 185a

ཡིད་ཀྱིས་དེ་ནི་ཤེས་པར་འགྱུར། །ཞེས་བྱ་བ་ལ་འདིར་ཁྱད་པར་འདི་ཡོད་དེ། སྔ་མ་ནི་ལྕེ་ཉིད་ལས་འདོད་པའི་དོན་སྟོན་པར་བྱེད་པའི་སྒྲ་ཐོས་པར་འགྱུར་ལ། དེ་ལྟར་འདིར་ནི་ཇི་ལྟར་བསམས་པའི་དོན་རྩེ་གཅིག་ཏུ་མཉམ་པར་གཞག་པའི་སེམས་ལ་སྣང་བར་འགྱུར་རོ། །ད་ནི་རིགས་

ཐམས་ཅད་ཀྱི་ཐུན་མོང་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། སྐུའི་ཕྱག་རྒྱ་དང་གསུང་གི་ཕྱག་རྒྱ་དང་ཐུགས་ཀྱི་ཕྱག་རྒྱ་དང་རྡོ་རྗེའི་ཕྱག་རྒྱ་འདི་རྣམས་ཐུན་མོང་དུ་བསྒྲུབ་པའི་རྒྱུད་ཡིན་ནོ། །དེ་ལས་ཀྱང་དང་པོར་དེ་བཞིན་གཤེགས་པའི་གསང་བའི་སྐུའི་ཕྱག་རྒྱ་

བསྒྲུབ་པར་བཤད་དེ། ཇི་ལྟར་དེ་ལྟར་འདུག་ནས་ཀྱང་། །སྐྱིལ་མོ་ཀྲུང་བཅས་ཞེས་བྱ་བ་ནི་སྒྲུབ་པ་པོས་སྐྱིལ་ཀྲུང་གིས་འདུག་པར་བྱ་བ་ལ་སྐྱིལ་མོ་ཀྲུང་ལ་ནི་ངེས་པ་མེད་པས་ན་གང་ཡང་རུང་བའི་སྐྱིལ་མོ་ཀྲུང་དེས་འདུག་པར་བྱའོ། །བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་དོ། །ཇི་

ལྟར་རི་མོའི་ཚུལ་བྱས་ན། །ཞེས་བྱ་བ་ནི་སེམས་དཔའ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་བཅིང་ལ་དངོས་གྲུབ་རྣམས་སྒྲུབ་ན་དེ་ལྟ་བུས་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་བཞིན་དུ་རྡོ་རྗེའི་རིགས་ལ་ཡང་དངོས་གྲུབ་འདོད་པས་སྤྱིར་གཡོན་བརྐྱང་

པའི་ཚུལ་དུ་གནས་པར་བྱ་ཞིང་ཤིན་ཏུ་ཁྲོས་པར་བྱས་ལ་དེ་ལྟ་བུས་སྒྲུབ་པར་བྱས་ན་ཐེ་ཚོམ་མེད་པར་ཐམས་ཅད་འགྲུབ་པར་འགྱུར་རོ། །པདྨོའི་རིགས་ལ་ཡང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་པར་བྱ་སྟེ། རྡོ་རྗེ་སྐྱིལ་མོ་ཀྲུང་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་སྐྱིལ་མོ་ཀྲུང་གིས་གནས་པས་ན་

སྐྱིལ་མོ་ཀྲུང་བཅས་ལ་ཞེས་བྱའོ། །དེ་ནས་དེའི་སྟེང་དུ། ལག་གཉིས་རྡོ་རྗེ་བཅངས་ནས་ཀྱང་། །ཏིང་ངེ་འཛིན་གྱི་སྐུར་འགྱུར་ལ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་ལག་པ་གཉིས་བཀན་ཏེ་བཞག་ལ་ལུས་དྲང་པོར་བསྲངས་ཏེ་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །པདྨོ་འབྱུང་བ་བསྒྲུབ་

པར་བྱ། །ཞེས་བྱ་བ་ནི་གང་གི་དོན་དང་ཡེ་ཤེས་པདྨོའི་རིགས་ལས་བྱུང་བ་དེ་ནི་པདྨོའི་འབྱུང་བ་ཞེས་གསུངས་སོ། །ནོར་བུའི་རིགས་ལ་ཡང་ལུས་ཀྱི་གནས་པ་ངེས་པ་མེད་པས་ན་ཇི་ལྟར་འདུག་ཀྱང་རུང་བ་དེ་ལ་རྡོ་རྗེ་རིན་པོ་ཆེས་དབང་བསྐུར་ན་ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །ད་ནི་ལྕེ་རྩེ་

Vol. 56 · folio 185b

ཤིན་ཏུ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། ལྕེ་རྩེ་ཤིན་ཏུ་མི་བསྒུལ་ཞིང་། །ཞེས་བྱ་བ་ནི་ལྕེའི་རྩེ་མོ་ཤིན་ཏུ་གཡོ་བར་མི་བྱའོ་ཞེས་པའི་དོན་ཏོ། །སོ་དང་མཆུ་གཉིས་སྦྱར་ནས་ནི། །ཞེས་བྱ་བ་ནི་སོ་དང་མཆུ་གཉིས་ཧ་ཅང་

དམ་དུ་མི་སྦྱར་བའོ། །དེ་ལྟ་བུའི་སྒྲ་དང་བྲལ་བའི་རྡོ་རྗེའི་ཚིག་གིས་རྟོག་པ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་པའོ། །ད་ནི་རྡོ་རྗེ་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། རྡོ་རྗེ་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་གང་དུ་སྟོན་པ་དེ་ནི་རྡོ་རྗེ་རིགས་ཀྱི་གསང་

བའི་གསུང་གི་ཕྱག་རྒྱ་འདི་བསྒྲུབ་པའི་རྒྱུད་དོ། །རྡོ་རྗེའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་འདིའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཧཱུཾ་ཞེས་བྱ་བ་འབྲུག་ལྟར་སྒྲོགས། །ཁྲོ་བོའི་ངག་ནི་ཟབ་ཅིང་བརྟན། །ཞེས་བྱ་བ་གསུངས་ཏེ། ཁྲོ་བོའི་ཚིག་གང་འབྲུག་སྒྲ་ལྟར་སྒྲོགས་པའི་ཧཱུཾ་ཞེས་བྱ་བ་གང་

ཡིན་པ་དེ་ནི་ཧཱུཾ་ཞེས་བྱ་བ་འབྲུག་ལྟར་བསྒྲགས། །ཁྲོ་བོའི་ངག་ཅེས་བྱའོ། །ཧཱུཾ་ཞེས་བྱ་བ་འབྲུག་ལྟར་བསྒྲགས་པ་ཡང་ཡིན་ལ་ཟབ་པ་ཡང་ཡིན་ཏེ། ཟབ་པ་ནི་ས་འོག་གི་གཏིང་རུམ་ཡན་ཆད་དུ་གྲག་པ་སྙམ་དུ་བྱེད་པའོ། །བརྟན་པ་ནི་ཡུན་རིང་བར་འཇུག་ཅིང་རྗེས་སུ་འབྲེལ་པའོ། །

ཁྲོ་བོ་གསལ་ཞེས་བྱ་བ་འདི་ནི་ཁྲོ་བོས་ཁྱབ་པའི་ཁྲོ་བོ་ཆེན་པོའི་ཚིག་ཡིན་ནོ། །དེ་ལྟར་ཤེས་པར་བྱས་ནས་བརྗོད་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་ཞེས་བྱ་བས་གསུངས་སོ། །ད་ནི་པདྨོའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། དབུགས་མི་འབྱིན་པ་

ལྟར་དབུགས་འབྱིན་པའི་ཚིག་གང་ཡིན་པ་དེ་ནི་ཕྲ་བའི་ཚིག་སྟེ་ཤིན་ཏུ་གསལ་བ་ཡང་དེ་ཉིད་ཡིན་ནོ། །འདི་སྐད་སྟོན་ཏེ། དབུགས་དལ་བ་ཡང་ཡིན་ལ་ཡི་གེ་གསལ་བའི་ཚིག་ཀྱང་ཡིན་པས་ན་ཕྲ་བའི་ཚིག་སྟེ་ཁ་ཅིག་ཏུ་ནི་ཆོས་ཀྱི་ཚིག་ཅེས་ཀྱང་སྟོན་ཏོ། །ཚིག་དེས་ཟློས་པ་པོ་ཀུན་ཞེས་བྱ་སྟེ་

ཆོས་ཀྱི་རིགས་ཀྱི་བཟླས་བརྗོད་བྱེད་པ་ཐམས་ཅད་དོ། །ཇི་ལྟ་བུ་དེས་ཟློས་པ་པོ་འགྲུབ་པར་འགྱུར་ཞེ་ན་དེའི་ཕྱིར། ཏིང་འཛིན་ཡེ་ཤེས་སྙིང་པོ་ཡིས། །ཞེས་གསུངས་ཏེ་ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས་ན་ཏིང་ངེ་འཛིན་ཡེ་ཤེས་སོ། །དེ་ཉིད་གང་གི་སྐྱེ་གནས་ཡིན་པ་དེ་ནི་ཏིང་ངེ་

Vol. 56 · folio 186a

འཛིན་ཡེ་ཤེས་སྙིང་པོ་སྟེ། སྙིང་པོ་ནི་སྐྱེ་བའི་རྒྱུ་ཡིན་ལ་དེ་ཟློས་པ་པོ་ཀུན་འགྲུབ་པར་འགྱུར་རོ། །དེ་སྐད་སུས་གསུངས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོས་གསུངས་སོ་ཞེས་བྱ་བ་སྟོན་ཏོ། །འཇིག་

རྟེན་དབང་ཕྱུག་ཅེས་བྱ་བའི་དོན་ཏོ། །ད་ནི་ནོར་བུའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། ནོར་བུའི་རིགས་ཀྱི་གསང་བའི་གསུང་གི་ཕྱག་རྒྱ་ནི་གསང་བ་ཡིན་ལ་གསུང་གི་ཕྱག་རྒྱ་ཡང་ཡིན་པས་ན་གསང་བའི་གསུང་གི་ཕྱག་རྒྱ་སྟེ། དེ་བསྒྲུབ་པ་རྒྱུད་གང་དུ་སྟོན་པའི་རྒྱུད་དེ་

ནི་གསང་བའི་གསུང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་ཅེས་བྱའོ། །གསུང་དེ་ཇི་ལྟ་བུ་ཡིན་ཞེ་ན། ཤིན་ཏུ་ཡོངས་སུ་གསལ་ཚིག་གིས། །རྟག་ཏུ་འདུད་ལས་བརྩོན་བྱེད་ཅིང་། །ཞེས་བྱ་བ་གསུངས་ཏེ། རབ་ཏུ་གསལ་བས་ན་ཤིན་ཏུ་ཡོངས་སུ་གསལ་བ་སྟེ། ཤིན་ཏུ་ཡོངས་སུ་གསལ་བའི་ཚིག་

དེས་རྟག་ཏུ་འདུད་པའི་དམ་པ་ལ་བརྩོན་པར་བྱེད་པའོ། །ཚུལ་ཞེས་བྱ་བ་ནི་སེར་སྣ་ཡོངས་སུ་སྤང་བ་ལ་སོགས་པའི་ཚུལ་གྱིས་སོ། །བཟླས་པར་གྱུར་ན་ནི་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའི་ཚུལ་གྱིས་རྒྱུན་མི་འཆད་པར་ཟློས་ཤིང་རྟག་ཏུ་བཟླ་བའོ། །མྱུར་དུ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་ཕྲིན་ལས་ཀྱིས་གསུངས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་མཆོད་པའི་ཆོ་ག་རྒྱས་པའི་ཕྲིན་ལས་མངའ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་ཕྲིན་ལས་སོ། །ད་ནི་དེ་

བཞིན་གཤེགས་པའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱའི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་གསང་བ་ཡང་ཡིན་ལ་སེམས་ཀྱི་ཕྱག་རྒྱ་ཡང་ཡིན་པས་ན་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱའོ། །དེ་བསྒྲུབ་པ་རྒྱུད་གང་དུ་སྟོན་པ་དེ་ལ་ཡང་འདི་སྐད་ཅེས་བྱའོ། །

རྟག་ཏུ་འདོད་པ་བཅོམ་ལྡན་འདས། །ཞེས་བྱ་བ་ལ་རྟག་པ་ནི་ཡུན་རིང་བ་སྟེ་རྒྱུན་དུ་གནས་པ་ཞེས་བྱ་བའི་དོན་ཏོ། །འདོད་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །སེམས་ཅན་ཐམས་ཅད་བདེ་སྦྱིན་པ། །རྡོ་རྗེ་སེམས་དཔའི་བདག་ཉིད་དུ། །ཞེས་བྱ་བ་ནི་འདི་ལྟ་བུར་བསྒོམས་ན་མྱུར་

Vol. 56 · folio 186b

དུ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་འདོད་པས་གསུངས་སོ་ཞེས་བྱ་བ་སྟེ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །སྔ་མ་ནི་རྡོ་རྗེ་སེམས་དཔའ་ཡིན་པར་ང་རྒྱལ་བསྐྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ནི་རྟོག་པ་དང་སེམས་ཅན་ཐམས་ཅད་ལ་བདེ་བ་སྦྱིན་པ་དང་རྡོ་རྗེ་སེམས་དཔའ་ཡང་བདག་ཡིན་ནོ་

ཞེས་ཁྱད་པར་དུ་འཕགས་པའི་རྡོ་རྗེ་སེམས་དཔར་ང་རྒྱལ་བསྐྱེད་པ་སྟེ་བྱེ་བྲག་ནི་དེ་ཡོད་དོ། །ད་ནི་རྡོ་རྗེ་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། སེམས་ཅན་ཀུན་ཞེས་བྱ་བ་ལ་སོགས་པ་ལ་གདུག་པ་རྣམས་ཀྱིས་གཙེས་པའི་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་ཁྲོ་བོ་

ཆེན་པོར་བྱའོ་ཞེས་བྱ་བ་དང་། སེམས་ཅན་མ་རུངས་པ་རྣམས་ཆད་པས་གཅད་ཅིང་ང་རྒྱལ་གཞོམ་པའི་ཕྱིར་དང་། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བྱ་བའི་ཕྱིར་བདག་ཁྲོ་བོར་བྱའོ་ཞེས་དེ་ལྟ་བུས་ཁྲོ་བོར་བྱེད་ན་ཤིན་ཏུ་ཡང་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པའོ། །ད་ནི་པདྨོའི་རིགས་ཀྱི་གསང་

བའི་སེམས་ཀྱི་ཕྱག་རྒྱའི་བསྒྲུབ་པའི་རྒྱུད་སྟོན་ཏེ། ཇི་ལྟར་པདྨོ་ཞེས་བྱ་བ་ལ་སོགས་པས་ནི་དཔེ་སྟོན་ཏེ་རབ་ཆགས་ལ། བསྒོམས་པའི་སྐྱོན་གྱིས་མི་གོས་ལ། །ཞེས་བྱ་བ་ནི་ཇི་ལྟར་པདྨ་དམར་པོ་ཡིན་དུ་ཟིན་ཀྱང་ཆུའི་ཉེས་པས་མི་གོས་པ་བཞིན་དུ་དེ་བཞིན་དེ་དག་ཀྱང་འཁོར་བའི་སྐྱོན་གྱིས་མི་

གོས་པའོ། །སྲིད་ལ་ཆགས་པ་ཞེས་བྱ་བ་ནི་འཁོར་བ་ལ་ཆགས་པ་སྟེ། འདི་ནི་དཔེས་བསྟན་པའི་དོན་ཡིན་པ་དེ་ལྟར་ཤེས་ན་དེ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་པདྨོ་འདོད་པས་གསུངས་སོ། །ད་ནི་ནོར་བུའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་

སྟོན་ཏེ། ནོར་བུའི་རིགས་ཀྱི་གསང་བའི་སེམས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་གཞན་གྱིས་མི་ཤེས་པའི་ཕྱིར་གསང་བའོ། །སེམས་བསྐྱེད་པ་ཉིད་ཕྱག་རྒྱ་ཡིན་པས་ན་སེམས་ཀྱི་ཕྱག་རྒྱ་སྟེ་དེའི་བསྒྲུབ་པ་རྒྱུད་གང་དུ་སྟོན་པ་དེ་ནི་གསང་བའི་སེམས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་ཅེས་བྱའོ། །དེ་ཇི་ལྟ་བུ་ཞེ་ན།

ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི། །དགོས་པའི་དོན་ནི་ཀུན་སྒྲུབ་ཅིང་། །རིན་ཆེན་ཆར་ནི་འབེབས་འགྱུར་ཞེས། །གྲུབ་ན་ཞེས་བྱ་བ་གསུངས་ཏེ། དེ་ལྟར་བསམས་ན་དེ་མྱུར་བར་འགྲུབ་པོ་ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་

Vol. 56 · folio 187a

གསང་བའི་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་སྨོས་པས་ནི་འདིར་གཡོན་པའི་རྡོ་རྗེ་ཁུ་ཚུར་གཟུང་ངོ་། །ཇི་ལྟར་ལངས་སམ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་ཀྱི་རྣལ་འབྱོར་སྟོན་ཏོ། །ལག་པ་གཡོན་པ་ཕྱག་རྒྱ་མཆོག །ཅེས་བྱ་བ་ནི་ལག་པ་གཡོན་པའི་རྡོ་རྗེ་

ཁུ་ཚུར་དུ་ཆིངས་ཤིག་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་བྱེད་ན་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་དགོས་པ་ཐམས་ཅད་བྱེད་བཞིན་དུ་བདུག་པ་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཡིད་ཀྱིས་བྱེད་ན་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བས་གསུངས་སོ་ཞེས་

བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འཛིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའོ། །འདི་སྐད་སྟོན་ཏེ། དཀྱིལ་འཁོར་དུ་ཞུགས་ཏེ་དམ་ཚིག་ཐོབ་ནས་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་ནས་རང་གི་ལྷའི་རྣལ་འབྱོར་བྱས་ཏེ། རྡོ་རྗེ་ཁུ་ཚུར་གཡོན་པས་བཅངས་

ལ་གོས་ཀྱིས་བཀབ་ནས་ཤིན་ཏུ་རྩེ་གཅིག་པའི་རྣལ་འབྱོར་གྱིས་ཁྱིམ་གྱི་ལས་ཐམས་ཅད་ཀྱང་བྱེད་ཅིང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བྱེད་བཞིན་དུ་ཡང་ཐ་སྙད་དུ་བྱ་བ་གང་དང་གང་བྱེད་པ་དེ་དང་དེ་རང་གི་ལྷའི་ཏིང་ངེ་འཛིན་དུ་གནས་ལ་ཡིད་ཀྱིས་བདུག་པ་ལ་སོགས་པའི་མཆོད་པ་བྱེད་པ་ན་དེའི་མཚན་མ་

ཐོབ་པར་གྱུར་ནས་སྒྲུབ་པ་ལ་ཞུགས་པར་འགྱུར་ན་འགྲུབ་པར་འགྱུར་རོ་ཞེས་པའོ། །ད་ནི་རྡོ་རྗེ་རིགས་ཀྱི་གསང་བའི་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་སྟོན་ཏེ། ཇི་ལྟར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། རྡོ་རྗེ་ཁྲོ་བོའི་མཛུབ་མོ་ཞེས་བྱ་བའི་ཁྱད་པར་འབའ་ཞིག་ཏུ་ཁྱད་པར་ཡོད་དུ་

ཟད་ཀྱི། ལག་པ་གཡོན་པའི་བྱ་བ་གཞན་ཐམས་ཅད་ཀྱང་འདྲ་བ་ཡིན་ནོ། །པདྨོའི་རིགས་ལ་ཡང་པདྨོའི་ཁུ་ཚུར་འབའ་ཞིག་ཏུ་ཁྱད་པར་ཡོད་དུ་ཟད་ཀྱི་གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །རིན་པོ་ཆེའི་རིགས་ལ་ཡང་རིན་པོ་ཆེ་ཁུ་ཚུར་གྱི་ཁྱད་པར་དབྱེ་སྟེ་ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་

མཛུབ་མོ་དང་མཐེ་བོ་ནོར་བུར་བྱས་ཏེ་གོས་ཀྱིས་གཡོགས་སོ། །རིམ་གྲོར་ཞེས་བྱ་བ་ནི་ལག་པ་ལེགས་པར་བཀྲུས་ཏེ་ཙནྡན་ལ་སོགས་པས་བྱུགས་ལ་ཁུ་ཚུར་བཅངས་ལ་རིམ་གྲོ་ལེགས་པར་བྱས་པ་ཡིན་ནོ། །ལྷག་མ་རྣམས་ནི་འདྲའོ། །ད་ནི་ཁུ་ཚུར་དེ་དག་ཐམས་ཅད་ཀྱི་ཐུན་མོང་གི་ཕྱག་རྒྱ་

Vol. 56 · folio 187b

བསྒྲུབ་བའི་རྒྱུད་སྟོན་ཏེ། ཕྱག་རྒྱ་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ནི་ལས་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་ལ་བརྟེན་པ་ཡིན་པས་ན་གལ་ཏེ་གཞན་གྱི་ཕྱག་རྒྱ་ཆེན་པོ་ལ་དམིགས་པར་བྱེད་པ་ཡང་སྲིད་པས་ན་དེའི་ཕྱིར། རང་གི་སེམས་དཔའི་ཏིང་འཛིན་གྱིས། །ཞེས་གསུངས་སོ། །ཕྱག་རྒྱ་

ཆེན་པོ་ལ་དེ་ལྟར་གནས་ཏེ་མཉམ་པར་མ་བཞག་པའི་སྦྱོར་བས་བཟླས་པའི་ཚིག་ཇི་ལྟར་སྦྱར་བར་བྱ་ཞེ་ན་རྡོ་རྗེའི་ངག་དང་ཞེས་བྱ་བ་གསུངས་སོ། །བལྟ་བ་ཡང་ཇི་ལྟར་བྱ་ཞེ་ན། རྡོ་རྗེའི་བལྟ་བ་ཞེས་གསུངས་སོ། །རྡོ་རྗེའི་ངག་དང་རྡོ་རྗེའི་བལྟ་བ་ཞེས་ཚིག་གཉིས་བསྟན་པ་ལས་ན་གཉི་ག་ཡང་ལས་གཅིག་ལ་

སྦྱར་བ་ཡིན་པར་ཤེས་པར་བྱའོ། །རིང་པོར་མི་ཐོགས་མཆོག་གྲུབ་པོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྟོག་པ་བཞི་ཆར་གྱི་ཁུ་ཚུར་བཞི་ཆར་དུ་ཡང་ཕྱག་རྒྱ་བཞི་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་བྱས་ཏེ་ཁུ་ཚུར་བཅངས་ལ་རྡོ་རྗེའི་ལྟ་བས་འཇིག་རྟེན་ལ་བལྟ་ཞིང་

རྡོ་རྗེའི་ཚིག་གིས་སྙིང་པོ་བཟླས་ལ། འཇིག་རྟེན་གསུམ་གྱི་བྱ་བར་གཏོགས་པའི་དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། །འོན་ཏེ་རྒྱུན་དུ་ཟློས་པའི་སྦྱོར་བས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་རྣམས་རབ་ཏུ་འཐོབ་པར་འགྱུར་རོ། །ད་ནི་རྒྱུད་ཕྱི་མའི་ཡང་ཕྱི་མ་བྱིན་གྱིས་བརླབ་པའི་ཕྱིར་བཅོམ་ལྡན་འདས་ཕྱག་ན་

རྡོ་རྗེས་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་འདེབས་པ་ཡིན་ཏེ་འདི་དག་ཀྱང་སྔར་མང་དུ་བསྟན་ཟིན་ཏོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རྒྱུད་ཕྱི་མའི་ཡང་ཕྱི་མའི་འགྲེལ་པ་རྫོགས་སོ།། །།རྒྱུད་འདིའི་བདག་པོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་

དེ་དེས་རྒྱུད་འདི་བསྟན་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་ལན་མང་པོ་ཞིག་མཛད་པ་ཡིན་ནོ། །ད་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་

རྣམས་ཀྱིས་བསྐུལ་བ་དང་བྱིན་གྱིས་བརླབས་པས་རྒྱུད་དེ་བཤད་པ་དང་། རྒྱུད་ཀྱི་དོན་བཟང་པོ་མཐོང་བས་ཡོངས་སུ་མགུ་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་རྡོ་རྗེ་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་མཚན་བརྒྱ་རྩ་བརྒྱད་པ་འདིས་བསྟོད་པ་མཛད་པ་ཡིན་ནོ། །རྡོ་རྗེ་དབྱིངས་

Vol. 56 · folio 188a

ཉིད་ཡིན་པས་ན་རྡོ་རྗེ་དབྱིངས་ཏེ་རྒྱུད་དེ་ལས་སྐྱེས་པའི་ཕྱིར་རོ། །དེ་ཉིད་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར་སེམས་དཔའ་ཆེ་སྟེ་སེམས་ཤེས་རབ་ཅན་དང་བཅས་པ་ལ་སེམས་དཔའ་ཆེ་ཞེས་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དང་ལྡན་པས་ན་སེམས་ཅན་དོན་ནོ། །

མཆོག་གི་དོན་བདག་ཉིད་ཅན་ཡིན་པས་ན་མཆོག་གི་བདག་ཉིད་ཅན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཆོག་དེའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ཤཱཀྱ་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་ཤཱཀྱའི་རྒྱལ་པོའོ། །ཡེ་ཤེས་ཆེན་པོ་མངའ་བས་ན་ཡེ་ཤེས་ཆེ་སྟེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །

རྡོ་རྗེའི་སྐུ་མངའ་བས་ན་རྡོ་རྗེའི་བདག་ཉིད་དེ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པའོ། །སེམས་དཔའ་རྣམས་འབྱུང་བ་ནི་དེ་བསྐུལ་བའི་སྔགས་ཀྱི་སྒོ་ནས་འབྱུང་བས་ན་སེམས་དཔའ་འབྱུང་བའོ། །དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པས་ན་དེ་ཉིད་དོན་ནོ། །སེམས་

ཅན་རྣམས་ཀྱི་རྒྱུ་ཡིན་པས་ན་སེམས་ཅན་རྒྱུ་སྟེ་དེ་སྐྱེ་བའི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་རྒྱུ་ཡིན་པས་ན་ཚུལ་ཆེན་པོའོ། །སེམས་ཅན་མང་པོའི་དོན་མཛད་པས་ན་སེམས་ཅན་དོན་ཏོ། །དགོས་པའི་དོན་ཞེས་བྱ་བ་ལ་དགོས་པའི་དོན་ནི་བྱ་བའོ། །

དགོས་པ་ཉིད་དོན་ཡིན་པས་དགོས་པའི་དོན་ཏེ་གང་གི་ཕྱིར་རྩོམ་པ་འདི་ནི་སེམས་ཅན་རྣམས་ལ་ཕན་གདགས་པ་ཡིན་པའི་ཕྱིར་རོ། །སེམས་དཔའ་སེམས་དཔའ་ཞེས་བྱ་བ་ལ་སེམས་དཔའ་སྟེ་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་སེམས་དཔའ་འདི་ཡིན་པ་སྟེ་རྡོ་རྗེ་སེམས་དཔའ་

ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སེམས་དཔའ་སེམས་དཔའ་ཞེས་བྱའོ། །འདི་ནི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པའོ། །སངས་རྒྱས་ཆོས་ནི་ཞེས་བྱ་བ་ལ་སངས་རྒྱས་ཀྱང་ཡིན་ལ། སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པས་ན་སངས་རྒྱས་ཆོས་ཞེས་བྱའོ། །ཆོས་ཀྱི་

དབྱིངས་ཀྱི་སྒོ་ནས་ཐམས་ཅད་དུ་ཁྱབ་པས་ན་ཆོས་ཆེན་པོ་ཞེས་བྱའོ། །ཆོས་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་གྱི་རང་བཞིན་ཏེ་དཀྱིལ་འཁོར་རྣམས་དེའི་ཐུགས་ཀྱིས་སྤྲུལ་པའི་རང་བཞིན་ཡིན་པས་ན་ཆོས་ཀྱི་འཁོར་ལོའོ། །རབ་བསྐོར་པ་ནི་ཆོས་ཀྱི་འཁོར་ལོ་དེ་ཉིད་དོ། །ཚིག་ཐམས་ཅད་ལ་འཇུག་པའི་

Vol. 56 · folio 188b

རྒྱུད་ཡིན་པས་སྨྲ་བ་ཆེན་པོའོ། །རབ་རིག་མཆོག་ཅེས་བྱ་བ་ནི་རིག་པ་བཟང་པོ་ཡིན་པས་ན་རབ་རིག་གོ། །རིག་པ་དམ་པ་དེ་རྣམས་ཀྱི་ནང་ན་མཆོག་ཡིན་པས་ན་རབ་རིག་མཆོག་སྟེ་ཟག་པ་ཟད་པའི་ཡེ་ཤེས་ལ་སོགས་པ་རིག་པ་རྣམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་

ཐམས་ཅད་ཀྱི་ནང་ན་མཆོག་ཡིན་པའི་ཕྱིར་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་ན་སེམས་དཔའ་ཆེན་པོའོ། །ཚིགས་སུ་བཅད་པ་འདི་ནི་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་ཡིན་ཏེ་རྡོ་རྗེ་ཆོས་ལ་སོགས་པ་དེ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ངོ་བོ་ཉིད་ཡིན་པས་ན་

དེའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཉིད་ལ་བསྟོད་པ་ཡིན་ནོ། །ལས་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལས་ཀྱི་གཟུགས་སུ་ཞུགས་པས་ན་ལས་ཆེན་ནོ། །རྡོ་རྗེ་གོ་ཆའི་གཟུགས་སུ་ཞུགས་པས་ན་སྲུང་བ་ཆེན་པོ་སྟེ་ཞེས་བྱ་བའོ། །ལས་ལ་འཇུག་པའི་རྒྱུར་གྱུར་པས་ན་ལས་ཐམས་ཅད་

དོ། །དོན་གྱི་དངོས་གྲུབ་ལ་སོགས་པ་སྩོལ་བས་ན་རབ་བསྒྲུབ་པའོ། །རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱིས་བཞུགས་པས་ན་བདག་ཉིད་ཆེན་པོའོ། །འགྲོ་སྤྱོད་མཆོག་ཅེས་བྱ་བ་ལ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སྤྱོད་པར་མཛད་པས་ན་འགྲོ་སྤྱོད་པའོ། །དེའི་མཐར་ཕྱིན་པ་བརྙེས་པས་ན་མཆོག་གོ། །

སེམས་དཔའ་རྒྱུ་ཡིན་པས་ན་སེམས་དཔའ་རྒྱུ་སྟེ་གང་གི་ཕྱིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་མངོན་པར་བྱང་ཆུབ་པ་བརྙེས་པ་ཡིན་ཏེ་དེ་བས་ན་སེམས་དཔའི་རྒྱུ་མངའ་བས་ན་སེམས་དཔའ་རྒྱུའོ། །འདི་ནི་སེམས་དཔའ་དང་སྔགས་དང་ལས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་ཡིན་

ནོ། །འདིས་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བརྙེས་པས་ན་ཕ་རོལ་ཏུ་ཕྱིན་པ་ཀུན་བརྙེས་པའོ། །ཐམས་ཅད་ཐུགས་སུ་ཆུད་པས་ན་ཀུན་མཁྱེན་ནོ། །ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཡེ་ཤེས་སོ། །དངོས་པོའི་དོན་ཐམས་ཅད་ཡང་དག་པར་མཁྱེན་པས་ན་མཁྱེན་པའོ། །སེམས་དཔའ་

ཐམས་ཅད་སྐྱེད་པར་མཛད་པས་ན་སེམས་དཔའ་ཀུན་ཏེའོ། །ཐབས་ཆེན་པོ་མངའ་བས་ན་ཐབས་ཆེན་པོའོ། །འདི་ལ་ཤེས་རབ་ཆེན་པོ་མངའ་བས་ན་ཤེས་རབ་ཆེན་པོའོ། །འདི་དག་ནི་ཚོགས་ཡོངས་སུ་རྫོགས་པའི་སྒོ་ནས་བསྟོད་པའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པས་ན་ཐུགས་རྗེ་ཆེན་པོའོ། །

Vol. 56 · folio 189a

མཆོག་རྣམས་ཀྱི་ནང་ན་ཡང་མཆོག་ཡིན་པས་ན་མཆོག་གི་མཆོག་གོ། །ཐུགས་རྗེ་ཆེན་པོ་རྣམས་ཀྱི་ནང་ན་ཡང་ཐུགས་རྗེ་ཅན་ཡིན་པས་ན་ཐུགས་རྗེའོ། །ཐུགས་རྗེའི་ཡོན་ཏན་གྱི་རང་བཞིན་ཅན་ཡིན་པས་ན་ཐུགས་རྗེའི་བདག་ཉིད་ཅན་ཏེ་ཐུགས་རྗེའི་བདག་ཉིད་མངའ་

བའི་ཕྱིར་རོ། །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་གཏོང་བར་མཛད་པས་ན་ཐམས་ཅད་གཏོང་བའོ། །འདི་ལ་བྱམས་པ་ཆེན་པོ་མངའ་བས་ན་བྱམས་པ་ཆེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་མཛད་པས་ན་ཀུན་མཛད་དོ། །འདི་དག་ནི་ཐུགས་རྗེའི་སྒོ་ནས་

བསྟོད་པའོ། །ཤཱཀྱའི་སེང་གེ་ཞེས་བྱ་བ་ནི་སེང་གེའི་སྤྱོད་པ་དང་རྗེས་སུ་མཐུན་པར་མཛད་པའི་ཕྱིར་ཏེ་ཤཱཀྱ་རྣམས་ཀྱི་ནང་ན་སེང་གེ་ཡིན་པས་ན་ཤཱཀྱ་སེང་གེའོ། །ཤཱཀྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཤཱཀྱ་ཆེ་སྟེ་ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་པའི་ཕྱིར་ན་ཤཱཀྱ་ཡིན་ལ་ཁམས་གསུམ་གྱི་

ཆོས་ཀྱི་རྒྱལ་པོར་མངའ་བརྙེས་པའི་ཕྱིར་ཆེན་པོའོ། །ཤཱཀྱ་རྣམས་དགའ་བར་མཛད་པའི་ཕྱིར་ན་ཤཱཀྱའོ། །ཤཱཀྱ་རྣམས་ཀྱི་ཐུབ་པ་ཡིན་པས་ན་ཤཱཀྱ་ཐུབ་པ་སྟེ་སྐུ་དང་གསུང་དང་ཐུགས་ཐུབ་པ་དང་ལྡན་པའི་ཕྱིར་ཐུབ་པ་ཆེའོ། །འདུལ་བ་ཆེན་པོ་མངའ་བས་ན་འདུལ་བ་ཆེན་པོའོ། །བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱི་སྐུའི་ངོ་བོ་ཐམས་ཅད་དུ་ཁྱབ་པའི་ཕྱིར་ཁྱབ་པའོ། །བཀྲི་བའི་དོན་མངའ་བས་ན་བཀྲི་དོན་ཏེ་འདིའི་གསུང་ཕལ་ཆེར་དགོངས་བས་བཤད་པ་ཡིན་པའི་ཕྱིར་རོ། །འདུལ་བས་ཐུབ་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཡིན་པས་ན་འདུལ་བ་མཆོག་གོ། །

འདི་ནི་ཕལ་ཆེར་རིགས་ཀྱི་སྒོ་ནས་བསྟོད་པ་ཡིན་ཏེ་འདིར་མཚན་ཉིད་ནི་བརྒྱད་ཡོད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་རབ་ཏུ་བསྒོམས་པས་ན་ཆོས་དབྱིངས་སོ། །དངོས་པོ་ཐམས་ཅད་དུ་དེ་ཁོ་ན་ཉིད་དང་དབྱེར་མེད་པས་ན་མཉམ་མེད་བརྙེས་པ་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་

ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྐུ་ཆོས་ཀྱི་དབྱིངས་དང་འབྲེལ་བས་ན་ཆོས་ཀྱི་དབྱིངས་སོ། །དངོས་པོ་རྣམས་ཇི་ལྟར་གནས་པ་དེ་བཞིན་དུ་གཤེགས་ཤིང་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པའོ། །རྡོ་རྗེ་མགོན་པོ་ཞེས་བྱ་བ་ལ་རྡོ་རྗེ་ནི་སེམས་དཔའ་ལ་སོགས་པའི་བྱང་

Vol. 56 · folio 189b

ཆུབ་སེམས་དཔའ་རྣམས་ཏེ་དེ་རྣམས་ཀྱི་མགོན་པོ་དང་བདག་པོ་ཡིན་པས་ན་རྡོ་རྗེ་མགོན་པོའོ། །མགོན་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མགོན་པོ་ཆེ་སྟེ་ཆོས་ཀྱི་སྐུ་ནི་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སྡུད་པར་མཛད་པས་ན་སེམས་ཅན་

ཚོགས་སོ། །འདི་ནི་ཕལ་ཆེར་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་བསྟོད་པ་ཡིན་ནོ། །འདི་ལ་འོད་ཆེན་པོ་མངའ་བས་ན་འོད་ཆེན་ཏེ་སྐུའི་འོད་དོ། །འདི་ལ་སྣང་བ་ཆེན་པོ་མངའ་བས་ན་སྣང་བ་ཆེན་པོ་སྟེ་སྣང་བ་ནི་ཡེ་ཤེས་ཀྱི་སྣང་བའོ། །འདི་ལ་བརྩོན་འགྲུས་ཆེན་པོ་མངའ་བས་ན་བརྩོན་འགྲུས་ཆེན་པོ་སྟེ་

བརྩོན་འགྲུས་ནི་སྤྲོ་བ་ལ་བྱའོ། །འདི་ལ་སྟོབས་ཆེན་པོ་མངའ་བས་ན་སྟོབས་ཆེན་པོ་སྟེ་སྟོབས་ནི་སྐུའི་གཟི་བྱིན་ནོ། །དཔའ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དཔའ་བ་ཆེན་པོ་སྟེ་རི་རབ་ལ་སོགས་པ་ཡང་མཛུབ་རྩེས་འཕེན་པར་མཛད་པའི་ཕྱིར་རོ། །ཉོན་མོངས་པའི་དགྲ་རྣམས་ལས་

རྣམ་པར་རྒྱལ་བར་མཛད་པའི་ཕྱིར་ན་རབ་དཔའ་མཆོག་གོ། །གདུལ་བྱ་རྣམས་ལ་དེའི་གཟུགས་སྟོན་པས་ན་བདེ་སྤྱོད་དོ། །དཔའ་བ་ནི་ཁྱབ་འཇུག་སྟེ་དེའི་གཟུགས་སྟོན་པར་མཛད་པས་ན་དཔའ་བའོ། །འདི་ནི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ཏེ་འདིར་ཡང་མཚན་བརྒྱད་ཡོད་དོ། །འདོད་

པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་ན་ཚངས་པའོ། །ལུང་དབོག་པ་མེད་པར་ཡེ་ཤེས་ཐུགས་སུ་ཆུད་པར་མཛད་པས་ན་རང་བྱུང་ངོ་། །སྐལ་བ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཏེ་སྐེལ་བ་ཞེས་བྱ་བའི་སྒྲ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བཤད་དོ། །ཤཱཀྱའི་དཔའ་བོ་ཐུབ་པ་

ཆེ། །ཞེས་བྱ་བ་ལ་ཤཱཀྱའི་དཔའ་བོ་ཡང་ཡིན་ལ་ཐུབ་པ་ཆེན་པོ་ཡང་ཡིན་པས་ཤཱཀྱའི་དཔའ་བོ་ཐུབ་པ་ཆེ་ཐུབ་པ་ཐམས་ཅད་ལས་མཆོག་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ན་ཀུན་བདག་གོ། །མི་གསུང་བར་བཞུགས་པས་ན་ཐུབ་པ་སྟེ་ངས་ནི་ཆོས་གཅིག་ཀྱང་མ་

བཤད་དོ་ཞེས་བཤད་པ་ལྟ་བུའོ། །ཆོས་ཀྱི་སྐུའི་དབང་དུ་བྱས་པས་ན་དག་པ་སྟེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་རྣམ་པར་དག་པའི་ཕྱིར་རོ། །ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་བརྙེས་པས་ན་ཆོས་རྒྱལ་ལོ། །འདི་ནི་བདག་པོའི་སྒོ་ནས་བསྟོད་པ་ཡིན་ཏེ། །འདིར་ཡང་མཚན་བརྒྱད་ཡོད་དོ། །

Vol. 56 · folio 190a

ནམ་མཁའ་ཀུན་དུ་ཁྱབ་པ་བཞིན་དུ་ཐམས་ཅད་དུ་ཁྱབ་པའི་སྐུ་མངའ་བས་ན་ནམ་མཁའི་སྐུའོ། །སྐུས་མཆོག་ཏུ་གྱུར་པས་ན་སྐུའི་མཆོག་གོ། །སྐུ་གསུམ་དང་ལྡན་པས་ན་སྐུ་གསུམ་མོ། །སྐུ་གསུམ་ཆར་ཡང་བདག་མེད་པར་བསྒོམ་པའི་ཕྱིར་སྐུ་མིན་སྒོམ་པ་པོ་སྟེ། ཆོས་ཀྱི་སྐུ་ཡང་

རྟག་པའི་གཟུགས་ཀྱིས་བསྒོམ་པའི་ཕྱིར་རོ། །སྐུ་ཐམས་ཅད་སྟོན་པར་མཛད་པས་ན་ཀུན་གྱི་སྐུའོ། །རི་རབ་ལ་སོགས་པའི་ཚངས་པས་ཀྱང་ལྷག་པར་ཆེར་སྟོན་པའི་ཕྱིར་སྐུ་ཆེ་བའོ། །མི་ཤིགས་པའི་སྐུ་ཡིན་པས་ན་རྡོ་རྗེའི་སྐུའོ། །འདི་དག་ནི་སྐུའི་སྒོ་ནས་བསྟོད་པ་ཡིན་ནོ། །གསུང་མིན་གསུང་སྟེ་

ཞེས་བྱ་བ་ལ་འདི་ལ་གསུང་མ་ཡིན་པ་ཉིད་ཀྱི་གསུང་མངའ་བས་ན་གསུང་མིན་གསུང་སྟེ། ཆོས་ཀྱི་ལོངས་སྤྱོད་རྫོགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བཞུགས་ཏེ། ཇི་ལྟར་མངོན་པར་འདོད་པ་བཞིན་དུ་ཆོས་སྟོན་པའི་རྣམ་པར་རིག་པ་སྐྱེད་པར་མཛད་

པའི་ཕྱིར་གསུང་མིན་གསུང་ངོ་། །ཚངས་པའི་དབྱངས་བརྙེས་པའི་ཕྱིར་སྨྲ་བའི་དམ་པར་གྱུར་པས་ན་གསུང་གི་མཆོག་གོ། །གདུལ་བྱའི་དབང་གིས་སང་སྐྲྀ་ཏ་དང་སྐད་ཐ་མལ་པ་དང་སྐད་ཟུར་ཆག་པའི་གསུང་གིས་ཆོས་སྟོན་པར་མཛད་པས་ན་སངས་རྒྱས་གསུང་གསུམ་མོ། །གསུང་འདི་གསུམ་ཆར་ཡང་

བདག་མེད་པར་སྟོན་པར་མཛད་པས་ན་གསུང་མིན་སྟོན་པའོ། །ཁམས་དང་འགྲོ་བ་དང་སྐྱེ་གནས་དང་། ཡུལ་གྱིས་ཆེ་བའི་སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱིས་སྣ་ཚོགས་པ་དྲི་བ་དང་ཞུ་བ་ལ་ཞུགས་སུ་ཟིན་ཀྱང་གསུང་གཅིག་གིས་འདྲེས་གཅིག་ཏུ་ཐམས་ཅད་ཀྱི་ལན་སྟོན་པར་སྤྱོད་པས་ན་གསུང་

ཀུན་ཞེས་བྱའོ། །ཤིན་ཏུ་ཆེ་བའི་གསུང་མངའ་བས་ན་ཤིན་ཏུ་གསུང་ཆེ་བ་སྟེ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་འགེངས་པར་མཛད་པའི་ཕྱིར་རོ། །སྲོག་ཆགས་སུ་གྱུར་པ་ཐམས་ཅད་ཀྱིས་ཀྱང་འདིའི་གསུང་ལས་འདའ་བར་མི་ནུས་པས་ན་རྡོ་རྗེའི་གསུང་ངོ་། །འདི་ནི་གསུང་གི་སྒོ་ནས་

བསྟོད་པའོ། །སེམས་མིན་སེམས་ཏེ་ཞེས་བྱ་བ་ལ་ཡུལ་སྣ་ཚོགས་སུ་སྣང་བ་དང་དགེ་བ་དང་མི་དགེ་བའི་བག་ཆགས་སྣ་ཚོགས་སུ་སྣང་བས་ན་སེམས་སོ། །སེམས་དེ་ལྟ་བུ་ཡིན་པ་ལས་གཟུང་བ་དང་འཛིན་པའི་འཁོར་བའི་དྲི་མ་དང་རྣམ་པར་བྲལ་ཞིང་དབེན་པ་དང་ཟག་པ་མེད་པའི་ཕྱིར་སེམས་མིན་ནོ། །སྔ་མའི་རྗེས་སུ་འབྲང་

Vol. 56 · folio 190b

བས་ན་སེམས་ཞེས་ཀྱང་བཤད་དེ་དེ་ལྟར་ན་སེམས་མིན་སེམས་ཞེས་བཤད་དོ། །སེམས་ཅན་ཐམས་ཅད་ལས་མཆོག་ཏུ་ཁྱད་པར་དུ་འཕགས་ཤིང་ཡོངས་སུ་དག་པ་ཡིན་པས་ན་སེམས་ཀྱི་མཆོག་གོ། །ཀུན་གཞིའི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་སྔོན་གྱི་རྗེས་

སུ་འབྲང་བ་ལ་ལྟོས་ནས་སེམས་རྣམ་པ་གསུམ་དང་ལྡན་པས་ན་སེམས་གསུམ་ཞེས་བྱའོ། །སེམས་གསུམ་ཆར་བདག་མེད་པར་སྟོན་པར་མཛད་པས་ན་སེམས་མིན་སྟོན་པ་པོའོ། །དོན་དམ་པར་སེམས་ཐམས་ཅད་ཡོངས་སུ་དག་ཅིང་སེམས་ཐམས་ཅད་ལས་དབེན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་

གནས་སྐབས་ནའང་སེམས་ཐམས་ཅད་རོ་གཅིག་པའི་ངོ་བོར་གནས་པས་ན་ཐམས་ཅད་སེམས་སོ། །སྤྲོས་པའི་གནས་སྐབས་སུ་སེམས་ཀྱིས་ནམ་མཁའི་ཁམས་འགེངས་པས་ན་སེམས་དཔའ་ཆེའོ། །སེམས་ཅན་ཐམས་ཅད་ཀྱིས་མི་ཕྱེད་པས་ན་རྡོ་རྗེའི་སེམས་སོ། །འདི་དག་ནི་ཐུགས་ཀྱི་སྒོ་ནས་བསྟོད་

པ་ཡིན་ནོ། །རྡོར་མིན་རྡོ་རྗེ་ཞེས་བྱ་བ་ལ་རྡོ་རྗེ་མ་ཡིན་པ་ཡང་རྡོ་རྗེ་མཛད་པ་སྟེ་སེམས་ཉིད་རྡོ་རྗེའི་གཟུགས་སུ་བསྒོམས་པས་ན་རྡོར་མིན་རྡོ་རྗེ་ཞེས་བྱའོ། །རྡོ་རྗེ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་ཅིང་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་ཡིན་པས་ན་རྡོ་རྗེ་མཆོག་གོ། །

འདི་ལ་ནི་རྡོ་རྗེ་གསུམ་མངའ་བས་ན་རྡོ་རྗེ་གསུམ་པ་སྟེ་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དང་རབ་ཏུ་ལྡན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོའི་སེམས་རྡོ་རྗེ་མ་ཡིན་པ་དེ་ཡང་རྡོ་རྗེར་མཛད་པས་ན་རྡོ་རྗེ་མིན་སྐྱོང་ངོ་། །སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེའི་ངོ་བོ་ཉིད་མངའ་བས་ན་རྡོ་རྗེ་ཐམས་ཅད་དོ། །སྐུ་དང་

གསུང་དང་ཐུགས་རྡོ་རྗེ་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་རྡོ་རྗེ་ཆེའོ། །རྡོ་རྗེ་ལས་ཀྱང་རྡོ་རྗེ་ཡིན་པས་ན་རྡོ་རྗེ་རྡོ་རྗེ་སྟེ་རྡོ་རྗེ་ཡང་ཐུགས་བསྐྱེད་པ་ཙམ་གྱིས་ཕྱེ་མར་རློག་པར་མཛད་པའི་ཕྱིར་རོ། །འདི་ནི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །ཐམས་ཅད་དུ་སོང་བས་ན་ཀུན་ཁྱབ་བོ། །སྲིད་

པའི་རྩེ་མོ་མཆོག་ཅེས་བྱ་བ་ལ་སྲིད་པའི་རྩེ་མོ་ཡིན་པས་ན་སྲིད་པའི་རྩེ་མོ་སྟེ་སེམས་ཅན་གང་སྲིད་པའི་རྩེ་མོར་སྐྱེས་པ་དེ་ལ་ནི་སྲིད་པའི་རྩེ་མོ་ཞེས་བྱ་ལ། དེ་རྣམས་ལས་ཀྱང་མཆོག་ཏུ་གྱུར་པས་ན་སྲིད་པའི་རྩེ་མོ་མཆོག་གོ། །བདེ་བར་གཤེགས་བདག་པོ་ཞེས་བྱ་བས་སྐུ་གསུམ་གྱི་ཚུལ་གྱིས་བདེ་བར་

Vol. 56 · folio 191a

གཤེགས་པ་རྣམས་བཞུགས་ལ། དེ་དག་ལས་ཀྱང་ཆོས་ཀྱི་སྐུ་ཤིན་ཏུ་ཁྱད་པར་དུ་འཕགས་པ་ལ་བཞུགས་པས་ན་བདག་པོའོ། །འདིས་ཉོན་མོངས་པ་རྣམས་ལས་རྒྱལ་བས་ན་རྒྱལ་བའོ། །ཁམས་གསུམ་གྱི་ངོ་བོ་ཡིན་པའམ་སེམས་དང་སེམས་ལས་བྱུང་བའི་རང་གི་

ཚོགས་ཁམས་གསུམ་པར་ཡང་དག་པར་སྟོན་པར་མཛད་པས་ན་ཁམས་གསུམ་པའོ། །རྒྱལ་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རྒྱལ་པོ་ཆེའོ། །དུས་ཐམས་ཅད་དུ་ཕྱོགས་ཀུན་དུ་རྣམ་པར་སྣང་མཛད་པས་ན་རྣམ་པར་སྣང་མཛད་དོ། །མཚན་བརྒྱ་རྩ་བརྒྱད་འདི་དག་ནི། །ཞེས་བྱ་བ་ལ་སོགས་

པས་ནི་ཇི་སྐད་གསུངས་པའི་མཚན་བརྒྱ་རྩ་བརྒྱད་པ་འདི་ཉན་པ་དང་། བཀླགས་པ་དང་། བསྒོམས་པའི་ཕན་ཡོན་སྟོན་ཏེ། ཀུན་གྱིས་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ཀྱི་ཆོས་ལྔས་བསྡུས་པའི་སངས་རྒྱས་ཀྱི་སའི་རང་བཞིན་ཐོབ་པར་འགྱུར་རོ་ཞེས་

བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ད་ནི་མགོན་པོ་ཁྱེད་ལ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མཚན་བརྒྱ་རྩ་བརྒྱད་པས་དེ་ལྟར་བསྟོད་ནས་རྒྱུད་དང་། རྒྱུད་ཀྱི་དོན་དང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པ་རྒྱས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་

གསོལ་བ་འདེབས་པ་ཡིན་ཏེ། མགོན་པོ་ཞེས་བྱ་བ་ནི་རྗེ་སར་འབོད་པའོ། །ཅི་ཞིག་གསོལ་བ་འདེབས་ཤེ་ན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་སྟེ་འདི་ནི་གསོལ་བའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཞེས་གསུངས་པ་ཡིན་ནོ། །དགོས་པ་གང་གིས་ཤེ་ན།

ཐུགས་རྗེ་ཆེན་པོ་བསྐྱེད་ནས་ཀྱང་། །ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ་རྙེད་པ་དང་བཀུར་སྟིའི་ཕྱིར་ནི་མ་ཡིན་གྱི། གཞན་དུ་ན་ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་བསྒྲུབ་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛོད་ཅིག་པའོ། །དེ་ལྟར་གསོལ་བ་བཏབ་པ་དང་བཅོམ་ལྡན་འདས་

རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་པའི་ཚིག་གསན་ནས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་

Vol. 56 · folio 191b

ཐམས་ཅད་ཀྱི་ཡབ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་པའི་ཚིག་ཐོས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ནས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ཏེ་སྙན་གཏོང་བ་ལ་

བཙུད་ནས་འདི་སྐད་ཅེས་གསུངས་ཏེ་ཅི་ཞིག་གསུངས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་འདུས་པར་གསོལ་ཞེས་བྱ་བ་སྟེ། མཛད་པར་གསོལ་ཞེས་བྱ་བ་ནི་སྤྲོ་བར་མཛོད་ཅིག་པའོ། །ཅི་ཞིག་མཛོད་ཅེ་ན་གཅིག་ཏུ་འདུ་བར་མཛོད་ཅིག་ཅེས་གསུངས་པ་སྟེ་ཚོགས་པར་མཛོད་ཅིག་

ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་གསུངས་པ་དང་། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གཅིག་ཏུ་འདུ་བར་མཛད་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །ཚིགས་སུ་བཅད་པ་དེ་གང་ཡིན་ཞེ་ན། རྟག་པར་འཇིག་རྟེན་

ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཞེས་བྱ་བ་ལ་ཕན་པ་ནི་གང་མ་འོངས་པ་ན་བདེ་བར་འགྱུར་བའི་དགེ་བའི་ལས་རྣམས་སོ། །དེར་ཅི་ཞིག་བྱ་ཞེ་ན། རྟག་པར་འཇིག་རྟེན་ཐམས་ཅད་དུ། །ཞེས་བྱ་བ་གསུངས་ཏེ། རྟག་པར་ཞེས་བྱ་བ་ནི་རྒྱུན་མི་

འཆད་པར་རོ། །འཇིག་རྟེན་ཐམས་ཅད་དུ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྟེ་རྡུལ་ཕྲ་རབ་ཀྱི་དཀྱིལ་འཁོར་རྣམས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདུལ་བ་ཞེས་བྱ་བ་གདུལ་བའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བྱ་བ་སྣ་

ཚོགས་པ་ནི་རྣམ་པ་དུ་མ་སྟེ་དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་ཅིག་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དོན་གང་གི་ཕྱིར་གསོལ་བ་བཏབ་པ་དང་། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདུས་པ་མཛད་ནས་ཀུན་དུ་བགྲོས་ཏེ་དོན་དེ་ཉིད་ཀྱང་ཚིགས་སུ་

བཅད་པས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་སེམས་དཔའི་བསྐུལ་བའི་ཚིག་གསན་པ་དང་བཀའ་མཉན་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ཞེས་བྱ་བ་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིའོ། །འཇིག་

Vol. 56 · folio 192a

རྟེན་གྱི་ཁམས་ཐམས་ཅད་ཅེས་བྱ་བ་ནི་ཡུལ་ཐམས་ཅད་ཀྱིའོ། །སེམས་ཅན་ཐམས་ཅད་ཀྱི་མདུན་དུ་ཞེས་བྱ་བ་ནི་མིག་སྔར་རོ། །རྡུལ་ཕྲ་མོ་ཐམས་ཅད་ཇི་སྙེད་པའི་དཀྱིལ་འཁོར་ཀུན་དུ་ཞེས་བྱ་བ་ནི་ཡུལ་དང་གྲོང་དང་གྲོང་ཁྱེར་དང་ཞིང་དང་དགོན་པ་དང་རྡུལ་ཕྲ་རབ་ཀྱི་དཀྱིལ་འཁོར་

ཐམས་ཅད་ཀྱི་བར་དུ་སྟེ་རྡུལ་ཕྲ་མོ་ཐམས་ཅད་ཇི་སྙེད་པའི་དཀྱིལ་འཁོར་ཡིན་པར་ཤེས་པར་བྱས་ལ། ཀུན་དུ་ཁྱབ་པར་བྱས་པ་ནི་རྒྱས་པར་བྱས་པ་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་ན་བཞུགས་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་པ་སྟེ། ཆོས་ཀྱི་

འཁོར་ལོ་ནི་གཞུང་གི་ཚུལ་དུ་བསྐོར་བའོ། །དོན་གྱི་ཚུལ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གྱི་ཚུལ་དུ་བསྐོར་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཡང་ཚིགས་སུ་བཅད་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་གསོལ་བ་བཏབ་པ་ཡིན་ནོ། །ཚིགས་སུ་བཅད་

པ་ནི་སྔར་བཤད་པ་ཉིད་དོ། །རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་པར་ཤེས་པར་བྱའོ། །དེ་ནས་འདིར་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གོ་སླའོ། །དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ལ་བྱའོ། །

རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་རབ་ཏུ་བསྐོར་བར་གྱུར་ཏོ་ཞེས་བྱ་བ་ནི་བསྐོར་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐེག་པ་ཆེན་པོ་མངོན་པར་རྟོགས་པས་རྟོག་པའི་དཀྱིལ་འཁོར་ཀུན་དུ་ཁྱབ་པར་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་

འཛིན་ལ་ཞུགས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་དཀྱིལ་འཁོར་རྒྱས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཚིགས་སུ་བཅད་པས་གསོལ་བ་འདེབས་པ་ཡིན་ནོ། །ཚིགས་སུ་བཅད་པ་དེ་ནི་སྔ་མ་ཉིད་དེ། དེ་ལས་ཁྲོ་བོའི་འཁོར་ལོ་ཞེས་

བྱ་བ་འབའ་ཞིག་ཐ་དད་པར་ཟད་དོ། །ཁྲོ་བོའི་འཁོར་ལོ་ཞེས་སྨོས་པས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་དཀྱིལ་འཁོར་རྣམས་ཡིན་པར་ཤེས་པར་བྱའོ། །དེ་ལྟར་གསོལ་བ་བཏབ་པའི་ཚིག་གསན་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་

Vol. 56 · folio 192b

གསུམ་ལས་རྣམ་པར་རྒྱལ་བས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལྟ་བུའོ། །ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཏོ་ཞེས་བྱ་བ་ནི་བསྐོར་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པར་བྱ་བའི་

ཕྱིར། བཅོམ་ལྡན་འདས་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་ཀྱང་ཚིགས་སུ་བཅད་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་གསོལ་བ་བཏབ་པོ། །པདྨོའི་འཁོར་ལོ་ཞེས་བྱ་བ་ནི་པདྨོས་མཚན་པའི་འཁོར་ལོ་ཡིན་པས་ན་པདྨོའི་འཁོར་ལོའོ། །དེ་ལྟར་བསྐུལ་བའི་ཚིག་

གསན་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་དེ་ཆོས་ཀྱི་རིགས་ཀྱི་སྒོ་ནས་དེ་སྐད་ཅེས་བཏགས་པ་ཡིན་ནོ། །པདྨོའི་འཁོར་ལོ་རབ་ཏུ་བསྐོར་རོ་ཞེས་བྱ་བ་ནི་བསྐོར་བར་མཛད་དོ་ཞེས་པའོ། །ད་ནི་ནོར་བུའི་དཀྱིལ་འཁོར་གྱི་

འཁོར་ལོ་རྒྱས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོས་ཀྱང་ཚིགས་སུ་བཅད་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་གསོལ་བ་འདེབས་པ་ཡིན་ཏེ། ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཀྱང་

སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་ཀུན་གྱི་ཇི་སྙེད་པའི་རྡུལ་གྱི་དཀྱིལ་འཁོར་ཀུན་དུ་ཁྱབ་པར་བྱས་ནས་ནོར་བུའི་འཁོར་ལོ་བསྐོར་བར་མཛད་དོ། །དང་པོར་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཁོར་ལོས་སྒྱུར་བ་བཞིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་

བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་པ་ནི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རང་རང་གི་དཀྱིལ་འཁོར་དང་། རང་རང་གི་ལྟག་པར་རང་རང་གི་རིགས་བསྐྱེད་ཅིང་རྟག་པར་གསོལ་ཞེས་སོ་སོ་ནས་གསོལ་བ་བཏབ་པ་དང་དེ་དག་གིས་ཀྱང་རང་རང་གི་རིགས་བསྐྱེད་ཅིང་རང་རང་གི་དཀྱིལ་འཁོར་

དང་རང་རང་གི་རྟོག་པ་བཤད་པ་ཡིན་ནོ། །རྒྱུད་ཕྱི་མ་དང་ཕྱི་མའི་ཕྱི་མ་དག་ཏུ་ནི་དེ་དང་དེར་སངས་རྒྱས་ཀྱི་བཀའ་བསྒྲུབ་པའི་ཕྱིར་དང་། ཡུན་རིང་དུ་གནས་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་བྱིན་གྱིས་བརླབ་པར་གསོལ་བ་དང་། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་

Vol. 56 · folio 193a

གཤེགས་པ་རྣམས་ཀྱིས་ཀྱང་། མདོ་སྡེ་འདི་ནི་ལེགས་པར་བཤད། །ཅེས་བྱ་བས་རྟོག་པ་ཐམས་ཅད་སངས་རྒྱས་ཀྱི་བཀའ་ཉིད་ཡིན་པར་བྱས་ཏེ་བཞག་པ་དང་། ཡུན་རིང་བ་ཉིད་དུ་གནས་པར་བྱིན་གྱིས་བརླབས་མོད་ཀྱི། རི་རབ་ཀྱི་རྩེ་མོ་འབའ་ཞིག་ཙམ་དུ་ཟད་ཀྱི་ཐམས་ཅད་དུ་

གྲགས་པར་གྱུར་པ་ནི་མ་མཛད་དོ། །དེ་བས་ན་ཐམས་ཅད་དུ་གྲགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཁོར་ལོས་སྒྱུར་བ་བཞིས་རང་གི་རིགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རྟག་པའི་ཕྱིར་གསོལ་བ་བཏབ་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཐམས་ཅད་ལ་ཀུན་དུ་

ཁྱབ་པར་མཛད་པ་ཡིན་ནོ། །དེ་ལྟར་ཞར་ལ་འོངས་པ་རྫོགས་པར་མཛད་ནས་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡུལ་ཐམས་ཅད་ན་ཇི་ལྟ་བ་བཞིན་དུ་བཞུགས་པ་སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་སྟོན་ཏོ། །དེ་ནས་དེའི་ཚེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་

ཀྱི་ཏིང་ངེ་འཛིན་གྱིས་ཁྱབ་པར་མཛད་པའི་དུས་སུའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཞེས་བྱ་བ་ནི་གོ་སླའོ། །ཕྲ་བའམ་སྦོམ་པའང་རུང་། །ཞེས་བྱ་བ་དེ་རྣམས་ཉིད་ཀྱི་ཁྱད་པར་ཡིན་ཏེ། ཕྲ་བ་ནི་ཆུའི་སྲིན་བུ་ལ་སོགས་པའོ། །སྦོམ་པ་ནི་མི་ལ་

སོགས་པའོ། །ལྷག་མ་རྣམས་ནི་གོ་སླའོ། །འཁོར་ལོ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དོ། །ཀུན་ནས་ཞེས་བྱ་བ་ནི་ཐམས་ཅད་ནས་སོ། །མཐོང་ངོ་ཞེས་བྱ་བ་ནི་མིག་སྔར་ཕབ་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་མཐུས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀུན་ནས་མཐོང་

ངོ་། །དེ་ལྟར་ཇི་སྐད་གསུངས་པའི་ཚུལ་གྱིས་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་ནས་རི་རབ་ཀྱི་སྟེང་དུ་གཤེགས་ཏེ་ལྷ་རྣམས་ཀྱི་དོན་མཛད་དོ། །མི་རྣམས་ཀྱང་སྣོད་དུ་གྱུར་པ་ཡིན་ལ། དེ་བས་ན་དེ་རྣམས་ཀྱི་དོན་ཀྱང་བྱ་དགོས་ཏེ། དེ་རྣམས་ཀྱི་དོན་ནི་རི་རབ་ཀྱི་སྟེང་ན་

གནས་བཞིན་དུ་མཛད་པར་མི་སྤྱོད་པས་ན་དེའི་ཕྱིར་དེ་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། མི་ཡི་ནང་དུ་བབས་ནས་ཀྱང་། །ཞེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པ་ཡིན་ནོ། །མི་ཡི་ནང་དུ་བབས་ནས་ཀྱང་། །ཞེས་བྱ་བ་ནི་

Vol. 56 · folio 193b

མིའི་ནང་དུ་གཤེགས་ལ་ཞེས་བྱ་བའི་དོན་ཏོ། །དགོངས་ཕྱིར་སེམས་ཅན་ཀུན་གྱི་དོན། །ཞེས་བྱ་བ་ནི་མི་རྣམས་ཀྱི་དོན་བསྒྲུབ་པར་བགྱི་བའི་སླད་དུ་དགོངས་པ་མཛོད་ཅིག་ཅེས་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་མི་རྣམས་ཀྱི་དོན་གྱིས་ཤིག་ཅེས་བསྟན་མོད་ཀྱི་འོན་ཀྱང་དེ་འདི་ལྟར་

དོན་བྱོས་ཤིག་ཅེས་བཀའ་སྩལ་པ་ཙམ་དུ་ཟད་ཀྱི་རྫོགས་པར་བྱས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་རྣམས་ཀྱི་དོན་བསྒྲུབ་པར་མཛོད་ཅིག་ཅེས་སྨྲས་པ་ཡིན་ནོ། །ཇི་ལྟར་ཞེ་ན་འཁོར་ལོའི་མཆོག་བསྐོར་ཅིག་ཅེས་བྱ་བ་སྟེ། མིའི་ནང་དུ་གཤེགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛོད་ཅིག་ཅེས་བྱ་བའི་དོན་

ཏོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ་ཡིན་ནོ། །ད་ནི་སྤྲོ་བ་དང་བསྡུ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པར་མཛད་པས་

བཞུགས་པ་ཡིན་ལ། དེ་ལྟ་བས་ན་དེ་དག་ལ་རྗེ་སར་བོས་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་རྣམས་ལ་འདི་སྐད་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱང་གཅིག་ཏུ་འདུ་བར་མཛད་དུ་གསོལ་ཞེས་པ་སྟེ། ངའི་ཐུགས་སུ་ཡང་ཞུགས་ཤིག་ཅེས་དོན་གྱིས་ནི་འདི་སྐད་

ཀྱང་ཟེར་བ་ཡིན་ཏེ། གང་གི་ཕྱིར་བཞེངས་པའི་དུས་ན་ཡང་དེ་རྣམས་འདུ་བར་མཛད་ནས་འདིའི་ཐུགས་སུ་ཞུགས་སོ་ཞེས་བྱ་བ་ཡིན་ནོ། །དེ་རྣམས་དེར་ཞུགས་པ་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བདག་ཉིད་གྱུར་པར་

མཁྱེན་ནས་ཞེས་བྱ་བ་ནི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་རྗེས་སུ་བཟུང་བར་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་དེ་ལྟར་ཞུགས་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་

ཀྱི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་སྟེ་རིགས་ཀྱི་བུ་ཁྱོད་ཀྱང་ངའི་ཐུགས་དང་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེའི་རིགས་ཐམས་ཅད་དང་། དཀྱིལ་འཁོར་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་། ངའི་ཐུགས་སུ་ཞུགས་ཤིག་ཅེས་བྱ་བ་དང་སྦྱར་

Vol. 56 · folio 194a

རོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དུ་གཏོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །རྡོ་རྗེའི་རིགས་ཐམས་ཅད་ཅེས་བྱ་བ་ལ་རྡོ་རྗེའི་རིགས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །རིགས་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །

རིགས་ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་དང་སྒོ་སྲུང་རྣམས་གཟུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་རྣམས་ལོགས་ཤིན་ཏུ་སྟོན་ཏོ། །དཀྱིལ་འཁོར་སྨོས་པས་ནི་རྒྱུད་ལས་སྨོས་པའི་དཀྱིལ་འཁོར་ཐམས་ཅད་གཟུང་ངོ་། །དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་ཐུགས་དང་ཞེས་བྱ་བ་ནི་གང་མི་བསྐྱོད་པ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་དེའི་ཐུགས་ལོགས་ཤིག་ན་ཡོད་པ་ལྟ་མོད་ཀྱི། འོན་ཀྱང་དེས་ཕྱི་རོལ་དུ་སྤྲུལ་པ་བསྟན་པར་བྱ་བའི་ཕྱིར། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཞུགས་ཤིག་ཅེས་གསུངས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་པ་དང་། མདོར་ན་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདི་

གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འདིར་འཇུག་ཅིང་གནས་པར་བསྒྲུབ་པར་བགྱིའོ་ཞེས་བྱ་བར་སྦྱར་རོ། །གང་དུ་ཞེ་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་དུའོ། །སུ་ཞིག་གི་ཞེ་ན་སངས་རྒྱས་ཐམས་ཅད་ཀྱིའོ། །དེ་སྐད་གསུངས་མ་ཐག་ཏུ་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཇི་སྐད་གསུངས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། འདིས་ནི་ཇི་སྐད་བསྟན་པའི་དཀྱིལ་འཁོར་ལ་སོགས་པ་འཇུག་པར་སྟོན་ཏོ། །ད་ནི་དེ་ལྟར་ཞུགས་པ་དེ་

རྣམས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེར་ཁྱབ་པར་གྱུར་པ་སྟོན་ཏེ། སྐུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྐུ་ཐམས་ཅད་ནི་སྐུའི་ཡན་ལག་ཐམས་ཅད་

Vol. 56 · folio 194b

དོ། །གསུང་ཐམས་ཅད་འཇུག་པའི་གནས་དང་ཞེས་བྱ་བ་ནི་ཡི་གེ་ནི་གནས་བརྒྱད་དེ། བྲང་དང་ལྐོག་མ་དེ་བཞིན་མགོ། །ལྕེ་རྩེ་དང་ནི་སོ་དག་དང་། །སྣ་དང་མཆུ་དང་རྐན་རྣམས་སོ། །ཞེས་བྱ་བ་སྟེ་འདི་དག་ཐམས་ཅད་ནི་གསུང་ཐམས་ཅད་དུ་འཇུག་པར་གནས་སོ། །སེམས་ཀྱི་རྒྱུན་འབྱུང་བ་

ཐམས་ཅད་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་རང་བཞིན་དུ་འབྲེལ་བའི་དུས་གསུམ་གྱི་རྒྱུན་ཏེ་རྒྱུན་ནི་རྒྱུད་ཀྱི་རྣམ་པར་འབྲེལ་ཆགས་པའོ། །དེ་ཡང་སེམས་གཅིག་པུ་ལ་ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་

མཚན་ཉིད་རེ་རེ་ཞིང་ཡང་རང་གི་རིགས་ཀྱི་རྒྱུད་འདབ་ཆགས་པར་འབྲེལ་བ་ལ་བྱ་སྟེ་དེ་དག་ཐམས་ཅད་ཀྱི་འཇུག་པ་ལ་བྱའོ། །རྡོ་རྗེའི་ཚུལ་ཐམས་ཅད་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དུའོ། །ཡན་ལག་དང་ཉིང་ལག་ཐམས་ཅད་དང་ཞེས་བྱ་བ་ནི་རྐང་པ་དང་ལག་པ་ལ་སོགས་པར་རོ། །གནས་ཐམས་ཅད་

དང་ཞེས་བྱ་བ་ནི་ལས་ཀྱི་གནས་ཐམས་ཅད་དུའོ། །མཚན་ཐམས་ཅད་དང་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པ་རྣམས་སུའོ། །དེ་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཕྱག་དང་ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་

ཆགས་པ་དང་ཕྱག་དང་ཞབས་དྲ་བས་འབྲེལ་བ་དང་། བདུན་མཐོ་བ་དང་ཞབས་དང་ཕྱག་གི་བོལ་གཉིས་དང་ཐལ་གོང་གི་ཕྱོགས་དང་མགྲིན་པའི་ཕྱོགས་མཐོ་བ་དང་། སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་པ་སྟེ་ཡངས་པ་ནི་རིང་ཞིང་ལེགས་པར་སྙོམས་པ་སྟེ་ཚིགས་མི་མངོན་པའི་

ཕྱག་ཞབས་དང་ལྡན་པ་དང་། སྐུ་ཁོ་ལག་ཆེ་ཞིང་དྲང་བ་སྟེ་འདིའི་སྐུ་ཆེ་ཞིང་ཡན་ལག་དྲང་བ་དང་། ཞབས་ཀྱི་ལོང་མོའི་ཚིགས་མི་མངོན་པ་སྟེ་ལོང་མོ་ནུབ་པར་འདུག་པ་དང་། སྐུའི་སྤུ་རེ་རེ་བ་གྱེན་དུ་ཕྱོགས་པ་སྟེ་འདི་དག་ནི་བཅུ་ཚོམས་དང་པོའོ། །བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་སྟེ་འདིའི་

སྐུའི་བྱིན་པ་རི་དགས་ཤ་ར་བྷ་ལྟར་བགས་ཀྱིས་ཟླུམ་པ་དང་། ཕྱག་མ་བཏུད་པར་པུས་མོར་སླེབས་པ་སྟེ། འདིའི་སྐུ་ཡིས་མ་བཏུད་པར་ཕྱག་གཉིས་པུས་མོའི་སླ་ངར་སླེབས་པ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ་གླང་པོ་ཆེ་ཅང་ཤེས་ལྟ་བུར་སྦུབས་ན་གནས་པ་ལྟར་མདོམས་ཀྱི་སྦ་བ་སྦུབས་སུ་

Vol. 56 · folio 195a

ནུབ་པ་དང་། པགས་པ་སྲབ་ཅིང་གསེར་མདོག་འདྲ་བ་དང་། དབུ་སྐྲ་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། རོ་སྟོད་སེང་གེ་འདྲ་བ་སྟེ་འདིའི་སྐུ་སྟོད་ཁོ་ལག་ཆེ་བ་ཡིན་པ་དང་། དཔུང་མགོ་རབ་ཏུ་ཟླུམ་པ་སྟེ་མགུར་ཤིན་ཏུ་ཟླུམ་པ་རྒྱས་པའི་

ཕྱིར་རོ། །ཐལ་གོང་རྒྱས་པ་སྟེ་གསེར་གྱི་གྱིམ་ཕག་ལེགས་པར་ཕྱིས་པ་བཞིན་དུ་ཕྱ་ལེ་བར་འདུག་པ་སྟེ་འདི་དག་ནི་བཅུ་ཚོམས་གཉིས་པའོ། །རོ་བྲོ་བའི་མཆོག་དང་ལྡན་པ་སྟེ་དབང་པོ་རླུང་དང་། མཁྲིས་པ་དང་། བད་ཀན་རྣམས་ཀྱིས་ཉམས་པར་མ་གྱུར་པ་དང་རོ་རྣམས་ཇི་ལྟ་བ་བཞིན་དུ་མྱོང་བར་

མཛད་པ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ་ཆུ་དང་ཞེང་དུ་མཉམ་པ་དང་དབུ་གཙུག་ཏོར་དང་ལྡན་པ་དང་། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་སྟེ་ཨུཏྤ་ལ་དམར་པོའི་འདབ་མ་ལྟར་རིང་ཞིང་སྲབ་པ་དང་། ཀ་ལ་པིང་ཀའི་དབྱངས་ཏེ་བྱ་ཀ་ལ་པིང་ཀ་དང་ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན་པར་མཛད་

པ་དང་། འགྲམ་པ་སེང་གེའི་འདྲ་བ་སྟེ་མཁུར་བ་ཤིན་ཏུ་མེ་ལོང་ཕྱིས་པ་དག་པ་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་པ་དང་། ཚེམས་བཞི་བཅུ་མངའ་བ་སྟེ་མཚན་འདི་དག་ནི་བཅུ་ཚོམས་གསུམ་པའོ། །འདི་རྣམས་དང་སྐྱེས་བུ་ཆེན་པོའི་

མཚན་སྤྱན་མཐོན་མཐིང་དང་། རྫི་མ་བའི་ལྟ་བུ་སྟེ་དེ་ལྟར་ན་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་བཟང་པོ་ཐམས་ཅད་དང་ཞེས་བྱ་བ་ལ་དཔེ་བྱད་བཟང་པོ་རྣམས་གང་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུ་གདུགས་ཀྱི་དབྱིབས་ལྟ་བུ་དང་། དབུ་སྐྲའི་རྩེ་མོ་འཁྱིལ་བ་དང་། དབུ་སྐྲ་སྟུག་པ་དང་།

དབུ་སྐྲ་གནག་པ་དང་། དབུ་སྐྲ་དྲི་ཞིམ་པ་དང་། དབུ་སྐྲ་མི་གཤོར་བ་དང་། དབུ་སྐྲ་མ་འཛིངས་པ་དང་། དབུ་སྐྲ་བཟང་བ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་སྣུམ་པ་དང་། དབུ་སྐྲ་ཕྲ་བ་དང་། དབུ་སྐྲ་བུང་བ་ལྟ་བུ་སྟེ་དཔེ་བྱད་བཟང་པོ་བཅུ་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་དབུ་སྐྲ་གཡས་སུ་

འཁྱིལ་ཞིང་རེ་རེ་ནས་སྐྱེས་པ་དང་། དབུ་གཙུག་ཏོར་དང་ལྡན་པའི་འཁོར་དུ་གྱུར་པ་ཡིན་ནོ། །དཔྲལ་བའི་དབྱེས་ཆེ་བ་དང་། དཔྲལ་བ་གཉེར་མ་མེད་པ་དང་། སྨིན་མ་གནག་པ་དང་། སྨིན་མ་གཞུ་ལྟ་བུ་དང་། སྨིན་ཚུགས་རིང་བ་དང་། སྨིན་མའི་སྤུ་མཉམ་པ་དང་། སྨིན་མ་བར་ཐགས་

Vol. 56 · folio 195b

མཉམ་པ་དང་། ཤངས་མཐོ་བ་སྟེ་དཔེ་བྱད་བཟང་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་མཛོད་སྤུའི་འཁོར་རོ། །སྤྱན་འཛུམ་པ་ལྟ་བུ་དང་། སྤྱན་ཡངས་པ་དང་། སྤྱན་གཙང་བ་དང་། སྤྱན་གྱི་དཀྱུས་རིང་བ་དང་། སྤྱན་དྲི་མ་མེད་པ་སྟེ་དཔེ་བྱད་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སྤྱན་མཐོན་

མཐིང་དང་རྫི་མ་བའི་ལྟ་བུའི་འཁོར་ཡིན་ནོ། །སྙན་མཉམ་པ་དང་། སྙན་ཤལ་སྟུག་ཅིང་རིང་བ་སྟེ་དཔེ་བྱད་འདི་གཉིས་ནི་སྐྱེས་བུ་ཆེན་པོའི་མཚན་འགྲམ་པ་སེང་གེ་ལྟ་བུའི་འཁོར་ཡིན་ནོ། །ཞལ་དྲི་ཞིམ་པ་དང་། སེང་གེའི་ཞལ་དང་། ཞལ་གྱི་སྒྲོས་བིམ་པ་ལྟར་དམར་བ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་།

མཆེ་བ་རྣོ་བ་དང་། ཞལ་གྱི་དཀྱིལ་འཁོར་ཀུན་ནས་ཟླུམ་ཞིང་རྒྱས་པ་སྟེ་དཔེ་བྱད་བཟང་པོ་འདི་རྣམས་ནི་སྐྱེས་བུ་ཆེན་པོའི་མཚན་བདུན་གྱི་འཁོར་ཡིན་ཏེ། གང་ཞེ་ན་ལྗགས་ཡངས་པ་དང་། ཚངས་པའི་དབྱངས་དང་། ཚེམས་དཀར་བ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་བཞི་བཅུ་མངའ་བ་དང་།

ཚེམས་མཉམ་པ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་རྣམས་ཀྱིའོ། །མགུར་བུམ་པའི་མགྲིན་པ་ལྟ་བུ་ནི་སྐྱེས་བུ་ཆེན་པོའི་མཚན་དཔུང་མགོ་ཟླུམ་པའི་འཁོར་ཡིན་ནོ། །རྩ་རྒྱུས་མི་མངོན་པ་དང་། ཚིགས་མི་མངོན་པ་དང་། ཚིགས་ལ་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པ་དང་། སྐུ་གཙང་བ་

དང་། སྐུ་མ་ཡོ་བ་དང་། སྐུ་རིམ་པར་འཚམ་ཞིང་མཛེས་པ་དང་། སྐུ་འཁྲིལ་བག་ཆགས་པ་དང་། སྐུ་སྣུམ་པ་དང་། སྐུའི་ཡན་ལག་ཤིན་ཏུ་འབྱེས་པ་དང་། སྐུ་ཤིན་ཏུ་གྲིམས་པ་དང་། སྐུ་འཇམ་པ་དང་། མཚན་རྫོགས་པ་དང་། སྐུ་ཤིན་ཏུ་ཟླུམ་པ་དང་། སྐུ་མ་ཡོ་བ་དང་། ཕྱལ་ཕྱང་ངེ་བ་དང་།

སྐུ་སྐབས་ཕྱིན་པ་དང་། སྐུ་ལ་གནག་བག་མེད་པ་དང་། བལྟ་བས་ཆོག་མི་ཤེས་པ་སྟེ་དཔེ་བྱད་བཟང་པོ་བཅོ་བརྒྱད་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་ཁོ་ལག་ཆེ་ཞིང་དྲང་བ་དང་ཕྱག་མ་བཏུད་པར་པུས་མོར་སླེབས་པ་དང་། པགས་པ་སྲབ་པ་དང་། མདོག་གསེར་འདྲ་བ་དང་། རོ་སྟོད་སེང་གེ་

འདྲ་བ་དང་། ཐལ་གོང་རྒྱས་པ་དང་། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། བདུན་མཐོ་བ་སྟེ་འདི་བརྒྱད་ཀྱི་འཁོར་དུ་གྱུར་པ་ཡིན་ནོ། །ལྟེ་བ་ཟབ་པ་དང་། ལྟེ་བ་ཟླུམ་པ་དང་། ལྟེ་བའི་སྦུབས་རབ་ཏུ་གང་བ་སྟེ་དཔེ་བྱད་འདི་གསུམ་ནི་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་འཁོར་

Vol. 56 · folio 196a

དུ་གྱུར་པ་ཡིན་ནོ། །པུས་མོའི་ལྷ་ང་ཤིན་ཏུ་ཟླུམ་ཞིང་ལེགས་པའི་དཔེ་བྱད་གཅིག་པུ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུའི་འཁོར་དུ་གྱུར་པ་ཡིན་ནོ། །བ་སྤུའི་བུ་ག་རྣམས་ལས་ཡིད་དུ་འོང་བའི་དྲི་འབྱུང་བ་འདི་སྐྱེས་བུ་ཆེན་པོའི་མཚན་བ་སྤུ་ཉག་མ་རེ་རེ་

ནས་སྐྱེས་ཤིང་གཡས་སུ་འཁྱིལ་བའི་འཁོར་དུ་གྱུར་པ་ཡིན་ནོ། །སེན་མོ་མཐོ་བ་དང་། སེན་མོ་ཟངས་ཀྱི་མདོག་འདྲ་བ་དང་། སེན་མོ་སྣུམ་པ་དང་། སེན་མོ་རྣམས་ཟླུམ་པ་དང་། སེན་མོ་རྣམས་རྒྱས་པ་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་སྟེ་དཔེ་བྱད་བཟང་པོ་འདི་དྲུག་ནི་སྐྱེས་བུ་ཆེན་པོའི་མཚན་ཕྱག་གི་སོར་མོ་

རིང་བའི་འཁོར་དུ་གྱུར་པ་ཡིན་ནོ། །ཕྱག་གི་རི་མོ་བར་མ་ཆད་པ་དང་། ཕྱག་གི་རི་མོ་མཉམ་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་མ་ཡོ་བ་དང་། ཕྱག་མདངས་ཡོད་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་ཟངས་ལྟར་དམར་བ་དང་། ཕྱག་ལ་སེང་གེའི་གདན་དང་། ཉ་དང་རྒྱལ་མཚན་

དང་། རྡོ་རྗེ་དང་ལྕགས་ཀྱུ་དང་། བུམ་པ་དང་དགའ་བ་འཁྱིལ་པ་དང་། དཔལ་བེའུ་དང་། དུང་དང་པདྨོ་དང་། གཡུང་དྲུང་རྣམས་དང་ལྡན་པ་སྟེ་དཔེ་བྱད་བཟང་པོ་བཅུ་བདུན་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་དྲུག་པོའི་འཁོར་དུ་ཅི་རིགས་པར་འགྱུར་བ་ཡིན་ཏེ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་

ལོའི་མཚན་དང་ལྡན་པ་དང་། ཕྱག་དང་ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། ཞབས་ཀྱི་ལོང་མོའི་ཚིགས་མི་མངོན་པ་སྟེ་འདི་དྲུག་གི་ཡིན་ནོ། །དེ་ལྟར་ན་མཚན་དང་

དཔེ་བྱད་ཐམས་ཅད་དོ། །བ་སྤུའི་ཁུང་བུ་ཐམས་ཅད་དང་། རྡུལ་ཤིན་ཏུ་ཕྲ་མོ་སྙེད་ཀྱི་དཀྱིལ་འཁོར་ཐམས་ཅད་དང་ཞེས་བྱ་བ་ནི་སྐུའི་རྡུལ་ཕྲ་རབ་ཐམས་ཅད་དུའོ། །ཐུགས་རྣམས་སུ་ཞུགས་ནས་བཞུགས་སོ་ཞེས་བྱ་བ་འདིས་ནི་རོ་གཅིག་ཏུ་གྱུར་པར་སྟོན་ཏོ། །སྤྲུལ་པའི་སྐུ་དཀའ་བ་སྤྱོད་པའི་སར་བཞག་སྟེ་རྫུ་

འཕྲུལ་གྱིས་འོག་མིན་གྱི་གནས་སུ་གཤེགས་ནས་དེར་མངོན་པར་རྫོགས་པར་བྱང་ཆུབ་པོ། །དེ་ནས་རི་རབ་ཀྱི་རྩེ་མོར་གཤེགས་ཏེ་ཏིང་ངེ་འཛིན་ལ་བཞུགས་ནས་སྔགས་སྤྱོད་པའི་ཚུལ་ལ་འཇུག་པའི་ཏིང་ངེ་འཛིན་ལ་སྤྲོ་བ་དང་བསྡུ་བ་མཛད་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡང་དག་པར་རྫོགས་

Vol. 56 · folio 196b

པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཐམས་ཅད་དུ་བདག་ཉིད་གྱུར་པར་མཁྱེན་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེར་བཞུགས་པའི་ཕྱིར་རོ། །

དེ་ནས་རི་རབ་ཀྱི་རྩེ་མོ་དེ་ནས་ཡིད་ཀྱིས་རང་བཞིན་གྱི་སྐུ་དེ་བབས་ཏེ་དཀའ་བ་སྤྱོད་པ་ན་བཞུགས་པའི་སྐུ་དེར་ཞུགས་སོ། །དེ་ནས་དེ་ལས་བཞེངས་ཏེ། ཆུ་བོ་ནཻ་རཉྫ་ནར་ཁྲུས་མཛད་ནས་འོ་མ་གསོལ་ཏེ། བྱང་ཆུབ་ཀྱི་སྙིང་པོ་གང་ན་བ་དེར་གཤེགས་སོ། །ཆེད་དུ་གཤེགས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་

ཀྱི་ཤིང་དྲུང་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིར་གཏོགས་པའི་བྱང་ཆུབ་ཀྱི་ཤིང་གང་ཡིན་པ་དེའི་རྩ་བར་རོ། །འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དོན་དམ་པར་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་མོད་ཀྱི། འཇིག་རྟེན་པ་རྣམས་དང་རྗེས་སུ་མཐུན་པར་བྱ་བའི་

ཕྱིར་གདོང་བྱང་ཆུབ་པ་ལྟར་སྟོན་ཅིང་རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བླངས་ནས། ཨེ་མའོ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སེམས་ཅན་བསྟན་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་སྟོན་པར་མཛད་པ་གང་ཡིན་པ་དེ་ནི་སེམས་ཅན་

བསྟན་པ་སྟེ་ལམ་ལོག་པ་ལས་བཟློག་སྟེ་ཡང་དག་པའི་ལམ་ལ་འཇོག་པ་དེ་རྣམས་ཀྱིའོ། །སུ་ཞིག་གི་དོན་དུ་ཞེ་ན། སེམས་ཅན་དོན་ཏེ་སེམས་ཅན་རྣམས་ཀྱི་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་སེམས་ཅན་དོན་ཏོ། །བདག་དོན་མཆོག་ཅེས་བྱ་བ་ནི་རང་གི་དོན་གྱི་དམ་པ་ཉིད་སེམས་ཅན་གྱི་དོན་ཡིན་ནོ། །

དེ་ལྟར་ཡིན་ན་ཡང་འདི་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན་དེའི་ཕྱིར། གང་ཕྱིར་འདུལ་དབང་བསྟན་པ་རྣམས། །མུ་སྟེགས་ལྟ་ལ་གནས་པར་མཛད། །ཅེས་བྱ་བ་གསུངས་ཏེ། གདུལ་བྱ་ནི་མི་རྣམས་ཏེ་དེ་དག་ཀྱང་དམན་པ་ལ་ལྷག་པར་མོས་པ་དང་། དཀའ་བ་སྤྱོད་པ་ལ་མོས་པ་ཡིན་ན་དེ་ལྟ་

བས་ན། དེ་ཡི་དབང་ཞེས་བྱ་བ་ནི་དེ་དག་གི་ཆེད་དུའོ། །བརྟན་པ་རྣམས་ནི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །མུ་སྟེགས་ནི་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་ལམ་དུ་བསྟན་པ་གང་ཡིན་པ་སྟེ། འདི་འཇུག་པའི་ཐབས་ནི་མ་ཡིན་མོད་ཀྱི། འོན་ཀྱང་འཇིག་རྟེན་པ་དེ་རྣམས་དེ་ལ་

Vol. 56 · folio 197a

སྤྱོད་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བས་ན་དེར་མུ་སྟེགས་པ་རྣམས་ཀྱི་ངོ་བོ་ཉིད་ཡིན་པས་ན་མུ་སྟེགས་པ་སྟེ། དེ་རྣམས་ཀྱི་ལྟ་བ་ནི་དཀའ་བ་སྤྱོད་པ་ཐར་པ་ཐོབ་པར་འདོད་པའོ། །དེའི་ཕྱིར་དེ་རྣམས་ཀྱི་ལྟ་བའི་དབང་དུ་མཛད་ནས་དཀའ་བ་སྤྱོད་པ་གང་ཡིན་པ་ལ་གནས་པར་མཛད་པ་ཡིན་ལ།

འོག་མིན་གྱི་གནས་སུ་ཤིན་ཏུ་རྒྱ་ཆེར་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ན་ཡང་། མི་འདུལ་བ་ནི་འཇིག་རྟེན་ལ་འཇིག་རྟེན་པའི་རྗེས་སུ་མཐུན་པ་བསྟན་པར་བྱ་བའི་ཕྱིར་རོ། །འཇིག་རྟེན་འདི་དག་ལ་ཡང་སྤྱོད་པ་འདི་དག་ཅིའི་ཕྱིར་སྟོན་པར་མཛད་ཅེ་ན། ལྟ་བ་ངན་པས་མདོངས་པ་རྣམས། །ཞེས་

བྱ་བ་གསུངས་སོ། །དེ་ལྟ་བས་ན། ལྟ་བ་ངན་པས་མདོངས་པ་རྣམས། །ཡེ་ཤེས་སྣང་བས་དག་བྱའི་ཕྱིར། །ཞེས་བྱ་བ་སྟེ་ངན་པར་ལྟ་བས་ན་ལྟ་བ་ངན་པ་སྟེ། ལོག་པའི་ཤེས་རབ་ལས་བྱུང་བའི་ལྟ་བ་ངན་པས་མདོངས་པ་དེ་རྣམས་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཐེག་པ་གསུམ་གྱི་ཡེ་ཤེས་ཀྱི་

སྣང་བས་རྣམ་པར་དག་པར་བྱ་ཞིང་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སླར་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཐུགས་སུ་ཆུད་པར་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་དེ་ཁོ་

ན་ཉིད་མི་ཤེས་ནས་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་འབའ་ཞིག་ཏུ་མ་གཏོགས་པ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སོ། །བཅོམ་ལྡན་

འདས་ཀྱིས་དེ་ཁོ་ན་ཉིད་མི་ཤེས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡང་དག་པ་ནི་འོག་མིན་དུ་བྱུང་ལ། དེའི་སྤྲུལ་པ་ཤཱཀྱའི་རིགས་སུ་འཁྲུངས་པར་བསྟན་པ་དང་། དེ་ཉིད་དུ་དོན་དམ་པར་མངོན་པར་རྫོགས་པར་སངས་རྒྱས་ལ། འདིར་ནི་སྤྲུལ་པས་དཀའ་བ་སྤྱོད་པར་སྟོན་པ་དང་། དེར་མངོན་པར་

རྫོགས་པར་སངས་རྒྱས་ནས་རི་རབ་ཀྱི་རྩེ་མོར་གཤེགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་མི་རྣམས་ཀྱི་དོན་བསྒྲུབ་པར་མཛད་པའི་ཕྱིར་ཡང་མངོན་པར་རྫོགས་པར་བྱང་ཆུབ་པར་སྟོན་ཅིང་དཀའ་བ་སྤྱོད་པའི་སྐུ་འདི་ལ་སླར་བབ་པར་མཛད་པ་འདི་དག་གི་དེ་ཁོ་ན་ཉིད་མི་ཤེས་པའོ། །དེ་ལྟར་དེ་ཁོ་ན་ཉིད་མ་ཤེས་ཏེ་

Vol. 56 · folio 197b

ཅི་ཞིག་བྱེད་པ་ཞེ་ན། འདི་སྐད་དུ་གསོལ་ཏོ་ཞེས་བྱ་བ་སྟེ་ཚིག་ཏུ་བརྗོད་པའོ། །ཇི་སྐད་དུ་སྨྲས་ཤེ་ན། ཀྱེ་དགེ་སློང་ཅི་བྱང་ཆུབ་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དྲག་པ་ནི་རྣོ་བའོ། །རྩུབ་པ་ནི་རེག་པར་མི་བཟོད་པའོ། །མི་བཟད་པ་ནི་སྲོག་འཕྲོག་པའོ། །སྤྲོ་བར་མཛད་དམ་ཞེས་བྱ་བ་ནི་དཀའ་

བ་སྤྱོད་པའི་ས་ལ་བྱང་ཆུབ་ཀྱི་རྒྱུར་དཀའ་བ་ལ་སྤྲོ་བའི་རྩོམ་པ་མཛད་དམ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་རྩྭ་དེ་གཡས་ནས་བསྐོར་ནས་བཏིང་སྟེ། དེའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་ཏེ་སྐུ་དྲང་པོར་བསྲངས་ནས་

དགོངས་པ་མངོན་དུ་བཞག་སྟེ་ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་ཁོ་བོས་བྱང་ཆུབ་ཐོབ་པར་སྒྲུབས་ཤིག་པ་སྟེ་སྒྲུབས་ཤིག་ཅེས་བྱ་བ་ནི་སྤྲོ་བ་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་འདིས་ནི་དོན་འདི་ལྟར་སྟོན་ཏེ། བྱང་ཆུབ་ནི་ལྷ་རྣམས་ཀྱི་ཁྱད་པར་

ལས་མཆོག་བྱིན་པས་ཐོབ་པ་མ་ཡིན་ནོ་ཞེས་སྟོན་ཏེ། འདིས་ནི་དེ་སྐད་དུ་གསུངས་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་མ་རྟོགས་ནས་ཞེས་བྱ་བ་ལ་སོགས་པ་ལ་ཅི་འདིར་མངོན་པར་མ་རྟོགས་ཞེས་བྱ་བར་བྱང་ཆུབ་

ཀྱི་ཕྱིར་འདི་ལྟ་བུའི་དཀའ་བ་ལ་སྤྲོ་བར་མཛད་དམ་ཞེས་གོང་དུ་མ་སྨྲས་སམ་ཞེ་ན་སྨྲས་པ། དེ་ནི་བདེན་མོད་ཀྱི་འགའ་ཞིག་ལས་མིང་ཙམ་ཞིག་ཐོས་པ་ཡིན་གྱི་དེ་དག་གི་དོན་ཤེས་པ་ནི་མ་ཡིན་ནོ། །ཤེས་སུ་ཟིན་ཀྱང་དེ་དག་གིས་སྦྱིན་པར་ནུས་པ་ཡང་མ་ཡིན་ལ། རྟོགས་པའི་ལུང་དབོག་པར་ནུས་པ་

ཡང་མ་ཡིན་ནོ། །དེ་ལྟེ་བས་ན་བརྒྱ་བྱིན་ལྷའི་དབང་པོའི་ཐད་དུ་སོང་ལ་ལྷའི་དབང་པོ་བརྒྱ་བྱིན་ཡང་དེ་དག་དང་འགྲོགས་ཏེ་ཚངས་པའི་ཐད་དུ་སོང་ངོ་། །ཚངས་པ་ཡང་དེ་དག་དང་འགྲོགས་ཏེ་ཐམས་ཅད་དབང་ཕྱུག་ཆེན་པོའི་ཐད་དུ་ཕྱིན་ཏོ། །དེ་ནས་འཇིག་རྟེན་གསུམ་པོ་ཞེས་བྱ་བ་ལ་སོགས་པ་ལ་

འཇིག་རྟེན་གསུམ་པོ་མཐའ་དག་གི་བདག་པོ་ནི་བཤད་ཟིན་ཏོ། །ལྷ་ཐམས་ཅད་ཀྱི་བདག་པོ་མཐུ་བོ་ཆེ་ལ་སོགས་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་ཅི་ཞིག་སྨྲས་ཤེ་ན་གྲོགས་པོ་རྣམས་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་དབང་ཕྱུག་ཆེན་པོ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་

Vol. 56 · folio 198a

རྗེས་སུ་གཟུང་བ་ཡིན་ལ་དེ་བས་ན་དེ་ནི་བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་རེག་པས་རྟོགས་པ་སྐྱེས་པར་གྱུར་ཏེ། དེ་བས་ན་ཕྱག་ན་རྡོ་རྗེའི་མཐུ་དང་ལུང་དང་རྟོགས་པ་ཁོང་དུ་ཆུད་པའི་མཐུས་བཅོམ་ལྡན་འདས་འོག་མིན་གྱི་ལྷར་སྐུ་སྐྱེ་བ་བཞེས་ཤིང་། སྤྲུལ་པས་ཤཱཀྱའི་རིགས་

སུ་ཡང་སྐུ་ཚེ་སྟོན་པར་མཛད་པ་དང་། དཀའ་བ་སྤྱོད་པའི་གནས་སྐབས་ལ་བཞུགས་པའི་བར་དུ་སྟོན་པ་དང་། འོག་མིན་གྱི་གནས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེར་སྐྱེས་པ་རྣམས་ཀྱི་དོན་མཛད་ནས་རི་རབ་ཀྱི་རྩེ་མོར་གཤེགས་ཏེ་

སྔགས་སྤྱོད་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མི་རྣམས་ཀྱི་དོན་མཛད་པའི་ཕྱིར་རི་རབ་ཀྱི་རྩེ་མོ་ནས་བབས་ཏེ་དཀའ་བ་སྤྱོད་པའི་ས་ལ་གནས་པའི་སྤྲུལ་པའི་སྐུར་ཞུགས་ནས་ཡང་མངོན་པར་རྫོགས་པར་བྱང་ཆུབ་པར་སྟོན་ཏེ། འདི་དག་ཐམས་ཅད་ཤེས་སོ། །དེ་ལྟ་བས་ན་ལྷ་ཐམས་ཅད་ཀྱི་བདག་

པོ་ལ་སོགས་པ་ལ་བོས་ནས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་རྣམས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དང་མཐུན་པར་མཛད་ཅིང་། ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་གྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བའོ། །

ཇི་ལྟར་ལྷ་གཞན་དག་གིས་འདི་ལྟར་མི་ཤེས་སམ་ཞེ་ན། འདི་ནི་བདེན་མོད་ཀྱི་འོན་ཀྱང་དེ་ནི་རྟོགས་པ་སྐྱེས་པ་མ་ཡིན་ཏེ། འདི་དག་གིས་གསུམ་ལ་སྐྱབས་སུ་འགྲོ་བ་མ་བླངས་པ་དང་། ཡང་དག་པར་བླངས་པ་བརྡར་བཏགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་དམ་ཚིག་མནོས་པར་ཟད་ཀྱི།

དེ་དག་གིས་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ཅེས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པས་མི་རྣམས་ཀྱི་དོན་མཛད་པར་བཞེད་ན། ལྷ་དེ་བཞིན་གཤེགས་པའི་སྐུ་དེ་ཉིད་ཀྱིས་བྱོན་ཏེ་མི་རྣམས་ཀྱི་དོན་ཅིའི་ཕྱིར་མི་མཛད་ཅེ་ན། དེའི་ཕྱིར་འདི་ལྟར་འཇིག་རྟེན་ན་དེ་བཞིན་གཤེགས་

པ་མ་ཡིན་ནོ་སྙམ་དུ་ཤེས་པར་མ་བྱེད་ཅིག །ལྷ་ཉིད་ལས་དེ་བཞིན་གཤེགས་པར་འགྱུར་གྱི་ལྷ་དེ་དག་ཉིད་བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པ་ཉིད་དུ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ལྟ་བུའི་ཕྱིར་ན་མིའི་ལུས་ཀྱིས་མངོན་པར་བྱང་ཆུབ་པར་སྟོན་པར་མཛད་པ་ཡིན་ནོ། །དེ་ལེགས་པར་

Vol. 56 · folio 198b

མཆོད་ལ་འདོད་པ་བསྒྲུབ་པོ་ཞེས་པ་དང་། དེ་ནས་ལྷ་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་དེར་སོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་རྩྭའི་གདན་འདི་

ལས་བཞེངས་ལ་ལྷ་རྫས་ཀྱི་གདན་ལ་བཞུགས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ་ཞེས་བཅོམ་ལྡན་འདས་གདན་ལ་སྤྱན་འདྲེན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བདག་པོ་དེ་རྣམས་ཀྱི་མཆོག་སྦྱིན་པ་ལ་སོགས་པའི་

མངོན་པའི་ང་རྒྱལ་བསལ་བའི་ཕྱིར་ལྷའི་བདག་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྦྱིན་པར་སྒྲུབས་ཤིག །དེ་རྣམས་ཀྱིས་ཀྱང་མངོན་པའི་ང་རྒྱལ་སྤངས་ཏེ་དེ་ནས་ཞེས་བྱ་བ་ལ་སོགས་པས་བདག་ཅག་གིས་རྔོ་མི་ཐོགས་

སོ་ཞེས་ཇི་ལྟ་བ་བཞིན་དུ་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་དོན་དེ་ཉིད་དེ་ནི་གཟུགས་མིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་པས་དེ་གསལ་བར་བསྟན་པར་མཛད་པ་ཡིན་ཏེ། དེ་ནི་གཟུགས་མིན་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་

པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟ་ན་ནི་གཟུགས་ཅན་མ་ཡིན་པར་འགྱུར་རོ་ཞེ་ན་དེའི་ཕྱིར་གཟུགས་མིན་ཞེས་བྱ་བ་གསུངས་ཏེ། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་རང་བཞིན་གྱི་ཕུང་པོ་རྣམས་ཏེ་དེ་དག་གི་ངོ་བོ་ཉིད་ཀྱང་མ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་། ལམ་སྒོམ་པའི་མཚན་ཉིད་ཟག་པ་མེད་པའི་རང་བཞིན་ཅན་ནོ་ཞེ་ན། བདེན་མིན་ཞེས་བྱ་བ་གསུངས་ཏེ། དེ་ནི་བདེན་པ་བཞིའི་རང་བཞིན་ཅན་ཡང་མ་ཡིན་ནོ། །དེ་ལྟ་ན་ནི་བརྫུན་པ་ཞིག་ཡིན་ནོ་ཞེ་ན་བརྫུན་མིན་

ཞེས་བྱ་བ་གསུངས་སོ། །དེ་ལྟ་ན་ཇི་ལྟ་བའི་རང་བཞིན་ཅན་ཅིག་ཡིན་ཞེ་ན་གཙང་བའི་ཞེས་བྱ་བ་གསུངས་ཏེ་དངོས་པོ་ཡོད་པར་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཅེས་བྱ་བ་ནི་དངོས་པོ་ཐམས་ཅད་ལས་འདས་པ་དེ་ཉིད་བྱང་

Vol. 56 · folio 199a

ཆུབ་ཡིན་ནོ། །རྟོགས་ན་རྒྱལ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་གལ་ཏེ་ཡེ་ཤེས་དེ་ལྟར་ཁོང་དུ་ཆུད་ན་རྒྱལ་བར་འགྱུར་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་དོན་དེ་སྐད་ཅེས་གསུངས་པ་དང་། དེ་ནས་ལྷའི་བདག་པོ་དེ་དག་ཅུང་ཟད་ཅིག་ཅང་མི་སྨྲ་བར་གནས་པར་

གྱུར་ཏོ་ཞེས་བྱ་བ་ནི་དེའི་དོན་སྒོམ་ཞིང་ཅང་མི་ཟེར་བར་འཁོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་བྱང་ཆུབ་ཀྱི་དོན་བཤད་ནས་དེའི་འོག་ཏུ་རྩྭའི་གདན་དེ་ལས་བཞེངས་ཏེ་ལྷ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་སྟན་འདི་ལ་འདུག་ལ་སངས་རྒྱས་ཀྱི་

ཡེ་ཤེས་འདི་ལྟ་བུ་རྟོགས་པར་བྱ་བ་སྒྲུབས་ཤིག་ཅེས་གསུངས་སོ། །དེ་ནས་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་རྔོ་མི་ཐོགས་སོ། །འདི་སྐད་ཅེས་སྟོན་པ་ཡིན་ཏེ་བྱང་ཆུབ་ནི་དམ་པ་སྦྱིན་པར་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། བྱང་ཆུབ་ཀྱི་དོན་བསྟན་དུ་ཟིན་ཀྱང་བྱང་ཆུབ་མི་ཤེས་ཤིང་། བྱང་ཆུབ་

པའི་རིམ་པ་མ་རྟོགས་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པས་ན་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་གདན་དེ་ཉིད་ལ་བཞུགས་བཞིན་དུ་ཞེས་བྱ་བ་

ནི་རྩྭའི་གདན་ལ་སྟེ། ཡིད་ཀྱིས་རབ་ཏུ་རྟོགས་པས་ན། །ཞེས་བྱ་བ་ལ་སོགས་པས་ཐུགས་སུ་ཆུད་པའི་རིམ་པ་ཚིགས་སུ་བཅད་པ་སྟོན་པར་མཛད་པ་ཡིན་ནོ། །གང་གིས་ཤེ་ན། ཡིད་ཀྱིས་རབ་ཏུ་རྟོགས་པས་ན། །ཞེས་བྱ་བ་འདི་ཉིད་ཀྱིས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་དང་

པོའི་སྔགས་ཀྱི་དོན་བསྟན་ཏོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་འདིས་ནི་སྔགས་གཉིས་པའི་དོན་སྟོན་ཏོ། །བརྟན་པར་བྱོས་ཞེས་བྱ་བ་འདིས་ནི་གསུམ་པའི་དོན་སྟོན་ཏོ། །སེམས་དཔའི་རྡོ་རྗེ་བརྟན་བྱས་ལ། །ཞེས་བྱ་བ་འདིས་ནི་བཞི་པའི་དོན་སྟོན་ཏོ། །སངས་རྒྱས་སུ་ནི་བདག་སྒོམས་ཤིག །ཅེས་

བྱ་བ་འདིས་ནི་ལྔ་པའི་དོན་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དང་། དེ་དག་གིས་འདི་སྐད་དུ་དེ་ལྟ་བུ་ལེགས་སོ་ཞེས་ཐམས་ཅད་ཀྱིས་སྨྲས་ནས་འདོང་ངོ་། །དེ་ལྟར་བྱང་ཆུབ་པའི་དོན་དང་མངོན་པར་བྱང་ཆུབ་པའི་རིམ་པ་འདོད་པ་ན་སྤྱོད་པ་ལ་སོགས་པའི་ལྷ་དེ་རྣམས་ལ་བསྟན་

Vol. 56 · folio 199b

ནས་ཐོ་རངས་ཀྱི་དུས་ལ་བབ་པ་ན་དེ་ནས་བཅོམ་ལྡན་འདས་ཀྱིས་མཚན་མོ་དེའི་ཐོ་རངས་འཇིག་རྟེན་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་བདུད་སྡེ་དང་བཅས་པ་ཕམ་པར་བྱས་ནས་ཞེས་བྱ་བ་ནི་མཐུ་བསྟན་པའི་ཕྱིར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་

ནས་མཆོག་ཏུ་ཕན་འདོགས་པར་བྱེད་པ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་ཕན་པར་མཛད་པ་འཕགས་པ་ཕྱག་ན་རྡོ་རྗེ་རང་གི་ཐུགས་ལ་ཞུགས་པ་དེ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་མཚན་བརྒྱ་རྩ་བརྒྱད་པ་འདིས་མངོན་པར་བསྟོད་པར་མཛད་དོ། །རྡོ་རྗེའི་རང་

བཞིན་གྱི་སེམས་དཔའ་མངའ་བས་ན་རྡོ་རྗེ་སེམས་དཔའ་སྟེ་མི་ཕྱེད་པའི་ཕྱིར་རོ། །འདི་ལ་སེམས་དཔའ་ཚད་མེད་པ་མངའ་བས་ན་སེམས་དཔའ་ཆེའོ། །ཐེག་པ་ཆེན་པོའི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་ན་ཐེག་པ་ཆེན་པོ་སྟེ་བྱང་ཆུབ་ཀྱི་སེམས་ལ་ཐེག་པ་ཆེན་པོ་ཞེས་བྱ་བའི་སྒྲར་གསུངས་སོ། །ཐམས་

ཅད་དུ་ཁྱབ་པས་ན་བདག་ཉིད་ཆེ་ཞེས་བྱ་བ་སྟེ་ཆེ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་མངའ་བས་ན་སྣང་བ་ཆེ་ཞིང་ཞེས་བྱའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་རྣམ་པར་དག་པས་ན་དག་པ་ཆེ་ཞེས་བྱའོ། །མགོན་པོ་ཆེ་ཞེས་བྱ་བ་ནི་ཆེན་པོ་རྣམས་ཀྱི་མགོན་པོར་

གྱུར་པས་ན་མགོན་པོ་ཆེ་སྟེ་ཆེ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་མགོན་ཆེན་ནོ། །རྡོ་རྗེ་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་རྡོ་རྗེ་རྒྱལ་པོ་སྟེ་རང་གི་ལས་ལ་མཆོག་ཏུ་གྱུར་པའི་ཕྱིར་རོ། །སྤྲོ་བའི་ཚེ་ན་རྡོ་རྗེ་ཆེན་པོ་མངའ་བས་ན་རྡོ་རྗེ་ཆེའོ། །རྡོ་རྗེ་ལྕགས་ཀྱུ་ཕྱོགས་ཐམས་ཅད་ཀྱི་

མཐར་གཏུགས་པར་སྤྲོས་པས་ན་རྡོ་རྗེ་ལྕགས་ཀྱུ་ཉིད་ལ་རྡོ་རྗེའི་སྒྲར་གསུངས་སོ། །མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ནོ། །འགུགས་པའི་ཕྱིར་སེམས་དཔའ་ཆེན་པོ་སྟེ་ཚད་མེད་པའི་སེམས་ཅན་རྣམས་འགུགས་

པའི་ཕྱིར་རོ། །རང་གི་ཕྲིན་ལས་ལ་ཐོགས་པ་མེད་པ་མངའ་བས་ན་བརྩོན་འགྲུས་ཆེའོ། །འགུགས་པའི་ཐབས་དཔག་ཏུ་མེད་པ་མངའ་བས་ན་ཐབས་ཆེན་ནོ། །སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་མི་ཕྱེད་པ་མངའ་བས་ན་རྡོ་རྗེ་འདོད་པའོ། །འདོད་ཆགས་ཀྱི་ཉོན་མོངས་པ་མེད་པའི་ཕྱིར་

Vol. 56 · folio 200a

དག་པ་ཆེའོ། །བདེ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པས་ན་ཀུན་གྱི་བདེ་བའོ། །བདེ་བ་ཚད་མེད་པའི་ངོ་བོ་ཉིད་ཡིན་པས་ན་བདེ་བ་ཆེའོ། །བདེ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཡིན་པས་ན་བདེ་མཆོག་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ཡིན་པའི་ཕྱིར་རོ། །འདི་ལ་ཐོག་མ་དང་

ཐ་མ་ཡོད་པ་མ་ཡིན་པས་ན་ཐོག་མ་ཐ་མ་མེད་དོ། །བཞེད་ཆེན་ཞེས་བྱ་བ་ལ་བཞེད་པ་ནི་འདོད་པའོ། །འདི་ལ་འདོད་པ་ཆེན་པོ་མངའ་བས་ན་བཞེད་ཆེན་ཏེ་སེམས་ཅན་ཐམས་ཅད་མངོན་པར་འདོད་པར་བཞེད་པས་ནའོ། །མི་ཕྱེད་པས་ན་ལེགས་སོ་ཞེས་བྱ་བ་ལ་སོགས་པས་ན་རྡོ་རྗེ་ལེགས་པའོ། །ཡོངས་

སུ་དགྱེས་པ་ཚད་མེད་པ་མངའ་བས་ན་དགྱེས་པ་ཆེའོ། །རབ་ཏུ་དགའ་བ་སྐྱེད་པར་མཛད་པས་ན་ལེགས་ཞེས་བྱའོ། །ཤིན་ཏུ་མཉེས་པས་ན་རབ་མཉེས་པའོ། །སྤྲོ་བའི་ཚེ་ན་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་མཉེས་པ་ཆེ་ཞིང་ངོ་། །སྐྱེ་དགུ་རྣམས་དགའ་བར་མཛད་པས་ན་དགྱེས་པ་ཆེའོ། །

ཤིན་ཏུ་དགའ་བ་སྐྱེད་པར་མཛད་པས་ན་རབ་དགྱེས་སོ། །རྡོ་རྗེས་མཚན་པའི་རིན་པོ་ཆེའི་གཟུགས་མངའ་བས་ན་རྡོ་རྗེ་རིན་ཆེན་ནོ། །བདག་པོའི་རྒྱུར་གྱུར་པས་ན་རྒྱལ་པོ་ཆེའོ། །དབང་བསྐུར་བ་ཡང་ཡིན་ལ་བཟང་པོ་ཡང་ཡིན་པས་ན་དབང་བསྐུར་བཟང་པོའོ། །ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་

བསྐུར་བའི་རྒྱུར་གྱུར་པས་ན་བདག་པོ་ཆེའོ། །རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་ན་རིན་ཆེན་ཐམས་ཅད་དོ། །ཤས་ཆེར་མཛེས་པར་མཛད་པས་ན་མཛེས་པ་ཆེའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱན་དུ་གྱུར་པས་ན་རྣམ་རྒྱན་ནོ། །མི་ཕྱེད་པའི་གཟི་བརྗིད་མངའ་བས་ན་རྡོ་རྗེ་གཟི་བརྗིད་

དོ། །སྤྲོ་བའི་དུས་ན་གཟི་བརྗིད་ཀྱིས་ཁྱབ་པར་མཛད་པས་ན་གཟི་བརྗིད་ཆེའོ། །འོད་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོ་མངའ་བས་ན་འོད་ཆེའོ། །ཡང་ན་འོད་ཆེན་པོ་མངའ་བས་ན་འོད་ཆེའོ། །ལྷམ་མེ་བ་ཆེན་པོ་མངའ་བའི་ཕྱིར་ལྷམ་མེ་བ་ཆེན་པོ་སྟེ་ལྷམ་པ་ནི་གཟི་མདངས་ལ་བྱའོ། །རྒྱལ་པོའི་འོད་ཅེས་བྱ་བ་ནི་

རྒྱལ་བ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཅེས་བྱ་བའི་དོན་ཏོ། །འདི་ལ་འབར་བ་ཆེན་པོ་མངའ་བས་ན་འབར་བ་ཆེའོ། །བྱང་ཆུབ་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ཡིན་པས་ན་སངས་རྒྱས་འོད་དོ། །རྡོ་རྗེས་མཚན་པའི་རྒྱལ་མཚན་མངའ་བས་ན་རྡོ་རྗེ་རྒྱལ་མཚན་ཏེ་རྒྱལ་མཚན་

Vol. 56 · folio 200b

ལ་བྱའོ། །སྤྲོ་བའི་དུས་ན་ཐམས་ཅད་དུ་ཁྱབ་པས་ན་དཔལ་ཆེ་བའོ། །ཆེན་པོ་རྣམས་ཀྱི་མཚན་མ་ཡིན་པས་ན་རྒྱལ་མཚན་ཆེའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པས་ན་ནོར་རབ་གཏོང་ངོ་། །ནམ་མཁའ་ལས་བྱུང་བས་ན་ནམ་མཁའི་རྒྱལ་མཚན་ནོ། །སྤྲོ་བའི་

ཚེ་ན་ཐམས་ཅད་དུ་ཁྱབ་པས་ན་ཡུ་བ་ཆེའོ། །གཏོང་བའི་རྒྱུ་ཡིན་པས་ན་གཏོང་བའི་རྒྱལ་མཚན་ནོ། །མི་ཕྱེད་པའི་བཞད་པ་ཡིན་པས་ན་རྡོ་རྗེ་བཞད་པའོ། །ཕྱོགས་ཐམས་ཅད་འགེངས་པས་ན་བཞད་པ་ཆེའོ། །དགའ་བ་མངའ་བའི་རྒྱུར་གྱུར་པས་ན་དགྱེས་པ་ཆེའོ། །ཆོས་ཀྱི་རོ་མྱོང་བའི་

དགའ་བ་དང་མགུ་བ་སྐྱེད་པར་མཛད་པས་ན་རབ་དགྱེས་པའོ། །ཤིན་ཏུ་དགྱེས་པའི་ཤུགས་ཀྱི་རྒྱུར་གྱུར་པས་ན་དགྱེས་པའི་ཤུགས་སོ། །ཁྱད་པར་དུ་དགའ་བའི་རྒྱུར་གྱུར་པས་ན་རོལ་ཅིང་དགྱེས་པའོ། །ཆོས་ཀྱི་ཡུལ་དགའ་བའི་རྒྱུར་གྱུར་པས་ན་ཆོས་དགྱེས་སོ། །མི་ཕྱེད་པའི་ཆོས་མངའ་

བས་ན་རྡོ་རྗེ་ཆོས་སོ། །སྤྲོས་པའི་དུས་ན་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་ཆོས་ཆེ་བའོ། །སེམས་ཅན་གྱི་ཡུལ་ལ་ཐུགས་རྗེའི་ཆོས་མངའ་བས་ན་སེམས་དཔའི་ཆོས་སོ། །རང་བཞིན་གྱིས་དག་པས་ན་རབ་སྦྱོང་བའོ། །སངས་རྒྱས་རྣམས་ཀྱི་ཆོས་ཡིན་པས་ན་སངས་རྒྱས་ཆོས་སོ། །ཐེག་

པ་ཆེན་པོའི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་རབ་མཆོག་གོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་དང་ལྡན་པས་ན་འདོད་ཆོས་སོ། །མི་ཕྱེད་པའི་ཤེས་རབ་མངའ་བས་ན་རྡོ་རྗེ་རྣོན་པོའོ། །སྤྲོས་པའི་དུས་ན་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་རལ་གྲི་ཆེའོ། །ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་

ཉིད་ཡིན་པས་ན་ཤེས་རབ་ཡེ་ཤེས་སོ། །བློ་གྲོས་ཆེན་པོ་མངའ་བས་ན་བློ་གྲོས་ཆེའོ། །སྡིག་པའི་བདག་ཉིད་གཅོད་པར་མཛད་པས་ན་སྡིག་གཅོད་དོ། །ཚད་མེད་པའི་ཤེས་རབ་ཀྱི་རལ་གྲི་ཡིན་པས་ན་རལ་གྲི་ཆེའོ། །གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་

མཚོན་གྱིས་ཉོན་མོངས་པའི་དགྲ་བོ་གཅོད་པར་མཛད་པས་ན་སངས་རྒྱས་མཚོན་ནོ། །མི་ཕྱེད་པའི་རྒྱུ་ཡིན་པས་ན་རྡོ་རྗེ་རྒྱུའོ། །སྤྲོས་པའི་དུས་སུ་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པས་ན་འཁོར་ལོ་ཆེའོ། །ཆོས་ཀྱི་འཁོར་ལོའི་རང་བཞིན་ཡིན་པས་ན་སངས་རྒྱས་འཁོར་ལོའོ། །ཡོན་ཏན་ཐམས་

Vol. 56 · folio 201a

ཅད་ཀྱི་གཏེར་དུ་གྱུར་པས་ན་གཏེར་ཆེན་པོའོ། །དཀྱིལ་འཁོར་ཐམས་ཅད་སྡུད་པ་ལ་འཇུག་པར་མཛད་པས་ན་དཀྱིལ་འཁོར་ཀུན་ནོ། །སྔགས་ཀྱི་སྤྱོད་པའི་ཚུལ་གྱི་མཆོག་ཡིན་པས་ན་ཆོས་མཆོག་གོ། །སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་

ཀྱི་འཁོར་ལོ་ཡིན་པའི་ཕྱིར་རམ་འཁོར་ལོའི་རྒྱུར་གྱུར་པས་ན་ཆོས་ཀྱི་འཁོར་ལོའོ། །ཐོགས་པ་མེད་པའི་གསུང་མངའ་བས་ན་རྡོ་རྗེ་གསུང་ངོ་། །ཕྱོགས་ཐམས་ཅད་ཁྱབ་པའི་གསུང་མངའ་བས་ན་གསུང་བ་ཆེའོ། །སྤྲོས་པ་ཐམས་ཅད་དང་བྲལ་བས་ན་སྤྲོས་མེད་དོ། །ཡི་གེ་ཆེན་པོ་མངའ་བས་ན་ཡི་

གེ་ཆེ་སྟེ་སྒྲ་རྣམས་ཉིད་ཡིན་ནོ། །དོན་དམ་པར་འདི་ལ་འགྱུར་བ་མེད་པས་ན་ཡི་གེ་མེད་པ་སྟེ་དམ་པའི་ཡི་གེ་ཆེ་ཞེས་བྱ་བའི་དོན་ཏོ། །ཚད་མེད་པའི་བཟླས་པ་མངའ་བས་ན་བཟླས་པ་ཆེའོ། །སངས་རྒྱས་ཀྱི་གསུང་མངའ་བས་ན་སངས་རྒྱས་གསུང་ངོ་། །མི་ཕྱེད་པའི་ཕྲིན་ལས་མངའ་བས་ན་རྡོ་རྗེ་ལས་

སོ། །ལས་བཟང་པོ་རྣམས་ཀྱི་ནང་ན་ཡང་མཆོད་པའི་ལས་མཆོག་ཡིན་པས་ན་ལས་རབ་མཆོག་གོ། །མཆོད་པའི་ལས་ཀྱིས་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་ལས་ཆེན་ནོ། །བཟང་པོའི་ལས་རྣམས་མཛད་པས་ན་ལས་རབ་བྱེད་པའོ། །གསང་བའི་མཆོད་པའི་རང་བཞིན་ཡིན་པས་ན་

གསང་བའི་མཆོད་པའོ། །མཆོད་པའི་ལས་ཀྱི་ཁྱད་པར་མང་པོ་མངའ་བས་ན་མཆོད་པ་ཆེའོ། །བདུག་པ་ལ་སོགས་པའི་མཆོད་པའི་རང་བཞིན་ཡིན་པས་ན་སངས་རྒྱས་མཆོད་པའོ། །མི་ཕྱེད་པའི་སྲུང་བ་ཡིན་པས་ན་རྡོ་རྗེ་སྲུང་བའོ། །སྤྲོས་པའི་དུས་ན་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་

གོ་ཆ་ཆེའོ། །གོ་ཆ་ཐམས་ཅད་ཀྱི་ནང་ན་དམ་པར་གྱུར་པས་ན་གོ་ཆའི་མཆོག་གོ། །མི་ཕྱེད་པའི་ཆོས་ཅན་ཡིན་པས་ན་བརྟན་པ་ཆེའོ། །སེམས་ཅན་གྱི་ཚོགས་ཚད་མེད་པ་ཡང་དག་པར་སྲུང་བར་མཛད་པས་ན་སྲུང་བ་ཆེའོ། །སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཡིན་པས་ན་སྙིང་རྗེ་ཆེའོ། །སངས་

རྒྱས་ཀྱི་བརྩོན་འགྲུས་ཕྱིར་མི་ལྡོག་པའི་རང་བཞིན་ཅན་ཡིན་པས་ན་སངས་རྒྱས་བརྩོན་འགྲུས་སོ། །མི་ཕྱེད་པས་ན་རྡོ་རྗེ་གནོད་སྦྱིན་ནོ། །སྤྲོས་པའི་དུས་ན་ཐམས་ཅད་དུ་ཁྱབ་པས་ན་ཁྲོ་བ་ཆེའོ། །མ་རུངས་པ་ཐམས་ཅད་ཀྱི་གཟུགས་སུ་སྟོན་པས་ན་མ་རུངས་པ་ཐམས་ཅད་དོ། །སེམས་

Vol. 56 · folio 201b

ཅན་ཐམས་ཅད་འཇིགས་པ་སྐྱེད་པར་བྱེད་པས་ན་སྐྲག་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ནོ། །མ་རུངས་པ་ཐམས་ཅད་འདུལ་བའི་ཐབས་ཀྱི་མཆོག་ཡིན་པས་ན་ཐབས་ཆེན་ནོ། །ཐམས་ཅད་ལ་ཁྲོ་བོའི་གཟུགས་

སུ་སྟོན་པས་ན་སྲུང་བ་མཆོག་གོ། །མི་ཕྱེད་པའི་ཁུ་ཚུར་ཡིན་པས་ན་རྡོ་རྗེ་བསྡུས་པའོ། །ཕྱག་རྒྱ་ཐམས་ཅད་དམ་སྤྲོས་པའི་དུས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་ན་ཕྱག་རྒྱ་ཆེའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དམ་ཚིག་ཡིན་པས་ན་དམ་ཚིག་ཆེན་

པོའོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་སྦྱོར་བས་ཐམས་ཅད་འཆིང་བར་མཛད་པས་ན་འཆིང་བ་ཆེའོ། །ཡེ་ཤེས་མཆོག་བསྡུས་པའི་ཁུ་ཚུར་ཡིན་པས་ན་ཁུ་ཚུར་ཆེན་པོའོ། །ཕྱག་རྒྱ་ཐམས་ཅད་ཀྱི་རྩ་བར་གྱུར་པས་ན་ཕྱག་རྒྱ་མཆོག་གོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བསྡུས་པར་གྱུར་

པས་ན་རྡོ་རྗེ་ཁུ་ཚུར་རོ། །དེ་བཞིན་གཤེགས་པས་ཕྱག་རྒྱ་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོས་སྒྱུར་བ་བཞིའི་ངོ་བོ་ཉིད་ཡིན་པར་བསྟོད་པའི་སྒོ་ནས་མཇུག་བསྡུས་པ་བཟླས་ཏེ་བསྟན་པ་ཡིན་ནོ། །ཡང་དག་པར་ནི་

ཕྱག་འཚལ་ཞིང་། །ཞེས་བྱ་བ་ལ་སོགས་པ་ནི་དགེ་བའི་རྩ་བ་བསྟན་པ་དང་ཕན་ཡོན་བསྟན་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས་རྒྱུད་འདི་དེ་བཞིན་གཤེགས་པའི་བཀར་བསྒྲུབ་ཅིང་འདི་བཤད་པའི་དོན་ལ་དགྱེས་པའི་ཕྱིར་ཡང་དེ་བཞིན་གཤེགས་

པ་རྣམས་གཅིག་ཏུ་འདུས་ནས་ལེགས་སོ་ཞེས་བྱ་བ་བྱིན་པ་ཡིན་ཏེ། འདི་དག་གི་ཚིག་གི་དོན་ནི་སྔར་བཤད་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་གསུངས་པ་དང་། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་

དཔའ་རྣམས་དགྱེས་པ་ནི་མཉེས་པའོ། །དེ་ལྟར་དགྱེས་ནས་ཅི་ཞིག་མཛད་ཅེ་ན། རང་གི་ཐུགས་ལ་ཞུགས་སོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ལ་མཉེས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་མང་ལྡན་དད་པ་མཆོག་གི་གནས་གྱུར་གོ་ཊ་

Vol. 56 · folio 202a

སྔོན་འགྲོ་ཀོ་ས་ལ། །དགེ་ཞིང་ཚུལ་མང་ལེགས་པ་རྒྱ་མཚོ་དང་ལྡན་གཙུག་ལག་ཁང་མཆོག་དེ། །དཔལ་ལྡན་བདེ་བྱེད་ཀྱིས་བྱས་ཤིན་ཏུ་ཡིད་འོང་མཁས་པ་རྣམས་ཀྱི་གནས་གྱུར་ཅིང་། །རྒྱལ་པོའི་དཔའ་བོ་ཆོས་ཀྱི་བདག་ཉིད་དཔལ་གྱིས་ཁ་བ་བཞིན་བསིལ་དེར་གནས་

ཚེ། །དང་པོར་གྲོགས་མཆོག་གནས་བརྟན་དབང་པོའི་གོ་ཆའི་ཚིག་གིས་གསོལ་བ་བཏབ་པ་དང་། །ཤེས་རབ་ལྷ་ཡི་མཁས་བཅས་བརྩོན་པའི་སྟོབས་སོགས་གཙོ་བོར་བྱས་ལ་བརྟན་པ་དང་། །བདེ་གཤེགས་བསྟན་ལ་འགྲོ་བ་འདི་དག་ཉོན་མོངས་དབང་སོང་མཐོང་བ་དང་། །སྐྱོན་མེད་

གསང་སྔགས་དོན་ཡང་གཞན་དབང་སོང་བས་གཞན་དུ་ཀུན་དུ་སྦྱོར་བར་གྱུར། །དེ་ཕྱིར་ངེས་དོན་ཤིན་ཏུ་རྣམ་འབྱེད་ཚིག་དོན་གསལ་ཞིང་ཀུན་གྱི་ཐུན་མོང་བའི། །རྒྱ་ཆེར་བཤད་འདི་འགྲོ་བའི་དོན་ཀུན་གྲུབ་ཕྱིར་ཤཱཀྱ་མི་ཏྲས་ས་སྟེང་བརྩམས། །ངེས་སྦྱར་འདིས་ནི་འཇིག་རྟེན་མ་ལུས་རྣམ་དག་

བློ་གྲོས་ཡང་དག་ཐོབ་ནས་ནི། །དེ་ཉིད་ཡེ་ཤེས་ལ་གཞོལ་ལྟ་ངན་གྱིས་མདོངས་ཉིད་དང་མྱུར་དུ་བྲལ་བར་ཤོག །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་མང་དུ་ཐོས་པའི་སློབ་དཔོན་ཆེན་པོ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་

བྷ་དྲ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words