དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) སརྦ་ཏ་ཐཱ་ག་ཏ་ཏཏྟྭ་སྃ་གྲ་ཧ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་ནཱ་མ་ཏནྟྲ་ཏཏྟྭ་ཨཱ་ལོ་ཀ་ཀཱ་རི་ནཱ་མ་བྱཱ་ཁྱཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 57 · folio 248a

དེས་བཀུག་ནས་རི་རབ་རིའི་རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པའི་ཕྱི་རོལ་དུ་དེ་ཡིས་བསྐོར་ཞིང་འཁོད་དོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རང་གི་ལས་རྣམ་པར་དག་པར་གྱུར་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་སྙིང་པོ་འདི་གསུངས་པ་ནི་རིམས་ལ་སོགས་པའི་ནད་ཀྱིས་

ཟིན་པའི་སེམས་ཅན་རྣམས་ཀྱི་བདག་ཉིད་ཀྱི་ལས་ནི་རང་གི་ལས་ཏེ། གང་གིས་དེ་དག་རིམས་ལ་སོགས་པས་གཟིར་བར་གྱུར་པའོ། །དེ་རྣམ་པར་དག་པར་གྱུར་པ་ནི་ཡོངས་སུ་ཟད་པའོ། །དེ་ཤེས་པ་ནི་ལས་རྣམ་པར་དག་པར་གྱུར་པའི་ཡེ་ཤེས་དེ་ངེས་པའོ། །དེ་རིམས་ལ་སོགས་པའི་ནད་ཀྱིས་

གཟུང་བ་རྣམས་ལ། སྤྱི་བོ་ནས་བརྩམས་ནས་རྐང་མཐིལ་གྱི་བར་དུ་སྤྱི་གཙུག་གི་ཕྱག་རྒྱ་བསྒོམས་པས། རིམས་དང་བྲལ་བར་འགྱུར་རོ་ཞེས་དགོངས་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེའི་སྙིང་པོ་གསུངས་པ་ཡིན་ནོ། །རྡོ་རྗེ་ཐལ་མོ་དམ་སྦྱར་ཏེ། །མཛུབ་མོ་གཉིས་ཀ་བཀུག་ནས་

ཀྱང་། །མཐེ་བོ་མཉམ་སྟེ་སྦྱར་ནས་ནི། །མནན་པ་འདི་ནི་སྡིག་འཕྲོག་པ། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་དམ་དུ་སྦྱར་ཏེ། མཛུབ་མོ་གཉིས་བཀུག་ནས་མཐེ་བོང་གཉིས་གདོང་སྦྱར་བ་བྱས་ནས། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བའི་རྣལ་འབྱོར་པས། སྤྱི་གཙུག་ནས་བརྩམས་ནས། བསྒྲུབ་པར་བྱ་བའི་ལུས་

ལ་ཁྲོ་བོ་སྤྱི་གཙུག་གིས་གང་བར་བསམས་ཤིང་སྔགས་དང་ཕྱག་རྒྱ་འདིས་བྱ་བས་པས་མྱོང་བར་ངེས་པའི་ལས་ཀྱི་ནད་རྣམས་སེལ་བར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས། ཨོཾ་བཛྲ་ཀརྨ་བི་ཤོ་དྷ་ཡ། སརྦ་ཨཱ་པ་ར་ཎ་ཤུདྡྷ། སདྡྷེ་ན་ས་མ་ཡ་ཧཱུཾ། ཞེས་བྱ་བའི་སྔགས་འབུམ་བཟླས་པའམ།

སྟོང་ཕྲག་བཅུ་བཟླས་པས་འགྲུབ་བོ། །དེ་ལྟར་རིམས་ལ་སོགས་པའི་ནད་ཐམས་ཅད་དགུག་པ་དང་། བཀའ་བསྒོ་བ་ལ་སོགས་པ་གསུངས་ནས། ད་ནི་ངན་སོང་གསུམ་དགུག་པའི་ཕྱིར་བཀའ་བསྒོ་བ་དང་དེ་དགུག་ཅིང་རྣམ་པར་སྦྱང་བ་ནི། དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲིབ་

པ་ཐམས་ཅད་དང་། ཆོད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བའི་སླད་དུ་ཞེས་བྱ་བ་ནི། དེ་ལ་སྒྲིབ་པ་ཐམས་ཅད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའོ། །ཆོད་པ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་

Vol. 57 · folio 248b

ཚོམ་དུ་བཤད་པའོ། །ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལྔ་དང་། དམ་པའི་ཆོས་སྤོང་བ་ལ་སོགས་པ་མྱོང་བར་ངེས་པའི་ལས་རྣམས་ཏེ། སྒྲིབ་པ་ཐམས་ཅད་དང་། ཆོད་པ་དང་། ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་རྣམ་པར་སྦྱོང་བ་དང་། ཡོངས་སུ་ཟད་པའི་སླད་དུའོ། །བཅོམ་ལྡན་འདས་

རྡོ་རྗེ་འཆང་བས་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པས་བསྒྲུབས་ནས། རྡོ་རྗེ་བཅིང་བ་དམ་བྱས་ནས། །གུང་མོ་གཉིས་ཀ་སྦྱར་ནས་སུ། །ཐ་མ་བཞི་ཡི་རྩེ་མོ་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་བསྡམས་པའི་མཐེ་བོང་

གཉིས་དང་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་སྦྱར་ནས་ཕན་ཚུན་ཡང་དང་ཡང་འདྲལ་བ་ནི་སྡིག་པ་དྲལ་བའི་ཕྱག་རྒྱ་སྟེ། སྡིག་པ་ཐམས་ཅད་འཇོམས་པའི་ཕྱག་རྒྱ་འདི་བཅིངས་པས་ངན་སོང་གི་འཁོར་ལོ་ཐམས་ཅད་བཅོམ་པ་ཡིན་ནོ། །ངན་སོང་གི་སེམས་ཅན་དེ་ཡང་ཚེ་འཕོས་ནས། བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱི་ཞབས་དྲུང་དུ། བྱང་ཆུབ་སེམས་དཔར་གྱུར་ནས། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་ཐམས་ཅད་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཡོངས་སུ་གང་ཞིང་། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་

ལག་མཐིལ་ལྟར་མཉམ་པས་རི་རབ་ལ་སོགས་པའི་སྣང་བ་དང་བྲལ་ཞིང་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་དང་མཉམ་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་དུ་གྱུར་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱི་ལྷའི་འོད་ཟེར་གྱི་སྣང་བས་ཉི་མ་དང་ཟླ་བ་ཡང་མི་མངོན་པར་

གྱུར་ནས། འགྲོ་བ་ལྔའི་སྣང་བ་ཡང་ནུབ་ནས། རྡོ་རྗེ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་སྒྲས་ནམ་མཁའི་ཁམས་གང་བར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་བཤད་པའི་རྒྱུད་རྣམས་ལས་ཤེས་པར་བྱའོ། །གཞུང་འདི་ཙམ་གྱིས་ནི་ཁྲོ་བོའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་

ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བར་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་སེ་གོལ་གྱི་མཚན་མ་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྡུ་བ་བྱིན་གྱིས་བརླབ་པའི་སྙིང་པོ་འདི་གསུངས་སོ། །

Vol. 57 · folio 249a

བཛྲ་ས་མཱ་ཛཿ། དེ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་སེ་གོལ་གྱི་མཚན་མས་བསྐུལ་བ་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་སྤྲིན་གྱི་རྒྱ་མཚོ་ཇི་སྙེད་ཐམས་ཅད་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་

པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྡོ་རྗེའི་རིགས་ཆེན་པོའི་གཟུགས་དང་བཅས་ཏེ། འདུས་ནས་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལས་བྱས་པ་གང་ན་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གང་ན་བ་དེར་

གཤེགས་ནས། ཆེད་དུ་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མཱི་ཞེས་བརྗོད་དོ། །རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགར་བཟླས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་བྱང་ཆུབ་སེམས་དཔའ་ཡི། །

ཀུན་དུ་བཟང་པོའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ནས་དེ་བཞིན་གཤེགས་པ་མཛེས། །དེ་ནས་དེ་སྐད་ཅེས་གསུངས་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་འདུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་

འཁོར་གྱི་དཀྱིལ་འཁོར་དང་བཅས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་རང་རང་གི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་

ཏེ་ཕྱུང་ནས། བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལས་བྱས་པའི་ཕྱོགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་གྱུར་ནས་སྙོམས་པར་ཞུགས་ཏེ། ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་གདོད་ནས་སྐྱེ་བ་

མེད། །རྡུལ་ཕྲན་ཐམས་ཅད་ཇི་སྙེད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །ཞེས་བྱ་བ་དང་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཧཱུཾ་མཛད་ལ་དབང་བསྐུར་བར་མཛད་ནས། དེས་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་ཕྱག་རྒྱ་བཞིས་

Vol. 57 · folio 249b

རྒྱས་བཏབ་སྟེ། དབང་བསྐུར་ཞིང་ཕྲིན་ལས་ལ་ངེས་པར་སྦྱར་བར་བྱ་བ་ནི། ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་ནོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་

འཁོར་ཆེན་པོར་དམ་ཚིག་དང་དབང་བསྐུར་བས་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བསྟན་པའི་འབྲས་བུ་ཐོབ་པར་བགྱི་བ་དེའི་སླད་དུ་མ་ཧཱ་མཎྜ་ལཾ་པྲ་བེ་ཤ་ཡ་ཞེས་བྱ་

བ་ནི། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའོ། །དུཥྚ་རོ་དྷན་ནི་བ་རཱ་ཡ་པྲ་བེ་བྷ་ཞེས་བྱ་བ་ལ། གདུག་པ་ནི་ཞེ་སྡང་ལ་སོགས་པའི་དབང་དུ་གྱུར་པའོ། །བསམ་པ་མ་དག་པ་ནི་མ་རུངས་པ་སྟེ། གཞན་གྱི་སྲོག་འཕྲོག་པའོ། །དེ་ལྟར་གྱུར་པ་དེ་དག་དཀྱིལ་འཁོར་

ཆེན་པོར་ཞུགས་ནས་སྡིག་པའི་དབང་དུ་གྱུར་པ་རྣམས་དང་བྲལ་བ་ཡིན་ནོ། །པྲ་མོ་ཀྵ་ཡ། དུར་དྲྀཥྛ་པརྱ་པན་ན་མ་ཞེས་བྱ་བ་ནི། གང་ལོག་པར་ལྟ་བ་ཅན་གང་ཡིན་པ་དེ་ནི་ལྟ་བ་ངན་པར་ཞུགས་པའོ། །དེས་ཀྱང་དཀྱིལ་འཁོར་དུ་ཞུགས་པ་དང་། །དབབ་པའི་ཡེ་ཤེས་བསྐྱེད་པས་ཡང་དག་པའི་

ལྟ་བ་ལ་སྦྱོར་བ་ནི་སོ་སོར་གྲོལ་བའོ། །བི་ཤོ་དྷ་ཡ་བི་ནཱ་ཤ་ཡ་ཞེས་བྱ་བ་ནི། སྐལ་བ་དང་མི་ལྡན་པ་གང་ཡིན་པ་དེ་རྣམ་པར་སྦྱང་ཞིང་རྣམ་པར་འཇིག་པ་སྟེ། གང་དག་ཤི་བ་ཉིད་རྣམ་པར་སྦྱོང་ངོ་ཞེས་བྱ་བའི་དོན་ཏོ། །ཧ་ཧ་ཧ་ཧེ་ཧེ་ཞེས་བྱ་བ་ནི་ཐོག་མ་མེད་པ་ནས་སྐྱེ་བའི་རྒྱུ་དང་བྲལ་བ་ཞེས་བྱ་བའི་

དོན་ཏོ། །ཧཱུཾ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བ་དང་། ཡིད་བདེ་བ་ལ་ཞུགས་པ་དང་། བདེ་བ་དང་ཡིད་བདེ་བའི་ངོ་བོ་རྣལ་འབྱོར་པ་ལ་ཡང་གྱུར་པའོ། །བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བ་ནས། མི་རྣམས་ཇི་ལྟར་བགྱི་བ་དེ་

བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩོལ་ཅིག་ཅེས་བྱ་བའི་བར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལས་དངོས་སུ་བཀའ་ནོད་པའི་ཚིག་ཡིན་ནོ། །དེ་ནས་ཨོཾ་བཛྲ་པཱ་ཎི་མ་ཧཱ་མཎྜ་ལཾ། པྲ་བེ་ཤ་ཡ་ཞེས་བྱ་བ་ནས་ཧ་ཧ་ཧ་ཧ་ཧཱུཾ་ཞེས་བྱ་བའི་བར་ནི། བཅོམ་ལྡན་འདས་ལ་བཀའ་

Vol. 57 · folio 250a

མནོས་པར་བསམ་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། བཀའ་མནོས་པའི་རྗེས་ཐོགས་ཉིད་ལའོ། །ཕྱག་ན་རྡོ་རྗེས་ཡོངས་སུ་བསྐྱབ་པ་དང་འབྲས་བུ་ཐོབ་པར་བགྱི་བའི་སླད་དུ་དཀྱིལ་འཁོར་ཆེན་པོ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་ཆེན་པོ་དམ་ཚིག་ལས་

བྱུང་བ། །ཞེས་བྱ་བ་ནི། རྡོ་རྗེ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ན་རྡོ་རྗེ་ཆེན་པོའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་ན་གནས་པའི་རྡོ་རྗེ་གང་ཡིན་པ་དེ་ཉིད་དམ་ཚིག་གི་རྒྱུ་ཡིན་པས་དེ་ལས་བྱུང་བ་ནི་སྐྱེས་པའོ། །དེ་གང་ཞིག་ཡིན་ཞེ་ན། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་

ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་ནི་གང་གི་ཕྱིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཞུགས་པ་མེད་ན། གདུག་ཅིང་མ་རུངས་པ་ལྟ་བ་ངན་པར་ཞུགས་པའི་སེམས་ཅན་སྐལ་བ་མེད་པའི་གདུག་པ་འདུལ་བ་ལ་སོགས་པའི་

དངོས་གྲུབ་ཏུ་མི་འགྱུར་བའི་རྒྱུ་དེའི་ཕྱིར། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ་རབ་ཏུ་བཤད་པར་བྱའོ། །རྡོ་རྗེ་དབྱིངས་དང་འདྲ་བའི་ཞེས་བྱ་བ་ནི། སྤྲུལ་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་དང་འདྲའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པས་

ན། དངོས་གྲུབ་ཐམས་ཅད་བྱེད་པའི་མཆོག་གོ། །འདིའི་མིང་ཅི་ཞེ་ན། འཇིག་རྟེན་གསུམ་ལས་རྒྱལ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་ནི་ས་འོག་དང་། ས་སྟེངས་དང་། ས་བླའི་མཚན་ཉིད་ཅན་ལས་རྒྱལ་བ་འདི་ལ་མངའ་བས་ན། ཁམས་གསུམ་རྣམ་པར་རྒྱལ་བའོ། །དམ་ཚིག་ནི་

མངའ་བར་བྱ་བ་མ་ཡིན་པའོ། །གདུག་ཅིང་མ་རུངས་པ་རྣམས་འདུལ་བའི་དངོས་གྲུབ་སྒྲུབ་པ་ཉིད་ཀྱི་རྡོ་རྗེའོ། །འབྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་ལས་སྐྱེས་པ་སྟེ། དེ་ཉིད་ཀྱི་ཕྱིར་འདི་རྡོ་རྗེའི་རིགས་སུ་བརྗོད་དོ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི། །སངས་རྒྱས་བྱང་ཆུབ་སྟེ། དེ་འབྱིན་པར་བྱེད་པ་ནི་འཇུག་

པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །གདུག་པ་མ་རུངས་པ་ཐམས་ཅད་ཇི་སྐད་བཤད་པ་དེ་དག་གིས་རྣམ་པར་འཇིག་པར་བྱེད་པའོ། །འདི་སྐད་དུ་སྟོན་པ་ཡིན་ཏེ། ཐོག་མར་བདག་དང་གནས་བསྲུང་བ་དང་། དེ་ནས་ཁྲུས་བྱ་བ་དང་། ཡང་བདག་དང་གནས་བསྲུང་བ་དང་། མཆོད་པ་

Vol. 57 · folio 250b

རྣམ་པ་ལྔ་དང་། མཆོད་ཡོན་གྱི་སྔགས་དང་། དཀྱིལ་འཁོར་སྤྲུལ་པ་དང་། དེ་ལ་ཕྱག་བཙལ་བ་སྔོན་དུ་སོང་བས་སྡོམ་པ་གཟུང་བའི་བར་དུ་བྱ་བ་དང་། ཐལ་མོ་སྦྱར་ལ་དེ་ནས་རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་བཅིང་བ་དང་། དེ་ནས་བསྡམས་པ་དྲལ་བར་བྱ་བ་དང་། རྡོ་རྗེ་འབེབས་

པའི་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་ལ་དབབ་པ་དང་། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དབབ་པ་བསྡུ་བ་ཉེ་བར་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་དང་། སྡིག་པ་འདྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་བ་དང་། ཡང་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་

པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེའི་སྔགས་དང་། ཨོཾ་བཛྲ་མུཿཞེས་བྱ་བ་ལན་གསུམ་བརྗོད་ལ་རང་གི་སྙིང་གར་རྣམ་པར་སྣང་མཛད་ལ་སོགས་པ་གཞུག་པར་བྱའོ། །དེ་ལྟར་ཕྱག་རྒྱ་གཞུག་པ་བྱས་ནས། སྐྱིལ་མོ་ཀྲུང་བཅས་ཏེ། རང་གི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་འབར་

བའི་དབུས་སུ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲི་བར་བྱའོ། །དེ་ཉིད་ཡིད་ཀྱིས་བརྗོད་པས་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། ཡང་ཡི་གེ་ཧཱུཾ་དེ་ཉིད་དང་། དབྱངས་ཡིག་བཅུ་དྲུག་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་བསམས་ལ། དེ་ནས་དེའི་སྟེང་དུ་ཡི་གེ་ཧཱུཾ་དང་། ཡི་གེ་ཀ་ལ་སོགས་པ་སྐར་མའི་རྣམ་པ་ལྟ་བུ་

ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམས་ནས་ཡི་གེ་ཧཱུཾ་དེ་ཉིད་རྡོ་རྗེ་རྩེ་ལྔ་པ་འབར་བ་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་དང་མཉམ་པར་བསམ་པར་བྱའོ། །དེ་ནས་རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་བསམས་ལ། དེ་ཉིད་ཡིད་ཀྱིས་བརྗོད་པར་བྱའོ། །ཡ་ཐ་བཛྲ་ཧཱུཾ་ཀཱར་སྟ་ཐ་བཛྲ་ཡ་ཐ་བཛྲ་ཏཥྚ་ཨ་ཧཾ་

ཞེས་བྱ་བ་བསྒོམས་ཏེ། རྡོ་རྗེ་དེ་ལས་རྡོ་རྗེའི་རིགས་སྤྲུལ་ནས། དེས་སེམས་ཅན་ཐམས་ཅད་བཏུལ་བ་བྱས་ནས། དེ་ཐམས་ཅད་རྡོ་རྗེ་ལ་ཞུགས་པར་བསམ་པར་བྱའོ། །དེ་ནས་བཛྲ་སཏྭ་ཨ་ཧཾ་ཞེས་ཡིད་ཀྱིས་བརྗོད་ཅིང་། རྡོ་རྗེ་དེ་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམས་ལ། བསྙེམས་པ་དང་བཅས་

པས་རྡོ་རྗེ་གསོར་ཞིང་སླར་ཡང་བཛྲ་སཏྭ་ཨ་ཧཾ་ཞེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའ་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྐྱེད་ཅིང་བསྒོམས་ནས། ཧཱུཾ་བཛྲ་ཧཱུཾ་ཀ་ར་ཨ་ཧཾ་ཞེས་བྱ་བ་དང་། དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་སྤྱིའི་སྔགས་བརྗོད་ཅིང་། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་གཟུགས་བརྙན་གྱི་བདག་ཉིད་

Vol. 57 · folio 251a

རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་ལ། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། ས་མ་ཡ་ཧཾ་ཞེས་བྱ་བས། རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བའི་རང་བཞིན་བདག་ཡིན་ནོ་ཞེས་བསམ་པར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་།

ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་གཙུག་ཏུ་བྱིན་གྱིས་བརླབ་པར་བྱས་ལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གར་ཞུགས་ཏེ། སྟོང་གསུམ་པའི་

སངས་རྒྱས་ཀྱི་ཞིང་གི་ཚད་དང་མཉམ་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ཁྲོ་བོ་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་སྤྲུལ་ལ། ཕྱག་བཞི་སྔོན་དུ་འགྲོ་བ་ལ་སོགས་པ་ནས། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་བདག་ཉིད་འཇུག་པའི་ཆོ་གས་ཞུགས་ལ། རང་གི་ལུས་ཀྱི་ནང་ན་གནས་

པའི་དཀྱིལ་འཁོར་དེར་ཞུགས་པར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ས་མ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ། །དེ་ནས་ཡང་ནམ་མཁའི་ཕྱོགས་སུ་ལྷ་ཐམས་ཅད་ཀྱི་གནས་སུ་ས་མ་ཡ་ཨ་

ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་བསམ་པར་བྱས་ལ། དེ་ནས་རང་གི་གནས་སུ་ཡིད་ཀྱིས་རང་གི་སྐུས་གནས་ཏེ། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས། གཞིའི་ལུས་ལ་ཕྱི་རོལ་དུ་ཇི་སྐད་བཤད་པའི་ཟླ་བའི་དཀྱིལ་འཁོར་བསམས་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་

པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བཛྲ་ཧཱུཾ་ཕཊ་ཨ་ཞེས་བྱ་བས་རྡོ་རྗེ་འབར་བ་བསམ་མོ། །དེ་ནས་བཛྲོ྅ཧཾ་ཞེས་བྱ་བས་རྡོ་རྗེ་འབར་བའི་ང་རྒྱལ་བསྒོམས་ལ། དེ་ཉིད་བཛྲ་ཧཱུཾ་ཀ་རོ྅ཧཾ་ཞེས་བྱ་བས་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་ལ། དེ་ལྟར་ཁྲོ་བོ་རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཆེན་པོ་བཅིངས་པའི་བར་

དུ་བྱས་ཏེ། རང་གི་སྐུ་རང་གི་གནས་སུ་གནས་ནས། གཞིའི་ལུས་ལས་ཕྱི་རོལ་དུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱཀྲོ་དྷ། ཨཱ་བེ་ཤ་ཡ་སརྦ་ས་མ་ཡ་ཧཱུཾ། ཨཿཨཿཞེས་བྱ་བས་རྡོ་རྗེ་དྲིལ་བུ་སྤྲུལ་ལ་བཛྲ་གྷཎྜ་ཧོ་ཞེས་བྱ་བས་དྲིལ་བུའི་ང་རྒྱལ་བསྒོམ་པར་བྱའོ། །རྡོ་རྗེ་དྲིལ་

Vol. 57 · folio 251b

བུ་དེ་ཉིད་བཛྲ་ཨཱ་བེ་ཤ་ཀྲོ་དྷ་ཧཾ་ཞེས་བྱ་བས་ཁྲོ་བོ་རྡོ་རྗེ་འབེབས་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུས་ལས་ཀྱི་ཕྱག་རྒྱ་ཐམས་ཅད་དགུག་པ་དང་། རྡོ་རྗེ་ཞགས་པས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་མདུན་ན་གནས་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྐུ་ལ་གཞུག་པ་དང་། དེ་ཉིད་རྡོ་རྗེ་

ལྕགས་སྒྲོག་གིས་བཅིངས་ནས། ཁྲོ་བོ་རྡོ་རྗེ་འབེབས་པའི་ཕྱག་རྒྱས་དབང་དུ་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བཛྲ་ཧཱུཾ་ཕཊ། དྲྀ་ཤྱ་ཞེས་བྱ་བས་བཅོམ་ལྡན་འདས་ལ་

ལྟ་བ་བྱས་ནས། དེ་ཉིད་གཞིའི་ལུས་ཀྱི་ནང་དུ་ཆུད་པའི་རང་གི་ལུས་ལ་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། ས་མ་ཡ་སྟྭཾ་ཧོ་ཞེས་བྱ་བས་གསལ་ཞིང་རབ་ཏུ་འབར་བས་བསྐོར་བའི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ནས། ས་མ་ཡ་སྟྭཾ་ཨ་

ཧཾ་དང་། རང་གི་སྔགས་ལན་གསུམ་བརྗོད་ཅིང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དང་། བདག་ཉིད་ལྷན་ཅིག་ཐ་མི་དད་པར་བསྒོམ་པར་བྱས་ནས། ཁྲོ་བོ་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། གཞིའི་ལུས་ལ་ཡིད་ཀྱིས་རང་གི་གནས་སུ་གནས་ཏེ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡ་

ཧཱུཾ། ཨཱ་བེ་ཤ་དྲྀ་ཤྱ་ཞེས་བྱ་བས། མདུན་ན་གནས་པའི་རྡོ་རྗེ་འབེབས་པ་ལ་བལྟས་ཏེ། དེ་བཞིན་དུ་གཞུག་པར་བྱའོ། །དེ་ནས་འོད་ཀྱི་དཀྱིལ་འཁོར་དེ་བཞིན་དུ་བསྐྱེད་པ་དང་། ས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦྦ་ས་མ་ཡ་ཧཱུཾ་ཨཿཞེས་ལན་གསུམ་གྱི་བར་དུ་བརྗོད་

ཅིང་། རྡོ་རྗེ་འབེབས་པ་དང་བདག་ཉིད་ལྷན་ཅིག་ཐ་མི་དད་པར་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ནས། ཡིད་ཀྱི་ལེགས་པའི་སྦྱོར་བ་ཡིས། ཛཿཧཱུཾ་བཾ་ཧོཿས་གཞུག་པར་བྱ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་

རྟེན་དང་བརྟེན་པའི་སྐུ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཐམས་ཅད་བཅུག་ནས། དེ་ནས་དེ་ལ་དམ་ཚིག་གི་ཕྱག་རྒྱ་དང་། བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཨ་ཧཾ། བཛྲ་དྷཱ་ཏུ་ཞེས་བྱ་བ་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་

Vol. 57 · folio 252a

ཕྱག་རྒྱས་བསྒྲུབ་པ་དང་། དེ་ནས་དེ་ལ་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པ་རྣམས་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བསྟན་ཟིན་ཏོ། །དེ་ལྟར་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་

ནས། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། སྙིང་ག་དང་། མཛོད་སྤུ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྙིང་གར་སེམས་མ་རྡོ་རྗེ་མའི་རྡོ་རྗེ་འབར་བ་དང་། མཛོད་སྤུར་རྡོ་རྗེ་རིན་ཆེན་མའི་རྡོ་རྗེ་རིན་པོ་ཆེ་དང་། ལྐོག་མར་རྡོ་རྗེ་ཆོས་མའི་རྡོ་རྗེ་པདྨ་དང་།

སྤྱི་གཙུག་རྡོ་རྗེ་ལས་མའི་སྣ་ཚོགས་རྡོ་རྗེ་བསྐྱེད་པར་བྱའོ། །དེ་ནས་སེམས་དཔའ་རྡོ་རྗེ་གཙུག་ཏོར་གྱི་གཙུག་ཏོར་བསྐྱེད་ལ། དེའི་སྟེང་དུ་གཟི་བརྗིད་ཕུང་པོ་བསྐྱེད་ནས། དེ་བཞིན་གཤེགས་པ་ལྔའི་ཅོད་པན་གྱི་དབང་བསྐུར་བ་དང་། རྡོ་རྗེ་ཕྲེང་བས་ཀྱང་དབང་བསྐུར་བར་བྱའོ། །དེ་ལ་དེ་བཞིན་

གཤེགས་པ་ལྔའི་ཅོད་པན་གྱི་དབང་བསྐུར་བས་དེ་བཞིན་གཤེགས་པའི་རིགས་སུ་བསྟན་པ་དང་། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་ཅིང་། རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ནས། སྤྱི་བོ་ནས་བརྩམས་ཏེ། ཕྱོགས་བཞིར་རྡོ་རྗེའི་ཕྲེང་བས་དབང་བསྐུར། དཔྲལ་བའི་སྟེང་དུ་

བཅིངས་པ་གཉིས་སུ་བྱས་ནས། གོ་ཆའི་ཕྱག་རྒྱ་བཅིང་བར་བྱ་སྟེ། མཉམ་པའི་ཐལ་མོས་ཇི་ལྟ་བ་བཞིན་མཉེས་པར་བྱའོ། །དེ་ལ་རྡོ་རྗེ་ཏི་རཱིནྟི་རི་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བསྙམས་ཏེ་བསྒྲེངས་ནས་ཁུ་ཚུར་སྤྱི་བོར་གཞག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་

ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་པཱ་ཎི། བཛྲ་ཀརྨ་ཀ་རོདྦྷ་བ་ཞེས་བྱ་བའི་སྙིང་པོ་འདིས་དྲིལ་བུ་དང་བཅས་པའི་འབར་བའི་

རྡོ་རྗེའི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་རྡོ་རྗེ་སྤྱི་བོར་བཞག་ནས། མིང་གི་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱང་བླངས་ལ། སྒེག་མོ་ལ་སོགས་པའི་མཆོད་པའི་ལྷ་མོ་བརྒྱད་དང་། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིག་མ་བཅུ་དྲུག་གི་མཆོད་པས་བདག་ཉིད་མཆོད་

Vol. 57 · folio 252b

དེ། ཕྱག་བཞི་བྱས་ནས། དེ་ཉིད་ཀྱིས་རྡོ་རྗེ་གཟུང་བ་དང་། ཆོས་ཀྱི་དྲིལ་བུ་དཀྲོལ་བ་དང་། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། ཧཱུཾ་བཞི་བརྗོད་ཅིང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལྷ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད་ཡིན་ནོ་ཞེས་བསམ་པར་བྱའོ། །ཨོཾ་

བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་ལན་གསུམ་བརྗོད་པ་དང་། དེས་སྒྱུ་མ་ལྟ་བུར་བསམས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་ལན་གསུམ་བརྗོད་པ་དང་། སེམས་ཅན་ཐམས་ཅད་བདག་མེད་པའི་མཉམ་པ་ཉིད་དུ་མཚུངས་པར་བསམས་ལ། ཨོཾ་སརྦ་ས་མོ྅ཧཾ་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ལྟར་རྣལ་འབྱོར་

ཆེན་པོ་རྫོགས་པར་གྱུར་པ་ཡིན་ནོ། །དེ་ལ་གནས་ཀྱི་ངེས་པ་ནི་འདི་ཡིན་ཏེ། སྒྲུབ་པ་པོའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་མདུན་དུ་རྡོ་རྗེ་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་སེམས་དཔའ་གནས་སོ། །གཡས་ཕྱོགས་སུ་ཁྲོ་བོ་རྡོ་རྗེ་རྒྱལ་པོའོ། །གཡོན་དུ་རྡོ་རྗེ་ཆགས་པ། རྒྱབ་ཏུ་རྡོ་རྗེ་ལེགས་པ། དཔྲལ་བར་རྡོ་རྗེ་

རིན་ཆེན་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རྗེ་ཁྲོ་གཉེར། མགོ་བོའི་རྒྱབ་ཏུ་ཉི་མ། ཕྲག་པ་གཉིས་སུ་དཔའ། སོའི་ཕྲེང་བ་གཉིས་ལ་བཞད་པ། ལྐོག་མར་ཆོས་ཀྱི་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རྗེ་ཆོས། ནུ་མའི་བར་དུ་རྣོན་པོ། ལྟེ་བར་རྡོ་རྗེ་རྒྱུ། ལྕེ་ལ་སྨྲ་བ། སྤྱི་གཙུག་ཏུ་ལས་ཀྱི་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རྗེ་ལས། ནམ་ཚང་གཉིས་

སུ་སྲུང་བ། ཁ་ལ་གནོད་སྦྱིན། རྐེད་པར་རྡོ་རྗེ་ཁུ་ཚུར། ཁྲོ་བོ་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་དང་། ཆོས་དང་། ལས་རྣམས་ཀྱི་གཡོན་ཕྱོགས་སུ་རིམ་པ་ཇི་ལྟ་བ་བཞིན་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམས་སོ། །ཡང་རྣལ་འབྱོར་པའི་མདོམས་བར་དུ་བདུག་པ་མ། སྤྱི་བོར་མེ་ཏོག་མ།

མིག་གཉིས་སུ་མར་མེ་མ། སྙིང་ག་དང་ནུ་མ་གཉིས་ཀྱི་བར་དང་། བྲང་དུ་བྱུག་པ་མ། བརླ་གཡས་པར་ལྕགས་ཀྱུ། བརླ་གཡོན་པར་ཞགས་པ། རྗེ་ངར་གཡས་པར་ལྕགས་སྒྲོག རྗེ་ངར་གཡོན་པར་ཁྲོ་བོ་རྡོ་རྗེ་འབེབས་པའི་གནས་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཡན་ལག་ཐམས་ཅད་ལ་

བཞུགས་ཏེ། ཕྱག་རྒྱ་དགྲོལ་བའི་དུས་སུ་རྣམ་པར་སྣང་མཛད་ནི་སྤྱི་གཙུག་ཏུ་དགྲོལ་ལོ། །མི་བསྐྱོད་པ་ནི་ཧཱུཾ་མཛད་ཀྱི་གནས་སུའོ། །རིན་ཆེན་འབྱུང་ལྡན་ནི་རིན་ཆེན་ཧཱུཾ་མཛད་ཀྱི་གནས་སུའོ། །འོད་དཔག་ཏུ་མེད་པ་ནི་ཆོས་ཀྱི་ཧཱུཾ་མཛད་ཀྱི་གནས་སུའོ། །དོན་ཡོད་པར་གྲུབ་པ་ནི་ལས་ཀྱི་ཧཱུཾ་མཛད་ཀྱི་གནས་

Vol. 57 · folio 253a

སུ་དགྲོལ་བར་བྱའོ། །དེ་ལྟར་རྣལ་འབྱོར་ཆེན་པོ་རྫོགས་ནས། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཡིད་ཀྱིས་ནམ་མཁའི་ཕྱོགས་སུ་གནས་ལ། རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལས་འབར་བའི་རྡོ་རྗེ། རྡོ་རྗེའི་ལྟེ་བ་ལ་ཡི་གེ་བ་བསམ་པར་བྱའོ། །དེ་ནས་

རྡོ་རྗེ་དེ་ལས་རྡོ་རྗེ་འབར་བའི་འོད་ཟེར་འཁྲུགས་པ། བསྐལ་པའི་མེ་ཆེན་པོ་ལྟ་བུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐལ་བར་བྱས་པར་བསམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་སུ་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་དང་མཉམ་པའི་ཡི་གེ་ཁཾ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཁ་དོག་དཀར་པོ་

བདུད་རྩིའི་ཆུ་རྒྱུན་འཛིན་པས་བསྲེགས་པའི་སངས་རྒྱས་ཀྱི་ཞིང་རྣམས་བཀྲུས་ནས། སངས་རྒྱས་ཀྱི་ཞིང་སྟོང་པ་དེ་དག་ཐམས་ཅད་འོ་མ་ཅན་གྱི་རྒྱ་མཚོ་དང་མཚུངས་པར་དབའ་རླབས་འཁྲུགས་པའི་ཕྲེང་བ་ཅན་གྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་གནས་པར་བསམ་མོ། །དེ་ནས་རྒྱ་མཚོ་ཆེན་པོ་དེ་ལ་ཡི་གེ་རཾ་བཀོད་

ནས། དེ་ནས་ཡི་གེ་རཾ་གྱི་མེས་རྒྱ་མཚོ་ཆེན་པོ་དེ་བསྐོལ་བའི་ལྷག་མར་གྱུར་པའི་ཡི་གེ་པཾ་ལས་པདྨ་ཆེན་པོ་པདྨ་ཆུང་ངུ་དཔག་ཏུ་མེད་པས་བསྐོར་བར་གྱུར་པར་བསམ་པར་བྱའོ། །ཡང་པདྨ་དེའི་རྩ་བར་ཡི་གེ་པྲ་གསེར་གྱི་མདོག་ཅན་བསམས་ལ། གསེར་གྱི་རུས་སྦལ་ཚད་གཞལ་དུ་མེད་པ་པདྨ་ཐམས་ཅད་ཀྱི་གཞིར་གྱུར་

པར་བསམ་པར་བྱའོ། །ཡང་པདྨའི་ལྟེ་བར་ཡི་གེ་པྲ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བསམས་ལ། ནམ་མཁའི་ཕྱོགས་ཀྱི་ཡི་གེ་ཁཾ་དཀར་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཅན་འོངས་ནས། པདྨའི་ལྟེ་བ་ལ་གནས་པར་བསམ་པར་བྱའོ། །དེ་ནས་པདྨ་དང་། ཡི་གེ་པྲ་དང་། ཡི་གེ་ཁཾ་གཅིག་ཏུ་

གྱུར་པ་ལས། རིའི་རྒྱལ་པོ་རི་རབ་བསྐྱེད་པར་བསམ་པར་བྱའོ། །ཨོཾ་དྲྀ་ཌྷོ་མེ་བྷ་བ། རཀྵ་སརྦཾ་སྭཱ་ཧཱ་ཞེས་བྱ་བ་དང་། རྡོ་རྗེ་བསྡམས་པ་བརྐྱང་བ་ས་ལ་རེག་པས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །རི་རབ་ཀྱི་སྟེང་དུ་རྡོ་རྗེ་རྒྱུའི་ཕྱག་རྒྱ་ཇི་ལྟ་བས་རྩེ་མོ་རྡོ་རྗེ་དང་། ནོར་བུ་རིན་པོ་ཆེ་ལས་བྱས་པའི་

ཁང་བུ་བརྩེགས་པ་སྤྲུལ་ལ། དེར་ཨ་སིཾ་ཨ་ལས་རྣམ་པར་སྣང་མཛད་ཀྱི་གནས་སུ་སེང་གེའི་གདན། ཧཱུཾ་གཽ་ཧཱུཾ་ལས་མི་བསྐྱོད་པའི་གནས་སུ་གླང་པོ་ཆེའི་གདན། ཏྲཱཾ་བཾ་ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྟའི་གདན། ཧྲཱིཿམཾ་ཧྲཱིཿལས་འོད་དཔག་ཏུ་མེད་པའི་གནས་སུ་རྨ་བྱའི་གདན། ཨཿགཾ་ཨཿལས་

Vol. 57 · folio 253b

དོན་ཡོད་གྲུབ་པའི་གནས་སུ་ནམ་མཁའ་ལྡིང་གི་གདན་བསམ་པར་བྱ་བ་དང་། སེང་གེའི་གདན་ལ་སོགས་པ་དེ་རྣམས་ལ་ཡི་གེ་ཧྲཱིཿལས་པདྨ་དེ་རྣམས་ཀྱི་སྟེང་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་པར་བྱའོ། །དེ་ནས་བདག་ཉིད་ནམ་མཁའི་ཕྱོགས་ནས་སེང་གེའི་གདན་གྱི་སྟེང་དུ་ཡིད་ཀྱིས་བབས་ཏེ།

ཏིང་ངེ་འཛིན་རྣམ་གསུམ་བསྒོམ་པར་བྱའོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བའི་ཆོ་ག་ཐམས་ཅད་སྤྱད་ལ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བསྒོམ་པར་བྱ་བའམ། རྣལ་འབྱོར་ཆེན་པོ་ཙམ་བྱས་ལ། །འཆད་

པར་འགྱུར་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ཆོ་གས་རང་གི་སྙིང་གར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ཇི་སྲིད་མངོན་སུམ་དུ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱ་བའམ། བསྒོམ་པར་མི་ནུས་པ་དེས་ནི་ཉིན་རེ་ཞིང་རྣལ་འབྱོར་ཆེན་པོ་ལན་ཅིག་བྱས་ལ། དེ་སྲིད་དུ་དཀྱིལ་འཁོར་

པ་ཐམས་ཅད་ཀྱི་སྔགས་བཟླས་པ་བྱེད་པ་དེ་སྲིད་ཀྱི་ཚེ། རེ་རེ་ཞིང་བཟླས་པའི་གྲངས་འབུམ་རྫོགས་པར་བྱའོ། །དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ཏིང་ངེ་འཛིན་གསུམ་ནས་བརྩམས་ནས། ཞག་བདུན་གྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟར་སྔོན་དུ་བསྙེན་པ་

བྱས་ནས། དེ་ནས་ཇི་སྐད་གསུངས་པའི་ས་སྦྱང་བ་དང་། ས་གཟུང་བ་དང་། ཁང་པ་བརྩེགས་མར་ཆུད་པ་དང་། དཀྱིལ་འཁོར་གྱི་ས་གཞི་ཇི་སྐད་བཤད་པ་བཞིན་བྱས་ནས། ཁྲུས་བྱས་ཤིང་གདོང་དྲི་ཞིམ་པོས་བྱུགས་ལ། མེ་ཏོག་གི་ཕྲེང་བ་གདགས་ཤིང་། ཤིན་ཏུ་སྔོ་བའི་གོས་ཀྱིས་སྟོད་

གཡོགས་དང་། སྨད་གཡོགས་དང་། ཟེའུ་ཀ་བཅིངས་ནས། དཔལ་རྡོ་རྗེའི་རིགས་སུ་བཤད་པའི་ཅོད་པན་དང་། ལག་གདུབ་དང་། རྣ་རྒྱན་དང་། དཔུང་རྒྱན་དང་། དེ་བཞིན་གཤེགས་པའི་ཕྲེང་བ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བདག་ཉིད་བརྒྱན་པར་བྱས་ལ། སྔར་བཤད་པའི་ཆོ་ག་

ཐམས་ཅད་རྗེས་སུ་སྤྱད་ནས། རྣལ་འབྱོར་ཆེན་པོ་ནས་བརྩམས་ཏེ། སྔར་བཤད་པའི་ཆོ་གས་རི་རབ་ཀྱི་བར་དུ་བསྐྱེད་ལ། རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་དེ་རི་རབ་ཀྱི་རྩེ་མོར་བསྐྱོད་དེ། སེང་གེའི་གདན་ལ་སོགས་པ་གདན་ཐམས་ཅད་བསྐྱེད་ནས།

Vol. 57 · folio 254a

དཀྱིལ་འཁོར་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །ཅེས་བྱ་བ་ལ་སོགས་པས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ། སངས་རྒྱས་ཐམས་

ཅད་དགོངས་སུ་གསོལ། །ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །དེ་ནས་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམས་ལ་རྡོ་རྗེའི་བདག་ཉིད་དང་། རང་བཞིན་གྱིས་དག་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་མོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་

བཅིངས་ནས། རྡོ་རྗེ་དང་དྲིལ་བུ་བཟུང་ནས། བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་བསྐྱབ་པ་དང་ཞེས་བྱ་བ་ལ་སོགས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ་དཀྱིལ་འཁོར་ཆེན་པོ་བྲི་བའི་གནང་བ་ནོད་པ་དང་། ཨོཾ་བཛྲ་པཱ་ཎི་མ་ཧཱ་མཎྚ་ལཾ་པྲ་བེ་ཤ་

ཡ་ཞེས་བྱ་བ་ནས་ཧ་ཧ་ཧ་ཧ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་གནང་བ་བྱིན་པར་བསམས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཧཱུཾ་བཞི་པས་དཀྱིལ་འཁོར་དེ་བཏེག་ལ་ནམ་མཁར་བཀོད་ནས། དེ་ཉིད་ཀྱིས་བདག་ཉིད་བྱིན་གྱིས་བརླབས་ཏེ། ཕྱག་རྒྱ་དེ་ཉིད་སྙིང་གར་བཞག་ནས། རྡོ་རྗེ་ཧཱུཾ་མཛད་

ཀྱི་ང་རྒྱལ་དང་ལྡན་པའི་ཁྲོ་བོའི་ལྟ་བས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་བལྟས་པས་བགེགས་མེད་པའི་རྗེས་ལ། རང་གི་རྐང་པའི་མཐིལ་དུ་ཡི་གེ་ཨ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་དེ། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། རྐང་པའི་མཐིལ་གྱི་བར་དུ་ཡོངས་སུ་བཟུང་བས། ཇི་སྲིད་རི་རབ་

ཀྱི་རྩེ་མོ་ནས། སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་རྡོ་རྗེའི་རང་བཞིན་དུ་གྱུར་པར་མོས་ཤིང་བསྐོར་བ་བྱས་པས་རིམ་གྱིས་རྐང་པའི་སྣ་ཚོགས་རྡོ་རྗེས་སྣ་ཚོགས་རྡོ་རྗེར་བྱས་ལ། ཧཱུཾ་བཞི་པ་གདོན་པར་བྱའོ། །ཁྲོ་བོའི་ལྟ་བས་ཕྱོགས་དང་། མཚམས་དང་། སྟེང་དང་། འོག་དང་དཀྱིལ་

འཁོར་བཅིངས་ནས། ར་བ་དང་དྲ་བ་བྱའོ། །ཡང་ཧཱུཾ་ཞེས་བརྗོད་ཅིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་ཤིན་ཏུ་ཕྲ་མོའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱུང་ནས། འཇིག་རྟེན་གྱི་ཁམས་སུ་རྡོ་རྗེ་འབར་བའི་འཁྲུགས་པའི་སྒྲ་སྒྲོགས་པ། རྡོ་རྗེ་སེམས་དཔའ་ལ་སོགས་

Vol. 57 · folio 254b

པའི་ཁྲོ་བོས་ཧཱུཾ་ཞེས་བྱ་བའི་སྒྲ་འཇིགས་པས། ལྐོག་མའི་ཕྱོགས་ཀུན་གང་བ། པདྨའི་སྡོང་བུ་ལྟར་གཡོ་ཞིང་འགུལ་བའི་རྣལ་འབྱོར་པས། རྡོ་རྗེ་བབས་པའི་ཚུལ་གྱིས་ནམ་མཁའ་ལས་བབས་ཏེ། གར་བྱས་ལ་མེ་ཏོག་གི་ཐལ་མོས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ལ། དཀྱིལ་

འཁོར་གྱི་དབུས་སུ་གཡོན་བརྐྱང་བས་འདུག་སྟེ། བསྐལ་པའི་མེའི་ཕུང་པོ་ལྟར་འཇིགས་པའི་ཁྲོ་བོ་སྤྲོས་པས། བདུད་ཐམས་ཅད་སྐྲག་པར་བྱའོ། །དེ་ནས་རྣལ་འབྱོར་པས་དགའ་བ་ཡོངས་སུ་བསྒྱུར་བའི་འགྲོས་ཀྱིས་ཤར་ཕྱོགས་སུ་སོང་ལ་གཡོན་བརྐྱང་བའི་གནས་པས་དེར་འདུག་ནས། བགེགས་

ཐམས་ཅད་བསྐྲད་པར་བྱའོ། །དེ་ནས་གནས་དེར་གནས་ནས་གནོད་སྦྱིན་གྱི་འགྲོས་ཀྱིས་ལྷོ་ཕྱོགས་སུ་སོང་ལ། དེ་བཞིན་དུ་བགེགས་རྣམས་ཡོངས་སུ་བསྐྲད་པར་བྱའོ། །དེ་ནས་གནས་དེར་གནས་ནས་གཡས་བརྐྱང་བ་དང་། གཡོན་བརྐྱང་བ་དག་གིས་ནུབ་ཕྱོགས་སུ་སོང་ལ། ཟླུམ་པོའི་

འདུག་སྟངས་བཅས་ནས། དེ་བཞིན་དུ་བགེགས་རྣམས་བསྐྲད་པར་བྱའོ། །དེ་ནས་གནས་དེ་ནས་ནམ་མཁའི་ཁམས་མ་ལུས་པར་ཁྱབ་པར་གཏོགས་པའི་འཇིག་རྟེན་གྱི་ཁམས་རྣམས་གཡོ་བར་བྱེད་པའི་རྡོ་རྗེའི་འགྲོས་ཀྱིས་བྱང་ཕྱོགས་སུ་འགྲོ་བར་བྱའོ། །དེ་ནས་གཡས་བརྐྱང་བ་དང་། གཡོན་

བརྐྱང་བ་དང་། མཐུན་པའི་རྐང་སྟབས་དང་། ཟླུམ་པོའི་འདུག་སྟངས་དང་། ས་གའི་འདུག་སྟངས་ཏེ། རྣམ་པ་ལྔས་ཤར་ཕྱོགས་སུ་སོང་ལ་བགེགས་ཐམས་ཅད་བསྐྲད་པར་བྱའོ། །དེ་ལྟར་བགེགས་ཐམས་ཅད་སྟང་སྟབས་རྣམ་པ་བཞིས་བཅོམ་པར་འགྱུར་རོ། །ཅི་ལྟ་བའི་དཀྱིལ་འཁོར་གྱི་

དབུས་སུ་འཁྲུལ་འཁོར་ལ་སོགས་པ་ཐ་དད་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་འཁྲུལ་འཁོར་ལ་སོགས་པས་ཀྱང་བགེགས་བཅོམ་པར་འགྱུར་རོ། །སྟང་སྟབས་བྱེད་པའི་དུས་སུ་རྒྱུན་མི་འཆད་པར་ཧཱུཾ་ཞེས་བྱ་བ་ཁྲོ་བོའི་ཚིག་གདོན་པར་བྱའོ། །དེ་ནས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་པ་ནས་

བརྩམས་ཏེ། བཞིན་བཟངས་ལངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་གྱིས་ཤིག །དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ་ཞེས་བྱ་བ་དང་། ཇི་སྐད་གསུངས་པའི་བསྲུང་བའི་ཆོ་ག་དང་། ལྷག་པར་གནས་པའི་ཆོ་ག་རྗེས་སུ་སྤྱད་པར་བྱའོ། །དེ་ནས་ཉི་མ་འཆར་ཀའི་དུས་སུ་དཀྱིལ་

Vol. 57 · folio 255a

འཁོར་གྱི་གནས་ཐམས་ཅད་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་སྤོས་ཆུས་བྱུགས་ལ། མེ་ཏོག་ལ་སོགས་པས་ཀྱང་ཉེ་བར་མཛེས་པར་བྱས་ནས། ཚོན་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོ་དྲི་ཞིམ་པོས་བསྒོས་པས་སྲད་བུ་སོ་སོར་ཁ་བསྒྱུར་ལ་

གོ་རིམས་འདི་ཉིད་ཀྱིས་བཞག་ནས། ཧཱུཾ་ཏྲཱཾ་ཧྲཱིཿཨཿཨ་ཞེས་བྱ་བ་རང་གི་ས་བོན་འདི་ལས་བྱུང་བའི་ཐིག་གི་འོད་ཟེར་གྱིས་མི་བསྐྱོད་པ་ལ་སོགས་པ་རང་གི་ཕྱོགས་ན་བཞུགས་པས་ཡང་དག་པར་བཏང་བ་དང་འབར་བའི་ལྕགས་ཀྱུས་དྲངས་ཏེ། རང་གི་ལག་ན་གནས་པའི་སྲད་བུ་ལེགས་པར་དགང་བར་

བྱ་ཞིང་། ཨ་ནྱོ་ནྱཱ་ནུ་ག་ཏ། སརྦ་དྷརྨཱ། པ་རསྤ་རཱ་ནུ་པྲ་བིཥྚ་སརྦ་དྷརྨཱ། ཨ་ཏྱནྟཱ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ་ཞེས་ཟློས་ཤིང་བསྒྲིལ་བར་བྱའོ། །དེ་ནས་སྲད་བུ་དེ་དྲི་ཞིམ་པོས་བསྒོས་ཏེ། གསེར་གྱི་སྣོད་ལ་སོགས་པར་བཞག་ལ། མེ་ཏོག་གིས་མཆོད་དེ། རྡོ་རྗེ་བསྡམས་པས་བཟུང་ལ་ཐིག་གི་སྔགས་ལན་

བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བདག་པོ་ལྔ་པོ་རྣམས་ཀྱི་སྔགས་ཀྱང་བཟླའོ། །དེ་ནས་ནམ་མཁའི་ཕྱོགས་ན་གནས་པའི་དཀྱིལ་འཁོར་པ་ཐམས་ཅད་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱའོ། །དེ་ལ་སྔགས་འདིས་སྲད་བུ་བྲེ་བར་བྱའོ་ཞེས་བྱ་བ་ནི་དེ་

ལྟར་བཤད་མ་ཐག་པའི་ཆོ་ག་འདི་ཡིན་ནོ་ཞེས་བྱ་བར་དེ་ལ་ཞེས་བྱ་བའི་སྒྲས་སྟོན་པ་ཡིན་ནོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་བཤད་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ནས་མཆོད་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་

ལ། ཕྱག་ན་རྡོ་རྗེའི་ཐུགས་ཀའི་རྡོ་རྗེ་ལས་གྲོགས་པོ་ཧཱུཾ་ཞེས་བྱ་བ་འདིས་ཁྲོ་བོ་རྡོ་རྗེ་ལས་ཀྱི་གཟུགས་སུ་དབྱུང་བར་བྱའོ། །ཡང་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་གྱུར་པ་ལས། མིག་གཡས་གཡོན་གཉིས་སུ་ཡི་གེ་ཛཿལས་ཟླ་བ་དང་ཉི་མ་སེར་པོར་སྣང་བ་བསྐྱེད་ལ། ཛཿཞེས་པ་ལན་གསུམ་བརྗོད་པས་སྒྲུབ་

པའི་གྲོགས་མཆོག་གི་ལག་ཏུ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྲད་བུ་དེ་བཏང་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བའི་སྔགས་འདིས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་སྲད་བུ་བྲེ་བར་བྱའོ། །གྲུ་བཞིར་བྱ་ཞིང་ཞེས་བྱ་བ་ནས་བརྩམས་ནས། དཀྱིལ་འཁོར་ཕྱི་རོལ་སྲད་

Vol. 57 · folio 255b

བུ་བྲེ། །ཞེས་བྱ་བའི་བར་དུ་སྔར་བཤད་ཟིན་ཏོ། །ཤེས་རབ་ཅན་གྱིས་དེ་ནང་དུ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་དེའི་ནང་དུ་ཡང་དཀྱིལ་འཁོར་གཉིས་པ། ཟུར་བཞི་པ། དཀྱིལ་འཁོར་གྱི་ཆོ་ག་ལས་བྱུང་བ་བཞིན་དུ་རྡོ་རྗེ་རིན་པོ་ཆེས་བརྒྱན་པ། སྒོ་བཞི་པ། ཀ་བ་བརྒྱད་དང་རྟ་བབས་བཞིས་བརྒྱན་པ།

རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པའི་གནས་རྣམས་སུ་རྡོ་རྗེའི་རི་མོ་ཟླུམ་པོ་བྲིས་ལ། དེ་ལ་ཡང་ཟླ་བའི་དཀྱིལ་འཁོར་ལྔ་ལྔ་དང་ལྡན་པར་བྱའོ། །དེའི་དོན་ནི། རྡོ་རྗེ་ཀ་བའི་གནས་མཆོག་ཏུ། །དཀྱིལ་འཁོར་

ལྔ་ཡིས་བརྒྱན་པ་སྟེ། །ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་རྣམས་ལ་ལྷ་ཐམས་ཅད་ཀྱི་གཟུགས་ཀྱིས་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ། །དེ་སྐད་དུ་ཡང་། སྒོ་རྣམས་སྐྱོང་བར་བཞག་ནས་ནི། །སྒོ་རྣམས་དབྱེ་བར་བྱ་བ་ཡིན། །ཞེས་གསུངས་པས། དེ་ནས་

དབུས་སུ་འདུག་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ་ཞེས་བྱ་བ་ཟློས་ཤིང་། ཤུགས་ཀྱིས་ཞུགས་ལ། དཀྱིལ་འཁོར་གྱི་ལྷག་པ་དང་མ་ཚང་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་

ཡང་བལྟས་ལ། རྡོ་རྗེ་དང་དྲིལ་བུ་དཀྲོལ་ཞིང་ལན་བདུན་བསྐོར་བ་བྱས་ནས། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། དཀྱིལ་འཁོར་གྱི་སྒོ་བཞི་དབྱེ་བར་བྱའོ། །དེ་སྐད་དུ་ཡང་། དཀྱིལ་འཁོར་མཆོག་ནི་བྲིས་ནས་ནི། །ཁྲོ་བོ་ཏི་རཱིནྟི་རི་བཅིངས། །ཡང་དག་ལྟ་བ་བྱས་ནས་ནི། །ལན་

བདུན་བར་དུ་བསྐོར་བར་བྱ། །རྡོ་རྗེ་དྲིལ་བུ་རབ་དཀྲོལ་བས། །མཁས་པས་མ་ཚང་ཡོངས་སུ་བསྐང་། །ལྷག་པ་གང་ཡིན་འདོར་མཛད་པ། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཡིད་ཀྱིས་རྡོ་རྗེ་རི་མོ་ནི། །བཏེག་ནས་ཀྱང་ནི་དབྱེ་བར་བྱ། །འཁོར་ལོ་ཡི་ནི་དབུས་ཞུགས་ནས། །རྡོ་རྗེ་སློབ་དཔོན་

མཉམ་བཞག་ནས། །རྡོ་རྗེ་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །དེ་ནས་སྒོ་རྣམས་ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་ལས་རྣམས་བྱ། །ཞེས་གསུངས་པ་ཡིན་ནོ། །ཟླ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྟེང་དུ་ལྷའི་གཟུགས་བྲིས་ནས། སྒོ་དབྱེ་བ་ལ་སོགས་པ་བཤད་

Vol. 57 · folio 256a

ནས། ད་ནི་ལྷ་དགོད་པ་བཤད་པར་བྱ་སྟེ། གསེར་རམ་དངུལ་ལས་བྱས་པའམ། །ས་ཡང་རུང་སྟེ་ལེགས་བྲིས་ལ། །ཕ་གུ་གྲུ་བཞི་བྱས་པ་ལ། །སངས་རྒྱས་གཟུགས་ནི་གཞག་པར་བྱ། །ཞེས་བྱ་བ་ནི། མངོན་སྤྱོད་ཀྱི་ལས་ཀྱི་དཀྱིལ་འཁོར་ཡིན་པ་དེ་བས་ན། རྣམ་པར་

སྣང་མཛད་ལུགས་མའམ། བརྐོས་པའི་གཟུགས་སྲ་བའི་གདན་ལ་གཞག་པར་བྱ་སྟེ། དགོད་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །སྤྱན་དྲང་བའི་སྙིང་པོ་ཞེས་བྱ་བ་ནི་ནམ་མཁའི་ཕྱོགས་ན་བཞུགས་པ་བཀུག་སྟེ། གཟུགས་བརྙན་དང་གཅིག་ཏུ་བྱས་ནས། སྤྱན་དྲང་བའི་སྙིང་པོས་སྤྱན་དྲང་ངོ་། །སངས་

རྒྱས་སྤྱན་སྔར་རྡོ་རྗེ་ནི། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཤར་ཕྱོགས་ཀྱི་ཆ་ལ། སེམས་མ་རྡོ་རྗེ་མའི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འབར་བའི་དབུས་སུ་ཧཱུཾ་སཏྭ་བཛྲ་ཛྭ་ལ་མཎྜ་ལ་ཧཱུཾ་ཕཊ་ཅེས་བྱ་བ་བརྗོད་ཅིང་། ནམ་མཁའི་ཕྱོགས་ནས་བཀུག་པར་གཞག་པར་བྱའོ། །དེ་བཞིན་དུ་

ཐམས་ཅད་ཀྱང་སྔགས་ཀྱིས་དགུག་ཅིང་གཞག་པར་བྱའོ། །རྡོ་རྗེ་དམ་ཚིག་ཕྱག་རྒྱ་རྣམས། །ཞེས་བྱ་བ་ནི། རྡོ་རྗེའི་རིགས་ཐམས་ཅད་ཀྱི་རིགས་བསྡུས་པར་གྱུར་པའི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཡིད་ཀྱིས་རི་མོ་བཏེག་ནས་ནི། །ཞེས་བྱ་བ་ནི། ཚོན་རྩིའི་རི་མོ་

བཏེག་སྟེ་འོག་ནས་འཛུལ་བར་བསམ་པར་བྱའོ། །རྡོ་རྗེ་སྲད་བུའམ་གཞན་ཡང་རུང་། །ཞེས་བྱ་བ་ནི། ཚོན་རྩི་ལྔའི་སྐུད་པའི་རི་མོ་བཏེག་ནས། འོག་ནས་འཛུལ་བར་ཡང་བསམ་པར་བྱའོ། །དེའི་དབུས་སུ་སེམས་དཔའ་ཆེ། །ཞེས་བྱ་བ་ནི་མི་བསྐྱོད་པའི་གནས་སུའོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བར་

འདུས། །ཞེས་བྱ་བ་ནི། ཕྱག་གཉིས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིང་བའོ། །མཆེ་བ་ཅུང་ཟད་མངོན་པ་ནི་མཆེ་བ་ཅུང་ཟད་ཕྱུང་བའོ། །དེ་དག་གི་མཆེ་བ་གཙིགས་པའི་ཞལ་གང་ལ་མངའ་བ་དེ་ནི་མཆེ་བ་ཅུང་ཟད་གཙིགས་པའི་ཞལ་མངའ་བའོ། །ཁྲོ་དང་བཅས་པས་འཛུམ་

པའི་ཞལ། །ཞེས་བྱ་བ་ནི་ཁྲོ་བ་དང་བཅས་པ་ནི་ཞེ་སྡང་དང་བཅས་པའི་ཞལ་གང་ལ་མངའ་བ་དེ་ནི་ཁྲོ་བ་དང་བཅས་པས་འཛུམ་པའི་ཞལ་ལོ། །གཡོན་བརྐྱང་ཚུལ་དུ་གནས་པ་ནི། །ཞེས་བྱ་བ་ནི། གཡོན་བརྐྱང་ཞིང་གཡས་པ་བསྐུམ་པ་ནི་གཡོན་བརྐྱང་བ་ཡིན་ལ། བཟློག་པ་ནི་གཡས་

Vol. 57 · folio 256b

བརྐྱང་བའོ། །རྐང་པ་གཉིས་ཀྱི་བར་དུ་མཐོ་ལྔའི་ཚད་དང་ལྡན་པར་ལུས་ཚད་ཀྱི་ངེས་པ་བཤད་པ་ནི་གཉིས་ཀ་ལ་ཡང་སྦྱར་བར་བྱའོ། །རྡོ་རྗེ་ཁྲོ་བོ་གཞག་པ་ནི། །ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་ཁྲོ་བོའོ། །ཁྲོས་པས་མཆེ་བ་ཕྱུང་བ་སྟེ། །ཞེས་བྱ་བ་ནི། ཁྲོ་བོ་དེ་མཆེ་བ་གཙིགས་པ་ནི་ཁྲོས་པས་

མཆེ་བ་ཕྱུང་བའོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ཅེས་བྱ་བ་ནི། འབར་བ་ཅན་གྱི་འབར་བའི་ཕྲེང་བ་འཁྲིགས་པ་དེ་ལས་འོད་འཕྲོ་བ་དེའི་འོད་ནི་དཀྲིགས་པའི་འོད་གང་ལ་མངའ་བ་དེ་ནི་འབར་བའི་ཕྲེང་བ་དཀྲིགས་པའི་འོད་མངའ་བའོ། །དེར་ནི་རྡོ་རྗེས་དབང་བསྐུར་བ། །ཞེས་

བྱ་བ་ནི། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བའི་རིན་ཆེན་ཧཱུཾ་མཛད་དོ། །རྡོ་རྗེ་སྡེ་ནི་བྲི་བར་བྱ། །ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པའི་གནས་སུ་རྡོ་རྗེ་སྡེ། ཆོས་ཀྱི་གནས་སུ་ཧཱུཾ་མཛད་གཞོན་ནུའི་གཟུགས་བྲི་བར་བྱའོ། །རྡོ་རྗེ་དབབ་པ་བྲི་བར་བྱ། །ཞེས་བྱ་བ་ནི་དོན་ཡོད་

གྲུབ་པའི་གནས་སུ་ལས་ཀྱི་ཧཱུཾ་མཛད་རྡོ་རྗེ་ལས་ཀྱི་གཟུགས་ཅན་ནི་འདིར་རྡོ་རྗེ་དབབ་པའོ། །རྡོ་རྗེ་དབྱིངས་ཀྱི་ཚུལ་བཞིན་དུ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་ཇི་ལྟར་བྲི་བ་དེ་བཞིན་དུ་འདིར་བྲི་བར་བྱའོ། །དཀྱིལ་

འཁོར་དམ་པའི་ཕྱི་རོལ་དུ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ནང་དེ་ནི་དམ་པའོ། །ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ལ་ལྟོས་པ་ནི། ཕྱི་རོལ་དཀྱིལ་འཁོར་གནས་རྣམས་སུ། །ཕྱི་ཡི་རྡོ་རྗེའི་རིགས་རྣམས་སོ། །ཞེས་བྱ་བ་ནི་ཁྱམས་ནི་ཕྱི་རོལ་ལའོ། །དེ་སྐད་དུ་ཡང་། ཁྱམས་ཀྱི་ནང་དུ་

བྱམས་པ་ལ་སོགས་པ་དང་། ཁྱམས་ལ་བརྟེན་ནས་ཁྱབ་འཇུག་ལ་སོགས་པ་བྲི་བར་བྱ་ཞེས་གསུངས་སོ། །འདི་སྙམ་དུ་སེམས་ཏེ། རྡོ་རྗེ་ཐིག་གིས་ཡོངས་སུ་བསྐོར་བ་ནི་ནང་གི་དཀྱིལ་འཁོར་ཡིན་ནོ་ཞེས་བྱ་བ་དེ་ནི་མི་རིགས་ཏེ། གསུངས་པ་མེད་པའི་ཕྱིར་དང་། གང་དག་གིས་དམ་པ་

ཞེས་སྨོས་པ་དང་། འོག་ནས་ཀྱང་ཕྱིའི་དཀྱིལ་འཁོར་ཞེས་སྨོས་པ་ནས། རྡོ་རྗེ་སྲད་བུའི་ཕྱི་རོལ་ལ་ཕྱི་རོལ་ཞེས་གསུངས་སོ་ཞེས་ཟེར་བ་དེ་ཡང་བཤད་མ་ཐག་པ་ཉིད་ཀྱིས་སྤངས་པས་མི་རིགས་སོ། །འདི་སྐད་སྟོན་པ་ཡིན་ཏེ། སྒྲུབ་པའི་གྲོགས་པོའི་ལག་ཏུ་ཛཿ། །ཞེས་བྱ་བས་ཐིག་སྐུད་གཏད་ལ།

Vol. 57 · folio 257a

ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ནས་སློབ་དཔོན་ཁ་ཤར་ཕྱོགས་སུ་བལྟས་ལ་ཚངས་པའི་ཐིག་གདབ་པར་བྱའོ། །དེ་ནས་ལྷོ་ཕྱོགས་ནས་བྱང་དུ་བལྟས་ལ་ཚངས་པའི་ཐིག་གཉིས་པ་གདབ་པར་བྱའོ། །དེ་ནས་མེའི་ཕྱོགས་སུ་གནས་ཏེ། བྱང་དུ་བལྟས་ལ་ཤར་ཕྱོགས་ཀྱི་

ཐིག་གདབ་པར་བྱའོ། །རླུང་གི་ཕྱོགས་ལ་གནས་ལ། ལྷོའི་ཕྱོགས་སུ་བལྟས་ཏེ། ནུབ་ཀྱི་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ཉིད་དུ་གནས་ནས་ཤར་དུ་བལྟས་ཏེ། བྱང་གི་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་ཡང་མེའི་ཕྱོགས་སུ་གནས་ཏེ། ནུབ་ཏུ་བལྟས་ནས། ལྷོའི་ཕྱོགས་ཀྱི་ཐིག་གདབ་

པར་བྱའོ། །དེ་བཞིན་དུ་ལྷའི་སྣམ་བུ་དང་། ཁ་ཁྱེར་གྱི་ཤར་དང་། ནུབ་དང་། བྱང་དང་། ལྷོ་ཡང་སྔ་མ་བཞིན་དུ་ཐིག་གདབ་པར་བྱའོ། །དེ་ནས་ཕྱིའི་ཁ་ཁྱེར་ལ་ཕྱིའི་རྡོ་རྗེའི་རིགས་རྣམས་ཁྱམས་ཀྱི་ཕྱེད་ཀྱི་ཚད་ཀྱི་ཐིག་བཏབ་ནས་ཉེ་བའི་ཁ་ཁྱེར་དུ་བྱའོ། །སླར་ཡང་མེའི་ཕྱོགས་སུ་འདུག་ནས།

རླུང་གི་ཕྱོགས་སུ་བལྟས་ཏེ། མཚམས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་བདེན་བྲལ་དུ་གནས་ལ། དབང་ལྡན་དུ་བལྟས་ཏེ། ཡང་མཚམས་ཀྱི་ཐིག་གདབ་པར་བྱའོ། །དེ་ལ་ཁ་ཁྱེར་སྤངས་པའི་སྒོ་ནི་བརྒྱད་ཆའོ། །ལྷའི་སྣམ་བུ་དང་ཁ་ཁྱེར་ནི་སྒོའི་ཕྱེད་ཀྱི་ཚད་དོ། །སྒོ་ཁྱུད་དང་སྒོ་འགྲམ་ནི་ཁ་ཁྱེར་

གྱི་ཚད་དོ། །དེའི་ཕྱིར་སྒོ་ཁྱུད་དང་སྒོ་འགྲམ་ནི་ཚད་མཉམ་པའོ། །རྟ་བབས་ནི་སྒོའི་སུམ་འགྱུར་རོ། །ཚོན་སྣ་ལྔའི་ས་ནི་ཁྱམས་ཀྱི་ཕྱེད་ཀྱི་ཚད་དུ་བལྟ་བར་བྱའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་གྱི་ཚད་ངེས་པར་བཤད་ནས། ནང་གི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་ཟུར་

བཞི་པ་སྒོ་བཞི་པ་ཁ་ཁྱེར་གྱིས་ཡོངས་སུ་བསྐོར་བ་རྟ་བབས་བཞི་དང་བཅས་པ། ཁ་ཁྱེར་ལ་རྡོ་རྗེ་རིན་པོ་ཆེས་བརྒྱན་པ། ཀ་བ་བརྒྱད་དང་ལྡན་པ་ཆ་དགུ་དང་ལྡན་པ་མཉམ་པར་བྱས་ནས། དབུས་མའི་ཆ་ལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྡོ་རྗེའི་ཕྲེང་བས་ཟླུམ་པོར་བསྐོར་བར་བྱས་ནས། མི་བསྐྱོད་པའི་

གནས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རིན་ཆེན་ཧཱུཾ་མཛད་ཀྱི་དཀྱིལ་འཁོར། འོད་དཔག་ཏུ་མེད་པའི་གནས་སུ་ཆོས་ཀྱི་ཧཱུཾ་མཛད་ཀྱི་དཀྱིལ་འཁོར། དོན་ཡོད་པར་གྲུབ་པའི་གནས་སུ་ལས་ཀྱི་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཟླུམ་པོ་རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེ་ལ་སློབ་

Vol. 57 · folio 257b

དཔོན་གྱིས་ཀ་བ་བརྒྱད་ཀྱི་ཐིག་གདབ་པར་བྱའོ། །ཐོག་མར་ལྷོ་ཕྱོགས་སུ་གནས་ནས་བྱང་གི་ཕྱོགས་སུ་བལྟས་ཏེ། ཤར་སྒོའི་ཐད་ཀའི་གདུང་གི་ཐིག་གདབ་པ་དང་། དེ་ནས་བྱང་གི་ཕྱོགས་སུ་གནས་ཏེ་ལྷོར་བལྟས་ནས་ནུབ་ཀྱི་སྒོའི་ཐད་ཀའི་གདུང་གི་ཐིག་གདབ་པ་དང་། དེ་ནས་ནུབ་ཏུ་གནས་

ཏེ་ཤར་དུ་བལྟས་ནས་བྱང་གི་སྒོའི་ཐད་ཀའི་གདུང་གི་ཐིག་གདབ་པ་དང་། དེ་ནས་ཤར་དུ་གནས་ཏེ་ནུབ་ཏུ་བལྟས་ནས། ལྷོའི་སྒོའི་ཐད་ཀའི་གདུང་གི་ཐིག་གདབ་པར་བྱའོ། །ཐམས་ཅད་དུ་སློབ་དཔོན་དང་སློབ་མ་ཐིག་འཛིན་པ་སྐོར་ཕྱོགས་སུ་འགྲོ་བར་བྱའོ། །དེ་སྐད་དུ་ཡང་། ཕྱོགས་ཀུན་

མཉམ་པ་ཉིད་དམིགས་ལ། །མཁས་པས་དཀྱིལ་འཁོར་ཐིག་བཏབ་སྟེ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ཅེས་གསུངས་སོ། །དེ་ནས་མིག་གཡས་པ་དང་གཡོན་པར་ཡི་གེ་ཧི་ལས་ཉི་མ་དང་ཟླ་བར་བསྐྱེད་དེ། ཀུན་ནས་ཁྲོ་བོའི་ལྟ་བས་

བལྟས་ལ་སྒོ་རྣམས་བྱའོ། །དེ་ལྟར་ཚོན་གྱི་རིམ་པ་རྫོགས་ནས། ལྷ་རྣམས་དགོད་པར་བྱ་སྟེ། དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཞལ་བཞི་པ་ཟླ་བའི་མདོག་ཅན། རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱིས་དབང་བསྐུར་བ། ཇི་སྐད་བཤད་པའི་ཕ་གུའི་སྟེང་དུ་སེང་གེ་དང་

པདྨའི་གདན་ལ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ་ཞལ་དང་པོ་ཤར་དུ་གཟིགས་པའོ། །རྡོ་རྗེ་སེམས་མ་ལ་སོགས་པ་ཡང་ཤེས་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ནི་མི་བསྐྱོད་པའི་

གནས་སུ་གླང་པོ་ཆེའི་གདན་ལ་ཨུ་མ་ཁྱོ་ཤུག་ཞབས་ཀྱིས་མནན་པ་བྲི་བར་བྱའོ། །དེའི་སྙིང་པོ་ནི་གཉིས་ཏེ། ཨོཾ་ཧཱུཾ་བཛྲ་ཏྲི་ཤཱུ་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་བཛྲ་བིདྱ་ཨུཏྟ་མ་ཧཱུཾ་ཕཊ། ཅེས་བྱ་བ་དང་། ཨོཾ་ཀྲོ་དྷ་བཛྲ་ཨགྣེ་ཛྭ་ལ་ཏྲི་ཤཱུ་ལཾ། བནྡྷ་ཧྲྀ་ད་ཡཾ་བཛྲེ་ཎ་ཧཱུཾ་ཕཊ། ཅེས་བྱ་བ་ནི་ཨུ་མའོ། །དེ་ལ་

དབང་ཕྱུག་ནི་ཕྱག་གཡས་པས་རྡོ་རྗེ་རྩེ་གསུམ་པ་དང་། གཡོན་པས་མདུང་རྩེ་གསུམ་པ་བསྣམས་པ། རྒྱན་དང་ཁ་དོག་ནི་ཇི་ལྟར་གྲགས་པའོ། །ཨུ་མ་ནི་གསེར་གྱི་མདོག་ཅན། དབང་ཕྱུག་བཞིན་དུ་རྡོ་རྗེ་རྩེ་གསུམ་པ་བསྣམས་པའོ། །ཁྲོ་བོ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ། ཁྲོ་

Vol. 57 · folio 258a

བོའི་རྒྱལ་པོ་ནི་གསེར་གྱི་མདོག་ཅན། ཆགས་པ་ནི་དམར་པོ། ལེགས་པ་ནི་མར་གད་ཀྱི་མདོག་ཅན། རིན་ཆེན་ཧཱུཾ་མཛད་དང་། ཁྲོ་བོ་ཁྲོ་གཉེར་ནི་གསེར་གྱི་མདོག་ཅན། ཉི་མ་ནི་ཉི་མའི་ཁ་དོག དཔལ་ནི་ནམ་མཁའི་མདོག་ཅན། བཞད་པ་ནི་དཀར་པོ། ཆོས་ཀྱི་ཧཱུཾ་མཛད་

དང་། རྡོ་རྗེ་ཁྲོ་བོ་ཆོས་ནི་དཀར་དམར། རྣོན་པོ་ནི་སྔོ་བསངས། རྒྱུ་ནི་གསེར་གྱི་མདོག་ཅན། སྨྲ་བ་ནི་ཟངས་ཀྱི་མདོག་ཅན། ལས་ཀྱི་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་ལས་ནི་སྣ་ཚོགས་པའི་མདོག་ཅན། སྲུང་བ་ནི་གསེར་གྱི་མདོག་ཅན། གནོད་སྦྱིན་ནི་ཁ་དོག་ནག་པོ། ཁུ་ཚུར་ནི་ཁ་དོག་སེར་པོ།

སྒེག་མོ་ནི་སྔོ་བ། ཕྲེང་བ་མ་སེར་མོ། གླུ་མ་དཀར་དམར། གར་མ་སྣ་ཚོགས་པའི་མདོག་ཅན། བདུག་པ་མ་སྔོན་མོ། མེ་ཏོག་མ་སེར་མོ། མར་མེ་མ་དམར་སྐྱ། བྱུག་པ་མ་སྣ་ཚོགས་པའི་མདོག་ཅན། ཕྱིའི་དཀྱིལ་འཁོར་དང་། ནང་གི་དཀྱིལ་འཁོར་གྱི་ཤར་སྒོའི་དབུས་ཀྱི་རྡོ་རྗེ་ལྕགས་ཀྱུ་

དག་ནི་སྔོན་པོ། ཕྱི་དང་ནང་གི་དཀྱིལ་འཁོར་གྱི་ལྷོའི་སྒོའི་རྡོ་རྗེ་ཞགས་པ་ནི་སེར་པོ། ཕྱི་དང་ནང་གི་དཀྱིལ་འཁོར་གྱི་ནུབ་སྒོའི་རྡོ་རྗེ་ལྕགས་སྒྲོག་མ་དག་ནི་དམར་སྐྱ། ཕྱི་དང་ནང་གི་དཀྱིལ་འཁོར་གྱི་བྱང་གི་སྒོའི་དབུས་ཀྱི་རྡོ་རྗེ་འབེབས་པ་དག་ནི་སྣ་ཚོགས་པའི་མདོག་ཅན་བྲི་བར་བྱའོ། །ཤར་

ཕྱོགས་ཀྱི་ཁྱམས་ཀྱི་ནང་དུ་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཉིས་བརྒྱ་བཞི་བཅུ་རྩ་དགུ་པོ་རྡོ་རྗེ་རྩེ་ལྔ་པ་འབར་བ་བསྣམས་པ། ལྷོ་ཕྱོགས་ཀྱི་ཆལ་རྡོ་རྗེ་རིན་པོ་ཆེ་བསྣམས་པ། ནུབ་ཕྱོགས་སུ་རྡོ་རྗེ་པདྨ་བསྣམས་པ། བྱང་ཕྱོགས་སུ་སྣ་ཚོགས་རྡོ་རྗེ་བསྣམས་པ་

ཉིས་བརྒྱ་བཞི་བཅུ་རྩ་དགུ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བྲི་བར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། བསྐལ་པ་བཟང་པོའི་མཐར་ཐུག་པ་དེ་དག་ཐམས་ཅད་གཡོན་བརྐྱང་བའི་རྣམ་པས་གནས་པ། གཡོན་པ་སྙིང་གར་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་མཛད་པ།

གཡས་པས་ཁྲོ་བོའི་ཁུ་ཚུར་གྱིས་རང་གི་མཚན་མ་བསྣམས་ནས་ཚམ་ངམ་མཛད་པའོ། །སྒེག་མོ་ལ་སོགས་པ་གསང་བའི་མཆོད་པའི་ལྷ་མོ་བརྒྱད་ཀྱང་གཡོན་བརྐྱང་བའི་གནས་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་པ་ཡིན་ནོ། །དེ་ལ་བྱམས་པ་ལ་སོགས་

Vol. 57 · folio 258b

པའི་རིག་པ་ནི། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ། མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། དེ་ནས་ཁྱབ་འཇུག་ལ་སོགས་པ་ཆུ་ལྷའི་མཐར་ཐུག་པ་ཆུང་མ་དང་བཅས་པ་ནི་ཉེ་བའི་ཁྱམས་ལ་བཞོན་པ་དང་བཅས་པ། ཕྱག་གཡས་ན་རྡོ་རྗེ་རྩེ་གསུམ་པ་བསྣམས་པ། གཡོན་ན་རང་གི་མཚན་

མ་འཆང་བ་རང་གི་སྙིང་པོའི་རིག་པས་བྲི་བར་བྱའོ། །དེ་ནས་ཤར་ཕྱོགས་སུ་སྒྱུ་མ་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་དང་། ཐུབ་པ་རྡོ་རྗེ་དང་། རྡོ་རྗེ་མཚོན་ཆ་རྣམས་རང་གི་ཆུང་མ་དང་བཅས་པ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་བདུད་རྩི་འཁྱིལ་པ་དང་། རྡོ་རྗེ་འོད་དང་། རྡོ་རྗེ་དབྱིག་དང་། རྡོ་རྗེ་སེར་སྐྱའོ། །ནུབ་

ཕྱོགས་སུ་རྡོ་རྗེ་མྱོས་པ་དང་། རྡོ་རྗེ་ཕྲེང་བ་དང་། རྡོ་རྗེ་དབང་པོ་དང་། རྡོ་རྗེ་རྒྱལ་བར་བྱེད་པ་དང་། རྡོ་རྗེ་གཏུན་ཤིང་དང་། རྡོ་རྗེ་མེ་དང་། རྡོ་རྗེ་ཐོ་བ་དང་། རྡོ་རྗེ་རླུང་དང་། རྡོ་རྗེ་འཇིགས་པའོ། །བྱང་ཕྱོགས་དང་ཉེ་བའི་ཁྱམས་ལ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་དུས་དང་། རྡོ་རྗེ་བགེགས་ཀྱི་གཙོ་བོ་དང་།

ཀླུ་རྡོ་རྗེ་སྟེ། ཆུང་མ་དང་བཅས་པ་བྲི་བར་བྱའོ། །ཉེ་བའི་ཁྱམས་དེའི་མེའི་ཕྱོགས་སུ་ལྷ་མོ་འཇིགས་མ་དང་། བདེན་བྲལ་དུ་ལྷ་མོ་དཔལ་མོ་དང་། རླུང་དུ་དབྱངས་ཅན་མ་དང་། དབང་ལྡན་དུ་དཀའ་བཟློག་མ་བྲི་བར་བྱའོ། །དེ་ལ་ཁྱབ་འཇུག་ལ་སོགས་པ་ནས། དཀའ་བཟློག་མའི་སྙིང་པོའི་སྔགས་ནི་འདི་ཡིན་ཏེ།

ཨོཾ་བཛྲ་ཙཀྲ་ཧཱུཾ། ཨོཾ་བཛྲ་ཧེ་མེ་ཙྪིནྡ་ཙ་ཀྲེ་ཎ་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་གྷནྞེ་ཧཱུཾ། ཨོཾ་བཛྲ་ཀཽ་མཱ་རི་ཤཱི་གྷྲཾ་ཨཱ་བེ་ཤ་ཡ། གྷཎྜ་ཤབྡེ་ན་བཛྲ་པཱ་ཎི་པྲཱི་ཡེ་བཛྲ་ས་མ་ཡ་མ་ནུ་སྨཱ་ར་ར་ཎ་ར་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་དཎྜ་ཀཥྛ་ཧཱུཾ། ཨོཾ་བཛྲ་ཤཱནྟི་ཛ་པ་ཛ་པ་ཨ་ཀྵ་མ་མཱ་ཡ་སརྦྦ་ན་མཱ་ར་ཡ་ཤཱནྟི་དྲྀ་ཤྱ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་ཡུ་

དྷ་ཧཱུཾ་ཕཊ། ཨོཾ་བཛྲ་མུཥྚི་ཧ་ན་ཧ་ན་བཛྲེ་ཎ་བིནྡྷ་བིནྡྷ་པཱི་ཌ་ཡ་པཱི་ཌ་ཡ། སརྦྦ་དུཥྚ་ཧྲྀ་ད་ཡ་ནི། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཕཊ། ཨོཾ་པྲ་ཛྭཱ་ལི་ཏ་དཱིཔྟ་བཛྲ་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་སརྦྦ་དུཥྚན་གྲྀཧྞ་བནྡྷ་ཧ་ན་ད་ཧ་པ་ཙ་བི་དྷྭནྶ་ཡ་བི་ནཱ་ཤ་ཡ་ཙྪིནྡྷ་བྷིནྡ་བྷསྨིཾ་ཀུ་རུ་མུརྡྷ་ནཱཾ་ཏ་ཌ་ཡ་བཛྲེ་ཎ་ཡེ་ཀེ་ཙི་ཏཾ། ཨ་མུ་ཀ་སྱ་བི་གྷྣཱཾ་བི་ནཱ་ཡ་ཀ་སྟྭཾ་དྷ་

མ་ཡ་དཱིབྟ་ཀྲོ་དྷ་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་སཽ་མྱ་ཧཱུཾ་ཕཊ། ཨོཾ་བཛྲ་ཀནྟི་མཱ་ར་ཡ་སཽ་མྱ་དྷཱུ་པེ་པྲ་དཱིཔྟ་རཱ་གེ་ན་ཤཱི་གྷྲཾ་སྥོ་ཊ་ཡ་ཧྲྀ་ད་ཡཾ། བཛྲ་དྷ་ར་ས་ཏྱེ་ན་མ་དྷྱ་ཛྱོད་སྣ་ཀ་རཱ་ལེ་ཤི་ཏ་རཤྨི་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་དཎྜ་ཧཱུཾ་ཕཊ། ཨོཾ་བཛྲ་དཎྜ་ཨགྣི་གྷཱ་ཏ་ན་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཀྲྀ་ཏ་ཧཱུཾ། ཨོཾ་བཛྲ་མེ་ཁ་ལེ་ཁ་ན་ཁ་ན་

Vol. 57 · folio 259a

ཤབྡེ་ན་བ་ཤི་ཀུ་རུ་ཏྲི་ཤཱུ་ལ་མཱ་ར་ཡ་བྷི་ཥ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་མ་དེ་ཧཱུཾ། ཨོཾ་བཛྲ་བི་ལ་ས་ཡེ་ཧཱུཾ། ཙྪིནྡ་ཨཱ་ས་ནི་བྷིནྡ་བཛྲེ་ཎ་མཱ་ར་ཡ་ཨུདྨཱ་ད་ཡ་པི་བ་པི་བ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་ལ་ཧཱུཾ། ཨོཾ་བཛྲ་ཨ་ཤ་ན་བྷཀྵ་ཡ་སརྦ་དུཥྚ་བཛྲ་ད་ཤ་ནི་ཤཀྟྭི་དྷ་ར་ཎི་མ་ནུ་ཥ་མཱནྶ་ཨཱ་ཧ་རེ། ན་ར་རུ་དྷི་ར་ཨ་

ས་བ་པྲི་ཡེ་མཛྫ་བ་ས་ནུ་ལེ་པ་ན་བ་ལི་བཏ་གྷ་ཏེ། ཨཱ་ན་ཡ་སརྦྦ་དྷ་ན་དྷ་ནྱ་ཧི་ར་ཎྱ་སུ་པ་ཨ་དཱི་ནི་སཾ་ཀྲ་མ་ཡ་བ་ར་དེ་བྷཀྵི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་བ་ཤེ་ཨཱ་ན་ཡ་བ་ཤི་ཀུ་རུ་སརྦ་སྟྲི་ཡ་སརྦ་པུ་རུ་ཥཱ་དཱ་སི་ཀུ་རུ་ཀུད་དྷ་མ་པྲ་སཱ་དྷ་ཡ་བྱ་བ་ཧ་རེ་བྷྱོ། པུ་ཏཱ་ཡ་བི་ཛ་ཡཾ་ཀ་རི་བཛྲ་པཱ་ཏ་ཀ་དྷཱ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་

ཨ་ཀ་སི་ཧཱུཾ། ཨོཾ་བཛྲ་བ་ས་ནེ། ཨཱ་ན་ཡ་སརྦྦ་བ་ཏྭཾ། ཨནྣ་པཱ་ནཱ་དཱི་ཏྱུ་པ་ཀ་ར་ཎཱ་ནི་ཤཱི་གྷཾ་བ་ཤི་ཀུརྦན་ཨི་དཾ་མེ་པྲ་ཡཙྪ་ཨཱ་བེ་ཤ་སཏྱཾ་ཀ་ཏ་ཡ་བཛྲ་ཀོ་ཥ་དྷཱ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་མུ་ས་ལ་ཧཱུཾ་ཕཊ། ཨོཾ་བཛྲ་དུཥྚི་ཨཱ་ན་ཡཾ་སརྦྦ་མཎྜ་ལཾ། པྲ་བེ་ཤ་ཡ་བནྡྷ་ཡ་སརྦྦ་ཀརྨྨ་ཎི་མེ་ཀུ་རུ་ཤཱི་གྷྲཾ་ལ་གྷུ་ཏྲཱ་ས་

ཡ་མཱ་ར་ཡ་རཱ་བེ་ཎེ་བཛྲ་ཁ་ཊྭཱཾ་ག་དྷཱ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་བ་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་བེ་ག་བཛྲི་ཎི་གྷུ་གྷུ་གྷུ་གྷུ་ཤབྡེ་ན་མཎྜ་ཡ་བི་ཀ་ར་བི་དྷྭནྶ་ཡ། བཛྲ་པ་ཊ་དྷཱ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཛྭ་ལ་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཡ་སརྦྦ་བཛྲ་ཛྭ་ལ་ཡ་ཧ་ཧ་ད་ཧ་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་གྲ་ཧ་ཧཱུཾ། ཨོཾ་བཛྲ་བི་ཀ་ཌེ་པྲ་བི་ཀ་ཌ་དཾཥྚ་ཀ་རཱ་ལ་བྷི་

ཥ་ཎ་བགྟྲེ་ཤཱི་གྷྲི་གྲྀཧྞ་ཨཱ་བེ་ཤ་ཡ་བྷཀྵ་ཡ། རུ་དྷི་ར་ན་པི་པ་མ་ཧཱ་ཡ་ཀྵི་ཎི་བཛྲ་ཡཀྵ་ཎི་བཛྲ་པ་ཤ་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་དཪྴ་ཧཱུཾ། ཨོཾ་བཛྲ་མུ་ཁི་ཨ་ན་ཡ་བཛྲེ་དཾཥྚྲ་བྷ་ཡ་ནི་ཀེ་པ་ཏ་ལ་བཱ་སི་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦྦ་མུ་ཁེ་པྲ་བེ་ཤ་ཡ་སྥོ་ཊ་ཡ་སྥོ་ཊ་ཡ། མཱ་ར་ཎ་སརྦྦ་དུཥྛ་ནཱཾ། བཛྲི་ནི་སིདྡྷཾ་ཨེ་སིདྡྷཱ་རི་ཎི་

ཧཱུཾ་ཕཊ། ཨོཾ་བཛྲ་མ་ར་ཎ་ཧཱུཾ། ཨོཾ་བཛྲ་ཀཱ་ལི་མ་ཧཱ་པྲེ་ཏ་རཱུ་པི་ནི་མ་ནུ་ཥ་མྭནྶ་རུ་དྷི་ར་པྲཱི་ཡེ་ཨེ་ཧྱི་གྲྀ་ཧྞ་གྲྀ་ཧྞ་བྷ་ཀྵ་ཡ། བཛྲ་ཌཱ་ཀི་ནི་བཛྲ་ཤཾ་ཀ་ལེ། སརྦྦ་དེ་བ་ག་ཎ་མ་ཏྲི་བྷཱུ་ཏེ་ཧ་ར་ཧ་ར་པྲ་ཎན། ཨ་མུ་ཀ་སྱ་ཀ་པཱ་ལ་མཱ་ལཱ་ལཾ་ཀྲྀ་ཏ་སརྦྦ་ཀཱ་ཡེ་ཀིཉྩི་ར་ཡ་ས། བཛྲ་ཁ་ཊྭཱཾ་ག་དྷ་རི་ཎེ་པྲེ་ཏ་མ་ནུ་ཥ་ཤ་ཤྲཱི་རེ་ཤཱི་གྷྲཾ།

ཨཱ་བེ་ཤ་ཡ་པྲ་བེ་ཤ་ཡ་བནྡྷ་ཡ་བ་ཤི་ཀུ་རུ་མཱ་ར་ཡ་བཛྲ་རཀྵ་སི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཧྞ་ཧཱུཾ། ཨོཾ་བཛྲ་པུ་ཏ་ནེ་མ་ནུ་ཥ་མཱནྶ་བ་ས་རུ་དྷི་ར་མུ་ཏྲ་པུ་རིཤ་ཀླེ་ཤྨ་ཤིཾ་གྷྲ་ན། ཀ་རེ་ཏོ་གརྦྦ་ཧ་རེ་ཎྱེ་ཨི་དཾ་ཡ་ཧི་ཤཱི་གྷྲཾ་ཨི་དཾ་ཨ་མུ་ཀ་སྱ་ཀུ་རུ་བཛྲ་ཤོ་དྷ་ནི་ཀཱ་དྷཱ་རི་ཎི་སརྦ་ཀརྨྨ་ནི་སརྦ་ཀརྨྨ་མེ་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་ཧ་ར་

Vol. 57 · folio 259b

ནི་ཧཱུཾ། ཨོཾ་བཛྲ་མ་ཀ་རེ་གྲ་ས་གྲ་ས་ཤཱི་གྷྲཾ་ཤཱི་གྷྲཾ་པྲ་བེ་ཤ་ཡ། བ་ཏ་ལཾ་བྷཀྵ་ཡ་བཛྲ་མ་ཀ་ར་དྷཱ་རི་ཎི་ཧཱུཾ་ཕཊ། ཅེས་བྱ་བས་ཁྱབ་འཇུག་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་པའི་བར་དུ་ཆུང་མ་དང་བཅས་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྙིང་པོ་དང་རིག་པ་རྣམས་སུ་རིག་པར་བྱའོ། །ཨོཾ་སརྦྦ་བཛྲ་ག་མི་ནི་སརྦྦ་

བྷཀྵེ། སཱ་དྷ་གུ་ཧྱ་བཛྲི་ཎི་ཧཱུཾ་ཕཊ། ཅེས་བྱ་བས་འཇིགས་པ་ནས་བརྩམས་ནས་དཀའ་བཟློག་མའི་བར་དུ་རིག་པ་ཡིན་ནོ། །ཡང་ན་དྲག་པོ་ལ་སོགས་པ་གདན་ལས་ལུས་ཕྱེད་ཕྱུང་བ་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་ལྷ་རྣམས་བྲི་བར་བྱའོ། །དེ་སྐད་དུ་ཡང་རྡོ་རྗེ་རྩེ་མོ་ལས་དྲག་པོ་ལ་སོགས་པ་ལྷ་ཆེན་པོ་

རྣམས་ཀྱི་ཤར་ཕྱོགས་སུ་བདུད་རྩི་འཁྱིལ་པ་ལ་སོགས་པའི་ཁྲོ་བོ་རྣམས་དང་། ལྷོའི་ཕྱོགས་སུ་རྡོ་རྗེ་མྱོས་པ་ལ་སོགས་པ་ཚོགས་ཀྱི་བདག་པོ་རྣམས་དང་། རྡོ་རྗེ་ཐོ་བ་ལ་སོགས་པའི་ཕོ་ཉ་རྣམས་ནུབ་ཀྱི་ཕྱོགས་སུ་བྲན་གྱི་ཚོགས་རྣམས་ཁྱམས་ལ་བརྟེན་པ་བྱང་གི་ཕྱོགས་སུ་བྲི་བ་དང་། མ་མོའི་ཚོགས་

ཀྱང་བྲི་བར་བྱའོ་ཞེས་གསུངས་པས་དེ་ལ་ཐེ་ཚོམ་མི་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོ་འདི་ཉིད་ལས་ཀྱང་། བཅོམ་ལྡན་འདས་ཀྱི་རྩེ་མོ་རྡོ་རྗེ་དང་། ནོར་བུ་རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པ་ཐམས་ཅད་དུ་ཡོངས་སུ་བསྐོར་ཏེ་གནས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ལ། ནང་

གི་དཀྱིལ་འཁོར་དུ་གནས་པར་ནི་མ་གསུངས་ཏེ། ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་འཇིག་རྟེན་པའི་ལྷའི་གཟུགས་ཀྱིས་བྲི་བར་བྱའོ། །གདོན་ལ་སོགས་པ་ནི་འདིར་བཤད་པ་མེད་དེ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་གནས་པ་རྣམས་ལ་ཕྱིའི་རྡོ་རྗེའི་རིགས་ཞེས་པའོ། །ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་

སྒྲས་གདོན་ལ་སོགས་པ་གཟུང་བ་ཡིན་ནོ་ཞེས་བརྗོད་པར་ནུས་པ་མ་ཡིན་ཏེ། དེ་རྣམས་ཀྱི་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་དབང་བསྐུར་བ་རྣམས་ཀྱི་དབང་བསྐུར་བའི་ཕྱིར། ཁྲོ་བོའི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་དུས་སུ་ཁ་ཅིག་ནི་བསད་པ་དང་། ཁ་ཅིག་ནི་མ་བསད་པར་སོང་བ་དེའི་ཕྱིར་ཡང་བྲི་བར་

མི་བྱའོ། །དེ་ལ་ཐོག་མར་རེ་ཞིག་དྲག་པོའི་ཤར་གྱི་ཕྱོགས་སུ་གླང་ཁྱུ་མཆོག་ལ་ཞོན་པ། ཕྱག་བཞི་པ་སྐུ་མདོག་དཀར་པོ། ནོར་བུ་རིན་པོ་ཆེའི་ཅོད་པན་དང་། ཟླ་བ་ཕྱེད་པས་དབང་བསྐུར་བ། གཡས་པའི་ཕྱག་གཅིག་གིས་ཨུ་མ་ལ་འཁྱུད་པ། གཉིས་པས་རྡོ་རྗེ་རྩེ་གསུམ་དང་བཅས་པས་མཆོག་

Vol. 57 · folio 260a

སྦྱིན་པ་དང་། གཡོན་པའི་ཕྱག་གཅིག་གིས་མདུང་རྩེ་གསུམ་པ་འཛིན་པ་དང་། གཉིས་པས་རལ་གྲི་འཛིན་པ་སྦྲུལ་གྱི་མཆོད་ཕྱིར་ཐོགས་འཆང་བ། མགྲིན་པ་སྔོ་བ། ཨོཾ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་པྲི་ཡ་སྭཱ་ཧཱ། ཞེས་བྱ་བ་འདི་བྲི་བར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ།

ལག་པ་གཡས་པའི་ཁུ་ཚུར་བཅིངས་ནས། མཐེ་བོས་མཐེའུ་ཆུང་མནན་ཏེ། སོར་མོ་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ། སྲིན་ལག་དང་མཛུབ་མོ་གཉིས་ཅུང་ཟད་ཅིག་བསྐུམས་པ་ནི་ཕྱུགས་བདག་གི་ཕྱག་རྒྱའོ། །ཁྱབ་འཇུག་ནི་ནམ་མཁའ་ལྡིང་ལ་ཆིབས་པ། མདོག་ནག་པོ་ཕྱག་བཞི་པ།

ཕྱག་གཡས་པ་དག་གིས་དབྱུག་ཏོ་དང་རྡོ་རྗེ་འཛིན་པ། གཡོན་པ་དག་གིས་མདུང་དང་འཁོར་ལོ་འཛིན་པའོ། །རྡོ་རྗེ་གསེར་ནི་གསེར་གྱི་མདོག་ཅན། གདན་དང་ཕྱག་མཚན་ནི་ཁྱབ་འཇུག་ཡིན་ནོ། །རྡོ་རྗེ་དྲིལ་བུ་ནི་རྨ་བྱ་ལ་ཞོན་པ། མདོག་དམར་པོ་གདོང་དྲུག་པ། ཕྱག་གཡས་པ་དག་གིས་མདུང་

དང་རྡོ་རྗེ་འཛིན་པ། གཡོན་པ་དག་གིས་ཁྱིམ་བྱ་དང་དྲིལ་བུ་འཛིན་པའོ། །རྡོ་རྗེ་གཞོན་ནུ་མ་ནི་རྡོ་རྗེ་དྲིལ་བུ་བཞིན་དུ་ཤེས་པར་བྱའོ། །ཐུབ་པ་རྡོ་རྗེ་ནི་ངང་པ་ལ་ཞོན་པ། གསེར་གྱི་མདོག་ཅན་གདོང་བཞི་པ། ཕྱག་གཡས་པ་དག་གིས་རྡོ་རྗེ་དང་བགྲང་ཕྲེང་འཛིན་པ། གཡོན་པ་དག་གིས་དབྱུག་

པ་དང་སྤྱི་བླུགས་འཛིན་པའོ། །རྡོ་རྗེ་ཞི་བ་ནི་ཚངས་པ་བཞིན་དུ་བལྟ་བར་བྱའོ། །རྡོ་རྗེ་མཚོན་ཆ་ནི་གླང་པོ་ཆེ་དཀར་པོ་ལ་ཞོན་པ། མདོག་དཀར་སེར་གཡས་པས་འཇིག་རྟེན་ལས་འདས་པའི་རྡོ་རྗེ་དང་། གཡོན་པས་རང་གི་རྡོ་རྗེ་འཛིན་པའོ། །རྡོ་རྗེ་ཁུ་ཚུར་ནི་རྡོ་རྗེ་མཚོན་ཆ་བཞིན་དུ་བལྟ་བར་བྱའོ། །

ཁྲོ་བོ་རྡོ་རྗེ་འཁྱིལ་པ་ནི། མདོག་དམར་པོ་རྟས་དྲངས་པའི་ཤིང་རྟ་ལ་ཞོན་པ། ཕྱག་གཡས་པས་རྡོ་རྗེ་དང་བཅས་པའི་པདྨ་འཛིན་པ། གཡོན་པས་ནི་ཉི་མའི་དཀྱིལ་འཁོར་དང་བཅས་པའི་པདྨ་འཛིན་པའོ། །རྡོ་རྗེ་བདུད་རྩི་མ་ནི་ཁྲོ་བོ་རྡོ་རྗེ་འཁྱིལ་པ་བཞིན་དུའོ། །ཁྲོ་བོ་རྡོ་རྗེ་འོད་ནི། མདོག་

དཀར་པོ་ངང་པ་ལ་ཞོན་པ། ཕྱག་གཡས་པ་ན་རྡོ་རྗེ། གཡོན་པ་ན་ཟླ་བ་དང་བཅས་པའི་པདྨ་འཛིན་པའོ། །རྡོ་རྗེ་མདངས་མ་ནི་ཁྲོ་བོ་རྡོ་རྗེ་འོད་བཞིན་ནོ། །ཁྲོ་བོ་རྡོ་རྗེ་དབྱུག་པ་ནི་རུས་སྦལ་ལ་ཞོན་པ། མདོག་སྔོན་པོ་ཕྱག་གཡས་ན་རྡོ་རྗེ། གཡོན་ན་དབྱིག་པ་འཛིན་པའོ། །རྡོ་རྗེ་དབྱིག་མཆོག་

Vol. 57 · folio 260b

མ་ནི་ཁྲོ་བོ་རྡོ་རྗེ་དབྱིག་པ་དང་མཐུན་པའོ། །ཁྲོ་བོ་རྡོ་རྗེ་སེར་སྐྱ་ནི་ར་ལ་ཞོན་པ། མདོག་དམར་པོ་ཕྱག་གཡས་ན་རྡོ་རྗེ་བསྣམས་པ། གཡོན་ན་མི་མགོ་བཟུང་ནས་ཟ་ཞིང་གནས་པའོ། །རྡོ་རྗེ་རྐེད་བཅིངས་མ་ནི་ཁྲོ་བོ་རྡོ་རྗེ་སེར་སྐྱ་དང་མཚུངས་སོ། །ཚོགས་ཀྱི་བདག་པོ་རྡོ་རྗེ་མྱོས་མ་ནི་མདོག་

དཀར་པོ་གླང་པོ་ལ་ཞོན་པ། ཕྱག་གཡས་པ་ན་རྡོ་རྗེ་བསྣམས་པ། གཡོན་ན་ཐོང་གཤོལ་བསྣམས་ཤིང་བཞུགས་པའོ། །རྡོ་རྗེ་འཛུམ་མ་ནི་རྡོ་རྗེ་མྱོས་མ་དང་མཚུངས་པ་ལས། ཁྱད་པར་ནི་འདི་ཡོད་དེ་གཡོན་ན་རལ་གྲི་འཛིན་པའོ། །ཚོགས་ཀྱི་བདག་པོ་རྡོ་རྗེ་ཕྲེང་བ་ནི། མདོག་སྔོ་

བསངས་ཁུ་བྱུག་ལ་ཞོན་པ། ཕྱག་གཡས་ན་རྡོ་རྗེ། གཡོན་ན་མེ་ཏོག་གི་ཕྲེང་བ་འཛིན་པའོ། །རྡོ་རྗེ་ཟབ་མོ་ནི་རྡོ་རྗེ་ཕྲེང་བ་དང་མཚུངས་པ་ལས་ཁྱད་པར་ནི་འདི་ཡོད་དེ་གཡོན་ན་མདུང་རྩེ་གཅིག་པ་ཐོགས་པའོ། །རྡོ་རྗེ་དབང་ནི་མདོག་སེར་སྐྱ་རྟས་དྲངས་པའི་ཤིང་རྟ་ལ་ཞོན་པ། ཕྱག་

གཡས་ན་རྡོ་རྗེ། གཡོན་ན་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པའོ། །རྡོ་རྗེ་བགོ་བ་མ་ནི་རྡོ་རྗེ་དབང་པོ་དང་མཚུངས་པ་ལས་ཁྱད་པར་ནི་འདི་ཡོད་དེ། འདི་ལྟར་མདོག་དམར་པོ་ཡིན་ནོ། །ཚོགས་ཀྱི་བདག་པོ་རྒྱལ་བའི་རྡོ་རྗེ་ནི་མདོག་དཀར་པོ་སྦལ་པ་ལ་ཞོན་པ། གཡས་ན་རྡོ་རྗེ་

གཡོན་ན་རལ་གྲི་འཛིན་པའོ། །རྡོ་རྗེ་དབང་མོ་ནི་རྒྱལ་བའི་རྡོ་རྗེ་དང་མཚུངས་པའོ། །ཕོ་ཉ་རྡོ་རྗེ་ཐོ་བ་ནི། མདོག་སེར་སྐྱ་མེ་ཏོག་ཅན་གྱི་ཁྱོགས་ལ་ཞོན་པ། ཕྱག་གཡས་ན་རྡོ་རྗེ་འཛིན་པ། གཡོན་ན་གཏུན་ཤིང་འཛིན་པའོ། །རྡོ་རྗེ་ཕོ་ཉ་མ་ནི་རྡོ་རྗེ་གཏུན་ཤིང་དང་མཚུངས་པ་ལས།

ཁྱད་པར་ནི་འདི་ཡོད་དོ། འདི་ལྟར་ལག་པ་གཡོན་པ་ན་ཁ་ཊྭཱཾ་ག་འཛིན་པའོ། །ཕོ་ཉ་རྡོ་རྗེ་རླུང་ནི་མདོག་སྔོན་པོ་རི་དགས་ལ་ཞོན་པ། ལག་པ་གཡས་ན་རྡོ་རྗེ། ལག་པ་གཡོན་ན་བ་དན་བསྣམས་པའོ། །རྡོ་རྗེ་མགྱོགས་མ་ནི་ཕོ་ཉ་རྡོ་རྗེ་རླུང་དང་མཚུངས་པའོ། །ཕོ་ཉ་རྡོ་རྗེ་མེ་ནི་མདོག་དཀར་

པོ་ར་སྐྱེས་ལ་ཞོན་པ། འོད་ཟེར་གྱེན་དུ་འབར་བའི་རྩེ་མོ་གསུམ་པ། ལག་པ་གཡས་པ་དག་ན་རྡོ་རྗེ་དང་དགང་གཟར་བསྣམས་པ། གཡོན་པ་གཉིས་ན་ཤིང་གི་དབྱིག་པ་དང་རིལ་བ་སྤྱི་བླུགས་བསྣམས་པའོ། །རྡོ་རྗེ་འབར་བ་མོ་ནི་ཕོ་ཉ་རྡོ་རྗེ་མེ་དང་མཚུངས་པའོ། །ཕོ་ཉ་རྡོ་རྗེ་འཇིགས་

Vol. 57 · folio 261a

པ་ནི་མདོག་སྔོན་པོ་རོ་ལངས་ལ་ཞོན་པ། ཕྱག་གཡས་པ་ན་རྡོ་རྗེ། གཡོན་པ་ན་བེ་ཅོན་བསྣམས་པའོ། །རྡོ་རྗེ་འཁྱོར་མ་ནི་ཕོ་ཉ་རྡོ་རྗེ་འཇིགས་པ་དང་མཚུངས་པ་ལས་ཁྱད་པར་ནི་འདི་ཡོད་དེ། ཕྱག་གཡོན་ན་ཞགས་པ་འཛིན་པའོ། །བྲན་རྡོ་རྗེ་ལྕགས་ཀྱུ་ནི་མདོག་སྔོན་པོ།

ཀླུའི་རྒྱལ་པོ་ཤེ་ཤ་ལ་ཞོན་པ། ཕག་གི་གདོང་ཅན་ཕྱག་གཡས་ན་རྡོ་རྗེ། གཡོན་ན་རྡོ་རྗེ་ལྕགས་ཀྱུ་བསྣམས་པའོ། །བྲན་མོ་རྡོ་རྗེ་ཁ་ནི་མདོག་སྔོན་པོ་སྐྱེས་པ་ལ་ཞོན་པ། ཕག་གི་གདོང་ཅན་ཕྱག་གཡས་ན་རྡོ་རྗེ་གཡོན་ན་རལ་གྲི་འཛིན་པའོ། །བྲན་རྡོ་རྗེ་དུས་ནི་མདོག་སྔོན་པོ་མ་ཧེ་ལ་ཞོན་པ།

ཕྱག་གཡས་ན་རྡོ་རྗེ་གཡོན་ན་གཤིན་རྗེའི་དབྱུག་པ་བསྣམས་པའོ། །བྲན་མོ་རྡོ་རྗེ་དུས་ནི་མདོག་ནག་པོ་རོ་ལངས་ལ་ཞོན་པ། ཕྱག་གཡས་ན་རྡོ་རྗེ་གཡོན་ན་ཁ་ཊྭཱཾ་ག་བསྣམས་པའོ། །བྲན་རྡོ་རྗེ་བགེགས་ཀྱི་གཙོ་བོ་ནི་མདོག་སེར་སྐྱ་བྱི་བ་ལ་ཞོན་པ། ཕྱག་གཡས་དག་ན་རྡོ་རྗེ་དང་དགྲ་སྟ། ཕྱག་

གཡོན་པ་དག་ན་རྩེ་གསུམ་པ་དང་གླང་པོ་ཆེའི་མཆེ་བ་བསྣམས་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་འཆང་བའོ། །བྲན་མོ་རྡོ་རྗེ་རུལ་པ་མ་ནི་མདོག་སྔོན་པོ། ཕྱག་གཡས་ན་རྡོ་རྗེ། གཡོན་ན་ཕྱགས་ཤིང་བསྣམས་པ་བྱི་བ་ལ་ཞོན་པའོ། །བྲན་ཀླུ་རྡོ་རྗེ་ནི་མདོག་སེར་སྐྱ། རྡོ་རྗེ་ཆུ་སྲིན་ལ་ཞོན་པ།

སྦྲུལ་མགོའི་གདེངས་ཀ་བརྒྱད་དང་ལྡན་པ། ཕྱག་གཡས་ན་རྡོ་རྗེ། གཡོན་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །བྲན་མོ་རྡོ་རྗེ་ཆུ་སྲིན་མ་ནི་མདོག་དཀར་པོ་ཆུ་སྲིན་ལ་ཞོན་པ། གདེངས་ཀ་བརྒྱད་པ་ཕྱག་གཡས་ན་རྡོ་རྗེ། ཕྱག་གཡོན་ན་ཆུ་སྲིན་གྱི་རྒྱལ་མཚན་རྡོ་རྗེས་མཚན་པ་བསྣམས་པའོ། །

འཇིགས་མ་ནི་མདོག་སྔོ་བསངས་ཕྱག་གཡས་ན་རྡོ་རྗེ། གཡོན་ན་རལ་གྲི་དང་ཕུབ་བསྣམས་པའོ། །དཔལ་མོ་ནི་མདོག་སེར་སྐྱ། ཕྱག་གཡས་ན་རྡོ་རྗེ་གཡོན་ན་པདྨ་བསྣམས་པའོ། །དབྱངས་ཅན་མ་ནི་མདོག་དཀར་མོ། ཕྱག་གཡས་ན་རྡོ་རྗེ། ཕྱག་གཡོན་ན་པི་ཝང་བསྣམས་པའོ། །

དཀའ་བཟློག་མ་ནི་མདོག་སྔོ་བསངས་སེང་གེ་ལ་ཞོན་པ། ཕྱག་གཡས་ན་རྡོ་རྗེ་དང་འཁོར་ལོ་བསྣམས་པ། ཕྱག་གཡོན་པ་དག་ན་ལྡེན་མེན་ཏི་སྱ་དང་མདུང་བསྣམས་པའོ། །དྲག་པོ་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པ་དང་། མ་མོ་ཐམས་ཅད་ཀྱི་ལག་པ་གཡས་ཀྱི་རྡོ་རྗེ་བཤད་པ་ནི།

Vol. 57 · folio 261b

རྡོ་རྗེ་རྩེ་གསུམ་པར་བལྟ་བར་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱང་རྣམ་པར་སྣང་མཛད་ལ་མདུན་བལྟས་པ་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ་བྲིས་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཡིན་ནོ་ཞེས་བྱ་

བ་ལས། དེ་ལ་ཁྲོ་བོ་ཏི་རཱིནྟི་རིས་འདིར་འཇུག་པ་ཡིན་ཏེ། དེས་དང་པོ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་སུ་འཇུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནས། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་ཆོ་ག་རྒྱས་པའི་བར་དུ་ནི་འཇུག་པའི་ཆོ་ག་རྒྱས་པའོ། །འཇུག་པ་དང་པོར་བྱས་

པ་གང་ལ་ཡོད་པ་ནི་འཇུག་པའི་ཆོ་ག་རྒྱས་པའོ། །དེ་ལ་རྡོ་རྗེ་སློབ་དཔོན་བདག་ཉིད་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ་བཞུགས་ཤིག་ཅེས་བྱ་བ་ནི། དེ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྡོ་རྗེ་ཁྲོ་བོ་དེ་དག་ཕན་ཚུན་མཐའ་མེད་པར་གྱུར་པ་ནི་ཏི་རཱིནྟི་རིའོ། །དེ་མཚོན་པའི་ཕྱག་རྒྱ་ལ་ནི་ཏི་རཱིནྟི་རི་ཞེས་གདགས་ཏེ།

རྡོ་རྗེའི་རིགས་ཐམས་ཅད་བསྡུས་པའི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཕྱག་རྒྱ་འདིས་འདིར་འཇུག་པ་དང་། རྡོ་རྗེའི་རིགས་སུ་ལྷ་ཐམས་ཅད་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་མོས་པ་དང་། དེའི་རང་བཞིན་དུ་རྟོགས་ནས་མོས་པ་སྤྱོད་པའི་ས་ནས་བཟུང་སྟེ། རྣམ་པར་སྣང་མཛད་ཆེན་

པོའི་རང་བཞིན་རྟོགས་པ་ནི། གསང་བའི་འཇུག་པའོ། །ཕྱག་རྒྱ་བཅིངས་ནས་སྔགས་བརྗོད་ཅིང་གང་གི་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ནི་ཕྱིའི་འཇུག་པའོ། །འཇུག་པ་དེ་དག་གིས་ཞུགས་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་སློབ་དཔོན་དུ་གྱུར་པ་དེས་ཐམས་ཅད་བྱ་བ་ཡིན་པར་བལྟ་བར་བྱའོ། །

དེ་ལྟར་འཇུག་པ་དེ་དག་གིས་ཞུགས་ནས་ཅི་ཞིག་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་གསོལ་བ་གདབ་ཅེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་དབང་དུ་མཆིས་ཏེ་ཞེས་བྱ་བ་ནི་ཁྲོ་བོའི་སྙོམས་པར་འཇུག་

པའི་གནས་ཞེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་བྱེད་པ་ཡིན་ཞེ་ན། ཚར་གཅད་པར་རིགས་པ་རྣམས་ནི་ཚར་གཅོད་དོ་ཞེས་བྱ་བ་སྨོས་ཏེ། གདུག་ཅིང་མ་རུངས་པ་ཚར་གཅད་པར་འོས་པ་རྣམས་ཚར་གཅོད་པ། གང་ཆོས་དང་མཐུན་པར་རྗེས་སུ་གཟུང་བའི་རིགས་པ་རྣམས་ནི་བསྡུ་བའི་དངོས་པོ་

Vol. 57 · folio 262a

བཞིས་རྗེས་སུ་གཟུང་བའོ། །དེ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་དུ་གསོལ་ཞེས་བྱ་བ་ནི་རྒྱུ་མཚན་དེས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདག་ལ་ཇི་ལྟར་བསྒྲུབ་པར་བགྱི། བཀའ་སྩལ་དུ་གསོལ། གདུག་པ་རྣམས་

གང་གིས་ཚར་གཅད་པར་བགྱི། ཆོས་དང་མཐུན་པ་རྣམས་ཐབས་གང་གིས་རྗེས་སུ་གཟུང་བར་བགྱི་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི། དེ་སྐད་དུ་གསོལ་བ་འདེབས་པར་བྱེད་པའོ། །ཁྲོ་བོ་རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱ་སྙིང་གར་ཇི་ལྟ་བ་བཞིན་དུ་བཞག་སྟེ་ཞེས་བྱ་བ་ནི་དབབ་པ་བདག་ཉིད་ལ་དབབ་

པ་བྱས་ནས། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས། ཕྱག་རྒྱ་རང་གི་སྙིང་གར་དགྲོལ་བས་དབབ་པ་ཉེ་བར་བསྡུ་བ་བྱའོ། །ལྕགས་ཀྱུ་ལ་སོགས་པས་ལས་བྱས་ནས་ཞེས་བྱ་བ་ནི། བསྡུ་བ་བྱས་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དོ། །རྡོ་རྗེ་ལྕགས་ཀྱུ་ལས་ཀྱི་ཕྱག་རྒྱས་སྒོ་དང་ཉེ་བར་

བཞག་ལ། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱས་སྒོར་གནས་པ་རབ་ཏུ་བཅུག་ནས་རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱས་བཅིངས་ཏེ། ཁྲོ་བོ་ཆེན་པོ་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱས་དབང་དུ་བྱས་ནས། ཡང་དམ་ཚིག་གི་ཕྱག་རྒྱས་ཐམས་ཅད་ཆིངས་ཤིག་དང་ཞེས་བྱ་བ་ནི། དམ་ཚིག་གི་ཕྱག་

རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་རྣམས་རྣམ་པར་སྣང་མཛད་ནས་བརྩམས་ནས། ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་བར་དུ་བཅིང་བར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ཕྱག་རྒྱ་རྣམ་པ་བཞི་ཇི་ལྟར་ཡིན་པར་ཤེས་ཤེ་ན། དེ་སྐད་དུ་ཡང་རྒྱུད་ཕྱི་མ་ལས་བསྟན་ཏེ།

དམ་ཚིག་ཕྱག་རྒྱ་མཆོག་བཅིངས་པས། །ལས་རྣམས་ཐམས་ཅད་སྒྲུབ་པ་པོ། །ཞེས་བྱ་བ་དེ་ཉིད་བཤད་པ་ཡིན་ནོ། །དེ་ནས་ཡང་གསང་བའི་མཆོད་པ་བཞི་བྱས་ནས། བདུག་པ་ལ་སོགས་པའང་དེ་བཞིན་ནོ། །དེ་ནས་ཆོ་ག་འདིས་རྡོ་རྗེ་སློབ་མ་ཆུག་ཅིག་ཅེས་བྱ་བ་ནི་སློབ་མ་རྡོ་རྗེ་ཧཱུཾ་མཛད་དུ་

བྱས་ནས། ཆོ་ག་འདིས་རྡོ་རྗེ་སློབ་མ་གཞུག་པར་བྱ་སྟེ། འཆད་པར་འགྱུར་བའི་ཆོ་གས་སངས་རྒྱས་སུ་བྱེད་པས་སོ། །རང་གིས་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་བདག་ཉིད་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། སྔགས་བརྗོད་ནས། སློབ་མ་ཡང་སྙིང་པོ་འདི་དང་འཆིང་དུ་ཆུག་ཅིག་ཅེས་བྱ་

Vol. 57 · folio 262b

བ་ནི་གོ་སླའོ། །རྡོ་རྗེ་དབབ་པ་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱས་སློབ་མ་ལ་དབབ་པ་བཞིན་དུ་བྱའོ། །དེ་ནས་མནའི་སྙིང་པོ་བྱིན་ཅིག་ཅེས་བྱ་བ་ནི། འཇུག་པ་བྱས་པའི་དེ་མ་ཐག་པ་ཉིད་དུ་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཞེས་བྱ་བ་ནས། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་གདོང་གཡོགས་བཅིངས་པ་བཀྲོལ་ཏེ་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་

སྟོན་ཅིང་ཞེས་བྱ་བ་ནི། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དབབ་པ་ཉེ་བར་བསྡུ་བ་དང་། པྲ་ཏཱིཙྪ་བཛྲ་ཧོ་ཞེས་བྱ་བས་མེ་ཏོག་དོར་བ་དང་། ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཱཾ་སཏྭཾ་མ་ཧཱ་བ་ལ་ཞེས་བྱ་བས་མེ་ཏོག་གི་ཕྲེང་བ་བཅིང་བ་དང་། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་

མཛད། །རྡོ་རྗེ་མིག་ནི་བླ་ན་མེད། །དེ་རིང་ཉིད་དུ་འབྱེད་པར་བྱེད། །ཅེས་བྱ་བས་གདོང་གཡོགས་བཅིངས་པ་དགྲོལ་བར་བྱ་བ་དང་། རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ནས། རྣམ་པར་སྣང་མཛད་ཀྱི་མཐར་ཐུག་གི་བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྟན་པའོ། །དེས་དཀྱིལ་འཁོར་

མཐོང་བས་ཅིར་འགྱུར་ཞེ་ན། སྡིག་པ་ཐམས་ཅད་ལས་དགྲོལ་བར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི། དཀྱིལ་འཁོར་མཐོང་བའི་སྟོབས་ཀྱིས་སེམས་ཕུལ་དུ་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་

གྱིས་བརླབས་པའི་མཐུས་ཕུལ་དུ་བྱུང་བའི་ཡེ་ཤེས་སྐྱེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་དེ་ལ་རྡོ་རྗེའི་དབང་བསྐུར་ཏེ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་གཟུགས་སུ་དེ་བྱིན་གྱིས་བརླབས་ནས། ཆུའི་དབང་བསྐུར་བས་དབང་བསྐུར་བ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་

རྒྱས་སངས་རྒྱས་ཀྱི་དབང་བསྐུར་བ་དང་། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། ཨ་བྷི་ཥིཉྩཱ་མི་ཞེས་བྱ་བ་དང་། རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱ་དང་ལྡན་པས། རྡོ་རྗེ་ཕྲེང་བའི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །རང་གི་མཚན་མའི་རྡོ་རྗེ་རྣོན་པོ་ཞེས་བྱ་བ་ནི། ལྕགས་སམ་ཟངས་ལས་བྱས་པའི་རྡོ་རྗེ་རྩེ་ལྔ་

Vol. 57 · folio 263a

པ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་འབར་བའི་རྡོ་རྗེ་རྣོན་པོ་དེ་ནི་རྡོ་རྗེ་རིགས་ཀྱི་རང་གི་མཚན་མ་དེ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་དུ་བཤད་དོ། །ཇི་སྐད་དུ་བཤད་པའི་ཆོ་གས་ཉི་མ་འཆར་ཀར་དཀྱིལ་འཁོར་ཐིག་བཏབ་ལ། མིག་གཡས་པ་དང་གཡོན་པར་ཡི་གེ་ཧི་ལས་ཉི་མ་དང་

ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་ནས་བལྟས་ཏེ་སྒོ་རྣམས་དབྱེ་བར་བྱའོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བས། འདིའི་ཕྱག་རྒྱ་དང་བཅས་པས། ཚོན་སྣ་ལྔ་ལ་ལན་བདུན་གྱི་བར་དུ་བཟླས་ལ། ཡི་གེ་ཧིས་སྦར་བར་བྱའོ། །ཡང་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་། རྡོ་རྗེ་

དྲིལ་བུ་བཟུང་བའི་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ། གཡས་ཕྱོགས་ནས་བྲི་བ་དང་། ཕྱི་ནས་ནི་ཅི་བདེ་བར་བྱའོ། །རིམ་པ་ནི་འདི་ཡིན་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ཐམས་ཅད་ཀྱི་ནང་དུ་དཀར་པོར་བྱའོ། །བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱི་ས་གཞི་ནི་ཁ་དོག་དཀར་པོ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཁ་དོག་སྔོན་པོ། རིན་ཆེན་འབྱུང་ལྡན་གྱི་ཁ་དོག་སེར་པོ། ཆོས་ཀྱི་ཧཱུཾ་མཛད་ཀྱི་ཁ་དོག་དམར་པོ། ལས་ཀྱི་ཧཱུཾ་མཛད་ཀྱི་ཁ་དོག་ལྗང་གུའོ། །དེ་སྐད་དུ་ཡང་། ཤར་ཕྱོགས་སུ་ནི་སྔོན་པོ་ཆེ། །ལྷོར་ནི་སེར་པོ་དང་

ལྡན་པ། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་ལྗང་གུ་དང་ལྡན་པ། །དབུས་ཀྱི་ཆ་ཡི་ས་ཉིད་ནི། །ཤེལ་ལྟར་སྣང་བ་བླ་ན་མེད། །ཅེས་གསུངས་སོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཟླུམ་པོ་རྡོ་རྗེའི་ཕྲེང་བས་བསྐོར་བ་བྱས་ལ། དེ་ལ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་

མ་དང་། རིན་ཆེན་མ་དང་། ཆོས་མ་དང་། རྡོ་རྗེ་ལས་མ་རྣམས་ཀྱི་གདན་རྣམས་ཀྱང་བྲི་བར་བྱའོ། །དེ་ལྟར་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཟླུམ་པོར་བྱས་ལ། དེ་ལ་རྡོ་རྗེ་ཧཱུཾ་མཛད་དང་། རྡོ་རྗེ་སེམས་མ་དང་། རྒྱལ་པོ་དང་། ཆགས་པ་དང་། ཁྲོ་བོ་ལེགས་པ་རྣམས་ཀྱི་གདན་ཡང་བྲི་བར་

བྱའོ། །དེ་བཞིན་དུ་རིན་ཆེན་ཧཱུཾ་མཛད་དང་། ཆོས་ཀྱི་ཧཱུཾ་མཛད་དང་། ལས་ཀྱི་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཟླུམ་པོར་བྱས་ལ། དེ་རྣམས་ལ་གདན་ལྔ་ལྔ་བྲི་བར་བྱའོ། །སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་ཀྱི་གནས་རྣམས་སུ་ཟླུམ་པོར་བྱས་ལ། ཟླ་བའི་དཀྱིལ་འཁོར་ལྔ་ལྔ་བྱས་ལ།

Vol. 57 · folio 263b

ལྷག་མ་རྣམས་ནི་ཟླ་བའི་དཀྱིལ་འཁོར་རེ་རེ་བྲི་བར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་གདན་དེ་རྣམས་ལ་བཀོད་ལ། སྒེག་མོ་ལ་དེ་ལས་གཞན་ཡང་ཁར་དཀྲོལ་བརྡུང་བའི་ལྷ་མོ་བཞིས་བསྐོར་བ་དང་། གླུ་མ་དེ་ལས་གཞན་པའི་གླིང་བུ་མ་བཞི་དང་། ཕྲེང་བ་མ་ལ་རང་

གི་གནས་སུ་དེ་ལས་གཞན་པ་རྔ་ཟླུམ་བརྡུང་བ་བཞི་དང་། གར་མ་ལ་དེ་ལས་གཞན་པའི་རྔ་རྐེད་ཉག་བརྡུང་བ་བཞི་དང་། བདུག་པ་མ་ལ་དེ་ལས་གཞན་པའི་ཟངས་དུང་འབུད་པ་བཞི་དང་། མེ་ཏོག་མ་ལ་དེ་ལས་གཞན་པ་རྔ་བོ་ཆེ་བརྡུང་བ་བཞི་དང་། མར་མེ་མ་ལ་དེ་ལས་གཞན་པ་རྔ་དྲ་བ་

ཅན་བརྡུང་བ་བཞི་དང་། བྱུག་པ་མ་ལ་དེ་ལས་གཞན་པ་རྔ་འདའ་ཀ་བརྡུང་བའི་ལྷ་མོ་བཞིས་བསྐོར་བ་བྱ་སྟེ། འཁོར་རྣམས་ཀྱང་རང་རང་གི་གནས་སུ་བྲི་བར་བྱའོ། །དེ་ནས་བརྡུང་བའི་སྙིང་པོ་ནི་འདི་ཡིན་ཏེ། བཛྲ་ཧཱུཾ་ཧ་ཁར་དཀྲོལ་གྱི་སྙིང་པོའོ། །བཛྲ་གྷུ་གྷུ་རྔ་ཟླུམ་གྱི་སྙིང་

པོའོ། །བཛྲ་ཧཱུཾ་ཨོཾ་གླིང་བུ་འབུད་པའིའོ། །བཛྲ་ཧཱུཾ་སྟཾ་རྔ་རྐེད་ཉག་བརྡུང་བའིའོ། །བཛྲ་ཏི་ཏི་ཟངས་དུང་འབུད་པའིའོ། །བཛྲ་ཊ་ཊ་ཏ་རྔ་བོ་ཆེ་བརྡུང་པའི་འོ། །བཛྲ་ཧ་དུ་ཧ་རྔ་དྲ་བ་ཅན་བརྡུང་བའི་འོ། །བཛྲ་ཧ་དུ་རྔ་འདའ་ཀ་བརྡུང་བའི་སྟེ་ལྷག་མ་ནི་བཤད་ཟིན་ཏོ། །དེ་ལྟར་རྟེན་དང་བརྟེན་

པའི་དཀྱིལ་འཁོར་བྲིས་ནས། དགོངས་ཀའི་དུས་སུ་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་རྡོ་རྗེ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ། རྡོ་རྗེ་ཤུགས་ཀྱི་ཧཱུཾ་བཞི་བརྗོད་ཅིང་དཀྱིལ་འཁོར་དུ་ཞུགས་ལ་ལན་བདུན་བར་དུ་བསྐོར་བ་བྱས་ཏེ། ལྷག་

མ་དོར་བ་དང་མ་ཚང་བ་བསྐང་བའི་ཕྱིར། རྡོ་རྗེ་དང་དྲིལ་བུ་དཀྲོལ་ཞིང་བལྟ་བར་བྱའོ། །དེ་ནས་ཕྲེང་བ་དེ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་ཕུལ་ཏེ། གར་བྱ་ཞིང་བླངས་ལ་ཡི་གེ་ཧཱུཾ་བཞིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འཇུག་སྟེ། རྣལ་འབྱོར་པས་

ལེགས་པར་མཉམ་པར་བྱས་ནས། ཨོཾ་བཛྲོདྡྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་འདི་དང་ཕྱག་རྒྱ་དང་ལྡན་པས་དཀྱིལ་འཁོར་ཐམས་ཅད་ཀྱི་སྒོ་རྣམས་དབྱེ་བར་བྱའོ། །དེ་ནས་རིན་པོ་ཆེའམ། ཡང་ན་ས་ལས་བྱས་པའི་བུམ་པ་རྩ་བ་མི་གནག་པ། མགྲིན་པ་རིང་བ། མཆུ་

Vol. 57 · folio 264a

འཕྱང་བ། གསུས་པ་ཆེ་བ། ཁ་གྱེད་པ། རིན་པོ་ཆེ་དང་། སྨན་དང་། འབྲུ་ཐམས་ཅད་ཀྱིས་ཡོངས་སུ་བཀང་བ་འབྲས་བུ་དང་བཅས་པའི་ལྡུམ་བུས་ཁ་བརྒྱན་པ། མགྲིན་པ་རས་བཟང་པོས་བཅིངས་པ། ཁྲོ་བོ་རྡོ་རྗེ་སྲུང་བ་བཟླས་པའི་སྐུད་པ་བཏགས་པས་བསྲུང་བ།

ཕྱི་རོལ་ཀུན་ནས་དྲི་ཞིམ་པོས་ཉེ་བར་བྱུགས་པ། མེ་ཏོག་གི་ཕྲེང་བ་བཏགས་པ། རྡོ་རྗེ་ཕྲེང་བ་རྩེ་ལྔ་པ་འབར་བའི་སྟེང་དུ་བཞག་ནས་བྱིན་གྱིས་བརླབས་པ། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལན་བརྒྱ་བཟླས་པའི་མཆོད་ཡོན་ཕུལ་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས། རྡོ་རྗེ་ཁྲོ་བོ་

དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ལྕུག་མ་ལ་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། དེ་ཉིད་ལ་རྡོ་རྗེ་མེ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱིས་དེ་བཞིན་དུ་མཆོད་ཡོན་ཕུལ་ནས། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་མེ་ཏོག་གི་ལྕུག་མ་བཟུང་ལ་བཟླས་པ་བྱའོ། །དེ་ནས་ཁྲོ་བོ་ཏི་རཱིནྟི་རིའི་

ཕྱག་རྒྱས་མེ་ཏོག་གི་ལྕུག་མ་བཟུང་ལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཞེས་བྱ་བའི་སྔགས་སྟོང་རྩ་བརྒྱད་བཟླས་པ་སླར་ཡང་། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི། དྲྀ་ཌྷོ་མེ་བྷ་བ་ཛཿཧཱུཾ་བཾ་ཧོཿཕཊ། ཅེས་བྱ་བའི་སྔགས་སྟོང་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་བུམ་པ་དེ་བཅོམ་ལྡན་འདས་

རྡོ་རྗེ་ཧཱུཾ་མཛད་ཀྱི་སྤྱན་སྔར་གཞག་པར་བྱ་ཞིང་བུམ་པ་གཉིས་པ་ལ་ཡི་གེ་ཧཱུཾ་བཞིའི་སྔགས་བཟླ་ཞིང་འཇུག་པའི་སྒོར་མངོན་པར་ཕྱོགས་པར་བཞག་སྟེ། དཀྱིལ་འཁོར་དུ་འཇུག་པའི་དུས་སུ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། བདག་དང་སློབ་མ་དེས་དབང་བསྐུར་བར་བྱའོ། །

ཁྲོ་བོ་རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བ་བྱས་ལ། དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པའི་བུམ་པ་དབུལ་ཞིང་བུམ་པ་གང་བ་ཡང་རང་གི་རིག་པས་དབུལ་བར་བྱའོ། །དེ་ནས་མེ་ཏོག་གི་ཤིང་

བརྒྱའམ། མ་རྙེད་ན་རྣམ་པ་བཞི་དབུལ་བར་བྱ་ཞིང་། མཆོད་པ་རྣམ་པ་ལྔ་དང་། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ཅིང་། མཆོད་པ་རྣམ་པ་བརྒྱད་ཀྱིས་ཡང་མཆོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་མཆོད་ནས་གོས་སྔོན་པོ་ལ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་གསུམ་

Vol. 57 · folio 264b

བཟླས་པའི་བདག་ཉིད་ལ་སྟོད་གཡོགས་དང་སྨད་གཡོགས་བྱས་ཏེ། གཙུག་ཏོར་དང་གདོང་གཡོགས་བཅིངས་ལ། སྔགས་དེ་ཉིད་དང་སྒོ་རྣམ་པ་བཞིའི་སྔགས་ཡོངས་སུ་བཟླས་པས་གདོང་གཡོགས་བཅིངས་ལ། ཕྱག་བཞི་སྔོན་དུ་འགྲོ་བས་སྡིག་པ་བཤགས་པ་ལ་སོགས་

པའི་ཆོ་ག་རྗེས་སུ་སྤྱད་ནས་སྡོམ་པ་གཟུང་བར་བྱའོ། །དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་བ་བྱས་ཏེ། བདག་ཉིད་ལ་མཆོད་པ་བྱའོ། །ལག་ན་མེ་ཏོག་ཐོགས་པ་དང་། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། སྒོ་བཞི་ལས་ཞུགས་ནས། དེ་ཉིད་

ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ། དེ་ནས་བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་དབང་དུ་མཆིས་ཏེ། ཚར་གཅད་པར་རིགས་པ་རྣམས་ནི་ཚར་གཅད་དོ། །རྗེས་སུ་གཟུང་བར་རིགས་པ་རྣམས་ནི་རྗེས་སུ་བཟུང་ནས་དེ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་

ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་དུ་གསོལ་ཞེས་བརྗོད་དོ། །དེ་ནས་རྡོ་རྗེའི་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པར་བྱ་སྟེ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་གཡས་པའི་རྡོ་རྗེ་སེམས་མ་དྲལ་ཞིང་ཡི་གེ་ཨཿཞེས་བརྗོད་དོ། །དེ་ནས་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོར་དོར་ལ། དེ་ནས་ཕྲེང་བ་དེ་

བླངས་ཏེ་རང་གི་སྤྱི་བོར་བཅིང་བར་བྱ་སྟེ། དེ་ནས་གདོང་གཡོགས་བཀྲོལ་ལ། སྔ་མ་བཞིན་དུ་དཀྱིལ་འཁོར་བལྟས་ཏེ། དབབ་པ་ཉེ་བར་བསྡུ་བ་བྱས་ནས། ཆུའི་དབང་བསྐུར་བ་དང་། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱའི་དབང་བསྐུར་བ་དང་། རྡོ་རྗེ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱའི་དབང་བསྐུར་བ་དང་།

ཡང་དར་དཔྱངས་ཀྱི་དབང་བསྐུར་བ་དང་། དེ་བཞིན་གཤེགས་པ་ལྔ་དང་། རྡོ་རྗེ་ཅོད་པན་དང་། རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བའང་བླང་བར་བྱ་སྟེ། རྡོ་རྗེ་ཐལ་མོ་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླངས་ནས། བཅོམ་ལྡན་

འདས་སློབ་དཔོན་དུ་གྱུར་པས་ཆོ་ག་རྒྱས་པ་ཐམས་ཅད་རིམ་པ་བཞིན་དུ་བདག་ལ་མཛད་པར་བསམ་པར་བྱའོ། །དེ་ནས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་བྱ་བ་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་

Vol. 57 · folio 265a

ཞུགས་ཀྱང་བླང་བར་བྱའོ། །མེ་ཏོག་དང་སྒེག་མོ་ལ་སོགས་པའི་མཆོད་པས་བདག་ཉིད་ལ་ཡང་དག་པར་མཆོད་ལ། བཅོམ་ལྡན་འདས་ལ་ཧཱུཾ་བཞི་ཞེས་བྱ་བའི་སྔགས་བླང་བ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་ཁྲོ་བོའི་འཁོར་ལོ་བསྐོར་བའི་བར་གྱི་རྗེས་སུ་

གནང་བ་བླང་བ་དང་། དེ་ནས་གཟེངས་བསྟོད་པ་དང་། དབུགས་དབྱུང་བ་བླང་བར་བྱའོ། །དེ་ནས་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། ཇི་ལྟར་འདོད་པའི་བཟླས་པ་བྱའོ། །རྡོ་རྗེ་ཧཱུཾ་མཛད་ནི་བདག་ཡིན་ནོ་ཞེས་བརྗོད་ནས། སླར་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ།

རྣམ་པར་སྣང་མཛད་ཀྱི་གནས་དེ་ཉིད་དུ། ཨོཾ་བཛྲ་ཛྭ་ལ་ཨགྣ་པྲ་དཱིཔྟ། ཨཱ་ཀཪྵ་ཡ། སརྦ་ཏ་ཐཱ་ག་ཏཾ་མ་ཧཱ་བཛྲ་ས་མ་ཡ་ཧཱུཾ་ཛ་ཨ་ཞེས་བྱ་བའི་སྔགས་ཀྱིས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །དེ་ནས་བཛྲོ྅ཧཾ་ཞེས་བྱ་བས་རྡོ་རྗེའི་བདག་ཉིད་བསྒོམ་པར་བྱའོ། །དེ་ཉིད་བཛྲ་དྷཱ་དུ་ར་ཧཾ་ཞེས་བྱ་

བས་རྣམ་པར་སྣང་མཛད་བསྒོམ་པར་བྱ་བ་ནས། དེ་བཞིན་དུ་ཁྲོ་བོ་རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་སརྦ་ས་མ་ཡ་ཧཱུཾ་ཨཿཨཿཞེས་བྱ་བས་ཁྲོ་བོ་རྡོ་རྗེ་འབེབས་པའི་རང་བཞིན་རྡོ་རྗེ་དྲིལ་བུའི་གཟུགས་སུ་བསམ་པར་བྱའོ། །དེ་ནས་དྲིལ་བུ་དེ་རྡོ་རྗེ་དྲིལ་བུ་བདག་ཡིན་

ནོ་ཞེས་བསྒོམ་པར་བྱའོ། །ཡང་དེ། བཛྲ་ཨཱ་བེ་ཤ་ཀྲོ་དྷ་ཧཾ་ཞེས་བྱ་བས་ཁྲོ་བོ་རྡོ་རྗེ་འབེབས་པའི་གཟུགས་སུ་བསམ་པར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་རྡོ་རྗེ་སྒྲུབ་པར་འགྱུར་བའོ། །དེ་ནས་ཡང་། རྡོ་རྗེ་སློབ་དཔོན་སེམས་དཔའ་ཡི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབ་བགྱིས་པས།

སངས་རྒྱས་ཐམས་ཅད་བསྡུ་བར་བགྱི། །ཨོཾ་བཛྲ་ས་མ་ཛཿཛཿཧཱུཾ་བཾ་ཧོཿཞེས་བྱ་བས། དེ་མྱུར་དུ་རྡོ་རྗེ་ཁྲོ་བོའི། ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པ་དང་། མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་བར་དུ་བརྗོད་པར་བགྱི། །དེ་ནས་ཁྲོ་བོ་རྡོ་རྗེ་ལྕགས་

ཀྱུའི་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དགུག་པ་དང་། རྡོ་རྗེ་ཞགས་པས་གཞུག་པ་དང་། རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བ་དང་། ཁྲོ་བོ་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱས་དབང་དུ་བྱས་ཏེ། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི་ལས་ཀྱི་ཕྱག་རྒྱས་བསྐྲད་པ་དང་། ར་བ་དང་དྲ་བ་ཡང་བྱས་ནས། རྡོ་རྗེ་

Vol. 57 · folio 265b

ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་གྱི་སྒོ་བཅིངས་ལ། ཁྲོ་བོ་རྡོ་རྗེ་སྲུང་བ་ལ་སོགས་པ་ཡང་དག་པར་བསྲུངས་ཏེ། ཡི་གེ་ཧཱུཾ་བཞིས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་ཡོན་ཕུལ་ནས། རྣམ་པར་སྣང་མཛད་ལ་སོགས་པ་ནས། ཕྱིའི་རྡོ་རྗེ་རིགས་ཀྱི་མཐར་ཐུག་པ་རྣམས་ཕྱག་རྒྱ་བཞིས་

རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་དབྱིངས་སུ་བཤད་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་རྣམ་པར་སྣང་མཛད་དང་། བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོ་པ་རྣམས་དང་། ཕྱིའི་རྡོ་རྗེའི་རིགས་རྣམས་དབང་བསྐུར་བར་བྱའོ། །དཔལ་རྡོ་རྗེ་ཧཱུཾ་མཛད་ལ་

སོགས་པ་རྡོ་རྗེའི་རིགས་ཆེན་པོ་རྣམས་སངས་རྒྱས་ཀྱི་སྐུ་ལྔའི་ཕྱག་རྒྱ་དང་། རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱས་དབང་བསྐུར་རོ། །ཡང་ཕྱག་བཞི་བྱས་ལ་མཆོད་ཡོན་ཕུལ་ནས། ན་བཟའ་ཕུལ་ཏེ། དཀྱིལ་འཁོར་པའི་ལྷ་ཐམས་ཅད་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དོ། །དེ་ནས་བདག་ཉིད་ཆེན་

པོ་ཡིས། །གསང་བའི་མཆོད་པས་མཆོད་ནས་ནི། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །སེམས་ཅན་དོན་ཀུན་གསོལ་བ་གདབ། །ཅེས་བྱ་བ་ཡིན་ནོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། ཅི་འདོད་པའི་བསམ་པ་དང་། སྦྱིན་སྲེག་གི་ཆོ་གས་སྦྱིན་སྲེག་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་

ལ་ཕྱག་གྱིས་ཤིག་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་སྨན་སླད་དུ། །སློབ་མ་རྣམས་ནི་གཞུག་པར་བགྱི། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དུ་གྱུར་པ་དང་། མ་

གྱུར་པ་འདིར་བརྟག་མི་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བཤད་ཟིན་པ་དེ་ཉིད་འདིར་བརྗོད་པར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པར་བསྟན་ནས། སློབ་མ་རྣམས་གཞུག་པར་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་བཟུང་ལ་གོས་སྔོན་པོའི་སྟོད་གཡོགས་དང་། སྨད་

གཡོགས་དང་། ཟེའུ་དག་བཅིང་བ་དེ་བཞིན་དུ་སློབ་མ་ལ་ཇི་སྐད་བཤད་པ་བཞིན་དུ་གོས་སྔོན་པོའི་སྟོད་གཡོགས་དང་། སྨད་གཡོགས་དང་། གདོང་གཡོགས་བཅིངས་ནས། ཇི་སྐད་བཤད་པ་བཞིན་དུ་ཕྱག་བྱ་བའི་ཆོ་ག་རྣམ་པ་བཞི་བྱ་བ་དང་། སྔ་མ་བཞིན་དུ་སྡོམ་པ་གཟུང་བ་དོན་དུ་གཉེར་བས་

Vol. 57 · folio 266a

སྡོམ་པ་གཟུང་བ་དང་། ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བས་སློབ་མ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དེའི་སྙིང་གའི་ཕྱོགས་སུ་རྡོ་རྗེ་བཞག་པས། དེའི་སྙིང་ལ་རྡོ་རྗེ་རྩེ་ལྔ་པ་བསྐྱེད་པར་བྱ་སྟེ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། བཛྲ་སིདྡྷི་

ཡ་ཐཱ་སུ་ཁཾ་ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ། མེ་ཏོག་ལ་སོགས་པས་མཆོད་དེ། མེ་ཏོག་གི་ཕྲེང་བ་བཏགས་ལ། གདོང་དྲི་ཞིམ་པར་བྱས་ཏེ། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་བར་བྱ་སྟེ། དེ་ནས་སློབ་དཔོན་བདག་ཉིད་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ།

སློབ་མ་ཡང་འཆིང་དུ་བཅུག་ལ། ཨོཾ་བཛྲ་གྲྀཧྞ་བཛྲ་ས་མ་ཡ་ཧཱུཾ་བཾ་ཞེས་བྱ་བའི་སྙིང་པོ་འདིས་འཆིང་དུ་གཞུག་གོ། །དེ་ནས་སློབ་མ་ལས་ཡོན་གྱི་མཆོག་བླངས་ལ། དེ་ནས་ཕྱག་རྒྱ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་སྟེ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་ཡ་མི་ཞེས་བྱ་བའི་སྙིང་པོ་འདི་དང་། རྡོ་རྗེ་

ཤུགས་ཀྱིས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། ཤར་ཕྱོགས་ཀྱི་སྒོ་ནས་དགུག་པར་བྱ་ཞིང་། དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་ཅིང་རྡོ་རྗེ་ཞགས་པས་གཞུག་པ་དང་། དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་ལ་རྡོ་རྗེ་

ལྕགས་སྒྲོག་གིས་བཅིང་བ་དང་། ཡང་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་ལ། ཁྲོ་བོ་རྡོ་རྗེ་འབེབས་པའི་ཕྱག་རྒྱས་དབང་དུ་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་ལ། དེ་ནས་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་སུ་ཞུགས་ཀྱི་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་

པར་བྱས་ཀྱི་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས་ཀྱིས་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་

ཏ་རེ། དེ་ནས་སློབ་དཔོན་རང་ཉིད་ཀྱིས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་ཁ་ཐུར་དུ་བལྟས་པ་དང་། གྱེན་དུ་བལྟས་པ་བཅིངས་ལ། སློབ་མའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་

Vol. 57 · folio 266b

གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང་པོ་འདི་ལན་ཅིག་བཟླས་པའི་ཆུ་སློབ་མ་དེ་ཉིད་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་

གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཋཿ། དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ། ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ནི་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་ཡ་ང་བ་མ་སྤང་བར་འཆི་བའི་དུས་བྱས་ནས།

སེམས་ཅན་དམྱལ་བར་ལྷུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། འདི་སྐད་ཅེས་བརྗོད་དུ་

གཞུག་གོ། །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་ཤོག །ཨོཾ་བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བ་དང་། ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་གཡས་པའི་སེམས་མ་རྡོ་རྗེ་མ་དྲལ་ཞིང་ཧཱུཾ་ཨཿཨཿཨཿཞེས་བྱ་བ་ལན་བརྒྱའི་

བར་དུ་བརྗོད་པར་བྱའོ། །ཡང་དྲིལ་བུ་དང་བཅས་པས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། གཡོན་པས་དེའི་རྐང་པ་གཡས་པ་མནན་ནས། སུཾ་བཛྲ་ཨཱ་བེ་ཤ་ཡ་ཧཱུཾ་སུཾ་ཞེས་དབབ་པར་བྱ་ཞིང་། དེ་ནས་དེའི་ལུས་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་གཞུག་པར་བྱའོ། །དེ་ནས་དེའི་

ལུས་ལ་ལྷའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ནས་ཕྲེང་བ་དེ་པྲ་ཏཱིཙྪ་ཛ་ཧོཿཞེས་བྱ་བས་དཀྱིལ་འཁོར་ཆེན་པོར་དོར་བར་བྱའོ། །དེ་ནས་ཕྲེང་བ་དེ་ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཱཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བའི་སྙིང་པོས་དེའི་མགོ་ལ་བཅིང་བར་བྱའོ། །དེ་ནས། ཨོཾ་སེམས་དཔའི་རྡོ་རྗེ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་

བརྩོན་པར་མཛད། །རྡོ་རྗེ་མིག་ནི་བླ་མེད་པ། །དེ་རིང་ཉིད་ནི་འབྱེད་པར་ཤོག །ཅེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་ཧེ་བཛྲ་པ་ཤྱ་ཞེས་བྱ་བས་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ། །ཡང་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤོ་ཏྭ་མེ་བྷ་བ། ཧྲྀ་ད་

Vol. 57 · folio 267a

ཡཾ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷིཾ་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཞེས་བྱ་བའི་སྙིང་པོ་འདིས། དེ་ནས་དེའི་སྙིང་གར་དགྲོལ་དུ་གཞུག་པར་བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་ལས་ཁྲུ་དོའི་ཚད་ཙམ་དོར་ལ་ཤར་གྱི་ཕྱོགས་སུ་དབུས་ཀྱི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཙམ་གྲུ་བཞི་པ་ནུབ་ཏུ་སྒོ་བཏོད་

པ་དཀྱིལ་འཁོར་གྱི་སྒོ་ལ་ཕྱོགས་པ། ཚོན་སྣ་ལྔས་དཀྱིལ་འཁོར་བྲི་བར་བྱའོ། །དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་བྲིས་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེའི་དབུས་སུ་གླང་པོའི་གདན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ།

ལྷ་ཆེན་པོ་དང་། ཨུ་མ་བྲིས་ཏེ། དར་གྱིས་གཡོགས་ནས་གཞག་པར་བྱའོ། །གླང་པོ་ཆེའི་གདན་གྱི་སྟེང་དུ་བླ་རེ་བྲེས་པ་དང་། གཡས་ཕྱོགས་སུ་ཁ་དོག་ལྔ་པ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གདན་དང་། གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན། གཡོན་དུ་ཁ་དོག་སྣ་ཚོགས་པའི་བ་དན་བཞག་ལ།

གླང་པོ་ཆེའི་གདན་ལ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང་། གདུགས་ལ་ཧཱུཾ་མཛད་དང་། བླ་རེ་དང་བ་དན་ལ་ཡི་གེ་ཨོཾ་བཟླས་པར་བྱའོ། །དེ་ནས་སློབ་དཔོན་དུ་དབང་བསྐུར་བར་འོས་པ། རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ། དེའི་ལུས་ལ་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ནས། རྡོ་རྗེ་འབེབས་པའི་བར་དུ་གནས་ཇི་ལྟ་བ་

བཞིན་དུ་དམ་ཚིག་གི་ཕྱག་རྒྱ་བཀོད་ལ་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ལུས་ལ་བཀོད་ནས། དེ་གླང་པོའི་གདན་ལ་གཡོན་བརྐྱང་བས་བཞག་སྟེ། མཆོད་ཡོན་ཕུལ་ལ། མེ་ཏོག་ལ་སོགས་པ་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། དུང་དང་། རྔ་བོ་ཆེ་དང་། ཟངས་དུང་ལ་

སོགས་པ་རྣམས་རོལ་མོའི་ཕྱག་རྒྱས་བྱིན་གྱིས་བརླབས་ནས་གླུ་ལ་སོགས་པ་བླང་ཞིང་བརྡུང་བར་བྱའོ། །རྡོ་རྗེ་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། དེ་ནས་བུམ་པ་གང་བ་དང་། ཨོཾ་བཛྲ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་སརྦྦ་ས་མ་ཡ་ཧཱུཾ་ཛཿ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ནས། ཨོཾ་

བཛྲ་ཛྭ་ལ་ཨགྣེ་པྲ་དཱིཔྟ་ཨཱ་ཀཪྵ་ཡ་སརྦྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ས་མ་ཡ་ཧཱུཾ་ཛཿ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་དང་། དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལས། རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ་དབང་བསྐུར་ཞིང་འཐུང་དུ་གཞུག་པའི་ཕྱིར་ཡང་སྦྱིན་པར་བྱའོ། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་དྲྀ་ཌྷོ་མེ་བྷ་བ་ཛཿ

Vol. 57 · folio 267b

ཛཿཧཱུཾ་བཾ་ཧོཿཨོཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མི་ཞེས་བྱ་བའི་སྦྱོར་བ་འདིས་ཆུའི་དབང་བསྐུར་བ་སྦྱིན་པར་བྱའོ། །འདི་སྐད་ཀྱང་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུས་འགྲུབ་བོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །

གང་ཞིག་དཀྱིལ་འཁོར་མ་མཐོང་གནས། །གང་ཚེ་སྐྱེ་བོ་འདུས་མ་སྨྲ། །དམ་ཚིག་མེད་པས་དགོད་པར་འགྱུར། །ཞེས་བརྗོད་དོ། །དེ་ནས་སངས་རྒྱས་ལྔའི་ཕྱག་རྒྱས་དབང་བསྐུར་བ་དང་། རྡོ་རྗེ་ཕྲེང་བའི་ཕྱག་རྒྱའི་དབང་གིས་དབང་བསྐུར་བར་གྱུར་ཏེ། སངས་རྒྱས་ལྔའི་དབང་བསྐུར་བར་བལྟ་བར་བྱའོ། །

རྡོ་རྗེ་ཏི་རཱིནྟི་རི་བཅིངས་ནས། སྤྱི་བོ་ནས་བརྩམས་ཏེ། ཕྱོགས་བཞིར་དེའི་དབང་བསྐུར་བའི་ཚུལ་དུ་བྱས་ཏེ། དེ་དཔྲལ་བར་བཞག་ལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་བྱ་བ་འདིས་དབང་བསྐུར་བར་བྱའོ། །དེ་ནས་ལག་པ་གཉིས་ཀྱིས་དར་དཔྱངས་བཅིང་བའི་ཚུལ་དུ་བྱས་ལ། བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བ་འདིས་

མཐར་མཉམ་པའི་ཐལ་མོས་མཉེས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་ལྔའི་རིན་པོ་ཆེའི་ཅོད་པན་རྡོ་རྗེ་ཕྲེང་བ་དང་བཅས་པ་དང་། དར་དཔྱངས་བཅིངས་པ་སྔོན་དུ་འགྲོ་བའི་དབང་བསྐུར་བས། དེ་བཞིན་གཤེགས་པའི་སྐུ་ལྔ་དང་རིགས་རྣམས་དང་། རྡོ་རྗེ་ཉི་མ་མེ་དང་། རྡོ་རྗེ་རིན་ཆེན་ཡང་

ཅོད་པན་ལ་བཟླས་ཤིང་དབང་བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་དམ་བཅིངས་ལ། །ཡིད་ཀྱིས་ཁྲོས་ནས་དབབ་བྱ་བའི། །རྡོ་རྗེ་མཐེ་བོང་དམ་པོ་སྟེ། །རྡོ་རྗེ་ཏི་རཱིནྟ་རིར་བཤད། །དེ་ནས་རྡོ་རྗེ་འབར་བ་དང་། བདག་པོ་དང་། མིང་གི་དབང་བསྐུར་བས་

དབང་བསྐུར་བར་བྱའོ། །ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར་བ་དེ་རྡོ་རྗེ་ཧཱུཾ་མཛད་དུ་བསྐྱེད་ལ། རྟག་ཏུ་ཆགས་པས་འདུལ་བྱེད་པ། །རྡོ་རྗེ་ཁྲོ་བོ་སེམས་དཔའ་སྟེ། །གང་གིས་རྡོ་རྗེ་ཉི་མ་མེས། །འཇིག་པར་བྱེད་པ་དམ་པ་ཡིན། །ཞེས་བྱ་བ་དང་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་སྦྱིན་པར་བྱའོ། །ཡི་གེ་ཨཱཿལས་དྲིལ་བུ་

ཁམས་གསུམ་རྣམ་པར་རྒྱལ་བའི་ལྷ་མོར་བསྐྱེད་ལ། ཆོས་གསུང་བའི་བདག་པོ་ཡིན་ནོ་ཞེས་བརྗོད་ཅིང་དེ་ལ། འདི་ནི་རྡོ་རྗེ་ཆོས་ཡིན་ཏེ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པར་སྦྱོར་བ་ཡིས། །ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར། །

Vol. 57 · folio 268a

ཞེས་བྱ་བ་དང་། དེ་ནས་དམ་ཚིག་གི་ཕྱག་རྒྱས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་བོ། །དེ་ལ་དམ་ཚིག་ནི་འདི་ཡིན་ཏེ། ཐམས་ཅད་ནམ་མཁའི་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་སུ་བརྗོད། །རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་པས། །ཁམས་གསུམ་པ་ཡང་བཟའ་

བར་བྱ། །དེ་ནས་ཡང་དེ་ལ་མེ་ཏོག་མ་དང་། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། ཡི་གེ་པྲས་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་མིག་ཐུར་བྱིན་ལ། ཨོཾ་བཛྲ་ནེ་ཏྲ་ཨ་བ་ཧ་རཾ་པ་ཏྲ་ལཾ་ཧྲཱིཿཞེས་བརྗོད་ཅིང་། དེས་མིག་སྨན་བྱུགས་པ་བཞིན་དུ་བྱས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་

རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བྱ་བ་འདི་བརྗོད་དོ། །དེ་ནས་ལས་ཐམས་ཅད་པ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་མེ་ལོང་བྱིན་ལ། ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་

གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་ནི་ཤེས་བྱས་ནས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་ཡི་གེ་ཧོཿས་བྱིན་གྱིས་བརླབས་པའི་མདའ་གཞུ་བྱིན་ལ། །

འདིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ། ཡི་གེ་ཧོཿས་ཕྱོགས་བཞི་སྟེང་དང་འོག་ཏུ་མདའ་འཕེན་དུ་གཞུག་པར་བྱའོ། །ཡང་ཨ་བཛྲ་སཏྭ་ཞེས་མེ་ལོང་ལ་བཟླས་ལ། དེ་བཞིན་དུ་སྔགས་བརྗོད་ཅིང་མེ་ལོང་བྱིན་ལ་འདི་སྐད་བརྗོད་དོ། །རྡོ་རྗེ་སེམས་དཔའ་མེ་ལོང་

བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ་ཞེས་ཤེས་པར་བྱའོ། །བཛྲ་ཧེ་ཏུ་མཾ་ཞེས་བྱ་བས་འཁོར་ལོ་རྩིབས་བརྒྱད་པ་བྱིན་གྱིས་

བརླབས་ལ། རྐང་པ་གཉིས་ཀྱི་བར་དུ་བཞག་སྟེ། བཛྲ་བྷ་ཥ་རཾ་ཞེས་བྱ་བས་དུང་བྱིན་གྱིས་བརླབས་ཏེ། དེའི་ལག་པར་བྱིན་ལ་འདི་སྐད་ཅེས་བརྗོད་དེ། དེང་ནས་བརྩམས་ཏེ་བྱང་ཆུབ་སེམས་བསྐྱེད་པ་དང་བཅས་པས་ཆོས་ཀྱི་འཁོར་ལོ་སྐོར་ཅིག། །ཆོས་ཀྱི་དུང་ནི་བླ་མེད་པས། །མ་ལུས་ཀུན་དུ་གང་

Vol. 57 · folio 268b

བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་ཀུན་དུ་སྲུང་བར་

བྱེད། །ཅེས་བྱ་བ་དང་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ང་རྒྱལ་གྱིས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རྗེས་སུ་གནང་བའི་ཁྱད་པར་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་

རྒྱ་ཆེན་པོ་བཅིངས་ཏེ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བས་ཁྲོ་བོའི་རྗེས་སུ་གནང་བ་བྱིན་ནས། གཟེངས་བསྟོད་པ་དང་། ལུང་བསྟན་པར་བྱའོ། །དེ་ནས། འདོད་

ཆགས་བྲལ་བ་ལྟ་བུའི་སྡིག །སྡིག་ལས་ལྷག་པ་གཞན་མེད་དོ། །ཞེས་གསང་བའི་ཡེ་ཤེས་བསླབ་པ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་བྱིན་ལ། དེའི་ཕྱག་རྒྱ་བཞིར་ཡེ་ཤེས་མནའི་སྙིང་པོ་བྱིན་ནས་བསླབ་པར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ལ་སོགས་པ་སློབ་མའི་ཐུན་མོང་

གི་ཆོ་ག་རྒྱས་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཀྱིས་ཤེས་པར་བྱའོ། །སློབ་མས་དབང་བསྐུར་བ་ཐོབ་ནས། སློབ་དཔོན་ལ་འདུད་ཅིང་ཕྱག་བྱ་སྟེ། ཡོན་གྱི་མཆོག་ཕུལ་ནས་སྔགས་བླངས་ཏེ། འབྱོར་པ་དང་ལྡན་པས་རྒྱུན་མི་འཆད་པར་ཡོན་དབུལ་བར་བྱའོ། །རྡོ་རྗེ་ཐལ་མོ་

བསྐོར་ནས་སློབ་དཔོན་ལ་འདུད་ཅིང་ཕྱག་བྱས་ཏེ། དེས་མེ་ཏོག་ཀྱང་གཟུང་བར་བྱའོ། །སློབ་མ་འཇུག་པའི་ཆོ་ག་རྒྱས་པའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པའི་ཆོས་རྒྱས་པར་བསྟན་ནས། ད་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་དམ་

ཚིག་དང་དབང་བསྐུར་བ་ཐམས་ཅད་ཐོབ་པས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཡེ་ཤེས་རྣམས་བསྐྱེད་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དབྱིངས་ནི་ཞེས་བྱ་བ་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་

Vol. 57 · folio 269a

བ་བྱས་ལ། རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བ་བསམས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་བདག་ཉིད་ཇི་སྲིད་དུ་སྙིང་གར་རྡོ་རྗེ་འབར་བ་ཟླ་བ་གཉིས་ཀྱི་བར་དུ་བསྒོམས་ལ། དེ་ནས་དེ་ལས་ནམ་མཁའི་ཁམས་གང་བར་བསྒོམས་ཏེ། སྐྱོ་བར་གྱུར་ན་ཡང་བསྡུ་བར་

བྱ་སྟེ། རང་གི་ལུས་ལ་བཅུག་ལ། བཛྲཱ་དྷི་ཏིཥྛ་ཞེས་བྱ་བ་བརྗོད་ནས་ལྡང་བར་བྱའོ། །དེ་ལྟར་ཇི་སྲིད་དུ་ཟླ་བ་དྲུག་གི་བར་དེ་སྲིད་དུ་བསྒོམས་ནས། དེ་ནས་མཚན་ཐོག་ཐག་ནམ་མཁའི་ཁམས་གང་བར་བསྒོམས་ཏེ། དེ་ནས་འགྲོ་བ་ཐམས་ཅད་རྡོ་རྗེ་ཧཱུཾ་མཛད་ཀྱི་དབབ་པ་ཕབ་པས་རྡོ་རྗེ་ཧཱུཾ་མཛད་དུ་

འགྱུར་རོ། །དཔྲལ་བར་རྡོ་རྗེ་རིན་ཆེན་ཡང་། །དེ་བཞིན་དུ་ནི་བསམ་བྱས་ནས། །ཞེས་བྱ་བ་ནི་རིན་ཆེན་ཧཱུཾ་མཛད་ཀྱི་རྣལ་འབྱོར་དུ་བྱས་ལ། དཔྲལ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་འབར་བའི་ཕྲེང་བ་འཁྲུགས་པའི་འོད་ཅན་གྱི་རྡོ་རྗེ་རིན་ཆེན་དེ་བཞིན་དུ་བསམས་ནས། སྔ་མ་བཞིན་དུ་

དཔྲལ་བའི་རྡོ་རྗེ་རིན་ཆེན་ཧཱུཾ་མཛད་དུ་བསྒོམ་པར་བྱའོ། །མཐར་མཚན་ཐོག་ཐག་བྱས་པས་འགྲུབ་པར་འགྱུར་རོ། །དེ་ནས་དེས་ནམ་མཁའི་ཁམས་ཐམས་ཅད་དང་མཉམ་པར་སོང་བས་སེམས་ཅན་གྱི་ཁམས་ཐམས་ཅད་སངས་རྒྱས་དང་མཉམ་པ་ལ་སོགས་པའི་རིན་ཆེན་ཧཱུཾ་མཛད་དུ་བསྐྱེད་པས་

དབང་དུ་བྱེད་དོ། །རྡོ་རྗེ་པདྨོ་མགུལ་དུ་བསམ། །ཞེས་བྱ་བ་ནི། ཆོས་ཀྱི་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ལ། ཡི་གེ་ཧྲིཿལས་རང་གི་ལྐོག་མའི་ཕྱོགས་སུ་རྡོ་རྗེ་པདྨའི་འོད་ཟེར་འབར་བའི་ཕྲེང་བ་འཁྲུགས་པ་བསྐྱེད་ནས་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་དེ་བཞིན་དུ་བྱས་པས་འགྲུབ་

པར་འགྱུར་རོ། །དེ་ནས་སེམས་ཅན་གྱི་ཁམས་ཐམས་ཅད་ཆོས་ཀྱི་ཧཱུཾ་མཛད་དུ་བྱས་པའི་ལྟ་བས་བལྟས་པས་རླག་པར་བྱེད་དོ། །རྡོ་རྗེ་ཐམས་ཅད་སྤྱི་བོར་གཞག །ཅེས་བྱ་བ་ནི། ལས་ཀྱི་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ལ། རང་གི་མགོ་བོར་ཡི་གེ་ཨ་ལས་སྣ་ཚོགས་རྡོ་རྗེ་འབར་བའི་འོད་ཟེར་གྱི་

ཕྲེང་བ་འཁྲུགས་པར་བསྐྱེད་དེ། ཟླ་བ་གཉིས་ཀྱི་བར་དུ་བསྒོམས་ལ། དེ་ནས་སྤྲོ་བ་དང་བསྡུ་བའི་སྦྱོར་བ་ཟླ་བ་གཅིག་བྱས་ལ། དེ་ནས་མཚན་ཐོག་ཐག་བསྒོམས་པས་འགྲུབ་པར་འགྱུར་རོ། །དེས་སེམས་ཅན་གྱི་ཁམས་ཐམས་ཅད་ལས་ཀྱི་ཧཱུཾ་མཛད་དུ་བྱས་པས་གནོད་པའི་འཇིགས་པ་ཐམས་ཅད་

Vol. 57 · folio 269b

ལས་བསྲུང་བར་འགྱུར་རོ། །དེ་བཞིན་དུ། རྡོ་རྗེ་ལྕགས་ཀྱུ་བྲིས་ནས་ནི། །ཞེས་བྱ་བ་ནི། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཆོ་གས་རང་ཉིད་རྡོ་རྗེ་ཁྲོ་བོའི་རྣལ་འབྱོར་བྱས་ལ། ལག་པ་གཡས་པའི་མཛུབ་མོ་ལ་ཡི་གེ་ཧཱུཾ་ལས་ལྕགས་ཀྱུ་བསམས་ཏེ། ཁམས་

གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ནས། སྔགས་ཀྱིས་བསྐུལ་ཞིང་ཟླ་བ་གཉིས་བསྒོམས་ནས། སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཟླ་བ་གཅིག་རྡོ་རྗེ་ལྕགས་ཀྱུ་བསྒོམ་མོ། །དེ་ནས་མཚན་ཐོག་ཐག་དེ་བཞིན་དུ་བྱས་ན་འགྲུབ་པར་འགྱུར་རོ། །དེས་སོར་མོ་དེ་བསྐུལ་ཞིང་འགུགས་པའི་

བསམ་པས་ལྷ་ཐམས་ཅད་འགུགས་པར་འགྱུར་རོ། །རང་གི་རྐང་མཐིལ་དབུས་སུ་ནི། །རྡོ་རྗེ་ལྕགས་ཀྱུ་བྲིས་ནས་ནི། །ཞེས་བྱ་བ་ནི། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་གཟུགས་བརྙན་མནན་ན། ལྷ་ཐམས་ཅད་ངེས་པར་འགུགས་པར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་ཉིད་ཕྱག་རྒྱ། །ལེགས་

པར་ཕྱེ་སྟེ་བཞག་ནས་སུ། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་བྱས་ནས། ཟླ་བ་གསུམ་བསྒོམས་ཏེ། མཚན་ཐོག་ཐག་བསྒོམས་པ་དེས། ཨུ་མ་ལ་སོགས་པའི་བུད་མེད་རྣམས་བཀུག་པའི་ནང་ནས། གཅིག་ཆུང་མར་བསྒྲུབས་ན་འདོད་པ་བཞིན་དུ་འགྲུབ་པར་འགྱུར་རོ། །ལྕགས་ཀྱུས་བཀུག་

ལ་ཡིད་ཀྱིས་ནང་དུ་བཅུག་ན་རང་ཉིད་བརྟན་པར་འགྱུར་ཏེ། དེས་བུད་མེད་རྣམས་བཀུག་པར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་གཞག་པ་ནི། །མཇུག་དོ་ཉིད་དུ་དེ་བཞིན་ཏེ། །ཞེས་བྱ་བ་ནི། གསང་བའི་གནས་ཀྱི་མཇུག་དོ་ནི་སྣམ་ལོགས་སོ། །དེ་ལ་ཡི་གེ་ཧཱུཾ་ལས་ལྕགས་ཀྱུ་བསྐྱེད་ལ། སྔ་མ་བཞིན་དུ་

ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། མཚན་ཐོག་ཐག་བཟླས་ཤིང་བསྒྲུབ་པར་བྱའོ། །དེ་ནས་ལྷའི་གཟུགས་བརྙན་བྱས་ལ། གཟུགས་བརྙན་དེ་ལ་མནན་ཏེ། བཟླས་ཤིང་བསྒྲུབ་པ་བྱས་ན། ལྷ་དེ་འོངས་ནས་བཀའ་བཞིན་དུ་བྱེད་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་

ཞེས་བྱ་བ་ནི་ལུས་དང་། ངག་དང་། ལྟ་བ་དང་ཡིད་ཀྱི་དབྱེ་བའི་ཕྱག་རྒྱ་རྣམ་པ་བཞི་སྟེ། དེའི་ཡེ་ཤེས་བསླབ་པར་བྱའོ། །གཡོན་བརྐྱང་བར་ནི་གནས་ནས་སུ། །ཞེས་བྱ་བ་ནི། གཡོན་བརྐྱང་བའི་མཚན་ཉིད་ནི་བཤད་ཟིན་ཏོ། །དེའི་གནས་པས་འདུག་པའོ། །རྡོ་རྗེ་དབབ་པའི་ཚུལ་གྱིས་ཏེ། །

Vol. 57 · folio 270a

ཞེས་བྱ་བ་ནི་སེམས་བརྟན་པོར་འགྲུབ་པར་གྱུར་ནས། ཕྱིས་ཐམས་ཅད་རྡོ་རྗེ་ཁྲོ་བོའི་བདག་ཉིད་བསམས་པས་འབར་བར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ནས་སྐུ་ཕྱག་རྒྱའི་སྙིང་པོ་བཟླས་ནས། ཟླ་བ་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི་བདག་ཉིད་དུ་

བསྒོམས་ལ། དེ་ནས་སྤྲོ་བ་དང་བསྡུ་བའི་རྣལ་འབྱོར་ཟླ་བ་གཅིག་ཏུ་བྱས་ནས། དེའི་མཐར་མཚན་ཐོག་ཐག་བསྒོམ་པ་བྱས་ན། དེའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུའི་འོད་ཟེར་འབར་བའི་ཕྲེང་བ་འཁྲུགས་པའི་ཡིད་ཀྱིས་རང་གི་ལུས་ལས་ཕྱུང་ལ། བསྒྲུབ་པར་བྱ་བའི་

ལུས་བཀང་ལ། །ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་དོ། །ཞེས་ངག་གིས་བརྗོད་ན། ཐམས་ཅད་ལ་འབབ་པར་འགྱུར་རོ། །རྡོ་རྗེ་ངག་ནི་ལེགས་པར་སྨྲ། །ཞེས་བྱ་བ་ནི། རྡོ་རྗེ་ངག་གིས་རྡོ་རྗེ་དབྱངས་སུ་བརྗོད་པ་ནི། རྡོ་རྗེ་ངག་ནི་མཚན་ཉིད་དོ། །དེས་བརྗོད་པ་དང་བཟླས་པ་ཕྱིན་ཅི་མ་ལོག་པ་ནི་ལེགས་

པའོ། །ཧཱུཾ་ཞེས་བྱ་བ་བཞི་ལྡན་པ། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །རྡོ་རྗེ་ཧཱུཾ་མཛད་མིང་དུ་བྱས་པའི་སྙིང་པོར་བཤད་པ་གང་ཡིན་པ་དེ་ནི་རྡོ་རྗེ་ངག་ཏུ་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་ཧཱུཾ་

མཛད་ཀྱི་རྣལ་འབྱོར་བྱས་ནས་ཟླ་བ་གསུམ་དུ་ངག་གིས་ཕྱག་རྒྱའི་སྙིང་པོ་བཟླས་ཏེ། མཚན་ཐོག་ཐག་ཏུ་བསྒོམ་པ་བྱས་ལ། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་ཞལ་བཞི་པ། ཕྱག་བརྒྱད་པ། ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པ་བསྣམས་པ་རང་གི་ཞལ་བཞི་ལས་སྤྲུལ་ལ། ཧཱུཾ་བཞི་བརྗོད་ཅིང་

བསྒྲུབ་པར་བྱ་བ་དྲངས་ན། རང་གི་དབང་དུ་བྱེད་པར་འགྱུར་རོ། །རྡོ་རྗེ་ཁྲོ་བོའི་ལྷ་མཆོག་གིས། །ཞེས་བྱ་བ་ནི། བཞིན་འགྱུར་བའི་ཁྲོ་གཉེར་བཅུམས་ནས་ཁྲོ་བོའི་ལྟ་སྟངས་བཞིས་བལྟས་པ་ནི། རྡོ་རྗེ་ཁྲོ་བོ་ལྷ་མཆོག་སྟེ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པར་ཐམས་ཅད་གསོད་པར་བྱེད་དོ། །དེའི་

དོན་ནི་འདི་ཡིན་ཏེ། རང་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པར་བསྒོམས་ནས། ཡི་གེ་ཧཱུཾ་ལས་མིག་ཏུ་རྡོ་རྗེ་འབར་བ་གཉིས་བསྐྱེད་ལ། ལྟ་བའི་ཕྱག་རྒྱའི་སྙིང་པོ་བཟླས་ཏེ། ཟླ་བ་གཉིས་བསྒོམས་ལ། དེ་ནས་སྤྲོ་བ་དང་།

Vol. 57 · folio 270b

བསྡུ་བ་ཡང་བྱས་ལ་ཟླ་བ་གཅིག་བསྒོམས་ཏེ། དེའི་མཚན་ཐོག་ཐག་བསྒོམས་ན་འགྲུབ་པར་འགྱུར་རོ། །དེ་ནས་རང་གི་མིག་ལས་བྱུང་བའི་རྡོ་རྗེ་དེ་བསྒྲུབ་པར་བྱ་བའི་ལུས་ལ་རྡོ་རྗེ་ཧཱུཾ་མཛད་ཞུགས་པར་བསྒོམས་ན་ཐལ་བར་བྱས་པར་འགྱུར་རོ། །ཡིད་ཀྱིས་ནི་ཡིད་ཀྱི་ཆོས་ཀྱི་བདག་གམ་ཕ་རོལ་པོ་

རྣམས་ཀྱི་ལུས་ལ་གོ་ཆ་བསྐོན་པར་བྱའོ། །ཇི་ལྟར་བསྐོན་ཞེ་ན། ཆོ་ག་ཆེན་པོའི་སྦྱོར་བས་ནི། །ཞེས་བྱ་བ་སྨོས་ཏེ། རང་ངམ་གཞན་ལ་གོ་ཆ་བསྐོན་ནས། ཨོཾ་མ་ནོ་དྲྀ་ཌྷོ་མེ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ནས། བདག་གམ་གཞན་ལ་རྡོ་རྗེ་གོ་ཆའི་ཕྱག་རྒྱ་བསྐྱེད་པ་ནི།

སེམས་ཀྱི་ཆོས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་འདི་ཡང་སྔ་མ་བཞིན་དུ་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་རྒྱས་གདབ་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་རྒྱས་གདབ་པ་སྟེ། རྡོ་རྗེ་ཧཱུཾ་མཛད་དུ་གྱུར་པའི་ཡེ་ཤེས་ནི། གཟུགས་བརྙན་བྱས་ལ་དེ་

དང་བསྒྲུབ་པར་བྱ་བ་དེ་ལྷན་ཅིག་ཏུ་གྱུར་པར་མོས་པ་ནི་ཕྱག་རྒྱ་སྟེ། དེས་ངེས་པའི་ཡེ་ཤེས་དེ་བསླབ་པ་ནི་བསྟན་པའོ། །རྡོ་རྗེ་ཁྲོ་བོ་མཉམ་བཞག་ནས། །ཞེས་བྱ་བ་ནི། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་ལ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དེ་རང་གི་ལུས་ལ་དགུག་པ་དང་། གཞུག་པ་དང་།

བཅིང་བ་དང་། དབང་དུ་བྱས་ནས། དེ་དང་ལྷན་ཅིག་ཏུ་གྱུར་པར་མོས་པ་ནི་རྡོ་རྗེ་ཁྲོ་བོ་མཉམ་པར་གཞག་པའོ། །གང་དང་གང་ལ་ཀུན་དུ་ཞུགས་པ་ནི་རང་གི་ལྷའི་གཟུགས་བརྙན་གྱིས་སེམས་ཅན་གང་དང་གང་ལ་བསྐྱེད་པས་འགྲུབ་པར་འགྱུར་ཏེ་སྔ་མ་བཞིན་ནོ། །རྡོ་རྗེ་ཧཱུཾ་ཞེས་བཟླས་པ་ཡིས། །ཞེས་བྱ་

བ་ནི། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་ཧཱུཾ་བཞིས་བཟླས་པ་དང་ལྡན་པ་ནི་ཕྱག་རྒྱར་འགྱུར་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་བརྙན་གྱིས་རྡོ་རྗེ་ཧཱུཾ་མཛད་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་། རྡོ་རྗེ་སྦྱོར་བ་འདི་དང་ནི། །རྡོ་རྗེ་རྣལ་འབྱོར་ཕྱག་རྒྱ་ཡིས། །སེམས་

ཅན་གང་ལ་ཡོངས་སུ་ཆགས། །དེ་ཡི་ཉོན་མོངས་རྣམ་པར་ཉམས། །ཞེས་གསུངས་པ་ཡིན་ནོ། །སྒྲ་ཆེན་དུང་ནི་བརྗོད་བྱ་བ། །ཊཀྐི་ཧཱུཾ་ཕཊ་ཁྲོས་ནས་སུ། །ཞེས་བྱ་བ་ནི། ཡང་དག་པར་བརྗོད་པར་བྱ་བས་ན་བརྗོད་པར་བྱ་བ་སྟེ། གསལ་བར་བརྗོད་ཅེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་བརྗོད་ཅེ་ན།

Vol. 57 · folio 271a

སྒྲ་ཆེན་དུང་ཞེས་བྱ་བ་སྨོས་ཏེ། ཁྲོ་བོའི་ངག་གིས་གང་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པས་འགུགས་པའོ། །རྡོ་རྗེ་འབར་བས་དེ་མངོན་བཀུག །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གཅིག །ཅེས་བྱ་བ་ནི། བཅོམ་ལྡན་འདས་ཁྲོ་བོ་འདོད་པས་མངོན་སུམ་དུ་བཀུག་ཅེས་བྱ་བའི་དོན་ཏོ། །འཆིང་བར་

འགྱུར་ཞེས་བྱ་བ་ནི་འགྲོ་བའི་དོན་ཡིན་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་འདོད་པའི་རྒྱལ་པོས་བཀུག་ནས། རྣལ་འབྱོར་པ་རང་གི་ལུས་ལ་སོགས་པ་རྣམས་ལ་འདིར་འཇུག་པར་འགྱུར་ཏེ། དེས་ན་བཅུག་པ་དེས་དེའི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་རོ། །དེ་སྐད་དུ་

ཡང་། སྒྲ་ཆེན་དུང་ནི་བརྗོད་བྱ་བ། །ཊཀྐི་ཧཱུཾ་ཕཊ་ལན་ཅིག་བརྗོད། །གང་ཡིན་དེ་ལ་བཅུག་པ་ནི། །ཀུན་ནས་ཉོན་མོངས་ཞི་ཞིང་གཡོ། །ཞེས་གསུངས་སོ། །རྡོ་རྗེ་ལྟ་བས་བལྟས་པ་ནི། །ཞེས་བྱ་བ་ནི། རྡོ་རྗེ་ལྟ་བའི་མཚན་ཉིད་ནི་བཤད་ཟིན་ཏོ། །དེ་ཡིས་བལྟས་པ་ནི་གཟིགས་པའོ། །

རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཏིང་ངེ་འཛིན་ཏོ། །སེམས་ཅན་གང་དང་གང་ཡིན་པ། །ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་སུ་བལྟ་བར་བྱའོ། །དེ་དང་དེ་ནི་འཆི་བར་འགྱུར། །ཞེས་བྱ་བ་ནི། སེམས་ཅན་དེ་དང་དེ་ལ་རྣལ་འབྱོར་པས། ལོག་པར་

ལྟ་བའི་ལམ་དང་བྲལ་ནས། བལྟས་པས་འཆི་བར་འགྱུར་ཞེས་བྱ་བ་ནི། ཉམས་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་ལུས་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྐུའི་གཟུགས་བརྙན་དུ་བསྐྱེད་ནས། བསྒྲུབ་པར་བྱ་བའི་ལུས་ལ་འདོད་པའི་རྒྱལ་པོ་བཀུག་སྟེ་བཅུག་ནས།

རྣལ་འབྱོར་པས་རྡོ་རྗེ་ལྟ་བས་བལྟས་པའི་བསྒྲུབ་པར་བྱ་བ་དེ་དང་དེས་བྱིན་གྱིས་བརླབས་པ་འགྲུབ་པར་འགྱུར་རོ། །དེས་འདིའི་སྡུག་བསྔལ་ཞི་བར་འགྱུར་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་སྐྱེ་བའི་ཕྱིར་རོ། །དེ་སྐད་དུ་ཡང་། སེམས་ཅན་གང་གི་རྒྱུད་ལ་ཡང་། །རྡོ་རྗེ་ལྟ་བས་བལྟས་

ན་ནི། །རྡོ་རྗེ་རྣལ་འབྱོར་སྤྱན་ཆེན་པོས། །དེ་ཡི་སྡུག་བསྔལ་ཉམས་པར་འགྱུར། །ཞེས་གསུངས་སོ། །བསོད་སྙོམས་ཡིད་ལ་བསམས་ནས་ནི། །སྙིང་ལ་རྡོ་རྗེ་བསྒོམ་པར་བྱ། །ཞེས་བྱ་བ་ནི། རང་གིས་ཁྲོ་བོ་དེ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་གདོན་ལ་སོགས་པ་བསྐྱེད་པ་དེའི་སྡུག་བསྔལ་ཡིད་ལ་

Vol. 57 · folio 271b

བསམས་ནས། གདོན་ལ་སོགས་པ་དེ་བསད་པ་དང་གཞོམ་པར་བྱའོ་ཞེས་སེམས་བསྐྱེད་དེ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བ་བསྒྲེང་བ་བསྒོམ་པའོ། །གང་གི་སྙིང་གར་ཞེ་ན། བསྒྲུབ་པར་བྱ་བ་མངོན་པར་འདོད་པ་དེ་དག་མདུན་ན་གནས་པའོ། །འདི་

སྐད་སྟོན་པ་ཡིན་ཏེ། ལུས་དང་ངག་རྡོ་རྗེ་ལྟ་བས་རྒྱས་བཏབ་ནས། བསྒྲུབ་པར་བྱ་བ་གཞན་དག་ཐམས་ཅད་ཡིད་ཀྱིས་མདུན་ན་བཞག་ལ། གདོན་ལ་སོགས་པ་དེ་དག་གིས་བར་དུ་གཅོད་པའི་སྐྱོན་རྡོ་རྗེ་ཐལ་བར་བྱས་པར་བསམ་པར་བྱའོ། །དེའི་སྙིང་གར་བསྲུང་བའི་དོན་དུ་ཇི་སྐད་བཤད་པའི་རྡོ་རྗེ་

བསྒོམས་པ་དེས་དེའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་ནས། དེ་བཞིན་གཤེགས་པ་ཉིད་ཀྱི་གདུལ་བྱར་འགྱུར་རོ། །དེ་སྐད་དུ་ཡང་། ཡིད་ཀྱིས་གསོད་པར་བསམས་ནས་ནི། །སྙིང་གར་རྡོ་རྗེ་སྒོམ་པར་བྱེད། །ཡི་གེ་ཧཱུཾ་ནི་གྱུར་པ་ལས། །ཉེ་བའི་སེམས་ཅན་གང་ཡིན་པ། །དེ་ལ་ཕྱག་རྒྱ་

བརྗོད་པ་ཡིས། །དེ་ཡི་འཇིགས་པ་ཐམས་ཅད་ལས། །རྡོ་རྗེ་ཊཀྐིའི་ཕྱག་རྒྱ་ཡིས། །འདི་ནི་ཕྱིར་མི་ལྡོག་པར་འགྱུར། །ཞེས་གསུངས་སོ། །སེམས་ཅན་གང་ལ་གང་དག་གིས། །ཡིད་ཀྱིས་རྒྱས་ནི་འདེབས་པ་འདི། །ཞེས་བྱ་བ་ནི། གང་གིས་ལུས་དང་ངག་དང་ལྟ་བ་དང་། ཡིད་ཀྱི་ཕྱག་

རྒྱའི་ཏིང་ངེ་འཛིན་གྱི་ལུས་ལ། ཡིད་ཀྱིས་རྒྱས་འདེབས་པ་འདིས་ནི་རྣལ་འབྱོར་པས་ཤིན་ཏུ་བསྒོམས་པའོ། །ཕྱག་རྒྱ་འདི་ནི་ཇི་སྐད་བཤད་པའི་ཕྱག་རྒྱ་བཞི་པོ་རྣམས་སོ། །ཤིན་ཏུའི་དོན་ནི་ཁྱད་པར་དུ་གྱུར་པ་དང་མྱུར་བ་ཉིད་དོ། །ལས་རྣམས་ཐམས་ཅད་ཇི་སྐད་དུ་གསུངས་པའི་ཕྱག་རྒྱ་

བཞིས་བསྒྲུབ་པར་བྱའོ། །ལས་འདི་རྣམས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཕྱག་རྒྱ་རེ་རེས་ཀྱང་ལས་བཞི་རྣམས་ལ་ཕྱག་རྒྱའི་སྙིང་པོ་བཞི་སྦྱར་རོ་ཞེས་བྱ་བ་ནི། འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ་ཡིད་ཀྱི་ཕྱག་རྒྱས་ཕ་རོལ་གྱི་གདུག་པ་འཇོམས་ཤིང་བསྲུང་བར་བྱ་བར་འདོད་པ་དེའི་ཚེ། དེ་དང་

འབྲེལ་པའི་ལས་འགྲུབ་པར་འགྱུར་བ་ནི། ཇི་སྐད་བཤད་པའི་སྙིང་པོ་བསྒོམ་ཞིང་བཟླས་པས་སོ། །དེ་བཞིན་དུ་གང་གི་ཚེ་ལྟ་བ་དང་ངག་དང་ལུས་ཀྱི་ཕྱག་རྒྱའི་ལས་བསྒྲུབ་པར་བྱ་བར་འདོད་པ་དེའི་ཚེ། དེ་དང་འབྲེལ་པའི་ལས་སྒྲུབ་པར་བྱེད་པས་ན། ཇི་སྐད་དུ་བཤད་པའི་ཕྱག་རྒྱ་བསྒོམས་

Vol. 57 · folio 272a

ནས། སྙིང་པོ་བཞི་བཟླས་པར་བྱའོ། །ཕྱག་རྒྱ་འདི་རྣམས་ཀྱི་ལས་བྱེད་པར་འདོད་པས་ན། རྣལ་འབྱོར་པས་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་ཏུ་རང་གི་ཁྲོ་བོའི་རྣལ་འབྱོར་གྱིས་ཇི་སྐད་གསུངས་པའི་སྙིང་པོ་བཞི་བཟླས་ཤིང་བསྒོམ་པར་བྱས་ནས། མཐར་

མཚན་ཐོག་ཐག་བསྒོམ་པར་བྱས་ན་ལས་ཐམས་ཅད་འགྲུབ་པར་བྱེད་པར་འགྱུར་རོ། །དེ་ནས་གསང་བའི་ཁྲོ་བོའི་ཕྱག་རྒྱའི་ཡེ་ཤེས་སློབ་བོ་ཞེས་བྱ་བ་ནི། རྣལ་འབྱོར་པའི་བསྒོམས་པའི་སྟོབས་ལས་བྱུང་བའི་ཁྲོ་བོ་ནི་གསང་བའི་ཁྲོ་བོའོ། །དེ་ཉིད་གཞན་ལ་རྒྱས་འདེབས་པས་ན།

གསང་བའི་ཁྲོ་བོའི་ཕྱག་རྒྱའོ། །དེའི་ཡེ་ཤེས་བསླབ་པ་ནི་བསྟན་པའོ། །ཡན་ལག་ཀུན་གྱིས་འཁྱུད་ནས་ནི། །ཞེས་བྱ་བ་ནི། ཡིད་ཀྱིས་དེ་ལ་རྗེས་སུ་ཞུགས་ནས། ཡན་ལག་གི་ཆ་ཤས་ཐམས་ཅད་བཀང་བའོ། །ཧཱུཾ་ཞེས་གང་ལ་སྦྱར་བྱ་བ། །ཞེས་བྱ་བ་ནི། ཡི་གེ་ཧཱུཾ་

བརྗོད་ཅིང་ངོ་། །དབང་པོ་གཉིས་ནི་སྤྲད་གྱུར་ལ། །ཞེས་བྱ་བ་ནི། ལྷ་དང་སྒྲུབ་པ་པོའི་དབང་པོ་གཉིས་ནི་དབང་པོ་གཉིས་ཏེ། དེ་གཅིག་ཏུ་གྱུར་པའོ། །དབང་པོ་གཉིས་སྤྲད་པ་ནི་དབང་པོ་གཉིས་སྤྲད་པ་སྟེ། ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པར་མོས་པར་བྱ་ཞེས་བྱ་བའི་དོན་

ཏོ། །དེ་ཡི་སྲོག་ནི་མ་རུངས་འགྱུར། །ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་དེའི་སྡུག་བསྔལ་ངེས་པར་བཅོམ་ནས། བདག་ཉིད་ལྷ་མོར་གྱུར་པར་མཐོང་བའོ། །དེ་སྐད་དུ་ཡང་། དབང་པོ་གཉིས་ནི་སྙོམས་འཇུག་པས། །ཡན་ལག་ཀུན་ལ་ཡོངས་སུ་འཁྱུད། །གང་ཞིག་ཧཱུཾ་ནི་སྦྱོར་བྱེད་

པས། །དེ་ཡི་སྡུག་བསྔལ་ཉམས་པར་འགྱུར། །རྡོ་རྗེ་ཁྲོ་བོ་རབ་དྲག་འཛིན། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །དེ་ནི་ཁྲོ་བོའི་སྐུ་གང་ཡིན། །གཅིག་ཏུ་བདག་ནི་གསང་བ་མཚུངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་འང་རུང་། །བདག་ཉིད་དང་ནི་མཚུངས་པ་རུ། །ལུས་ནི་ཡང་

དག་སྦྱོར་བས་ན། །དབང་གཉིས་སྙོམས་འཇུག་བརྗོད་པར་བྱ། །སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། རྡོ་རྗེ་ཁྲོ་བོའམ། སེམས་ཅན་གཞན་དེའི་ལུས་གང་ཡིན་པ་དང་། བདག་གི་ལུས་གང་ཡིན་པ་དང་མཚུངས་པའི་ཤེས་པ་གང་ཡིན་པ་འདི་ནི་དབང་པོ་གཉིས་སྙོམས་

Vol. 57 · folio 272b

པར་འཇུག་པ་ཞེས་བྱ་སྟེ། ཡང་ན་རྣམ་པར་བསྒོམ་པ་ཡིས། །ཇི་སྐད་བཤད་བཞིན་ཡན་ལག་འཁྱུད། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །དཔུང་པ་དམ་པོར་བསྡམ་པར་བྱ། །ཡན་ལག་ཀུན་ལ་ཡོངས་འཁྱུད་པས། །སངས་རྒྱས་བྱང་ཆུབ་འགྲུབ་པར་འགྱུར། །དབང་པོ་གཉིས་ནི་

སྙོམས་འཇུག་པ། །འདོད་པའི་འདོད་ཆགས་རྟག་མི་བྱ། །འདི་དང་མཚུངས་པར་བསྒོམ་པ་ནི། །མཚུངས་པ་ཉིད་ནི་དབང་པོ་ཡིན། །ཞེས་གསུངས་སོ། །ཧཱུཾ་ཞེས་བྱ་བར་ལྡན་པ་ཡིས། །མཆུ་སྤྲད་སོས་ནི་མཆུ་བཟུང་ནས། །ཞེས་བྱ་བ་ནི། གང་གིས་སེམས་ཅན་འགུགས་པར་འདོད་པའི་

ཡིད་ཀྱིས་རང་གི་སོ་ཡིས་མཆུ་བཟུང་ནས་མཆུ་སྤྲད་པར་བྱའོ། །སྦྱོར་བ་གང་གིས་ཤེ་ན། ཧཱུཾ་ཞེས་བྱ་བར་ལྡན་པ་ཡིས། །ཞེས་བྱ་བ་སྨོས་ཏེ། ཁྲོ་བོའི་སྦྱོར་བ་ལ་དབང་པོ་གཉིས་སྙོམས་པར་འཇུག་པ་ཞེས་སོ། །དེ་ཡིས་དབང་པོ་གཉིས་སྙོམས་པར་འཇུག་པ་ནི། ཧཱུཾ་མཛད་ཀྱི་སྦྱོར་བས་

བསྒྲུབ་པར་བྱ་བ་དང་། མཆུ་སྤྲད་ནས་སོ་ཡིས་མཆུ་བཟུང་བར་བསྒོམས་ཤིང་བཟླས་པ་བྱས་ཏེ། སྒྲུབ་པ་པོའི་གདོང་དེ་ལ་མངོན་དུ་ཕྱོགས་ཞེས་བྱ་བའི་ཐ་ཚིག་སྟེ། མདུན་དུ་འགྲོ་བའི་དོན་གྱི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོའི་རྣལ་འབྱོར་བྱས་ནས་

གནོད་སྦྱིན་མོ་ལ་སོགས་པའི་སེམས་ཅན་མདུན་དུ་གནས་པར་བདག་གིས་ཡིད་ལ་བསམས་ལ། ཡིད་ཀྱིས་སེམས་ཅན་དེ་ལ་འཁྱུད་པའི་སྦྱོར་བས་མཆུ་སྤྲད་ནས། སོས་མཆུ་བཟུང་བས་མཆོག་ཏུ་ཡིད་བདེ་བ་དང་དགའ་བ་ཐོབ་པས་བཀུག་ནས་བཀའ་བསྒོས་ན་རྣལ་འབྱོར་མ་དེའི་དབང་

དུ་འགྱུར་རོ། །ཧཱུཾ་ཞེས་སྦྱོར་བ་གང་ཡིན་པ། །དེ་ནི་བདེ་བ་མྱོང་བར་འགྱུར། །ཞེས་བྱ་བ་ནི། ཁྲོ་བོ་གང་ཡང་རུང་བ་ཞིག་གི་སྙོམས་པར་འཇུག་པ་བྱས་ནས། ཡི་གེ་ཧཱུཾ་ཞེས་བྱ་བའི་སྔགས་སྦྱར་ཞིང་ཡི་གེ་ཧོཿས་བདེ་བ་རྗེས་སུ་མྱོང་བ་བསྐུལ་ནས། དབང་པོ་གཉིས་སྙོམས་པར་འཇུག་པ་

འདིས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་དབང་དུ་གྱུར་ནས། དེ་ནི་སྒྲུབ་པ་པོ་དང་བྲལ་ན་སྡུག་བསྔལ་ཐོབ་པའོ། །ཁྲོ་བོ་འདོད་པའི་རྒྱལ་པོའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་ཁྲོ་བོ་འདོད་པའི་རྒྱལ་པོ་ཇི་སྐད་བཤད་པའི་ཞལ་བཞི་ཕྱག་བརྒྱད་པའི་གཟུགས་ཅན་དང་གཅིག་ཏུ་གྱུར་པར་

Vol. 57 · folio 273a

བསྒོམས་ནས། ཧཱུཾ་ཧོཿཞེས་བྱ་བའི་སྔགས་བརྗོད་པས་སྔར་བཤད་པའི་འཇུག་པའི་སྦྱོར་བས་བཅུག་ལ། བསྒྲུབ་པར་བྱ་བ་དང་། ལྷན་ཅིག་ཏུ་གྱུར་པར་བདག་གིས་བསམས་པས། བསྒྲུབ་པར་བྱ་བའི་ལུས་ལ་ཉེ་བར་རྗེས་སུ་མྱོང་བར་འགྱུར་ཞིང་བསྒྲུབ་པར་བྱ་བ་མཆོག་ཏུ་བདེ་བ་

དང་ཡིད་བདེ་བ་ཐོབ་པའོ། །སྒྲུབ་པ་པོ་སྐད་ཅིག་ཙམ་ཡང་ཡོངས་སུ་མི་སྤོང་བ་གང་ཡིན་པ་དེས་སྤང་ན་སྡུག་བསྔལ་ཐོབ་པར་འགྱུར་རོ། །ཧཱུཾ་ཞེས་བྱ་བར་གང་སྦྱོར་ཞིང་། །ཞེས་བྱ་བ་ནི། ཡི་གེ་ཧཱུཾ་གིས་ཡན་ལག་ཐམས་ཅད་བཙིར་བར་བྱའོ། །རྣལ་འབྱོར་པས་བསྒྲུབ་པར་བྱ་བའི་ལུས་དང་

རང་གི་ལྷ་གཅིག་ཏུ་གྱུར་པར་བྱའོ། །དབང་པོ་གཉིས་ནི་སྤྲད་ནས་ཀྱང་། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བསྒྲུབ་པར་བྱ་བ་དེའི་ལུས་ལ་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོ་

གང་ཡང་རུང་བའི་རྣལ་འབྱོར་བྱས་ལ། བུད་མེད་དམ་སྐྱེས་པའི་ལུས་ཀྱི་གསང་བའི་གནས་ནས་ཞུགས་པར་ཡིད་ཀྱིས་བསམས་ལ། དེའི་ལུས་ལ་ཞུགས་ནས་མཉམ་པར་སྤྲོས་ལ། སྔ་མ་བཞིན་དུ་ཟླ་བ་གསུམ་དུ་བསྒོམས་ནས། གསང་བའི་ཁྲོ་བོའི་ཡེ་ཤེས་བསྒྲུབ་པ་དེས་ལས་

རྣམས་བྱེད་པར་འགྱུར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་དངོས་གྲུབ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་བཤད་པའི་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བསྐྱེད་དེ་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་། སྒྲུབ་པ་པོ་

རྣམས་འབྲས་བུ་ལ་སྤྲོ་བ་སྐྱེད་པར་བསྟན་པའི་ཕྱིར། དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་གསུངས་ཏེ། དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པ་བསྟན་

པའི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ། །འདི་རྣམ་པར་རྒྱལ་བས་ན་རྒྱལ་བ་སྟེ། འཇིག་རྟེན་གསུམ་ལས་རྒྱལ་བས་ན་རྒྱལ་བའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དེའི་དཀྱིལ་འཁོར་ཆེན་པོ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words