དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) སརྦ་ཏ་ཐཱ་ག་ཏ་ཏཏྟྭ་སྃ་གྲ་ཧ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་ནཱ་མ་ཏནྟྲ་ཏཏྟྭ་ཨཱ་ལོ་ཀ་ཀཱ་རི་ནཱ་མ་བྱཱ་ཁྱཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 57 · folio 113b

པའི་གདན་ཡང་དེ་ལྟ་བུ་ཉིད་ཡིན་པར་ཤེས་པར་བྱ་སྟེ། དེར་རྡོ་རྗེ་རིན་ཆེན་མ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རྩེ་མོ་རྡོ་རྗེ་རྩེ་ལྔ་པས་མཚན་པའོ། །རྡོ་རྗེ་ཆོས་མ་ནི་པདྨ་འདབ་མ་བཅུ་དྲུག་པ། མདོག་དཀར་དམར། འདབ་མ་བརྒྱད་ཐུར་དུ་གྱེས་པ། འདབ་མ་བརྒྱད་གྱེན་དུ་གྱེས་པ་ཁ་མ་བྱེ་

བའི་ནང་ན་རྡོ་རྗེ་རྩེ་ལྔ་པ་ཆུད་པའོ། །རྡོ་རྗེ་ལས་མ་ནི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཁ་དོག་ལྔ་པ་སྟེ། དེ་ལ་དབུས་ནི་དཀར་པོ། མདུན་སྔོན་པོ། གཡས་ལོགས་སེར་པོ། རྒྱབ་དམར་པོ། གཡོན་མརྒད་མདོག་ཅན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་བསྐལ་པ་བཟང་

པོའི་བྱང་ཆུབ་སེམས་དཔའི་བར་དག་ཀྱང་པདྨ་དང་ཟླ་བའི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡིན་ཏེ། རྡོ་རྗེ་སེམས་སོགས་དང་པོའི་མགོན། །རྡོ་རྗེ་ཕྱེད་པའི་གདན་ལ་བཞུགས། །ཞེས་བཤད་པའི་ཕྱིར་རོ། །དེ་ལ་རྡོ་རྗེ་སེམས་དཔའ་ནི་སྐུ་མདོག་དཀར་པོ་གཡོན་པའི་རྡོ་རྗེ་ཁུ་

ཚུར་དྲིལ་བུ་དང་བཅས་པ་བསྙེམས་པའི་ཚུལ་དུ་དཀུར་བརྟེན་པ། ཕྱག་གཡས་པ་ཁ་ཊྭཱཾ་གའི་ཕྱག་རྒྱར་བཞག་པའི་གུང་མོ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པ་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་བསྣམས་པའོ། །རྡོ་རྗེ་རྒྱལ་པོ་ནི་གསེར་གྱི་མདོག་ཅན་རྡོ་རྗེ་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་

ཅད་སྡུད་པར་མཛད་ཅིང་བཞུགས་པའོ། །རྡོ་རྗེ་ཆགས་པ་ནི་སྐུ་མདོག་དམར་པོ་མདའ་དང་གཞུས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འབིགས་པའི་ཚུལ་དུ་མཛད་པའོ། །རྡོ་རྗེ་ལེགས་པ་ནི་མརྒད་ཀྱི་མདོག་ཅན་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་དང་བཅས་པས་ལེགས་སོ་ཞེས་བྱ་བ་སྦྱིན་པའི་

ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་བཞུགས་པའོ། །རྡོ་རྗེ་རིན་ཆེན་སྐུ་མདོག་སེར་པོ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རིན་པོ་ཆེའི་དྲིལ་བུ་བསྣམས་ཤིང་བསྙེམས་པའི་ཚུལ་གྱིས་བཞུགས་པ། གཡས་པའི་ཁུ་ཚུར་གྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྩེ་མོ་

རྡོ་རྗེ་རྩེ་ལྔ་པས་མཚན་པ་དཔྲལ་བའི་སྟེང་ན་བསྣམས་པའོ། །རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན་ཕྱག་གཡས་ན་རྡོ་རྗེ་ཉི་མའི་དཀྱིལ་འཁོར་བསྣམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྣང་བ་མཛད་པ། ཕྱག་གཡོན་པ་གདན་ལ་བརྟེན་ནས་བཞུགས་པའོ། །རྡོ་རྗེ་རྒྱལ་མཚན་ནམ་མཁའི་

Vol. 57 · folio 114a

མདོག་ཅན་ཕྱག་གཡས་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཕྱག་གཡོན་གདན་ལ་བརྟེན་པར་བཞུགས་པའོ། །རྡོ་རྗེ་བཞད་པ་དུང་དང་པདྨའི་རྩ་བ་ལྟར་དཀར་བ། ཕྱག་གཡས་ཀྱིས་སོའི་ཕྲེང་བ་གཉིས་ཀྱི་རྩེ་མོ་ན་རྡོ་རྗེ་ཡོད་པ་བསྣམས་ཏེ། དེ་བཞིན་གཤེགས་པ་རྣམས་

འཛུམ་པ་ལ་ངེས་པར་སྦྱོར་བ། ཕྱག་གཡོན་གདན་ལ་བརྟེན་པས་བཞུགས་པའོ། །རྡོ་རྗེ་ཆོས་མ་སྐུ་མདོག་དཀར་དམར་ཕྱག་གཡོན་པ་དཀུར་བརྟེན་པས་རྡོ་རྗེ་པདྨ་བཟུང་སྟེ། ཕྱག་གཡས་པས་དེའི་འདབ་མ་རང་གི་ཐུགས་ཀར་འབྱེད་པའོ། །རྡོ་རྗེ་རྣོན་པོ་ནམ་མཁའ་ལྟར་སྔོ་བསངས་ཕྱག་གཡོན་

གྱིས་རང་གི་ཐུགས་ཀར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པ། གཡས་ཀྱིས་རལ་གྲི་བསྣམས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པའི་ཚུལ་གྱིས་ཡང་དག་པར་བཞུགས་པའོ། །རྡོ་རྗེ་རྒྱུ་གསེར་གྱི་མདོག་ཅན་ཕྱག་གཡས་ཀྱི་གུང་མོའི་རྩེ་མོ་ན་

འཁོར་ལོ་རྩིབས་བརྒྱད་པ་བསྐོར་བར་མཛད་པ། གཡོན་པ་གདན་ལ་བརྟེན་ནས་བཞུགས་པའོ། །རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག་ཅན་ཕྱག་གཡས་ཀྱིས་རྡོ་རྗེ་ལྕེ་བསྣམས་ནས། དེ་བཞིན་གཤེགས་པ་རྣམས་དང་སྨྲ་བར་མཛད་ཅིང་། གཡོན་གདན་ལ་བརྟེན་པའི་ཚུལ་གྱིས་བཞུགས་པའོ། །

རྡོ་རྗེ་ལས་ཞལ་དཀར་པོ། རྐེད་པའི་བར་དང་ཕྱག་གཉིས་སྔོ་སྐྱ། ལྷག་མ་མདོག་སྔོ། ཞལ་གྱི་འོག་ལོགས་ནས་རྐེད་པའི་བར་དུ་དམར་སྐྱ། བརླ་གཉིས་སེར་སྐྱ། ལྷག་མ་བྱིན་པ་གཉིས་ནས་ཞབས་ཀྱི་བར་དུ་དཀར་པོ། ཕྱག་གཡོན་གྱི་རྡོ་རྗེ་ཁུ་ཚུར་གྱིས་སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་

བཅས་པ་བསྙེམས་པའི་ཚུལ་གྱིས་འཇོག་པ། ཕྱག་གཡས་ཀྱི་གུང་མོ་ལ་སྣ་ཚོགས་རྡོ་རྗེ་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་བསྣམས་པའོ། །རྡོ་རྗེ་སྲུང་བ་གསེར་གྱི་མདོག་ཅན་ཕྱག་གཉིས་ཀྱིས་རྡོ་རྗེ་གོ་ཆ་བསྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གོ་བསྐོན་པའི་ཚུལ་གྱིས་

ཞུགས་པའོ། །རྡོ་རྗེ་གནོད་སྦྱིན་སྐུ་མདོག་ནག་པོ་ལྟོ་བ་ཡངས་པ། ཞལ་གྱི་མཆེ་བ་གཙིགས་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཞལ་གྱི་མཐའ་གཉིས་སུ་མཆེ་བ་གཉིས་འཛིན་ཅིང་བཞུགས་པའོ། །རྡོ་རྗེ་ཁུ་ཚུར་སྐུ་མདོག་སེར་པོ་དམ་ཚིག་གི་ཁུ་ཚུར་གཉིས་ཀྱི་ནང་དུ་རྡོ་རྗེ་ཆུད་པ། དམ་ཚིག་གི་ཁུ་

Vol. 57 · folio 114b

ཚུར་གྱིས་བཙིར་ཞིང་བཞུགས་པའོ། །སྒེག་མོ་སྐུ་མདོག་དཀར་བ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ཏེ། རྡོ་རྗེ་འགྱིང་བའི་ཚུལ་གྱིས་སྒེག་པས་གཡོན་དུ་ཅུང་ཟད་འདུད་པའོ། །ཕྲེང་བ་མ་སྐུ་མདོག་སེར་པོ། རིན་པོ་ཆེའི་ཕྲེང་བས་དེ་བཞིན་གཤེགས་པ་རྣམས་

ཚིམ་པར་མཛད་པའོ། །གླུ་མ་སྐུ་མདོག་དམར་སྐྱ་པི་ཝང་བརྡུང་བའོ། །གར་མ་སྐུ་མདོག་རྡོ་རྗེ་ལས་ལྟ་བུ་རྡོ་རྗེ་རྩེ་གསུམ་པ་བསྣམས་ཏེ། ཕྱག་གཉིས་ཀྱིས་གར་མཛད་ཅིང་བཞུགས་པའོ། །བདུག་པ་མ་སྐུ་མདོག་དཀར་མོ་རྡོ་རྗེ་སྤོས་སྣོད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཚིམ་པར་མཛད་པའོ། །

མེ་ཏོག་མ་སྐུ་མདོག་སེར་མོ་ཕྱག་གཡོན་གྱིས་རྡོ་རྗེ་མེ་ཏོག་གི་སྣོད་ཐོགས་ཏེ། ཕྱག་གཡས་ཀྱིས་མེ་ཏོག་གི་ཆར་འབེབས་པར་མཛད་པའོ། །མར་མེ་མ་སྐུ་མདོག་དམར་སྐྱ་མར་མེའི་སྡོང་བུ་བསྣམས་ཏེ། སྣང་བའི་ཚོགས་ཀྱིས་མཆོད་པར་མཛད་པའོ། །བྱུག་པ་མ་གར་མ་ལྟར་སྣ་ཚོགས་པའི་མདོག་

ཅན་ཕྱག་གཡོན་དྲིའི་དུང་ཆོས་བསྣམས་ཏེ། ཕྱག་གཡས་ཀྱིས་དྲིའི་སྤྲིན་གྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་བཞུགས་པའོ། །རྡོ་རྗེ་ལྕགས་ཀྱུ་སྐུ་མདོག་དཀར་པོ་རྡོ་རྗེ་ལྕགས་ཀྱུས་དེ་བཞིན་གཤེགས་པ་རྣམས་སྤྱན་འདྲེན་པར་མཛད་པའོ། །རྡོ་རྗེ་ཞགས་པ་སྐུ་མདོག་སེར་པོ་

རྡོ་རྗེ་ཞགས་པས་དེ་བཞིན་གཤེགས་པ་རྣམས་གཞུག་པར་མཛད་པའོ། །རྡོ་རྗེ་ལྕགས་སྒྲོག་སྐུ་མདོག་དམར་སྐྱ་རྡོ་རྗེ་ལྕགས་སྒྲོག་གིས་དེ་བཞིན་གཤེགས་པ་རྣམས་འཆིང་བར་མཛད་པའོ། །རྡོ་རྗེ་འབེབས་པ་སྣ་ཚོགས་པའི་མདོག་ཅན་ཕྱག་གཡས་ཀྱིས་རྡོ་རྗེ་དྲིལ་བུ་བསྣམས་ཏེ། དེ་བཞིན་

གཤེགས་པ་རྣམས་འབེབས་པར་མཛད་པ། ཕྱག་གཡོན་གདན་ལ་བརྟེན་ཏེ་བཞུགས་པའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ནི་ཞི་བའི་ཉམས་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞི་བའི་གཟིགས་སྟངས་དང་། འཛུམ་པ་དང་བཅས་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་

པ་ནི་རབ་ཏུ་དགྱེས་པས་སྤྱན་གདངས་པ། སྒེག་པའི་ཉམས་དང་འཛུམ་པ་དང་བཅས་པ། སངས་རྒྱས་ལྔའི་ཅོད་པན་དང་དར་དཔྱངས་ཀྱིས་དབང་བསྐུར་བ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །བྱམས་པ་ལ་སོགས་པ་ཤར་གྱི་ཆ་ལ་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བར་རྡོ་རྗེ་བསྣམས་

Vol. 57 · folio 115a

པའོ། །ལྷོར་ནི་རྡོ་རྗེ་རིན་ཆེན་དང་འདྲ་བར་རིན་པོ་ཆེ་བསྣམས་པའོ། །ནུབ་ཏུ་ནི་རྡོ་རྗེ་ཆོས་དང་འདྲ་བར་རྡོ་རྗེ་པདྨ་བསྣམས་པའོ། །བྱང་དུ་ནི་རྡོ་རྗེ་ལས་དང་འདྲ་བར་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །ཁྱད་པར་ནི་འདི་ཡིན་ཏེ། འདི་ལྟར་རིན་པོ་ཆེའི་ཅོད་པན་དང་དར་

དཔྱངས་ཀྱི་དབང་བསྐུར་བ་མངའ་བ་ཡིན་ནོ། །ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨཱ་ཏེ་མ་ཧཱ་ནཱ་ཡ་པ་རི་བཱ་རེ་སྭཱ་ཧཱ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་རྣམས་ཀྱི་སྤྱིའི་རིག་པ་ཡིན་ནོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དཀྱིལ་འཁོར་ལེགས་པར་བཀོད་ནས། ཕྱི་རོལ་

ཀུན་དུ་སྤོས་ཆུས་བྱུག་ཅིང་མེ་ཏོག་སིལ་མ་བཀྲམ་ལ་དགོངས་ཀའི་དུས་སུ། བཛྲ་སཏྭ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བཟུང་ལ། རྡོ་རྗེ་ཤུགས་ཀྱི་དཀྱིལ་འཁོར་དུ་ཞུགས་ལ། ཡང་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་དཀྱིལ་འཁོར་ལན་བདུན་

བསྐོར་བ་བྱས་ལ། དཀྱིལ་འཁོར་ཐམས་ཅད་ཀྱི་ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བལྟས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྲེང་བ་དེ་ཕུལ་ཏེ། རྡོ་རྗེའི་གར་བྱས་ཏེ། བླངས་ལ་རང་གི་མགོ་ལ་བཅིང་བར་བྱའོ། །བཛྲ་སཏྭ་ཧཱུཾ་ཞེས་བྱ་བ་བར་མ་ཆད་པར་བཟླས་པར་

བྱའོ། །དེ་ཡང་། རྡོ་རྗེ་དྲིལ་བུ་རབ་བསྐོར་བས། །མཁས་པས་མ་ཚང་ཡོངས་སུ་སྐོང་། །ལྷག་པ་གང་ཡིན་འདོར་བར་བྱེད། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེའི་རྗེས་ལ་ཡི་གེ་ཧཱུཾ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམ་པར་བྱའོ། །དེ་ནས་དབུས་སུ་

འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རྡོ་རྗེ་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །ཨོཾ་བཛྲོ་ཏྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ། ཕྱག་རྒྱ་དང་ལྡན་པས་དཀྱིལ་འཁོར་གྱི་སྒོ་ཐམས་ཅད་དབྱེ་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་

ཆེན་པོ་བྱས་ནས། རྣམ་པར་རྒྱལ་བའི་བུམ་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པ་ལ། རྡོ་རྗེ་དང་བཅས་པའི་མེ་ཏོག་གི་ལྕུག་མ་རྡོ་རྗེ་སེམས་མས་ཡོངས་སུ་བཟུང་བ་ལས། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བྱ་བ་འདི་ལན་བརྒྱ་རྩ་བརྒྱད་བཟླས་ལ། ཡང་བཛྲོད་ཀ་ཧཱུཾ་ཞེས་སྟོང་རྩ་བརྒྱད་མངོན་པར་

Vol. 57 · folio 115b

བཟླས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྱན་སྔར་ལེགས་པར་གཞག་གོ། །བུམ་པ་ལྷག་མ་རྣམས་ལ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་གཞག་པར་བྱའོ། །དེའི་རྗེས་ལ་བུམ་པ་གང་བ་ལ་རྣམ་པར་སྣང་མཛད་

ལ་སོགས་པའི་སྔགས་བཟླས་ལ་གཞག་པར་བྱའོ། །ཡང་བུམ་པ་གཅིག་ལ་རྡོ་རྗེ་སེམས་དཔའ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་འཇུག་པའི་སྒོར་མངོན་པར་ཕྱོགས་པར་གཞག་གོ། །མ་འབྱོར་ན་དཔལ་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལྔ་ལ་བུམ་པ་དབུལ་བར་བྱ་སྟེ། ཨོཾ་བཛྲ་སཏྭ་

མུཥྚི་ཨཿཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ཀྱི་བུམ་པ་ལའོ། །ཨོཾ་བཛྲ་རཏྣ་མུཥྚི་ཏྲཱཾ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་བུམ་པ་ལའོ། །ཨོཾ་བཛྲ་དྷརྨྨ་མུཥྚི་ཁཾ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་རིགས་ཀྱི་བུམ་པ་ལའོ། །ཨོཾ་བཛྲ་ཀརྨྨ་མུཥྚི་ཧཾ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་ལས་ཀྱི་

རིགས་ཀྱི་བུམ་པ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བཟླས་ལ་རིགས་དེ་ལ་དབུལ་བར་བྱའོ། །དེ་བཞིན་དུ་བུམ་པ་གང་བ་ཡང་དབུལ་བར་བྱའོ། །བཅུ་ལས་ཉུང་བར་མི་བྱའོ་ཞེས་ངེས་པ་གསུངས་པ་ཡིན་པའི་ཕྱིར་རོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཡིད་ཀྱིས་མངོན་སུམ་ལྟ་བུར་མངོན་དུ་བྱས་

ལ་མཆོད་པ་ལྔ་དང་ཁ་ཟས་ཀྱི་བྱེ་བྲག་རྣམས་ཀྱིས་ཅི་ནུས་པར་ཡང་དག་པར་མཆོད་ནས། རང་གི་གདོང་ཇི་ལྟ་བ་བཞིན་དུ་གཡོགས་ཏེ་ཕྱག་བཞི་དང་སྡོམ་པ་གཟུང་བའི་བར་དུ་བྱས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། མཆོད་པ་ལྔས་མཆོད་དེ། ས་མ་ཡ་སྟྭཾ་

ཞེས་བརྗོད་ནས་སེམས་མ་རྡོ་རྗེ་མ་བཅིངས་ལ། སློབ་མ་འཇུག་པའི་ཆོ་གས་ཞུགས་ཏེ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་མ་དྲལ་ཞིང་ཨཱཿཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །ཇི་ལྟ་བར་ནི་བཀའ་ནོད་དོ། །ཞེས་བྱ་བ་ལ། དེ་ལ་ཇི་ལྟ་བར་ཞེས་བྱ་བའི་སྒྲའི་དོན་ནི་

འདི་ཡིན་ཏེ། དེ་ལྟར་བདག་ཉིད་ལ་དབབ་པ་དང་། མེ་ཏོག་དོར་བ་དང་། ཕྲེང་བ་བཅིང་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བསྟན་པ་དང་། ཡང་སེམས་མ་རྡོ་རྗེ་མ་བཅིངས་ཏེ། རང་གི་སྙིང་གར་བཀྲོལ་བས་ཀྱང་དབབ་པ་ཉེ་བར་བསྡུ་བ་དང་། དབང་བསྐུར་བ་

Vol. 57 · folio 116a

ཐམས་ཅད་བླང་བ་བྱས་ནས་དམ་ཚིག་གསུམ་གཟུང་བའི་ཕྱིར་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་གཟུང་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལས་སྔགས་མནོས་ལ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། བདག་ཉིད་ལ་མཆོད་པ་བྱས་ནས། བདག་ཀུན་དུ་

བཟང་པོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རང་གི་དབང་བསྐུར་བའི་མིང་ནས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་བསྒྲུབ་བགྱི་བ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་རྣམ་པར་སྣང་མཛད་ཀྱི་གནས་སུ། བཛྲ་དྷཱ་ཏུ་ཨ་ཞེས་བྱ་བས་དེ་བཞིན་གཤེགས་པའི་རྡོ་རྗེར་བདག་ཉིད་

བསམས་ལ། རྡོ་རྗེ་དེ་བཛྲོ྅ཧཾ་ཞེས་བསྒོམས་ལ། དེ་ཉིད་ལ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཧཾ་ཞེས་བསྒོམས་ཏེ། རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམ་པར་བྱ་བ་ནས་དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྡོ་རྗེ་འབེབས་པའི་གནས་སུ་བཛྲ་ཨཱ་བེ་ཤ་ཨཿཞེས་

བྱ་བས་རྡོ་རྗེ་དྲིལ་བུར་བདག་ཉིད་བསམས་ལ། བཛྲ་གྷ་ཎྚོ྅ཧཾ་ཞེས་བྱ་བས་དྲིལ་བུའི་རྣམ་པར་བསྒོམས་ཏེ། དེ་ཉིད་བཛྲ་ཨཱ་བེ་ཤོ྅ཧཾ་ཞེས་བྱ་བས་རྡོ་རྗེ་འབེབས་པའི་བར་བདག་ཉིད་བསྒོམ་པར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་དེས་རྡོ་རྗེ་སྒྲུབ་པར་འགྱུར་རོ། །གནས་སྐབས་འདིར་མཚན་མའི་

ཕྱག་རྒྱ་ཉིད་ལ་རྡོ་རྗེ་སྒྲར་བཤད་པ་ཡིན་ནོ། །གང་གི་ཕྱིར་རྒྱུད་འདིར་མཚན་མའི་ཕྱག་རྒྱ་ནི་རྡོ་རྗེའི་དཀྱིལ་འཁོར་དུ་བཤད་ལ། དེ་བས་ན་མཚན་མའི་ཕྱག་རྒྱ་ཐམས་ཅད་ལ་རྡོ་རྗེ་ཞེས་བྱ་བར་ཐེ་ཚོམ་མེད་དོ། །རྡོ་རྗེ་སེམས་དཔའི། རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ་

སྔར་བཤད་པའི་བསྡུ་བའི་ཕྱག་རྒྱ་བཅིངས་ལ་རྡོ་རྗེ་སེ་གོལ་བརྡབས་པའི་སྒྲ་བྱེད་ཅིང་། ཨོཾ་བཛྲ་ཛཿབཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ། ཞེས་ཟློས་ཤིང་རྣམ་པར་སྣང་མཛད་ལ་སོགས་པ་ནས་བསྐལ་པ་བཟང་པོའི་བར་གྱི་སངས་རྒྱས་ཐམས་ཅད་བསྡུ་བར་བྱའོ། །དེ་ཚེ་སངས་རྒྱས་ཐམས་ཅད་ནི། །

ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ཏེ་དེ་རྣམས་ཀྱིས་དེ་ཡང་དག་པར་གང་བས་ན་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་བསྐལ་པ་བཟང་པོའི་བར་གྱི་རྡོ་རྗེ་དབྱིངས་ཀྱི་ཁང་པ་བརྩེགས་མ་

Vol. 57 · folio 116b

ན་བཞུགས་པའི་སངས་རྒྱས་ཐམས་ཅད་འདུས་པར་མཛད་དེ། རྡོ་རྗེ་སློབ་དཔོན་གྱིས་བརྟགས་པའི་དཀྱིལ་འཁོར་དབྱེ་བ་མཐའ་ཡས་པའི་གཞལ་ཡས་ཁང་དུ་བཞུགས་ཏེ། ཀུན་ནས་ཡོངས་སུ་བསྐོར་བའི་ཚུལ་གྱིས་འདུས་པར་གྱུར་ཅིང་། ཚོགས་པར་མཛད་དོ་ཞེས་བྱ་བའི་བར་དུའོ། །དེ་

ནས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། བསྡུས་པར་གྱུར་པའི་རྗེས་ཐོགས་ཉིད་ལ་ཕྱག་བྱ་བ་ལ་སོགས་པ་བྱས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདུས་པར་གྱུར་པའི་སྐུའི་གསང་བ་ཕྱག་རྒྱ་ཆེན་པོའི་ཚུལ་སྒོམ་པར་བྱེད་ཅིང་འདུས་ནས་བྱོན་པ་ལ་པུས་མོ་གཉིས་ཀྱི་ལྷ་ང་ས་ལ་

བཙུགས་ལ། རྡོ་རྗེ་ཐལ་མོ་བསྐོར་ནས་ཤིས་པ་བརྗོད་པའི་ཚུལ་དུ་སྙིང་གར་འཇོག་པ་དང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པའི་མཚན་བརྒྱ་རྩ་བརྒྱད་པ་བརྗོད་པར་བྱའོ། །དེ་ནས་དགྱེས་པར་གྱུར་པས་ན། འདུས་པའི་དེ་བཞིན་གཤེགས་པ་རྣམས་བསྟན་པར་

གྱུར་ཅིང་མི་ཕྱེད་པར་འགྱུར་རོ། །གྲོགས་པོ་ཉིད་དུ་ཉེ་བར་གནས། །ཞེས་བྱ་བ་ནི་གྲོགས་པོ་ལྟར་སྒྲུབ་པ་པོ་ལ་དཀྱིལ་འཁོར་གྱི་དངོས་གྲུབ་སྩོལ་བར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་རྣམས་ནི་གཞག་པར་བགྱི། །ཞེས་བྱ་བར་སྦྱར་ཏེ། དེ་ནས་

མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་རྗེས་ཐོགས་ལ་སྔ་མ་བཞིན་དུ་སྒོ་དབྱེ་བ་བྱས་ནས། རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་རྣམ་པར་སྣང་མཛད་དང་། མི་བསྐྱོད་པའི་རིགས་བཀུག་ལ་ཤར་སྒོར་གཞག་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་རིགས་ནི་ལྷོ་སྒོ་དང་ཉེ་བར་རོ། །འོད་དཔག་ཏུ་མེད་པའི་

རིགས་ནི་ནུབ་སྒོ་དང་ཉེ་བར་རོ། །དོན་ཡོད་པར་གྲུབ་པའི་རིགས་ནི་བྱང་སྒོ་དང་ཉེ་བར་གཞག་པར་བྱའོ། །རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱས་རང་རང་གི་སྒོ་ནས་རང་རང་གི་གནས་སུ་གཞུག་པར་བྱའོ། །རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱས་ཐམས་ཅད་བཅིང་བར་བྱའོ། །རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱས་

རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་དབང་དུ་བྱའོ། །ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །དམ་ཚིག་རྣམས་ནི་གཞག་པར་བགྱི། །ཞེས་བྱ་བ་ནི་ལས་ཀྱང་དེ་ཡིན་ལ་ཆེན་པོ་ཡང་ཡིན་པས་ལས་ཆེན་ཏེ། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ལས་སུ་བཤད་པ་གང་ཡིན་

Vol. 57 · folio 117a

པ་དེ་ནི་ལས་ཆེན་ཏེ། དེ་རྣམས་ལ་དེའི་མཚན་མ་མཆོག་སྟེ་དམ་པའོ། །ལས་ཆེ་མཆོག་ཀྱང་ཡིན་ལ་ཕྱག་རྒྱ་ཡང་ཡིན་པས་ལས་ཆེ་མཆོག་གི་ཕྱག་རྒྱ་སྟེ། རྡོ་རྗེ་རྩེ་མོ་ལ་སོགས་པ་ལས་གསུངས་པ་ལེགས་པར་དྲངས་པ་ཡིན་ནོ། །དེ་ལ་སྒྲུབ་པའི་ཡན་ལག་བཅུ་དྲུག་ཏུ་

བསྟན་པ་ནི། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་དང་། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་

དང་། རིག་པའོ། །འདི་དག་ནི། རྣམ་པར་སྣང་མཛད་ལ་སོགས་པ་རེ་རེ་ཞིང་སོ་སོར་བསྒྲུབ་པར་བྱ་བའི་ཕྱིར་གསུངས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་བསྒྲུབ་པ་ནི་ཕྱག་རྒྱ་བཞིར་བསྟན་པ་ཉིད་ནི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཞེས་བྱའོ་ཞེས་རྒྱུད་གཞན་ལས་གསུངས་པས་ན་དམ་ཚིག་དང་། ཆོས་

དང་ལས་དང་ཕྱག་རྒྱ་ཆེན་པོའི་ཚུལ་ཉིད་ལས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པས་འདའ་བར་བྱ་བ་མ་ཡིན་པས་དེའི་ཕྱིར་དམ་ཚིག་རྣམས་ཞེས་བྱའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་ཉིད་ཀྱིས་དེ་

རྣམས་གཞག་པར་བྱའོ། །དཀྱིལ་འཁོར་དུ་བྲིས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོའི་ཚུལ་རབ་ཏུ་གནས་པར་བྱ་བ་ནི་གཞག་པའོ། །དམ་ཚིག་མཆོག་གི་ཕྱག་

རྒྱ་དང་། །སེམས་དཔའི་རྡོ་རྗེ་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོས་གཞག །དེ་བཞིན་དུ། སེམས་མ་རྡོ་རྗེ་

མ་ལ་སོགས་པ་བྱེད་པ་པོར་གྱུར་པ་རྣམས་ཀྱང་བསྒྲུབ་པར་བྱ་ཞིང་བདག་ཉིད་དབང་དུ་བྱའོ། །ཅི་སྨྲ་ཞིང་ཞེ་ན། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་ཞེས་བྱ་བ་སྟེ། འདིས་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་སྤྱིའི་ཡི་གེ་བཞི་པོ་བསྒྲུབ་པའི་སྙིང་པོ་གསུངས་པ་ཡིན་ནོ། །ལ་ལ་དག་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་

Vol. 57 · folio 117b

ནི་འདི་དག་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་སྲུང་བཞིའི་ཕྱག་རྒྱའི་སྙིང་པོ་ཡིན་པར་འདོད་དོ། །ཡང་འདི་ཇི་ལྟར་ཤེས་ཤེ་ན། དགུག་པ་ལ་སོགས་པའི་དོན་གསལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །གཞན་དག་ནི། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ལ། །ལེགས་པའི་ཆོ་གའི་ཡིད་ཀྱིས་ནི། །ལུས་

ལ་སངས་རྒྱས་ཉིད་གཞུག་གོ། །ཞེས་བྱ་བ་འདིར་ཡང་ཡིན་གྱི་སྒོ་སྲུང་རྣམས་ཀྱི་སྙིང་པོ་ངེས་པར་ཡི་གེ་ཡིན་པར་ཁས་བླངས་ནས་ནི། ཨཿཞེས་བྱ་བ་དབབ་པའི་སྙིང་པོ་ཡིན་པའི་ཕྱིར་དང་། ཧོ་ཞེས་བྱ་བ་རྡོ་རྗེ་ཆགས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཉིད་ཀྱིས་དོན་

འདི་བཤད་པར་མཛད་པ་ཡིན་ཏེ། དེ་ནས་ཀུན་མཆོག་ལ་སོགས་པ། །མངོན་པར་བྲིས་ནས་ཡང་དག་བསྒྲུབ། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང་། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དོ། །ཞེས་པའོ། །དོན་འདི་དག་ཀྱང་འདིར་བསྟན་པ་ཙམ་དུ་མཛད་པ་ཡིན་གྱི། ཡང་བསྒྲུབ་པའི་གོ་རིམས་

ནི་འདི་ཡིན་ནོ། །ལྕགས་ཀྱུ་ལ་སོགས་པས་སྒོ་རྣམས་སུ་ལས་བྱས་ནས། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་དང་། ར་བ་དང་དྲ་བ་བྱས་ནས་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ་རྡོ་རྗེ་གོ་ཆས་བསྲུང་བར་བྱ་བ་ཐམས་ཅད་ཡང་དག་པར་བསྲུངས་ནས། རྡོ་རྗེ་སེམས་དཔས་མཆོད་ཡོན་ཕུལ་ལ།

དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་བལྟ་བར་བྱས་ནས། རིམ་པ་འདིས་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་

ཡ་སྟྭཾ་ཨ་ཧཾ་བཛྲ་དྷཱ་ཏུ་ཞེས་བྱ་བ་ནས། དེ་བཞིན་དུ་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བཛྲ་ཨཱ་བེ་ཤ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་བཛྲ་ཨ་བེ་ཤ་ཞེས་བྱ་བའི་བར་དུའོ། །དེ་ནས་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོས་གཞག་པར་བགྱི་ཞེས་བྱ་བ་དམ་

ཚིག་གི་ཕྱག་རྒྱ་རྣམ་པར་སྣང་མཛད་ལ་སོགས་པ་ཡང་དག་པར་བསྒྲུབས་ལ། དེའི་འོག་ཏུ་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོས་གཞག་པར་བྱའོ། །འདི་གང་ལས་ཤེས་ཤེ་ན། བཤད་པའི་རྒྱུད་ལས་སྟོན་ཏེ། དཔལ་མཆོག་དང་པོ་ལས་དམ་ཚིག་ཆེན་པོའི་སེམས་དཔའ་ལ་སོགས་པ་

Vol. 57 · folio 118a

རྣམས་ལ། ཡང་རྣལ་འབྱོར་གྱི་ཚུལ་ཐམས་ཅད་ལས། དམ་ཚིག་གི་ཕྱག་རྒྱས་ཡང་དག་པར་བསྒྲུབས་ནས། དེའི་རྗེས་ལ་ཕྱག་རྒྱ་གཞན་སྦྱར་བར་བྱའོ་ཞེས་དོན་འདི་སྟོན་ལ། རྒྱུད་འདི་ཉིད་ལས་ཀྱང་། རྡོ་རྗེ་དབབ་པ་བྱས་ནས་ནི། །ཕྱག་རྒྱ་ཆེན་པོ་ཆོ་ག་

བཞིན། །བཅིངས་ནས་དེ་ཡི་མདུན་ཕྱོགས་སུ། །སེམས་དཔའ་ཆེན་པོ་དེ་བསྒོམ་མོ། །ཡེ་ཤེས་སེམས་དཔའ་དེ་མཐོང་ནས། །རང་གི་ལུས་སུ་བསྒོམ་པར་བྱ། །བཀུག་ཅིང་བཅུག་ལ་བཅིང་བ་དང་། །དབང་དུ་བྱས་ཏེ་བསྒྲུབ་པར་བྱ། །ཞེས་གསུངས་པས། དང་པོ་ཁོ་ནར་

དམ་ཚིག་གི་ཕྱག་རྒྱ་བཅིང་བར་གསུངས་ལ་གང་གི་ཕྱིར་ཆོ་ག་བཞིན་ཞེས་བྱ་བ་འདིའི་དོན་ནི་འདི་ཡིན་ཏེ་རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱས་བདག་ཉིད་ལ་དབབ་པ་བྱས་ནས་བཛྲ་ས་ཏྭ་ཞེས་བྱ་བ་ལ་སོགས་པ་ཡིད་ལ་ཟློས་

ཤིང་ཆོས་བདག་མེད་པ་བསྒོམ་མོ། །དེ་ནས་ནི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་རོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་དག་ཀྱང་བཛྲ་ས་ཏྭ་ཞེས་བྱ་བ་ལ་སོགས་པའི་སྒྲ་དང་བཅས་པ་ལས་རྡོ་རྗེ་སྟེ་གང་ལས་དེ་བྱུང་བའོ། །གཞན་དག་ནི་རྡོ་རྗེ་ལས་བྱུང་བའི་རང་གི་མཚན་མ་

བསམ་པར་བྱའོ། །དེ་ནས་མཚན་མའི་ང་རྒྱལ་ཏེ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་ནི་དེ་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས། བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །རྡོ་རྗེ་རྒྱལ་པོ་ལ་སོགས་པ་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་རང་གི་ལྷའི་

ང་རྒྱལ་ལོ། །དེ་ནས་མ་ཧཱ་ས་མ་ཡ་སྟྭཾ་ཧཾ་ཞེས་བྱང་ཆུབ་ཀྱི་སེམས་ཀྱི་ང་རྒྱལ་བསྐྱེད་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ས་མ་ཡ་ཧཾ་ཞེས་བྱ་བས་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བའི་ང་རྒྱལ་བསྐྱེད་ནས། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། ས་མ་ཡ་ས་ཏྭ་

ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བྱ་བ་འདིས་བདག་ཉིད་བྱིན་གྱིས་བརླབས་ནས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་མདུན་དུ་རང་གི་ལྷའི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱས་མདུན་ན་བཞུགས་པའི་གཟུགས་བརྙན་ལ་ཡེ་ཤེས་

Vol. 57 · folio 118b

སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། ཡང་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བཛྲ་ས་ཏྭ་དྲྀ་ཤྱ་ཞེས་བྱ་བ་ལ་སོགས་པས་བལྟ་བ་བྱས་ནས། དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་ཛཿཧཱུཾ་བཾ་ཧོཿཞེས་ཟློས་ཤིང་གཞུག་པར་བྱའོ། །དེ་ནས་

དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། ས་མ་ཡ་སྟྭཾ་ཞེས་བརྗོད་པས། རྒྱབ་ཏུ་ཟླ་བ་གྲུབ་ནས་ནི། །ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་དོ། །དེར་བདག་སེམས་དཔའི་ལུས་སུ་བསྒོམ། བཛྲ་ས་ཏྭ་ཞེས་བྱ་བ་ལ་སོགས་པ་རང་གི་ལྷའི་སྙིང་པོ་ཡང་བརྗོད་པར་བྱའོ་ཞེས་དེ་ཁོ་ན་ཉིད་གསལ་བར་ཕྱག་

རྒྱ་ཐམས་ཅད་བཅིང་བའི་ཆོ་ག་ནི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་སྤྱིའི་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་ལས་གསུངས་པ་ཡིན་ནོ། །དེ་བས་ན་དམ་ཚིག་གི་ཕྱག་རྒྱས་ལྷ་རྣམས་བསྒྲུབ་པར་བྱས་ལ། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོས་ལྷ་རྣམས་གཞག་པར་བྱའོ། །སྐུའི་གསང་བ་ཕྱག་རྒྱ་ཆེན་པོའི་ཚུལ་དུ་

མཐར་ཐུག་པས་ལྷ་དང་ལྷ་མོ་རྣམས་བཞུགས་པ་ཡིན་ཏེ། རྒྱུད་དེས་ཀྱང་ཕྱག་རྒྱ་ཆེན་པོ་ཕྱིས་བརྟན་པར་བྱ་བའི་ལས་ཀྱི་ཕྱག་རྒྱ་ནི་མ་ཡིན་ནོ། །དེ་ནས་སངས་རྒྱས་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་སྒོ་རྣམས་སུ་ལྕགས་ཀྱུ་ལ་སོགས་པས་ལས་བྱས་

ནས། སངས་རྒྱས་ལ་སོགས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་ནས། བསྐལ་པ་བཟང་པོའི་མཐར་ཐུག་པའི་བར་གྱི་སེམས་དཔའ་ཆེན་པོ་ཀུན་བསྡུས་ཤིང་ཚོགས་པར་མཛད་པར་འགྱུར་བ་རྣམས་ཇི་ལྟ་བུ་ཡིན་ཞེ་ན། སྤྱན་དྲངས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱན་

དྲང་པ་ནི་རྡོ་རྗེ་ལྕགས་ཀྱུས་སོ། །རབ་ཏུ་གཞུག་པ་ནི་ཞགས་པས་སོ། །བཅིང་བ་ནི་ལྕགས་སྒྲོག་གིས་སོ། །དེའི་དབང་དུ་གྱུར་ཅེས་བྱ་བ་ནི་སྒྲུབ་པ་པོ་དེའི་རྡོ་རྗེ་འབེབས་པས་བབས་པར་འགྱུར་ཞིང་། རྣམ་པར་སྣང་མཛད་ལ་སོགས་པ་རང་དབང་དུ་གྱུར་པའོ། །གང་གི་ཕྱིར་དེ་ལྟར་ཡིན་

པ་དེ་བས་ན། སྒོ་རྣམས་ཐམས་ཅད་དུ། ལྕགས་ཀྱུ་ལ་སོགས་པའི་ལས་བགྱིས་ནས་ཞེས་བྱའོ། །དེ་ནས་བཛྲ་རཏྣ་ཞེས་བརྗོད་ཅིང་། རྡོ་རྗེ་རིན་ཆེན་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེས་དེ་བཞིན་གཤེགས་པ་རྣམས་དབང་བསྐུར་བ་དང་། བྱམས་པ་ལ་སོགས་པ་ཡང་དེ་ཉིད་

Vol. 57 · folio 119a

ཀྱིས་དབང་བསྐུར་བར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་སངས་རྒྱས་ལྔའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་ཡོན་ཕུལ་ལ། རས་ཟུང་འབུམ་མམ།

ཁྲི་འམ། རས་ཟུང་སྟོང་ངམ། རྣམ་པར་སྣང་མཛད་ལ་སོགས་པ་རེ་རེ་ཞིང་རས་ཟུང་རེ་འམ། སོ་སོར་མ་འབྱོར་ན་ཐམས་ཅད་ཀྱི་སྤྱིར་རས་ཟུང་གཅིག་དང་། བླ་རེ་རྣམ་པ་སྣ་ཚོགས་པ་དང་། གྲྭ་བཞིར་བ་དན་སྣ་ཚོགས་གདགས་པ་དང་། གདུགས་དང་། རྒྱལ་མཚན་དང་།

བ་དན་རྣམས་ཀྱང་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སེམས་དཔའ་དང་། ཡི་གེ་ཨོཾ་ལན་བདུན་བཟླས་ཏེ། ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བས་མེ་ཏོག་གི་ཤིང་བརྒྱ་འམ། མེ་ཏོག་གི་ཤིང་བཞི་འམ། མེ་ཏོག་ཐམས་ཅད་ལ་ཡང་། རྡོ་རྗེ་མེ་དང་། མེ་ཏོག་

གི་རིག་པ་མངོན་པར་བཟླས་ནས། དྲི་ཞིམ་པོ་ཐམས་ཅད་དང་། ཁ་ལ་བསྒོ་བའི་དྲི་རྣམས་ཡང་རྡོ་རྗེ་སེམས་མ་དང་། དྲིའི་རིག་པ་དག་བཟླས་པ་དང་། ག་པུར་དང་། ཨ་ཀ་རུ་དང་ཏུ་རུ་སྐ་དང་ཙནྡན་ལ་སོགས་པ་དང་བཅས་པ་བདུག་སྤོས་ཀྱི་དོན་དུ་སྦྱར་བ་གཏུལ་བའི་སྤོས་སྣོད་འབུམ་མམ།

ཁྲི་འམ། སྤོས་སྣོད་སྟོང་ངམ། བརྒྱ་འམ། མ་འབྱོར་ན་སྤོས་སྣོད་བཅུ་ལ། རྡོ་རྗེ་མེ་དང་། བདུག་པའི་རིག་པ་མངོན་པར་བཟླས་ཏེ་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །སྭ་སྟི་ཀ་ལ་སོགས་པ་དང་ཡོན་ཏན་འབུམ་དང་ལྡན་པ་ཤིན་ཏུ་ལེགས་པར་སྦྱར་བའི་ཁ་ཟས་བཟའ་བ་དང་། བཅའ་

བའི་བྱེ་བྲག་རྣམ་པ་སྣ་ཚོགས་པས་གང་བའི་སྣོད་འབུམ་མམ། ཁྲི་འམ། སྟོང་ངམ། བརྒྱ་འམ། བཅུ་ལ་རྡོ་རྗེ་མེ་མངོན་པར་བཟླས་ཤིང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཅེས་བྱ་བ་བཟླས་ལ་དབུལ་བར་བྱའོ། །མར་ལ་སོགས་པ་མར་མེ་གྲངས་སྟོང་ངམ། ཐ་ན་སྣོད་

ཆེན་པོ་བཞི་བལྟམས་པ་ལ། རྡོ་རྗེ་མེ་དང་། མར་མེའི་རིག་པ་བཟླས་པ་དང་། བཛྲ་སྥ་ར་ཎ་ཁཾ་ཞེས་ཟློས་ཤིང་། ལྷའི་ཁྱད་པར་ཐམས་ཅད་ལ་དབུལ་བར་བྱའོ། །རོལ་མོའི་ཆ་བྱད་སྟོང་ངམ། རོལ་མོའི་ཆ་བྱད་བཅུ་ལ་དཔལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་

Vol. 57 · folio 119b

འཁོར་ལས་གསུངས་པའི་རོལ་མོའི་རིག་པ་མངོན་པར་བཟླས་པ་ལ། བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བས་དབུལ་བར་བྱའོ། །གར་མཁན་དང་རོལ་མོ་ལ་སོགས་པས་མཆོད་པ་རྣམས་ཀྱང་ཨོཾ་དང་ཧཱུཾ་མངོན་པར་བཟླས་ལ་དབུལ་བར་བྱའོ། །གདུ་བུ་དང་། རྣ་ཆ་དང་། དབུ་རྒྱན་དང་།

ཅོད་པན་ལ་སོགས་པ་ཡང་རྡོ་རྗེ་རིན་ཆེན་གྱི་དར་དཔྱངས་དབུལ་བར་བྱའོ། །མེ་ཏོག་གི་ཆུན་འཕྱང་གིས་སྤྲས་ཤིང་བརྒྱན་ལ། དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པ་དང་། ཟླ་བ་ཕྱེད་པས་ཉེ་བར་མཛེས་པར་བྱས་པའི་རྟ་བབས་ཡིད་དུ་འོང་བ་དྲིལ་བུ་ལ་སོགས་པ་དང་བཅས་པ་དང་། རྟ་དང་། གླང་པོ་

ཆེ་དང་། བ་ལང་གི་ཁྱུ་ཤིན་ཏུ་བརྟགས་པ་རྣམས་ཀྱང་། ཡི་གེ་ཧཱུཾ་དང་། ཨོཾ་མངོན་པར་བཟླས་ཤིང་། བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་དབུལ་བར་བྱའོ། །དེ་ནས་མཆོད་པ་བརྒྱད་དང་། ལས་ཀྱི་དཀྱིལ་འཁོར་གསུངས་པའི་མཆོད་པ་བཅུ་དྲུག་

གིས་ཡང་དག་པར་མཆོད་ལ། སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞིས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སློབ་དཔོན་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར། སེམས་ཅན་གྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་

པར་བྱའོ། །དེ་ནས་རྒྱུད་གཞན་ལས་གསུངས་པའི་ཆོ་གས་ཕྱི་རོལ་དུ་གཏོར་མ་སྦྱིན་ནོ། །དེ་ནས་སྦྱིན་སྲེག་གི་ཆོ་གས་དཔལ་རྡོ་རྗེ་སེམས་དཔའི་སྔགས་ཀྱིས་ཞི་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ལ། དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྙིང་པོས་ཀྱང་སྲེག་བླུགས་བདུན་དབུལ་

བར་བྱའོ། །དེའི་རྗེས་ལ་ཇི་སྲིད་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པའམ། སྒྲ་འམ་གཟུགས་ལ་སོགས་པའི་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་དང་བསྒོམ་པ་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེ་སློབ་དཔོན་གྱིས་དེ་བཞིན་དུ་ལས་བགྱིའོ་ཞེས་བྱ་བ་ནི།

དུམ་བུ་བཞི་པ་ལས་གསུངས་པའི་གཟུགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ། སེམས་དཔའ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་བདག་ཉིད་ཅན་གྱི་རྡོ་རྗེས་ཉེ་བར་མཚོན་པའི་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ཏེ་འདི་ནི་ཉེ་བར་མཚོན་པའི་དོན་ཙམ་དུ་ཟད་ཀྱི། རིན་ཆེན་པདྨའི་

Vol. 57 · folio 120a

སློབ་དཔོན་ལ་སོགས་པས་ཀྱང་དེ་བཞིན་དུ་ལས་བགྱིའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པའི་སློབ་མ་ནི་རྡོ་རྗེ་སློབ་མ་སྟེ། དེ་རྣམས་གཞུག་པ་ལ་སོགས་པ་བྱས་ནས། དབབ་པའི་དམ་ཚིག་ལ་

སོགས་པའི་ཆོ་ག་རྒྱས་པ་ཡིན་པས། རྡོ་རྗེ་སློབ་མའི་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་སྟེ། དེ་མཆིས་སོ་ཞེས་བྱ་བ་ནི་རྩོམ་མོ་ཞེས་བྱ་བའི་དོན་ཏེ། དེ་ལ་དང་པོར་ནི་ཞེས་བྱ་བ་ལ། དེ་ལ་གཞུག་པ་ལ་སོགས་པ་དེ་རྣམས་ཀྱི་ནང་ནས། དང་པོར་རེ་ཞིག་གཞུག་པར་

བཤད་པ་ཡིན་ནོ། །དགོས་པ་ཅི་ཞིག་གི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་ན། སེམས་ཅན་ཁམས་ལུས་པ་མེད་པ་མི་དགེ་བ་བཅུ་ལས་ལྡོག་པར་བྱ་བ་ནི་ཡོངས་སུ་བསྐྱབ་པ་སྟེ། དེས་འཇིག་རྟེན་པའི་བདེ་བ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཆོག་སྟེ།

དེ་ཉིད་ནི་རྒྱུ་སྟེ་དགོས་པ་ཡིན་ལ། དགོས་པ་དེ་ཡོངས་སུ་རྫོགས་པ་ནི་འབྲས་བུ་ཡིན་པས་ན་རྒྱུ་དང་འབྲས་བུ་ཉིད་དེ། དེའི་སླད་དུ་གང་གི་ཕྱིར་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པའི་ཕྱིར་དགོས་པ་ཡོད་པ་ཡིན་ནོ། །གང་གི་ཕྱིར་དགོས་པ་ཡོད་པ་དེ་ན། དཀྱིལ་འཁོར་ཆེན་པོ་འདིར་བཞུགས་

པ་ལ་སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པ་བརྟག་མི་འཚལ་ལོ་ཞེས་བྱ་བ་སྟེ། འདི་ནི་སྣོད་ཡིན་ནོ། །འདི་ནི་སྣོད་མ་ཡིན་ནོ་ཞེས་བྱ་བ་འདི་མི་བགྱིའོ་ཞེས་རྣལ་འབྱོར་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞུ་བར་བྱ་སྟེ། ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པ་དེ་ལྟར་འདིར་ཅིའི་ཕྱིར་མི་བྱ་བའི་

གཏན་ཚིགས་ཅི་ཞིག་ཡོད་ཅེ་ན། འདིར་རྒྱུ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས་ཏེ་ཞེས་བྱ་བ་ནི་མཚམས་མེད་པ་ལ་སོགས་པ་བྱེད་པའོ། །ཞུགས་ཏེ་མཐོང་ན་ཞེས་བྱ་བ་ནི་དཀྱིལ་འཁོར་མཐོང་བ་དང་ཞུགས་པ་ནི་ཕྱི་དང་གསང་བའི་བྱེ་

བྲག་གིས་རྣམ་པ་གཉིས་ཡོད་དོ། །ཕྱིའི་མཐོང་བ་ནི་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་ལྷ་ཐམས་ཅད་ཀྱི་སྐུ་མཐོང་བ་ནི་ཕྱིའི་ཞུགས་པ་ཡིན་ལ། སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཡིད་ཀྱི་ཡེ་ཤེས་བབས་པ་ནི་གསང་བའི་མཐོང་བ་དང་ཞུགས་པ་ཡིན་

Vol. 57 · folio 120b

ནོ། །ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་ནི་དམྱལ་བ་དང་ཡི་དགས་དང་། དུད་འགྲོ་ཞེས་བྱ་བ་ནི་ངན་སོང་དང་བྲལ་བ་སྟེ། དཀྱིལ་འཁོར་མཐོང་བ་དང་ཞུགས་པ་དག་གིས་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་ཏེ། དེ་དག་གང་དུ་འགྲོ་བའི་ལས་ཡོངས་སུ་ཟད་པར་

བྱས་པའི་ཕྱིར་རོ། །བཅོམ་ལྡན་འདས་ནོར་དང་ཞེས་བྱ་བ་ལ་སོགས་པ་ནི། རྒྱུའི་རྣམ་པ་གཞན་གཉིས་པ་སྨོས་པ་ཡིན་ཏེ་ནོར་དང་། བཟའ་བ་དང་། བཏུང་བ་དང་། འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་ཞེས་བྱ་བ་ནི་ནོར་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ནོར་ཐམས་ཅད་

དེ། རྒྱལ་སྲིད་ཁ་ཟས་རོ་བརྒྱ་པ་ལ་སོགས་པ་ནི་བཟའ་བའོ། །བཏུང་བ་ཞིམ་པོ་ལ་སོགས་པའི་བཏུང་བ་རྣམས་ནི་བཏུང་བའོ། །འདོད་པར་བྱ་བ་ཡིན་པས་ན་འདོད་པ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་མངོན་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་གོམས་

ཤིང་འདྲིས་པར་བྱེད་པས་ན་ཡོན་ཏན་ནོ། །འདོད་པ་ཡང་ཡིན་ལ་ཡོན་ཏན་ཡང་ཡིན་པས་ན་འདོད་པའི་ཡོན་ཏན་ཡིན་ནོ། །ནོར་རྣམས་དང་། བཟའ་བ་རྣམས་དང་། བཏུང་བ་རྣམས་དང་། འདོད་པའི་ཡོན་ཏན་རྣམས་ནི་ནོར་དང་། བཟའ་བ་དང་། བཏུང་བ་དང་། འདོད་པའི་ཡོན་ཏན་

ཐམས་ཅད་དེ་དེ་རྣམས་ལ་ཆགས་པ་ནི་མངོན་པར་ཞེན་པའོ། །དམ་ཚིག་ལ་ནི་དགའ་བ་དང་། །ཞེས་བྱ་བ་ནི་ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པ་སྡོམ་པ་ཡོངས་སུ་བསྲུང་བར་མི་ནུས་པས་དེ་རྣམས་ལ་མི་དགའ་ཞིང་སྡང་བའོ། །སྔར་སྤྱད་པ་ལ་སོགས་པ་མི་ནུས་པ་

ཞེས་བྱ་བ་ནི་ལྕི་བ་དང་། ཚོད་མ་དང་། ནས་ཐུག་དང་། སློང་མོ་རྒྱུ་ཞིང་ཟ་བ་ལ་སོགས་པ་སྔར་སྤྱད་པ་བཅོ་བརྒྱད་བྱེད་པར་མི་ནུས་པ་སྟེ། དེ་ལྟར་དེ་རྣམས་དང་། ནོར་དང་། བཟའ་བ་དང་། བཏུང་བ་དང་། འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་རྣམས་ཇི་ལྟར་འཚལ་བ་བཞིན་དུ་

བགྱིད་པ་ནི་ངེས་པར་སྲུང་བ་མེད་པ་ཉིད་དུ་དེ་ལ་གནས་པ་དེ་དག་ཀྱང་དཀྱིལ་འཁོར་དུ་ཞུགས་པ་དང་མཐོང་བ་གཉིས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བག་ཆགས་བསྐྱེད་པས། དུས་གཞན་དུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་དག་ཀྱང་མཆིས་སོ་ཞེས་བྱའོ། །

Vol. 57 · folio 121a

རྒྱུ་གསུམ་པ་གསུངས་པ་ནི། ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་གི་ཞེས་བྱ་བ་དང་སྦྱར་རོ། །རྒྱུ་གང་གིས་ཤེ་ན། གར་དང་། གླུ་དང་། གད་མོ་དང་། རྩེད་མོ་དང་། ཁ་ཟས་དང་། སྤྱོད་པ་ལ་དགའ་བ་རྣམས་ཞེས་བྱ་བ་སྨོས་ཏེ། འདིར་རྩེད་མོ་ནི་གར་གྱི་

ཁྱད་པར་གྱིས་གནས་པའོ། །དོན་བཞི་པོ་འདི་དག་ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་དེ་རྣམས་ལ། གར་ལ་སོགས་པའི་ཆོ་གའི་ཚུལ་གྱིས་བྱ་བ་ཡིན་པར་སྟོན་ལ། དེ་བས་ན་དེ་དག་ལ་དགའ་བ་རྣམས་དེར་འཇུག་པར་འགྱུར་རོ། །དེ་བཞིན་དུ་གར་ལ་སོགས་པ་ཞུགས་པ་རྣམས་

ཆོས་བདག་མེད་པའི་སྦྱོར་བས་མི་འགལ་ལོ་ཞེས་རྟོགས་པར་མ་གྱུར་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་གཉིས་སུ་མེད་པའི་མཚན་ཉིད་ཅན་ཁོང་དུ་མ་ཆུད་པས། ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་དུ་འདུག་སྟེ། དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་སྤངས་ནས། ལྷ་ཆེན་པོ་ལ་སོགས་པའི་འཇིག་རྟེན་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་གང་ཡིན་པ་དེ་ནི་ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་ཏེ། ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་དེ་རྣམས་སུ་འཇུག་ཅིང་། དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་བསླབ་པའི་གཞིས་འཇིགས་ཤིང་སྐྲག་པས་མི་འཇུག་གོ། །ཇི་ལྟ་བུ་དེར་ཞེ་ན། རེ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་བ་ཐམས་ཅད་ནི་སྲེད་པའི་རྣམ་པ་ཐམས་ཅད་དེ་ཡོངས་སུ་རྫོགས་པ་ནི་མངོན་པར་འདོད་པའི་དོན་རྣམས་གྲུབ་

པ་སྟེ། དེ་ཡང་དག་པར་བསྡུས་པར་གྱུར་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་ཡིན་ནོ། །དེ་ལྟ་བུར་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི་བླ་ན་མེད་པའི་དགའ་བ་དང་། མགུ་བ་དང་། རངས་པ་རྣམས་འབྱུང་བར་བྱེད་པ་ཡང་ཡིན་ནོ། །དེ་ལས་གོང་ན་མེད་པས་ན་བླ་ན་

མེད་པ་ཡིན་ནོ། །ས་དང་པོ་ལ་སོགས་པ་ཐོབ་པས་ན་སྐད་ཅིག་མ་དང་པོ་ལ་སྐྱེས་པ་ནི་དགའ་བ་ཞེས་བྱའོ། །སྐད་ཅིག་མ་གཉིས་པ་ལ་སྐྱེས་པའི་དགའ་བ་དེ་ཉིད་ནི་མགུ་བའོ། །དེ་ཉིད་ཀྱི་སྐད་ཅིག་མ་གསུམ་པ་ལ་སོགས་པར་སྐྱེས་པ་ནི་རངས་པ་སྟེ། ཡིད་བདེ་བ་ཞེས་བྱ་བའི་ཐ་ཚིག་གོ། །

Vol. 57 · folio 121b

དེ་དག་ནི་བླ་ན་མེད་པ་ཡང་ཡིན་ལ་དགའ་བ་དང་། མགུ་བ་དང་། རངས་པ་ཡང་ཡིན་པས། བླ་ན་མེད་པའི་དགའ་བ་དང་མགུ་བ་དང་རངས་པའོ། །དེ་རྣམས་འབྱུང་བ་ནི་སྐྱེད་པའོ། །དེ་བྱེད་པས་ན་བླ་ན་མེད་པའི་དགའ་བ་དང་མགུ་བ་དང་རངས་པ་རྣམས་འབྱུང་བར་བྱེད་པའོ། །དེ་ལྟར་

གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་དེར་ནི་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་སོ། །རིགས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་

ཀྱང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་ཏེ། དེར་མི་འཇུག་པའོ། །ཅིའི་ཕྱིར་དེར་མི་འཇུག་ཅེ་ན། བསླབ་པའི་གཞིས་འཇིགས་ཤིང་སྐྲག་ནས་

ཞེས་བྱ་བ་སྨོས་ཏེ། བསླབ་པ་ནི་བསླབ་པའི་གཞི་ལྔ་པོ་དང་། དགེ་སྦྱོང་དང་། དགེ་སློང་མ་ལ་སོགས་པའི་སྡོམ་པའོ། །དེས་འཇིགས་པ་ནི་སྡང་བ་སྟེ། ཡོངས་སུ་བསྲུང་བར་མི་ནུས་པར་གྱུར་པས་རྣལ་འབྱོར་གྱིས་འཇིགས་པའོ། །དེ་ལྟར་གྱུར་པ་དེ་དག་ཀྱང་ངན་སོང་གི་

དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་གནས་པ་རྣམས་ཀྱང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་ཏུ་རུང་ངོ་ཞེས་པའོ། །དེ་ལ་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་ནི་ངན་སོང་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་སྐྱེ་བའི་གནས་སོ། །དེང་འཇུག་

པ་ནི་སྐྱེ་བའོ། །དེའི་ལམ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། དེར་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་ནི་ཁ་བལྟས་ཤིང་གནས་པའོ། །དེ་ལྟ་བུ་དེ་དག་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་ཏུ་རུང་ངོ་། །དེ་ལ་ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་ལ་ནི་མི་

དགེ་བ་བཅུ་ཆོ་གར་བྱ་བའི་ཚུལ་གྱིས་བརྟེན་པར་འཆད་ལ་འདིར་ནི་གང་དུ་ཡང་བསྟན་པ་མེད་དོ། །དེ་ལ་དེ་རྣམས་རིམ་གྱིས་ལྡོག་པར་བྱེད་པར་འགྱུར་བས། རྒྱུ་དེའི་ཕྱིར་འཇུག་པའི་ཆོ་ག་འདིས་ཀྱང་ལྡོག་པར་འགྱུར་དུ་རུང་བ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་

Vol. 57 · folio 122a

ནི་ཚུལ་ཁྲིམས་ཀྱི་སྡོམ་པ་རིགས་བདུན་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པའི་སྐྱེས་བུ་དམ་པ་དག་སྟོན་པ་ཡིན་ཏེ། ཆོས་ལ་སྤྱོད་པས་ན་ཆོས་ཅན་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། སངས་རྒྱས་ཀྱི་

སའི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ནི་མཐར་གྱིས་

གནས་པའི་སྙོམས་པར་འཇུག་པ་དགུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཉིད་ནི་དངོས་གྲུབ་དམ་པའི་ཐབས་ཏེ། ཡང་དག་པར་

རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་ཀྱི་ཁྱད་པར་རོ། །དེ་ལྟ་བུའི་ཐབས་དེ་དག་གིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་འཚང་རྒྱ་བར་འགྱུར་བ་ཡིན་ལ། དེ་བས་ན་དེ་རྣམས་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཚོལ་ཞིང་མངོན་པར་འདོད་པས་ན། བསམ་གཏན་དང་། རྣམ་པར་ཐར་པ་

ལ་སོགས་པ་དང་། ས་རྣམས་ཀྱིས་འབད་པའི་ཉོན་མོངས་པ་དག་ཀྱང་ཆོས་ཉིད་དེ་ཞེས་པ་ལ། བསམ་གཏན་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ། །རྣམ་པར་ཐར་པ་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་

པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི། རྣམ་པར་ཐར་པ་གཉིས་པའོ། །སྡུག་པར་ལྷག་པར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་

པར་འཇུག་པ་འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །སོགས་པའི་སྒྲས་ནི་མངོན་པར་ཤེས་པ་ལ་སོགས་པ་བསྡུའོ། །ས་ནི་རབ་ཏུ་དགའ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ས་བཅུའོ། །དེ་རྣམས་ཀྱིས་འབད་ཅིང་རྩོལ་བས་ཉོན་མོངས་པར་གྱུར་པའོ། །ཚུལ་ཁྲིམས་རྣམ་པར་

Vol. 57 · folio 122b

དག་པ་ལ་སོགས་པ་དང་ལྡན་པས་སྔོན་ཆད་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པ་སྟེ། དེ་རྣམས་ནི་འཇུག་པ་ཙམ་ཉིད་ཀྱིས་ཡེ་ཤེས་བབས་པར་འགྱུར་རོ། །དེ་ནས་ཡེ་ཤེས་བབས་པ་དེས་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པར་འགྱུར་

རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དུ་གྲུབ་པ་ཡང་རྙེད་པར་དཀའ་བ་མ་ལགས་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ཞེས་སྨོས་པ་ཡིན་ནོ། །འདི་དག་ནི་དགེ་སློང་དང་། དགེ་སློང་མ་ལ་སོགས་པའི་སྡོམ་པ་ལ་གསན་པ་ཉིད་ཀྱིས་ན་ཤིན་ཏུ་མྱུར་བར་

དངོས་གྲུབ་ཐོབ་པར་འགྱུར་ལ། གཞན་དག་ནི་དུས་ཕྱིས་ལྡོག་པའི་སྡོམ་པ་བླངས་ནས་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །དེ་ལྟར་སེམས་ཅན་རྣམ་པ་བཞི་གཞུག་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་པ་བྱས་ནས། ཡང་སློབ་དཔོན་གྱིས་དེ་བཞིན་

གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་སྨན་སླད་དུ། །སློབ་མ་རྣམས་ནི་གཞུག་པར་བགྱི། །ཞེས་བྱ་བས་རྗེས་སུ་གནང་བ་ནོད་པར་བྱའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་

པས་སློབ་མ་གཞུག་པའི་ཆོ་ག་གསུངས་པ་ཡིན་ཏེ། དང་པོ་ཁོ་ནར་ཞེས་བྱ་བ་ནི་ཐོག་མ་ཁོ་ནར་རོ། །རེ་ཞིག་ཅེས་བྱ་བའི་སྒྲས་ནི་གོ་རིམས་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཞི་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འཇིག་རྟེན་གྱི་

ཁམས་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། དེ་རྣམས་ལ་ཕྱག་བྱེད་དུ་གཞུག་གོ། །དེ་ནི་འདི་ལྟར་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་དོན་ཏོ། །ལུས་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཤར་གྱི་སྒོར་མངོན་པར་

བལྟས་ཏེ། རྡོ་རྗེ་ཐལ་མོ་བཅིངས་ལ་ལག་ངར་བརྐྱང་སྟེ། ལུས་ཐམས་ཅད་ས་ལ་ཕབ་སྟེ་ཀུན་ནས་རབ་ཏུ་ཕྱག་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ནི་ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །དེ་ཡང་རྡོ་རྗེ་སེམས་དཔའ་ལ་ཞུགས་ཏེ་སྙིང་གའི་

Vol. 57 · folio 123a

ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཀྱིས་བཞུགས་པ་ལ་ལྟ་བའི་ཡིད་དོ། །དེ་ཉིད་ནི་བསྙེན་བཀུར་ཡིན་པས། སརྦྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བའོ། །དེ་ལྟ་བུའི་ཕྱིས། ཨཱཏྨ་ནཾ་ནིརྱ་ཏཱ་ཡཱ་མི། ཞེས་བྱ་

བ་སྟེ། བདག་ཉིད་དབུལ་བར་བྱའོ་ཞེས་བྱའོ། །སརྦྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། བཛྲ་ས་ཏྭ་སྟེ་རྡོ་རྗེ་སེམས་དཔའ་ཡང་ཡིན་པས། སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་སྟེ། བཅོམ་ལྡན་འདས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་དེ་ལ་བོད་

པའོ། །སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་པ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་བདག་བྱིན་གྱིས་རློབས་ཤིག་པ་སྟེ། བདག་གི་སྙིང་གར་ཞུགས་པར་མཛོད་ལ་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཀྱིས་བཞུགས་ཤིག་པའི་ཐ་ཚིག་གོ། །དེ་སྐད་ཅེས་བརྗོད་

ནས་རྣལ་འབྱོར་པའི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་གནས་པ་ལྷག་པར་མོས་པར་བྱའོ། །དེ་བཞིན་དུ་འདུག་སྟེ་ཞེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་སྒོར་མངོན་པར་བལྟས་ལ། རྡོ་རྗེ་ཐལ་མོ་སྙིང་གར་གཞག་སྟེ། ཡན་ལག་ཐམས་ཅད་ས་ལ་ཕབ་ལ་དཔྲལ་བ་ས་ལ་རེག་

པར་བྱའོ། །སརྦྦ་ཏ་ཐཱ་ག་ཏ་ཞེས་བྱ་བའི་དོན་ནི་སྔ་མ་བཞིན་ནོ། །དེ་རྣམས་ཀྱི་པཱུ་ཛ་ཨ་བྷི་ཥེ་ཀ་ནི་མཆོད་ཅིང་དབང་བསྐུར་བ་སྟེ། འཕགས་པ་ནམ་མཁའི་སྙིང་པོ་མཛོད་སྤུའི་ཕྱོགས་སུ་བཞུགས་ཏེ། དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རིན་ཆེན་གྱི་གཟུགས་སུ་བཞུགས་

པ་ལ་བལྟ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེའི་དོན་དུ་ཨཱཏྨ་ནཾ་ནཱིརྱ་ཏཱ་ཡཱ་མི། ཞེས་པའོ། །སརྦྦ་ཞེས་བྱ་བ་ལ་སོགས་པ་ལ། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་སྟེ་དེ་ལ་བོད་པའོ། །སརྦྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བྱ་བ་ནི། བདག་

གི་དཔྲལ་བའི་ཕྱོགས་སུ་བཞུགས་ལ་རྡོ་རྗེ་རིན་ཆེན་གྱི་གཟུགས་ཀྱིས་བཞུགས་པར་མཛོད་ཅིག་ཅེས་པའོ། །དེ་ནས་དཔྲལ་བར་རྡོ་རྗེ་རིན་ཆེན་གནས་པར་ལྷག་པར་མོས་པར་བྱའོ། །དེ་ནས་དེ་བཞིན་དུ་ཞེས་བྱ་བ་ནི། ནུབ་ཕྱོགས་ཀྱི་སྒོར་མངོན་པར་བལྟས་ལ་ལུས་ཐམས་ཅད་ས་

Vol. 57 · folio 123b

ལ་ཕབ་སྟེ། རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་ལ་ཁ་ས་ལ་རེག་པར་བྱའོ། །སརྦྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ནི་ལྐོག་མའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་ཆོས་བཞུགས་ཏེ། རྡོ་རྗེ་པདྨའི་གཟུགས་ཀྱིས་བཞུགས་

པ་ལ་བལྟ་བའོ། །དེ་རབ་ཏུ་བསྐོར་བ་ནི་པྲ་བརྟ་ན་སྟེ་རྫོགས་པར་བྱའོ། །དེའི་དོན་དུ་ཨཱཏྨ་ནཾ་ནཱིརྱ་ཏཱ་ཡཱ་མི། ཞེས་པའོ། །སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཆོས་ལ་བོད་པའོ། །པྲ་བརྟ་ཡཱ་མཱཾ་ཞེས་པ་ནི་བསྐོར་བར་བགྱིའོ་ཞེས་པ་སྟེ། བདག་གི་ལྐོག་

མའི་ཕྱོགས་སུ་རྡོ་རྗེ་པདྨའི་གཟུགས་ཀྱིས་བཞུགས་པ་ལ་པདྨའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་བདག་ལ་བསྐྱེད་པར་མཛོད་ཅིག་ཅེས་གསོལ་བ་བཏབ་པ་ཡིན་ནོ། །དེ་ནས་དེ་བཞིན་དུ་འདུག་སྟེ་ཞེས་བྱ་བ་ནི་བྱང་ཕྱོགས་ཀྱི་སྒོར་མངོན་པར་བལྟས་ཏེ་ལུས་ཐམས་ཅད་ས་ལ་ཕབ་ལ། རྡོ་རྗེ་

ཐལ་མོ་སྙིང་གར་གཞག་སྟེ་སྤྱི་བོས་ཕྱག་བྱའོ། །སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་ཏེ། རྡོ་རྗེ་ལས་སྤྱི་བོར་བཞུགས་ཏེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེའི་གཟུགས་སུ་བཞུགས་པར་བསྒོམས་པའོ། །དེའི་རྒྱུར་

ཨཱཏྨ་ནཾ་ནཱིརྱ་ཏཱ་ཡཱ་མི་ཞེས་བྱའོ། །སརྦྦ་ཏ་ཐཱ་ག་ཏ་བཛྲ་ཀརྨྨ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་ལ་འབོད་པའོ། །ཀུ་རུ་མཾ་ཞེས་བྱ་བ་ནི་བདག་ལ་མཛོད་ཅིག་ཅེས་པ་སྟེ། བདག་གི་སྤྱི་བོར་ཞུགས་ལ་སྣ་ཚོགས་རྡོ་རྗེའི་གཟུགས་སུ་བདག་ཉིད་སྤྲུལ་པར་མཛོད་ཅིག་ཅེས་བྱ་བའི་ཐ་ཚིག་

གོ། །དེ་ནས་སྟོད་གཡོགས་གོས་དམར་པོ་གྱོན་ལ། གདོང་གཡོགས་རས་དམར་པོས་དཀྲིས་ནས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ནི། ལེ་བརྒན་རྩིའི་ཁ་དོག་ལྟར་དམར་པོ་ཡིན་གྱི། སྔོན་པོ་ལ་སོགས་པ་ནི་མ་ཡིན་ནོ། །རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལ་འདིར་

སེམས་མ་རྡོ་རྗེ་མའི་ཕྱག་བྱ་ཞེས་བྱའི། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི་མ་ཡིན་ནོ། །དེ་ནས་ས་མ་ཡ་སྟྭཾ་ཞེས་བྱ་བས་བཅིང་ངོ་། །དེ་ནས་གུང་མོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ་དྲང་ཞིང་ཞེས་བྱ་བ་ནི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དེ་ཉིད་གུང་མོའི་སོར་མོ་གཉིས་ཕྲེང་བ་འཛིན་དུ་

Vol. 57 · folio 124a

གཞུག་པའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་

པའོ། །དེ་རྣམས་ཀྱི་རིགས་ནི་དེ་སྐྱེད་པར་བྱེད་པའི་རང་བཞིན་ཅན་ཡིན་པས། སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཚུལ་ཏེ། དེ་ལས་བསྐྱེད་པ་ནི་རིགས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་འདི་དག་ཏུ་ཁྱེད་ཕྱི་དང་གསང་བའི་འཇུག་པ་དག་

གིས་ཞུགས་པ་སྟེ། དེ་ལ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་ནི་ཕྱིའིའོ། །དེ་བཞིན་དུ་ས་མ་ཡ་ཧཱུཾ་ཞེས་བྱ་བ་ནི་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བབས་པ་ནི་གསང་བའི་འཇུག་པ་ཡིན་ཏེ། དེ་སྐད་དུ་ཡང་ས་མ་ཡ་ཧཱུཾ་ཞེས་བྱ་

བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དབབ་པར་བྱའོ་ཞེས་རྩེ་མོ་ལས་གསུངས་པ་ཡིན་ནོ། །ངས་ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་ལ་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བཞུགས་པ་གང་ཡིན་པ་དེ་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་ཏེ་ས་དང་པོ་

ལ་སོགས་པའི་རང་བཞིན་ཅན་གྱི་མི་ཕྱེད་པའི་ཡེ་ཤེས་བསྐྱེད་པར་བྱ་ཞིང་མངོན་སུམ་དུ་བྱ་བ་ཡིན་ཞེས་བོད་པའོ། །དེ་ཉིད་ཀྱི་ཁྱད་པར་ནི་ཡེ་ཤེས་གང་གིས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཁྱེད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག །དམ་ཚིག་ཉམས་

པར་གྱུར་ཏ་རེ་ཞེས་བྱ་བ་ནི་ཕྱི་དང་གསང་བའི་ལྟ་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མཐོང་བ་གང་ཡིན་པ་དེ་ཉིད་ལ་སྨྲ་བར་བྱ་ཞིང་བཤད་པར་བྱའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནི་འདི་ལྟ་བུ་ཡིན་ནོ་ཞེས་འདིར་མ་ཞུགས་ཤིང་དཀྱིལ་འཁོར་མ་མཐོང་བ་གཞན་དག་ལ་ཡང་རྡོ་རྗེ་

དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནི་འདི་ལྟ་བུ་ཡིན་ནོ་ཞེས་གཏམ་ཙམ་ཡང་མི་བྱའོ། །གང་གི་ཕྱིར་རྣལ་འབྱོར་དང་བྱ་བ་དང་། གཉིས་ཀའི་རྒྱུད་རྣམས་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ཉིད་གཙོ་བོ་ཡིན་ནོ། །དེ་སྐད་དུ་ཡང་ཐམས་ཅད་གསང་བའི་རྒྱུད་ལས། རྡོ་རྗེ་དབྱིངས་

Vol. 57 · folio 124b

ནི་དགའ་ཆེན་པོར། །མཁས་པ་གང་ཞིག་དབང་བསྐུར་ཞིང་། །རྟག་ཏུ་གསང་བའི་ནོར་ལྡན་པ། །དེ་ལ་མཁས་པས་བཤད་པར་བྱ། །ཞེས་གསུངས་པ་དང་། འཕགས་པ་རྡོ་རྗེའི་དམ་ཚིག་མངོན་པར་འབྱུང་བ་ལས་ཀྱང་འཁོར་ལོས་སྐྱུར་བ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་

བ་གང་ཡིན་པ་དེ་ཡང་རིག་པའི་དབང་བསྐུར་བ་དང་ལྡན་པ་ཞེས་བྱའི། འདིར་དཔལ་རྡོ་རྗེ་སེམས་དཔའི་དབང་བསྐུར་བ་དང་ལྡན་པ་ཉིད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། ཆོས་ལ་སོགས་པར་དབང་བསྐུར་བ་ཡང་རང་གི་དཀྱིལ་འཁོར་

ཙམ་གྱི་སློབ་དཔོན་ཉིད་ཡིན་ནོ། །དཀྱིལ་འཁོར་གཞན་དུ་དབང་བསྐུར་བ་དེ་དག་ཀྱང་རིག་པའི་དབང་བསྐུར་བ་དང་ལྡན་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེ་བས་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་པ་དང་དབང་བསྐུར་བས་ནི་གསང་སྔགས་

ཀྱི་ཚུལ་ཐམས་ཅད་ཉེ་བར་སྟོན་པར་རུང་བ་ཡིན་གྱི། གཞན་དག་ཏུ་ནི་རང་གི་ཚུལ་ཁོ་ན་སྟོན་པ་ཙམ་ཡིན་ནོ། །དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བ་དང་། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ་ཞེས་འོག་ནས་

བཤད་པ་ནི། ཁྱོད་དམ་ཚིག་ལས་འདའ་བར་མ་བྱེད་ཅིག་ཅེས་བསྒོ་བའོ། །ཁ་ནང་དུ་བལྟས་པ་དང་ཕྱིར་བསྟན་པ་ཞེས་བྱ་བ་ནི་ཁ་ཐུར་དུ་བསྟན་ལ། རྡོ་རྗེ་སེམས་དཔའ་ཉིད་ནི་དེང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །ཞེས་བྱ་བ་ནི། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་

ས་མ་ཡ་ཧཱུཾ་ཞེས་ཟློས་ཤིང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་ཉིད་དེ་ཁྱོད་ཀྱི་སྙིང་ལ་ཡང་དག་པར་ཞུགས་ཏེ་ཟླ་བའི་རྡོ་རྗེའི་ཚུལ་གྱིས་བཞུགས་པའོ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །ཞེས་བྱ་བ་ནི། སེམས་དཔའི་རྡོ་རྗེའི་གཟུགས་སྙིང་ལ་

ཞུགས་པའི་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི་སྙིང་དྲལ་ནས་གཤེགས་པར་འགྱུར་རོ་ཞེས་བོད་པའོ། །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ཞེས་བྱ་བ་ལ། དེང་ཞེས་བྱ་བ་ནི་དུས་འདི་ནས་བཟུང་སྟེ་ཁྱོད་ཅེས་བྱ་བ་ཁྱོད་ཉིད་ཀྱིའོ། །ང་ཡིན་ཞེས་བྱ་བ་ནི་བདག་ཉིད་དོ། །ཕྱག་ན་

Vol. 57 · folio 125a

རྡོ་རྗེ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ཇི་ལྟ་བ་ཡང་དེ་འདྲའོ། །དེ་བས་ན་ཁྱོད་ཀྱིས་ངའི་བསྒོ་བ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་ཚུལ་ཁྲིམས་འཆལ་བའོ་ཞེས་བྱ་བ་ལ་སོགས་པས་སྨོད་ཅིང་བརྙས་པར་མ་བྱེད་ཅིག་པའོ། །གང་གི་ཕྱིར་བརྙས་པར་བྱེད་ན་མི་བདེ་

བ་མ་སྤངས་པར་ཁྱོད་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བསྒོ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་བབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་པར་བསྒོའོ་ཞེས་བྱ་བ་ནི་སློབ་དཔོན་གྱིས་སྨྲས་པ་དང་། སློབ་

མས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་བབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། ཐ་མལ་པའི་གཟུགས་བསལ་ལ། རྡོ་རྗེ་སེམས་དཔའི་སྐུར་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པར་མཛོད་

ཅིག །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་བདག་ལ་བབ་པར་གྱུར་ཅིག་ཞུགས་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་ཞེས་བྱ་བ་ནི། བྱ་བ་གཞན་བཀག་པ་ཡིན་ནོ། །སེམས་དཔའི་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་གུང་མོ་གཉིས་མྱུ་

གུར་བསྒྲེང་བ་ནི་སེམས་དཔའ་རྡོ་རྗེ་སྟེ་བཅིང་བའོ། །འདི་དེ་རྡོ་རྗེའི་དམ་ཚིག་སྟེ། །ཞེས་བྱ་བ་ནི། གང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པའི་དམ་ཚིག་གང་ཡིན་པ་དེ་ནི་ངའི་ལག་པས་དེའི་ཚུལ་དུ་བྱས་པ་འདི་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །ཞེས་བྱ་

བ་ནི་གང་འདི་ངའི་ལག་པས་དེའི་ཚུལ་དུ་བྱས་པ་འདི་ཉིད་རྡོ་རྗེ་སེམས་དཔའ་ཞེས་གྲགས་ཤིང་བཤད་དོ། །རྡོ་རྗེ་ཡེ་ཤེས་ནི་སར་ངེས་པའོ། །འདི་ཉིད་མཆོག་ཏུ་གྱུར་པ་ཡིན་པས་ན། བླ་མེད་པ་ནི་ཞེས་བྱའོ། །དེ་རིང་ཉིད་དུ་ཞེས་བྱ་བ་ནི་ད་ལྟ་ཁོ་ནའོ། །འབབ་པར་ཤོག་ཅེས་བྱ་བ་ནི་

འདི་ཉིད་ལ་འབབ་ཅིང་ཞུགས་བར་གྱུར་ཅིག་ཅེས་པའོ། །ཁྲོ་བོའི་ཁུ་ཚུར་བཅིངས་ལ་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བརྐྱང་ལ་སྟེང་དུ་སྡིགས་མཛུབ་ཀྱི་ཚུལ་དུ་གཞག་པ་ནི་འདིར་ཁྲོ་བོའི་ཁུ་ཚུར་ཞེས་བྱ་སྟེ། དེ་བཅིངས་ལ་ལག་པ་གཡས་པས་ཁུ་ཚུར་བཅངས་ཏེ།

Vol. 57 · folio 125b

མཐེ་བོའི་འོག་ཏུ་མཛུབ་མོ་གཏད་ལ། གུང་མོའི་ཚིགས་བར་མར་མནན་ཏེ། གུང་མོ་བརྐྱང་ལ་གྱེན་དུ་བསྒྲེང་ནས་གཞག་པ་འདི་ནི་འདིར་སེམས་མ་རྡོ་རྗེ་མའོ། །འདི་ལ་སྔར་བཤད་པའི་ཁྲོ་བོའི་ཁུ་ཚུར་དེ་དྲངས་ཤིང་དྲལ་བར་བྱའོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ་ནི། བཛྲ་

ས་ཏྭ་ཨཿཨཿཨཿཞེས་རྡོ་རྗེའི་ཚིག་གིས་ལན་བརྒྱ་བརྗོད་པའོ། །གཞན་དག་ནི་ཡི་གེ་བརྒྱ་པ་ཡིན་ནོ་ཞེས་ཟེར་མོད་ཀྱི། དེ་ནི་མི་རིགས་ཏེ་གང་གི་ཕྱིར་དེ་ནི་བརྟན་པར་བྱེད་པའི་སྙིང་པོ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །དེ་ནས་བབས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་

ཞུགས་པར་མཛད་པའོ། །ལྷའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དེ་བཞུགས་པས་བབས་པ་དེ་ལ་མངོན་པར་ཤེས་པ་ལྔ་ལ་སོགས་པའི་ཡེ་ཤེས་ཁྱད་པར་ཅན་ཉེ་བར་སྐྱེ་བར་འགྱུར་རོ། །ཡེ་ཤེས་དེས་ཞེས་བྱ་བ་ལ་སོགས་པས་ནི། ལྷའི་ཡེ་ཤེས་ཉིད་རྣམ་

པར་དབྱེ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་བསྟན་པ་ཐམས་ཅད་ལ་འདིའི་སེམས་ཀྱང་བརྟན་པར་འགྱུར་རོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ནི་བཀའ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་འདི་དག་བསྒོམ་པར་བྱའོ། །འདི་དག་བསྒོམས་ན་མི་གཡོ་

བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཚུལ་དེ་ལ་དེའི་སེམས་ཐེ་ཚོམ་མེད་པར་འགྱུར་རོ། །འདིའི་སྡུག་བསྔལ་ཐམས་ཅད་ནི་གཞན་གྱི་གནོད་པས་གཟིར་བ་དང་། ནད་ལ་སོགས་པ་ལས་བྱུང་བའོ། །འཇིགས་པ་ཐམས་ཅད་དང་བྲལ་ནས་ཞེས་བྱ་བ་ནི། ངན་འགྲོ་ལ་སོགས་

པའི་འཇིགས་པ་ཐམས་ཅད་དང་བྲལ་བའོ། །གནོད་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིའོ། །བྱིན་གྱིས་བརླབ་པར་འགྱུར་རོ་ཞེས་བྱ་བ་ནི་དགོངས་པར་འགྱུར་བའོ། །དངོས་གྲུབ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །རྒྱུ་མེད་

པར་སྔོན་མ་བྱུང་བའི་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་གྱི་བདེ་བ་གང་དག་སྔོན་ཆད་མ་མྱོང་བ་དེ་ནི་སྔོན་མ་བྱུང་བ་སྟེ། སྔ་ན་མེད་པས་ན་སྔོན་མ་བྱུང་བའོ། །དེ་ལྟ་བུར་གྱུར་པའི་རྒྱུ་མེད་པར་སྔོན་མ་བྱུང་བའི་དགའ་བ་དང་། མགུ་བ་དང་། རངས་པར་བྱེད་པའི་བདེ་བ་ཐམས་ཅད་འདི་ལས་

Vol. 57 · folio 126a

སྐྱེ་བར་འགྱུར་བ་སྟེ། སྔོན་ཉམས་སུ་མྱོང་བའི་ཡུལ་ནི་དྲན་པའི་རྒྱུ་ཡིན་པ་ལས། དེ་མེད་པས་ན་རྒྱུ་མེད་པའོ། །རྒྱུ་མེད་པ་ཡང་ཡིན་ལ། དགའ་བ་དང་། མགུ་བ་དང་། རངས་པར་བྱེད་པའི་བདེ་བ་ཡང་ཡིན་པས་ན། རྒྱུ་མེད་པའི་དགའ་བ་དང་། མགུ་བ་དང་། རངས་

པར་བྱེད་པ་སྟེ། དེ་ལྟ་བུའི་བདེ་བ་འདི་ལས་སྐྱེ་བར་འགྱུར་བའོ། །དེ་བདེ་བ་དེ་དག་ཅེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པའི་རང་བཞིན་ཅན་ནོ། །གཟུངས་ནི་ཚིག་ལ་སོགས་པ་འཛིན་པའོ། །དྲན་པ་ནི་ཤེས་རབ་དང་ལྡན་པའི་སེམས་ཀྱི་རང་བཞིན་ནོ། །

དེ་ནས་ཕྱག་རྒྱ་དེ་བཅིངས་ལ་རང་གི་སྙིང་གར་དགྲོལ་དུ་གཞུག་གོ་ཞེས་བྱ་བ་ནི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་པར་གྱུར་པ་དང་། ཡང་བཅིངས་ལ་རྡོ་རྗེ་སེམས་དཔས་བྱིན་གྱིས་རློབ་པར་མཛད་པའི་ཕྱིར་སློབ་མའི་སྙིང་གར་དགྲོལ་དུ་གཞུག་གོ། །དེ་ནས་མེ་ཏོག་གི་ཕྲེང་བ་དོར་ཞིང་ཞེས་བྱ་བ་ནི་ཕྲེང་བ་ཕུལ་

བས་ལྷ་རྣམས་ཀྱིས་སོ་སོར་ཡོངས་སུ་བཟུང་བར་གྱུར་ན། དེའི་དངོས་གྲུབ་རབ་འབྲིང་ཐ་མ་རྫོགས་པར་འགྱུར་བའི་ཕྱིར་ཏེ། ཡོངས་སུ་གཟུང་བ་དེ་ཉིད་གསུངས་པ་ནི། ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བབས་བཞིན་དུ་ཞེས་བྱ་བ་ནི། དེ་ལྟར་རྣམ་པ་གཉིས་ཀྱིས་བབ་པ་སྟེ།

སེམས་མ་རྡོ་རྗེ་དང་། ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་བབས་པར་གྱུར་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་རྣམ་པར་སྣང་མཛད་ཀྱི་བར་དུ་དཀྱིལ་འཁོར་རིམ་པ་བཞིན་དུ་བསྟན་པར་བྱའོ། །དབབ་པ་ཉེ་བར་བསྡུ་བ་ན་འདིར་སློབ་དཔོན་གྱིས་དབང་དུ་བསྡུས་པ་ལྟ་བུར་ཤེས་པར་བྱའོ། །དཀྱིལ་འཁོར་མཐོང་

བའི་ཕན་ཡོན་བསྟན་པར་བྱ་བ་ནི། དཀྱིལ་འཁོར་ཆེན་པོ་མཐོང་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འོད་ཟེར་སྣ་ཚོགས་ཞེས་བྱ་བ་ནི། སྔོན་པོ་དང་། སེར་པོ་ལ་སོགས་པའི་གཟུགས་ཅན་ནོ། །འོད་ཀྱི་དཀྱིལ་འཁོར་ནི་འོད་ཟེར་གྱི་ཚོགས་ཏེ་མཐོང་བས་ཞེས་བྱ་བར་མཚམས་སྦྱར་རོ། །

ཡང་སློབ་མ་གཞུག་པའི་ཆོ་ག་འདིའི་དོན་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་དེ་ལྟར་བརྗོད་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་འོས་པའི་སློབ་མ་བསླབ་པ་ལྔ་ཡོངས་སུ་གཟུང་བའམ་དགེ་སྦྱོང་ངམ། དགེ་སློང་གི་སྡོམ་པ་ཡོངས་སུ་གཟུང་བ་ལྷག་པར་གནས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་

Vol. 57 · folio 126b

པས། སློབ་དཔོན་གྱི་ཞབས་ལ་མངོན་པར་ཕྱག་བྱས་ནས། སེམས་ཅན་མ་ལུས་པ་རྣམས་ཀྱི་ཕན་པ་དང་། བདེ་བ་དམ་པ་མ་ལུས་པ་བསྒྲུབ་པར་བྱ་བའི་རྒྱུར། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དང་། རྡོ་རྗེའི་རིགས་ཀྱི་བདག་པོ་དང་། རྡོ་རྗེའི་རིགས་དང་། པདྨའི་རིགས་ཀྱི་བདག་

པོ་དང་། པདྨའི་རིགས་དང་། ནོར་བུའི་རིགས་ཀྱི་བདག་པོ་དང་། ནོར་བུའི་རིགས་དང་། ལས་ཀྱི་རིགས་ཀྱི་བདག་པོ་དང་། ལས་ཀྱི་རིགས་ཀྱི་ངོ་བོ་རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོར་གྱུར་པར་བྱའོ་ཞེས་བྱ་བའི་བསམ་པ་མངོན་དུ་བྱས་ལ། སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་

བྱས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་ཡོལ་

བའི་མཐར་སློབ་མ་ལ་རྡོ་རྗེ་སྲུང་བ་ཡོངས་སུ་བཟླས་པའི་རས་ཤིན་ཏུ་དམར་བས་སྟོད་གཡོགས་དང་སྨད་གཡོགས་བསྐོན་ཞིང་། ཡང་དེར་སྒོ་སྲུང་རྣམས་ཀྱི་སྔགས་བཟླས་པའི་དར་གྱིས་གདོང་གཡོགས་ཇི་ལྟ་བ་བཞིན་དུ་བཅིངས་ནས་སློབ་མ་ཕྱག་བཞི་བྱེད་དུ་གཞུག་གོ། །ཕྱག་བཞི་བྱས་ཟིན་པ་དང་། ལག་ན་

མེ་ཏོག་ཐོགས་པས་སློབ་དཔོན་ལ་ཕྱག་བྱས་ནས། ལག་ན་མེ་ཏོག་ཐོགས་པ་ཉིད་ཀྱིས། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པ། །སངས་རྒྱས་

བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོ་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བའི་རིགས་མཆོག་ཐམས་ཅད་དུ། །

སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་འཁོར་ལོའི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱི་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་ཆེན་

Vol. 57 · folio 127a

པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་མར་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་

པ། །དམ་ཚིག་མཆོག་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་ཡང་སློབ་དཔོན་གྱིས་ཀྱང་འདི་སྐད་བརྗོད་པར་བྱའོ། །གསང་བ་ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་

པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་

དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །

སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་

པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླས་པར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་

འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པས་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་

Vol. 57 · folio 127b

པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྤོང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་

དག་ཀྱང་ཡང་མི་སྤང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་

བརྗོད་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་

དུ་ལན་གསུམ་བརྗོད་པར་བྱའོ། །གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ། དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་རྗེས་སུ་གནང་བ་དང་། དབང་བསྐུར་བར་མི་བྱའོ། །འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ། །དེ་ནས་ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི།

ཞེས་བྱ་བ་འདིས། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་བཛྲ་སཏྭ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་སེམས་

དཔར་བསྐྱེད་ལ། རིགས་ཀྱི་དམ་ཚིག་བཞིས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་བསྐྱེད་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས། སློབ་མ་ལས་ཡོན་གྱི་མཆོག་བླངས་ཏེ། དེ་ལ་ཕྱི་རོལ་ན་གནས་པའི་བུམ་པའི་

ཆུས་དབང་བསྐུར་ལ། ས་མ་ཡ་སྟྭཾ་ཞེས་བྱ་བ་འདིས་རྡོ་རྗེ་སེམས་མའི་ཕྱག་རྒྱ་འཆིང་དུ་བཅུག་ལ། གུང་མོ་གཉིས་ཀྱིས་ཕྲེང་བ་འཛིན་དུ་བཅུག་སྟེ། ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་གཞུག་པར་བྱ་ཞིང་བཛྲ་ཨཾ་ཀུ་ཤ་ཛཿཞེས་བྱ་བ་དང་། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་ཀྱང་དགུག་པར་བྱའོ། །ཡང་དེ་

Vol. 57 · folio 128a

བཞིན་དུ་ལྷོ་ཕྱོགས་ནས་བཅུག་ལ། བཛྲ་བཱ་ཤ་ཧཱུཾ་ཞེས་བྱ་བ་དང་། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱས་གཞུག་པར་བྱའོ། །ཡང་དེ་བཞིན་དུ་ནུབ་ཕྱོགས་ཀྱི་སྒོ་ནས་བཅུག་ལ། བཛྲ་སྥོ་ཊ་ཞེས་བྱ་བ་དང་། རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱས་བཅིང་བར་བྱའོ། །དེ་ནས་དེ་

བཞིན་དུ་བྱང་ཕྱོགས་ཀྱི་སྒོ་ནས་བཅུག་ལ། བཛྲ་ཨཱ་བེ་ཤ་ཞེས་བྱ་བ་དང་། རྡོ་རྗེ་འབེབས་པའི་ཕྱག་རྒྱས་དབབ་པར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་ལ་འདི་སྐད་དུ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་

བརྗོད་པར་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་རང་གི་སྙིང་ག་ཕྱེ་ལ། རང་གི་སྙིང་ག་ན་གནས་པའི་རྡོ་རྗེའི་དབུས་ན། ཡི་གེ་ཨཿརྡོ་རྗེ་དམར་པོའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་བསམས་ནས། དེ་ལས་སློབ་མའི་སྙིང་ག་ན་གནས་པའི་རྡོ་རྗེའི་དབུས་སུ་བློས་བཅུག་ལ། དེའི་ལུས་ཐམས་ཅད་ཀུན་དུ་གང་བར་བསམ་

ཞིང་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨྲོས་ཤིག་ཅེས་བརྗོད་དོ། །དེ་ནས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །ཞེས་བྱ་བ་ལ་སོགས་པ་བརྗོད་དུ་བཅུག་ལ། བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བས་ལན་བརྒྱའི་བར་དུ་

ཟློས་ཤིང་དབབ་པར་བྱའོ། །གལ་ཏེ་བབས་པར་མ་གྱུར་ན། ཁྲོ་བོའི་ཁུ་ཚུར་གྱིས་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དྲལ་བར་བྱེད་ཅིང་། བཛྲ་སཏྭཿཨཿཨཿཨཿཨཿལན་བརྒྱའི་བར་དུ་ཟློས་ཤིང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོད་ཟེར་དམར་པོ་འབར་བས་ཀུན་དུ་ཁྱབ་པས་ཀུན་ནས་

གང་བར་བསམས་ན་ངེས་པར་འབབ་པར་འགྱུར་རོ། །དབབ་པའི་ཆོ་ག་དེ་ལྟ་བུ་དང་། གཞན་དག་ཀྱང་ཤེས་པར་བྱའོ། །དེ་ནས་ད་ལ་བབས་པར་ཤེས་པ་དང་། སློབ་དཔོན་གྱིས་དཔལ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཧེ་བཛྲ་སཏྭ། ཧེ་བཛྲ་རཏྣ། ཧེ་བཛྲ་དྷརྨྨ་

ཧེ་བཛྲ་ཀརྨྨ་ནྲྀ་ཏི་སཏྭ་ནྲྀ་ཏྱ་བཛྲ་ཞེས་བརྗོད་པར་བྱའོ། །གལ་ཏེ་བབས་པ་དང་། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ། སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་འཆིང་བ་དེའི་ཚེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །གང་གི་ཚེ་རྡོ་རྗེ་ཆགས་

Vol. 57 · folio 128b

པའི་ཕྱག་རྒྱ་འཆིང་བ་དེའི་ཚེ། རྡོ་རྗེ་སྲུང་བའི་ཕྱག་རྒྱའོ། །གང་གི་ཚེ་རྡོ་རྗེ་ལེགས་པའི་ཕྱག་རྒྱ་འཆིང་བ་དེའི་ཚེ། རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །གང་གི་ཚེ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་འཆིང་བ་དེའི་ཚེ་རྡོ་རྗེ་སྨྲ་བའི་ཕྱག་རྒྱའོ། །གང་གི་ཚེ་རྡོ་རྗེ་ཉི་མའི་ཕྱག་རྒྱ་འཆིང་བ་དེའི་ཚེ། རྡོ་རྗེ་རྒྱུའི་ཕྱག་རྒྱའོ། །གང་

གི་ཚེ་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ་འཆིང་བ་དེའི་ཚེ། རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ། །གང་གི་ཚེ་རྡོ་རྗེ་བཞད་པའི་ཕྱག་རྒྱ་འཆིང་བ་དེའི་ཚེ། སློབ་དཔོན་གྱིས་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་རྣམས་དགོངས་པར་མཛད་པར་འགྱུར་རོ། །

དེ་ནས་བབས་པ་དེའི་ལྕེ་ལ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ། སྨྲོས་ཤིག་རྡོ་རྗེ་ཞེས་བརྗོད་པར་བྱའོ། །དེ་ནས་མངོན་པར་འདོད་པ་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་ཕྲེང་བ་དོར་བ་དེ་བླངས་ནས་མགོ་བོ་ལ་བཅིང་ངོ་། །དེ་ནས་གདོང་གཡོགས་བཀྲོལ་ལ་དཀྱིལ་འཁོར་བསྟན་ནས།

སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིང་དུ་བཅུག་ལ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དེའི་སྙིང་གར་དགྲོལ་དུ་གཞུག་གོ། །རྡོ་རྗེའི་བྱིན་གྱིས་བརླབས་པའི་བུམ་པའི་ནང་གི་དྲི་ཆུ་དང་ཞེས་བྱ་བ་ལ་སོགས་པ་ལ། ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་བྲིས་ལ། སློབ་མ་རྡོ་རྗེ་

སེམས་དཔར་བསྐྱེད་ནས་བྱིན་གྱིས་བརླབས་ལ། ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་རྡོ་རྗེ་དང་དྲིལ་བུ་འཛིན་པ་དེ་བཞག་ལ། དྲིལ་བུ་དཀྲོལ་ཞིང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། ལྷ་བཤོས་དང་། མར་མེས་ཡང་དག་པར་མཆོད་དེ། གཏོར་

མ་བྱིན་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདོན་ཞིང་། རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ་དེ་དང་། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བའི་སྔགས་འདིས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །དེ་ནས་ཕྱག་རྒྱ་དང་ཕྲེང་བ་གང་ཡང་རུང་བ་ཅིག་བཅིངས་ལ་ཞེས་བྱ་བ་ལ།

དབང་བསྐུར་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའི་ཕྲེང་བས་དབང་བསྐུར་བ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་

Vol. 57 · folio 129a

སངས་རྒྱས་ཀྱི་ཕྱག་རྒྱ་རྣམས་ཀྱི་ཕྲེང་བས་དབང་བསྐུར་བའོ། །རྡོ་རྗེའི་རིགས་ལ་ནི་སངས་རྒྱས་ཀྱི་ཕྲེང་བས་ཏེ་དེའི་ཕྲེང་བ་དང་། རྡོ་རྗེའི་ཕྲེང་བས་སོ། །དེ་ཡང་རྡོ་རྗེ་ཏི་རཱི་ནྟི་རིའི་ཕྱག་རྒྱ་དང་། དཔལ་ཧེ་རུ་ཀའི་དམ་ཚིག་གི་ཕྱག་རྒྱས་དབང་བསྐུར་རོ། །འགྲོ་བ་འདུལ་

བའི་དུམ་བུ་ལ་ནི། རྡོ་རྗེ་ཆོས་མའི་ཕྱག་རྒྱས་འོད་དཔག་ཏུ་མེད་པས་དབང་བསྐུར་རོ། །དོན་ཐམས་ཅད་གྲུབ་པའི་དུམ་བུ་ལ་ནི། རྡོ་རྗེ་རིན་པོ་ཆེའི་མྱུ་གུས་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་རོ། །ལས་ཀྱི་རིགས་ལ་ནི་རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེའི་ཕྲེང་བས་དབང་བསྐུར་

རོ། །ཨོཾ་གྱིས་རང་གི་མཚན་མ་ལག་པར་བཞག་ལ་ཞེས་བྱ་བ་ནི་ཕྲེང་བས་དབང་བསྐུར་པའི་རྗེས་ཐོགས་ལའོ། །དེ་བཞིན་གཤེགས་པའི་དབང་བསྐུར་བ་ལ་ནི། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དབང་བསྐུར་བ་ལ་ནི། དང་

པོའི་རྡོ་རྗེ་དྲིལ་བུ་ལའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རིགས་ལ་ནི། རྡོ་རྗེ་གནོད་སྦྱིན་གྱི་རྡོ་རྗེ་འབར་བ་དང་། རྡོ་རྗེ་དྲིལ་བུ་འབར་བའོ། །པདྨའི་རིགས་འགྲོ་བ་འདུལ་བའི་དུམ་བུ་ལ་ནི། རྡོ་རྗེ་པདྨ་དང་། རྡོ་རྗེ་པདྨའི་དྲིལ་བུའོ། །ནོར་བུའི་རིགས་དོན་ཐམས་ཅད་གྲུབ་པའི་དུམ་བུ་ལ་ནི། རྡོ་རྗེ་རིན་པོ་

ཆེ་དང་། དྲིལ་བུ་རྡོ་རྗེ་རིན་པོ་ཆེའོ། །ལས་ཀྱི་རིགས་ལ་ནི་རྩེ་མོ་བཅུ་གཉིས་པ་སྣ་ཚོགས་རྡོ་རྗེ་དང་། དེའི་དྲིལ་བུའོ། །ཕྱིའི་རྡོ་རྗེའི་རིགས་རྣམས་ཀྱི་ནི་རྡོ་རྗེ་རྩེ་གསུམ་པ་དང་། དེས་མཚན་པའི་རྡོ་རྗེ་དྲིལ་བུ་སྟེ། འདི་དག་ནི་རང་གི་མཚན་མ་སྟེ། དེ་དག་ནི། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །

དི་རིང་ཁྱོད་ལ་བསྐུར་བར་འགྱུར། །སངས་རྒྱས་ཀུན་གྱིས་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བ་འདིས་ལག་པར་སྦྱིན་པར་བྱའོ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་གསུངས་

པས་ན། རྡོ་རྗེའི་དབང་བསྐུར་བས་ནི་རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ་ཡིན་ནོ། །སངས་རྒྱས་ཀུན་དུ་ཞེས་བྱ་བ་ནི། རྡོ་རྗེའི་དབང་བསྐུར་བ་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས། རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་ཉིད་ཡིན་ནོ། །རབ་གྲུབ་ཕྱིར། རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །

Vol. 57 · folio 129b

ཞེས་བྱ་བ་ནི་གང་གི་ཕྱིར་རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་རབ་གྲུབ་ཕྱིར་ཏེ་སངས་རྒྱས་ཉིད་དང་རྡོ་རྗེ་སེམས་དཔའ་ཉིད་ལ་སོགས་པ་ཐོབ་ཅིང་བསྐྱེད་པར་བྱ་བའི་ཕྱིར། རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་ཤིག་ཅེས་པ་སྟེ་ཟུང་ཞེས་པའོ། །བཛྲ་ཨ་དྷི་པ་ཏི་ཞེས་བྱ་བ་ནི་བདག་

པོར་གྱུར་པ་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་གྱུར་པ་ཐོབ་པའོ། །ཏིཥྛ་བཛྲ་ཞེས་བྱ་བ་ནི་སྒྲུབ་པ་པོའི་རྒྱུད་འདིར་དབང་བསྐུར་བའི་ཚུལ་གྱིས་བཞུགས་ཤིག་ཅེས་བྱ་བ་སྔོན་དུ་འགྲོ་བས་རྡོ་རྗེ་ལ་བོད་པའོ། །ས་མ་

ཡ་སྟྭཾ་ཞེས་བྱ་བ་ནི་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་མི་མཛད་པ་ཡིན་པས་དེའི་ཕྱིར་རྡོ་རྗེ་ལ་བཞུགས་ཤིག་ཅེས་པའོ། །རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་བར་བྱའོ་ཞེས་བྱ་བ་ནི་མེ་ཏོག་གི་ཕྲེང་བའི་དབང་བསྐུར་བ་དང་། ཕྱག་རྒྱའི་ཕྲེང་བའི་དབང་བསྐུར་བ་དང་།

རྡོ་རྗེའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་ལ་སོགས་པ་འདི་དག་ཐམས་ཅད་ཀྱིས་ཀྱང་ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་པའི་ཕྱིར་ཡིན་པས་སྡོམ་པ་བཟུང་བ་དང་། སྡོམ་པ་མ་བཟུང་བའི་སྤྱིའི་དབང་བསྐུར་བ་ཡིན་ནོ། །སློབ་དཔོན་དུ་དབང་

བསྐུར་བར་འོས་པ་རྣམས་ཀྱི་ནི་ཁྱད་པར་འདི་ཡོད་པར་བཤད་དེ། སློབ་དཔོན་དུ་དབང་བསྐུར་བར་འོས་པ་དཀྱིལ་འཁོར་ཆེན་པོར་བཅུག་ལ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། སློབ་དཔོན་གྱི་ལས་ཐམས་ཅད་བསླབ་པར་བྱ་སྟེ། འདི་ཙམ་གྱིས་ནི་གསང་བའི་དབང་

བསྐུར་བས་དབང་བསྐུར་བ་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་འདི་ཡིན་ཏེ། མི་མཉམ་མེད་པས་ཟུར་བཞི་སྟེ། །དྲན་དང་དབང་པོའི་སྒོ་བཞི་ཡིན། །བསམ་གཏན་རྣམས་ཀྱིས་རྟ་བབས་བཞི། །ཏིང་འཛིན་ཁྱམས་སུ་

བཤད་པ་ཡིན། །ཁ་ཁྱེར་ལ་བརྟེན་རྡོ་རྗེའི་མཆོག །ལྷ་མོས་མཆོད་པ་གཟུགས་རྣམས་ཡིན། །སྣ་ཚོགས་པ་ཡི་རྒྱན་རྣམས་ཀུན། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱ་བསྐྱོད་པ་སྣ་ཚོགས་མཆོག །དམ་ཆོས་མཆོག་ནི་ཀུན་དུ་འགྲོ། །རླུང་གིས་བསྐྱོད་པ་སྣ་ཚོགས་

Vol. 57 · folio 130a

མཆོག །དར་འཕན་དྲིལ་བུ་སྒྲ་སྒྲོགས་ཡིན། །མེ་ལོང་ཡེ་ཤེས་རྟག་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཉི་མ་ཟླ་བར་ཡང་དག་ལྡན། །ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་བཤད་པའོ། །ཕྱིའི་དཀྱིལ་

འཁོར་གྱི་དེ་ཁོ་ན་ཉིད་དོ། །དེ་ཡི་ནང་རིམ་དག་གི་ཐིག །དཀྱིལ་འཁོར་བརྒྱད་པ་འདྲ་བ་ནི། །འདི་ནི་རྣམ་པར་ཐར་པ་བརྒྱད། །དངོས་གྲུབ་ཀུན་གྱིས་བདེ་བ་སྟེར། །ཐེག་པ་ཆེན་པོ་བྱང་ཆུབ་སེམས། །མདོ་སྡེའི་འཁོར་ལོ་བསྐོར་བས་ན། །རྡོ་རྗེའི་ཐིག་གིས་ཡོངས་བསྐོར་བར། །

རྡོ་རྗེའི་འཁོར་ལོ་ཡང་དག་བྲི། །རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་ནི། ཐབས་རྣམ་པ་ལྔ་བསྟན་པའི་ཕྱིར། ཤེལ་དང་། བཻཌཱུརྱ་དང་། གསེར་དང་། པདྨ་རཱ་ག་དང་། མརྒད་

ཀྱི་མདོག་ཅན་ལྟ་བུ་སྟེ་ཟླུམ་པོའོ། །དེ་ལ་དབུས་མ་ཤེལ་ལྟ་བུའི་མདོག་ཅན་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་སྟོན་པ་ཡིན་ནོ། །གཉིས་པ་བཻཌཱུརྱའི་མདོག་ཅན་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། བསྡུ་བའི་

དངོས་པོ་བཞི་སྟོན་པར་བྱེད་པ་ཡིན་ནོ། །གསུམ་པ་གསེར་གྱི་མདོག་ཅན་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྟོན་པར་བྱེད་པ་ཡིན་ནོ། །བཞི་པ་པདྨ་རཱ་གའི་མདོག་ཅན་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ཏེ། མི་དམིགས་པའི་ཐུགས་རྗེ་

ཆེན་པོ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། རྣམ་པར་ཐར་པ་ལ་སོགས་པ་སྟོན་པར་བྱེད་པ་ཡིན་ནོ། །ལྔ་པ་མརྒད་ཀྱི་མདོག་ཅན་ནི་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་ཏེ། སེམས་ཅན་སྨིན་པ་དང་གྲོལ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཐོབ་

པ་ལས་བྱུང་བའི་ཐེག་པ་གཞན་གྱི་ལྟ་བ་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་དཀྱིལ་འཁོར་ཞེས་བྱ་བའི་མདོས་སྟོན་པ་ཡིན་ནོ། །ཁ་དོག་ལྔ་པོ་ནི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་ཁམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཆགས་པར་མཛད་པ་ཡིན་ནོ་ཞེས་སྟོན་པར་བྱེད་པའོ། །བུམ་

Vol. 57 · folio 130b

པ་ནི་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་གསོལ་བ་དེ་སྟོན་པར་བྱེད་པ་ཡིན་ལ། བུམ་པ་གང་བ་ནི་འདི་ནི་བྱང་ཆུབ་ཐོབ་པར་བྱེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་སྟོན་པ་ཡིན་

ནོ། །གང་དུ་བཟླས་པར་ཡང་དག་བཤད། །དེ་ཉིད་བརྩོན་པར་ཡང་དག་བཤད། །གང་ཕྱིར་དྲི་ནི་ཡང་དག་བཤད། །གྲགས་པའི་དྲི་ནི་བླ་ན་མེད། །རྫུ་འཕྲུལ་བྱུག་པ་གང་ཡིན་པ། །ཚུལ་ཁྲིམས་དྲི་ནི་བླ་མེད་པའོ། །བཟའ་བ་རྣམ་པ་སྣ་ཚོགས་ནི། །ཆོས་ཀྱི་ཟས་ནི་བླ་མེད་ཡིན། །

ལྷ་ཡི་གར་བཤད་སྣ་ཚོགས་པ། །རྟོག་པ་ཐམས་ཅད་རྣམ་འཕེལ་བ། །གྲོང་ཁྱེར་དུ་ནི་གང་བཤད་པ། །དེ་ཉིད་ཐར་པའི་གྲོང་ཁྱེར་བཟང་། །དཀྱིལ་འཁོར་དུ་ནི་གང་བཤད་པ། །ཆོས་ཀྱི་རང་བཞིན་གྲོང་ཁྱེར་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཡང་མིའུ་

ཐུང་ལྟ་བུ་ཞལ་བཞི་པ་གསུས་ཁྱིམ་ཆེ་བ། རལ་པ་ཅན་དཀྱིལ་འཁོར་གྱི་བདག་པོའི་ཡོན་ཏན་དང་ལྡན་པ། ཚོགས་ལྟ་བུ་ཞལ་བཞི་པ་དེ་དཀྱིལ་འཁོར་གྱི་སྒོར་ཡོངས་སུ་གྱུར་པས་གདུལ་བྱ་རྣམས་རང་གི་སྐུར་བཞུགས་པར་མཛད་པའི་ཕྱིར་དེ་རྣམས་ཀྱང་སྡིག་པ་སེལ་ཞིང་སངས་རྒྱས་

ཀྱི་ཡོན་ཏན་སྐྱེད་པར་མཛད་པས་བཞུགས་པར་གསང་བའི་དཀྱིལ་འཁོར་གྱི་གཟུགས་ཅན་བསྒོམ་པར་བྱའོ། །དེ་ལ་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་སུམ་ཅུ་རྩ་བདུན་ཏེ། དེ་བརྗོད་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་དབུས་སུ་བཞུགས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ།

སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པར་གྱུར་པ་མི་བསྐྱོད་པ་ལ་སོགས་པའི་ཚུལ་གྱིས་མཛེས་པར་སྣང་བ་ཡིན་ནོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཐུགས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །བཅོམ་ལྡན་འདས་

མི་བསྐྱོད་པ་དེ་ཉིད་རྣམ་པ་བཞིར་འདོད་དེ། དེའི་རྒྱུའི་གནས་སྐབས་ཀྱི་བྱང་ཆུབ་ཀྱི་ཐུགས་དང་། འབྲས་བུར་གྱུར་པའི་ཐུགས་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའོ། །དེ་ཉིད་ཀྱི་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་དང་། འབྲས་བུའི་ཐུགས་ནི་རྡོ་རྗེ་རྒྱལ་པོའོ། །དེ་ཉིད་ཀྱི་སེམས་ཅན་སྨིན་པ་

Vol. 57 · folio 131a

དང་གྲོལ་བར་མཛད་པའི་ཐུགས་གང་ཡིན་པ་དང་། དེ་བཞིན་དུ་ལམ་བསྒོམ་པ་དང་། འབྲས་བུའི་རང་བཞིན་གྱི་ཐུགས་གང་ཡིན་པ་དེ་ནི་རྡོ་རྗེ་ཆགས་པའོ། །དེ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་འབྲས་བུའི་ཐུགས་གང་ཡིན་པ་དེ་ནི་རྡོ་རྗེ་ལེགས་པའོ། །

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ནོ། །རིན་ཆེན་འབྱུང་ལྡན་དེ་ཡང་ནོར་དང་། མི་འཇིགས་པ་དང་། བྱམས་པ་དང་། ཆོས་ཀྱི་སྦྱིན་པའི་ཚུལ་གྱིས་རྣམ་པ་བཞིར་འགྱུར་རོ། །དེ་ལ་ནོར་སྦྱིན་

པའི་སྤྱོད་པ་དང་། ནོར་སྦྱིན་པའི་སྤྱོད་པའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་རིན་ཆེན་ནོ། །མི་འཇིགས་པ་སྦྱིན་པ་དང་། མི་འཇིགས་པ་སྦྱིན་པའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་ཉི་མའོ། །བྱམས་པའི་སྦྱིན་པའི་སྤྱོད་པ་དང་། བྱམས་པའི་སྦྱིན་པའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་

དཔལ་ལོ། །ཆོས་ཀྱི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་བཞད་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །བཅོམ་ལྡན་འདས་འོད་དཔག་ཏུ་མེད་

པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ཐུགས་རྩེ་གཅིག་པ་ཉིད་ཀྱི་རྣམ་པའི་ཤེས་རབ་ཀྱི་སྤྱོད་པ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་ཆོས་སོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཕྱིར་ཤེས་རབ་བསྒོམ་པ་དང་དེའི་འབྲས་བུ་གང་ཡིན་པ་དེ་ནི་

རྡོ་རྗེ་རྣོན་པོའོ། །རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་སྤྲུལ་པའི་རྣམ་པའི་ཤེས་རབ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་རྒྱུའོ། །འོད་དཔག་ཏུ་མེད་པ་དེ་ཉིད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞིའི་རང་བཞིན་གྱིས་ཤེས་རབ་ཀྱི་སྤྱོད་པ་གང་ཡིན་པ་དང་། དེའི་འབྲས་

བུ་གང་ཡིན་པ་དེ་ནི་རྡོ་རྗེ་སྨྲ་བའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའོ། །བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པ་དེ་ཡང་རྣམ་པ་བཞི་སྟེ། དོན་ཡོད་པར་གྲུབ་པ་དེས་

Vol. 57 · folio 131b

སངས་རྒྱས་སྤྲུལ་པའི་ཕྱིར། བརྩོན་འགྲུས་གང་བསྒོམ་པའི་སྤྱོད་པའམ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་དང་། དེ་དག་གི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་ལས་སོ། །ཐེག་པ་གཞན་འདོད་པའི་སེམས་ཀྱི་འཇིགས་པ་ལས་སེམས་སྲུང་བའི་བརྩོན་

འགྲུས་གང་ཡིན་པ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་སྲུང་བའོ། །ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་གདོད་ནས་དག་པ། ནམ་མཁའ་དང་མཉམ་པ་ཞེས་བྱ་བར་སོ་སོར་རྟོག་པའི་བརྩོན་འགྲུས་བསྒོམ་པ་འདིས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་

དང་། ཉེ་བའི་ཉོན་མོངས་པ་ཟ་བ་དང་། གདུག་པ་ཐམས་ཅད་ཟ་བ་དང་། དེའི་འབྲས་བུ་གང་ཡིན་པ་དེ་ནི་རྡོ་རྗེ་གནོད་སྦྱིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་རང་བཞིན་དུ་བསྒོམ་པའི་བརྩོན་འགྲུས་དང་། དེའི་འབྲས་བུ་གང་ཡིན་

པ་དེ་ནི་རྡོ་རྗེ་ཁུ་ཚུར་རོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་ཐུགས་བསྡུས་པར་གྱུར་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་མའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྡུས་པར་གྱུར་པ་གང་ཡིན་པ་དེ་ནི་རྡོ་རྗེ་རིན་ཆེན་མའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པར་གྱུར་པ་

གང་ཡིན་པ་དེ་ནི་རྡོ་རྗེ་ཆོས་མའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པར་གྱུར་པ་གང་ཡིན་པ་དེ་ནི་རྡོ་རྗེ་ལས་མའོ། །དེ་ཉིད་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཤེས་རབ་དང་། བསམ་གཏན་དང་། སྨོན་ལམ་དང་། ཐབས་ཀྱི་

ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ལྷ་མོ་སྒེག་མོ་དང་། ཕྲེང་བ་མོ་དང་། གླུ་མ་དང་། གར་མ་དང་། བདུག་པ་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། བྱུག་པ་མ་ཡིན་ནོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་ཀྱི་ཐུགས་བསྐྱེད་ནས་ཐར་པའི་གྲོང་ཁྱེར་ཆེན་པོར་

སེམས་ཅན་འདྲེན་པར་མཛད་པའི་ཕྲིན་ལས་གང་ཡིན་པ་དེ་ནི་རྡོ་རྗེ་ལྕགས་ཀྱུའོ། །བྱང་ཆུབ་ཀྱི་སྤྱོད་པའི་ཞགས་པས་སེམས་ཅན་གཞུག་པར་མཛད་པ་གང་ཡིན་པ་དེ་ནི་རྡོ་རྗེ་ཞགས་པའོ། །བྱང་ཆུབ་ཀྱི་བསམ་གཏན་གྱིས་ཐེག་པ་གཞན་འདོད་པ་ལས་སེམས་རབ་ཏུ་དྲལ་ཏེ་འཆིང་བར་

Vol. 57 · folio 132a

མཛད་པ་གང་ཡིན་པ་དེ་ནི་རྡོ་རྗེ་ལྕགས་སྒྲོག་གོ། །བཅིང་བ་འབེབས་པས་རྗེས་སུ་ཆགས་པར་མཛད་པ་གང་ཡིན་པ་དེ་ནི་རྡོ་རྗེ་འབེབས་པ་ཡིན་ནོ། །དེ་སྐད་དུ་ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་དབང་དུ་མཛད་ནས། བྱང་ཆུབ་སེམས་དང་དེ་བཞིན་སྦྱིན། །བསམ་

གཏན་སངས་རྒྱས་རྗེས་མཉེས་བྱེད། །ཅེས་གསུངས་པ་ཡིན་ནོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དམ་པའི་ཆོས་ཀྱི་གྲོང་ཁྱེར་ཡོངས་སུ་སྐྱོང་བའོ། །དེ་ལ་འདི་དག་ཐམས་ཅད་ནི་སློབ་དཔོན་གྱི་ལས་ཡིན་ཏེ། སེམས་དཔའ་ཆེ་ཡི་ཕྱག་རྒྱ་ཆེར། །

བསྒོམ་ཞིང་བྱིན་གྱིས་རློབ་བགྱིད་ཅིང་། །དཀྱིལ་འཁོར་གྱི་ནི་དབུས་ཉིད་དུ། །ཅི་རིགས་པར་ནི་མཆིས་ནས་ཀྱང་། །ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནོས། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་

བསྐོར། །ཞེས་བྱ་བ་ནས། བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་སྨན་སླད་དུ། །སློབ་མ་རྣམས་ནི་གཞུག་པར་བགྱི། །ཞེས་གང་བཤད་པ་འདི་དག་ཐམས་ཅད་ནི་སློབ་དཔོན་གྱི་ལས་ཡིན་ནོ། །དབང་བསྐུར་

བའི་ཆོ་ག་རྒྱས་པར་བརྗོད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་ཁྲུ་གཉིས་ཙམ་དོར་བར་ཤར་སྒོར་བལྟས་ལ། དཀྱིལ་འཁོར་དབུས་མའི་ཕྱེད་ཀྱི་ཚད་ཙམ་དུ་ཟུར་བཞི་པ་སྒོ་ནུབ་ཏུ་བཏོད་པའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་པ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ། དེའི་

སྟེང་དུ་དཔལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ། ཁ་དོག་དམར་པོ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་བྲི་བར་བྱའོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་སྒོར་བལྟས་པ། ཀུན་ནས་ཟླུམ་པོར་དཀྱིལ་འཁོར་གཞན་དག་བྲིས་ལ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྡོ་རྗེ་

རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེ་གོ་རིམས་ཇི་ལྟ་བ་བཞིན་བྲིས་ལ། དཀྱིལ་འཁོར་དེ་རྣམས་རྩ་བའི་དཀྱིལ་འཁོར་བཞིན་ཡང་དག་པར་མཆོད་ནས། དེ་རྣམས་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སེང་གེའི་གདན་ནམ་ཁྲི་ལ་ཟླ་བའི་དཀྱིལ་འཁོར་དར་གྱིས་གཡོགས་

Vol. 57 · folio 132b

པ་གཞག་པར་བྱའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པར་བྱིན་གྱིས་བརླབས་ལ། ཤར་ཕྱོགས་ཀྱི་སྒོའི་དབང་བསྐུར་བའི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོས་སེང་གེའི་གདན་ལ་བཞག་ལ། སེང་གེའི་གདན་

གྱི་སྟེང་དུ་བླ་རེ་བྲེ་བ་དང་། གཡས་ལོགས་སུ་དར་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ་དང་། གདུགས་མདོག་དཀར་པོ་རིན་པོ་ཆེའི་ཏོག་ཅན་ལ། ཨོཾ་མངོན་པར་བཟླས་པ་གཞག་པ་དང་། གཡོན་ལོགས་སུ་དར་སྣ་ཚོགས་པའི་རྒྱལ་མཚན་དང་། བ་དན་སྣ་ཚོགས་ལ་ནམ་མཁའ་མཛོད་

ཀྱི་སྔགས་བཟླས་པ་གཞག་པར་བྱའོ། །དེ་ནས་སློབ་མ་ལ་མཆོད་ཡོན་བྱིན་ལ། མཆོད་པ་ལྔས་ཀྱང་མཆོད། དུང་དང་། རྔ་རིངས་དང་། རྔ་བོ་ཆེ་དང་། ཟངས་དུང་ལ་སོགས་པ་རོལ་མོའི་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང་། གར་དང་། གླུ་དང་། རོལ་མོ་ལ་སོགས་པས་ཀྱང་དེ་ཡང་

དག་པར་མཆོད་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས་སྦྱོར་བ་འདིས་མི་བསྐྱོད་པ་ལ་སོགས་པའི་བུམ་པ་བཞིས་དབང་བསྐུར་བར་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཨོཾ་བཛྲ་རཏྣ་ཧཱུཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཨོཾ་བཛྲ་དྷརྨྨ་ཧཱུཾ། ཨོཾ་བཛྲ་ཨ་བྷི་

ཥིཉྩ། ཨོཾ་བཛྲ་ཀརྨྨ་ཧཱུཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ། དེ་ནས་བཛྲ་བིད་སྭཱ་ཧཱ། ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་མེ་ཏོག་གི་ལྕུག་མ་ལ་སྟོང་རྩ་བརྒྱད་བཟླས་པའི་རྣམ་པར་སྣང་མཛད་ཀྱི་བུམ་པ་དེ་དང་། ཨོཾ་བཛྲ་བིཏ་སྭཱ་ཧཱ། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་བྱ་བས་

དབང་བསྐུར་རོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། མཐེ་བོ་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་རྩེ་མོ་བཀུག་ནས་ནི། །གུང་མོ་བསྙམས་པའི་ཚིགས་སུ་བཅད། །རྡོ་རྗེ་ཐལ་མོའི་འོད་ཀྱིས་བརྒྱན། །ཞེས་བྱ་བའོ། །དེ་ནས་བཛྲ་སཏྭ། བཛྲ་རཏྣ། བཛྲ་

དྷརྨྨ། བཛྲ་ཀརྨྨ་ཆེ་གེ་མོ་ཞེས་བྱ་བ་འདི། ཨ་དྷི་ཏིཥྛ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ཙརྱཾ་བཱ་སྭཱ་ཧཱ། ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་སློབ་མའི་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབས་ལ། ཡང་ཕྱག་རྒྱ་སྤྱི་བོར་བཞག་སྟེ། ལན་བརྒྱ་བཟླ་བར་བྱའོ། །

Vol. 57 · folio 133a

དེ་ནས་འདི་ནི་ཕྱག་རྒྱ་བཤད་དེ། རྡོ་རྗེ་བསྡམས་པས་ལེགས་བཟུང་ལ། །སྙིང་ག་དབུས་ཀྱི་བར་ན་གནས། །མཐེབ་མཉམ་ཐ་མ་རྡོ་རྗེར་བྱ། །རྡོ་རྗེ་ཆེན་པོས་ཡོངས་སུ་འཕང་། །དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། དབང་

བསྐུར་བར་བྱ་ཞིང་བཏུང་བའི་ཕྱིར་ཡང་སྦྱིན་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ། དེའི་རྗེས་ལ་རྡོ་རྗེ་རིན་ཆེན་ཡོངས་སུ་བཟླས་པའི་ཆོས་གོས་དང་། གོས་དང་རྒྱན་ཐམས་ཅད་སློབ་མ་ལ་བྱིན་ལ། དྲི་ལ་སོགས་པས་ཀྱང་མཆོད་དེ།

བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བ་དང་། རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་དབང་བསྐུར་ལ་རིན་པོ་ཆེ་ལས་བྱས་པའི་རྡོ་རྗེ་རིན་ཆེན་གྱི་ཅོད་པན་དང་དར་དཔྱངས་དང་། རྡོ་རྗེ་རིན་ཆེན་གྱི་སྔགས་མངོན་པར་བཟླས་པས་དབང་བསྐུར་ལ། དེ་བཞིན་གཤེགས་པའི་རྡོ་རྗེ་དང་།

བདག་པོ་དང་མིང་གི་དབང་བསྐུར་བར་བྱའོ། །ལྷག་མ་ནི་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཆོ་གས་རྗེས་སུ་སྤྱད་པར་བྱའོ། །ཡང་དེ་ཉིད་དུ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་རྣལ་འབྱོར་ཆེན་པོར་བཤད་པའི་ཚུལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་

རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་དེའི་ལུས་ལ་བཀོད་དེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་སེང་གེའི་ཁྲིའི་སྟེང་དུ་དེ་བཞིན་དུ་བཞག་ལ། སེང་གེའི་ཁྲིའི་སྟེང་དུ་བླ་རེ་བྲེ་བ་དང་། གཡས་ལོགས་སུ་དར་དང་། མེ་ཏོག་གི་ཕྲེང་བས་བརྒྱན་པ་དང་། གདུགས་དཀར་

པོ་རིན་པོ་ཆེའི་ཏོག་ཅན་ལ་ཡི་གེ་ཧཱུཾ་བཟླས་པ་དང་། གཡོན་ལོགས་སུ་དར་སྣ་ཚོགས་པའི་རྒྱལ་མཚན་དང་། བ་དན་སྣ་ཚོགས་ལ་ནམ་མཁའ་མཛོད་ཡོངས་སུ་བཟླས་པ་གཞག་པར་བྱའོ། །དེ་ནས་སློབ་མ་ལ་མཆོད་ཡོན་བྱིན་ནས་མཆོད་པ་རྣམ་པ་ལྔས་ཀྱང་མཆོད་དེ། དུང་

དང་། རྔ་རིངས་དང་། རྔ་བོ་ཆེ་དང་། ཟངས་དུང་ལ་སོགས་པའི་རོལ་མོ་རྣམས་རོལ་མོའི་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང་། གར་དང་། གླུ་དང་། རྩེད་མོ་ལ་སོགས་པས་ཀྱང་དེ་ལ་མཆོད་ནས་སློབ་མ་ལས་ཡོན་གྱི་མཆོག་བླངས་ནས་རྡོ་རྗེ་སེམས་དཔའི་སྐུ་གཟུགས་སྤྱི་བོར་

Vol. 57 · folio 133b

བཞག་སྟེ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་ནས་ཤར་སྒོའི་བུམ་པ་དང་། བུམ་པ་གང་བས་ཀྱང་དབང་བསྐུར་བར་བྱའོ། །དེའི་རྗེས་ལ་སྦྱོར་བ་འདིས་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། དབང་བསྐུར་ཞིང་བཏུང་བའི་ཕྱིར་ཡང་

བླུད་པར་བྱའོ། །ཨོཾ་བཛྲ་ཨཾ་ཀུ་ཤ ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་བྱ་བ་ནས། བཛྲ་སཏྭ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བའི་བར་དང་། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་ཞེས་བརྒྱ་རྩ་བརྒྱད་བཟླས་ལ། དང་པོའི་རྡོ་རྗེ་བཅིངས་ནས་དེའི་སྤྱི་བོར་གཞག་གོ། །དེ་ནས་

རྡོ་རྗེ་སེམས་དཔའི་སྐུ་གཟུགས་གསལ་ལ་དེར་དར་དམར་པོ་དང་རྒྱན་རྣམས་ལ་རྡོ་རྗེ་རིན་ཆེན་བཟླས་པ་བྱིན་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་སངས་རྒྱས་རྣམས་ཀྱི་ཕྱག་རྒྱས་དབང་བསྐུར་ནས། སངས་རྒྱས་ལྔའི་རིན་པོ་ཆེའི་ཅོད་པན་ལུགས་མའམ་བརྐོས་པའམ།

བྲིས་པ་རིན་པོ་ཆེ་འམ། དེ་ལས་གཞན་པའི་རྒྱུ་ལས་བྱས་པ་དང་། དར་དཔྱངས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་བཟླས་པ་དང་། རྡོ་རྗེ་རིན་ཆེན་ཀྱང་བཟླས་པས་དབང་བསྐུར་རོ། །དེ་ནས་རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་ལ། མེ་ཏོག་

ལ་སོགས་པ་དང་། སྒེག་མོ་ལ་སོགས་པས་སློབ་མ་མཆོད་ལ། རིན་པོ་ཆེའི་ཐུར་མའམ། གསེར་གྱི་ཐུར་མ་བྲིའི་སྒྲས་བྱིན་གྱིས་བརླབས་པ་ཐོགས་ལ། མདུན་དུ་འདུག་སྟེ་དེའི་མིག་གཡས་པ་འབྱེད་པ་ལྟར་བྱེད་ཅིང་འདི་སྐད་ཅེས་བརྗོད་པར་བྱའོ། །ཇི་ལྟར་མིག་

མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པ། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། དེ་ནས་མེ་ལོང་ལ། ཨཱཿབཛྲ་སཏྭ་ཞེས་བྱ་བའི་སྔགས་མངོན་པར་བཟླས་ལ་བསྟན་ཅིང་ཆོས་ཀྱི་མཚན་ཉིད་

བཤད་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་ནི་ཤེས་ནས་སུ། །སེམས་ཅན་དོན་ལ་མཉམ་མེད་

Vol. 57 · folio 134a

བྱོས། །འོན་ཏེ་སངས་རྒྱས་སྲས་སུ་སྐྱེ། །ཡི་གེ་ཧོས་མདའ་དྲུག་དང་ལྡན་པའི་གཞུ་བྱིན་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བསྒོ་ལ། ཧོ་ཞེས་བྱ་བའི་སྙིང་པོ་འདིས་ཕྱོགས་བཞི་དང་།

སྟེང་དང་འོག་ཏུ་མདའ་འཕེན་པའི་ཚུལ་དུ་བྱེད་དུ་གཞུག་གོ། །དེ་ནས་ཨཱཿབཛྲ་སཏྭ་ཞེས་བྱ་བ་མེ་ལོང་ལ་བཟླས་པ་ཉེ་བར་བསྟན་ཅིང་འདི་སྐད་ཅེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའ་མེ་ལོང་སྦྱིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །

བུ་ཁྱོད་ཀྱི་ནི་སྙིང་ལ་བཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་བྱོས་ཤིག་ཅེས་ཀྱང་བརྗོད་པར་བྱའོ། །བཛྲ་ཧེ་ཏུ་མཾ་ཞེས་བྱ་བས་དེའི་རྐང་པ་གཉིས་ཀྱི་བར་དུ་འཁོར་ལོ་གཞག་པ་དང་། བཛྲ་བྷཱ་ཥ་རཾ་ཞེས་བྱ་བས་

དེའི་ལག་པ་གཡས་པར་དུང་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་སྐོར་ཅིག །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་

གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་། །

ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །དེ་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་

སྣ་ཚོགས་འདུལ་འགྱུར་བ། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཡང་འཕགས་པ་ནམ་མཁའི་སྙིང་པོར་བྱིན་གྱིས་བརླབས་ལ། དེའི་ཕྱག་རྒྱ་ཆེན་པོས་ལྷོའི་ཕྱོགས་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་དུ་བཞག་ལ། རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་བུམ་པས་དེ་བཞིན་དུ་

Vol. 57 · folio 134b

དབང་བསྐུར་བར་བྱའོ། །བཛྲ་པཱ་ཤ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ནས། བཛྲ་རཏྣ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བའི་བར་གྱིས་སོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་དེ་བཞིན་དུ་དབང་བསྐུར་རོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སློབ་

མ་དེ་དབང་བསྐུར་བའི་གནས་སུ་བཞག་ལ། སྙིང་པོ་འདི་ལན་སྟོང་རྩ་བརྒྱད་བཟླས་པར་བྱའོ། །ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། རཏྣ་ཨ་བྷི་བ་ཏི་བྷ་བ་ཏཱ་ཌ། དེ་ནས་དེར་གོས་སེར་པོ་དང་རྒྱན་ཐམས་ཅད་ལ་བཛྲ་རཏྣ་ཞེས་བཟླས་པ་བྱིན་ལ། རྡོ་རྗེ་རིན་ཆེན་གྱི་མྱུ་གུའི་ཕྱག་རྒྱའི་དབང་བསྐུར་བ་བྱིན་

ནས། རིན་པོ་ཆེ་ལ་སོགས་པ་ལས་བྱས་པའི་རིན་པོ་ཆེའི་ཅོད་པན་ལ། རྡོ་རྗེ་རིན་ཆེན་མྱུ་གུ་བཟླས་པ་དེས་རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱི་དབང་བསྐུར་ལ། རྡོ་རྗེ་ནོར་བུ་རིན་པོ་ཆེའི་བདག་པོ་དང་། མིང་གི་དབང་བསྐུར་བས་ཀྱང་དབང་བསྐུར་བར་བྱའོ། །ཡང་དེ་བཞིན་དུ་

མཆོད་པ་རྣམ་པ་ལྔ་དང་། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཆོ་ག་ཐམས་ཅད་འདིར་རྗེས་སུ་སྤྱད་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ནོར་བུའི་

འཁོར་ལོ་རབ་ཏུ་བསྐོར། །ཞེས་དེ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་ཆོས་སུ་བྱིན་གྱིས་བརླབས་ལ། ཕྱག་རྒྱ་ཆེན་པོས་དེ་ནུབ་ཕྱོགས་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་བཞག་ལ། འོད་དཔག་ཏུ་མེད་པའི་རིགས་ཀྱི་བུམ་པས་དེ་བཞིན་དུ་དབང་བསྐུར་བར་

བྱ་སྟེ། བཛྲ་སྤོ་ཊ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ནས། དེ་བཞིན་བཛྲ་དྷརྨྨ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བའི་བར་གྱིས་སོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་དེ་བཞིན་དུ་དབང་བསྐུར་རོ། །དེ་ནས་རྡོ་རྗེ་རིན་ཆེན་ཡོངས་སུ་བཟླས་པའི་གོས་དཀར་མོ་དང་། རྒྱན་ཐམས་ཅད་དེ་

ལ་བྱིན་ལ། དྲི་ལ་སོགས་པས་མཆོད་དེ། རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འོད་དཔག་ཏུ་མེད་པའི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་དང་ལྡན་ཞིང་པདྨའི་ཕྲེང་བ་དང་བཅས་པའི་ཅོད་པན་ཅན་དང་། དར་དཔྱངས་

Vol. 57 · folio 135a

ཀྱི་དབང་གིས་དབང་བསྐུར་ལ། རྡོ་རྗེ་ཆོས་མ་དང་། རྡོ་རྗེ་རིན་ཆེན་བཟླས་པའི་རྡོ་རྗེ་པདྨའི་ཕྱག་རྒྱས་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་ཡང་བྱིན་ལ། ཨོཾ་པདྨ་མཱ་ལེ་ཨ་བྷི་ཥིཉྩ་ལོ་ཀེ་ཤྭ་རཾ་སཾ་བ་རཧྲཱིཿཞེས་བྱ་བ་ས་ལན་སྟོང་རྩ་བརྒྱད་བཟླས་པའི་པདྨའི་ཕྲེང་

བ་དེའི་མགོ་ལ་བཅིང་བར་བྱའོ། །དེ་ནས་མིང་གི་དབང་བསྐུར་བས་དེའི་དབང་བསྐུར་ལ། མཆོད་པ་རྣམ་པ་ལྔ་དང་། སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། རིན་པོ་ཆེའི་ཐུར་མ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །འཇིག་

རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དེ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་ལས་སུ་བྱིན་གྱིས་བརླབས་ནས། ཕྱག་རྒྱ་ཆེན་པོ་དེས་བྱང་ཕྱོགས་ཀྱི་དབང་

བསྐུར་བའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་བཞག་ལ། དོན་ཡོད་པར་གྲུབ་པའི་རིགས་ཀྱི་བུམ་པས། བཛྲ་ཨཱ་བེ་ཤ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ནས། དེ་བཞིན་དུ་བཛྲ་ཀརྨྨ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བའི་བར་གྱིས་དབང་བསྐུར་རོ། །ཡང་རྣམ་པར་རྒྱལ་བའི་བུམ་པའི་

ཆུས་དེ་བཞིན་དུ་དབང་བསྐུར་ནས། རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་དབང་གིས་དབང་བསྐུར་ལ། རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཅོད་པན་དང་དར་དཔྱངས་ཀྱི་དབང་ཨོཾ་མཾ། རྡོ་རྗེ་རིན་ཆེན་མངོན་པར་བཟླས་ལ་དེའི་

མགོ་བོར་བཞག་སྟེ། སྣ་ཚོགས་རྡོ་རྗེའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་དེ་ལ་སྦྱིན་པར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔ་དང་། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་དེ། དཔལ་རྡོ་རྗེ་སེམས་དཔའི་ཆོ་ག་ཐམས་ཅད་རྗེས་སུ་

སྤྱད་པར་བྱའོ། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །ཞེས་དེ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་

Vol. 57 · folio 135b

བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་བྱ་བས་བསླབ་པར་བྱའོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པའི་རྡོ་རྗེ་གཟུང་བའི་དེ་ཁོ་ན་ཉིད་ཡིན་ཏེ། དེ་ཉིད་ཀྱིས་ནི་བཅོམ་ལྡན་འདས། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ལྟ་ངན་

རྣམས་ལ་ཕན་པའི་ཕྱིར། །མྱ་ངན་འདས་ནི་སྟོན་པར་མཛད། །མ་ལུས་འདུལ་བ་ལ་བརྩོན་པ། །བརྟན་ཞིང་ངེས་པའི་གོ་ཆ་བགོས། །ཤིན་ཏུ་སྲིད་པ་གནས་ཀྱི་མཆོག །གོ་ཆ་ལ་སོགས་བགོས་པས་ན། །སངས་རྒྱས་ཆོས་དང་ཚོགས་ཞེས་པའི། །དཀོན་མཆོག་གསུམ་པོ་

ཉིད་དུ་འགྱུར། །སྲིད་པ་ཤིན་ཏུ་ཡང་དག་གྲུབ། །རྣམ་དག་དཔལ་ནི་བྱེད་པའི་མཆོག །ཅེས་བྱ་བ་དེ་ཁོ་ན་ཉིད་འདིས་དེ་བཞིན་གཤེགས་པའི་རྡོ་རྗེ་གཟུང་བར་བྱའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་

བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱ་བ་འདིས་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །ལོངས་སྤྱོད་ཐམས་ཅད་ཉེར་སྤྱོད་པར། །བདག་ཉིད་ཁོ་ན་སྟོན་བྱེད་ཅིང་། །དཀོན་མཆོག་གསུམ་མཆོད་དམ་པ་ནི། །བགྱིའོ་ཞེས་ནི་བརྗོད་དེ་མཆོད། །ཅེས་བྱ་བ་འདིས་

དེ་བཞིན་གཤེགས་པའི་སྐུའི་གསང་བ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། དེ་ལ་འདི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་གཟུང་བའི་དེ་ཁོ་ན་ཉིད་ཡིན་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་

ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བྱ་བ་དེ་ཁོ་ན་ཉིད་འདིས་རྡོ་རྗེ་གཟུང་ངོ་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲིད་པའི་བདག་

པོ། དམ་པ་ཀུན་གྱི་དབང་ཕྱུག་དམ་པ་དེ་ཉིད་ཆོས་ཀྱི་མཆོག་གི་བཀའ་ཡང་དག་པར་སྩོལ་བར་མཛད་པ་ནི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་བྱེད་པ་ཡིན། །མཆོག་ཏུ་

Vol. 57 · folio 136a

གསང་བའི་ཆོས་ཉིད་འབེབས་པའི་དྲིལ་བུས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱས་ལ། ལྷ་རྣམས་ཡང་དག་པར་བསྒྲུབས་ཏེ་དྲིལ་བུ་དཀྲོལ་ལོ། །དེ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ་འབེབས་པས་སྒྲིབ་པ་ཐམས་ཅད་རྣམ་པར་དག་

པར་བྱེད་དོ། །རྡོ་རྗེ་ཐམས་ཅད་འབེབས་པ་དང་རབ་ཏུ་བསྒྲུབ་པ་དང་། དབང་དུ་བྱ་བ་དང་ཡང་རབ་ཏུ་སྒྲུབ་པར་བྱེད་པ་འགྲུབ་སྟེ། ཆོས་འདིས་དྲིལ་བུ་དཀྲོལ་བར་བྱའོ། །སྲིད་པའི་བདེ་བ་ཤིན་ཏུ་ཆེ། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །

དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བརྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོའི་དམ་

ཚིག་གི་སྦྱོར་བ་ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པ། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱིས་གཟུགས་ནི་བརྟན་ཕྱིར་རོ། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་

པར་བྱ་སྟེ། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་ཐབས་དང་། །ཡེ་ཤེས་གནས་སུ་བསྒྲུབས་པས་ན། །ཆོས་ཀུན་རྣམ་པར་དག་

པའི་ཕྱིར། །འཁོར་བ་ཡོངས་སུ་དག་པར་འགྱུར། །ཞེས་བྱ་བ་འདིའི་དམ་ཚིག་གིས་དེ་བཞིན་གཤེགས་པའི་རིགས་ཀྱི་སྐུའི་གསང་བ་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་འདི་ནི་རིན་པོ་ཆེའི་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་། དེའི་རིགས་ཀྱི་རྡོ་རྗེ་རིན་ཆེན་གཟུང་བའི་དེ་ཁོ་ན་

ཉིད་དོ། །ཉི་མ་འདི་ནི་དམ་པ་སྟེ། །ཀུན་གཟིགས་དེ་བཞིན་གཤེགས་པ་ཡིན། །ནམ་མཁའི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཞེས་བྱ་བ་དེ་ཁོ་ན་ཉིད་འདིས་རྡོ་རྗེ་རིན་ཆེན་གཟུང་བར་བྱའོ། །བསམ་པ་ཐམས་ཅད་གྲུབ་རྣམས་ཀྱི། །

Vol. 57 · folio 136b

བསམ་པ་གྲུབ་པ་དམ་པ་ཡིན། །དེ་ཡང་འདོད་པ་རབ་གྲུབ་ཕྱིར། །འདོད་དང་ཐར་པ་བདེ་བ་ཆེ། །ཞེས་བྱ་བའི་ཆོས་ཀྱིས་རིན་པོ་ཆེའི་དྲིལ་བུ་དཀྲོལ་བར་བྱའོ། །མི་ཕན་པ་ཡང་སྦྱིན་བྱ་ཞིང་། །འདོད་དང་བདེ་བ་ཐམས་ཅད་ཀྱིས། །བདག་ཉིད་དང་ནི་གཞན་རྣམས་ཀྱི། །བསམ་

པ་ཐམས་ཅད་རྫོགས་པར་བྱ། །ཞེས་བྱ་བ་ནི་དམ་ཚིག་གི་མཆོག་སྟེ། འདིས་རིན་པོ་ཆེའི་རིགས་ཀྱི་སྐུའི་གསང་བ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་ལ་འདི་ནི་པདྨ་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་། དེའི་རིགས་ཀྱི་

རྡོ་རྗེ་པདྨ་གཟུང་བའི་དེ་ཁོ་ན་ཉིད་དོ། །དེ་ཉིད་ཀྱིས་ནི་བཅོམ་ལྡན་འདས། །སངས་རྒྱས་སྤྱན་རས་གཟིགས་དབང་ཕྱུག །འདུལ་བ་ཡི་ནི་ཐབས་མཛད་པ། །དགའ་བའི་རོལ་མོས་གར་མཛད་དོ། །ཞེས་བྱ་བའི་དེ་ཁོ་ན་ཉིད་འདིས་རྡོ་རྗེ་པདྨ་གཟུང་བར་བྱའོ། །ཇི་ལྟར་པདྨ་

དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་པ། །དེ་བཞིན་སྲིད་གསུམ་དག་པ་ནི། །གནས་ཀྱི་ཉེས་པས་མི་གོས་སོ། །ཞེས་བྱ་བའི་ཆོས་འདིས་པདྨའི་དྲིལ་བུ་དཀྲོལ་བར་བྱའོ། །བྱ་བ་གང་དང་གང་གིས་ནི། །འགྲོ་བ་རྣམས་ནི་འདུལ་འགྱུར་བ། །པདྨ་རིགས་མཆོག་སྦྱོར་

བའི་བདག །དེ་དང་དེས་ནི་སྦྱང་བར་བྱ། །ཞེས་བྱ་བ་ནི་དམ་ཚིག་སྟེ། འདིས་པདྨའི་རིགས་ཀྱི་སྐུའི་གསང་བ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། ཨོཾ་པདྨ་ཧསྟ་བཛྲ་དྷརྨྨ་ཏམྦ་ལ་ཡ། དེས་ཀྱང་འདི་སྐད་དུ་ཡང་། རྡོ་རྗེའི་ཆོས་ཉིད་ཇི་ལྟ་བུ་ལགས་ཞེས་

དྲི་བར་བྱའོ། །དེ་ནས་འདི་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཇི་ལྟར་པདྨ་དམར་པོ་འདི། །རིགས་ཀྱི་ཉེས་པས་མི་གོས་བཞིན། །ཐམས་ཅད་དག་པར་བསྒོམས་ན་ནི། །དེ་བཞིན་སྡིག་པ་ཆགས་མི་འགྱུར། །དེ་ལ་འདིར་ཆོས་ཉིད་ནི་དེ་ཡིན་ནོ། །རྡོ་རྗེ་ལས་ཀྱི་དེ་ཁོ་ན་ཉིད་དང་།

ཆོས་དང་། དམ་ཚིག་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ནི་དེ་བཞིན་གཤེགས་པའི་རིགས་སུ་བཤད་པ་ཡིན་ནོ། །དེ་ནས་སློབ་མ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་། གཟེངས་

Vol. 57 · folio 137a

བསྟོད་པའི་ཕྱག་རྒྱས་སློབ་མ་ཐམས་ཅད་ལུང་བསྟན་པར་བྱའོ། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཀུན་དུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་རྡོ་རྗེ་དེ་བཞིན་གཤེགས་པ་ཆེ་གེ་མོ།

སིདྡྷ་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། དེ་བཞིན་གཤེགས་པའི་ཁུ་ཚུར་བཅིངས་ཏེ། གཡོན་པས་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མཆོག་སྦྱིན་པའི་ཚུལ་དུ་བྱའོ། །འདི་ནི་གཟེངས་བསྟོད་པའི་ཕྱག་རྒྱའོ། །དབུགས་དབྱུང་བའི་ཆོ་ག་ནི་དཔལ་མཆོག་དང་པོ་ལ་སོགས་

པའི་ཆོ་ག་ལས་ཤེས་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་འཇུག་པས་ཉེ་བར་མཚོན་པའི་ཆོ་ག་རྒྱས་པ་ཡིན་པས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་ཆོ་ག་རྒྱས་པ་ཞེས་བྱའོ། །རིམ་པ་འདི་ཉིད་

དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་ལ་སོགས་པའི་ཆོ་གས་སྦྱང་བ་བྱས་ནས། དོན་གྱི་དངོས་གྲུབ་ལ་སོགས་པ་བསྒྲུབ་པ་ལ་སྦྱར་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི། སྦྱང་བ་བྱས་པའི་རྗེས་ཐོགས་ལ་དངོས་གྲུབ་

བསྒྲུབ་ཅིང་བསྐྱེད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ། །དེ་ལ་དོན་ནི་གསེར་ལ་སོགས་པའོ། །དེ་བསྐྱེད་པའི་དངོས་གྲུབ་ནི་ཐོབ་པ་སྟེ་དེ་ཉིད་གྲུབ་པའོ། །དེའི་ཕྱག་རྒྱ་ནི་རྡོ་རྗེ་གཏེར་གྱི་ཚུལ་ལ་སོགས་པའོ། །དེའི་ཡེ་ཤེས་ནི་ངེས་པའོ། །དེ་བསླབ་པར་བྱ་སྟེ་ཞེས་བྱ་བ་ནི་

བསྟན་པར་བྱ་བའོ། །འདི་སྐད་སྟོན་ཏེ་མན་ངག་གིས་དེའི་ཕྱག་རྒྱ་ཤེས་པར་འགྱུར་བའི་ཕྱག་རྒྱ་བསྒོམ་པ་བསླབ་པ་དེ་དེ་ལ་བསྟན་པར་བྱ་སྟེ། དེ་ལྟ་བུ་ནི་ཐམས་ཅད་དུ་ཡང་ཕྱག་རྒྱའི་ཡེ་ཤེས་ཀྱི་སྒྲའི་དོན་ཡིན་ནོ། །རྡོ་རྗེའི་དབྱིབས་ནི་གཏེར་གནས་པ། །སྙིང་གར་ཡོངས་སུ་བསྒོམ་

པར་བྱ། །ཞེས་བྱ་བ་ནི་དང་པོར་རེ་ཞིག་རང་གི་ལྷའི་སྦྱོར་བ་བྱའོ། །དེ་ནས་རང་གི་སྙིང་གའི་ཟླ་བའི་སྟེང་དུ་ཡི་གེ་ཨོཾ་གསེར་གྱི་མདོག་ཅན་ལས་གསེར་གྱི་བུམ་པ་རིན་པོ་ཆེས་ཡོངས་སུ་གང་བ་དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་གསེར་གྱི་མདོག་ཅན་བསམས་ལ་ཟླ་བ་གཅིག་གམ། ཟླ་བ་དྲུག་

Vol. 57 · folio 137b

གམ། ལོ་གཅིག་གི་བར་དུ་བསྒོམ་པར་བྱའོ། །དེ་ནས་གསལ་བ་ཉིད་དུ་གྱུར་པ་དང་། མཚན་ཐོག་ཐག་བསྒོམས་པའི་རྗེས་ལ་གང་དུ་གཏེར་ཡོད་པར་རེ་བའི་སྐས་ལ་སོགས་པ་མཐོང་བ་དང་། དེར་སོང་ལ་འབྱོར་པ་ཅི་ཡོད་པས་མཆོད་པ་ལ་སོགས་པ་བྱ་བ་དང་། ཕྱི་རོལ་དུ་གཏོར་མ་

བྱིན་ལ་རྡོ་རྗེ་ལྕགས་སྒྲོག་གིས་གཏེར་བཅིང་བ་དང་། གནས་དང་ཞིང་སྐྱོང་བཅིང་བ་དང་། བདེན་པའི་བྱིན་རླབས་ཀྱང་བྱས་ལ་བཟླས་པ་དང་བསྒོམ་པ་བྱས་ན། བསྒོམས་ས་ན་གནས་པའི་གཏེར་ནི་དེའི་ས་མཐོང་བར་འགྱུར་ཞེས་པའོ། །རྡོ་རྗེའི་དབྱིབས་ནི་བྲིས་ནས་ཀྱང་། །ནམ་

མཁའི་ངོས་ལ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ་དཔྲལ་བར་ཡི་གེ་ཁཾ་ལས་མེ་ཏོག་དམར་པོ་ལྟ་བུའི་གཏེར། དེའི་སྟེང་དུ་ཡི་གེ་ཏྲཾ་ལས་རྡོ་རྗེ་དང་འདྲ་བར་བསྐྱེད་ལ་སྔགས་ཟློས་ཤིང་ཡིད་ཀྱིས་འཕྲལ་བ་ལས་ཕྱུང་སྟེ། ནམ་

མཁར་ཡོངས་སུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་བྱས་ལ་ཡོད་པར་རེ་བའི་གནས་སུ་དེ་བཞིན་དུ་རྡོ་རྗེའི་གཟུགས་བྲིས་ལ་ནམ་མཁར་ཡོངས་སུ་བསྒོམ་པར་བྱས་ནས། གང་དུ་ལྷུང་བར་མཐོང་བ་དེར། །གཏེར་ཡོད་པར་ནི་རྣམ་པར་བཤད། །བློ་ལྡན་མི་ཡི་

རྡོ་རྗེའི་དབྱིབས། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། རང་གི་ལྕེ་ལ་ཡི་གེ་པ་གུར་གུམ་གྱི་མདོག་ཅན་དེའི་སྟེང་དུ་ཧྲཱིཿམདོག་སེར་པོ་ལས་རྡོ་རྗེ་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྒོམ་པ་དང་བསྒྲུབ་པ་བྱས་ལ་གང་དུ་ཡོད་པར་རེ་བ་

དེར་སོང་སྟེ། དེ་བཞིན་དུ་བདེན་པའི་ཚིག་བྱས་ནས། བློ་ལྡན་མི་ཡི་རྡོ་རྗེའི་དབྱིབས། །ལྕེ་ཡི་སྟེང་དུ་བསྒོམས་ན་ནི། །འདི་ན་ཡོད་ཅེས་བདག་ཉིད་ཀྱིས། །བདེན་པ་ཉིད་དུ་སྨྲ་བར་འགྱུར། །ཞེས་པས་བྱིན་གྱིས་བརླབས་པའི་ལྕེས་རྟོག་པ་མེད་པའི་ཚུལ་གྱིས་སྨྲ་བར་བྱེད་དོ། །བདག་

གི་ལུས་ནི་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། ཡི་གེ་ཨ་མདོག་སེར་པོ་ལས་སྣ་ཚོགས་རྡོ་རྗེར་བདག་ཉིད་བསམས་ལ་བསྒོམ་པ་དེ་བྱས་ནས་བསྒྲུབ་པར་བྱ་བའི་གཏེར་གྱི་གནས་སུ་བདེན་པའི་བྱིན་རླབས་བྱས་ཏེ།

Vol. 57 · folio 138a

དེ་ཡང་དེ་བཞིན་དུ་བསྒོམས་ལ་གང་གི་ཚེ། བབས་པར་གྱུར་ནས་གང་གནས་པ། །གཏེར་ནི་དེ་ན་ཡོད་པར་བཤད། །ཅེས་བྱའོ། །དེ་ནས་དང་པོར་བརྐོས་ལ་དེའི་རྗེས་ལ་བླངས་ན་སུ་ཡང་བགེགས་བྱེད་པར་མི་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་

རྡོ་རྗེ་རྫུ་འཕྲུལ་ཏེ། སེམས་ཀྱི་འབྱོར་པ་ཉིད་གང་ཡིན་པའོ། །དེའི་དངོས་གྲུབ་སྟེ་དེ་ཉིད་གྲུབ་པའོ། །དེའི་ཕྱག་རྒྱ་ནི་འོག་ནས་བཤད་པའི་རྡོ་རྗེ་དབབ་པ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཡེ་ཤེས་ནི་ངེས་པ་སྟེ། དེ་བསླབ་པར་བྱ་ཞེས་བྱ་བ་ནི་བསྟན་པར་བྱ་སྟེ། རང་གི་ལྷའི་རྣལ་

འབྱོར་བྱས་ནས་རྡོ་རྗེ་ཕྲ་མོ་བསྒོམ་པ་ཟླ་བ་གཉིས་ཀྱི་བར་དུ་བྱའོ། །དེ་ནས་སྤྲོ་བ་དང་བསྡུ་བའི་སྦྱོར་བ་ཟླ་བ་གཅིག་གི་བར་དུ་བསྒོམས་ནས་བརྟན་པར་གྱུར་པ་དང་། མཚན་ཐོག་ཐག་རྡོ་རྗེ་ཕྲ་མོ་སྤྲོ་བའི་སྦྱོར་བ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་ཕྲ་མོའི་སྤྲོ་བའི་སྦྱོར་བས། ཆུ་རྡོ་རྗེ་ཕྲ་མོའི་རང་

བཞིན་དུ་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེའི་ཚིག་གིས་བཛྲ་ཛྭ་ལ་ཞེས་ཟློས་ཤིང་ཆུའི་སྟེང་དུ་བཅག་པར་བྱའོ། །དེ་ལྟར་དབབ་པར་བྱས་ནས་ཀྱང་། །ཞེས་བྱ་བ་ནི། དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས། རྡོ་རྗེ་ཕྲ་མོ་

བསྒོམ་པར་བྱས་ན་དེས་དེ་འགྲུབ་བོ། །གང་གི་གཟུགས་སུ་བདག་གི་ལུས། །ཞེས་བྱ་བ་ནི། འདུལ་བའི་དབང་གིས་ལྷ་གང་དང་གང་གི་གཟུགས་སུ་བདག་ཉིད་སྟོན་པར་འདོད་པ་དང་། དེ་དང་དེ་ཉིད་དུ་རང་གི་ལུས་སུ་བསྒོམ་ཞིང་བཛྲ་རཱུ་པ་ཞེས་བཟླས་ནས། སངས་རྒྱས་ཀྱི་སྐུར་ཡང་

བདག་ཉིད་ཀྱིས་རང་མཐོང་ཞིང་། གཞན་རྣམས་ལ་ཡང་སྟོན་ནུས་པར་འགྱུར་རོ། །དེ་ལྟར་བདག་ལ་ཕན་ནས་ཀྱང་། །ཞེས་བྱ་བ་ནི། རང་གི་ལྷའི་རྣལ་འབྱོར་བྱས་ནས་དེ་བཞིན་དུ་རྡོ་རྗེ་ཕྲ་མོ་བསྒོམ་པ་རྫོགས་པར་བྱས་ལ། བདག་ནི་ནམ་མཁའ་འོ་ཞེས་རང་གི་བདག་ཉིད་བསྒོམས་

ཏེ། བཛྲ་ཨཱ་ཀཱ་ཤ་ཞེས་ཟློས་ཤིང་བསྒོམས་ན་ཇི་སྲིད་འདོད་པ་དེ་སྲིད་ཀྱི་བར་དུ་མི་སྣང་བར་འགྱུར་རོ། །རྡོ་རྗེ་དབབ་པར་བདག་གྱུར་ནས། །ཞེས་བྱ་བ་ནི་སྔ་མ་བཞིན་རྡོ་རྗེ་ཕྲ་མོ་བསྒོམ་པ་བྱས་ལ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་ཡིན་པར་བདག་བསྒོམས་ན། །ཞེས་བྱ་བ་ནི་བདག་ཉིད་རྡོ་རྗེ་

Vol. 57 · folio 138b

རྩེ་ལྔ་པའི་གཟུགས་སུ་བསམ་པའོ། །གནས་ནས་ཇི་སྲིད་འཛེག་འདོད་པ། །དེ་སྲིད་མཁའ་ལ་འགྲོ་བར་འགྱུར། །ཞེས་བྱ་བ་ནི་རང་གི་གནས་ནས་བརྩམས་ཏེ་རི་རབ་ཀྱི་རྩེ་མོའི་བར་དུ་རྡོ་རྗེའི་སྐས་ཀྱི་ཕྲེང་བས་ཁྱབ་པར་བསམས་ལ། བཛྲ་མ་ཧཾ་ཞེས་ཟློས་ཤིང་ཆེད་དུ་བསམས་པའི་

སྐས་ཀྱི་ཕྲེང་བ་ནས་ཇི་ཙམ་མངོན་པར་འདོད་པའི་གནས་སུ་འགྲོ་བར་བྱའོ། །དེ་ཡང་། རྡོ་རྗེའི་སྐས་ནི་ནམ་མཁའ་ལ། །བསྒོམས་ཏེ་མངོན་པར་འཛེགས་ན་ནི། །ཇི་སྲིད་དུ་ཡང་འཛེག་པའི་གནས། །དེ་སྲིད་ནམ་མཁར་འགྱུར་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་རིག་

འཛིན་གྱི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེས་ཉེ་བར་མཚན་པའི་རིག་པ་འཛིན་པ་ནི་རྡོ་རྗེ་རིག་པ་འཛིན་པའོ། །དེའི་དངོས་གྲུབ་ནི་རྡོ་རྗེ་རིག་པ་འཛིན་པའི་དངོས་གྲུབ་སྟེ་དེ་ཉིད་གྲུབ་པའོ། །དེའི་ཕྱག་རྒྱ་ནི། ཟླ་བའི་དབྱིབས་ཅིག་བྲིས་ནས་ནི། །སྟེང་གི་མཁའ་ལ་འཕགས་བྱས་ཏེ། །

ཞེས་བྱ་བ་ལ་སོགས་པའོ། །དེའི་ཡེ་ཤེས་ནི་ངེས་པ་སྟེ་དེ་བསླབ་པར་བྱའོ། །ཟླ་བའི་དབྱིབས་ཅིག་བྲིས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལྷའི་རྣལ་འབྱོར་བྱས་ནས། བཛྲ་དྷ་ར་ཞེས་བརྗོད་དེ། བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་ཟླ་བའི་དཀྱིལ་འཁོར་ལ་གནས་པར་

བསམས་ལ། དེ་ཉིད་ཟློས་ཤིང་ཟླ་བ་གཅིག་གམ་ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་མ་ཐོབ་པ་དང་། མཚན་ཐོག་ཐག་བསྒོམས་ན། རྡོ་རྗེའི་རིག་པ་འཛིན་པར་འགྱུར་རོ། །རྡོ་རྗེ་རིན་ཆེན་རབ་བསྒོམས་ན། །ཞེས་བྱ་བ་ནི་རང་གི་ལྷའི་

རྣལ་འབྱོར་བྱས་ནས། རཏྣ་དྷ་ར་ཞེས་ཟློས་ཤིང་། བདག་ཉིད་ནམ་མཁའི་སྙིང་པོ་ཟླ་བའི་དཀྱིལ་འཁོར་ལ་གནས་པ། རྡོ་རྗེ་རིན་ཆེན་འཛིན་པ་བསྒོམ་པར་བྱའོ། །བདག་ཉིད་དག་པ་ཇི་སྲིད་འདོད། །ཅེས་བྱ་བ་ནི་བསྒོམ་པ་འདིས་གང་གི་ཚེ་ནམ་མཁའི་སྙིང་པོའི་གཟུགས་སུ་

བདག་ཉིད་ཉིན་རེ་ཞིང་མཐོང་བར་གྱུར་པ་དེའི་ཚེ། དག་པའི་བདག་ཉིད་ཅན་དུ་འགྱུར་རོ། །དེ་ནམ་མཁའ་ལ་འགྲོ་བའི་བསམ་པས་མཚན་ཐོག་ཐག་བསྒོམ་པར་བྱའོ། །དེ་ནས་དེའི་མོད་ལ་ནམ་མཁའི་སྤྱོད་ཡུལ་ཇི་སྲིད་འགྲོ་བར་འདོད་པ་དེ་སྲིད་ཀྱི་བར་དུ་ནམ་མཁའ་ལ་འགྲོ་བའི་

Vol. 57 · folio 139a

རིན་པོ་ཆེའི་རིག་པ་འཛིན་པར་འགྱུར་རོ། །རྡོ་རྗེ་པདྨ་ལག་གནས་པར། །ཞེས་བྱ་བ་ནི་རང་གི་ལྷའི་སྦྱོར་བ་བྱས་ལ། དྷརྨྨ་དྷ་ར་ཞེས་བརྗོད་པ་དེ་བདག་ཉིད་རྡོ་རྗེ་ཆོས་ཀྱི་སྐུ་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་པར་བྱའོ། །དེ་ནས་དེ་བཞིན་དུ་དེ་ཉིད་བསྒོམ་པར་

བྱའོ། །དེ་ནས་མཚན་མ་བྱུང་བ་དང་མཚན་ཐོག་ཐག་བསྒོམས་ན་ཆོས་ཀྱི་རིག་པ་འཛིན་པར་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །བསྒོམས་ན་རྡོ་རྗེ་སྤྱན་གྱིས་ནི། །ཞེས་བྱ་བར་སྦྱར་ཏེ། གང་གི་ཕྱིར་བསྒོམས་ན་རྡོ་རྗེ་སྤྱེན་ཞེས་པ་རྡོ་རྗེ་ཆོས་ཀྱིས་སོ། །རིག་འཛིན་གོ་འཕང་སྦྱིན་པར་བྱེད། །

ཅེས་བྱ་བ་ནི་རིག་པ་འཛིན་པའི་གོ་འཕང་པདྨའི་རིག་པ་འཛིན་པའི་དངོས་གྲུབ་སྦྱིན་པར་བྱེད་ཅེས་བྱ་བའི་དོན་ཏེ། དེ་བསྒོམས་པས་གོ་འཕང་དེ་ཐོབ་པ་ལ་དེ་སྦྱིན་པར་བྱེད་དོ་ཞེས་བཤད་དོ། །ལས་ཀྱི་རྡོ་རྗེ་བསྒོམས་ནས་ནི། །ཞེས་བྱ་བ་ནི་དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་

ནས་ཀརྨྨ་དྷ་ར་ཞེས་བརྗོད་དེ་བདག་ཉིད་རྡོ་རྗེ་ལས་སྣ་ཚོགས་རྡོ་རྗེ་བསྒོམས་པའི་རྡོ་རྗེ་ལས་ཀྱི་སྐུར་བདག་ཉིད་བསམ་པར་བྱ་ཞིང་དེ་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམ་པར་བྱའོ། །རྡོ་རྗེ་སྣ་ཚོགས་འཛིན་པ་ལས། །རིག་འཛིན་ཀུན་དུ་མྱུར་དུ་

འགྱུར། །ཞེས་བྱ་བ་ནི་དེ་ལྟར་བདག་ཉིད་སྔར་བཤད་པའི་ཚུལ་གྱིས་བསྒོམས་ན། སྣ་ཚོགས་རྡོ་རྗེ་འཛིན་པའི་རིག་པ་འཛིན་པར་དེའི་མོད་ཁོ་ན་ལ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་བྱ་བ་

ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་དེ་བསྒྲུབ་པར་བྱ་བའི་ཕྱིར་རོ། །ཕྱག་རྒྱ་ནི་རྡོ་རྗེ་ཀུན་གྱི་ཏིང་ངེ་འཛིན་ལ་སོགས་པ་དེའི་ཡེ་ཤེས་བསླབ་པར་བྱའོ། །རྡོ་རྗེ་ཀུན་གྱི་ཏིང་ངེ་འཛིན། །ཞེས་བྱ་བ་ལ། རྡོ་རྗེ་ཀུན་ནི་

རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེ་སྟེ། དེས་ཉེ་བར་མཚོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་ནི་རྡོ་རྗེ་ཀུན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་ཀུན་གྱི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་སུ་བསམས་ནས་ནི། །ཞེས་བྱ་བ་ནི་འདོད་པའི་

Vol. 57 · folio 139b

ལྷའི་རྣལ་འབྱོར་བྱས་ནས་བཛྲ་བཛྲ་ཞེས་ཟློས་ཤིང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱི་སྐུ་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བདག་ཉིད་བསམ་པར་བྱའོ། །དེ་ནས་ཇི་སྲིད་བརྟན་པར་མ་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ནི་སྤྲོ་བར་བྱ་སྟེ། བརྟན་པར་

གྱུར་ནས་སྤྲོ་བར་བྱ། །བརྟན་པར་མ་གྱུར་སྤྲོ་མི་བྱ། །ཞེས་གསུངས་པའི་ཕྱིར་རོ། །བསྒོམ་པ་ཉེ་བར་བསྡུ་བའི་དུས་སུ་ཡང་ཡིད་ཉིད་ཀྱིས་གཞུག་པར་བྱའོ། །དེ་ལྟར་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམ་

པར་བྱ་སྟེ། བསྒོམས་ན་འགྲུབ་པར་འགྱུར་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེའི་བདག་ཉིད་ཇི་སྲིད་འདོད། །དེ་སྲིད་བར་དུ་ལྡིང་བར་འགྱུར། །ཞེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བའི་སྣ་ཚོགས་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པས། རྡོ་རྗེའི་བདག་ཉིད་ཅེས་བྱ་བ་བྱང་ཆུབ་སེམས་དཔའ་

རྡོ་རྗེ་ལས་ཀྱི་སྐུར་གྱུར་ནས་ནམ་མཁའི་སྤྱོད་ཡུལ་ཇི་སྲིད་འགྲོ་བར་འདོད་པ་དེ་སྲིད་ཀྱི་ནམ་མཁའི་ཁམས་ཐམས་ཅད་དུ་འགྲོ་བར་འགྱུར་རོ། །ཐམས་ཅད་དག་པ་ནི་རྡོ་རྗེ་ཆོས་སོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཐམས་ཅད་དག་པའི་ཏིང་ངེ་འཛིན་ཏེ། དེ་བསྒོམས་

ཤིང་བསླབས་ན་བླ་ན་མེད་ཅིང་མཆོག་ཏུ་གྱུར་པའི་མངོན་པར་ཤེས་པ་ལྔ་མྱུར་ཞིང་རིངས་པར་ཐོབ་པར་འགྱུར་རོ། །སུ་ཞིག་གིས་ཐོབ་ཅེ་ན། ཡེ་ཤེས་བསྒྲུབ་པ་སྟེ། རྡོ་རྗེ་ཆོས་སྒྲུབ་པ་པོས། འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ནས། ཤུདྡྷ་ཤུདྡྷ་ཞེས་རྡོ་རྗེའི་ཚིག་

གིས་ཟློས་ཤིང་། རྡོ་རྗེ་ཆོས་སུ་བདག་ཉིད་ཇི་སྲིད་མཚན་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་བསྒོམ་མོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་འཇིག་རྟེན་དབང་ཕྱུག་ལྟར་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་འདྲ་བར་ནི། །ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལྷའི་

རྣལ་འབྱོར་བྱས་ནས་སཏྭ་སཏྭ་ཞེས་ཟློས་ཤིང་། རྡོ་རྗེ་སེམས་དཔའི་སྐུར་བདག་ཉིད་བསམ་པར་བྱའོ། །དེ་ནས་ཇི་སྲིད་བདག་ཉིད་དེའི་སྐུར་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་དང་འདྲ་བར་ནམ་མཁའ་ཐམས་ཅད་དྲན་པར་བྱའོ། །ཡང་དག་པར་

Vol. 57 · folio 140a

སྤྲོ་བ་བསྒོམས་པས་ཅིར་འགྱུར་ཞེ་ན། བདག་ཉིད་དྲན་པ་བརྟན་ལྡན་ཞིང་། །རྡོ་རྗེ་འཛིན་པར་མྱུར་དུ་འགྱུར། །ཞེས་གསུངས་སོ། །འདི་སྐད་སྟོན་ཏེ། གང་གི་ཚེ་བསྒོམ་པའི་སྟོབས་ཀྱིས་ཕྱོགས་བཅུའི་ནམ་མཁའ་རྡོ་རྗེ་སེམས་དཔས་མཚམས་མེད་པར་ཡོངས་སུ་

གང་བ་ཉིད་དུ་མཐོང་བ་དེའི་ཚེ་དྲན་པ་བརྟན་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །དེ་ནས་མཚན་ཐོག་ཐག་བསྒོམས་པས་རྡོ་རྗེ་འཛིན་པར་མྱུར་བ་ཉིད་དུ་འགྱུར་རོ། །ནམ་མཁའི་དབྱིངས་ནི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་གཟུགས་སུ་བསམས་ནས་ནི། །ཞེས་བྱ་བ་ནི་རྣམ་པར་

སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བསྒྲུབ་པར་འདོད་པས། རང་གི་འདོད་པའི་ལྷའི་རྣལ་འབྱོར་བྱས་ནས། བུདྡྷ་བུདྡྷ་ཞེས་ཟློས་ཤིང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུར་བདག་ཉིད་བསམ་མོ། །དེ་ནས་ཇི་སྲིད་སྐུ་དེར་བདག་ཉིད་རྒྱུན་མི་འཆད་

པ་ཁོ་ན་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སངས་རྒྱས་ཀྱི་གཟུགས་དེ་སངས་རྒྱས་ཀྱི་སྐུའི་རང་བཞིན་དུ་ཕྱོགས་བཅུའི་ནམ་མཁའི་ཁམས་རྣམས་སུ་ཁམས་གསུམ་ཐམས་ཅད་ལྷག་པར་མོས་པར་བསྒོམ་པར་བྱའོ། །དེ་ལྟར་རྣམ་པར་བསྒོམས་པས་སྒྲུབ་

པ་པོ་དེ་ཅིར་འགྱུར་ཞེ་ན། སངས་རྒྱས་ཀུན་གྱི་ཏིང་འཛིན་ལས། །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སེམས་རྩེ་གཅིག་པ་ནི་སངས་རྒྱས་ཀུན་གྱི་ཏིང་ངེ་འཛིན་ཏོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་

བའམ། ཐ་མི་དད་པའི་རིམ་པ་སྟེ་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་ནས་གསང་བ་འཛིན་ནུས་པར་བཤད་དེ་ཞེས་བྱ་བ་ནི་རང་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བས་རྡོ་རྗེ་སེམས་མ་ལ་སོགས་པ་རིགས་ཀྱི་དམ་ཚིག་གི་རྡོ་རྗེའི་ཕྱག་རྒྱ་བཞི་པོ་འམ། རང་གི་མཚན་

མའི་ཕྱག་རྒྱ་མདུན་དུ་བཞག་ལ། དེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསམས་ནས་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས་ཏེ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས། དམ་ཚིག་གི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words