དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ
Sanskrit title (Tibetan script, as in the text) ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 60 · folio 111b
སེམས་ཅན་དོན་ལ་གང་ཞུགས་པ། །ཞེས་བྱ་བ་ནས་བརྩམས་ཏེ། གལ་ཏེ་གསང་བ་མི་སྲུང་ན། །ཞེས་བྱ་བའི་བར་ཡིན་ནོ། །ད་ནི་འདོད་ཆགས་ཞེས་བྱ་བ་ལ་སོགས་པའི་གསང་བ་བརྗོད་པར་བྱ་བ་ཡིན་ནོ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཞེས་བྱ་བ་ནི་བཤད་ཟིན་ཏོ།།
དེ་བཞིན་ཟས་དང་སྐོམ་དང་རོ། །ཞེས་བྱ་བ་ལ་ཟས་ནི་ཁ་ཟས་ལ་སོགས་པའོ། །སྐོམ་ནི་བཏུང་བ་ལ་སོགས་པས་གཤེར་བའི་རྫས་སོ། །རོ་ནི་མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཁ་བ་དང་། ཚ་བ་དང་། བསྐ་བའི་དབྱེ་བས་རྣམ་པ་དྲུག་གོ། །དེ་བཞིན་ཞེས་བྱ་བ་
ནི་རྣམ་པ་དེ་དང་འདྲ་བས་ཇི་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆོས་ཀྱིས་བསྟན་ན་ནི་བདེ་བར་འགྱུར་ལ་ཆོས་མ་ཡིན་པས་བསྟེན་ན་ནི་སྡུག་བསྔལ་བསྐྱེད་པ་དེ་བཞིན་དུ་ཟས་དང་སྐོམ་དང་རོ་ཡང་དེ་དང་འདྲའོ་ཞེས་སྟོན་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ།
གང་ལ་ལ་ཞིག་རྒྱལ་བར་བྱེད་པ་ལ་སོགས་པའི་སྦྱོར་བས་སྲིང་མོ་བཞི་སྒྲུབ་པར་བྱེད་པ་དེས་བདག་ཉིད་གཟུགས་བརྙན་དང་འདྲ་བར་མིང་པོ་གསུམ་གྱི་གཟུགས་སུ་བསམས་ལ་ལྷ་མོ་དེ་རྣམས་ཀྱང་གཟུགས་བརྙན་དང་མཉས་པས་མདུན་དུ་བཞག་ལ་དེ་དང་ཡང་དག་པར་སྦྱོར་བར་
བསྒོམ་པར་བྱ་ཞིང་དེ་ཟས་དང་སྐོམ་དང་རོ་རྣམས་གཟུགས་བརྙན་དང་འདྲ་བར་ལྷག་པར་མོས་པར་བསྟེན་པར་བྱ་སྟེ། དེ་ནི་འདི་རྣམས་ཀྱི་ཆོས་དང་ལས་དང་རིགས་པ་ཡིན་ནོ། །ཆོས་འདིས་བསྟེན་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་བསྐྱེད་པར་འགྱུར་རོ། །དངོས་
པོ་ལ་མངོན་པར་ཞེན་པས་ནི་དམྱལ་བ་ལ་སོགས་པ་ངན་འགྲོའི་རྒྱུར་འགྱུར་རོ། །དེ་ལྟར་ཡང་ཇི་ལྟར་ཤེས་ཤེ་ན་གང་གི་ཕྱིར་སྲིང་མོ་རྣམས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དམ་པོར་བྱེད་པའི་རྒྱུ་ཉིད་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ། འདི་སྐད་གཟུགས་
བརྙན་དང་འདྲ་བར་བསྒོམས་པས་ནི་དེས་འདུལ་བ་རྣམས་ལ་མིང་པོ་གསུམ་གྱི་ཏིང་ངེ་འཛིན་རྫོགས་པར་བྱེད་པ་ཡིན་ནོ། །དེ་བས་ན་འདི་དག་ནི་དམ་པར་བྱེད་པའི་རྒྱུ་ཉིད་ཡིན་པས་ཐབས་དང་ལྡན་པས་བསྟེན་དགོས་སོ། །ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་
Vol. 60 · folio 112a
སློབ་མའི་ཚོགས་ལ་བརྟེན་ནས། སློབ་དཔོན་སློབ་མའི་ཚོགས་དང་བཅས་པས་སྲིང་མོ་བཞིའི་ལས་ཀྱི་ཕྱག་རྒྱས་གར་གྱི་མཆོད་པ་བྱས་ཏེ། སྲིང་མོ་བཞི་པོ་དེ་དག་རྟག་པ་ཉིད་དུ་མཆོད་པར་བྱའོ། །ཇི་ལྟར་ཞེ་ན། ཅི་འདོད་པ་ཞེས་བྱ་བ་སྨོས་ཏེ་ཇི་ལྟར་མངོན་པར་
འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཇི་ལྟ་བུའི་ཚུལ་གྱིས་སྦྱིན་པར་བྱ་ཞེ་ན། ཅི་འདོད་པར་ནི་མཆོད་པར་བྱ། །ཞེས་སྨོས་པ་ཡིན་ནོ། །ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡུལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཇི་སྙེད་པ་ལྷ་རྣམས་གྲུབ་པའི་རྒྱུར་གྱུར་པ་ལྷ་མོ་
རྣམས་ལ་དབུལ་བར་བྱ་སྟེ། བདེ་བའི་ཕྱག་རྒྱ་གར་གྱི་མཆོད་པས་ཡང་དག་པར་མཆོད་དོ་ཞེས་བྱ་བ་ཡིན་ནོ། །དཀྱིལ་འཁོར་འདིའི་ཆོ་གའི་དབྱེ་བ་རྒྱས་པ་དང་། །བསྒྲུབ་པ་དང་། བསྒྲུབ་པར་བྱ་བའི་ཁྱད་པར་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུར་བཤད་པས་
དེ་ཉིད་ལས་ཤེས་པར་བྱའོ། །དཔལ་མཆོག་དང་པོའི་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། སྲིང་མོ་བཞིའི་རྟོག་པ་བཤད་པ་རྫོགས་སོ།། །།སྲིང་མོ་བཞིའི་རྟོག་པ་བཤད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཁྱབ་འཇུག་དང་བཅས་པའི་ལྷ་མ་ཡིན་ལ་
སོགས་པའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲས་ནི་སྔ་མ་བཞིན་ཏེ་དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་བ་ནི་མིང་པོ་གསུམ་གྱི་སྐབས་སུ་བཤད་པ་ཡིན་ནོ། །ལྷ་མ་ཡིན་རྣམས་ཀྱིས་རང་གི་སྙིང་པོ་ཕུལ་ལོ། །དེ་རྣམས་
ཀྱི་སྙིང་པོ་ཕུལ་བ་དང་། དེ་ནས་ལྷ་མ་ཡིན་གྱི་དཀྱིལ་འཁོར་བྱུང་བ་ནི་ཏིང་ངེ་འཛིན་གཉིས་པ་ཡིན་ནོ། །དེ་ནས་བསྡུ་བ་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར།
སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པ་ཆོ་ག་རྒྱས་པར་བསྟན་པ་ཡིན་ནོ། །དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ལ་འབྱུང་སྟེ་ཞེས་བྱ་བ་ཤུགས་ཀྱིས་སྦྱར་རོ། །བརྐོས་ཏེ་ཞེས་བྱ་བ་ལ་སོགས་པ་སོར་ཉི་ཤུ་རྩ་བཞི་ཙམ་སྐས་རིམ་པ་བཞི་ལས་བཅས་པར་
Vol. 60 · folio 112b
རྒྱར་ཁྲུ་བརྒྱད་པར་ས་བརྐོས་ལ་དེར་དཀྱིལ་འཁོར་གྲུ་བཞི་པ་སྒོ་ཤར་དུ་བཏོད་ཅིང་ཁ་གྱེན་དུ་བལྟས་པ་བྲི་བར་བྱའོ། །དེ་ལྟར་བྲིས་ནས་དེའི་དབུས་སུ་ཁྱབ་འཇུག་གི་འཁོར་ལོ་བྲི་བར་བྱའོ། །དེའི་ཤར་གྱི་དབུས་སུ་ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་བྲི་བར་བྱའོ། །ལྷོར་ཐགས་
བཟངས་རིས། ནུབ་ཏུ་ལག་བཟངས། བྱང་དུ་ལྷ་མ་ཡིན་གྱི་དབང་པོ་སྲིན་པོ་ཞེས་བྱ་བ་བྲི་བར་བྱ་སྟེ། འདི་དག་ཐམས་ཅད་ཀྱང་འཁོར་དང་བཅས་པར་བྲི་བར་བྱའོ། །མཚམས་བཞིར་ལྷ་མ་ཡིན་གྱི་བུ་མོ་བྲི་བར་བྱའོ། །འཁོར་ལོས་ཞུགས་ལ་ཞེས་བྱ་བ་ནི། དེ་ལྟར་
དཀྱིལ་འཁོར་བྲིས་ནས་འཁོར་ལོའི་ཕྱག་རྒྱ་བཅིངས་ཏེ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ་སློབ་དཔོན་འཇུག་པར་བྱའོ། །དེ་ནས་རང་གི་ཆོ་ག་བྱས་ལ་ཁྱབ་འཇུག་འཁོར་དང་བཅས་པ་དགུག་ཅིང་སྤྱན་དྲང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་
ལ་ཁྱབ་འཇུག་འཁོར་དང་བཅས་པ་ལ་མཆོད་པ་རྣམ་པ་ལྔས་མཆོད་ནས་ལྷ་མ་ཡིན་གྱི་དབང་པོ་འཁོར་དང་བཅས་པ་རྣམས་ལ་ཉ་ལ་སོགས་པ་གཏོར་མ་སྦྱིན་པར་བྱའོ། །སློབ་མ་ཡང་དེ་བཞིན་དུ་གཞུག་པར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་སློབ་དཔོན་འཇུག་པ་དེ་བཞིན་དུ་འདིར་
སློབ་མ་གཞུག་པར་བྱའོ། །འདི་སྐད་སྟོན་ཏེ་བདག་བསྲུང་བ་དང་གནས་བསྲུང་བ་བྱས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་མདུན་དུ་ལྷ་མ་ཡིན་གྱི་དཀྱིལ་འཁོར་སྤྲུལ་ལ་མེ་ཏོག་ལ་སོགས་པས་ལེགས་པར་མཆོད་དེ་ཕྱག་བཞི་བྱས་ལ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་དང་། གསུམ་
ལ་སྐྱབས་སུ་འགྲོ་བ་བྱས་ནས་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱས་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་དེ་བཞིན་དུ་ཕྱག་རྒྱ་དགྲོལ་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གྱི་དམ་
ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་སྔ་མ་བཞིན་དུ་བསམ་མོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ། སརྦ་ས་མ་ཡ་ཙཀྲཾ་པྲ་བརྟ་ཡ་དཪྴ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ཡིད་ཀྱིས་བྲིས་ལ། འདི་ཉིད་ཡིད་ཀྱིས་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་
Vol. 60 · folio 113a
བསྒོམ་པར་བྱའོ། །དེ་ནས་སྙིང་པོ་དེ་ཉིད་ཀྱིས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་བསྐྱེད་ལ་དེའི་སྟེང་དུ་སྙིང་པོ་དེ་ཉིད་ཀྱིས་ཟླ་བའི་དཀྱིལ་འཁོར་གཉིས་པ་ཡང་སྙིང་པོ་དེ་དང་བཅས་པའི་དང་པོའི་རྡོ་རྗེ་དེ་ཉིད་ཁྱབ་འཇུག་གི་འཁོར་ལོ་དེའི་དབུས་སུ་
སྙིང་པོ་བསམས་ལ། དེ་ཉིད་ཟློས་ཤིང་འཁོར་ལོ་ནི་བདག་ཡིན་ནོ་ཞེས་བསྒོམ་པར་བྱའོ། །འཁོར་ལོ་དེ་ཉིད་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས། རྡོ་རྗེ་སེམས་དཔར་བདག་ཉིད་བསྐྱེད་ལ་ཨོཾ་སརྦ་ས་མ་ཡ་ཙཀྲཾ་པྲ་བརྟ་ཡ་དཪྴ་ཡ་སརྦ་ཧཱུཾ་ཕཊ་ཅེས་བརྗོད་ལ།
རྡོ་རྗེ་སེམས་དཔའ་འམ་ཁྱབ་འཇུག་ཏུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་ས་ཏྭ་ཨ་ཧཾ་ཞེས་བརྗོད་ལ་དམ་ཚིག་སེམས་དཔའ་ཆེན་པོའི་ང་རྒྱལ་བསྐྱེད་ལ་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ས་མ་ཡ་ཧཱུཾ་ཞེས་ཟློས་ཤིང་དམ་ཚིག་སེམས་
དཔའི་ང་རྒྱལ་བསྐྱེད་ལ། ས་མ་ཡ་ས་ཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་ཟློས་ཤིང་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས། སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཁྱབ་འཇུག་གི་ཚུལ་གྱིས་འཁོར་ལོ་
ཐོགས་ལ་སྙིང་པོ་ཟློས་ཤིང་འཇུག་པར་བྱ་སྟེ། འདི་ནི་དེ་ལ་ཕྱག་རྒྱ་ཆེན་པོའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཨའི་མཐར་ཐུག་པའི་སྙིང་པོ་ཟློས་ཤིང་མདུན་དུ་ཁྱབ་འཇུག་གི་འཁོར་ལོ་སྣ་ཚོགས་པདྨའི་སྟེང་དུ་བསྒོམ་པར་བྱའོ། །དེའི་དབུས་སུ་སྙིང་པོ་བསམས་
ལ་འཁོར་ལོའི་ང་རྒྱལ་བསྒོམ་པར་བྱའོ། །ཡང་སྙིང་པོ་དེ་ཉིད་ཟློས་ཤིང་བདག་ཉིད་ཁྱབ་འཇུག་ཏུ་བསྒོམ་པར་བྱའོ། །དེ་ཉིད་དུ་ཁྱབ་འཇུག་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས་ཁྱབ་འཇུག་གི་འཁོར་ལོའི་
དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཨོཾ་སརྦ་ས་མ་ཡཱ་ཙཀྲཾ་པྲ་བརྟ་ཡ་དཪྴ་ཡ་སརྦ་ཧཱུཾ་ཕཊ་དྲྀ་ཤྱ་ཞེས་བརྗོད་ལ་བལྟ་བར་བྱའོ། །དེ་ནས་འཁོར་ལོ་ལྕགས་ཀྱུས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་རང་གི་ལུས་ལ་ཁྱབ་འཇུག་གི་འཁོར་ལོའི་ཕྱག་
Vol. 60 · folio 113b
རྒྱ་བཅིངས་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་དེ་འོད་ཀྱི་དཀྱིལ་འཁོར་བསྐྱེད་པར་བྱའོ། །དེ་ནས་རང་གི་ལུས་ཀྱི་ནང་དུ་ཆུད་པའི་ཁྱབ་འཇུག་གི་ལུས་དང་ལྷན་ཅིག་ཏུ་གྱུར་པར་བདག་ཉིད་བསམས་ལ། ས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་ས་མ་ཡ་ཙ་ཀྲཾ་པྲ་བརྟ་ཡ་དཪྴ་ཡ་སརྦ་ཧཱུཾ་ཕཊ་ཅེས་བྱ་བ་
ལན་གསུམ་བརྗོད་པར་བྱའོ། །དེ་ནས་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཡོན་པ་བཀན་ཏེ་ཤིན་ཏུ་བརྐྱང་བའི་སྟེང་དུ་ལག་པ་གཡས་པ་ཁ་སྦུབས་ལ། ཤིན་ཏུ་བརྐྱང་སྟེ་བཞག་ལ། དེ་ནས་མཐེ་བོ་དང་མཐེའུ་ཆུང་གཉིས་རྡོ་རྗེ་རྩེ་
གཅིག་པ་ལྟར་བྱས་ལ། སོར་མོ་ལྷག་མ་རྣམས་ཀྱིས་རྩིབས་དྲུག་པར་བྱས་པ་འདི་ནི་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་ཀྱི་མཛུབ་མོ་གཉིས་ལ་ལྕགས་ཀྱུ་གཉིས་བྱས་ལ། དགུག་པའི་སྙིང་པོ་ཟློས་ཤིང་དགུག་པར་བྱའོ། །དེ་ནས་དང་
པོའི་རྡོ་རྗེ་དཀར་པོ་བསམས་ལ་སྙིང་པོ་བཀོད་པ་འདི་ནི་འདིར་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་པ་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་ཁྱབ་འཇུག་གི་ཕྱག་རྒྱ་ཆེན་པོ་བསམ་
པར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་དེ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ལ་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དབང་བསྐུར་ནས། འཁོར་ལོའི་དབང་བསྐུར་བ་དང་། བདག་པོ་དང་མིང་གི་དབང་བསྐུར་བའི་སྙིང་པོ་ཟློས་ཤིང་བླངས་ལ། མེ་ཏོག་ལ་སོགས་པའི་
མཆོད་པ་རྣམས་དང་། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་ལ་མཆོད་ལ། ཁྱབ་འཇུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བདག་ནི་ཁྱབ་འཇུག་གོ་ཞེས་ང་རྒྱལ་བསྐྱེད་ནས། རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ་སྙིང་པོ་བསམས་ནས། ཉིན་རེའི་སྦྱོར་བས་
བཟླས་བརྗོད་འབུམ་བྱས་ནས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་དེ་བཞིན་དུ་ཁྱབ་འཇུག་གི་སྦྱོར་བ་བྱས་ལ་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་སྟེ། ཏིང་ངེ་འཛིན་གསུམ་པོ་ཇི་ལྟ་བ་བཞིན་དུ་བསྒོམས་ལ་དམ་ཚིག་གི་ཕྱག་རྒྱས་དཀྱིལ་འཁོར་ནམ་
Vol. 60 · folio 114a
མཁར་གཞག་པར་བྱའོ། །དེ་ནས་དེ་ཉིད་ཀྱིས་བདག་ལན་ཅིག་བྱིན་གྱིས་བརླབས་ལ་ཡོངས་སུ་བསྐོར་བར་བྱའོ། །དེ་ནས་ཇི་སྐད་བཤད་པའི་ཚུལ་གྱིས་ལྷག་པར་གནས་པའི་ཆོ་ག་བྱས་ལ། ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་ཐིག་
གདབ་པར་བྱའོ། །དེ་ནས་ཚོན་གྱི་ཕྱེ་མ་ལྔས་དཀྱིལ་འཁོར་བྲིས་ལ། དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པདྨ་ལ་ཁྱབ་འཇུག་གི་འཁོར་ལོ་བྲི་བར་བྱ་ཞིང་ལྷ་མ་ཡིན་གྱི་དབང་པོ་འཁོར་དང་བཅས་པ་བྲི་བར་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ་ཁྱབ་
འཇུག་འཁོར་དང་བཅས་པ་ལ་བུམ་པ་ལ་སོགས་པས་ལེགས་པར་མཆོད་ནས། རྡོ་རྗེ་གནོད་སྦྱིན་ལ་སོགས་པ་ཡོངས་སུ་བཟླས་པའི་རས་ཀྱིས་གདོང་གཡོགས་པ་ལ་སོགས་པ་བྱས་ལ། ཕྱག་རྒྱ་བཞི་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱས་ལ་
སྐྱབས་སུ་འགྲོ་བ་གཟུང་བར་བྱའོ། །དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ་ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་རང་གི་སྙིང་གར་བཞག་ལ། དེ་བསྐྱེད་ལ་མེ་ཏོག་ལ་སོགས་པས་བདག་ཉིད་མཆོད་ལ། ཁྱབ་འཇུག་གི་
འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བཛྲ་བཛྲ་ཞེས་ཟློས་ཤིང་རང་གི་སྙིང་པོས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་ཁྱབ་འཇུག་ལ་ཕྱག་བྱས་ལ། དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་ནས་ཁྱབ་འཇུག་གི་མདུན་དུ་འདུག་སྟེ། འདི་སྐད་ཅེས་བརྗོད་
པར་བྱའོ། །ཛཿཧཱུཾ་བཾ་ཧོཿ། པྲ་སིདྡྷྱ་མཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པར་བྱའོ། །ཨ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །ཡང་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གྱིས་སེམས་མའི་རྡོ་རྗེ་དྲལ་ལ་བདག་ཉིད་ལ་དབབ་པར་བྱའོ། །ཨ་ཞེས་བྱ་བ་དེ་བཞིན་དུ་བཟླ་
བར་བྱའོ། །དེ་ནས་རང་གི་སྙིང་པོས་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ་དེ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་བརྩམས་ཏེ་དབུས་མའི་
Vol. 60 · folio 114b
འཁོར་ལོའི་བར་དུ་བལྟ་བར་བྱའོ། །དེ་ནས་ཁྱབ་འཇུག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་སྙིང་གར་དགྲོལ་བར་བྱའོ། །དེ་ནས་ཁྱབ་འཇུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་རྡོ་རྗེ་བལྟ་བ་ཁྲོ་བ་དང་བཅས་པས་བལྟས་ལ། ཇི་
སྲིད་མཐོང་བར་གྱུར་ཅིང་རང་གི་དངོས་གྲུབ་སྟེར་བ་དེ་སྲིད་ཀྱི་བར་དུ་སྙིང་པོ་བཟླ་བར་བྱའོ། །དེ་ནས་དེ་བཞིན་དུ་བལྟས་ལ་རྡོ་རྗེ་ཐལ་མོས་བསྐོར་བས་ཕྱག་བྱས་ནས་མེ་ཏོག་ལ་སོགས་པའི་དབང་བསྐུར་བས་བླང་བར་བྱའོ། །དེ་ལ་དང་པོར་རེ་ཞིག་ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་
གྱིས་བཟུང་བའི་འཁོར་ལོའི་ལྕུག་མ་ལ་ཡང་། རྣམ་པར་རྒྱལ་བའི་བུམ་པ་ལ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པའི་བུམ་པ་ལ་སྔགས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླ་བར་བྱའོ། །དེ་ནས་བདག་ཉིད་ཁྱབ་འཇུག་ཏུ་བྱིན་གྱིས་བརླབས་ལ། དཀྱིལ་
འཁོར་ནང་གི་ཤར་ངོས་སུ་སྣ་ཚོགས་པདྨ་བྲིས་ནས། དེའི་སྟེང་དུ་ཁྱབ་འཇུག་གི་ཕྱག་རྒྱ་ཆེན་པོར་བསམས་ཏེ་འདུག་ལ་མེ་ཏོག་ལ་སོགས་པས་བདག་ཉིད་མཆོད་ལ། མཆོད་ཡོན་བླངས་ཏེ། ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ནས། ཨོཾ་སརྦ་
ས་མ་ཡ་ཙཀྲཾ་པྲ་བརྟ་ཡ་དཪྴ་ཡ་ས་ར་བི་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ཅིང་དེ་ནས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་བྱའོ། །དེ་ནས་རང་གི་
སྙིང་གར་འཁོར་ལོ་དྲིལ་བུ་དང་བཅས་པ་བཟུང་ལ། དེ་ཉིད་ཀྱིས་བདག་པོ་དང་། མིང་གི་དབང་བསྐུར་བ་བླངས་ནས། མཆོད་པ་རྣམ་པ་ལྔ་དང་། ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང་བདག་ཉིད་ཡང་དག་པར་མཆོད་ལ་ཁྱབ་འཇུག་ལ་ཕྱག་བྱས་ཏེ་སྙིང་པོ་བཟུང་ལ་ཕྱག་རྒྱ་
བཞིའི་ཡེ་ཤེས་བླངས་ནས། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ་རང་གི་མིང་ནས་བརྗོད་དེ། དཀྱིལ་འཁོར་རྡོ་རྗེ་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ་ཁྱབ་འཇུག་གི་འཁོར་ལོའི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ཁྱབ་འཇུག་འཁོར་
Vol. 60 · folio 115a
དང་བཅས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་དཀྱིལ་འཁོར་དུ་བསྒྲུབ་པར་བྱའོ། །དེ་ནས་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་སརྦ་ས་མ་ཡ་ཙཀྲཾ་པྲ་བརྟ་ཡ་དཪྴ་ཡ་སརྦ་ཧཱུཾ་ཕཊ་
དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་སརྦ་ས་མ་ཡ་ཙཀྲཾ་པྲ་བརྟ་ཡ་དཪྴ་ཡ་ཧཱུཾ་ཕཊ་ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དེ་བཞིན་དུ་ཁྱབ་འཇུག་གི་འཁོར་དང་བཅས་པའི་ལྕེ་ལ་སྙིང་པོ་བསམས་ལ་ལས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྡོ་རྗེ་རིན་
ཆེན་གྱི་ཕྱག་རྒྱས་ཁྱབ་འཇུག་འཁོར་དང་བཅས་པ་ལ་དབང་བསྐུར་ཏེ་ཡོན་བྱིན་ལ་མཆོད་ཡོན་ཐམས་ཅད་ཀྱིས་མཆོད་པར་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་ཁྱབ་འཇུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཇི་སྲིད་མཚན་མ་ཐོབ་པར་
གྱུར་པ་དེ་སྲིད་གྱི་བར་དུ་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་བཀའ་མནོས་ལ་སློབ་མ་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་རང་གི་འཇུག་པའི་ཆོ་གས་སློབ་མ་བཅུག་ལ་དམ་ཚིག་སྦྱིན་པར་བྱའོ། །འདི་ནི་ཁྱེད་ཀྱི་
དམ་ཚིག་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཡིད་མི་རྟོན་པ་དང་། རྟག་ཏུ་སྒྱུ་མའི་མཆོག་ཐམས་ཅད་སྟོན་ཅིང་བསླབ་པ་དང་། དེ་རྣམས་ལ་ཁྱེད་ཀྱིས་བརྙས་པར་མ་བྱེད་ཅིག །དེ་ནས་ཆོ་ག་ཐམས་ཅད་རྫོགས་པར་བྱས་ལ་སློབ་མ་རྣམས་ལ་རྨ་བྱའི་སྒྲོའི་ཆིངས་མ་སྦྱིན་
པར་བྱ་ཞིང་སྒྲུབ་པ་བསླབ་པར་བྱའོ། །རས་ལ་འཁོར་ལོ་བྲིས་ལ་དེའི་ངོས་ཐམས་ཅད་དུ་བདེ་མཆོག་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་འཁོར་དང་བཅས་པ་དང་། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བྲི་བར་བྱའོ། །དེ་ནས་ཚེས་བཅུ་བཞི་ལ་རས་རིས་ཀྱི་མདུན་དུ་
བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། རས་རིས་ལ་ཁྱབ་འཇུག་འཁོར་དང་བཅས་པ་སྤྱན་དྲངས་ཏེ། མཆོད་པ་ཐམས་ཅད་ཀྱིས་ལེགས་པར་མཆོད་ལ་ཕྱག་བྱས་ལ། རྨ་བྱའི་མཇུག་སྒྲོའི་ཆིངས་མ་ལ་བཟླས་བརྗོད་འབུམ་བྱའོ། །དེ་ནས་
Vol. 60 · folio 115b
ཆིངས་མ་བླངས་ཏེ། ལག་པས་བཟུང་ལ་ཉིན་རེ་བྱ་བའི་སྦྱོར་བས་བཟླས་བརྗོད་འབུམ་བྱའོ། །དེ་ནས་གང་གི་ཚེ་ཉལ་བ་དེའི་ཚེ་མགོ་བོར་གཞག་གོ། །དེ་ནས་བཟླས་བརྗོད་འབུམ་ཚང་བ་དང་། ཚེས་བཅུ་བཞི་ལ་འཁོར་ལོའི་ཕྱག་རྒྱས་བཟུང་སྟེ། མཚན་ཐོག་ཐག་
བཟླས་བརྗོད་བྱས་ན་ནང་པར་དེ་ལས་ཐམས་ཅད་མཐོང་བར་འགྱུར་རོ། །དེ་ནས་བརྩམས་ཏེ་སྒྱུ་མ་ཐམས་ཅད་སྟོན་པར་བྱེད་དོ། །དཔལ་མཆོག་དང་པོའི་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས། ལྷ་མ་ཡིན་གྱི་རྟོག་པ་བཤད་པ་རྫོགས་སོ།། །།དེ་ལྟར་ལྷ་མ་ཡིན་གྱི་
རྟོག་པ་བཤད་ནས་དེ་ནས་ཞེས་བྱ་བ་ལ་སོགས་པས་ཀླུས་འདུལ་བ་ལས་བརྩམས་ཏེ་ཀླུའི་རྟོག་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཐ་ཚིག་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་བ་ནི་མིང་
པོ་གསུམ་གྱི་དཀྱིལ་འཁོར་ལས་བཤད་པ་ཉིད་ཡིན་ནོ། །ཀླུའི་རིགས་བཞི་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པའི་དབྱེ་བས་ཀླུའི་རིགས་བརྒྱད་པོ་བཞིར་འགྱུར་རོ། །དེ་ལ་མཐའ་ཡས་དང་རིགས་ལྡན་ནི་བྲམ་ཟེའོ། །ནོར་རྒྱས་དང་དུང་སྐྱོང་ནི་རྒྱལ་རིགས་སོ། །འཇོག་པོ་
དང་པདྨ་ཆེན་པོ་ནི་རྗེའུ་རིགས་སོ། །ཀརྐོ་ཊ་དང་པདྨ་ནི་དམངས་རིགས་སོ། །རང་གི་སྙིང་པོ་ཕུལ་བ་ནི་ཕུཿཞེས་བྱ་བ་ཕུལ་བའོ། །འདི་བརྗོད་པ་ཙམ་གྱིས་ཀླུའི་དཀྱིལ་འཁོར་བྱུང་བར་འགྱུར་ཏེ། འདི་ཡན་ཆད་ཀྱིས་ནི་ཏིང་ངེ་འཛིན་གཉིས་པ་བཤད་པ་ཡིན་ནོ། །དེ་ནས་
བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་དེའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་
པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལས་འབྱུང་སྟེ་ཞེས་བྱ་བར་ཤུགས་ཀྱིས་སྦྱོར་བར་བྱའོ། །སྒོ་བཞི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་རི་མོའི་
Vol. 60 · folio 116a
རྩེ་མོ་བཞི་འདི་ལ་ཡོད་པས་ན། དཀྱིལ་འཁོར་ཟུར་བཞི་པའོ། །སྒོ་བཞི་ཞེས་བྱ་བ་ནི་ངོས་བཞིའི་དབུས་ཀྱི་ཆར་ཆ་བརྒྱད་པའི་ཚད་ཀྱི་སྒོ་བཞི་འདི་ལ་ཡོད་པས་ན་སྒོ་བཞིའོ། །སྦྲུལ་གྱི་ཐིག་གིས་ཀུན་དུ་བྲི། །ཞེས་བྱ་བ་ནི། སྦྲུལ་ལྟ་བུའི་ཚོན་གྱི་རི་
མོ་ནི་སྦྲུལ་ཏེ། དེ་སྲད་བུ་འདི་ལ་ཡོད་པས་ན་སྦྲུལ་གྱི་ཐིག་གོ། །ཀླུ་ཡི་གདེངས་ཀའི་རྩེ་སྒོ་ཁྱུད། །ཅེས་བྱ་བ་ནི་ཀླུའི་གདེངས་ཀ་ནི་སྦྲུལ་གྱི་གདེངས་ཀ་སྟེ། དེའི་རྩེ་མོ་ཅན་གྱི་སྒོ་ཁྱུད་འདི་ལ་ཡོད་པས་ན། ཀླུའི་གདེངས་ཀའི་རྩེ་མོའི་སྒོ་ཁྱུད་ཅན་གྱི་དཀྱིལ་འཁོར་རོ། །
དེ་ཡང་སྒོ་རེ་རེ་ཞིང་སྦྲུལ་གཉིས་གཉིས་ཀྱི་གདེངས་ཀའི་རྣམ་པ་སྒོ་ཁྱུད་འདི་ལ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མཚམས་ཀྱི་མཐར་ནི་མཇུག་རྩེ་མདུད། །ཅེས་བྱ་བ་ནི་མཚམས་ཀྱི་མཐར་སྦྲུལ་གྱི་མཇུག་མ་འདི་ལ་ཡོད་པས་ན་མཚམས་མཐར་ཏེ། སྦྲུལ་གྱི་མཇུག་མ་
དེའི་རྩེ་མོ་སྟེ་ཐ་མར་མདུད་པ་བྱས་པ་འདི་ལ་ཡོད་པས་ན། མཚམས་ཀྱི་མཐར་ནི་མཇུག་རྩེ་མདུད། །ཅེས་བྱའོ། །དེ་ཡང་དཀྱིལ་འཁོར་གྱི་མཚམས་རེ་རེ་ཞིང་སྦྲུལ་གྱི་མཇུག་མ་གཉིས་ཕན་ཚུན་མདུད་པར་བྱས་པས་མཚམས་སུ་མདུད་པར་བྱས་པས་ཞེས་བྱ་བའི་ཐ་
ཚིག་གོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སྦྲུལ་བརྒྱད་ཀྱིས་ཟུར་བཞི་པ་སྒོ་བཞི་པ་སྦྲུལ་གྱི་གདེངས་ཀའི་རྩེ་མོ་སྒོ་ཁྱུད་མཚམས་ཀྱི་མཐར་མཇུག་རྩེ་མདུད་པའི་དཀྱིལ་འཁོར་བྲིས་ནས་དེའི་དབུས་སུ་ཆུ་སྲིན་ལ་སོགས་པས་ཡོངས་སུ་གང་བར་བྱའོ། །དཀྱིལ་འཁོར་དེའི་ལྟེ་
བའི་ཕྱོགས་སུ་ཀླུའི་རྒྱལ་པོ་ཤེ་ཥ་གདེངས་ཀ་བརྒྱད་དང་ལྡན་པ་ལུས་ཀྱི་ཚད་མེད་པ་བྲི་བར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་ཆར་ཀླུའི་རྒྱལ་པོ་མཐའ་ཡས་གདེངས་ཀ་བདུན་དང་ལྡན་པ། མེའི་མཚམས་སུ་རིགས་ལྡན། ལྷོ་ཕྱོགས་སུ་ནོར་རྒྱས། བདེན་བྲལ་གྱི་
མཚམས་སུ་དུང་སྐྱོང་། ནུབ་ཕྱོགས་སུ་འཇོག་པོ། །རླུང་གི་ཕྱོགས་སུ་པདྨ་ཆེན་པོ། །བྱང་ཕྱོགས་སུ་ཀརྐོ་ཊ། དབང་ལྡན་གྱི་མཚམས་སུ་པདྨ་བྲི་བར་བྱའོ། །དེ་ནས་འཇུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་ལྷ་རྣམས་བཀོད་ནས་སྒོ་དབྱེ་བ་ལ་སོགས་པ་
Vol. 60 · folio 116b
བྱས་ཏེ། བུམ་པ་ལ་སོགས་པས། དཀྱིལ་འཁོར་ཡང་དག་པར་མཆོད་ལ་སྲོག་དང་བཅས་པའམ་བཟོར་བྱས་པའི་སྦྲུལ་བླངས་ལ། བཛྲ་བཛྲ་ཕུཿཞེས་ཟློས་ཤིང་། ཁྲོས་པའི་ཤུགས་ཀྱིས་རྒྱུག་ཅིང་། དཀྱིལ་འཁོར་དུ་ཞུགས་ལ་གདེངས་ཀའི་ཕྱག་རྒྱ་བཅིངས་ནས།
དེ་ཉིད་ཀྱིས་མེ་ཏོག་ཕྲེང་བ་བླང་བར་བྱའོ། །དེ་ནས་རང་གི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། གདེངས་ཀའི་ཕྱག་རྒྱ་དང་། ཨོཾ་ཧྲཱིཿ ཨ་ནཱི་ལ་བཛྲཱ་བེ་ག་པྲ་ཏི་བྷི་ནྡྷ་ར་ཤེ་ཥ་ཨ་ཡ་ཧི་ཕུ། སརྦ་ནཱ་ག་ཀུ་ལ་ཨཱ་ན་ཡ་ཧཱུཾ་ཕུ། ས་མ་ཡ་པྲ་བེ་ཤ་ཕུ། སརྦཾ་སཱ་དྷ་ཡ་ཕུ་ཕུ་ཕུ་ཞེས་
བྱ་བའི་སྙིང་པོས་ཀླུའི་རྒྱལ་པོ་ཤེ་ཥ་འཁོར་དང་བཅས་པ་ཇི་ལྟ་བ་བཞིན་དུ་དགུག་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་ལྟར་དགུག་པའི་རྗེས་ཐོགས་ཉིད་ལ། ཀླུའི་བུའི་སློབ་མ་རྣམས་ཕུ་ཞེས་བྱ་བ་ཟློས་ཤིང་དཀྱིལ་འཁོར་དུ་ཞུགས་ནས་བབས་པར་གྱུར་ཞིང་ཕན་
ཚུན་འཐབ་བོ། །དེ་ནས་སློབ་དཔོན་གྱིས་ཕུ་ཞེས་བྱ་བ་ཟློས་ཤིང་རི་མོའི་ཕྱག་རྒྱ་བཅིངས་ལ་དེ་རྣམས་དུག་མེད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་སློབ་དཔོན་གྱི་གདེངས་ཀའི་ཕྱག་རྒྱ་དང་། རང་གི་འཇུག་པའི་ཆོ་གས་སློབ་མ་ཐམས་ཅད་གཞུག་པར་བྱའོ། །
དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱེད་རྣམས་ཀྱིས་ཀླུ་རྣམས་དབྱུང་བར་མི་བྱ། སྦྲུལ་ཐམས་ཅད་གསད་པར་མི་བྱ། སྦྲུལ་ཟ་བ་རྣམས་ལ་བསྲུང་བ་དང་། བྱབ་པ་དང་། གསོ་བ་མ་བྱེད་ཅིག །གསང་བའི་དམ་ཚིག་འདི་ཡང་བརྗོད་པར་བྱ་སྟེ། མཛའ་མིན་
ཐབས་ནི་གཞན་དག་གིས། །དུག་མ་གཏོགས་པར་གནོད་མི་བྱ། །དུག་བསླང་བའམ་དམ་ཚིག་འདས། །ཀླུ་ཡི་རིགས་ཀུན་རིགས་བསྲེགས་འགྱུར། །དེ་ནས་ཡང་མནའི་དམ་ཚིག་སྦྱིན་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །འདི་དག་འཇིག་རྟེན་
དུག་གསུམ་པོ། །གལ་ཏེ་དེ་ལས་འདས་གྱུར་ན། །འཚོ་བའི་འཇིག་རྟེན་འདིར་བརྟགས་ནས། །གལ་ཏེ་དངོས་གྲུབ་ཐོབ་འདོད་ན། །གློག་ལ་བརྙས་པར་མི་བྱ་ཞིང་། །སེར་བ་བཟློག་པར་མི་བྱ་ལ། །སྦྲུལ་ནི་གང་ཡང་གསོད་མི་བྱ། །དེ་ནས་སྙིང་པོ་བྱིན་ལ་ཕྱག་
Vol. 60 · folio 117a
རྒྱ་བཞི་བླང་བར་བྱའོ། །གདེངས་པའི་ལག་པ་དང་། ནམ་མཁའ་ལྡིང་གི་དེ་ཁོ་ན་ཉིད་དང་། དུག་བསྐྱེད་པ་དང་། དུག་བསལ་བ་ནི་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྒྲུབ་པ་ཡིན་ནོ། །ཁྲོ་བོ་གོས་ཀྱིས་གཡོགས་ལ་ལས་བྱའོ་ཞེས་བྱ་བ་ནི་དེ་ནས་བརྩམས་
ཏེ་དུག་ཐམས་ཅད་ཟོས་ཀྱང་བདུད་རྩི་ལྟར་འཇུ་བར་འགྱུར་རོ། །ནོར་རྒྱས་དང་ཡང་ལྷན་ཅིག་གར་བྱེད་དོ། །དུག་ཐམས་ཅད་སྦྱར་བ་དང་གཞིག་པར་ནུས་པར་འགྱུར་རོ། །ཡང་འདིའི་དོན་བརྗོད་པར་བྱ་སྟེ། དེ་བཞིན་དུ་དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་པའི་བར་གྱི་ཕྱག་རྒྱ་
བཅིངས་པར་བྱས་ལ་རང་གི་སྙིང་གར་གནས་པའི་རྡོ་རྗེ་ཡི་གེ་ཕུ་བསམས་ལ་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་ཕུ་ཞེས་བྱ་བ་དེ་ཉིད་ལས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམས་ལ་དེའི་སྟེང་དུ་ཡི་གེ་ཕུ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་ཕུ་
ཉིད་དང་བཅས་པའི་དང་པོའི་རྡོ་རྗེ་ཉིད་ལས་ཀླུའི་ཞགས་པ་དེའི་དབུས་སུ་ཡི་གེ་ཕུ་བསམས་ལ། ཀླུའི་ཞགས་པའི་ང་རྒྱལ་བསྒོམས་ནས་ཞགས་པ་དེ་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས། རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ་ཕུ་དེ་ཉིད་ཟློས་ཤིང་
ཀླུའི་རྒྱལ་པོ་ཤེ་ཥའི་གདེངས་ཀ་བརྒྱད་དང་ལྡན་པར་བདག་ཉིད་བསམས་ལ། མ་ཧཱ་ས་མ་ཡ་སཏྭོ྅ཧཾ་ཞེས་ཟློས་ཤིང་དམ་ཚིག་ཆེན་པོ་སེམས་དཔའི་ང་རྒྱལ་བསྐྱེད་ལ་དམ་ཚིག་ནི་བདག་གོ་ཞེས་བསྒོམ་ཞིང་ས་མ་ཡ་ས་ཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་སྙིང་ག་དང་། དཔྲལ་
བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ལག་པ་གཡས་པས་རྡོ་རྗེ་རྩེ་གསུམ་པ་བཟུང་ཞིང་། གཡོན་པས་ཀླུའི་ཞགས་པ་བཟུང་ལ་ཕུ་ཞེས་ཟློས་པ་འདི་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཕུ་ཨ་ཞེས་ཟློས་ཤིང་
མདུན་དུ་སྣ་ཚོགས་པདྨའི་སྟེང་དུ་ཀླུའི་ཞགས་པ་བསྐྱེད་ལ་ཕུ་ཞེས་ཟློས་ཤིང་ཀླུའི་ཞགས་པའི་ང་རྒྱལ་བསྒོམས་ལ་དེ་ཉིད་ཀླུའི་རྒྱལ་པོ་ཤེ་ཥར་བསམས་ལ། ཤེཥ་ནཱ་ག་རཱ་ཛ་ཧོ་ཕུ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་
Vol. 60 · folio 117b
དང་། བཅིང་བ་དང་དབང་དུ་བྱས་ལ་ཀླུའི་རྒྱལ་པོ་ཤེ་ཥའི་ཁའི་གདེངས་ཀའི་ཕྱག་རྒྱ་བཅིངས་ལ་ཕུ་དྲྀ་ཤྱ་ཞེས་བྱ་བས་བལྟ་བར་བྱའོ། །དེ་ནས་དགུག་པའི་ཕྱག་རྒྱ་དང་། དགུག་པའི་སྙིང་པོས་རང་གི་ལུས་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་
བྱས་ལ་ཡང་གདེངས་ཀའི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་། འོད་ཀྱི་དཀྱིལ་འཁོར་བསམས་ཏེ། དེར་ཞུགས་པས་ཀླུའི་རྒྱལ་པོ་ཤེ་ཥ་དང་ལྷན་ཅིག་ཏུ་གྱུར་པར་བསམས་ལ་ས་མ་ཡ་སྟྭཾ་ཨ་ཧཾ་ཕུ་ཞེས་ལན་གསུམ་བཟླ་བར་བྱའོ། །དེ་ལ་གདེངས་ཀ་
ཆེན་པོའི་ཕྱག་རྒྱ་ཞེས་བྱ་བ་ནི་འདི་ཡིན་ཏེ་མཐེ་བོ་གཉིས་བཅིངས་ལ་ཁ་ཕྱི་རོལ་བསྟན་ཏེ། སོར་མོ་བརྒྱད་གདེངས་ཀའི་ཚོགས་སུ་བྱས་པ་ནི་ཀླུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་དམ་ཚིག་གི་སོར་མོ་ཐམས་ཅད་ལེགས་པར་
བཅེར་ལ་གདེངས་ཀའི་སྟེང་དུ་གཞག་པ་ནི་གདེངས་ཀའི་ལག་པའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་བདག་ཉིད་རྒྱས་བཏབ་ལ་དང་པོའི་རྡོ་རྗེ་དེ་བཞིན་དུ་བྱིན་གྱིས་བརླབས་ནས། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ་ཕུ་ཞེས་བྱ་བས། ཀླུའི་ཞགས་པ་དང་
རྡོ་རྗེ་རྩེ་གསུམ་པ་ཐོགས་ལ་ཕུ་ཉིད་ཀྱིས་བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་བླངས་ལ་ལས་ཀྱི་ཕྱག་རྒྱས་ཡང་དག་པར་མཆོད་དེ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་། ཕྱག་རྒྱ་བཞིས་ཕྱག་བྱས་ལ་སྤྱན་དྲངས་པ་སྔོན་དུ་འགྲོ་བ་དང་།
ཀླུའི་རྒྱལ་པོ་ཤེ་ཥའི་སྙིང་པོའམ་རང་གི་སྙིང་པོ་དང་པོའི་རྡོ་རྗེ་བསམས་ལ། དེའི་དབུས་སུ་ཉིན་རེའི་སྦྱོར་བས་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་ཏེ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ། ཀླུའི་རྒྱལ་པོ་ཤེ་ཥའི་རྣལ་འབྱོར་དེ་
བཞིན་དུ་བྱས་ལ་ཏིང་ངེ་འཛིན་གསུམ་པོ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་གདེངས་ཀའི་ཕྱག་རྒྱ་དང་། ཕུ་བཛྲོ་ཏིཥྛ་མཎྜལ་ཨུཏྤཱ་དཱ་ཡཿ། ཞེས་བརྗོད་ཅིང་། དཀྱིལ་འཁོར་ནམ་མཁར་གཞག་པར་བྱའོ། །དེ་ནས་གདེངས་ཀའི་ཕྱག་རྒྱ་དང་ཕུ་ཞེས་བྱ་བས་
Vol. 60 · folio 118a
བདག་ཉིད་བྱིན་གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ཡོངས་སུ་བསྐུར་བར་བྱའོ། །དེ་ནས་ཇི་སྐད་བཤད་པའི་ཚུལ་གྱིས་བསྙེན་པར་བྱས་ལ། ཉི་མ་འཆར་ཀའི་ཚེ། དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དེ་ནས་ཀླུའི་དཀྱིལ་འཁོར་ཀླུའི་རིགས་
བརྒྱད་དང་བཅས་པ་སྔ་མ་བཞིན་དུ་བྲི་བར་བྱའོ། །དེ་ནས་སྒོ་དབྱེ་བ་བྱས་ལ་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་མཆོད་ནས། རྡོ་རྗེ་གནོད་སྦྱིན་དང་། ཕུ་བཟླས་པའི་གོས་ཀྱིས་གདོང་གཡོགས་པ་ལ་སོགས་པ་བྱས་ལ། ཕྱག་རྒྱ་བཞི་སྔོན་དུ་འགྲོ་བས་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་
པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་བླངས་ལ་ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་རང་གི་སྙིང་གར་འཛིན་ཅིང་། རང་གི་སྙིང་གར་དེ་བཞིན་དུ་བསྐྱེད་ལ། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། ལག་པ་གདེངས་ཀའི་ཕྱག་རྒྱ་བཅིངས་ཏེ། དེ་
ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ། ལག་པ་གཡོན་པས་ཀླུའི་ཞགས་པ་བཟུང་སྟེ། བཛྲ་བཛྲ་ཕུ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱེད། དེ་ནས་ཀླུའི་རྒྱལ་པོ་ཤེ་ཥ་ཀླུའི་རིགས་བརྒྱད་དང་བཅས་པ་ལ་ཕྱག་བྱས་ལ། དཀྱིལ་འཁོར་ལན་གསུམ་
བསྐོར་བ་བྱས་ནས། ཤེ་ཥའི་མདུན་དུ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷ་མཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་ཨ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །ཡང་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མའི་རྡོ་རྗེ་ཕྱེ་ལ་ཨ་
ཞེས་བྱ་བ་དེ་བཞིན་དུ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཕུ་ཉིད་ཀྱིས་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ་དེ་ཉིད་ཀྱིས་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་
གདེངས་ཀའི་ལག་པ་བཅིངས་ལ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་ཤེ་ཥའི་ཕྱག་རྒྱ་བཅིངས་ལ་དེ་རྡོ་རྗེ་བལྟ་བ་ཁྲོ་བོ་དང་བཅས་པས་བལྟས་ལ་ཇི་སྲིད་དངོས་གྲུབ་སྟེར་བར་བྱེད་པ་དེ་སྲིད་ཀྱི་བར་དུ་ཕུ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་
Vol. 60 · folio 118b
ནས་དེ་བཞིན་དུ་བལྟས་ལ་རྡོ་རྗེ་ཐལ་མོས་བསྐོར་བ་བྱས་ལ། མེ་ཏོག་གི་ཕྲེང་བ་ལ་སོགས་པའི་དབང་བསྐུར་བ་ཡང་བླང་བར་བྱའོ། །དེ་ལ་དང་པོར་རེ་ཞིག་ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་གྱིས་ཡོངས་སུ་བཟུང་བའི་རྡོ་རྗེ་མེ་ཏོག་གི་ལྕུག་མ་ལས། རྣམ་པར་རྒྱལ་བའི་བུམ་པ་ལ།
དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པའི་བུམ་པའི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །དེ་ནས་བདག་ཉིད་ཤེ་ཥར་བྱིན་གྱིས་བརླབས་ལ་ཤར་ཕྱོགས་ཀྱི་སྒོར་བལྟས་པས་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་བྲིས་ལ། དེའི་སྟེང་དུ་ཤེ་ཥའི་
ཕྱག་རྒྱ་ཆེན་པོས་འདུག་སྟེ། དྲི་ལ་སོགས་པས་བདག་ཉིད་མཆོད་དེ། མཆོད་ཡོན་བླངས་ནས་ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཕུ་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་ཟློས་ཤིང་། དེས་བདག་ཉིད་ལ་དབང་བསྐུར་བར་བསམ་ཞིང་ཆུ་དེ་
བཏུང་བར་ཡང་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ཞིང་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་བྱའོ། །དེ་ནས་ཞེས་བྱ་བ་དང་། རྡོ་རྗེ་རྩེ་གསུམ་པ་བླངས་ལ་དེ་བཞིན་དུ་བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་བླངས་པར་བྱའོ། །
དེ་ནས་མཆོད་པ་རྣམ་པ་ལྔ་དང་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་ལ་མཆོད་ལ་ཤེ་ཥ་ལ་ཕྱག་བྱ་ཞིང་ཕུ་ཞེས་བྱ་བ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་བླངས་ལ། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། རང་གི་མིང་ནས་ཀྱང་བརྗོད་དེ་དཀྱིལ་འཁོར་རྡོ་
རྗེས་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ། གདེངས་ཀའི་ལག་པས་ཤེ་ཥ་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། གདེངས་ཀའི་ཕྱག་རྒྱ་བཅིངས་ལ་ཕུ་དྲྀ་ཤྱ་ཞེས་བྱ་བས་ཤེ་ཥ་འཁོར་དང་བཅས་པ་ལ་བལྟ་བར་བྱས་ལ་ས་མ་ཡ་སྟྭཾ། ས་མ་ཡ་ཛཿཧཱུཾ་བཾ་
ཧོཿཕུ་ཞེས་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱའོ། །དེ་ནས་ཧཱུཾ་ལས་རང་གི་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ལ་ཤེ་ཥ་ལ་སོགས་པའི་ལྕེ་ལ་ཡང་ཕུ་ཞེས་བྱ་བ་བསམས་ལ། འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ།
Vol. 60 · folio 119a
ཤེ་ཥ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་ཤེ་ཥ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་རིན་གྱི་ཕྱག་རྒྱས་ཤེ་ཥ་ལ་སོགས་པ་ལ་དབང་བསྐུར་ལ་མཆོད་པ་
རྣམ་པ་ལྔས་མཆོད་པར་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཇི་སྲིད་མཚན་མ་ཐོབ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལེགས་པར་མཆོད་ལ་ཕྱག་བྱས་ཏེ། སློབ་མ་གཞུག་པའི་ཕྱིར་བཀའ་
ནོས་ལ་སློབ་མ་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་སློབ་མ་ཐམས་ཅད་དུག་མེད་པར་བྱས་ལ། རང་གི་འཇུག་པའི་ཆོ་གས་བཅུག་ལ་རང་གི་ཆོ་ག་དང་དེ་རྣམས་ཀྱི་ཁྱད་པར་གྱི་ཆོ་ག་སྔ་མ་ལྟར་བྱའོ། །སློབ་མ་འཇུག་པ་ལ་སོགས་པའི་
ཆོ་ག་རྒྱས་པ་རྫོགས་སོ།། །།དཔལ་མཆོག་དང་པོའི་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། ཀླུའི་དཀྱིལ་འཁོར་གྱི་རྟོག་པ་རྒྱས་པར་བཤད་པ་རྫོགས་སོ།། །།བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་
དེ། རྟོག་པ་བཅུའོ། །དེ་ཉིད་ནི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་ཉིད་ལས་བདེ་བ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་རྡོ་རྗེ་གསང་བའི་ཆོ་ག་རྒྱས་པ་རྫོགས་པ་ནི། རྩ་བའི་རྒྱུད་ཀྱི་ཚུལ་གྱིས་སོ། །དེ་ལ་བདེ་བ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དེ་
ཉིད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་གྱིས་ཐམས་ཅད་དུ་ཁྱབ་པས་ན་དམ་ཚིག་གོ། །དེ་ལས་བྱུང་བ་ནི་དང་པོའི་རྡོ་རྗེའོ། །དེའི་གསང་བ་ནི་ཇི་སྐད་དུ་བཤད་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བཅུའོ། །དེའི་ཆོ་ག་རྒྱས་པ་ནི་
བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ཚོགས་སོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ལས། དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བཅུའི་རྟོག་པ་བཤད་པ་
Vol. 60 · folio 119b
རྫོགས་སོ།། །།དེ་ལྟར་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། དཀྱིལ་འཁོར་བཅུའི་རྟོག་པ་གསུངས་ནས། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པའི་རྟོག་པ་རྣམས་ཀྱང་གལ་ཏེ་གདུལ་བྱའི་ཉེས་པས་གྲུབ་པར་མ་གྱུར་ན། བསྒྲུབ་པའི་ཁྱད་པར་གྱིས་མྱུར་དུ་
བསྒྲུབ་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་རྟོག་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟོན་པའི་ཚིག་སྟེ། སྔར་བཤད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་
ཀྱི་རྣམ་གྲངས་བསྟན་ནས་དོན་དེ་བསྒོམ་པར་བྱ་བའི་ཕྱིར་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་བཞུགས་གནས་ཀྱི་གཞལ་ཡས་ཁང་བསྐྱེད་ནས། དེར་ཇི་ལྟ་བ་བཞིན་དུ་བཞུགས་ཏེ་རྡོ་རྗེ་སེམས་དཔའི་དབང་བསྐུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་
པ་དེའི་རྗེས་ཐོགས་ཉིད་ལའོ། །རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོ་དེའི་སྟེང་ན་རྡོ་རྗེ་གཞལ་ཡས་ཁང་ཆེན་པོ་ན། བདེ་བ་ཆེན་པོའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས་ལས་བྱུང་བ་འདོད་པའི་ཁམས་ཐམས་ཅད་ཀྱི་གདུལ་བྱ་
རྣམས་ལ་སོ་སོར་སྣང་བར་གྱུར་པ་རྡོ་རྗེའི་རང་བཞིན་ཅན་གྱི་རི་རབ་ཆེན་པོའི་རྩེ་མོ་དེའི་སྟེང་ན་ཕྱོགས་བཅུ་ཐམས་ཅད་དུ་གནས་པའི་རྡོ་རྗེ་ནོར་བུ་ཆེན་པོར་རོ། །དེར་ཁྱད་པར་ཇི་ལྟ་བུས་བཅོམ་ལྡན་འདས་བཞུགས་ཤེ་ན་རྡོ་རྗེ་རིན་ཆེན་ལ་སོགས་པ་སྨོས་ཏེ། རྡོ་རྗེ་རྩེ་ལྔ་པས་རྩེ་མོ་
མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདིར། ནོར་བུ་རིན་པོ་ཆེ་ཡིན་ཏེ། གང་གི་ཕྱིར་རྡོ་རྗེ་ཕྱེད་དང་ལྡན་པ་ནི་རྡོ་རྗེ་རིན་ཆེན་ནོ་ཞེས་འོག་ནས་བཤད་པའི་ཕྱིར་རོ། །དེ་རྣམས་ཀྱི་འོད་འབར་བ་སྟེ། དེ་ཉིད་ཀྱིས་གསལ་བའི་སྣང་བ་འདི་ལ་ཡོད་པས་ན། རྡོ་རྗེ་རིན་ཆེན་
འོད་གསལ་བའོ། །དེས་བརྒྱན་པ་ནི་བརྒྱན་པར་བྱས་པའོ། །དྲ་བ་དང་དྲ་བ་ཕྱེད་ལ་སོགས་པས་འོད་དང་མདངས་དྲི་མ་མེད་པ་འདི་ལ་ཡོད་པས་ན་དྲི་མེད་མདངས་དང་ལྡན་པའོ། །དྲི་མ་མེད་པའི་འོད་ཀྱིས་བརྒྱན་པ་དེ་ནི་དེ་སྐད་ཅེས་བྱའོ། །ཟུར་བཞི་པ་ཞེས་བྱ་བ་ལ་
Vol. 60 · folio 120a
སོགས་པ་ནི་བཤད་ཟིན་ཏོ། །བ་དན་དང་འཕན་རླུང་གིས་བསྐྱོད་པ་ནི་ཤིན་ཏུ་མཛེས་པ་དེ་ལ་དྲིལ་བུ་བཏགས་པ་དེས་སྒྲ་སྒྲོགས་པ་ནི་ཐེག་པ་གསུམ་གྱིས་ཆོས་སྟོན་པའི་སྒྲ་སྒྲོགས་པ་དེ་ནའོ། །དྲ་བ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་དྲ་བ་ནི་མུ་ཏིག་གི་ཆུན་འཕྱང་
དབུས་ན་ཡོད་པའོ། །མེ་ལོང་ནི་གོ་བར་ཟད་དོ། །མེ་ཏོག་ཆུན་པོ་ནི་དཔག་བསམ་གྱི་ཤིང་གི་མེ་ཏོག་གོ། །དྲ་བ་དང་མེ་ལོང་དང་མེ་ཏོག་ཆེན་པོ་དང་། མེ་ཏོག་གི་ཕྲེང་བ་དང་། རྒྱན་རྣམས་ཀྱིས་བསྐོར་བ་ནི་བརྒྱན་པའོ། །དེ་ལྟ་བུ་དེར་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོ་སྟེ་དེར་དང་
པོའི་རྡོ་རྗེའོ། །རྡོ་རྗེ་ཀུན་གྱིས་ནི་རྡོ་རྗེ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེའོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོ་དང་། རྡོ་རྗེ་ཐམས་ཅད་ནི་བདེ་བ་ཆེན་པོ་རྡོ་རྗེ་ཐམས་ཅད་དོ། །དེ་རྣམས་ཀྱིས་མངོན་པར་འདུས་བྱས་པ་ནི་བསྐྱེད་པའོ། །དེར་རྡོ་རྗེ་སེམས་
དཔའི་སྣང་བ་ཆེན་པོ་ཡོད་པ་ནི་རྡོ་རྗེ་ཆེན་པོའི་སྣང་བ་ཆེན་པོའོ། །དེར་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ངེས་པར་བསྟེན་པ་སྟེ། དེར་བཞུགས་པས་དེ་བསྟེན་པར་མཛད་
པའོ། །གནས་དེར་བྱང་ཆུབ་སེམས་དཔའི་རང་བཞིན་ཅན་གྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱིས་གནས་པ་ནི་སྤྱོད་ལམ་རྣམ་པ་བཞི་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་ཡིད་ཀྱིས་བཞུགས་པའོ། །དེ་མཆོག་ཏུ་གྱུར་པས་ན་བྱང་ཆུབ་སེམས་
དཔའི་གནས་པ་མཆོག་ཅེས་བྱའོ། །དེར་རྡོ་རྗེ་འཆང་བ་ཀུན་ནི་དེ་བཞིན་གཤེགས་པ་རྣམས་དང་། རིགས་ལྔ་པོ་རྣམས་སོ། །དེ་རྣམས་ཀྱི་གནས་ནི་བཞུགས་གནས་ཏེ། དེར། བདེ་བ་ཆེན་པོ་རྡོ་རྗེ་ཆེ། །ནོར་བུ་རིན་ཆེན་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་ནོར་བུ་ཆེན་པོ་
རྡོ་རྗེ་ནོར་བུ་རིན་ཆེན་ནི་ཇི་སྐད་དུ་བཤད་པའི་ནོར་བུ་ཆེན་པོའོ། །དེས་མཆོག་ཏུ་གྱུར་པ་ནི་དམ་པར་གྱུར་པ་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་བས་ནོར་བུ་རིན་ཆེན་མཆོག་ཅེས་བྱ་བ། རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་ཞེས་བྱའོ། །དེར་སྟོང་པ་ཉིད་བཅོ་བརྒྱད་ཀྱི་ཏིང་ངེ་འཛིན་
Vol. 60 · folio 120b
ནི་རྡོ་རྗེ་ཆེན་པོ་སྟེ། དེར་རྒྱུ་མཐུན་པ་ལས་བྱུང་བའི་གཞལ་ཡས་ཁང་ཡིན་པས་ན། རྡོ་རྗེ་ཆེན་པོའི་ཁང་བརྩེགས་ན། །ཞེས་བྱའོ། །ན་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའོ། །རྣམ་པར་བཞུགས་ཞེས་བྱ་བ་ནི། དེ་ལྟ་བུའི་ཁྱད་པར་ཅན་གྱི་གནས་ན་བདེ་བ་ཆེན་པོ་
བཞུགས་པ་ནི་གནས་པར་མཛད་པའོ། །འདིར། བདེ་བ་ཆེན་པོས་རྣམ་པར་བཞུགས། །ཞེས་བྱ་བ་ནི་འདི་ལ་བདེ་བ་ཆེན་པོ་མངའ་བས་ན། བདེ་བ་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། འདིའི་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་ཆེན་པོ་འདིའི་
ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཐོག་མ་ཐ་མ་མེད་ཅེས་བྱ་བ་ལ་སོགས་པས་དེ་ཁྱད་པར་དུ་བྱས་པ་ཡིན་ཏེ། ཐོག་མ་ཐ་མ་མེད་ཅེས་བྱ་བ་ནི། དང་པོ་ནི་ཐོག་མར་སྐྱེ་བའོ། །ཐ་མ་ནི་དུས་ཚིགས་མེད་པར་འཇིག་པའོ། །གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ནི་ཐོག་
མཐའ་མེད་པའོ། །སེམས་དཔའ་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཚུལ་གྱིས་འགྲོ་བའི་དོན་ལ་ཆགས་པས་ན་སེམས་དཔའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ཡིན་པས་ན་རྡོ་རྗེ་སེམས་དཔའོ། །དེ་ཡང་ཐོག་མ་དང་ཐ་
མ་མེད་པ་ཉིད་དང་། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དབང་དུ་མཛད་ནས། དེ་ལ་ཇི་ལྟར་ན་ཐོག་མ་དང་ཐ་མ་མེད་པ་ཡིན་ཞིང་རྡོ་རྗེ་སེམས་དཔའ་ཡིན་ཞེ་ན། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའི་དམ་ཚིག་
སེམས། །རྡོ་རྗེ་སེམས་དཔའ་ཞེས་བཤད་དོ། །ཞེས་འོག་ནས་བཤད་པའི་ཕྱིར་རོ། །ཡང་དགའ་བ་ཆེན་པོ་ཅི་ཞིག་ལ་ཆགས་ཤེ་ན། སེམས་ཅན་རྣམས་ལ་ཆགས་པར་མཛད་དོ་ཞེས་གསུངས་པ་ཡིན་ནོ། །དགའ་བ་ཆེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དེ་
ཁོ་ན་ཉིད་ལ་དགྱེས་པ་དང་། སེམས་ཅན་གྱི་དོན་ལ་དགྱེས་པས་ན་དགའ་བ་ཆེའོ། །དེ་ཡང་ཇི་ལྟར་ན། བཅོམ་ལྡན་འདས་དགའ་བ་ཆེན་པོ་ཉིད་ཡིན་ཞེ་ན། ཉེས་བྲལ་ཤིན་ཏུ་རྟོག་པ་དང་། །ཆགས་པ་ཀུན་ལ་རྗེས་སུ་དགྱེས། །དེ་ཉིད་ཀྱིས་གསང་བཅོམ་
Vol. 60 · folio 121a
ལྡན་འདས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །ཞེས་གསུངས་པའི་ཕྱིར་རོ། །ཀུན་དུ་བཟང་པོ་ཆེ་ཞེས་བྱ་བ་ནི་གདུལ་བྱ་རྣམས་ལ་འདི་ནས་ཀུན་ནས་བཟང་ཞིང་དགེ་བས་ན་ཀུན་དུ་བཟང་པོ་སྟེ། ཀུན་དུ་བཟང་པོ་ཡིན་པའམ། ཉོན་མོངས་བག་
ཆགས་དང་བཅས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཀུན་ནས་ཡོངས་སུ་དག་པས་ན། ཀུན་དུ་བཟང་པོའོ། །ཀུན་བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་བདག་པོ་སྟེ། རང་བཞིན་ཡིན་པས་ན་ཀུན་བདག་ཉིད་དེ། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །
དོན་གཉིས་པ་འདི་ཉིད་ཀྱི་དབང་དུ་བྱས་ནས། ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་སེམས་དཔའི་མཆོག །ཅེས་འོག་ནས་བཤད་པ་ཡིན་ནོ། །རྡོ་རྗེ་སྙེམས་ཚུལ་བདག་པོའི་
བདག །ཅེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དང་། དེ་ཉིད་ཀྱི་ལྷ་མོ་གང་ཡིན་པ་དེ་ནི་རྡོ་རྗེ་སྙེམས་ཚུལ་ལོ། །དེའི་བདག་པོ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་ཐུགས་སོ། །དེའི་དབང་དུ་བྱས་ནས་ཕྱག་རྒྱ་དེ་གང་གི་ཕྱིར་འཁོར་
བ་ཇི་སྲིད་པའི་བར་དུ་རྒྱུན་དུ་འགྲོ་བའི་དོན་མཛད་པའི་ཕྱིར་བཞུགས་པ་ཡིན་ལ། ཕྱག་རྒྱ་ཆེན་པོ་དེ་ལ་ཡང་རྟག་པ་ཉིད་དུ་དབང་ཉིད་ཀྱིས་གཙོ་བོར་གྱུར་པ་ཉིད་མངའ་བའོ་ཞེས་བདག་པོའི་སྒྲ་གཉིས་པས་སྟོན་པ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཀུན་མཆོག་
དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་ཕྱག་རྒྱ་ཡིས། །རྡོ་རྗེའི་དབང་ཕྱུག་ཆེར་བསྟོད་པ། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་གསུངས་པ་ཡིན་ནོ། །ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་བདེ་བ་ཆེན་པོ་ཉིད་དུ་ཇི་ལྟར་འགྱུར་ཞེས་རྟོག་པ་དག་ཡོད་
པས་བདེ་བ་ཆེན་པོ་ཉིད་རྟོགས་པར་བྱ་བའི་ཕྱིར། སེམས་ཅན་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་རང་གི་སེམས་ཡོངས་སུ་སྦྱང་བའི་ཡེ་ཤེས་གསུངས་པ་ཡིན་ཏེ། སེམས་ཅན་ཀུན་གྱི་སེམས་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཉིད་ཆོས་བདག་མེད་པའི་ཚུལ་གྱིས་
Vol. 60 · folio 121b
རང་བཞིན་གྱིས་འོད་གསལ་བ་ཡིན་ཞིང་། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་བསྐྱོད་པར་མི་ནུས་པས་ན་བརྟན་པ་ཡིན་ལ། ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག་དང་། ལྷའི་བུའི་བདུད་ཀྱིས་རྡོ་རྗེ་ལྟར་མི་ཕྱེད་པ་ཡིན་ལ། དེ་ལྟར་མི་ཕྱེད་པ་དེ་ཉིད་
ཀྱིས་བྱང་ཆུབ་ཆེན་པོ་ལས་བཟློག་པར་མི་ནུས་པའི་ཕྱིར་སེམས་དཔའ་ཞེས་བཤད་དེ། མི་ཤིགས་པའི་ཚུལ་ཅན་ནོ། །མཉམ་པར་གཞག་པས་ཏིང་ངེ་འཛིན། །ཞེས་བྱ་བ་ནི། མི་ཤིགས་པའི་ཚུལ་ཅན་གྱི་སེམས་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པ་
ཐམས་ཅད་དང་བྲལ་ལ། དེ་བཞིན་ཉིད་དུ་རོ་གཅིག་པར་སེམས་རྩེ་གཅིག་པ་ཉིད་ནི་མཉམ་པར་གཞག་པའི་རང་བཞིན་ཉིད་ཡིན་པས་ཏིང་ངེ་འཛིན་ཞེས་བྱ་བར་བཤད་དོ། །ངེས་པའི་ཕྱིར་ན་རྡོ་རྗེར་གྱུར། །ཅེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཆོས་བདག་མེད་
པའི་རང་བཞིན་ཅན་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དང་། ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ། རྡོ་རྗེའི་བདག་ཉིད་ཅན་དུ་བསྒོམས་པའི་ངེས་པའི་རྒྱུར་གྱུར་པ་ལས་རྡོ་རྗེ་ཉིད་དུ་གྱུར་པ་ཡིན་ཏེ། རྡོ་རྗེ་ངོ་བོ་ཉིད་ནི་རྡོ་རྗེ་ངོ་བོ་ཉིད་དེ་རྡོ་རྗེའི་རང་བཞིན་ཐོབ་པའོ། །སེམས་
དཔར་བྱིན་རླབས་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཞེས་བྱ་བ་ནི། རྡོ་རྗེར་གྱུར་པའི་སེམས་དེ་ཉིད་སེམས་དཔར་བྱིན་རླབས་ཚུལ་གྱིས་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་སྐུར་རྣམ་པར་བསྒོམས་ནས། རྡོ་རྗེ་སེམས་དཔའི་སྐུར་ཡང་འགྱུར་རོ། །དེ་
ལྟར་རྡོ་རྗེ་སེམས་དཔའ་སྐྱེད་པ་བསྟན་ནས། ད་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པར་བསྐྱེད་པར་གསུངས་པ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་དེ་ཉིད་བདུད་བཞི་བཅོམ་པས་ན། བཅོམ་ལྡན་འདས་ཞེས་བྱའོ། །
རྟག་པ་ནི་བརྟན་ཞིང་མི་འགྱུར་བའོ། །བྱང་ཆུབ་སྤྱོད་པའི་རྗེས་འགྲོ་ཡིན། །ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔ་ནི་བྱང་ཆུབ་བོ། །དེའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་སྟེ། རང་གི་སེམས་ཇི་ལྟ་བ་བཞིན་དུ་རྟོགས་པའི་སངས་རྒྱས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་
Vol. 60 · folio 122a
རྟོགས་ཤིང་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར། བྱང་ཆུབ་སྤྱོད་པ་རྗེས་འགྲོ་ཡིན། །ཞེས་བྱའོ། །ཇི་ལྟར་ན་འདི་བྱང་ཆུབ་ཀྱི་སྤྱོད་པའི་རྗེས་སུ་འགྲོ་བ་ཡིན་ཞེ་ན། རང་གི་སེམས་སོ་སོར་རྟོགས་པ་ལ་སོགས་པ་ནི་སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་
སོགས་པ་ནི། རང་ཉིད་ཀྱི་སེམས་ནི་རང་གི་སེམས་ཏེ་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་ལ་སོགས་པའི་སྒོ་ལྔའི་རྣམ་པར་ཤེས་པའོ། །དེའི་སོ་སོར་རྟོགས་པ་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་
མེད་པའི་རྟོགས་པའོ། །དེ་ཉིད་ལ་སོགས་པ་སངས་རྒྱས་ཀྱི་བྱང་ཆུབ་གང་ཡིན་པ་དེ་ནི་རང་གི་སེམས་སོ་སོར་རྟོགས་པ་ལ་སོགས་པ་ནི་སངས་རྒྱས་ཀུན་གྱི་བྱང་ཆུབ་ཡིན་ཏེ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཇི་ལྟར་གསུངས་པ་དེ་
བཞིན་དུ། མངོན་པར་བྱང་ཆུབ་པ་ལྔ་བསྒོམས་པས་བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རང་བཞིན་དུ་གྱུར་པས་ན་སེམས་དཔར་བྱིན་གྱིས་བརླབས་པ་ལས་བྱུང་བའི་རིགས་ཀྱི་རང་བཞིན་དུ་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །བདུད་ཅེས་བྱ་བ་ནི་དེ་ཉིད་ནི་སེམས་ཅན་
ཐམས་ཅད་ཀྱི་བདུད་ལྟ་བུའི་སེམས་ཅན་ཡིན་པས་ན་བདུད་དོ། །སངས་རྒྱས་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེར་གྱུར་པ་དེ་ཉིད་སངས་རྒྱས་ཀྱི་སྐུར་བསྒོམས་པས་སངས་རྒྱས་སུའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ། དང་པོའི་
རྡོ་རྗེའོ། །གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་བྱ་བའི་ཕྱིར། །གང་ཞིག་མཛད་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །རྡོ་རྗེ་ཆེན་པོ་འཛིན་པ་ཉིད། ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔར་གྱུར་པའི་བཅོམ་ལྡན་འདས་དེ་ཉིད་སེམས་དཔར་
བྱིན་གྱིས་བརླབས་པའི་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཉིད་དེ་བཞིན་གཤེགས་པའི་རིགས། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོར་གྱུར་པའི་སེམས་དཔའ་དེ་ཉིད་རྡོ་རྗེ་ཡིད་ལས་བྱུང་བའི་སྐུར་བསྒོམས་
Vol. 60 · folio 122b
ན་དེ་བཞིན་གཤེགས་པའི་རིགས་སུ་འགྱུར་རོ། །དེ་ཉིད་རྡོ་རྗེ་རིགས་ཆེན་པོ། །ཞེས་བྱ་བ་ནི་སེམས་དཔའི་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་གྱུར་པ་དེ་ཉིད་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ལ་སོགས་པའི་སྐུར་བསྒོམས་ན། རབ་ཏུ་དགའ་བའི་རྡོ་རྗེ་སེམས་དཔའ་
ལ་སོགས་པའི་ཁྲོ་བོའི་ཚུལ་གྱིས་ནམ་མཁའ་ཆེན་པོ་དང་མཉམ་པའི་རྡོ་རྗེའི་རིགས་སུ་འགྱུར་རོ། །དེ་ཉིད་པདྨའི་རིགས་དག་པ། །ཞེས་བྱ་བ་ནི་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བའི་རྡོ་རྗེ་སེམས་དཔར་གྱུར་པ་དེ་ཉིད་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་སྐུར་
བསྒོམས་པས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་ཚུལ་གྱིས་རང་བཞིན་གྱིས་དག་པའི་པདྨའི་རིགས་སུ་འགྱུར་རོ། །དེ་ཉིད་ནོར་བུའི་རིགས་དམ་པ། །ཞེས་བྱ་བ་ནི་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་དེ་ཉིད་འཕགས་པ་ནམ་
མཁའི་སྙིང་པོའི་སྐུ་དང་། དེའི་རིགས་ཀྱི་ཚུལ་དུ་བསྒོམས་ན་ནོར་བུའི་རིགས་དམ་པར་འགྱུར་རོ། །དེ་ཉིད་འདོད་ཆགས་ཞེས་བྱ་བ་ནི་སེམས་ཅན་སྨིན་ཅིང་གྲོལ་བ་ལ་ཆགས་པ་ནི་འདོད་ཆགས་སོ། །ཆགས་བྲལ་ཉིད་ཅེས་བྱ་བ་ནི། །འདོད་པ་ཐམས་ཅད་དང་བྲལ་བའི་རང་བཞིན་
ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་བའི་ཐ་ཚིག་གོ། །འདོད་ན་ཞེས་བྱ་བ་ནི་འདོད་ཅིང་དོན་དུ་གཉེར་བ་ཞེས་བྱ་བའི་ཐ་ཚིག་སྟེ། འདོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་འདོད་པ་ཞེས་གསུངས་པ་ཡིན་ནོ། །ཐར་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་སེམས་
དང་སེམས་ལས་བྱུང་བ་ནི་ཐར་པ་ཡིན་པའམ། བདེ་བ་ཆེན་པོ་ལ་བྱ་སྟེ། ང་ནི་ཐར་པའོ་ཞེས་འོག་ནས་བཤད་པའི་ཕྱིར་རོ། །དུས་གསུམ་ཞེས་བྱ་བ་ནི་དུས་གསུམ་དུ་སྣང་བའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །སྲིད་གསུམ་ཞེས་བྱ་བ་ནི་མིང་པོ་གསུམ་གྱི་ཚུལ་གྱིས་
སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །མཆོག་གསུམ་ཞེས་བྱ་བ་ནི་དེ་ཉིད་ཀྱི་མིང་གི་ཁྱད་པར་གཞན་ནོ། །འཇིག་རྟེན་གསུམ་ཞེས་བྱ་བ་ནི་སའི་འཇིག་རྟེན་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཁམས་གསུམ་པ་ཞེས་བྱ་བ་ནི་སའི་འཇིག་རྟེན་ལ་སོགས་པའི་
Vol. 60 · folio 123a
སེམས་ཅན་གྱི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཚུལ་གྱིས་གནས་པར་མཛད་པའི་ཕྱིར་རོ། །མི་གཡོ་བ་ཞེས་བྱ་བ་ནི་མི་འགྱུར་བ་སྟེ། རི་རབ་ལ་སོགས་པ་ཐམས་ཅད་དོ། །མཆོག་ནི་དམ་པའོ། །བརྟན་ཞིང་སྲ་བ་ནི་རྡོ་རྗེ་དང་འདྲ་བའོ། །ནོར་ཆེ་བ་ནི་
རིན་པོ་ཆེའི་འབྱུང་ཁུང་ཡང་དེ་ཉིད་ཡིན་ནོ། །རྒྱུ་བ་ཞེས་བྱ་བ་ནི་སེམས་དང་ལྡན་པའི་སྟོབས་ཀྱིས་འགྲོ་བས་ན་རྒྱུ་བའོ། །དེ་ཉིད་བསྟན་པ་ནི་སེམས་ཀྱི་འདུ་བྱེད་པ་ཞེས་བྱ་བ་ཡིན་ཏེ། སེམས་ཀྱིས་འདུ་བྱས་པ་ནི་སེམས་ཀྱི་འདུ་བྱེད་དེ་སེམས་ཀྱི་འདུ་བྱེད་དེ་ལས་དེ་ཤིན་ཏུ་འགྲོ་བས་ན་
རྒྱུ་བ་སྟེ། བཅོམ་ལྡན་འདས་སོ། །འདོད་ཆགས་ལ་སོགས་པའི་སེམས་ལས་བྱུང་བའི་ཚུལ་སྟོན་པའི་སྒོ་ནས་ཁམས་གསུམ་དུ་ཟོ་ཆུན་བརྒྱུད་པའི་ཚུལ་གྱིས་ཡང་དང་ཡང་དུ་སྐྱེ་བར་ཀུན་དུ་སྟོན་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་བྱེད་པ་ཞེས་བྱ་བ་ནི་ཇི་སྐད་
དུ་བཤད་པའི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ནས་རྒྱུ་བ་ཞེས་བྱ་བའི་བར་དུ་མཛད་པས་ན་ཐམས་ཅད་བྱེད་དོ། །ཐམས་ཅད་ཉིད་ཅེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དང་པོའི་སེམས་དཔའ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལ་སོགས་པའི་དང་པོར་ཐོག་མ་
མེད་པའི་ངོ་བོར་བཞུགས་པའི་ཕྱིར། དང་པོའི་སེམས་དཔའོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི། ཆོས་བདག་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་ཐམས་ཅད་དུ་ཁྱབ་པས་ན་སེམས་དཔའ་ཆེན་པོའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་སེམས་
དཔའ་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །བདེ་བ་རབ་སྩོལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཚོགས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བ་སྩོལ་བས་བདེ་རབ་སྩོལ་ཏོ། །སེམས་དཔའི་སྐྱིལ་ཀྲུང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཙུན་
མོའི་ཚོགས་བཅས་ཞེས་བྱ་བ་ནི་བཙུན་མོའི་འཁོར་གྱི་ཚོགས་དང་ལྷན་ཅིག་བཞུགས་པའོ། །སྣ་ཚོགས་པ་ནི་དངོས་པོ་ཐ་དད་པའི་བདག་ཉིད་ཅན་ཏེ། །རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་རྡོ་རྗེ་ལྷ་མོ་རྣམས་ཀྱི་མདུན་དུ་བལྟས་ནས་དེ་བཞིན་གཤེགས་པ་
Vol. 60 · folio 123b
བཞུགས་པས་ན། རྡོ་རྗེ་ལྷ་མོས་ཡོངས་སུ་བསྐོར་བའོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་ལྷ་མོས་ཡོངས་སུ་བསྐོར། །ཞེས་བྱ་བའི་བར་གྱི་བཤད་པ་ནི་འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ལྟར་དང་པོའི་སྦྱོར་བ་གསུངས་ནས་ད་ནི། བདེ་
བ་ཆེན་པོ་རབ་གྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པས། ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །བདེ་བ་ཆེན་པོ་ནི་ཐར་པ་ཆེན་པོ་སྟེ། དེ་གྲུབ་པ་ནི་མངོན་སུམ་དུ་བྱེད་པའོ། །དེའི་དོན་དུ། འདོད་ཆགས་ཆེན་པོ་རྣམས་དག་ཕྱིར། །ཞེས་བྱ་སྟེ། འདོད་ཆགས་
ཆེན་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ། །དེ་ཡང་། དངོས་གྲུབ་ཀུན་ལ་རྗེས་ཆགས་པས། །འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །འོད་ཟེར་དམར་པོ་སྣ་ཚོགས་འབར། །ཞེས་གསུངས་པའི་ཕྱིར་
རོ། །དེའི་རྣམ་པར་དག་པ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་བྲལ་བ་སྟེ། དེའི་དོན་དུའོ། །མ་ལུས་གདུལ་བྱའི་དོན་དུ་ནི། །ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐེག་པ་མ་ལུས་པ་ལ་ལྷག་པར་མོས་པའི་སེམས་ཅན་གྱི་ཁམས་མ་ལུས་
པ་ཐམས་ཅད་ལུང་དང་རྟོགས་པ་ལ་རབ་ཏུ་འཇོག་པ་ནི་འདུལ་བའོ། །དེའི་དོན་དུ། དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར། །ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ནི་དངོས་གྲུབ་ཐམས་ཅད་དོ། །དེ་རབ་ཏུ་གྲུབ་པ་ནི་དེ་བསྒོམ་པ་དང་ལྡན་པ་རྣམས་ཀྱིས་
དེ་ཤིན་ཏུ་ཐོབ་པ་སྟེ། དེའི་ཕྱིར་བདག་སོགས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་སྟེ། དེ་ལ་སོགས་པའི་མཛེས་པ་གང་ཡིན་པ་དེ་ནི་སེམས་དཔའ་ཆེན་པོ་ལ་སོགས་པ་སྟེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་སེམས་དཔའ་ཆེན་པོ་དམ་
པ་ནི། རྡོ་རྗེ་སེམས་དཔའི་ཚུལ་གྱི་རྡོ་རྗེ་འཆང་བ་ཆེན་པོའི་བདག་ཉིད་དོ། །སོགས་པའི་སྒྲས་ནི་རྡོ་རྗེ་ཡིད་ལས་བྱུང་བ་ནས་བརྩམས་ཏེ། ཀླུའི་དཀྱིལ་འཁོར་གྱི་བར་གྱི་ཚུལ་ལ་བསླབ་པའོ། །དེ་རྣམས་ཀྱི་དངོས་གྲུབ་ཐམས་ཅད་ནི་ཇི་སྐད་བཤད་པའི་དངོས་གྲུབ་ཐམས་
Vol. 60 · folio 124a
ཅད་དོ། །དེ་ལྟ་བུའི་དངོས་གྲུབ་ཐམས་ཅད་རབ་ཏུ་གྲུབ་པར་བྱ་བའི་ཕྱིར། དམ་ཚིག་ལས་མི་འདའ་བར་བྱའོ། །དམ་ཚིག་མཆོག་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །རྒྱལ་བས་ཀྱང་ནི་བསྲུང་བར་བྱ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་
ཕྱག་རྒྱ་ཆེན་པོའི་རང་བཞིན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བསྲུང་བར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལྷག་པར་མོས་པའི་སེམས་ཅན་གྱི་དོན་དུ་དཔལ་རྡོ་རྗེ་སེམས་དཔའི་གཟུགས་འཛིན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་དུ་བྱས་ལ། དེ་ལྟར་ན་དེ་བསྲུང་བར་བྱ་
བ་ཡིན་ནོ། །རྡོ་རྗེ་བསྙེམས་མའི་ཚུལ་འཆང་ཞེས་པ་ནི་བཤད་ཟིན་ཏོ། །ཕྱག་རྒྱ་ཐམས་ཅད་རྣམ་དག་ཕྱིར། །ཞེས་བྱ་བ་ནི་ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་
རྣམ་པར་དག་པ་ནི་གདུལ་བྱ་གཞན་དུ་མ་གྱུར་པའི་སེམས་ཀྱིས་རྟོགས་པའོ། །རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཀྱི་མཆོག་ནི། རྡོ་རྗེ་སེམས་དཔའི་གྲུབ་མཆོག་སྟེ། གདུལ་བྱ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་མངོན་སུམ་དུ་བྱས་
པའོ། །བདེ་ཆེན་རྡོ་རྗེ་ཆེ་སྒྲུབ་པ། །ཞེས་བྱ་བ་ནི་བདེ་བ་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་རོ། །དེ་སྒྲུབ་པ་ནི་བསྐྱེད་པའོ། །རྒྱུ་ཅི་ཞིག་གི་ཕྱིར་ཞེ་ན། དངོས་གྲུབ་ཀུན་ལ་ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སོགས་པ་ཐམས་ཅད་དོ། །
དེ་ཐམས་ཅད་སྒྲུབ་པ་དེའི་དོན་དུ་སྙིང་པོ་གསུངས་པའོ། །ཅི་དེ་འབའ་ཞིག་གསུངས་སམ་ཞེ་ན། །ཡེ་ཤེས་ཕྱག་རྒྱར་ཡང་དག་ལྡན། །ཞེས་གསུངས་ཏེ། དེ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པས་བསྒྲུབ་པ་ལ་ངེས་པར་སྦྱོར་བའི་བསྒོམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་སྟོན་པར་
བྱེད་པའི་སྒྲ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱ་སྟེ། ཨ་ནུ་རཱ་ག་ཡ་མི་ཞེས་གང་བཤད་པའོ། །འདོད་ཆགས་དམ་ཚིག་ཅེས་གྲགས་ཏེ། ཆོས་ཀྱི་འདོད་པ་ཡིད་དུ་འོང་། །དེ་ཡི་རྗེས་གྲུབ་རྣལ་འབྱོར་ནི། །རྗེས་སུ་ཆགས་པ་ཞེས་བཤད་དོ། །ཞེས་གསུངས་པ་ཡིན་
Vol. 60 · folio 124b
ནོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ཉིད་དམ་ཚིག་སྟེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཡེ་ཤེས་ལ་ངེས་པར་སྦྱོར་བའི་ཚུལ་གྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་དང་ཡང་དག་པར་ལྡན་པ་ནི་བཅིངས་བ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་
ཡང་དག་པའི་སྙིང་པོ་ནི་ཡི་གེ་ཧཱུཾ་དེ་སྟོན་པར་བྱེད་པའམ་དེ་སྐྱེད་པར་བྱེད་པའོ། །དེ་ཉིད་ཀྱིས་ན་དམ་པའོ། །གང་གིས་བསོད་ནམས་མི་ལྡན་པ། །ཞེས་བྱ་བ་ནི་དམ་པའི་ཆོས་སྤོང་བའམ། མཚམས་མེད་པ་ལ་སོགས་པ་མི་དགེ་བ་ཐམས་ཅད་བྱེད་པ་ནི་བསོད་ནམས་མི་ལྡན་པའོ། །དེ་
རྣམས་ཀྱང་གང་གི་དངོས་གྲུབ་ཐམས་ཅད་རྙེད་པར་དཀའ་བ་མ་ཡིན་པར་འགྱུར་རོ། །དེ་བཞིན་དཀྱིལ་འཁོར་མ་ཞུགས་པ། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་མ་ཞུགས་ཏེ་དེ་དག་ཀྱང་ངོ་། །དོན་ཡོད་པ་ནི་འབྲས་བུ་ཡོད་པའོ། །ཐོགས་པ་མེད་པ་ནི་བཟློག་ཏུ་མེད་པའོ། །
མྱུར་བ་ནི་རིངས་པའོ། །མཆོག་ནི་དམ་པར་གྱུར་པའོ། །ཐམས་ཅད་ནི་མ་ལུས་པ་སྟེ་དངོས་གྲུབ་ཐམས་ཅད་རྙེད་པར་དཀའ་བ་མ་ཡིན་པ་སྟེ། སྙིང་པོ་གང་ཞིག་གསུངས་པ་དེས་དོན་ཡོད་པ་དང་། ཐོགས་པ་མེད་པ་དང་། མྱུར་བ་དང་། མཆོག་གི་དངོས་གྲུབ་ཐམས་ཅད་རྣལ་
འབྱོར་པ་རྣམས་ཀྱིས་དངོས་གྲུབ་རྡོ་རྗེ་སེམས་དཔའ་ལ་སོགས་པར་སྐྱེད་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །གསང་བའི་མཆོག་སྟེ་དམ་ཚིག་བརྟན། །ཞེས་བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དཀྱིལ་འཁོར་གྱི་དམ་ཚིག་གི་མཆོག་སྟེ་བསྐྱེད་པའི་
རྒྱུའོ། །བརྟན་པ་ནི་མི་ཤིགས་པའོ། །དངོས་པོ་ཐམས་ཅད་བསྒྲུབ་པ་ནི། །ཞེས་བྱ་བ་ནི་བུམ་པ་བཟང་པོ་ལ་སོགས་པ་དངོས་པོ་ཐམས་ཅད་བསྒྲུབ་པའོ། །རྟོག་པ་ཐམས་ཅད་མྱུར་འགྲུབ་བྱེད། །ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུར། ཕྱག་རྒྱ་ཆེན་པོ་
ལ་སོགས་པའི་ཚུལ་གྱིས་རྟོགས་པ་གསུངས་པ་དང་། གཉིས་པར་གང་གསུངས་པ་དེ་རྣམས་བསྒྲུབ་པ་ནི་ཡི་གེ་ཧཱུཾ་སྙིང་པོའི་ཚུལ་གྱིས་བསྒྲུབ་བོ། །ཐོག་མཐའ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་ཐོག་མ་ནི་དང་པོར་སྐྱེ་བའོ། །ཐ་མ་ནི་འཇིག་པའོ། །འདི་ལ་མི་མངའ་བས་ན་
Vol. 60 · folio 125a
ཐོག་མཐའ་མེད་ཅིང་ཞེས་བྱ་བ་སྟེ། ཐོག་མ་དང་ཐ་མའི་བྲལ་བ་དང་། ད་ལྟར་བྱུང་བའི་ངོ་བོ་ཉིད་ཀྱིས་རྟག་ཏུ་བཞུགས་སོ་ཞེས་སྟོན་པ་ཡིན་ནོ། །དང་པོར་བྱུང་ཞེས་བྱ་བ་ནི། བསྐལ་པ་བཟང་པོ་ལ་སོགས་པའི་དང་པོར་ཐོག་མ་མེད་པའི་ཚུལ་ཉིད་ཀྱིས་བཞུགས་པ་ཡིན་
པའི་ཕྱིར་དང་པོ་བྱུང་བའོ། །བསོད་ནམས་ཐམས་ཅད་ཆེར་མཐོ་བ། །ཞེས་བྱ་བ་ནི་གཙང་བར་བྱེད་པས་བསོད་ནམས་ཏེ། སྡིག་པའི་དྲི་མ་ཐམས་ཅད་འཁྲུད་པས་དག་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བསོད་ནམས་
ཐམས་ཅད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་དེ་ཐམས་ཅད་ནི་ཆེན་པོ་ཡང་ཡིན་ལ་མཐོན་པོ་ཡང་ཡིན་པས་ན། བསོད་ནམས་ཐམས་ཅད་ཆེར་མཐོ་བ་སྟེ། བསོད་ནམས་མ་ལུས་པར་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །གཟི་ཅན་རྣམས་ཀྱི་བདེ་
མཆོག་ཕྱིར། །ཞེས་བྱ་བ་ནི། ཆོས་བདག་མེད་པའི་ཡེ་ཤེས་ཀྱི་སྣང་བས་བག་ཆགས་དང་བཅས་པའི་ཉོན་མོངས་པའི་བུད་ཤིང་ངེས་པར་བསྲེག་པས་ན་གཟི་ཅན་ཏེ། གཟི་མདངས་ཀྱིས་འབར་བའི་བྱང་ཆུབ་སེམས་དཔའ་རྣམས་སོ། །གཟི་ཅན་དེ་རྣམས་ཀྱི་རང་གི་ངང་གིས་
རྣམ་པར་རྟོག་པ་མེད་པར་བྱུང་བ་སེམས་དང་སེམས་ལས་བྱུང་བ་དེ་ནི་བདེ་བ་ཡིན་ཏེ། དེའི་དོན་དུ་གདུལ་བྱ་རྣམས་ཀྱི་ཐར་པ་ཆེན་པོ་བསྒྲུབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །ཞེས་བྱ་བ་དེ་རྣམས་ཀྱི་ནི་ཨ་ནུ་རཱ་ག་ཡ་མི་ཞེས་བྱ་བ་ལ་སོགས་
པ་ཡིན་ཏེ། རྗེས་སུ་ཆགས་པ་སྒོམ་པ་སྟེ། །ཐབས་དང་ཤེས་རབ་ཀྱི་ངོ་བོ་གསང་བའི་དཀྱིལ་འཁོར་གྱི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ཆེན་པོ་ཡང་དང་ཡང་མངོན་དུ་བྱའོ་ཞེས་བྱ་བ་ནི་རྗེས་སུ་ཆགས་པར་བྱའོ་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་སྟོན་པའི་
ཚིག་སྟེ། དེ་ལྟ་བུའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་བཞིན་ཞེས་བྱ་བ་ནི་ཅི་ནུས་པ་སྟེ། རང་གི་ནུས་པས་སམ་སྔོན་གྱི་འཕེན་ཤུགས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་རབ་འཇུག་ཅེས་བྱ་བ་ནི་ལྷག་པའི་རྣལ་འབྱོར་ནི་ངེས་པ་དེ་ནི་ཡེ་ཤེས་ཏེ། །དེའི་རབ་ཏུ་འཇུག་
Vol. 60 · folio 125b
པ་ནི་གསང་བའི་དཀྱིལ་འཁོར་བསྐྱེད་དེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་བའོ། །དེས་ན་ཨ་ནུ་རཱ་ག་ཡ་མི་ཞེས། །ཇི་བཞིན་ཡེ་ཤེས་རབ་འཇུག་པས། །ཞེས་བྱ་བ་ནི་འདིས་འདུལ་བ་རྣམས་ལ་ཐུན་མོང་དུ་བྱ་བའི་ཕྱིར་རོ། །ཉེ་བའི་སྙིང་པོ་དང་བཅས་སྙིང་པོ་ཞེས་
བྱ་བ་ནི། ཉེ་བའི་སྙིང་པོ་དང་བཅས་པའི་སྙིང་པོ་ནི་ཡི་གེ་ཧཱུཾ་ངོ་། །དེ་ཉིད་ནི་དང་པོ་སྟེ་ཐོག་མ་མེད་པའི་ཚུལ་གྱིས་བསྐལ་པ་བཟང་པོ་ལ་སོགས་པའི་ཐོག་མར་རྒྱུན་མི་འཆད་པར་བཞུགས་ཤིང་མཐའ་མེད་པས་ན་དང་པོའོ། །བསྐལ་ཐོག་ཅེས་བྱ་བ་ནི་བསྐལ་པ་ནི་བཟང་པོ་
ལ་སོགས་པའི་ཐོག་མ་སྟེ། དང་པོར་བཅོམ་ལྡན་འདས་གསུངས་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཤིང་བཀའ་སྩལ་པ་སྟེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་ཉེ་བའི་སྙིང་པོ་དང་བཅས་པའི་སྙིང་པོ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །
འདུས་པར་འགྱུར་ཞེས་བྱ་བ་ནི། གཅིག་ཏུ་ཚོགས་པར་མཛད་པའོ། །ཕྱུང་ཞེས་བྱ་བ་ནི་བསྐྱེད་པར་གྱུར་པ་སྟེ། ཕྱོགས་བཅུ་ཐམས་ཅད་དུ་འགྲོ་བ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་བསྐྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་སྟོན་པ་ཡིན་ཏེ་སྔོན་གྱི་སངས་
རྒྱས་ཀྱི་ཞིང་འདི་ཆགས་པའི་གོང་ན་ནམ་མཁར་གྱུར་པ་ནམ་མཁའི་ཕྱོགས་དེར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནམ་མཁའ་ཐམས་ཅད་ལ་གནས་པའི་རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་ན་སྣ་ཚོགས་པདྨ་ལ་རྡོ་རྗེ་ལྷ་མོའི་ཚོགས་དང་བཅས་པ་བཞུགས་ཏེ། ཨ་
ནུ་རཱ་ག་ཡ་མི་ཧཱུཾ་ཞེས་གསུངས་པར་གྱུར་པ་ཡིན་ནོ། །དེ་ནས་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་འདུས་པར་མཛད་ནས་གཤེགས་ཏེ། བྱོན་ནས་སངས་རྒྱས་ཀྱི་ཞིང་འདིའི་སེམས་ཅན་གྱི་འཇིག་རྟེན་དང་བཅས་པ་སྐྱེད་པར་མཛད་པ་
ཡིན་ནོ། །ཕྱུང་ཞིང་འགྲོ་བ་ཐམས་ཅད་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཏེ། རྒྱུ་བ་དང་མི་རྒྱུ་བའི་རང་བཞིན་ཅན་སྐྱེད་ཅིང་ཕྱུང་བར་གྱུར་ཏོ། །གཙོ་བོས་དངོས་གྲུབ་དྲིས་གྱུར་པ། །ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དེ་བསྐྱེད་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཇི་ལྟར་
Vol. 60 · folio 126a
གྲུབ་པར་འགྱུར་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དྲིས་པ་ཡིན་ནོ། །ཇི་ལྟར་སྐད་ཅིག་གིས་འགྲོ་གྲུབ། །སེམས་དཔའ་ཆེན་པོ་མྱུར་དུ་སྨྲོས། །ཞེས་བྱ་བ་ནི་ཇི་ལྟར་འགྲོ་བ་སེམས་ཅན་གྱི་ཁམས་འདི་རྣམས་སྐད་ཅིག་གིས་ཞེས་བྱ་བ་བསྐྱེད་པའི་
རྗེས་ཐོགས་ཉིད་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཚེ་འདི་ཉིད་ལ་མྱུར་དུ་གྲུབ་པ་དེ་ལྟ་བུས་སེམས་ཅན་ཆེན་པོ་མྱུར་དུ་སྨྲོས་ཤིག་ཅེས་གཙོ་བོས་དཔལ་རྡོ་རྗེ་སེམས་དཔའ་ལ་དྲིས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། དེ་ནས་དྲིས་
པའི་རྗེས་ཐོགས་ཉིད་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་པོའི་དཀྱིལ་འཁོར་དེ་གསང་བའི་དཀྱིལ་འཁོར་དང་པོར་སེམས་ཅན་ཐམས་ཅད་གཞུག་པས། བྱིན་གྱིས་བརླབས་ནས་རྒྱ་ཆེ་བའི་ཚུལ་ཅན་གྱིས། སེམས་ཅན་ཐམས་ཅད་ལ་སོ་སོར་སྣང་བ་བསྐྱེད་པའི་ཕྱིར།
གསང་བའི་དཀྱིལ་འཁོར་དེ་བསྟན་པར་མཛད་པ་ཡིན་ནོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཀུན་མཆོག་དམ་ཚིག་ནི། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཀུན་ནི་དེ་བཞིན་གཤེགས་པའི་རིགས་ཀྱིས་བསྡུས་པ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའོ། །དེ་རྣམས་ཀྱི་
དམ་ཚིག་ནི་གསང་བའི་དཀྱིལ་འཁོར་དེའོ། །དེ་ནས་བསྒྲུབ་པ་ནི་རྡོ་རྗེ་འཛིན་པ་ཉིད་ལ་སོགས་པ་བསྐྱེད་པ་ནི་གྲུབ་པའོ། །ཆོ་ག་ཇི་ལྟ་བ་ནི། ཇི་ལྟར་སློབ་མ་འཇུག་པའི་ཆོ་གས་འདིར་སློབ་མ་སྒྲུབ་པ་དེ་བཞིན་དུ་དེ་རྣམས་ཀྱང་རིང་པོར་མི་ཐོགས་པར་སྣོད་དུ་རུང་བར་བསྒྲུབས་པའོ། །
དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་རིང་པོར་མི་ཐོགས་པར་སྣོད་དུ་བྱས་པའི་སེམས་ཅན་རྣམས་ལ་རྡོ་རྗེ་སེམས་དཔའ་ཉིད་ལ་སོགས་པ་དངོས་གྲུབ་ཀྱི་མཆོག་བསྒྲུབ་པར་འགྱུར་བ་ན། དེའི་རྗེས་ཐོགས་ཉིད་ལ་སྐྱེས་ཤིང་བྱུང་བའོ། །དེ་ཕན་ཆད་ཅེས་བྱ་བ་ནི་སེམས་ཅན་ཁམས་
གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཇི་བཞིན་ལས་ཀྱི་རྗེས་སུ་འགྲོ། །ཞེས་བྱ་བ་ནི་སེམས་ཅན་གང་དེ་དག་གི་ལས་དཀར་པོའམ་ནག་པོའམ། འདྲེས་མ་ཇི་ལྟར་བྱས་པ་དེ་བཞིན་དུ་ལས་དེས་བདེ་འགྲོ་ལ་སོགས་པར་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བས་ན། ཇི་བཞིན་ལས་ཀྱི་རྗེས་སུ་
Vol. 60 · folio 126b
འགྲོ་ན། རང་གི་ལས་དང་ཉོན་མོངས་པའི་དབང་ལས་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །རྟག་པར་སྡིག་ཀུན་ཀུན་དུ་སྤྱོད། །ཅེས་བྱ་བ་ནི། རྟག་ཏུ་ཞེས་བྱ་བ་ནི་ཉིན་རེའོ། །སྡིག་པ་ཀུན་ནི་སྲོག་གཅོད་པ་ལ་སོགས་པའོ། །ཀུན་དུ་སྤྱོད་པ་ནི་བྱེད་པ་སྟེ། དེས་ན་རྟག་པར་སྡིག་ཀུན་ཀུན་དུ་སྤྱད།
ཅེས་བྱ་བ་སྟེ་འདིས་ནི་སེམས་ཅན་སྡིག་པ་ཅན་མི་དགེ་བ་ཀུན་དུ་སྤྱོད་པ་ཡིན་ནོ། །ངན་ཞེན་ནི་དངོས་པོ་ངན་པ་ལ་ཆགས་ཤིང་ཞེན་པ་སྟེ་དེ་ཉིད་དུ་མཐས་གཏུགས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་སེམས་ཅན་གྱི་ཚོགས་གཉིས་པ་གསུངས་པ་ཡིན་ནོ། །ལེ་ལོ་བྱས་པ་ནི་དགེ་བའི་ལས་
ལ་མི་འཇུག་པ་དང་། མི་དགེ་བའི་ལས་ལ་མི་འཇུག་པ་དང་། ནོར་བསོགས་པ་ལ་ཡང་མི་འཇུག་པ་གང་ཡིན་པ་དེ་ནི་ཅི་ཡང་མི་བྱེད་པས་ན། དེ་ནི་འདིར་ལེ་ལོ་ཅན་ཞེས་བྱ་བའོ། །འདིས་ནི་སེམས་ཅན་གྱི་ཚོགས་གསུམ་པ་གསུངས་པ་ཡིན་ནོ། །ད་ནི་ཞེས་པ་ནི་ད་ལྟར་ཏེ།
བཤད་མ་ཐག་པའི་སེམས་ཅན་གྱི་ཚོགས་གསུམ་པ་ནི་སེམས་ཅན་གྱི་ཁམས་ལ་གཟིགས་པའི་འཇིག་རྟེན་གྱི་མགོན་པོ་དེ་བཞིན་གཤེགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་དྲིས་པར་གྱུར་པ་སྟེ། འདྲི་བ་མཛད་པའོ། །ཇི་ལྟར་ཞེ་ན། བཅོམ་ལྡན་འདས་འོ་ན་ཇི་
ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོ་ཇི་ལྟར་ཞེས་བྱ་བ་ནི་མི་བཟོད་པའོ། །ན་ཞེས་བྱ་བའི་སྒྲ་ནི་རྟོག་པའོ། །འབྱིན་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བསྐྱེད་པའོ། །དགེ་བ་ཐམས་ཅད་ཀུན་དུ་བསྐྱེད། །ཅེས་བྱ་བ་ནི། དགེ་བ་ནི་
བསོད་ནམས་སོ། །ཐམས་ཅད་ནི་མ་ལུས་པའོ། །ཀུན་དུ་བསྐྱེད་པ་ནི་བསྐྱེད་པར་གྱུར་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སེམས་ཅན་ཐམས་ཅད་སྐྱེད་པར་མཛད་ན། བསོད་ནམས་ཐམས་ཅད་བསྐྱེད་པར་གྱུར་ན། དེའི་ཡོངས་སུ་དག་པ་ཉིད་ཀྱིས་
སེམས་ཅན་དག་པར་གྱུར་ན། དེ་ལྟ་བུར་མི་སྣང་ངོ་། །དེ་བས་ན་ཅི་ཞིག་ཏུ་ངེས་ཤེ་ན་སེམས་ཅན་གྱི་ཕུང་པོ་ཉེ་བར་ངེས་པས་ན་བཅོམ་ལྡན་འདས་ནི་སྐྱེད་པ་པོ་མ་ཡིན་ནོ། །དེ་རྣམས་ཀྱི་ནི་ཚིག་གསན་ནས། །ཞེས་བྱ་བ་ནི་དེ་རྣམས་ཀྱིས་དྲིས་པའི་ཚིག་གསན་ནས་སོ། །ཚིག་ནི་
Vol. 60 · folio 127a
འདི་སྐད་དུ་གསུངས་པ་ཡིན་ཞེས་བྱ་བ་ནི་གསུངས་པར་འགྱུར་བའོ། །ཅི་ཞིག་གསུངས་ཤེ་ན། །རྡོ་རྗེ་འཛིན་ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང་ངོ་། །རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་སྤྲུལ་པས་ན་ཀུན་བྱེད་དོ། །སྐྱེད་པར་
བྱེད་པ་ཡིན་པས་ན་འབྱིན་པའོ། །ཡང་ཅི་ཞིག་གསུངས་ཤེ་ན། ལས་ཀྱི་འཆིང་བ་ལྷོད་གྱུར་པ། །ཞེས་བྱ་བ་གསུངས་ཏེ། འདི་དག་མི་དགེ་བ་ལ་འཇུག་པ་ལས་ཀྱང་དགེ་བ་ལ་འཇུག་པར་བྱེད་ལ། དགེ་བ་ལ་ཞུགས་པ་ལས་ཀྱང་མི་དགེ་བ་ལ་འཇུག་པར་འགྱུར་ལ། ལ་ལ་
ནི་དགེ་བ་དང་མི་དགེ་བ་གཉི་ག་ལ་འཇུག་པའམ། ཅི་ཡང་མི་བྱེད་པ་དག་ཀྱང་ཡོད་དོ། །དེ་བས་ན་འདི་དག་ནི་འདྲེས་མར་སྤྱོད་པ་ཡིན་གྱི། འདི་རྣམས་ཀྱི་ལས་ཀྱི་མཐའ་དགེ་བ་དང་། མི་དགེ་བའི་ཚུལ་གཅིག་ཏུ་ངེས་པར་བསྟན་པར་གྱུར་པ་ནི་མ་ཡིན་ནོ། །དེ་བས་ན་འདི་
རྣམས་རྣམ་པ་གསུམ་དུ་གྱུར་པ་ལ། ང་ནི་ལུང་འབོགས་པ་ཙམ་གྱི་ཚུལ་གྱིས་འདི་རྣམས་ཀྱི་འབྱིན་པ་པོ་ཡིན་གྱི། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ། །གལ་ཏེ་ཐམས་ཅད་ནས་ཐམས་ཅད་དུ་སྐྱེད་པ་པོ་ཡིན་པར་གྱུར་ན་ནི། དེའི་ཚེ་ཐམས་ཅད་
བདེ་བ་ཉིད་དུ་འགྱུར་བ་ཡིན་ནོ། །དེའི་ཚིག་དེ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །ཤིན་ཏུ་ཆགས་པ་རྣམས་དག་ཕྱིར། །ཞེས་བྱ་བ་ནི། ལྷག་པར་ཆགས་པས་ན་ཤིན་ཏུ་ཆགས་པ་སྟེ། ཆོས་བདག་མེད་པའི་འདོད་ཆགས་དང་། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་། དེའི་
རྒྱུ་མཐུན་པ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་རྣམ་པར་དག་པའི་གསང་བའི་དཀྱིལ་འཁོར་གཟུགས་བརྙན་དང་འདྲ་བར་རྟོགས་པའོ། །ཡང་ན་ཆོས་བདག་མེད་པ་དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་པར་བྱེད་པའི་གདུལ་བྱ་རྣམས་ཏེ་དེའི་དོན་ཏོ། །ཀུན་
མཆོག་ཆོ་ག་རྒྱས་པ་ནི། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་གསང་བའི་དཀྱིལ་འཁོར་བསྒྲུབ་པའི་རྒྱུན་ཏེ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཆོ་ག་རྒྱས་པ་དེ་བཀའ་སྩོལ་ཅིག་ཅེས་གསོལ་བ་བཏབ་བོ། །འདི་སྐད་སྟོན་པ་ཡིན་ཏེ། །གལ་ཏེ་ལས་ཀྱི་འཆིང་བ་ལྷོད་པས་འགྲོ་
Vol. 60 · folio 127b
བའི་ཚོགས་རྣམ་པ་གསུམ་སྐྱེ་བར་འགྱུར་ལ། འཆིང་བ་དམ་པོ་ནི་ཚུལ་གཅིག་པ་ཉིད་དུ་འགྱུར་བ་དེ་བས་ན་ཤིན་ཏུ་ཆགས་པ་ཉིད་ཐོབ་པར་བྱ་བའི་ཕྱིར་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ་གང་གིས་སེམས་ཅན་དེ་རྣམས་ཤིན་ཏུ་ཆགས་པ་རྣམ་པར་དག་པ་ཐོབ་
པར་བྱེད་པས་བསམ་པ་ཤིན་ཏུ་བརྟན་པའི་ལས་ཀྱི་ཕྱིར་མི་ལྡོག་པའི་གོ་འཕང་རྟོགས་པ་ཉིད་དུ་གྱུར་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་སྟོན་པར་བྱེད་པའི་ཚིག་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ལ་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱིས་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ་ཡིན་ནོ། །དངོས་གྲུབ་ཐམས་ཅད་སྩོལ་བ་ནི་གསང་བའི་དཀྱིལ་འཁོར་གྱི་དངོས་གྲུབ་ཐམས་ཅད་སྩོལ་བའོ། །བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དང་པོའི་རྟོག་པ་
ཐམས་ཅད་ཅེས་བྱ་བ་ནི་བདེ་བ་ཆེན་པོའི་བདག་ཉིད་ནི་བདེ་བ་ཆེན་པོ་སྟེ། དེའི་རྡོ་རྗེ་གསང་བ་ཡིན་པས་ན་བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ཡིན་ནོ། །དེ་ཉིད་དང་པོ་སྟེ། བསྐལ་པ་བཟང་པོ་ལ་སོགས་པའི་ཐོག་མ་ཉིད་དུ་གནས་པས་ན་བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་དང་པོ་སྟེ།
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བས་ན་མཆོག་དམ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་གསང་བས་གསུངས་སོ། །དངོས་གྲུབ་ཐམས་ཅད་སྩོལ་བ་འབའ་ཞིག་ཏུ་མ་ཟད་ཀྱི། རྟོག་པ་ཀུན་གྱི་བདེ་བ་ཆེ།
རྡོ་རྗེ་གསང་བས་བཀའ་སྩལ་ཏོ། །ཞེས་བྱ་བ་སྟེ། །ཡི་གེ་ཧཱུཾ་གི་རང་བཞིན་ཅན་གྱི་རྟོག་པ་ཐམས་ཅད་གསུངས་སོ་ཞེས་བྱ་བར་སྦྱར་རོ། །རང་བཞིན་ཇི་ལྟ་བ་བཞིན་དུ་དཔའ་བོ་ཞེས་བྱ་བ་གསུངས་ཏེ། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དོན་བསྐྱེད་པར་བྱ་བའི་ཕྱིར། སྩོལ་བཞིན་པའི་
ཚུལ་གྱིས་འཇིགས་པ་མེད་པར་རྟག་ཏུ་བཞུགས་པའི་ཕྱིར། །ཡི་གེ་ཧཱུཾ་གི་སྙིང་པོ་འདི་ནི་དཔའ་བོའོ། །དེ་ལྟ་བུའི་སྙིང་པོ་དཔའ་བོ་དེའི་རྟོག་པ་འདི་ཡང་ཇི་ལྟ་བུ་གཞན་ཡིན་ཞེ་ན། དཀྱིལ་འཁོར་ལ་སོགས་པ་ཆོ་ག་ཞེས་བྱ་བ་གསུངས་སོ། །ཆོ་ག་ཆེན་པོ་དེ་ཉིད་རྣམ་པར་དབྱེ་བ་ནི་སྣ་
Vol. 60 · folio 128a
ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པས་ན་སྣ་ཚོགས་སོ། །འཇིག་རྟེན་ལས་འདས་པའི་སྦྱོར་བ་ནི་རྒྱུད་ཕྱི་མ་སྟེ། དེ་དང་ལྷན་ཅིག་གནས་པས་ན་ཕྱི་མའི་རྒྱུད་དང་བཅས་པ་ཞེས་བྱ་བ་ཡིན་ནོ། །དངོས་གྲུབ་
ཐམས་ཅད་རབ་གྲུབ་བྱེད། །ཅེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བསྐྱེད་ཅིང་། རྫོགས་པར་བྱེད་པས་ན། དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད། ཅེས་སོ། །དེ་ཉིད་ཅིའི་ཕྱིར། རྡོ་རྗེ་འཆང་བའི་སྙིང་པོའི་རྟོག་པ་
གསུང་བར་མཛད་ཅེ་ན། འཇིག་རྟེན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཀྱང་ཡིན་ལ། འཇིག་རྟེན་ཡང་ཡིན་པས་ན། འཇིག་རྟེན་ཐམས་ཅད་དེ། སེམས་ཅན་གྱི་འཇིག་རྟེན་ནོ། །དེའི་ཁམས་ཆེན་པོ་ནི་སྣོད་ཀྱི་འཇིག་རྟེན་ཏེ། ཕྱོགས་བཅུ་ན་སངས་
རྒྱས་བཞུགས་པ་དང་། སངས་རྒྱས་མི་བཞུགས་པའི་ཞིང་ཁམས་སོ། །དེའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་དང་མཉམ་པའི་སེམས་ཅན་རྣམས་ཞེས་བྱ་བ་ཡི་གེ་ཧཱུཾ་གི་རང་བཞིན་ནམ་མཁའ་དང་མཉམ་པས་རྒྱ་ཆེ་བ། སངས་རྒྱས་ཉིད་དུ་གྲུབ་པ་ལ་སོགས་པས་བདེ་བ་
དམ་པ་ཉིད་དུ་འགྱུར་རོ་ཞེས་ཏེ། བདེ་བ་ཡང་ཡིན་ལ་དམ་པ་ཡང་ཡིན་པས་ན་དམ་པ་ཉིད་བདེ་བ་དམ་པ་སྟེ། སངས་རྒྱས་པའི་བདེ་བ་ཆེན་པོ་ཐམས་ཅད་དོ། །དེའི་ངོ་བོར་གྱུར་པས་ནི་བདེ་བ་དམ་པ་ཉིད་དོ། །གྱུར་པ་ནི་ཐོབ་པའོ་ཞེས་ངེས་པར་བྱས་པའོ། །འདི་སྐད་སྟོན་པ་
ཡིན་ཏེ་སྙིང་པོ་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སེམས་ཅན་རྣམས་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་ཀྱི་སྐལ་བ་བཟང་པོ་ལ་སོགས་པའི་དང་པོར་གྲུབ་པ་ཡིན་ཏེ། དེ་བས་ན་སྙིང་པོ་འདི་ནི་དངོས་གྲུབ་ཀྱི་དམ་པ་བསྐྱེད་པ་
ཡིན་ནོ་ཞེས་ངེས་པ་བསྐྱེད་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་གསོལ་བ་བཏབ་པའི་ཚིག་གསན་ནས་རྟོག་པ་གསུངས་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་སངས་རྒྱས་ཉིད་གྲུབ་པར་བྱ་བའི་ཕྱིར་རོ། །དེ་ལྟར། བདེ་བ་ཆེན་པོ་རབ་
Vol. 60 · folio 128b
གྲུབ་ཕྱིར། །ཞེས་བྱ་བ་ནས་བརྩམས་ཏེ། བདེ་བ་དམ་པ་ཉིད་དུ་འགྱུར། །ཞེས་བྱ་བའི་བར་གྱི་བཤད་པས་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །ད་ནི་དམ་
ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་། བསྒོམ་པ་བྱའོ་ཞེས་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་ཡིན་ནོ། །དེ་
ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བསྐལ་པ་བཟང་པོ་ལ་སོགས་པའི་ཐོག་མར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཉིད་དུ་གྲུབ་པ་ལ་སོགས་པའི་རྟོག་པ་
གསུངས་པའི་རྗེས་ཐོགས་ཉིད་ལའོ། །བདེ་བར་གཤེགས་པ་དེ་རྣམས་ཞེས་བྱ་བ་ནི་གོ་སླའོ། །དང་པོའི་དཀྱིལ་འཁོར་བསྒྲུབ་པར་སྩོལ། །ཞེས་བྱ་བ་ནི་དང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་དཀྱིལ་འཁོར་གྱི་དངོས་གྲུབ་སྩོལ་བས་ན་དངོས་གྲུབ་སྟེ། དཀྱིལ་འཁོར་གྱི་
དངོས་གྲུབ་སྩོལ་བ་ལ་དེ་བཞིན་གཤེགས་པས་གསོལ་བ་བཏབ་པ་ཡིན་ནོ། །ཅི་ཆགས་པ་དང་བྲལ་བའི་གདུལ་བྱ་རྣམས་ཀྱི་ཕྱིར་ཆགས་པ་མེད་པར་བསྟན་པར་བྱ་བའམ་ཞེས་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི་ཆགས་པ་དང་བྲལ་བའོ། །ཉན་
ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་འདིར་འདུལ་ཞིང་རབ་ཏུ་འཇོག་པས་ན་དེའི་གདུལ་བྱའོ། །ཅི་ཆགས་པ་དང་བྲལ་བས་འདུལ་བ་གང་ཡིན་པ་དེ་ལ་ཆགས་པ་དང་བྲལ་བས་འདུལ་ཞིང་དོན་དུ་གཉེར་བ་དེའི་ཆེད་དུ་ཆགས་པ་མེད་པར་སོ་སོར་ཐར་པའི་སྡོམ་པ་བསྟན་པར་བྱ་བའི་
ཕྱིར། སྤྲུལ་པའི་སྐུ་དེས་འདུལ་བ་རྣམས་ཀྱི་ཕྱིར། བསླབ་པ་དང་བཅས་པར་བྱ་བའམ་ཞེས་པ་སྟེ། མདོ་སྡེའི་ཚུལ་བསྟན་པར་བྱ་བའམ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་
Vol. 60 · folio 129a
པས་ན་འདོད་ཆགས་ཐམས་ཅད་དེ་རིགས་ལྔའི་ལྷ་རྣམས་བསྒོམ་པས་འདུལ་བ་རྣམས་སོ། །དེའི་རྣམ་པར་དག་པ་ནི་གཟུང་བ་དང་། འཛིན་པའི་རྟོག་པ་དང་བྲལ་བ་ཉིད་ཀྱིས་རིགས་ལྔར་རྟོགས་པའོ། །དེའི་དོན་དུ་རྡོ་རྗེ་འཆང་ཆེན་པོས་གསུངས་ཤིག་
ཅེས། དེ་བཞིན་གཤེགས་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཐུགས་ཀྱི་བྱ་བ་གསོལ་བ་བཏབ་པ་ཡིན་ནོ། །དེ་ལ་ཉིད་ཀྱི་ཐུགས་ཀྱི་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་གསང་བའི་དཀྱིལ་འཁོར་གྱི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པའོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བརྟག་པར་མཛད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྡོ་རྗེའི་གླུ་གསུངས་སོ་ཞེས་བྱ་བ་སྟེ། རྡོ་རྗེའི་གླུ་ལེན་ཅིང་
དཀྱིལ་འཁོར་ཏེ། གསང་བའི་དཀྱིལ་འཁོར་བརྟག་པར་མཛད་པ་ནི། ཡོངས་སུ་བརྟག་པར་མཛད་པ་སྟེ། དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་རྡོ་རྗེ་གླུ་སྟེ། རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྗེས་སུ་
ཆགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྗེས་སུ་ཆགས་པ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་བསྒྲུབ་པའི་སྦྱོར་བའོ། །དེས་བསྐྱེད་པའི་བདེ་བ་ནི་རྗེས་སུ་ཆགས་པ་ཐམས་ཅད་ཀྱིས་བསྐྱེད་པའི་བདེ་བའོ། །དེས་ཡིད་མཆོག་ཏུ་བདེ་བར་
གྱུར་པ་ནི་རྗེས་སུ་ཆགས་པ་ཐམས་ཅད་ཀྱི་བདེ་བ་དམ་པ་ཡིན་ནོ། །དེ་རྣམས་འབྱུང་བའི་རྒྱུ་ནི་ཁྱེད་གཉིས་ཡིན་པས་ན་བསྐྱེད་པའི་རྒྱུའོ། །ཇི་ལྟར་ཞེ་ན། རབ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཁྱེད་ནི་རབ་ཏུ་དགའ་བ་ཡིན་ཞིང་འགྲོ་བ་སྟེ། སེམས་ཅན་
རྣམས་ཀྱི་བདེ་བ་ཆེན་པོ་བརྟན་ཞིང་མཐོ་བར་བྱེད་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བརྟན་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པའོ། །དེ་མཛད་པས་ན་བརྟན་ཞིང་མཐོ་བར་མཛད་པའོ། །བདག་ཀྱང་དེར་མཛོད་ཅེས་བྱ་བ་ནི་ཇི་ལྟར་ཁྱེད་ནི་དེ་རྣམས་ཀྱི་བརྟན་
Vol. 60 · folio 129b
ཞིང་མཐོ་བར་མཛད་པ་དེ་བཞིན་དུ་བདག་ཀྱང་བརྟན་ཞིང་མཐོ་བར་མཛད་པ་དེ་བཞིན་དུ་མཛོད་ཅིག་པའོ། རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ལ་རིངས་ཤིང་མྱུར་བར་གྲུབ་པ་ཉིད་དུ་ཕྱོགས་ཤིང་མངོན་དུ་གྱུར་པར་མཛོད་ཅིག་ཅེས་པ་ཏེ། སློབ་དཔོན་དེ་ལྟ་བུའི་གླུ་ལེན་
ཞིང་རྟག་པས་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དང་པོའི་དཀྱིལ་འཁོར་བསྟན་པར་བྱ། །ཞེས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ལྟར། དཀྱིལ་
འཁོར་འདི་ཐམས་ཅད་བྲི་བར་བྱའོ། །ཕྱག་ན་རྡོ་རྗེ་ཐམས་ཅད་དུ། །རྡོ་རྗེ་ལྷ་མོ་ལ་སོགས་ཚོགས། །ཞེས་བྱ་བ་ནི། འདིར་ཁྱད་པར་ནི་འདི་ཡིན་ཏེ། ཐམས་ཅད་དཀྱིལ་འཁོར་ཆེན་པོ་དང་འདྲ་བ་ལས་འདིར་རྡོ་རྗེ་ཡིད་ལས་བྱུང་བ་ནས་རྡོ་རྗེ་འབེབས་པའི་བར་དུ་ཐམས་
ཅད་བུད་མེད་ཀྱི་ཆ་ལུགས་འཛིན་པར་བྱའོ། །དེ་ལྟར་རྡོ་རྗེའི་གླུ་ལེན་ཅིང་དཀྱིལ་འཁོར་བྲིས་ནས་དཀྱིལ་འཁོར་བྲི་བར་བྱའོ། །ཇི་ལྟར་ཞེ་ན། ཆོ་ག་གཞན་དུ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྔར་བཤད་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་བྱས་ལ། རང་
གི་སྙིང་པོས་ལྷ་རྣམས་དགོད་པར་བྱའོ། །དེ་ལ་སྙིང་པོ་ནི་འདི་དག་ཡིན་ཏེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིའོ། །ཧཱུཾ་བཛྲ་དྲྀཥྚི་ས་མ་ཀེ་མ་ཊ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི་ཧཱུཾ། ཧཱུཾ་སྨ་ར་ཊ་བཛྲི་ཎི་བནྡྷ། ཧཱུཾ་ཏུ་ཥྱ་བཛྲ་ཎི་ཧཱུཾ་ཞེས་བྱ་བ་ནི། རྡོ་རྗེ་ཡིད་ལས་བྱུང་བ་ལ་
སོགས་པའོ། །རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་དང་། རྡོ་རྗེ་སྦྲང་རྩི་མ་ལ་སོགས་པའི་སྙིང་པོ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཡིན་ནོ། །རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལས་གསུངས་པའི་སྙིང་པོ་རྣམས་ཡིན་པར་ཤེས་
པར་བྱའོ། །དེ་ནས་སྒོ་དབྱེ་བ་བྱས་ལ་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་བུམ་པ་ལ་སོགས་པས་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཆོད་ལ། དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་དུ་བདག་ཉིད་རྒྱན་གྱིས་བརྒྱན་ལ། སྔོན་དུ་སྤྱོད་པ་བྱས་ཤིང་སེམས་རྩེ་
Vol. 60 · folio 130a
གཅིག་པ་ཐོབ་པའི་རྡོ་རྗེ་སྙེམས་མའི་ལྷ་མོའི་སྦྱོར་བ་དང་ལྡན་པའི་གཟུངས་མ་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་ཐོགས་པ་དང་བཅས་པས་སྙེམས་པ་བྱས་ཤིང་ལག་པ་གཡོན་པ་ན་དང་པོའི་རྡོ་རྗེ་ཐོགས་པ་བླངས་ལ་འཛིན་པའི་ཚུལ་གྱིས་རྡོ་རྗེ་དང་བཅས་
པའི་རྡོ་རྗེ་སྙེམས་མ་མཆོག་གི་ཕྱག་རྒྱས་བདག་ཉིད་འཇུག་པར་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་དྲིལ་བུ་དང་བཅས་པ་བཅིངས་ལ་ལག་པ་གཡས་པས་ཇི་སྐད་དུ་བཤད་པའི་གཟུངས་མ་བླངས་ནས་བཟུང་བའི་ཚུལ་གྱིས་བཛྲ་བཛྲ་ཞེས་བྱ་བ་དང་།
སྔར་བཤད་པའི་ཚུལ་གྱིས་རྡོ་རྗེའི་གླུ་ཟློས་ཤིང་དེ་བཞིན་དུ། སློབ་དཔོན་བདག་ཉིད་འཇུག་པར་བྱའོ། །ཞུགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་སྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར་འདུག་ལ་ཧཱུཾ་ཞེས་བྱ་བ་ལ་
སོགས་པས་དེ་ཁོ་ན་ཉིད་དང་། གསང་བ་བརྗོད་ལ་སྔར་བཤད་པའི་ཆོ་ག་ཐམས་ཅད་བྱའོ། །དེ་ལྟར་སྔར་བཤད་པའི་ཆོ་ག་རྒྱས་པར་རྫོགས་པར་བྱས་ནས། དབང་བསྐུར་བ་ཐམས་ཅད་ཀྱིས་བདག་ཉིད་ཇི་ལྟ་བ་བཞིན་དུ། དབང་བསྐུར་ལ་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་
བླངས་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་དེ། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་རྗེས་སུ་གནང་བ་དང་། ལུང་བསྟན་པ་དང་། སྙིང་པོ་དང་ཕྱག་རྒྱ་བཞིའི་ཡེ་ཤེས་བཅོམ་ལྡན་འདས་ལ་
བླངས་ནས། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། རང་གི་རྡོ་རྗེ་མིང་ནས་བརྗོད་པ་ཡང་བྱས་ནས། དཀྱིལ་འཁོར་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་དང་། མཚན་བརྒྱ་རྩ་བརྒྱད་པས་བསྟོད་པར་བྱས་ལ། སྔ་མ་བཞིན་དུ་དཀྱིལ་འཁོར་
ཆེན་པོ་ལས་བཤད་པའི་ཆོ་གས། བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རྡོ་རྗེ་སློབ་དཔོན་རབ་ཏུ་དགའ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱས་རྗེས་སུ་ཞུགས་པ་དེ་
Vol. 60 · folio 130b
བཞིན་དུ་དེ་ཁོ་ན་ཉིད་ཆེན་པོ་འབྱུང་བས་རྗེས་སུ་བསྐུལ་ཏེ། །རང་གི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པ་ལ། སྲིད་པའི་བདེ་བ་རྣམ་དག་ཕྱིར། །ཞེས་བྱ་བ་ལ་སོགས་པ་སློབ་མ་གཞུག་པའི་ཕྱིར། བཀའ་མནོས་ལ་ཕྱིར་འབྱུང་བར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་
སོ། །སློབ་མ་གཞུག་པར་བྱའོ་ཞེས་བྱ་བ་ནི། དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་ཉིད་ཀྱིས། རབ་ཏུ་དགའ་བའི་རྡོ་རྗེའི་དམ་ཚིག་གིས་སློབ་མ་གཞུག་པར་བྱའོ། །དེ་ནས་དེ་བཞིན་དུ་ལས་ཀྱི་ཆོ་ག་ཐམས་ཅད་རྫོགས་པར་བྱའོ། །འདིར་ཡང་རང་
ཉིད་འཇུག་པས་དཀྱིལ་འཁོར་དུ་འཇུག་པར་འགྱུར་རོ་ཞེས་བྱ་བ་ནི། ཇི་ལྟར་དཀྱིལ་འཁོར་དུ་རང་ཉིད་འཇུག་པས། དཀྱིལ་འཁོར་དུ་འཇུག་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་འཇུག་པར་འགྱུར་རོ་ཞེས་སྟོན་ཏོ། །རྡོ་རྗེ་སློབ་དཔོན་ཐམས་ཅད་ཅེས་བྱ་བ་ནི། དཀྱིལ་
འཁོར་གྱི་སློབ་དཔོན་ཐམས་ཅད་དོ། །ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་མཚན་མ་ཐམས་ཅད་ཀྱི་བདག་པོའོ། །དམ་ཚིག་ཐམས་ཅད་ཤེས་པ་ཞེས་བྱ་བ་ནི། དམ་ཚིག་ཐམས་ཅད་ནི་དཀྱིལ་འཁོར་གྱི་དམ་ཚིག་ཐམས་ཅད་དེ།
དེ་ཤེས་པས་ན་དམ་ཚིག་ཐམས་ཅད་ཤེས་པའོ། །དེ་ཡང་དམ་ཚིག་གི་དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཚར་གཅོད་པ་དང་། ཕན་འདོགས་པར་ནུས་པ་ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་
ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་ཚར་གཅོད་པ་དང་། ཕན་འདོགས་པར་ནུས་པའོ། །ཇི་ལྟར་ན་དེ་ལྟར་འགྱུར་ཞེ་ན། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་ལས་སྐད་ཅིག་
གིས་བྱེད་པ་ཉིད་དུ། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་མཛད་པ་དེར་དངོས་གྲུབ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པ་དེས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་
Vol. 60 · folio 131a
ཏེ་ལས་གང་གིས་བྱེད་པ་སྟེ། སེམས་ཅན་གྱི་དོན་གྱི་བྱ་བ་དང་། སངས་རྒྱས་ཀྱི་མཆོད་པ་ལ་སོགས་པའི་ཚུལ་དེ་དག་གི་དངོས་གྲུབ་ཐམས་ཅད་ནི་ཡེ་ཤེས་ཕུན་སུམ་ཚོགས་པའི་ལས་ཏེ། དེ་བྱེད་པས་ན་དངོས་གྲུབ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་ཡེ་
ཤེས་ཀྱི་ལས་བྱེད་པའོ། །སྐད་ཅིག་ཉིད་ཀྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དུས་གཞན་དུ་བྱིན་གྱིས་བརླབས་པར་མཛད་པ་མ་ཡིན་གྱི། རིགས་ལྔའི་དངོས་གྲུབ་ཀྱི་བྱ་བ་བྱེད་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཞེ་ན། རང་ཉིད་འཇུག་པ་
ཉིད་ཀྱིས་ཞེས་བྱ་བ་གསུངས་ཏེ། འཇུག་པ་ཙམ་ཞེས་སྨོས་པས་ནི་དབང་བསྐུར་བ་དགར་བ་ཡིན་ཏེ། དེས་ནི་ཤིན་ཏུ་ཡང་བྱིན་གྱིས་རློབ་པར་མཛད་དོ་ཞེས་སྟོན་ཏོ། །སློབ་དཔོན་མ་ཡིན་པ་ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་མ་ཞུགས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་
རྒྱུ་ཅིའི་ཕྱིར་སློབ་དཔོན་མ་ཡིན་ཞིང་དཀྱིལ་འཁོར་དུ་མ་ཞུགས་པ་དག་ལ་ཡང་བཅོམ་ལྡན་འདས་དེ་ལྟར་བྱིན་གྱི་རློབ་པར་མཛད་ཅེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་བྱ་བ་རྣམ་པ་འདིས་རང་ཉིད་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་དང་། གང་གི་
ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ངེས་པར་རང་གི་དམ་ཚིག་གིས་ཞེས་པ་དཀྱིལ་འཁོར་དུ་འཇུག་པའི་རང་གི་དམ་ཚིག་གི་ཆོ་ག་འདིས་རྡོ་རྗེ་སློབ་དཔོན་དུ་གྱུར་ནས་སོ། །སློབ་དཔོན་འཇུག་པ་ནི་ཞེས་བྱ་བ་ནི་ཞུགས་ནས་དབབ་པ་ལ་སོགས་པའི་ཆོ་ག་ཐམས་ཅད་བྱེད་དུ་
འཇུག་པའོ། །སྙིང་པོ་འདི་ཡང་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བ་ནི་ཧཱུཾ་གི་མཐུས་དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའོ། །རྡོ་རྗེ་སློབ་དཔོན་ཐམས་ཅད་ཅེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་
དཀྱིལ་འཁོར་གྱི་སློབ་དཔོན་དུ་ཧཱུཾ་ཞེས་བྱ་བ་ལན་ཅིག་བཟླས་པས་ཀྱང་འགྲུབ་པའོ། །མི་སོད་པ་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པས་ཀྱང་བཅོམ་པར་མི་ནུས་པའོ། །མི་ཚུགས་པ་ཞེས་བྱ་བ་ནི་ཟིལ་གྱིས་མནན་པར་མི་ནུས་པའོ། ཐམས་ཅད་བྱེད་ཅེས་བྱ་བ་ནི་སྔ་མ་
Vol. 60 · folio 131b
བཞིན་ནོ། །ནམ་མཁའ་ལ་སོགས་པ་ལས་ཨ་ལ་སོགས་པའི་ཡི་གེ་ཐམས་ཅད་ནས་སྣ་ཚོགས་སྟོན་ཅིང་མངོན་པར་འདོད་པའི་དོན་གསལ་བར་བྱེད་པའི་ལུས་ཀྱིས་ཐམས་ཅད་མཐོང་ངོ་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་མངོན་པར་འདོད་པའི་
དངོས་པོ་ཐམས་ཅད་ཡི་གེས་གསལ་བར་བྱས་ནས་མིག་གིས་མཐོང་བའོ། །ཐོས་ཞེས་བྱ་བ་ནི་རྣ་བས་སོ། །རིག་ཅེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །ཤེས་ཞེས་བྱ་བ་ནི་བསམ་པའི་རང་བཞིན་གྱི་ཤེས་པས་ངེས་པར་འཛིན་པའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་
གསང་བའི་དཀྱིལ་འཁོར་ལ་སོགས་པའི་ཚུལ་ལོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རྡོ་རྗེ་འཆང་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་བཅས་པར་འདུས་པར་མཛད་ནས་གསོལ་པའོ། །ཡོངས་སུ་སྦྱང་
བའི་དོན་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དཀྱིལ་འཁོར་ཆེན་པོ་བསྒྲུབ་པ་ནི་དབང་བསྐུར་བར་བྱེད་པ་ལྟར་ནི་མ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཉིད་བསྒྲུབ་པར་གསོལ་བའོ། །དེ་བཞིན་གཤེགས་པ་རྣམས་རྣམ་པར་དག་པ་དང་གདུལ་
བར་བྱ་བའི་ཕྱིར་བགེགས་མཛད་པ་དང་། སྡུག་བསྔལ་སྐྱེད་པར་མཛད་པ་དེ་བཞིན་དུ་གསང་བའི་དཀྱིལ་འཁོར་དུ་རང་ཉིད་ཞུགས་པ། དཀྱིལ་འཁོར་དུ་མ་ཞུགས་པའི་སློབ་དཔོན་ལ་ཡང་དེ་ལྟར་མཛད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་
བཞིན་གཤེགས་པ་རྣམས་དེ་ལ་བགེགས་མི་མཛད་པར་མ་ཟད་ཀྱི། བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཤིན་ཏུ་བརྟན་པའི་སེམས་རྩེ་གཅིག་པ་མངོན་དུ་འགྱུར་ཞིང་། ཤིན་ཏུ་དགྱེས་པ་ནི་སྒྲུབ་པ་པོའི་ཏིང་ངེ་འཛིན་གྱིས་ཡང་དག་པའི་ཚུལ་གྱིས་མངོན་དུ་བྱའོ། །
རྗེས་སུ་ཆགས་པ་ནི་སྒྲུབ་པ་པོ་རང་གི་དངོས་གྲུབ་རྫོགས་པར་མཛད་པ་ལ་ཐུགས་རྩེ་གཅིག་པའོ། །ཤིན་ཏུ་རྒྱས་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྲུབ་པ་པོས་བདག་ཉིད་ཀྱི་ངོར་བྱའོ། །དངོས་གྲུབ་ཐམས་ཅད་ནི་ཇི་སྐད་བཤད་པ་རྣམས་སོ། །ཕུན་སུམ་ཚོགས་པ་ཐམས་
Vol. 60 · folio 132a
ཅད་དང་ཡེ་ཤེས་ཐམས་ཅད་དང་། ལས་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་སྒྲུབ་པར་མཛད་པ་ཡིན་ནོ། །ཇི་ལྟར་སྒྲུབ་པར་མཛད་ཅེ་ན། གདོན་མི་ཟ་བར་གྲུབ་པ་ཞེས་བྱ་བས་སོ། །དུས་རིང་པོས་སམ་ཞེ་ན། མ་ཡིན་ཏེ་མྱུར་དུ་ཞེས་བྱ་བས་སོ། །
འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་རང་ཉིད་ཞུགས་པ་ཙམ་གྱིས་དེ་ལྟ་བུ་ལ་སོགས་པའི་དངོས་གྲུབ་དེ་ལ་གསོལ་བར་མཛད་པ་དེ་འབའ་ཞིག་ཏུ་མ་ཟད་ཀྱི། གསང་བའི་དཀྱིལ་འཁོར་སློབ་དཔོན་གང་གིས་དཀྱིལ་འཁོར་བྲི་བའམ། དེའི་གསང་བའི་དཀྱིལ་འཁོར་འདྲིར་
བཅུག་གམ་གསང་བའི་དཀྱིལ་འཁོར་གྱི་རྟོག་པ་ལན་ཅིག་བརྗོད་པའམ། གཞུང་དང་དོན་གྱི་རང་བཞིན་འཛིན་པ་དེས་བསྒྲུབས་ནའང་ཞེས་བྱ་བ་ནི་བསྒྲུབས་པ་འབའ་ཞིག་ལ་གསོལ་བར་མ་ཟད་ཀྱི་འོན་ཀྱང་མ་བསྒྲུབས་པ་ལ་ཡང་ངོ་། །དཀྱིལ་འཁོར་མ་ཞུགས་ན་ཡང་ཞེས་བྱ་
བ་ནི་ཀློག་པ་དང་འཛིན་པའི་ནུས་པས་དངོས་གྲུབ་ཐམས་ཅད་དང་བཅས་པའི་མཆོག་གི་དངོས་གྲུབ་འབྱུང་བར་འགྱུར་རོ། །དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་དངོས་གྲུབ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དོ། །དེ་རྣམས་
དང་བཅས་པའི་མཆོག་གི་དངོས་གྲུབ་ནི་རྡོ་རྗེ་འཆང་བ་ཆེན་པོ་ཉིད་ལ་སོགས་པ་ཐོབ་པའོ། །སྐྱེ་བ་འདི་ཉིད་ལ་ཞེས་བྱ་བ་ནི་སྐྱེ་བ་གང་ལ་དེས་གསང་བའི་རྟོག་པ་འདི་ལན་ཅིག་བརྗོད་པའམ། འཛིན་པའི་སྐྱེ་བ་དེ་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དང་བཅས་པའི་
མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །གཞུང་འདིས་ནི་སྐྱེ་བ་བརྒྱུད་པས་གོམས་པའི་རྣལ་འབྱོར་གང་ལྷན་ཅིག་ཏུ་བརྗོད་པའམ། འཛིན་པ་དེ་ཉིད་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ཏེ། གཞན་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་
བྱ་བ་ནི། རྒྱུ་གང་གི་ཕྱིར་ཏེ་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་གང་ཞིག་ཉན་པ་དང་འཛིན་པ་དེ། ཚེ་འདི་ཉིད་དུ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ཏེ། གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཡི་གེ་
Vol. 60 · folio 132b
ཧཱུཾ་གི་རྟོག་པ་འདིས་གང་ཟག་ཁྱད་པར་ཅན་དེ་ལ་འདོད་པའི་དངོས་གྲུབ་རྫོགས་པར་བྱེད་པས། གདོན་མི་ཟ་བ་དང་ཐོགས་པ་མེད་པའོ། །ཅིའི་ཕྱིར་གདོན་མི་ཟ་བ་དང་། ཐོགས་པ་མེད་པ་ཡིན་ཞེ་ན། བདག་ཅེས་བྱ་བ་ལ་གང་གི་ཕྱིར་རྡོ་རྗེ་འཆང་བ་དག་དང་། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས་ཀྱང་འདི་ལ་བར་གཅོད་བྱེད་པར་ནུས་པ་མ་ཡིན་ནོ། །དེ་ཉིད་ཅིའི་ཕྱིར་ཞེ་ན། ཐམས་ཅད་རྗེས་སུ་ཆགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ཀྱང་ཡིན་ལ་རྗེས་སུ་ཆགས་པ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད་རྗེས་སུ་ཆགས་པ་ཞེས་བྱ་སྟེ།
སེམས་རྩེ་གཅིག་པའི་རང་བཞིན་གྱིས་ཤིན་ཏུ་རྣལ་འབྱོར་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་བྱང་ཆུབ་ཀྱང་རྗེས་སུ་ཆགས་པ་ལས་ཀྱང་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རང་བཞིན་གྱི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་
ཉིད་ཀྱིས་རྗེས་སུ་ཆགས་པ་དེས་མཉམ་པ་མེད་པའི་སངས་རྒྱས་ཀྱི་རྣལ་འབྱོར་རྣམས་ལས་འབྱུང་བར་འགྱུར་ན། དངོས་གྲུབ་གཞན་ཡང་འབྱུང་བར་མི་འགྱུར་བ་མ་ཡིན་ཏེ། འོན་ཀྱང་འབྱུང་བ་ཡིན་ཞེས་བསྟན་པ་ཡིན་ནོ། །རྗེས་སུ་ཆགས་པ་འབྱུང་ཞེས་བྱ་བ་བསྟན་
པའི་ཕྱིར་འདོད་པ་བསྟན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་བསྟན་པ་ནི་སངས་རྒྱས་ཉིད་ལ་སོགས་པ་འདོད་པའི་བསམ་པ་བསྟན་པས་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་རྗེས་སུ་ཆགས་པ་དེ་འབྱུང་བ་ཡིན་གྱི་གཞན་དུ་མ་ཡིན་ནོ། །འདོད་པ་བསྟན་
པ་དེ་ལ་ཅི་དགོས་ཞེས་རྣམ་པར་རྟོག་པ་དེ་བསལ་བའི་ཕྱིར་དེ་མི་འདོད་པས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་རྣལ་འབྱོར་གྱི་རང་བཞིན་རྗེས་སུ་ཆགས་པ་དེ་མི་འདོད་ན་ཇི་ལྟར་འབྱུང་བར་འགྱུར་ཞེས་སྦྱར་རོ། །ཇི་ལྟར་ཞེས་བྱ་བ་ནི་ཡུན་རིང་པོས་ཞེས་
བྱ་བའི་དོན་ཏོ། །མཆོག་ནི་ཕུལ་དུ་འབྱུང་བའོ། །བདེ་བ་ཆེན་པོ་ལ་སོགས་པའི་གོ་འཕང་ཐམས་ཅད་ཅེས་བྱ་བ་ལ། བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་གང་ལ་དེ་ཉིད་ཐོག་མར་ཡོད་པ་དེ་ཉིད་དུ་བདེ་བ་ཆེན་པོ་ལ་སོགས་
Vol. 60 · folio 133a
པའི་གོ་འཕང་ངོ་། །ཐམས་ཅད་ཀྱང་ཡིན་ལ་གོ་འཕང་ཡང་དེ་ཉིད་ཡིན་པས་ཐམས་ཅད་ཀྱི་གོ་འཕང་ངོ་། །བདེ་བ་ཆེན་པོ་ལ་སོགས་པ་ཡང་ཡིན་ལ་ཐམས་ཅད་ཀྱི་གོ་འཕང་ཡང་ཡིན་པས་ན་བདེ་བ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱི་གོ་འཕང་ངོ་། །གྲུབ་ན་
ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པ་ལ་སོགས་པའི་བསྒོམ་པས་གྲུབ་པའི་རྣལ་འབྱོར་ལའོ། །ནིའི་སྒྲ་ནི་ངེས་པར་གཟུང་བས་ཏེ་གྲུབ་པ་པོ་ཁོ་ན་ལའོ། །བདེ་བ་ཆེན་པོ་ནི་ཐར་པ་ཆེན་པོའོ། །གསང་བ་ཆེན་པོ་ནི་ཕྱག་རྒྱ་ཆེན་
པོ་སྟེ། སྙིང་པོ་འདི་དག་སྐད་ཅིག་མ་གཅིག་གིས་སྟེར་བར་བྱེད་པས་ན། བདེ་བ་ཆེན་པོ་དང་། རྡོ་རྗེ་ཆགས་པ་སྐད་ཅིག་མ་གཅིག་ལ་སྟེར་བའོ། །དེ་གང་ཡིན་ཞེ་ན། སྒྲུབ་པའི་དམ་ཚིག་འདི་ཡིན་ཏེ། །ཞེས་བྱ་བས་ནི་བསྒྲུབ་པར་བྱ་བས་བསྒྲུབ་པ་སྟེ། བདེ་བ་ཆེན་པོ་དང་
ཆགས་པ་ཆེན་པོ་སྟེ། རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པའི་དམ་ཚིག་ནི་སྒྲུབ་པའི་དམ་ཚིག་སྟེ་རྒྱུའོ། །དེ་ཡང་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་དོ། །འདི་ནི་ཀུན་གྱིས་འདའ་བར་དཀའ། །ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་གྱི་རང་བཞིན་སྒྲུབ་པའི་དམ་ཚིག་
འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་གང་གིས་ཀྱང་འདའ་བར་མི་སྤྱོད་པས་ན་འདའ་བར་དཀའ་བ་ཡིན་ནོ། །སྡིག་པ་ཆེན་པོ་བྱེད་པ་དང་། །དེ་བཞིན་དཀྱིལ་འཁོར་མ་མཐོང་བ། །ཞེས་བྱ་བ་ནི་གང་ཞིག་དམ་པའི་ཆོས་སྤངས་པ་དང་། མཚམས་མེད་པ་ལ་སོགས་
པའི་སྡིག་པ་ཆེན་པོ་བྱེད་པ་དང་། གང་ཞིག་དཀྱིལ་འཁོར་ལ་མ་ཞུགས་པ་དེ་རྣམས་ཀྱང་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱིས་བསྒྲུབ་པའི་དམ་ཚིག་འདིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པ་ཡིན་ནོ། །དངོས་གྲུབ་གང་གིས་འགྲུབ་ཅེ་ན། མཆོག་གི་དངོས་
གྲུབ་ཅེས་བྱ་བ་ནི་རང་གི་ཕྱི་མའི་མཐའ་ལ་སྟོན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཀྱིའོ། །ནིའི་སྒྲ་ནི་ངེས་པར་གཟུང་བའོ། །མཆོག་གི་དངོས་གྲུབ་ཀྱིས་ཇི་ལྟར་འགྲུབ་ཅེ་ན། ལན་ཅིག་བཟླས་པས་སྡིག་པ་སྦྱང་བས་ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་འདིས། རྡོ་རྗེ་
Vol. 60 · folio 133b
འཆང་བ་ཆེན་པོ་ལན་ཅིག་བཟླས་པས་རྣལ་འབྱོར་པ་ལ་དམ་པའི་ཆོས་སྤངས་པ་ལ་སོགས་པའི་རང་བཞིན་གྱི་སྡིག་པ་སྦྱང་བར་མཛད་པ་ཡིན་ནོ། །སྡིག་པ་སྦྱང་བའི་རྒྱུ་ལན་ཅིག་གི་བཟླས་པས་དེས་མཆོག་གི་སྒྲུབ་པ་ཡིན་ནོ། །རྟོག་པ་གསུངས་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་
འམ་དེ་བཞིན་གཤེགས་པ་ལ་སོགས་པ་གཞན་གྱིས་རང་རང་གི་བརྟག་པ་རྣམ་པ་གསུམ་ཞལ་བཞི་དང་། ཕྱག་བརྒྱད་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་ཁྱད་པར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་གང་གསུངས་པའི་རྟོག་པ་རྣམས་ལས་གསུངས་པ་དེ་རང་གི་ཡིད་
ཀྱིས་འདོད་པའི་གཟུགས་བརྙན་རྗེས་སུ་དྲན་པའི་སྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་ཁྱད་པར་བསྒོམས་པ་རྣམས་ཀྱིས་སྙིང་པོ་ཡི་གེ་ཧཱུཾ་བརྗོད་པའམ། གླེགས་བམ་ཞེས་བྱ་བ་ནི་དཔལ་མཆོག་དང་པོའི་གླེགས་བམ་མདུན་དུ་བཞག་ནས། །དེར་བཅོམ་ལྡན་འདས་སྤྱན་དྲངས་ཏེ་བསྒོམས་ན་
དེ་ཡང་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། བཅོམ་ལྡན་འདས་དེ་ཉིད་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ལ་སོགས་པའི་རྟོག་པ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་ཡི་གེ་ཧཱུཾ་དང་གླེགས་བམ་གྱི་ཚུལ་དུ་བཞུགས་པ་རྣམས་ཀྱི་
དེའི་ཕྱིར། ཐམས་ཅད་ཉིད་ཀྱི་བདག་པོ་འགྲུབ། །ཅེས་བྱ་བ་ནི། གང་ལ་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོ་གང་ལ་གཟུགས་བརྙན་ནམ། །གླེགས་བམ་མེད་པ་ན་དེའི་སྙིང་པོ་ཡི་གེ་ཧཱུཾ། རས་སམ་རྩིག་པ་ལ་བྲིས་ནས་བསྒྲུབ་པ་ནི་སྔོན་དུ་བསྙེན་པ་བྱས་ཤིང་བཟླས་པ་
དང་། བསྒོམ་པ་དག་གིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ། །གང་གིས་ཡི་གེ་ཧཱུཾ་བྲི་ཞེ་ན། བདག་གིས་ཞེས་བྱ་བ་ནི་བདག་གིས་ཡི་གེ་ཧཱུཾ་བྲིས་ནས། བདག་ཉིད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་གང་གིས་གསུངས་ཤེ་ན། དོན་ཡོད་
ཅིང་ཐོགས་པ་མེད་པའི་དངོས་གྲུབ་ཅན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གལ་ཏེ། སློབ་དཔོན་གང་ཞིག་གསང་བའི་རྟོག་པ་འདི་དང་། དཀྱིལ་འཁོར་ཆེན་པོ་ལ་སོགས་པའི་རྟོག་པ་རྣམས་སྒྲུབ་པར་
Vol. 60 · folio 134a
འདོད་ན། དེའི་གསང་བའི་དཀྱིལ་འཁོར་འདི་ལ་ཐིག་གདབ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་མའི་ཕྱག་རྒྱ་རྣམས་བྲིས་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་རྣམས་སུ་བྲི་བར་བྱའོ། །དེ་སྒོ་
དབྱེ་བ་བྱས་པ་ལ་བུམ་པ་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཆོད་དེ། ཆོ་ག་ཇི་ལྟ་བ་བཞིན་དུ་དང་པོའི་རྡོ་རྗེ་བཅིངས་ནས་རང་ཉིད་འཇུག་པར་བྱའོ། །ཞུགས་ནས་ཆགས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཆགས་པ་ཆེན་པོ་ནི་
དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཆགས་པ་ཆེན་པོ་དེ་ལས་ཐོགས་པ་ཆེན་པོ་སྟེ་རྣལ་འབྱོར་ཐམས་ཅད་སྐྱེ་བར་འགྱུར་ཏེ། ཐམས་ཅད་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི། རྣལ་འབྱོར་སྒྲུབ་པ་པོ་རྣམས་ལ་སྐྱེ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར། །
ཆགས་པ་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི། །སྣ་ཚོགས་དམར་བའི་འོད་འབར་བ། །ཞེས་འོག་ནས་གསུངས་པའི་ཕྱིར་རོ། །ཐེག་པ་ཆེ་ལས་བདེ་བ་ཆེ། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་རྣལ་འབྱོར་དེ་ལས་བདེ་བ་ཆེན་པོ་སྟེ་བདེ་བ་ཆེན་པོ་མངོན་དུའོ། །བྱང་
ཆུབ་ཀྱི་སེམས་ཀྱི་རང་བཞིན་ཅན་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་མངོན་དུ་བྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེ་ལས་རྡོ་རྗེ་བརྟན། །ཞེས་བྱ་བ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དེ་ལས་སྟོང་
པ་ཉིད་བཅུ་དྲུག་གི་ཏིང་ངེ་འཛིན་གྱི་ངོ་བོ་མི་ཕྱེད་པ་དང་པོའི་རྡོ་རྗེ་རྩེ་ལྔ་པ་བྱུང་བ་ཡིན་ནོ། །རྡོ་རྗེ་ལས་ནི་ཕྱག་རྒྱ་འབྱུང་། །ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དེ་ལས་མདའ་ལ་སོགས་པའི་ཕྱག་རྒྱ་རྣམས་འབྱུང་བར་འགྱུར་བ་ཡིན་ནོ། །དང་པོའི་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་རྣམས་ཅིའི་
ཕྱིར་ཕྱག་རྒྱ་ཞེས་བརྗོད་སྙམ་དུ་རྟོག་པ་བསལ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་བཤད་ཟིན་ཏོ། །དེ་རྣམས་ཀྱི་གཟུགས་བརྙན་གྱི་སྦྱོར་བ་ནི་དེའི་རང་བཞིན་ལ་ལྷག་པར་མོས་པའོ། །གཟུགས་བརྙན་གྱི་སྦྱོར་བ་
Vol. 60 · folio 134b
དེས་ཕྱག་རྒྱ་ཐམས་ཅད་དེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཤད་པ་ཡིན་ནོ། །སྒྲུབ་པ་པོ་ལ་སོགས་པའི་རྒྱུད་ལ་རྒྱས་འདེབས་པས་ན་ཕྱག་རྒྱ་ཞེས་རབ་ཏུ་གྲགས་པ་ཡིན་ནོ། །དམ་ཚིག་འདའ་བར་དཀའ་བ་ཞེས་བྱ་བ་ནི་འདའ་བར་དཀའ་བའི་དོན་ནི་དམ་ཚིག་ཅེས་བྱ་
བར་བརྗོད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་དཀའ་བ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། ཕྱག་རྒྱའི་དམ་ཚིག་རབ་གསུངས་ཏེ། །ཡིད་ཀྱིས་གཟུགས་ནི་བརྟན་ཕྱིར་རོ། །ཞེས་གསུངས་སོ། །ཅིའི་ཕྱིར་ཕྱག་རྒྱའི་དམ་ཚིག་འདའ་བར་དཀའ་བ་ཡིན་
ཞེ་ན། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོན་ཅིང་མངོན་པར་འདྲེན་པའི་རང་བཞིན་གྱིས་ཕྱག་རྒྱ་རྣམས་བཅིངས་པ་ཙམ་གྱིས་སངས་རྒྱས་དང་། རྡོ་རྗེ་འཆང་ལ་སོགས་པ་ཡང་བསྡུས་པས་འགྲུབ་པར་འགྱུར་རོ། །ཉམས་པས་
འཇིགས་པ་ཞེས་བྱ་བ་ནི་དམ་ཚིག་ཉམས་པས་འཇིགས་པས་དེ་རྣམས་འགྲུབ་པར་འགྱུར་རོ། །ཕྱག་རྒྱའི་རང་བཞིན་གྱི་དམ་ཚིག་དེ་རྣམས་ཀྱིས་ཇི་ལྟར་འདའ་བར་མི་མཛད་ཅེ་ན། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཀའ་ལ་ཕྱག་རྒྱའི་རྒྱས་བཏབ་པ་དེའི་ཡུལ་ན་གནས་
པ་རྣམས་ཀྱིས། འདའ་བར་མི་ནུས་པ་དེ་བཞིན་དུ་ཕྱག་རྒྱ་རྣམས་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་འདའ་བར་ནུས་པ་མ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ཉམས་པས་འཇིགས་པས་གྲུབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ཀྱང་གཞུང་ལུགས་
ཉམས་པའི་འཇིགས་པས་གྲུབ་ན། དེའི་ཕྱིར་ཕྱག་རྒྱའི་དམ་ཚིག་འདིས་ཅི་ཞིག་བྱ་ཞེ་ན། སངས་རྒྱས་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་བཤད་པའི་རང་བཞིན་གྱིས་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་རྣམ་པས་བསྐལ་པ་བྱེ་བ་
རྣམས་ཀྱིས་ཀྱང་དེ་ལྟར་ཐོབ་པ་མ་ཡིན་ན། ཇི་ལྟར་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱའི་མཆོག་བསྡུས་པ་ཡོད་ན་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་གང་གིས་འཇིག་རྟེན་གདུལ་བར་བྱ་བ་དེ་ནི་འདུལ་བ་སྟེ། རྡོ་རྗེ་
Vol. 60 · folio 135a
སེམས་དཔའ་ལ་སོགས་པའི་བསྒོམ་པའོ། །རྣམ་པ་གང་གིས་ཇི་ལྟར་འདུལ་བར་ཡོད་པ་དེ་ནི་ཇི་ལྟར་འདུལ་བ་ཅན་གྱི་འཇིག་རྟེན་ནོ། །དེ་བཞིན་དངོས་གྲུབ་གསུངས་པ་ཡིན། །ཞེས་བྱ་བ་ནི། དེ་ལྟ་བུའི་དངོས་གྲུབ་འཇིག་རྟེན་དེ་ལ་གསུངས་པ་ནི། དེ་བས་
ན་དེ་དེའི་ཐོབ་པར་བྱ་བའི་ཕྱིར་ཐབས་གསུངས་པ་ནི། དེ་ཡི་ཐབས་ནི་ཕྱག་རྒྱ་ཡིན། །ཞེས་བྱ་བ་ལ་སོགས་པ་དངོས་གྲུབ་དེ་ལ་ཇི་ལྟར་འདུལ་བ་དང་ལྡན་པའི་འཇིག་རྟེན་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐོབ་པའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཁོ་ན་ཐབས་ཡིན་
ནོ། །ཐབས་དེའི་ལས་ཇི་ལྟ་བུར་ལྡན་པ་ཡིན་ཞེ་ན། དངོས་གྲུབ་ཐམས་ཅད་བྱེད་པ་མཆོག །ཅེས་བྱ་བ་ལ་མཆོག་ནི་ཕུལ་དུ་བྱུང་བའོ། །དེ་ནས་ཆོ་ག་རྒྱས་པ་ནི་དེ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཇི་ལྟ་བ་བཞིན་དུ་བཤད་པའི་རིམ་པས་ཕྱག་རྒྱའི་དཀྱིལ་འཁོར་འདིར་སློབ་དཔོན་གྱིས་འཇུག་
པར་བྱའོ། །ཞུགས་ནས་ཆགས་ལ་སོགས་པ་ཆེ། །ཞེས་བྱ་བ་ནས་བརྩམས་ནས། དངོས་གྲུབ་ཐམས་ཅད་བྱེད་པ་མཆོག །ཅེས་བྱ་བའི་བར་དུ་བརྗོད་ལ། རང་གི་ཆོ་ག་ཐམས་ཅད་རྗེས་སུ་བརྗོད་ནས། སློབ་མ་གཞུག་པར་བྱ་བའི་ཕྱིར། གནང་བ་ཐོབ་ནས་སློབ་མ་གཞུག་པར་
བྱ་བ་སྟེ། འདི་ནི་དེ་ནས་དེ་བཞིན་དུ་ཆོ་ག་རྒྱས་པའོ་ཞེས་བྱ་བའི་དོན་ཡིན་ནོ། །དངོས་གྲུབ་ཐམས་ཅད་ཤིན་ཏུ་གདོན་མི་ཟའོ་ཞེས་བྱ་བ་ནི་ཇི་ལྟར་གསང་བའི་དཀྱིལ་འཁོར་དུ་སློབ་དཔོན་དང་། སློབ་མ་དག་ལ། དངོས་གྲུབ་ཐམས་ཅད་འབྱུང་བ་དེ་བཞིན་དུ་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་
དུ་ཡང་ཤིན་དུ་གདོན་མི་ཟ་བར་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སླར་ཡང་འདིའི་དོན་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་སྒྲུབ་པའི་ཚུལ་གྱིས་གསང་བའི་དཀྱིལ་འཁོར་གྱི་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་
རབ་ཏུ་བསྒྲུབས་ལ། རང་གི་སྙིང་གར་རྡོ་རྗེ་འཁོར་ལོས་གསང་བའི་དཀྱིལ་འཁོར་སྤྲུལ་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་དུ་རང་རང་གི་སྙིང་པོ་རྣམས་ཀྱིས་རང་རང་གི་གནས་སུ་གཞག་སྟེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་བརྗོད་ལ། དཔལ་རྡོ་
Vol. 60 · folio 135b
རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བས་རང་བཞིན་གྱིས་དག་པར་བྱའོ། །དེ་ནས་བདག་མེད་པར་མཉམ་པ་ཉིད་ཀྱིས་ཨོཾ་སརྦ་ས་མོ྅ཧཾ་ཞེས་བྱ་བས་
ཆོས་ཐམས་ཅད་མཉམ་པ་ཉིད་དུ་བདག་ཉིད་བསྒོམ་མོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་རང་བཞིན་བདག་རང་ཡིན་ནོ་ཞེས་བྱ་བའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ། ལྷ་ཐམས་ཅད་སྙིང་ག་ན་གནས་པའི་
དང་པོའི་རྡོ་རྗེའི་ནང་དུ། ཨ་ནུ་རཱ་ག་ཡ་མི་ཞེས་བྱ་བ་བསམས་ཏེ། རབ་ཏུ་དགའ་བའི་ངག་གམ། རྡོ་རྗེའི་ངག་གམ། ཡིད་ཀྱིས་བརྗོད་ཅིང་བཟླས་པའི་དོན་དུ་བསྒོམ་པར་བྱའོ། །ཉིན་རེ་བཞིན་དུ་ལན་ཅིག་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ཇི་སྲིད་མངོན་སུམ་དུ་བྱས་པ་དེ་
བཞིན་དུ་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གིས་དཀྱིལ་འཁོར་མཐོང་བར་འགྱུར་རོ། །དེ་ནས་ཉིན་རེའམ་ཟླ་བ་རེ་རེ་ལ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་རེ་ཞིག་དང་པོ་ཇི་ལྟར་བཤད་པའི་དཀྱིལ་འཁོར་གྱིས་གཞིའི་དབུས་སུ་བདག་བསྲུང་བ་དང་གནས་བསྲུང་བ་བྱས་ལ།
རྣལ་འབྱོར་ཆེན་པོ་རྫོགས་པའི་བར་གྱི་ཆོ་ག་རྫོགས་པར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སྙིང་པོ་དང་བཅས་པའི་ཡི་གེ་ཧཱུཾ་བརྗོད་པ་ལ་བརྩོན་པས། ཡི་གེ་ཊ་ལས་མིག་གཡོན་ཟླ་བར་བྱ། །གཡས་པ་ཡི་གེ་མ་ལས་ཉི་མར་དགོད། །ཧཱུཾ་གིས་མིག་
འབྲས་བསྐལ་པའི་མེར་བྱས་ཏེ། །ཚུལ་འདི་ཉིད་ཀྱིས་རྡོ་རྗེའི་བལྟ་བ་བྱས་ནས། རླུང་གི་དཀྱིལ་འཁོར་ལས་བྱུང་བའི། །རྣོ་ཞིང་འབར་བས་ཁྱབ་པར་བྱེད། །དབུས་སུ་ཡི་གེ་བཀོད་པ་ཡི། །རྡོ་རྗེ་བརྟུལ་ཞུགས་ཅན་གྱིས་བསམ། །རྡོ་རྗེ་མེ་ཡིས་ཐལ་བར་བྱས་པའི་རྒྱ་མཚོ་དང་། །
ས་འཛིན་དང་བཅས་ས་ཉིད་ཀྱང་ནི་དེ་བཞིན་དུ། །ནམ་མཁའི་ཁམས་སུ་ཡི་གེ་ཁཾ་ནི་རྣམ་བསྒོམས་ལ། །རྣམ་པར་སྣང་མཛད་ཆུ་རྒྱུན་འབེབས་པ་བསམ་པར་བྱ། །དབའ་རླབས་ཕྲེང་བ་ཀུན་དུ་འཁྲུག་པར་གྱུར་པ་ཡི། །དཔག་ཏུ་མེད་པའི་ཆུ་ཡི་ཕུང་པོ་དེ་བཞིན་འབྱུང་། །དེ་ཚེ་ཡི་
Vol. 60 · folio 136a
གེ་ར་ཡིས་ཆུ་ཡི་རྒྱ་མཚོ་མཆེད། །པདྨ་གྱུར་པ་ཡོངས་སུ་བརྟག་པར་བྱ་བ་ཡིན། །གསེར་གྱི་རུས་སྦལ་སྣང་བ་ཞེས་རབ་གྲགས་པ་ནི། །ཆུ་སྐྱེས་ཀྱི་ནི་རྩ་བར་བསམ་པར་བྱ་བ་ཡིན། །འཛམ་བུ་གསེར་དང་མཚུངས་པའི་ལྟེ་བ་རུ། །རྣམ་པ་ཉིད་ནི་དེ་ཉིད་
དུ་ཡང་བསམ་པར་བྱ། །དེ་ནས་ཁཾ་གི་ངོ་བོ་རྣམ་སྣང་མཛད་དང་བཅས། །བྱོན་ནས་ལྟེ་བ་ལ་ནི་བཞུགས་པར་གྱུར་པ་ཡིན། །དེ་ནས་གཅིག་ཏུ་གྱུར་པ་ཉིད་ལས་རི་རབ་ནི། །རིན་ཆེན་བཞི་ཡི་ཆ་ཤས་ལས་ནི་གྱུར་པ་ཡིན། །ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བའི་རི་རབ་སྐྱེད་པར་བྱེད་པའི་ས་བོན་
གྱི་ཡི་གེ་རྣམས་བརྗོད་ཅིང་བསམ་པར་བྱའོ། །དེ་ནས་རྡོ་རྗེ་བཅིངས་པས་ས་ལ་དེ་བཞིན་དུ་རེག་ཅིང་རྡོ་རྗེའི་རི་རབ་བྱིན་གྱིས་བརླབས་ནས། དེའི་སྟེང་དུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའི་བཞུགས་གནས་རྡོ་རྗེ་ཆེན་པོའི་
གཞལ་ཡས་ཁང་བསྐྱེད་ལ་ཡི་གེ་ཧྲཱི་ལས་ལྷ་ཐམས་ཅད་ཀྱི་གནས་རྣམས་སུ་སྣ་ཚོགས་པདྨ་རྣམས་བསྐྱེད་ནས། དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་དེ་བཞིན་དུ་སངས་རྒྱས་ཐམས་ཅད་
སྤྱན་དྲངས་ནས། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་ཀྱིས་རྒྱལ་པོ་མཆོག་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་བཞིན་དུ་ཡི་གེ་བརྗོད་ཅིང་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་སྔ་མ་བཞིན་དུ་དེ་
བཞིན་དུ་སངས་རྒྱས་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་པར་བསམ་པར་བྱའོ། །དེ་ནས་ལངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་གང་བར་བསམས་ལ། ཐམས་ཅད་བདག་ཉིད་ཡིན་ནོ་
ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་བཛྲོ་ཏིཥྛ་གུ་ཧྱ་མཎྜལ་ཨུ་ཐ་པ་ཡ་ཞེས་བརྗོད་ཅིང་ནམ་མཁའ་ལ་དཀྱིལ་འཁོར་བཏེག་ཅིང་དེ་ཉིད་དུ་བཞག་ལ། དང་པོའི་རྡོ་རྗེ་དེ་ཉིད་ཀྱིས་ལན་ཅིག་བདག་ཉིད་བྱིན་གྱིས་བརླབས་ནས་སླར་ཡང་
Vol. 60 · folio 136b
ཕྱག་རྒྱ་ཆེན་པོ་བཅིངས་ལ། བཛྲ་དྲྀཥྚ་མཊ་ཅེས་བྱ་བ་མིག་གཉིས་ལ་རྣམ་པར་བཀོད་དོ། །ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །ཡི་གེ་ཧཱུཾ་ནི་བརྗོད་པ་ཡིས། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །དེ་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་
རྗེས་སུ་སྤྱད་ནས། མལ་ནས་ལངས་ཏེ་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ནས། ཉི་མ་འཆར་ཀའི་དུས་སུ་དཀྱིལ་འཁོར་དེ་བཞིན་དུ་ནམ་མཁའི་ཕྱོགས་སུ་གཞག་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་དང་། རྡོ་རྗེའི་གླུ་ལེན་ཅིང་སྔ་མ་བཞིན་དུ་ཐིག་གདབ་པར་
བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྲིས་ཏེ། དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བའི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་ལུགས་མ་ལ་སོགས་པ་རང་བཞིན། འོད་ཟེར་དམར་པོ་འབར་བ་འཁྲུག །ཟླ་བ་དང་མཚུངས་ཞལ་བཞད་པ། །སངས་རྒྱས་ཕྲེང་བ་སོགས་ཀྱིས་
མཛེས། །ཁ་དོག་རྣམས་ཀྱིས་དབུ་ལ་བྱུགས། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །རྡོ་རྗེ་སྙེམས་པ་འཛིན་པའི་མཆོག །གཡོན་ན་རྡོ་རྗེ་ཁུ་ཚུར་གྱིས་སྙེམས་པས་དྲིལ་བུ་འཛིན་པ། གཡས་པ་བསྟོད་པའི་ཚུལ་གྱིས་རང་གི་ཐུགས་ཀར་དང་པོའི་རྡོ་རྗེ་འཛིན་
པའི་དཔལ་རྡོ་རྗེ་སེམས་དཔའ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་མི་ཧཱུཾ། བརྗོད་ཅིང་དགོད་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྡོ་རྗེ་མཚོན་ཆ་མ་ལ་རྡོ་རྗེ་ཡིད་ལས་བྱུང་བ་དང་འདྲ་བས་ན། ཇི་སྲིད་རྡོ་རྗེ་དྲིལ་བུའི་གནས་སུ་
རྡོ་རྗེ་དྲིལ་བུ་མ་རྡོ་རྗེ་དྲིལ་བུ་དང་བཅས་པ་འདྲ་བའི་བར་དུ་བྲི་བར་བྱའོ། །འདི་རྣམས་ཀྱི་སྙིང་པོ་ནི་བཤད་ཟིན་ཏོ། །དེ་ནས་དེ་བཞིན་དུ་དཀྱིལ་འཁོར་གྱི་སྒོ་རྣམས་ཕྱེ་ལ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་བསྡུ་བ་བྱས་ལ། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་བྱའོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ་གཡས་པའི་སྡིགས་མཛུབ་ཀྱི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་སྤྱན་དྲང་བའི་སྔགས་ཀྱིས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ནས་དེ་བཞིན་
Vol. 60 · folio 137a
དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཕྱག་བཞི་སྔོན་དུ་འགྲོ་བས་སྡོམ་པ་བླངས་ལ། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བས། བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ཏེ། རང་གི་སྙིང་གར་བཞག་ལ་སུ་ར་
ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་བྱ་བ་བརྗོད་ཅིང་ཡི་གེ་ཧཱུཾ་ལས་རྡོ་རྗེ་བསྐྱེད་པར་བྱའོ། །དེ་ནས་ཕྱིའི་སྒོ་ལ་མངོན་པར་ཕྱོགས་ནས་གནས་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་ཏེ། རྡོ་རྗེ་སློབ་དཔོན་རང་ཉིད་ཇི་སྙེད་པའི་དྲིས་ལུས་ལ་བྱུགས་ཏེ། རྒྱན་དང་བཅས་ཤིང་
མེ་ཏོག་གི་ཕྲེང་བས་བརྒྱན་པ། གོས་དམར་པོ་ཟུང་གཅིག་བགོས་པ། ཁ་དྲི་ཞིམ་པོས་བགོས་པ། གོས་དམར་པོས་གདོང་གཡོགས་བཅིངས་ནས། རྡོ་རྗེ་སེམས་དཔའི་ཡིད་འོང་མའི་རྣལ་འབྱོར་དང་ལྡན་པའི་གཟུངས་མ་ལག་པ་གཡོན་པས་རྡོ་རྗེ་འཛིན་པ། གཡས་
པས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་འཛིན་པ། རྐང་པ་ཡ་གཅིག་མདུན་དུ་འདོར་བ་ཕྱག་གཡས་པས་མེ་སྐོར་གྱི་ཚུལ་གྱིས་བླངས་ལ་འཇུག་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ། འདོད་ཆགས་ལ་
སོགས་པ་དེ་ཀུན་ཡིད་ཁྱོད་ནི། །ཀུན་བསྡུས་བདག་ལ་བདེ་བ་སྩོལ་མཛོད་ཅིག །རྡོ་རྗེ་སེམས་དགོངས་མྱུར་དུ་བདག་བསྟན་མཛོད། །བདག་དགྱེས་མཛད་དང་བདེ་མཆོག་གྲུབ་ལ་འདུད། །ཅེས་བྱ་བའི་དྲུག་ལྡན་ལ་སོགས་པའི་ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་གསང་བའི་གླུ་
བརྗོད་ལ། དང་པོར་ཤར་གྱི་སྒོ་ནས་འཇུག་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་མ་ཡང་བརྗོད་པར་བྱའོ། །སླར་ཡང་ལྷོའི་སྒོ་ནས་འཇུག་སྟེ་རྡོ་རྗེ་ཞགས་པ་མའི་སྙིང་པོ་བརྗོད་པར་བྱའོ། །དེ་ནས་དེ་བཞིན་དུ་ནུབ་ཀྱི་སྒོ་ནས་ཞུགས་ཏེ། རྡོ་རྗེ་ལྕགས་སྒྲོག་མའི་སྙིང་པོ་བརྗོད་པར་བྱའོ། །
དེ་ནས་དེ་བཞིན་དུ་བྱང་གི་སྒོ་ནས་ཞུགས་ཏེ། རྡོ་རྗེ་དྲིལ་བུ་མའི་སྙིང་པོ་བརྗོད་པར་བྱའོ། །སླར་ཡང་ཤར་གྱི་སྒོ་ནས་སྔ་མ་བཞིན་དུ་ཞུགས་ཏེ། སྒེག་མོ་དགའ་བའི་རྡོ་རྗེ་མས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ལ། བཅོམ་
Vol. 60 · folio 137b
ལྡན་འདས་ཀྱི་མདུན་དུ་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཧཱུཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཨ་ནུ་རཀྟོ་མེ་བྷ་བ་སུ་ཏོ་ཥྱོ་མེ་བྷ་བ། དྲྀ་ཌྷོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་དྷི་ཏིཥྛ་བྷ་ག་བཱན། ཨ་ནཱ་དྷི་ནི་དྷ་ན་ས་ཏྭ་མ་ཧཱ་སུ་ཁ་བཛྲ་གུ་ཧྱ་ས་མ་ཡཿ སིདྷིམྨེ་པྲ་ཡཙྪ།
ཧ་ཧ་ཧ་ཧ་ཨཱ། དེ་ནས་རྡོ་རྗེ་ལྷ་མོ་བཞི་པོ་འདི་རྣམས་ཀྱིས་བསྐུལ་བར་བྱའོ། །ཧཱུཾ་བཛྲ་དྲྀཥྚ་ས་ཡ་ཀེ་ཕཊ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི་ཧཱུཾ། ཧཱུཾ་སྨ་ར་བཛྲ་ཎཱི་ཧཱུཾ། ཧཱུཾ་རུ་ཥྱ་བཛྲ་ཎཱི་ཧཱུཾ། སླར་ཡང་བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ། དེ་ཁོ་ན་ཉིད་འདི་ལན་ཅིག་བརྗོད་པར་བྱའོ། །འདོད་ཆགས་
ཆེན་པོ་བདེ་བ་ཆེ། རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔའ་དེང་བདག་གྲུབ། །ཛཿཧཱུཾ་བཾ་ཧོཿ། པྲ་སིདྡྷ་མཾ་ཞེས་བྱ་བ་ཡང་བརྗོད་པར་བྱའོ། །དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། ཡི་གེ་ཨ་ཡིས་བདག་ཉིད་ལ་དབབ་པར་བྱ་སྟེ། སླར་ཡང་གཡོན་པའི་ཁྲོ་བོའི་
ཁུ་ཚུར་གྱིས། ཐམས་ཅད་ཀྱིས་རྡོ་རྗེ་མ་བྲལ་ཞིང་བདག་ཉིད་ལ་འདིས་དབབ་པར་བྱ་སྟེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཨ་སུ། དེ་ནས་མ་ཧཱ་སུ་ཁ་བཛྲ་སཏྭ་པྲ་ཏི་གྲྀཧྞ་ས་མ་ཡ་སྟྭཾ་ཞེས་བྱ་བ་འདིས་མེ་ཏོག་རྣམས་དོར་བར་བྱའོ། །དེ་ནས་དེ་རྣམས་བླངས་ཏེ། དེ་རིང་ཁྱོད་ལ་རྡོར་འཛིན་གྱིས། །དངོས་གྲུབ་
ཀུན་ཕྱིར་དབང་བསྐུར་མཛོད། །འདོད་པ་ཀུན་གྱི་དབང་ཕྱུག་ཉིད། །སེམས་ཅན་ཀུན་ལ་བདེ་བ་སྟེར། །ཞེས་བྱ་བ་འདིས་རང་གི་སྤྱི་བོ་ལ་བཅིང་བར་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥིཉྩ་སུ་ར་ཏ་སྟྭཾ། ཞེས་བྱ་བ་ཡང་བརྗོད་དོ། །དེ་ནས་ཨོཾ་བཛྲ་ཙཀྵུ་ཀ་མ་མ་ས་ཡ་སརྦ་སུ་ར་སྟྭཾ་ཞེས་བྱ་
བ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་ཧེ་བཛྲ་པཱ་ཤྱ་ཞེས་བྱ་བ་བརྗོད་ཅིང་ཤར་གྱི་སྒོ་ནས་དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བས་ཤིས་པ་
བརྗོད་པ་སྦྱིན་པའི་མངོན་པར་འདྲེན་པས་སྙིང་གའི་ཕྱོགས་སུ་འཛིན་ཅིང་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་གསང་བའི་མཆོད་པ་བཞི་པོས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ལ། གླུ་དང་རོལ་མོའི་མཆོད་པས་བཅོམ་ལྡན་འདས་ཀྱི་
Vol. 60 · folio 138a
མདུན་དུ་གཟུངས་མ་དང་བཅས་པས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་ལ་འཇུག་པའི་ཕྱག་རྒྱ་བཅིངས་ཏེ། སྒེག་མོ་དགའ་བའི་རྡོ་རྗེ་མས་སླར་ཡང་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཨེ་ཡཾ་སུ་ར་ཏེ་ར་ཧཾ་སུ་ར་ཏཾ་མེ་བྷ་
ག་བཱན། སརྦ་སུ་ཁ་བྷ་མནྠ་ཨུཏྟ་མ་སིདྡྷིཾ་མེ་པྲ་ཡཙྪ། ཨ་ནི་ན་ས་ཏྱི་ན་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་སྟྭཾ། བྷ་ག་བཱན། སིདྡྷ། འདི་ཡང་བརྗོད་པར་བྱ་སྟེ། མྱུར་དུ་ཐམས་ཅད་རྗེས་ཆགས་པ། །ཀི་ལི་ཀི་ལས་ཐམས་ཅད་ནུས། །ཐམས་ཅད་རྗེས་སུ་ཆགས་
དྲན་པས། །རྟག་ཏུ་ཡང་ནི་ལེགས་དགྱེས་འགྱུར། །ཨོཾ་མ་ཧཱ་སུ་ཁ་སིདྡྷྱ་བཛྲ་སཏྭ་སིདྡྷྱ་ཛཿཧཱུཾ་བཾ་ཧོཿ། སིདྡྷ་ས་མ་ཡ་སྟྭཾ་སིདྡྷི་ཧཱུཾ། དེ་ནས་ཇི་སྲིད་མཚན་མ་ཐོབ་ཀྱི་བར་དུ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་ཐམས་ཅད་ཀྱིས་དེ་
ལ་དབང་བསྐུར་བ་མཛད་པར་འགྱུར་རོ། །དེ་ནས་སྐད་ཅིག་མ་དེ་ཉིད་དུ་རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར་རོ། །གཟུངས་མ་དེ་ཡང་རྡོ་རྗེ་སྙེམས་མ་དང་འདྲ་བར་འགྱུར་རོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་དེ་ལ་དབང་བསྐུར་བར་མི་མཛད་ན་དེའི་ཚེ། རང་ཉིད་ཀྱིས་རྡོ་རྗེ་
སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་དབང་བསྐུར་བ་ཐམས་ཅད་བླང་བར་བྱའོ། །དེ་ནས་རྡོ་རྗེ་བརྟུལ་ཞུགས་ཀྱི་དངོས་གྲུབ་བླངས་ཏེ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་
གྱིས་བརླབས་ནས་རྗེས་ཆགས་བྱ། །ཧཱུཾ་ཞེས་བྱ་བ་ལན་གསུམ་བརྗོད་པར་བྱའོ། །སླར་ཡང་དྲིལ་བུ་དཀྲོལ་ལ། དམ་ཚིག་གསུམ་གྱི་རྡོ་རྗེ་གླུའི་མཆོད་པ་བྱས་ལ། མཆོད་པ་ལྔ་དང་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ལྷ་མོ་བཅུ་གཉིས་ཀྱིས་བདག་ཉིད་མཆོད་པར་བྱའོ། །
དེ་ནས་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་དང་། སྙིང་པོ་དང་ཕྱག་རྒྱ་བཞིའི་ཡེ་ཤེས་དང་། ལུང་བསྟན་པ་འབྱུང་བ་བཅོམ་ལྡན་འདས་ཀྱི་དྲུང་ནས་བླངས་ཏེ་མཆོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཡང་དག་པར་མཆོད་ནས་དབྱུང་བར་བྱའོ། །དེ་ནས་སློབ་
Vol. 60 · folio 138b
མ་གཞུག་པར་བྱ་བའི་ཕྱིར། དཀྱིལ་འཁོར་འདྲི་བ་ཡིན་ན། དེའི་ཚེ་རབ་ཏུ་དགའ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་གཟུངས་མ་མེད་པར་སློབ་དཔོན་གྱིས་འཇུག་པར་བྱའོ། །ཞུགས་ནས་ཆོ་ག་ཐམས་ཅད་རྫོགས་པར་བྱས་ནས། རྗེས་སུ་གནང་བ་ནོད་པར་བྱ་སྟེ། སྲིད་
པའི་བདེ་བ་རྣམ་དག་ཕྱིར། །སྔར་གྱི་སྲིད་པ་ལ་ཁྱོད་དགའ། །འདོད་པ་ཀུན་གྱི་དངོས་གྲུབ་ཆེ། །འགྲོ་བ་ཀུན་ལ་བསྒྲུབ་པར་གྱིས། །དེ་ལྟར་རྗེས་སུ་གནང་བ་མནོས་ལ་སློབ་མ་རྣམས་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།
དེ་ལ་བསླབ་པ་ནི་གནས་ལྔ་ཡོངས་སུ་འཛིན་པའམ། དགེ་སྦྱོང་དང་། དགེ་སློང་གི་སྡོམ་པ་ཡོངས་སུ་འཛིན་པའི་སློབ་མས་སྔར་བཤད་པའི་ཆོ་གས་རིག་པའི་སྡོམ་པ་གཟུང་བར་བྱ་བ་ཡིན་ནོ། །དེ་ནས་སརྦ་ཡོ་ག་ཙིཏྟཾ་ཨུཏྤ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་
བསྐྱེད་པ་སློབ་དཔོན་གྱིས་བྱེད་དུ་གཞུག་གོ། །དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས། མཆོད་པ་ལྔ་ཡིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་དེ་ལ་འདི་ལྟར་བརྗོད་པར་བྱ་སྟེ། དེང་ཁྱོད་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་
པར་གྱུར་པ་ཡིན་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཁྱོད་ཀྱིས་སྨྲ་བར་མི་བྱ་བ་དང་། དད་པ་མེད་པ་རྣམས་ལ་བརྗོད་པར་མི་བྱའོ། །དེ་ནས་མདའ་ལྔ་བསྡུས་པ་བཅིངས་ནས་འདི་ལྟར་བརྗོད་པར་བྱ་སྟེ། སངས་
རྒྱས་ཀུན་གྱིས་རབ་བསྒྲུབས་པའི། །ཁྱོད་ཀྱི་དམ་ཚིག་གསང་བ་འདི། །གལ་ཏེ་དཀྱིལ་འཁོར་མེད་ལ་སྨྲས། །ཁྱོད་ཀྱི་རིགས་ཀུན་བརླག་པར་འགྱུར། །ཨོཾ་མ་ཧཱ་སུ་ཁ་ཧ་ན་ས་མ་ཡ་ཨ་ཏི་ཀྲ་མེ་ན་ཎཾ་སུ་ར་ཏ་སྟྭཾ། དེ་ནས་ཡོན་གྱི་མཆོག་བླངས་ལ་ཤར་གྱི་སྒོ་ལ་མངོན་
པར་ཕྱོགས་པའི་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། རབ་ཏུ་དགའ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་འཛིན་དུ་འཇུག་ལ། རང་ཉིད་འཇུག་པའི་སྦྱོར་བས་སློབ་མ་གཞུག་པར་བྱའོ། །དེ་ནས་རྣ་བར་འདི་ལྟར་བརྗོད་པར་བྱ་སྟེ། ཆགས་
Vol. 60 · folio 139a
བྲལ་འདུལ་བའི་འཇིག་རྟེན་ནི། །ཆགས་བྲལ་ཉིད་ཀྱིས་དག་པར་འགྱུར། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་སྦས་པ་ཡིན། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །སྡུག་བསྔལ་གཞན་ནི་རང་བཞིན་མེད། །དེ་བས་སེམས་ཅན་
ཆགས་བྲལ་ལ། །སླར་ཡང་ཡིད་ནི་མ་བྱེད་ཅིག །དེ་ནས་འདི་ལྟར་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བའི་
རྡོ་རྗེའི་ཡེ་ཤེས་སྐྱེད་པར་གྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་དཀྱིལ་འཁོར་མ་མཐོང་བ་ལ་བརྗོད་པར་མི་བྱའོ། །དེ་ལྟ་མ་ཡིན་ན་ཁྱོད་ལ་དམ་ཚིག་གིས་གནོད་པར་འགྱུར་རོ། །དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས་སེམས་མ་རྡོ་རྗེ་མའི་ཕྱག་
རྒྱ་འོག་དང་སྟེང་དུ་ཁ་ལྟ་བ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །ཁྱོད་ཀྱིས་སུ་ལ་སྨྲས་ན་ནི། །ཁྱོད་ཀྱི་སྤྱི་བོ་འགེམས་པར་བྱེད། །དེ་ནས་ཕྱག་རྒྱ་དེ་ཉིད་ཀྱིས་མནའ་བསྒག་པར་བྱ་བའི་ཕྱིར།
སྙིང་པོ་ཆུ་ལ་ལན་ཅིག་བཟླས་ལ། སློབ་མ་དེ་འཐུང་དུ་གཞུག་པར་བྱའོ། །དེ་ལ་འདི་སྐད་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛོད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲོད་ཀ་ཋ་
ཞེས་བྱའོ། །དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ངས་གང་བསྒོ་བ་དེ་གྱིས་ཤིག། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །དེ་མ་ཡིན་ན་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་
དམྱལ་བར་ལྟུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ་མཛད་པ་དང་། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛོད་ཅིག་ཅེས་སྨྲོས་ཤིག་བརྗོད་པར་བྱའོ། །དེ་ནས་མྱུར་དུ་རྡོ་རྗེ་སློབ་དཔོན་གྱིས་སེམས་དཔའ་རྡོ་རྗེ་མ་བཅིངས་
Vol. 60 · folio 139b
ཏེ། དེའི་སྙིང་གར་བཞག་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདི་དེ་རྡོ་རྗེའི་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ཞེས་བརྗོད་པས། རྡོ་རྗེ་ཡེ་ཤེས་བླ་མེད་པ། །ཁྱོད་ལ་དེ་རིང་དབབ་པར་མཛད། །དེ་ནས་བཛྲ་ཨཱ་བེེ་ཤ་ཞེས་བྱ་བ་འདིས་ལན་བརྒྱ་བརྗོད་པར་
བྱའོ། །སླར་ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་དྲལ་ཞིང་། ཨ་ནུ་རཱ་ག་ཡ་མི་ཧཱུཾ། ཨ་ཨ་ཨ་ཨཿཞེས་བྱ་བ་ལན་བརྒྱ་བརྗོད་ན་ངེས་པར་འབབ་པ་ཡིན་ནོ། །དེ་ནས་སྔགས་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་འདོར་དུ་གཞུག་པར་བྱའོ། །དེ་ནས་ཕྲེང་བའི་དབང་
བསྐུར་བ་བྱིན་ནས། གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་སློབ་མའི་སྙིང་གར་དེ་བཞིན་དུ་དགྲོལ་དུ་བཅུག་ལ། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །ཞེས་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ཆེན་པོ་སྔ་
མ་བཞིན་དུ་བརྗོད་པར་བྱའོ། །དེ་ནས་དེ་བཞིན་དུ་དབང་བསྐུར་བ་ཐམས་ཅད་ཀྱིས་སློབ་མ་ལ་དབང་བསྐུར་ཏེ། རྡོ་རྗེ་བརྟུལ་ཞུགས་ཀྱི་དངོས་གྲུབ་བྱིན་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །ཞེས་བྱ་བ་དེ་ལ་སྦྱིན་པར་བྱའོ། །དེ་ནས་དམ་
ཚིག་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་བྱ་བ་སློབ་ཏུ་གཞུག་གོ། །དེ་ནས་མེ་ཏོག་ལ་སོགས་པ་དང་། རྡོ་རྗེ་ལ་སོགས་པ་ཕྱག་རྒྱ་བཅུ་གཉིས་ཀྱིས་དེ་ཡང་དག་པར་མཆོད་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་ཞེས་དམ་ཚིག་ཆེན་
པོའི་དེ་ཁོ་ན་ཉིད་བརྗོད་དུ་བཅུག་ལ་དེ་བཞིན་དུ་བཤད་པར་བྱའོ། །དེ་ནས་རྡོ་རྗེ་སྙེམས་མའི་དོན་བརྗོད་པར་བྱ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་དེ་ནས་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ལ་ཡང་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་སློབ་ཏུ་གཞུག་གོ། །གང་ཞིག་རྡོ་རྗེ་སེམས་དཔའི་
དཀྱིལ་འཁོར་ཆེན་པོའི་སྐབས་སུ་གསུངས་པ་དེ་དག་ཐམས་ཅད་འདིར་ཡང་རྗེས་སུ་སྤྱད་ལ་ཐམས་ཅད་ཀྱིས་ཅི་ནུས་པར་མཆོད་པར་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞུ་བ་བྱས་ལ། སློབ་མ་ཐམས་ཅད་མཆོད་པ་བྱེད་དུ་གཞུག་གོ་ཞེས་བྱ་བ་ལ་སོགས་པའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words