འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་གུ་ཧྱ་བཱནྣོ་པི་ཀ་ཛྙཱ་ན་དཱི་པ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 65 · folio 107b
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་གུ་ཧྱ་བཱནྣོ་པི་ཀ་ཛྙཱ་ན་དཱི་པ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་
ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁྱབ་བདག་ལྔ་ཡི་དངོས། །ཡེ་ཤེས་སྐུ་ལ་རབ་བཏུད་དེ། །དོན་དམ་ཟབ་མོའི་ངེས་དོན་ལ། །བདག་འདྲས་དཔག་པར་མི་འོས་
ཀྱང་། །བདག་པས་བློ་དམན་དོན་ལ་གཟུང་བ་དང་། །ངེས་དོན་གསུམ་གྱི་མཚན་ཉིད་བསྟན་པ་དང་། །བླ་མའི་གདམས་ངག་མ་ཐོབ་རྣལ་འབྱོར་དོན་ལྟོས་པའི། །གང་ཟག་རྣམས་ལ་ཕན་པར་བྱ་བའི་ཕྱིར། །འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཡི། །རྒྱུད་ལས་ངེས་དོན་བཏུས་ཏེ་བཤད། །དེ་ལ་མདོའི་
དོན་ཞུས་ཤིང་སླར་གསུངས་པའི་ཐབས་བསྟན་པ་དང་། ཉམས་སུ་བླང་བའི་ཐབས་བསྟན་པ་གཉིས་ལས། འདིར་མདོའི་དོན་ཞུས་ཤིང་སླར་གསུངས་པའི་ཚུལ་བསྟན་པ་བཤད་དེ། གསང་སྔགས་ཀྱི་ལུགས་ཀྱིས་ཐིག་ལེ་བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་དགོས་ཏེ། དེའི་དོན་ནི་གནས་པ་
བཞི། ངོ་བོ་བཞི། ཉམས་སུ་མྱོང་བའི་ཐབས་བཞི། དེའི་འབྲས་བུ་བཞི་ལ་ཡང་དག་པའི་དོན་འདུས་པས་དེ་བསྟན་པའི་ཕྱིར། ཐིག་ལེ་བཅུ་དྲུག་མི་ཤིགས་དབུས། །ཞེས་གསུངས་སོ། །དེ་ལྟར་གཉིས་མེད་ཀྱི་ཡེ་ཤེས་རྟོགས་པའི་དུས་ན་ཚིག་དང་ཡི་གེའི་སྒྲོས་པའི་མཐའ་དང་བྲལ་བས། ཡན་
ལག་མེད་ཅིང་རྩིས་ལས་འདས། །ཞེས་གསུངས་སོ། །དེ་ལྟར་རྟོག་པ་དང་ཉོན་མོངས་པ་དྲུག་སྦྱང་བའི་གཉེན་པོར་དབུགས་དབྱུང་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་ལ། དེ་ཡང་མི་རྟོག་པའི་སེམས་ཀྱིས་ཟིན་པར་བྱ་བའི་ཕྱིར། དེ་ཉིད་ལྡན་ཞིང་ཡིད་རྟོག་འདས། །ཞེས་གསུངས་སོ། །
དེ་ལྟ་བུའི་དོན་ནི་བློ་དང་ལྡན་པ་ཀུན་གྱིས་ཡང་དག་པའི་གནས་སུ་འགྲོ་བའི་ལམ་ཡིན་པར་བསྟན་པའི་ཕྱིར། །ངེས་འབྱུང་ཀུན་གྱི་ལམ་གང་ཡིན། །ཞེས་གསུངས་སོ། །དོན་གསུམ་དབྱེར་མེད་དུ་རྟོགས་པར་བྱ་བའི་ཕྱིར། དོན་གསུམ་ཐེ་ཚོམ་མེད་པའི་བློས། །ཞེས་གསུངས་
Vol. 65 · folio 108a
སོ། །སྣང་བའི་ཆོས་ཐམས་ཅད་སྐྱེ་མེད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར། ལུས་ཀྱི་མཐའ་ནི་ངེས་རྟོགས་བྱ། །ཞེས་གསུངས་ཏེ། དེ་ལྟ་བུའི་དོན་ལ་གནས་ན་ཕྱིན་ཅི་མ་ལོག་པའི་འབྲས་བུ་འབྱུང་བར་བསྟན་པའི་ཕྱིར། བྱང་ཆུབ་བླ་ན་མེད་པའོ། །ཞེས་གསུངས་སོ། །དེའི་
ངང་ལ་གསང་སྔགས་ཀྱི་དོན་གྱིས་འགྲོ་བའི་བློ་སྦྱང་བར་བྱ་བའི་ཕྱིར། གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཞེས་གསུངས་སོ། །དེའི་ངང་ལས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བའི་དོན་བྱེད་པ་བསྟན་པའི་ཕྱིར། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་
འཆང་བ། ཞེས་གསུངས་སོ། །དེ་ལྟ་བུ་ནི་ལྷ་དང་མི་རྣམས་ཀྱིས་མཆོད་ཅིང་བརྗོད་པའི་གནས་ཡིན་པར་བསྟན་པའི་ཕྱིར། མཆོད་འོས་བསྟོད་འོས་རིམ་གྲོའི་གནས། །ཞེས་གསུངས་སོ། །འཁོར་གྱི་གཙོ་བོས་སྟོན་པ་ལ་མཆོད་བསྟོད་བྱས་ནས་འགྲོ་བའི་དོན་ཞུས་པ་བསྟན་པའི་
ཕྱིར། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ལྡན། །ལག་ན་རྡོ་རྗེ་མཐུ་བོ་ཆེས། །ཉིད་ལ་སྙན་པའི་ཚིག་དག་གིས། །བསྟོད་ནས་མཚན་གྱི་རིམ་པ་ཞུས། །ཞེས་གསུངས་སོ། །སྟོན་པས་འགྲོ་བའི་དོན་དུ་བསྙེན་པ་བྱ་བའི་རིམ་པ་དང་། དཀྱིལ་འཁོར་བྲི་བའི་རིམ་པ་དང་། དེ་ལ་
ཚོགས་བསག་པ་དང་། སྦྱིན་སྲེག་བྱ་བའི་རིམ་པ་དང་། ན་བ་ལ་ཕན་གདགས་པའི་རིམ་པ་དང་། ཤི་བ་ལ་ཕན་གདགས་པའི་རིམ་པ་དང་། ལུས་ཀྱི་རྩ་གནས་ཀྱི་འཁོར་ལོ་བསྟན་པའི་རིམ་པ་དང་། སློབ་མ་དབང་བསྐུར་བའི་རིམ་པ་དང་། དཀྱིལ་འཁོར་གཤེགས་སུ་
གསོལ་བའི་རིམ་པ་དང་། བླ་མ་ལ་ཡོན་དབུལ་བའི་རིམ་པ་དང་བཅུ་གསུངས་པས་ན། བློ་ཞན་དོན་དུ་རིམ་པས་གསུངས། །ཞེས་གསུངས་སོ། །དེའི་ཉམས་སུ་བླང་བའི་ཐབས་ལ་གཉིས་ཏེ། བསྙེན་པ་དང་སྒྲུབ་པ་གཉིས་སོ། །སྔོན་ལ་བསྙེན་པ་སྟོན་ཏེ། དོན་དང་ལྡན་པའི་སློབ་དཔོན་
རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། །དེ་ལ་རྡོ་རྗེ་འཆང་ཆེན་པོས། །སློབ་དཔོན་ཆ་ལུགས་གནས་བྱས་ཏེ། །ཞེས་གསུངས་སོ། །དེ་ནས་སྒྲུབ་པ་པོས་ཉམས་དང་གར་འཐད་དུ་གནས་པར་བྱ་བའི་ཕྱིར། བསམ་གཏན་དང་ནི་རྗེས་མཐུན་པའི། །ཞེས་བྱ་བ་ལ་སོགས་པ་ཚིག་རྐང་ལྔ་གསུངས་སོ། །
Vol. 65 · folio 108b
ལ་སོགས་པ་ཞེས་བྱ་བ་ནི་འོག་པདྨ་འདབ་བརྒྱད་དུ་འདུག་ལ། སྟེང་འཁོར་ལོ་རྩིབས་བརྒྱད་དུ་འདུག་པ། མེ་ཏོག་གི་སྣམ་བུ་ལང་ལིང་དུ་ཆགས་པ། ཤར་རི་གཞོལ་བ། ནུབ་རི་སྐྱོབ་པ། ལྕུག་ཕྲན་གྱི་ཚལ་ཡོད་པ། བཀྲ་ཤིས་ཀྱི་བྱ་སྣ་ཚོགས་སྒྲ་སྒྲོགས་པ་དེ་འདྲའི་གནས་སུ་བསྙེན་པ་བྱ་སྟེ།
དབང་བསྐུར་པ་ཐོབ་པ། བླ་མའི་བཀའ་བཞིན་བྱེད་པ། དམ་ཚིག་ལ་གནས་པ་བྱ་བའི་ལས་ལ་མ་རྨོངས་པའི་བརྩེ་བའི་གྲོགས་དང་འགྲོགས་པར་བསྟན་པའི་ཕྱིར། གྲོགས་བཟང་བཙལ་ལ་བསྙེན་པ་བརྩམ། །ཞེས་གསུངས་སོ། །དེ་ནས་དོན་དང་ལྡན་པའི་རྣལ་འབྱོར་པ་དེས་བདེ་བའི་སྟན་ནང་
ཚངས་ཅན་འབོལ་བ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་ངམ་ཇི་ལྟར་བདེ་བའི་སྟན་ལ་འདུག་སྟེ། ཁ་ཟས་ཀྱི་ཚོད་བཟུང་། གཉིད་ཀྱི་ཆ་མཉམ། ལུས་ཆམ་ལ་ཕབ། སེམས་ཁོག་གློད་དེ་སྒོམ་པ་བརྟན་པའི་ཕྱིར། བདེ་བའི་སྟན་ལ་འདུག་བྱས་ཏེ། །ཞེས་གསུངས་སོ། །དེ་ནས་རྣམ་རྟོག་གི་བགེགས་
བསྲུང་བར་བྱ་བའི་ཕྱིར། བདག་དང་ས་གཞི་ཡོངས་བསྲུང་ཞིང་། །ར་བ་དྲ་བས་མཚམས་བཅད་དང་། །ཕྱོགས་དང་སྟེང་འོག་བཅིང་སོགས་པ། །རབ་ཏུ་འབད་དེ་བསྒོམ་པར་བྱ། །ཞེས་གསུངས་ཏེ། དེའི་དོན་ནི་མགོན་པོ་ཀུན་སྣང་གི་རྒྱུད་ལས་འདི་སྐད་དུ། ཀྱེ་མ་ལྷ་ཡི་བུ་རྣམས་དང་། །
གཞོན་ནུ་རྣམས་ནི་ཚོ་འདོད་དང་། །ཕྱི་རོལ་རྒོལ་བ་ཚར་གཅོད་དང་། །རྣམ་རྟོག་བགེགས་རྣམས་བསྲུང་འདོད་ན། །དང་པོར་སྟོང་པ་ཆེན་པོར་བསྒོམ། །དེ་ཡི་ངང་ལས་རང་གི་དངོས། །སངས་རྒྱས་ཀུན་གྱི་བདག་པོར་བསམ། །ལྕེ་ལ་ཟླ་བ་རྡོ་རྗེ་ནི། །རྩེ་ལྔ་པར་ནི་རྣམ་བསམས་ལ། །
བཛྲ་ཛི་ཧྭ་ཞེས་བརྗོད་དེ། རྡོ་རྗེའི་ལྕེ་རུ་རྣམ་པར་བསམ། །སྔགས་ཟློས་ནུས་པའི་མཐུ་དང་ལྡན། །ལག་པ་གཉིས་སུ་ཨ་དང་ཧཱུྃ། །གོང་མའི་གོ་རིམས་དོན་དང་ལྡན། །བཛྲ་ཧ་ཏ་ཞེས་བརྗོད་དེ། །རྡོ་རྗེ་རྩེ་ལྔ་ལྟ་བུར་བསམ། །ཕྱག་རྒྱ་ནུས་པའི་མཐུ་དང་ལྡན། །དེ་ནས་བདག་ཉིད་ཧཱུྃ་ལས་ནི། །
གྲྀཧྞ་བཛྲ་ས་མ་ཡ་བཾཾ་ཧཱུྃ། ཞེས་པའི་སྔགས་ནི་བརྗོད་ནས་ཀྱང་། །རྡོ་རྗེ་ཏི་རཱིནྟི་རི་བཅིང་། །ཁྲོ་བོ་ཆེན་པོ་མེ་ལྟར་རབ་ཏུ་འབར་བ་ཆར་སྤྲིན་གྱི་མདོག་ཅན། འོད་ཟེར་གྱི་ཕྲེང་བས་ཀུན་དུ་འཁྲུག་པ། ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་སྒེག་པ། དཔའ་བ་འཇིགས་སུ་རུང་བ། སྙིང་རྗེ་
Vol. 65 · folio 109a
ཆེ་བ་ལ་སོགས་པའི་ཉམས་དང་ལྡན་པ། ཕྱག་གཡས་པ་རྣམས་ན་རྡོ་རྗེ་དང་། རལ་གྲི་དང་། མདའ་དང་། འཁོར་ལོ་བསྣམས་པ། ཕྱག་གཡོན་པ་རྣམས་ན་དྲིལ་བུ་དང་། ཞགས་པ་དང་། གཞུ་དང་། ཁ་ཊྭཱྃ་ག་ལ་བཏགས་པའི་བ་དན་སྣ་ཚོགས་བསྣམས་པ།
མེ་སེར་སྐྱ་འབར་བ་ལྟ་བུའི་སྐྲའི་ཚོགས་ཤིན་ཏུ་འཇིགས་སུ་རུང་བ། སྦྲུལ་ཆེན་པོས་གདུ་བུ་དང་དབུ་རྒྱན་དང་། སྐ་རགས་དང་ཞབས་གདུབ་དང་། མགུར་ཆུ་དང་། རྣ་རྒྱན་དང་། ཅོད་པན་གྱིས་བརྒྱན་པ། སྒྱུ་འཕྲུལ་ཆེན་པོའི་འཁོར་ལོ་དགོད་པ་ལ་མཁས་པ། གཡོན་བརྐྱང་བས་ཁྱབ་འཇུག་
དང་ཆུང་མར་བཅས་པ་གནོན་པ་བསྒོམ་པར་བྱའོ། །དེ་ནས་སྐྱིལ་ཀྲུང་ཕྱེད་འདུག་ལ། །རྡོ་རྗེ་བསྡམས་པས་ནང་བཅིངས་ཏེ། །མཐེ་བོང་གཉིས་ནི་གཞིབས་བྱས་ལ། །བསྒྲེང་བའི་སོར་མོའི་སྟེང་ནས་དགབ། །ཏི་རཱིནྟི་རིའི་ཕྱག་རྒྱ་སྟེ། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། །གསང་
སྔགས་དམ་པ་བརྗོད་ནས་ནི། །སྤྱི་བོ་ནས་བརྩམས་ཕྱོགས་བཞི་ཡི། །རྡོ་རྗེ་ཕྲེང་བའི་དབང་བསྐུར་བླང་། །ཨོཾ་ཊུཾ་ཞེས་པའི་ཡི་གེ་གཉིས། །གོ་ཆ་དམ་པ་བགོས་ནས་ནི། །མཐར་ནི་མཉམ་པའི་ཐལ་མོ་དང་། །བཛྲ་ཏུ་ཥྱ་ཧོཿཞེས་བརྗོད། ལུས་ཀྱི་ཆ་ལུགས་མཉམ་པར་བྱ། །དེ་ཉིད་
ལས་ནི་མ་གཡོས་པར། །གཡོན་པའི་ཁུ་ཚུར་སྙིང་གར་བཞག །གཡས་པའི་རྡོ་རྗེ་ཁུ་ཚུར་ནི། །ལན་གསུམ་དག་ཏུ་གསོར་བྱས་ལ། །བགེགས་རྣམས་ཐམས་ཅད་བསྣུན་པར་བྱ། །ༀ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ། དེ་ནས་སེམས་ཀྱི་ཆོ་འཕྲུལ་གྱི། །སྐད་ཅིག་རེ་ལ་ཏིང་འཛིན་རེ། །(བསྒྱར་‚བསྐྱར་)ཏེ་
ལས་རྣམས་རིམ་པར་བྱ། །བདག་ཉིད་ཁྲོ་བོ་རྡོ་རྗེ་མེ། །གཡས་པ་རྡོ་རྗེ་མེ་དབལ་གཡོན་སྡིག་མཛུབ། མདོག་སེར་ཞིང་འོད་འབར་བ། དེ་ཡི་ཆོ་འཕྲུལ་ལས་བྱུང་བའི། །རྡོ་རྗེ་བསྡམས་པ་ནང་བཅིངས་ཏེ། །སོར་མོ་ནང་དུ་འབར་བར་བྱ། །མཐེ་བོང་རྡོ་རྗེར་བསྒྲེང་བ་ནི། །རྡོ་རྗེ་མེ་ཡི་ཕྱག་རྒྱ་སྟེ། །བགེགས་
རྣམས་ཐམས་ཅད་བསྲེགས་པར་བསམ། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྫ་ར་ཎ་ཧཱུྃ་ཕཊ། རྡོ་རྗེ་བསྡམས་པ་བཅིངས་བྱས་ཏེ། །མཐེ་བོང་གཉིས་ནི་རབ་ཏུ་བརྐྱང་། །སྙོམས་ལ་སྟེང་དུ་བཞག་པ་ནི། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་སྟེ། །བགེགས་རྣམས་ཐམས་ཅད་བཅིང་བར་བྱ། །བཛྲ་ནེ་ཏྲི་བནྡྷ་སརྦ་
Vol. 65 · folio 109b
བིགྷྣཱཾ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མགལ་མེའི་འཁོར་ལོ་བཞིན་བསྐོར་ཏེ། །མགོ་ཡི་སྟེང་དུ་མཛུབ་མོ་གཉིས། །ལྕགས་ཀྱུའི་ཚུལ་དུ་བཞག་པ་ནི། །རྡོ་རྗེ་འཇིགས་བྱེད་ཕྱག་རྒྱ་སྟེ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་དཀར་པོ་ཁྲོ་བོ་ནི། །
གཡས་པ་རྡོ་རྗེ་གཡོན་སྡིགས་མཛུབ། །དཔག་ཏུ་མེད་པས་སྟེང་ཕྱོགས་གཏམས། །རྡོ་རྗེ་ཐལ་མོ་བརྐྱང་བྱས་ཏེ། །མཐེ་བོང་གཉིས་བརྐྱང་མཛུབ་མོ་གཉིས། །མཆེ་བ་ལྟ་བུར་བྱས་པ་ནི། །རྡོ་རྗེ་གནོད་སྦྱིན་ཕྱག་རྒྱ་སྟེ། །ཨོཾ་བཛྲ་ཡཀྵ་ཧཱུཾ། གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་སྔོན་
པོ་ཁྲོ་བོ་ནི། །མཆེ་བ་ཐོགས་པ་དཔག་ཏུ་མེད། །དེ་ཉིད་དུ་ནི་རྣམ་པར་གཏམས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཐེ་ཆུང་ལུ་གུ་རྒྱུད་དུ་སྦྲེལ། །མཛུབ་མོ་གཉིས་ནི་རྩེ་སྦྱར་ཏེ། །བཟློག་ནས་སྤྱི་བོར་གཞག་པ་ནི། །རྡོ་རྗེ་གཙུག་ཏོར་ཕྱག་རྒྱ་སྟེ། །ཨོཾ་དྲུཾ་བནྡྷ་ཧཾ། གསང་སྔགས་དམ་པ་
བརྗོད་པ་ཡིས། །སྐུ་མདོག་དམར་པོ་ཁྲོ་བོ་ནི། །གཙུག་ཏོར་དང་ནི་སྡིགས་མཛུབ་བསྣམས། །དཔག་ཏུ་མེད་པས་ཤར་ཕྱོགས་གཏམས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཁྲིག་མ་གཉིས་ནི་མདུད་བྱས་པ། །རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །ཨོཾ་ཧཱུཾ་བཛྲ་པཱ་ཤ་ཧྲཱིཿ། གསང་སྔགས་དམ་པ་
བརྗོད་པ་ཡིས། །སྐུ་མདོག་སེར་པོ་ཁྲོ་བོ་ནི། །ཞགས་པ་དང་ནི་སྡིགས་མཛུབ་བསྣམས། །དཔག་ཏུ་མེད་པས་དེ་ཉིད་གཏམས། །ལག་པ་རྡོ་རྗེ་བསྡམས་པ་ལས། །མཐེ་བོང་གཉིས་ནི་སེམས་དཔའ་ཡི། །སྐྱིལ་མོ་ཀྲུང་དུ་བཅས་པ་ལས། །མཛུབ་མོ་གཉིས་ནི་མཉམ་པར་གཞིབས། །ཕྱེ་
ལ་མཐེ་ཆུང་གཉིས་པོ་ནི། །བ་དན་ལྟ་བུར་བྱས་པ་ནི། །རྡོ་རྗེ་བ་དན་ཕྱག་རྒྱ་སྟེ། །ཨོཾ་བཛྲ་པ་ཏཾ་ཀི་པ་ཏཾ་ཀི་ནི་ར་ཊ། གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་དམར་པོ་ཁྲོ་བོ་ནི། །བ་དན་དང་ནི་སྡིགས་མཛུབ་བསྣམས། །ནུབ་ཀྱི་ཕྱོགས་སུ་རྣམ་པར་གཏམས། །རྡོ་རྗེ་གནོད་སྦྱིན་ཕྱག་
རྒྱ་ཉིད། །ཁ་རུ་རྣམ་པར་བསྟན་པ་ནི། །རྡོ་རྗེ་དུས་ཀྱི་ཕྱག་རྒྱ་སྟེ། །ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མ་ཊ། གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་ནག་པོ་ཁྲོ་བོ་ནི། །རྡོ་རྗེ་དང་ནི་སྡིགས་མཛུབ་བསྣམས། །བྱང་གི་ཕྱོགས་སུ་རྣམ་པར་གཏམས། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི། །རི་བོ་འདེགས་
Vol. 65 · folio 110a
པའི་ཚུལ་དུ་བྱས། །རྡོ་རྗེ་རྩེ་མོའི་ཕྱག་རྒྱ་སྟེ། །ཨོཾ་བཛྲ་ཤི་ཥ་རེ་རུ་ཊ་མ་ཊ། །གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་སྔོན་པོ་ཁྲོ་བོ་ནི། །རྡོ་རྗེ་དང་ནི་སྡིགས་མཛུབ་བསྣམས། །ལྷོ་ཡི་ཕྱོགས་སུ་རྣམ་པར་གཏམས། །རྡོ་རྗེ་བསྡམས་པ་ས་སྟེང་བཞག །ཨོཾ་བཛྲ་དྲྀ་བྷོ་མེ་བྷ་བ་རཀྵ་སརྦ་སྭཱ་ཧཱ།
གསང་སྔགས་དམ་པ་བརྗོད་པ་ཡིས། །སྐུ་མདོག་སྨུག་པོ་ཁྲོ་བོ་ནི། །ཐོ་བ་དང་ནི་སྡིགས་མཛུབ་བསྣམས། །འོག་གི་ཕྱོགས་སུ་རྣམ་པར་གཏམས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཁྲིག་མ་གཉིས་བསྣོལ་མཐེ་ཆུང་གཉིས། །ལྕགས་ཀྱུའི་ཚུལ་དུ་སྦྲེལ་བྱས་ལ། །མཛུབ་མོའི་སྡིགས་
མཛུབ་གཉིས་བསྒྲེང་བ། །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་སྟེ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། གསང་སྔགས་དམ་པ་བརྗོད་པ་ཡིས། །ནང་དུ་ཧཱུཾ་མཛད་ར་བར་གྱུར། །དེ་ཉིད་ལས་ནི་མཛུབ་མོ་དང་། །གུང་མོ་
གཉིས་ནི་རྡོ་རྗེར་བྱས། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་སྟེ། །ཨོཾ་བཛྲ་ཀརྨ་ཧཱུཾ། གསང་སྔགས་དམ་པ་བརྗོད་པ་ཡིས། །ཕྱི་རོལ་ལས་ཀྱི་ར་བར་གྱུར། །ལག་གཉིས་རྡོ་རྗེ་བསྡམས་པ་དང་། །བཛྲ་བནྡྷ་བཾ། ཕྱི་རོལ་རྡོ་རྗེ་དྲ་བར་བསམ། །འདི་འདྲའི་སྦྱོར་བ་རབ་འབད་ན། །ལྷ་ཡི་རྫུ་འཕྲུལ་
དག་ཀྱང་རྡུགས། །ཚངས་དང་བརྒྱ་བྱིན་སྟོབས་ཆེ་བ། །མནན་ཏེ་ཤར་དང་སྟེང་དུ་བཅིངས། །དོན་དམ་གསུམ་གྱི་སྦྱོར་བ་ཡིས། །ཕྱོགས་བཅུ་ཐམས་ཅད་བཅིང་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ས་ཕྱོགས་དེའི་ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་ཞི་ཞིང་མཉེས་པར་བྱ་བའི་ཕྱིར། །དེ་ནས་
ཤིན་ཏུ་བརྩེར་ལྡན་པས། །སྦྱིན་སྲེག་གིས་ནི་མཉེས་པར་བྱ། །ཞེས་གསུངས་ཏེ། བདག་ཉིད་དང་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་ལྡན་པར་བྱ་ཞེས་པའི་དོན་ཏོ། །དེས་འོག་ནས་གསུངས་པའི་དོན་རྣམས་ཀྱིས་སྦྱིན་པ་ནི་ལྷ་ཀླུ་ལའོ། །སྲེག་པ་
ནི་ས་ཕྱོགས་ཀྱི་སྐྱོན་ནོ། །མཉེས་པ་ནི་དཀྱིལ་འཁོར་གྱི་ལྷའོ། །དེ་ཅིར་འགྱུར་ཞེ་ན། ཚོགས་བསོགས་པའི་ཡན་ལག་གོ། །དེ་ལྟར་བགེགས་བསྲུངས་ཕྱོགས་ཀྱི་སྐྱོན་ཞི་བར་བྱས་ནས་གཟོད་རྟེན་གྱི་དཀྱིལ་འཁོར་སྤྲུལ་པར་བསྟན་པའི་ཕྱིར། །དེ་ནས་བསྙེན་པ་རབ་འབད་དེ། །ཞེས་
Vol. 65 · folio 110b
གསུངས་པ་ཁོ་ནའོ། །དགྱེས་པ་བསྐྱེད་ཕྱིར་འཁོར་ལོ་ནི། །ཞེས་གསུངས་ཏེ། དགྱེས་པ་བསྐྱེད་པ་ནི་བདེ་བར་གཤེགས་པའོ། །འཁོར་ལོ་ནི་སྤྲུལ་ཚོགས་དགུའི་ལྷ་ཚོའོ། །དེ་གང་སྤྲུལ་ཞེ་ན། ནམ་མཁར་བསྒོམ་པར་བྱ་བ་ཡིན། །ཞེས་པ་ཁོ་ནའོ། །ཇི་ལྟར་སྤྲུལ་ཞེ་ན། མཁའ་ལ་
འདུས་པའི་འཁོར་ལོ་དང་བཅས་པ་ཞེས་པ་སྟེ་སྤྲུལ་ལོ། །དེའི་རྐྱེན་བསྟན་པའི་ཕྱིར། །ལག་གི་འདུ་བྱེད་བསྒོམ་ཅིང་བྱ། །འབྲུ་ལྔ་གནས་པའི་སོར་མོ་ལ། །ཞེས་གསུངས་པ་སྟེ། ལག་གི་འདུ་བྱེད་ནི་ཕྱག་རྒྱའོ། །སོར་མོ་ནི་ལྔའོ། །འབྲུ་ལྔ་ལྡན་པ་ནི་གུང་མོ་ལ་ཨོཾ། །མཛུབ་མོ་ལ་ཧཱུཾ། སྲིན་
ལག་ལ་ཧྲཱིཿ། མཐེ་བོང་ལ་ཏྲཱཾ། མཐེ་ཆུང་ལ་ཨཿབསམ་པར་བྱའོ། །མཛུབ་མོའི་མཐེ་ཆུང་མདུད་བྱས་ལ། །ཞེས་པ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཛུབ་མོ་མཐེ་ཆུང་ལུ་གུ་རྒྱུད། །འདི་ནི་རྡོ་རྗེ་འཁོར་ལོ་སྟེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་པ་ཁོ་
ནའོ། །ཐམས་ཅད་འདུས་པའི་སྦྱོར་བ་ཡིས། །ཞེས་པ་ནི་གསང་སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་གསུམ་དགོས་པའི་དོན་ཏོ། །ལྔ་ནི་བདེ་བར་གཤེགས་པ་ལྔའོ། །གཅིག་ནི་དེའི་ངོ་བོ་དབྱེར་མེད་པའོ། །དྲུག་ནི་དབུགས་དབྱུང་དྲུག་གོ། །གསུམ་ནི་སྐུ་གསུང་ཐུགས་སོ། །དཀྱིལ་
འཁོར་འདི་ནི་སྔགས་ལས་བསྐྱེད། །ཅེས་པ་ནི། ཨོཾ་མཉྫུ་ཤྲཱི་བཛྲ་ཙཀྲ་ཧཱུྃ། ཞེས་པའོ། །བླ་མ་དང་མཉམ་སྦྱོར་འདུས་པས། ཞེས་པ་ནི་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་དབུ་རྒྱན་དུ་བླ་མ་བཞུགས་པའོ། །མཉམ་པར་ཤིན་ཏུ་བསྟོད་པར་བྱ། །ཞེས་པ་ནི་མཉམ་པ་ནི་བླ་མ་དང་པོ།
ཤིན་ཏུ་བསྟོད་པ་ནི་འོག་ནས་འབྱུང་བའི་འདུད་ལ་སོགས་པའོ། །ཨེ་མ་ནི་ནམ་མཁར་སྤྲུལ་པའི་ལྷ་ཚོགས་ལ་ངོ་མཚར་ཆེ་བའོ། །ཨེ་མ་ཡན་ལག་འདུས་པའི་ཞེས་པའི་དོན་དུ་ལུས་ངག་ཡིད་གསུམ་གྱིས་སྤྲུལ་ལོ་ཞེས་པའི་དོན་ཏོ། །སྦྱོར་བ་འདི་ནི་ཞེས་པ། སྦྱོར་བ་ནི་མཆོད་པའི་རྟེན་སྤྲུལ་པའོ། །
འདི་ནི་གསུམ་ལས་འབྱུང་ཞེས་པ་ནི་སྔགས་དང་། ཕྱག་རྒྱ་དང་ཏིང་ངེ་འཛིན་གསུམ་ལས་འབྱུང་ངོ་ཞེས་པའི་དོན་ཏོ། །དེ་ལྟར་སྤྲུལ་པ་དེ་མདུན་གྱི་ནམ་མཁར་དབང་པོའི་མངོན་སུམ་དང་འདྲ་བར་ཡིད་ཀྱིས་མངོན་སུམ་དུ་གསལ་བར་བྱ་བའི་ཕྱིར། དེ་ལྟར་མཁའ་ལ་གསལ་བཀོད་དེ། །དབང་པོའི་
Vol. 65 · folio 111a
མངོན་སུམ་འདྲར་མཐོང་ནས། །ཞེས་པ་ཁོ་ནའོ། །དེ་ལྟར་བསམ་པ་དེ་ལ་མཆོད་བསྟོད་བྱ་བའི་ཕྱིར། དགའ་བས་མཆོད་ལ་གླུ་ཡིས་བསྟོད། །ཅེས་གསུངས་ཏེ། དགའ་བས་མཆོད་པ་ནི་མེ་ཏོག་ལ་སོགས་པ་དང་ཡིད་ཀྱིས་མཆོད་པས་སོ། །གླུ་ཡིས་བསྟོད་པ་ནི་མཆོད་པ་དེའི་
རྗེས་ལ་འདུད་ཀྱིས་བསྟོད་པ་སྟེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པ་ཉི་ཤུས་བསྟོད་པའོ། །དང་པོས་མཆོད་ཅིང་ཞེས་པ་ནི་གོང་མ་ལ་སྙེགས་སོ། །རྗེས་ཡི་རང་དང་བཤགས་པ་དང་། །གསོལ་གདབ་ཕྱག་ལ་སོགས་པ་དང་། །བཅུ་ཡི་ཡན་ལག་ཀུན་འདུས་པས། །
ཞེས་པའི་དོན་ནི་འདི་ལྟ་སྟེ། །གང་དག་ཕྱོགས་རྣམས་ཐམས་ཅད་ན། །དུས་རྣམས་ཐམས་ཅད་རབ་བཞུགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་བཅས་ལ་ཕྱག་འཚལ་ལོ། །འཁོར་བ་ཐོག་མ་མེད་པ་ནས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །སངས་རྒྱས་རྣམས་ཀྱི་
སྤྱན་སྔར་ནི། །དུས་རྣམས་ཀུན་གྱིས་བཤགས་པར་བགྱི། །སེམས་ཅན་ཀུན་ལ་བརྩེ་བའི་ཕྱིར། །སངས་རྒྱས་ཆོས་དང་ཚོགས་མཆོག་སྟེ། །བླ་མེད་དཀོན་མཆོག་གསུམ་པོ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སངས་རྒྱས་ཀུན་དང་དེ་ཡི་སྲས། །ཤེས་རབ་ཅན་ལ་བདག་དབུལ་གྱིས། །
དེ་རྣམས་ཀུན་གྱིས་བདག་བཞེས་ལ། །འབྲས་བུ་རྒྱ་ཆེན་སྩལ་དུ་གསོལ། །སྡུག་བསྔལ་ཆུ་བོའི་ནང་གནས་པ། །སྐྱེ་བོ་ཀུན་ཏུ་སྦྱོང་བ་དང་། །རྒྱལ་བའི་བཞེད་པ་བསྒྲུབ་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །སངས་རྒྱས་ཀུན་དང་དེ་ཡི་སྲས། །ཤེས་རབ་ཆེ་དང་ཉན་ཐོས་དང་། །རང་
རྒྱལ་རྣམས་དང་སྐྱེ་བོ་ཡི། །དགེ་བ་དེ་ལ་རྗེས་སུ་སྨོན། །བྱང་ཆུབ་སྙིང་པོར་ཉེར་གནས་པའི། །གང་དག་བྱང་ཆུབ་ཕྱོགས་རྟོགས་པའི། །བདག་གིས་གསོལ་བས་རྒྱལ་བ་རྣམས། །འཁོར་ལོ་དམ་པ་བསྐོར་དུ་གསོལ། །བྱ་བ་ཐམས་ཅད་བྱས་ནས་ནི། །སངས་རྒྱས་མྱ་ངན་འདས་གནས་པ། །
བདག་གིས་གསོལ་བས་རྒྱས་པ་ཀུན། །ནམ་ཡང་མྱ་ངན་མི་འདའ་གསོལ། །སྲིད་པའི་བཙོན་རའི་ནང་གནས་པའི། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱས་སྐལ་དང་ལྡན་པར་འགྱུར། །སངས་རྒྱས་ཀུན་དང་དེ་ཡི་སྲས། །འགྲོ་ལ་
Vol. 65 · folio 111b
ཕན་ཕྱིར་གཞེས་རྣམས་ཀྱིས། །ཇི་ལྟར་སྨོན་པ་དེ་བཞིན་དུ། །ལུས་ངག་ཡིད་གསུམ་ལེགས་པར་སྨོན། །ཕྱག་ལ་སོགས་པའི་བསོད་ནམས་གང་། །ཚད་མེད་བདག་གིས་ཅི་བསགས་པ། །ཇི་ལྟར་མགོན་པོས་མཁྱེན་པ་བཞིན། །བྱང་ཆུབ་ཏུ་ནི་དེ་དག་བསྔོ། །ཡན་ལག་བཅུ་པོ་དེ་དག་ལ། །
སྐྱེ་བོ་གང་ཞིག་དད་མོས་པ། །ཉེས་པའི་བག་ཆགས་ཀུན་དག་ནས། །གསང་བ་མཉེས་པའི་སྣོད་དུ་རུང་། །ཞེས་ཆོ་ག་འདུས་པའི་རྒྱུད་ཆེན་པོ་ལས་གསུངས་སོ། །བདག་ཉིད་རུང་བར་འགྱུར་བ་དང་། །ཞེས་པ་ནི། དེ་ལྟར་ཚོགས་བསགས་པས་ཉོན་མོངས་པའི་སྒྲིབ་པ་བྱང་ནས་སྣོད་དུ་རུང་བར་བྱའོ། །དེ་
ལ་དགའ་བའི་མདངས་ཀྱིས་བསྟོད་པར་བྱ་བའི་ཕྱིར། ཚིགས་བཅད་གླུ་ཡིས་བསྟོད་པ་བྱ། །ཞེས་པ་ནས། ཕྱག་ན་རྡོ་རྗེས་ཞུས་པའི་ལེའུ་བཅུ་དགུ་པ་ནས། །འདི་སྐད་དུ། ཉིད་ཀྱི་མདངས་བཟང་ཚོགས་ཀྱིས་ནི། །ཟླ་བ་རྒྱས་པ་ཟིལ་གནོན་ཅིང་། །རིག་པ་རྣམ་པར་གསལ་གྱུར་པ། །འཇམ་
དཔལ་ཁྱེད་ལ་ཕྱག་འཚལ་ལོ། །མ་སྒྲིབས་ཟུར་ཕུད་གསལ་བ་ལ། །ནོར་བུ་འབར་བའི་སྐུ་མངའ་བ། །མི་དམིགས་པ་ནི་ཀུན་གྱི་སྐུ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་རྩི་འདྲ་ཞིང་འཇམ་ལ་བཟང་། །ཡིད་འོང་གསུང་གི་སྒྲ་སྒྲོགས་པ། །དམ་པའི་ཆོས་ཀྱི་རིན་ཆེན་མཛོད། །
འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །གང་གཱའི་ཆུ་ཐིགས་ལྟར་གྲངས་མེད། །འཇིག་རྟེན་ཁམས་ན་རྣམ་པར་བཞུགས། །ཉོན་མོངས་དྲི་མ་རབ་སྤངས་པ། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །མཆེ་བ་གཙིགས་ཤིང་བསྒྱིངས་པ་ཡི། །འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི། །
གཤིན་རྗེའི་དྲེགས་པ་འཇོམས་མཛད་པ། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །རང་གི་སྤྱན་དང་མདངས་འདྲ་བའི། །ཨུཏྤལ་སྔོན་པོ་རབ་མཛེས་པའི། །ལྷུང་བཟེད་ཕྱག་མཆོག་རབ་བསྣམས་པའི། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུར་བཞུགས་པའི་
སངས་རྒྱས་ལ། །རྒྱ་ཆེར་བསྟོད་པའི་སྤྱོད་པ་གང་། །འགྲོ་བའི་བླ་མ་སྟོན་པ་པོ། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །བྱས་པའི་འབྲས་བུ་ཡོད་པར་བྱ་བའི་ཕྱིར། །དགྱེས་པའི་བདག་གི་ལྷ་རྣམས་ཀྱིས། སྙན་པའི་ཚིག་གིས་ལེགས་པར་བསམ། །ཞེས་པ།
Vol. 65 · folio 112a
དགྱེས་པ་ནི་གོང་དུ་བསྟོད་པའི་ལྷ་རྣམས་སོ། །སྙན་པའི་ཚིག་ནི་ཚོགས་བསོགས་པའི་ལྷ་རྣམས་ཀྱིས་རིགས་ཀྱི་བུ་ལེགས་སོ་ཞེས་གནང་བ་བྱིན་པར་བསམ་མོ། །དེ་ལྟར་གནང་བ་སྩལ་བས་དོན་དང་ལྡན་ཏེ། དྲིན་ལ་ལན་གྱིས་གླན་པའི་ཕྱིར། །དྲིན་གྱི་ཚུལ་གྱིས་སླར་བསྟོད་པ། །
ཞེས་གསུངས་སོ། །དེ་ཡང་གཙོ་བོ་ལྔའི་སྒོ་ནས་བསྟོད་པའི་ཕྱིར། །བྱང་ཆུབ་སེམས་ནི་རབ་ཏུ་བཟུང་། །ཞེས་པ་དང་པོ་ནས་བརྩམས་ཏེ། སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཅེས་པའི་བར་གྱིས་བསྟོད་དོ། །དེ་ནས་ཡུམ་བཞིའི་སྒོ་ནས་བསྟོད་པའི་ཕྱིར། མེ་ལོང་ཡེ་ཤེས་ངོ་བོ་ཉིད། །
ཅེས་པ་ནས་བརྩམས་ཏེ། རྡོ་རྗེ་དྲ་བའི་ལས་ཁྱོད་འདུད། །ཅེས་པའི་བར་གྱིས་བསྟོད་དོ། །དེ་ནས་ནང་གི་སེམས་དཔའ་བཅུ་དྲུག་ལ་བསྟོད་པའི་ཕྱིར། སྟོང་པའི་རང་བཞིན་འདོད་ཆགས་ཆེ། །ཞེས་པ་ནས་བརྩམས་ཏེ། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་གྱིས་བསྟོད་དོ། །དེ་ནས་ལྷ་
མོ་བརྒྱད་ལ་བསྟོད་པའི་ཕྱིར། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་པ་ནས། རྡོ་རྗེ་དག་བྱེད་ཁྱོད་ལ་འདུད། །ཅེས་པའི་བར་གྱིས་བསྟོད་དོ། །སྒོ་སྐྱོང་བཞི་པོའི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། །རྡོ་རྗེ་ལྕགས་ཀྱུ་འདྲེན་པ་ཆེ། །ཞེས་པ་ནས། རྡོ་རྗེ་འབེབས་པ་ཁྱོད་ལ་འདུད། །ཅེས་པའི་
བར་གྱིས་བསྟོད་དོ། །དེ་ནས་བསྐལ་བཟངས་ཀྱི་སེམས་དཔའ་བཅུ་དྲུག་ལ་བསྟོད་པའི་ཕྱིར། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་པ་ནས། ཕ་རོལ་ཕྱིན་བཅུའི་གཙོ་ལ་འདུད། །ཅེས་པའི་བར་གྱིས་བསྟོད་དོ། །དེ་ལྟར་བསྟོད་པ་བྱེད་པ་དེ། །ཞེས་པ་ནི། རིགས་ཀྱི་བུ་གང་ལ་ལས་
དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དེ་ལྟར་བསྟོད་པ་བྱས་པས་ཕྱིར་རིང་པོ་མི་ཐོགས་པར་འཇམ་དཔལ་ཆོས་ཀྱི་རྒྱལ་པོ་ཐོབ་པར་བྱ་བའི་ཕྱིར། འཁོར་པོ་འདུས་པའི་གཙོ་མཆོག་འགྲུབ། །ཅེས་གསུངས་སོ། །གོང་དུ་གསུངས་པ་དེ་རྣམས་ནི་ཆོས་སྤྱོད་ཐམས་ཅད་ཀྱི་མཆོག་ཀྱང་ཡིན་ལ་ཐམས་ཅད་ཀྱི་ཐོག་
མར་གྱུར་པས། དེ་དག་ནི་མཆོག་གི་རྒྱལ་པོ་ཞེས་པ་གསུངས་སོ། །དེས་ཡང་དག་པའི་དོན་ལ་སྦྱོར་ཞིང་དཀྱིལ་འཁོར་ཐམས་ཅད་ཀྱི་ཐོག་མར་ཡང་འགྲོ་ལ། དེ་ལ་མ་ཡེངས་པར་གསལ་དགོས་པས་ན། སྦྱོར་བའི་འཁོར་ལོ་དང་པོའི་ཏིང་ངེ་འཛིན་ཏོ་ཞེས་གསུངས་སོ། །དེ་ནས་ཕྱག་ལྔས་
Vol. 65 · folio 112b
ནམ་མཁའི་འཁོར་ལོ་ལ་མཉེས་པར་བྱ་བའི་ཕྱིར། དེ་ནས་རིམ་པ་འདི་ལྡན་པས། །ཞེས་པ་ནི། དེ་ནས་གོང་དུ་བསྟོད་པ་བྱས་པའི་དེ་མ་ཐག་པའོ། །རིམ་པ་འོག་ནས་འབྱུང་བའི་ཕྱག་རྒྱའོ། །གནས་གང་དུ་ཞེ་ན། ཐམས་ཅད་ནམ་མཁའི་འཁོར་ལོའི་ཚོགས། །ཞེས་གསུངས་སོ། །
བཙལ་ནས་ཅི་བྱེད་ཅེ་ན། མ་ལུས་མཉེས་པར་བྱ་བའི་ཕྱིར། །ཞེས་གསུངས་སོ། །དེ་གང་གིས་བཙལ་ཞེ་ན། ཕྱག་ལྔ་ཞེས་པ་ནི་འདི་ལྟ་སྟེ། །དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ། །མཐའ་དག་བྱམས་པས་ཁྱབ་པ་འཇམ་པའི་དང་། །འཇམ་དང་དཔལ་དུ་གྲགས་པས་དོན་དང་ལྡན། །
འཇམ་དཔལ་ཡང་དག་དཔལ་ལ་ཕྱག་འཚལ་ལོ། །གཞོན་ནུ་སྐུ་མདོག་གསེར་མདངས་འོད་ལམ་ལམ། །རིན་ཆེན་མཆོག་གི་རྒྱན་སྤྲས་ས་ལེར་གསལ། །བྱིན་ཆེ་དང་བའི་ཐུགས་མངའ་འཛུམ་པ་པོ། །གཟི་བརྗིད་མཛེས་དང་ལྡན་ལ་ཕྱག་འཚལ་ལོ། །ཡོན་ཏན་གཏེར་གྱི་ཨུཏྤལ་ཕྱག་ན་བསྣམས། །
པདྨ་རྒྱས་འདྲའི་སྙིང་པོའི་གདན་ལ་བཞུགས། །ལྷ་ཡི་ལྷར་གྱུར་ཆ་ལུགས་ལྷ་ལས་འཕགས། །བལྟ་བས་མི་ངོམས་ཁྱེད་ལ་ཕྱག་འཚལ་ལོ། །གཞོན་ནུ་སྤྲུལ་པའི་མཚན་དང་དཔེ་བྱད་ལ། །གང་ཞིག་ཡུད་ཙམ་མཐོང་བས་འདུན་པ་སྐྱེ། །གང་ལ་ཅི་འདུལ་དེ་ལྟར་སྤྲུལ་མཛད་པ། །ཐབས་ཀྱིས་
འདྲེན་པའི་མགོན་ལ་ཕྱག་འཚལ་ལོ། །རྣམ་རྟོག་སྤྲོས་ལས་མཁྱེན་པའི་ཡེ་ཤེས་བརྙེས། །ཡོད་མེད་རྟག་ཆད་མཐའ་ལ་མི་འཇུག་པ། །དམིགས་མེད་མཉམ་པས་ཆོས་ཀྱི་དབྱིངས་སུ་གནས། །ཡང་དག་དོན་ཆེན་སྟོན་ལ་ཕྱག་འཚལ་ལོ། །ཞེས་པའོ། །ཚོམ་བུ་ལྔ་ཞེས་པ་ནི་རིགས་ལྔའོ།
མཉེས་པར་བྱ་ཞེས་པ་ནི་ཕྱག་ལྔའོ། དེ་ལྟར་ཚོགས་བསགས་ནས། ད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བསྟན་པའི་ཕྱིར། དེ་ལྟར་མཉེས་པའི་འོག་ཏུ་ནི། །ཞེས་གསུངས་པ་སྟེ། གོང་མ་ལྟར་ཕྱག་ལྔས་ཡེ་ཤེས་ཀྱི་ལྷའི་དཀྱིལ་འཁོར་མཉེས་པའི་རྗེས་ལ། གཟོད་བྱང་ཆུབ་མཆོག་ཏུ་
སེམས་བསྐྱེད་དོ་ཞེས་པའི་དོན་ཏོ། །ཡེ་ཤེས་སེམས་དཔའ་མངོན་འདོད་པས། །ཞེས་པ་ནི་དེ་ལྟར་ཚོགས་བསགས་ནས། ཡེ་ཤེས་སེམས་དཔའ་ཐོབ་པར་བྱའོ་སྙམ་པའི་བསམ་པས། དེ་གང་གི་སྒོ་ནས་ཐོབ་ཅེ་ན། སེམས་ཅན་ཡོངས་བསྒྲལ་བསམ་པ་དང་། །ཞེས་གསུངས་ཏེ། སེམས་
Vol. 65 · folio 113a
ཅན་ཐམས་ཅད་འཁོར་བའི་འདམ་ལས་བྱང་ཆུབ་ཀྱི་སྐམ་སར་བསྒྲལ་བར་བྱའོ་སྙམ་སྟེ། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དེས་ན། བྱང་ཆུབ་དམ་པར་སྨོན་པར་བྱ། །ཞེས་གསུངས་སོ། །དེ་ནས་འདི་དག་གི་ཚིག་ཏུ་བརྗོད་ཅེས་པ་ནི་འོག་ནས་འབྱུང་བའི་
སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞེས་པ་ནས། །མ་ལུས་པར་ནི་སྐྱེ་བར་བགྱི། །ཞེས་པའི་བར་དུ་བསྟན་ཏེ་གོ་སླའོ། །དེ་ནི་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་ནས་སྡོམ་པ་བཟུང་སྟེ། དེའི་དོན་ནི་རྣམ་པ་དྲུག་སྟེ། དཀྱུས་ཉིད་ན་གསལ་བས་འདིས་མ་བཀྲོལ་ལོ། །དེ་ལྟར་
སྡོམ་པ་བཟུང་ནས་དབང་ནོད་པར་བྱ་བའི་ཕྱིར། དེ་ལྟར་སྡོམ་པ་བཟུང་བྱས་ལ། །ཞེས་པ་གསུངས་ཏེ། དེ་ལྟར་ནི་གོང་དུ་གསུངས་པ་རྣམས་སོ། །སྡོམ་པ་ནི་ལུས་ངག་ཡིད་གསུམ་གྱིའོ། །འཛིན་པ་ནི་གོང་དུ་གསུངས་པ་དེ་རྣམས་བདག་གིས་བཟུང་ལ། གཟོད་འོག་ནས་འབྱུང་བའི་དབང་
བླང་ཞེས་པའི་དོན་ནོ། །དེ་ཡང་གང་ཞེ་ན། རིམ་པར་ཞེས་གསུངས་ཏེ། དང་པོར་སེམས་བསྐྱེད། དེ་ནས་འཇུག་པ། དེ་ནས་བུམ་པའི་དབང་། དེ་ནས་གསང་བའི་དབང་། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ནས་བཞི་པའི་དོན་བསྟན། དེ་ལྟར་བརྟུལ་ཞུགས་བཞི་དང་ལྡན་པ་ལ་དབང་དང་དམ་ཚིག་
འབྲེལ་པར་བསྟན་པས་ན་རིམ་པར་ཞེས་གསུངས་སོ། །དེ་ཡང་གང་བསྐུར་ཞེ་ན། དབང་བསྐུར་བཞི་ཞེས་གསུངས་ཏེ། དེ་ཡང་དོན་དང་ལྡན་པ་ལ་ཐོག་མ་བུམ་པ་ནས་བཞི་པའི་བར་བསྐུར་བ་ནས། ཀུན་རྫོགས་ཞེས་གསུངས་པ་ཁོ་ནའོ། །འོ་ན་དེའི་ངོ་བོ་གང་ཡིན་ཞེ་ན། །སྤྱི་གཙུག་ཅེས་པས་བུམ་
པའི་དབང་དང་། ཐབས་དང་ཤེས་རབ་གཉིས་མེད་པའི། །ཞེས་པས་གསང་བའི་དབང་དང་། ལྷ་བསྙེན་བྱ་ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དོན་དམ་ཞེས་པས་བཞི་པའི་དོན་བསྟན་པའོ། །དོན་དེ་ལྟར་ཤེས་པར་བྱས་ལ་སྐབས་འདིར་དབང་བཅུ་པོ་བསྐུར་བར་བྱས་ཏེ། མེ་ཏོག་དོར་བ་ནི། ཧཱུཾ་པྲ་
ཏཱིཙྪ་བཛྲ་ཧཱུྃ། དེ་ནས་མནའི་དམ་ཚིག་སྦྱིན་པ་ནི། ཨོཾ་བཛྲ་ས་མ་ཡ་ཧཱུྃ། དེ་ནས་འདིས་གདོང་གཡོགས་དགྲོལ་བར་བྱ། ཨོཾ་བཛྲ་ཧ་སྱ་ཨུངྒྷ་ཊཱ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་པཱ་ཤྱ་ཧོཿ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ༀ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཀ་ལ་
Vol. 65 · folio 113b
ཤ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཿ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་བཛྲ་པཊྚ་ཨ་བ་ལྃ་བ་ན་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་
ཨོཾ། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཿ། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་ནཱ་མ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་ནཱ་མ་ཨ་བྷི་ཥིཉྩ་ཨཿ། ༀ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་
བྷྲཱུཾ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱིཿ། ༀ་བཛྲ་ཙཀྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཨཿཨཿཨཿ། ༀ་བཛྲ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་
བུདྡྷ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་རཏྣ་དྷ་ར་ཎ་ཨ་བྷི་ཥིཉྩ་ཏྲཱཾ། ༀ་པདྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨཿ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ༀ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ༀ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱཾ། ༀ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་གུ་ཧྱ་
ཨ་བྷི་ཥིཉྩ་ཨཿ། ཨོཾ་པྲ་ཛྙཱོ་པ་ཡོ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུཾ་ཨཱཿཞེས་པས་དབང་བསྐུར་བར་བྱའོ། །དེ་ཡང་མདོ་ལས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་གསུངས་སོ། །དེ་ནས་ཚོགས་སོགས་ཀྱི་དཀྱིལ་འཁོར་རྣམས་བདག་ལ་བསྒྲུབ་པར་བསྟན་པའི་ཕྱིར། དེ་ནས་ནམ་
མཁའི་འཁོར་ལོའི་ཚོགས། །ཞེས་པ་གསུངས་ཏེ། དེ་ནས་ནི་དབང་བསྐུར་བའི་དེ་མ་ཐག་པའོ། །ནམ་མཁའི་འཁོར་ལོའི་ཚོགས་ནི་ཚོགས་མདུན་ན་སྤྲུལ་པའི་ལྷ་རྣམས་སོ། །མ་ལུས་བདག་གིས་བསྡུ་བར་བྱ། །ཞེས་པ་ལ་སོགས་པའི་ཚིག་བཞི་གོ་སླའོ། །སླར་གསོ་ལུས་
དང་ལྡན་པར་བྱ། །ཞེས་པ་རྣམ་སྨིན་གྱི་ཕུང་པོ་སྦྱངས་ནས་ཡེ་ཤེས་ཀྱི་ལུས་སྣང་ལ་རང་བཞིན་མེད་པ་གསལ་ལ་རྙོག་པ་མེད་པ་འཇའ་ཚོན་ལྟ་བུ་བསམ་པར་བྱའོ། །དེ་ཡང་རྡོ་རྗེ་གུར་གྱི་རྒྱུད་ལས། ཇི་ལྟར་ཆུ་ནང་ཟླ་བ་དེ། །བདེན་མིན་བརྫུན་པ་མེད་པ་ལྟར། །དེ་བཞིན་རྣལ་འབྱོར་བསྒོམ་པ་
Vol. 65 · folio 114a
ཡི། །ལུས་ཀྱང་རང་བཞིན་རྟོག་པ་མེད། །ཅེས་གསུངས་སོ། །དེ་ནས་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པ་ནི་དཀྱུས་ཉིད་ན་གསལ་ལོ། །དེ་ནས་ཞེས་པ་ནི་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པའི་དེ་མ་ཐག་པའོ། །དངོས་འབྱུང་གཟུགས་ཞེས་པ་ནི། །དང་པོའི་སངས་
རྒྱས་ཀྱི་ང་རྒྱལ་ལོ། །འཁྲུལ་པའི་ཚུལ་དུ་ཞེས་པའི་དམ་ཚིག་གཉིས་ནི་དང་པོའི་སངས་རྒྱས་ཀྱི་ཐུགས་ཀ་ནས་ཨ་ལས་འོད་འཕྲོས། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་བྱས་པའོ། །སྒྱུ་མའི་ཚུལ་དུ་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཨཱ་ལི་དང་ཀཱ་ལི་སྐར་
མའི་རྣམ་པ་ལྟ་བུར་གྱུར་ཏེ་དེ་ཀ་ལ། སྐར་མའི་ཚོགས་འདྲ་རབ་བསྒོམས་ཏེ། །ཞེས་གསུངས་པའོ། །དེ་ལས་འབྱུང་བའི་ཞེས་པ་ལ་སོགས་པའི་ཚིག་བཅུ་ནི་དཀྱུས་ན་གསལ་ལོ། །བྱང་ཆུབ་སེམས་ནི་རབ་བསྐྱེད་དང་། ཞེས་པའི་གོང་དུ་གསུངས་པ་ལྟར་སེམས་ཅན་རྣམས་ཀྱི་དུག་རྣམ་
པ་ལྔ་འོད་ཟེར་གྱིས་སྦྱངས་ནས། གཟོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་གཞུག་པའོ། །དེ་ཡང་ཇི་ལྟར་གཞུག་ཅེ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞེས་པས་སོ། །དེ་ནས་སྡོམ་པ་གཟུང་བ་དང་བཅུ་ཡོངས་སུ་དག་པ་ནི་སྔོན་དུ་བསྟན་པས་སོ། །སངས་རྒྱས་རྫུ་འཕྲུལ་
རབ་བསྟན་ཏེ། །ཞེས་པ་ནི་མཛད་པ་བཅུ་གཉིས་སོ། །གཞན་གོ་སླའོ། །འཁོར་ལོའི་ཚོགས་ཞེས་པ་ནི་འཁོར་ལོའི་རིམ་པ་གསུམ་དང་ལྡན་པའོ། །ཕྲེང་བ་བཞི་དང་ལྡན་པའི་ཞེས་པ་ནི་འཁོར་ལོའི་རིམ་པ་གསུམ་སྒོ་བར་མའི་མུ་ཁྱུད་དང་བཞིའོ། །རྡོ་རྗེ་དབྱིངས་དང་ལྷ་ཞེས་པ་ནི་རྡོ་རྗེ་དབྱིངས་
དང་ལྷ་རྣམས་འདྲ་བའི་ཕྱིར་རོ། །དེ་ནས་ཕྱི་རོལ་དགོད་བྱ་བ། །ཞེས་པ་ནི་ཕྱི་མ་མན་ཆད་ཀྱི་རྒྱན་བསྟན་པའོ། །རྡོ་རྗེ་ཕྲེང་བས་ཡོངས་བསྐོར་བའི། །ཞེས་པ་ནི་ཕྱིའི་རྡོ་རྗེའི་ར་བའོ། །ཀ་བ་བརྒྱད་དང་ལྡན་པ་ལ། །ཞེས་པ་ནི། གཞལ་ཡས་ཁང་གི་ནང་དུའོ། །དེ་ཡང་གང་དུ་གཟུགས་ཤེ་ན། ཕྱོགས་རེ་རེ་
ནས་རྩིག་པ་ལ་བརྟེན་པའི་ཀ་བ་གཉིས་ཞེས་གསུངས་སོ། །རྡུལ་ཚོན་ལྔ་པོ་ཉིད་ཀྱིས་ནི། །ཞེས་པ་ནི་རྩིག་པའོ། །དྲ་བ་དྲ་ཕྱེད་དག་གིས་ཀླུབས། །ཞེས་པ་ནི་དབུས་ན་མཆོག་ཡོད་པ་ནི་དྲ་བ་ཡིན་ལ་དབུས་ན་མཆོག་མེད་པ་ནི་དྲ་བ་ཕྱེད་པའོ། །དཀྱིལ་འཁོར་ནི་ཕྱི་རོལ་དུ་ཞེས་པ་ནི་ཕྱིའི་དཀྱིལ་འཁོར་སྒོ་
Vol. 65 · folio 114b
རྒྱན་བསྟན་པའོ། །ཇི་ལྟར་གསུངས་པའི་རྟགས་ཐམས་ཅད། །ཁྱད་པར་དུ་ནི་མངོན་བསྡུས་པ། །དེ་ནི་ཐམས་ཅད་བྱ་བ་ཡིན། །ཞེས་པ་ནི་རྟ་བབས་ནི་མཆོད་རྟེན་ལྟ་བུའམ། འོན་ཏེ་ཅི་མཛེས་པར་བྱས་ལ། རིན་པོ་ཆེའི་ཏོག་དང་ཆུན་འཕྱངས་དང་མཛེས་པའི་གཡུ་བྱ་ཁ་སྤྲོད་དང་། དར་ལ་སོགས་པས་ཕྱིའི་
སྐུ་ལ་བརྒྱན་པའོ། །སྒོ་ཡི་རྒྱན་དང་ཏྭ་ར་ན། །ཤིན་ཏུ་གཅིག་ཉིད་མི་བྱའོ། །ཞེས་པ་ནི་ནང་གི་དཀྱིལ་འཁོར་ལ་རྟ་བབས་ལ་སོགས་པའི་རྒྱན་གདགས་པར་བྱ་བ་མ་ཡིན་པའོ། །དེ་ཡང་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པ་ནང་གི་དཀྱིལ་འཁོར་ནི་ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་གྲུ་བཞི་པ་
ལ་སྒོ་བཞི་པ་རྟ་བབས་མེད་པའོ་ཞེས་གསུངས་སོ། །ནང་གི་སྒོ་ལ་རྒྱན་མེད་ལ་ཕྱིའི་སྐུ་ལ་རྒྱན་ལ་སོགས་པས་བརྒྱན་པ་བསྟན་པའི་ཕྱིར། དེའི་སྒོ་རྣམས་སོ། །ཏྭ་ར་ན་རྣམས་གདགས་པ་ཡིན། །ཞེས་པ་ཁོ་ནའོ། །དེ་ནས་ལྷ་རྣམས་ཀྱི་གདན་བསྐྱེད་པ་ནི་གོ་རིམས་བཞིན་ལྷ་རྣམས་ཀྱི་ཞེས་པ་ནས། ཡིད་ཀྱི་
ཡུལ་དེ་གོམས་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏེ་དཀྱུས་ན་གསལ་ལོ། །དེ་དག་ནི་གཞིའི་ཏིང་ངེ་འཛིན་ཏོ་ཞེས་པ་ནི་དེ་དག་གི་གོང་དུ་གསུངས་པའི་ཏིང་ངེ་འཛིན་རྣམས་སོ། །གཞི་ནི་ཡང་དག་པའི་གཞི་ཡིན་པས་གཞིའོ། །དེ་དོན་ནན་ཏན་དུ་མ་གཡེངས་པར་བྱ་དགོས་པས་ཏིང་ངེ་འཛིན་ཏོ། །དེ་ནས་རྐྱེན་གྱིས་
བསྒྲུབ་པ་བསྟན་པའི་ཕྱིར། དེ་ནས་རྐྱེན་གྱིས་བསླང་བ་ནི། །ཞེས་གསུངས་ཏེ། དེ་ནས་དེ་ནི་དེ་མ་ཐག་པའོ། །རྐྱེན་གྱིས་བསླང་བ་ནི་འོག་ནས་འབྱུང་བའི་ལྷ་ཚོགས་བསྐྱེད་པའི་རྐྱེན་ནོ། །དེ་དབུས་འཁོར་ལོ་ནི་འཁོར་ལོ་དྲུག་ཏུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ནོ། །དེ་ཡང་དག་པ་སྟེ།
ཤེས་པ་ནི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་བསྐྱེད་དོ་ཞེས་པའི་དོན་ཏོ། །དེ་ཡང་ཇི་ལྟར་བསྐྱེད་ཅེ་ན། སྟོང་པའི་ངང་ལས་ཆུ་ལ་ཆུ་བུར་རྡོལ་བའི་ཚུལ་དུ་པཾ་ལས་སེང་གེའི་ཁྲིའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ། དེ་སྟེང་རིག་པ་ཨ་དཀར་པོར་
གྱུར་པ་ལས་འཁོར་ལོ། དེ་ཡོངས་སུ་གྱུར་པ་ལས་གཙོ་བོ་རྣམ་པར་སྣང་མཛད་དུའོ། །དེ་ཉིད་ལ། པདྨ་སེང་གེའི་ཟླ་སྟེང་དུ། །ཨཱཿལས་བསྐྱེད་པའི་རྟག་པ་པོས། །གཙོ་བོ་རྣམ་པར་སྣང་མཛད་ཆེ། །ཞེས་པ་དེ་སྐད་ཅེས་བྱའོ། །རྣམ་སྣང་དེ་ཡང་ཅི་འདྲ་ཞེ་ན། རྣམ་ཐར་བཞི་ལྡན་ཀུན་དུ་ཞལ། །ཞེས་གསུངས་ཏེ།
Vol. 65 · folio 115a
རྣམ་ཐར་བཞི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་བཞིའོ། །ལྡན་པ་ནི་དེ་མངའ་བའོ། །ཀུན་དུ་ཞལ་ནི་ཞལ་བཞི་པའོ། །དེ་ཡང་ཕྱག་ན་རྡོ་རྗེས་ཞུས་པའི་ལེའུ་བདུན་པ་ནས། ཕྱོགས་བཞིའི་སློབ་དཔོན་
མཉེས་བྱའི་ཕྱིར། །རྣམ་སྣང་ཞལ་བཞི་ཕྱོགས་བཞིར་གཟིགས། །ཞེས་གསུངས་སོ། །ལྷག་མ་ནི་གོ་སླའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་དྷཱིཿདཀར་པོ་དྷཱིཿཡོངས་སུ་གྱུར་པ་ལས་དང་པོའི་སངས་རྒྱས་སྟོབས་ལྔ་དང་ལྡན་པའི་རྟགས་སུ་ཞལ་ལྔ་པ་
བསྒོམ་པར་བྱའོ། །དེ་ཀ་ལ་རྣམ་སྣང་ཆེན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དཀྱིལ་དུ་ཡི་གེ་དྷཱིཿདཀར་པོ་ལས་དང་པོའི་སངས་རྒྱས་ཞལ་ལྔ་པ་ཞེས་གསུངས་པ་ཁོ་ནའོ། །ལྷག་མ་ནི་གོ་སླའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟི་རེ་རེ་བསྣམས་པའོ་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་གཞུང་དུམ་བུ་བཞིར་བགོས་ཏེ། དེ་ཡང་གང་ཞེ་ན། གླེང་གཞིའི་དུམ་བུ་དང་། སྟོང་པ་ཉིད་ཀྱི་དུམ་བུ་དང་། རྣམ་དག་གི་དུམ་བུ་དང་། མཚན་དཔེའི་དུམ་བུ་དང་བཞི་རྣམས་སོ། །དེ་ཡང་ཨུཏྤལ་རེའི་སྟེང་ནའོ། །དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་བསྒོམ་སྟེ་ཇི་སྐད་དུ། དང་པོའི་
སངས་རྒྱས་ཐུགས་ཀ་རུ། །ཤེས་རབ་འཁོར་ལོ་བསྒོམ་པར་བྱ། །ཞེས་པ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། རྒྱུ་རྟེན་འབྲེལ་བཅུ་གཉིས་ཀྱི་གཉེན་པར་སྒྲའི་ཡི་གེ་བཅུ་གཉིས་བསྒོམས་པས་འབྲས་བུ་ས་མཆོག་བཅུ་གཉིས་ཐོབ་སྟེ། དེ་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་དུ་འོད་ཀྱིས་
ཆེན་པོ་ཉོན་མོངས་པ་ཐམས་ཅད་བསྲེགས་ཏེ་ཉི་མ་དང་འདྲའོ། །གཉིས་པ་བདུད་རྩིའི་འོད་དུག་ལ་རྩི་གཏོང་བ་དང་འདྲ་སྟེ། ཟླ་བའི་འོད་གསལ་བ་དང་འདྲའོ། །ས་གསུམ་པ་སྟེ་ནམ་མཁའི་འོད་ནི་ཆོས་ཀྱི་དབྱིངས་ནམ་མཁའ་བཞིན་དུ་སོ་སོར་སྣང་བའོ། །ས་བཞི་པ་རྡོ་རྗེའི་འོད་དེ་ཡིད་བདེ་བ་
སྟེ། བདེ་བ་སྟོང་པ་དབྱེར་མེད་པའོ། །ས་ལྔ་པ་ནི་རིན་པོ་ཆེའི་འོད་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ་དགོས་པ་ཐམས་ཅད་སྐོང་བར་དབང་བསྐུར་བའོ། །ས་དྲུག་པ་སྟེ་པདྨའི་འོད་དེ་འདོད་ཆགས་དང་མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པའོ། །ས་བདུན་པ་ལས་ཀྱི་འོད་དེ་སངས་རྒྱས་
Vol. 65 · folio 115b
ཀྱི་ཕྲིན་ལས་ཐམས་ཅད་རྫོགས་པའོ། །ས་བརྒྱད་པ་དཔེ་མེད་པ་སྟེ་དཔེ་ལས་འདས་པ་དཔེ་རུ་ཡོད་པ་མ་ཡིན་པའོ། །ས་དགུ་པ་དཔེ་དང་ལྡན་ཏེ། ཐམས་ཅད་སོ་སོར་འབིགས་པའོ། །ས་བཅུ་པ་ནི་ཤེས་རབ་ཀྱི་འོད་ཅེས་བྱ་སྟེ། ཤེས་རབ་ཀྱིས་ནི་དོན་ཐམས་ཅད་འབྱེད་པའོ། །ས་བཅུ་གཅིག་པ་ནི་
བླ་ན་མེད་པའི་ས་རབ་ཏུ་འོད་གསལ་བ་ཐམས་ཅད་མཁྱེན་པ་ཉིད་དོ། །ས་བཅུ་གཉིས་པ་ནི་རྣལ་འབྱོར་གྱི་ཡེ་ཤེས་རབ་ཏུ་སོ་སོར་རིག་པ་རྫོགས་པའོ་ཞེས་གསུངས་སོ། །དེ་ལྟར་རྒྱུ་འབྲས་ཀྱི་དོན་བཤད་ནས། ད་ནི་འཁོར་ལོ་བསྒོམ་པའི་ཐབས་བཤད་དེ། དོན་བྱས་སླར་འདུས་ཞེས་པ་ལ་སོགས་པ་
དཀྱུས་ཉིད་ན་གསལ་ལོ། །ས་མཆོག་བཅུ་གཉིས་རྫོགས་རྟགས་སུ། །ཞེས་པ་ནི། ས་མཆོག་བཅུ་གཉིས་ནི་གོང་དུ་གསུངས་པའོ། །སྒྲ་ཡིག་བཅུ་གཉིས་དགོད་པར་བྱ། །ཞེས་པ་ནི་འོག་ནས་འབྱུང་བ་འདི་ཡིན་ཏེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཞེས་
གསུངས་ཏེ། དེའི་དོན་ནི་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ཕྱི་མ་ལས་གསལ་བར་གསུངས་ཏེ་དེ་ལ་འཇུག་པར་བྱའོ། །འཇམ་དཔལ་འདི་ནི་དཔལ་གྱི་སྐུ། །ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་བཏང་སྙོམས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་
དཔའ་སྲས་མཆོག་སྟོན། །བློ་དང་ལྡན་པ་གང་ཞིག་མདོ་འདི་ནི། །མངོན་སུམ་ཚད་མར་བཞག་ནས་མཐོང་འདོད་པ། །སྒྱུ་འཕྲུལ་དྲ་བའི་འཁོར་ལོའི་ཚུལ་བཞིན་དུ། །ཡི་གེ་འཁོར་ལོའི་དོན་གྱིས་འཇམ་དཔལ་ལོ། གདོད་ནས་དག་ཅིང་སྐྱེ་བ་མེད་པ་ཡི། །ཨ་ཨཱ་ཞེས་པ་འདུས་མ་བྱས་པའི་ཆོས། །
རྒྱུ་ཉིད་མེད་པས་འབྲས་བུ་མི་ཚོལ་ཕྱིར། །ཨ་ལྟར་མཉམ་གཞག་ཆོས་ཀྱི་སྐུ་ཉིད་དེ། །དོན་དམ་དབྱིངས་ཉིད་མཁའ་འདྲ་དམིགས་མེད་ཁྱབ། །འབྱུང་བ་རང་བཞིན་མེད་པར་གནས་པ་ལས། །འཇམ་དཔལ་རལ་གྲིས་བཏབ་ནས་གཅོད་པ་ལྟར། །ཨ་ཡི་གུ་གུ་ཐུགས་རྗེ་རང་ཉིད་འཕྱོ། །ཨི་ཨཱི་
ཞེས་པ་ཆོས་ཀྱི་ཡུམ་ཉིད་ལམ། །ཤེས་རབ་ཕ་རོལ་ཕྱིན་པ་བསམ་པའི་དབྱིངས། །ལྷ་དང་མི་ལ་བླང་དོར་མེད་ཚུལ་གྱིས། །ཐུན་མོང་མ་ཡིན་སྟོང་ནས་ཀུན་དུ་བཟང་། །མེད་པའི་ངང་ཉིད་མེད་ལས་འབྱུང་བ་ཡི། །ཨུ་ཨཱུ་ཞེས་པ་མེད་པའི་སྙིང་པོ་འབྱུང་། །ཡེ་ཤེས་ཆེན་པོ་ཡོད་མེད་མཐའ་ལས་འདས། །
Vol. 65 · folio 116a
ཆེ་བའི་ངང་གིས་འགྲོ་ཀུན་དགེ་ལ་སྦྱོར། །གཉིས་དང་གཉིས་མེད་གཏན་ནས་བརྗོད་བྲལ་བའི། །གྲུ་གསུམ་ཨེ་ཡི་རང་བཞིན་ཉིད་མི་གཡོ། །ཨེ་ཨཻ་ཞེས་པ་ཐ་སྙད་བསམ་བརྗོད་བྲལ། །སེམས་དང་སེམས་ནི་འཇམ་དཔལ་ཏིང་འཛིན་ཏོ། །ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲ་
བའི་ཚོགས། །ཨོ་ཨཽ་ཞེས་པ་འདུ་འཕྲོ་འཁྲུག་མེད་ཅིང་། །འཇའ་ཚོན་རྣམ་པར་སོ་སོར་ཡིད་བཞིན་སྦྱོར། །འཇམ་དཔལ་རྣམ་པར་རོལ་བའི་བདེ་བ་ཆེ། །རྣལ་འབྱོར་ཆེན་པོ་ཡེ་ཤེས་འབྱོར་བའི་དཔལ། །ནམ་མཁའ་མི་དམིགས་ཨཾ་སྟེ་ཡེ་ཤེས་བརྗོད། །ཡེ་ཤེས་མ་འདྲེས་ཨ་ཡིག་དབྱིངས་སུ་འདྲེས། །སྟོང་
ཉིད་ཅི་ལའང་མ་རེག་ལྷུན་གྱིས་གྲུབ། །དོན་ཀུན་འབྱོར་བས་བླང་དོར་མེད་པ་ཡི། །བདག་ཉིད་རང་བཞིན་གཞན་དང་མཉམ་པས་ན། །བསམ་གྱིས་མི་ཁྱབ་མི་གནས་མི་སེམས་ན། །འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ། །ཞེས་གསུངས་ཏེ། ཨ་ནི་གདོད་མ་ནས་སྐྱེ་བ་མེད་ཅིང་འདུས་མ་བྱས་པ།
རྒྱུས་མ་བསྒྲུབས་པའི་ཕྱིར་འབྲས་བུ་བཙལ་དུ་མེད་པས་གདོད་མ་ནས་ཆོས་ཉིད་བདེ་བ་ཆེན་པོའོ། །ཨི་ནི་དེ་ཉིད་ནམ་མཁའ་ལྟར་མི་དམིགས་པའི་ཕྱིར་ཤེས་རབ་ཆེན་པོས་དེ་ལྟར་གཅོད་ཅིང་མི་དམིགས་པའི་ཐུགས་རྗེ་ཆེན་པོ་འཕྲོ་བས་ཤེས་རབ་ཀྱི་རང་བཞིན་ནོ། །ཨུ་ནི་དེ་ལྟ་བས་ན་ཀུན་དུ་བཟང་པོ་བྱང་ཆུབ་
སེམས་ཀྱི་རང་བཞིན་ཏེ། མཚན་མ་ལྡང་བ་ལ་མི་དོར། མི་ལྡང་བ་ལ་མི་གནས་ཀུན་དུ་བཟང་པོའི་མཐའ་ལས་འདས་པ་ཆེན་པོའོ། །ངང་གིས་འགྲོ་བ་ཀུན་ཀྱང་བདེ་བ་ཆེན་པོའི་རང་བཞིན་ལ་སྦྱོར་བའོ། །ཨེ་དེ་ལྟར་བསམ་བརྗོད་དང་བྲལ་བས་སེམས་དང་སེམས་ཀྱི་རྣམ་པར་རྟོག་པ་གཡོ་བ་མེད་པ་
སྟེ། འཇམ་དཔལ་གྱི་རང་བཞིན་དུ་གནས་པའོ། །ཨོཾ་ནི་དེ་ལྟར་ཡིན་པས་ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བས། ཐམས་ཅད་དུ་ཡང་ཐབས་ཤེས་རབ་སྒྱུ་འཕྲུལ་དྲ་བའི་ཚོགས་ཡིན་ཏེ། ནམ་མཁའི་འཇའ་ཚོན་བཞིན་དུ་འགྲོ་བ་སྣ་ཚོགས་ཀྱི་ཡིད་དང་མཐུན་པར་སྦྱོར་བ་རྣམས་རོལ་བའི་
ཆོ་འཕྲུལ་བདེ་བ་ཆེན་པོར་མཉམ་པའོ། །ཨཾ་ཐམས་ཅད་འབྱུང་གནས་ནམ་མཁའི་མཛོད་དོ། །ཨཿནི་དེ་ལྟར་ན་ཤེས་རབ་དང་ཡེ་ཤེས་ཆོས་ཐམས་ཅད་རག་མ་ལུས་པའི་འདུས་པ་སྟེ། དེ་ལྟར་ཡི་གེ་བཅུ་གཉིས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་བླང་དོར་མེད་པར་རང་བཞིན་གྱིས་སངས་རྒྱས་པ་སྟེ།
Vol. 65 · folio 116b
དེ་ལྟར་ཡིན་པར་བློ་ལ་གསལ་ཞིང་མི་གཡོ་ན་དེས་འཇམ་དཔལ་ཉིད་ཡིན་ནོ། །ཡང་རྒྱུད་དེ་ཉིད་ལས་གསུངས་པ། ཇི་ལྟར་སྒྱུ་འཕྲུལ་དྲ་བ་ལས། །འཇམ་དཔལ་ཆོས་ཀྱི་སྙིང་པོ་འདི། །རྒྱལ་བ་རྣམས་ཀྱི་ཡབ་དང་ཡུམ། །དོན་གྱི་ཤེས་རབ་དབྱིངས་ཀྱི་ཕྱིར། །ཐབས་ཀྱི་ཡེ་ཤེས་ཀུན་འབྱུང་བ། །ཡི་གེ་
འཁོར་ལོ་དོན་རྣམས་ཀྱིས། །སྒྱུ་འཕྲུལ་དྲ་བ་ཉིད་དུ་གསལ། །གྲགས་མ་ཐག་ཏུ་དོན་དེར་གསལ། །ཨ་ཨཱ་ཞེས་པ་འཇམ་དཔལ་ཉིད། །རང་བཞིན་ཆོས་ཉིད་སྐུ་ཡི་དབྱིངས། །ཨི་ཨཱི་ཞེས་པ་གཡོ་བ་མེད། །མི་བསྐྱོད་པ་ལས་ཡུམ་དུ་གསལ། །ཨུ་ཨཱུ་ཞེས་པ་སྐྱེ་བ་མེད། །དག་པའི་ངང་ཉིད་
ཀུན་དུ་བཟང་། །རྒྱུད་ལས་རྒྱལ་བའི་སེམས་དཔའ་ཆེ། །ཡེ་ཤེས་ངང་ཉིད་གཅིག་པའོ། །ཨེ་ཨཻ་ཞེས་པ་མཁའ་ལ་བསྐོར། །འབྲས་བུ་མེད་པས་མཁའ་ལ་གནས། །དེ་མ་ཐག་ལས་གསལ་བའི་རྐྱེན། །འཇམ་དབྱངས་ཕྲ་བའི་དཔལ་གྱུར་པ། །ཨོ་ཨཽ་ཞེས་པ་ཨེ་ལས་འདས། །ༀ་
ཞེས་གསང་སྔགས་ཐབས་ཆེན་བསྟན། །ཨེ་དང་ཨོ་ཡི་རང་བཞིན་དབྱིངས། །མུཾ་ནི་ངོ་བོ་ཉིད་ཀྱི་མཁའ། །ཨ་ལས་རྣམ་པར་རོལ་པས་བསྟན། །ཨཾ་གྱི་གཉིས་མེད་སྦྱོར་བ་ཡིས། །ཟབ་མོའི་རྡོ་རྗེ་ཏིང་འཛིན་མཐའ། །མ་ཞེས་མཉམ་དང་མི་མཉམ་མེད། །འཇམ་དཔལ་ཡེ་ཤེས་རྡོ་རྗེ་རྫོགས། །
སྒྱུ་འཕྲུལ་དྲ་བའི་འཁོར་ལོ་འདི། །མྱ་ངན་འདས་དང་འཁོར་བ་ལ། །མི་གནས་རྡོ་རྗེ་རྩེ་མོ་ཅན། །བསམ་རྩོལ་སྒྲུབ་པ་མེད་པ་ཡི། །དབྱིངས་ཉིད་གཞན་ན་ཡོངས་སུ་རྫོགས། །ཞེས་གསུངས་ཏེ། ཚུལ་འདི་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལ་རེ་ཞིག་ཡང་ཨ་ཨཱ་ཞེས་པ་འཇམ་དཔལ་ཆོས་ཀྱི་
སྐུའོ། །ཨི་ཨཱི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །ཨུ་ཨཱུ་ནི་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོའི་རང་བཞིན་ཏེ། སེམས་ཉིད་སེམས་དཔའ་ཆེན་པོའི་རང་བཞིན་ནོ། །ཨེ་ཨཻ་ནི་འདུ་འབྲལ་མེད་པའི་མཁའ་ལ་སྦྱོར་བའོ། །ཨོ་ཨཽ་ནི་དེ་ལས་འདུས་པའི་ཡེ་ཤེས་འཁོར་ལོ་
ཚོགས་ཆེན་གྱི་ཐབས་མཁས་པའི་འཕྲུལ་པ་རང་བཞིན་གྱིས་འཕྲོ་བའོ། །ཨོ་ལ་ཨཾ་སྦྱར་ན་ཨོཾ་དུ་འགྱུར་ཏེ། དེ་ནི་གསང་སྔགས་ཀྱི་མཐུའོ། །ཨཾ་གི་ཀླད་ཀོར་ནི་མུཾ་སྟེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲོལ་བའོ། །ཨོཾ་ཨཾ་ནི་ཡོན་ཏན་ཐམས་ཅད་འབྱོར་པ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཏོ། །ཀླད་
Vol. 65 · folio 117a
ཀོར་གྱི་མ་ནི་ཆོས་མཉམ་པ་ཉིད་བར་མི་མཉམ་པ་དབྱར་མེད་པ་སྟེ། འདི་ལྟ་བུའི་འཇམ་དཔལ་རྡོ་རྗེ་ནི་མི་གནས་པའི་ཡེ་ཤེས་རྡོ་རྗེ་རྩེ་མོ་སྟེ་འདི་ལྟ་བུའི་དོན་ཁོང་དུ་ཆུད་པར་བྱ་སྟེ། ཅི་སྤྱད་པ་ཐམས་ཅད་ཐབས་ཤེས་རབ་སྒྱུ་འཕྲུལ་དྲ་བ་ཆོས་ཉིད་ཀྱིས་བརྒྱན། ཡེ་ཤེས་ཀྱི་
རོལ་པ་བཀག་པ་མེད་པའི་ཆོས་ཉིད་ལྷུན་གྱིས་གྲུབ་པར་རྟོགས་ནས། གཟོད་ཡེ་ཤེས་ཀྱི་ངོ་བོ་དང་ལྡན་པའོ་ཞེས་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ཕྱི་མ་ལས་གསུངས་སོ། །འཁོར་ལོ་ལྕེ་ལ་བསམ་པ་ནི་ཞེས་པ་དེ་ལྟར་མུ་ཁྱུད་ཀྱི་ཡིག་འབྲུ་བཀོད་ནས་རྩིབས་ལ་འོག་ནས་འབྱུང་བའི་སྔགས་གཙོ་བོ་དྲུག་པོ་འདི་
དགོད་དེ་ཞེས་པའི་དོན་ཏོ། །དང་པོའི་ལྕེ་ཞེས་པ་ནི་གཙོ་བོའི་མདུན་གང་ཡིན་པའོ། །བརྩམས་ནས་ནི་ཞེས་པ་དང་པོའི་ལྕེ་ལ་བཛྲ་ཏཱིཀྵཱ་ཡ་ཏེ་ན་མཿཞེས་པ་དགོད་པའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དེ་ནས་ཡེ་ཤེས་སེམས་དཔའ་གསལ་བར་བསྟན་པའི་ཕྱིར། །དེ་ནས་འཁོར་ལོ་དེ་དབུས་སུ། །ཞེས་པ་
དང་པོ་ནས་བརྩམས་ཏེ། ཡི་གེ་ཨ་ནི་གསལ་བཀོད་དེ། །ཞེས་པའི་བར་གསལ་ཏེ་དཀྱུས་ཉིད་གསལ་ལོ། །དེ་ནས་འཕྲོ་འདུའི་སྒོ་ནས་སེམས་གཟུང་བ་བསྟན་པའི་ཕྱིར། དེ་ནས་འཁོར་ལོ་ལ་གནས་སྔགས། །ཞེས་པ་ནས། དེ་ཉིད་བརྟན་པར་བདག་ཉིད་བསྒོམ། །ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །
དེ་ལ་འབྲས་བུ་འབྱུང་བར་བསྟན་པའི་ཕྱིར། དེ་ལྟར་སྤྱོད་པའི་སེམས་དཔའ་ནི། ཞེས་པ་ནས། །ཉེ་བར་བཟུང་ནས་མངོན་སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་དག་ནི་སྒྱུ་འཕྲུལ་དྲ་བ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ། སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པ་
བསྟན་པའི་ཕྱིར། དེ་ནས་ད་ནི་དཀྱིལ་འཁོར་གྱི་ལྷ་དག་གི་ངོ་བོ་གསང་སྔགས་ཀྱི་སྒོ་ནས་ཞེས་པ་ལ་སོགས་པ་གསུངས་པའི་དོན་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་ལྷའི་ངོ་བོ་ཨ་ལས་བསྐྱེད་པའི་ཕྱིར་ཏེ། གཙོ་བོ་རྣམ་པར་སྣང་མཛད་དེ་ཡིག་འབྲུ་དང་། ཕྱག་མཚན་དང་། ཏིང་ངེ་འཛིན་གསུམ་ལས་བསྐྱེད་
དོ། །ཡང་ན་ཟླ་བའི་དཀྱིལ་འཁོར་དང་ཨ་དང་ཕྱག་མཚན་གསུམ་ལས་བསྐྱེད་དོ། །ཡང་ན་ལུས་ངག་ཡིད་གསུམ་ལས་བསྐྱེད་དོ། །ལྷ་ཐམས་ཅད་རྡོ་རྗེའི་ཆོ་ག་ཡན་ལག་གསུམ་ལས་བསྐྱེད་དེ་གསལ་བར་བསྒོམ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་དང་པོའི་སངས་རྒྱས་གདོང་ལྔ་པ་ཕྱག་བརྒྱད་པ་དེའི་
Vol. 65 · folio 117b
ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་གསལ་བར་བསྒོམ། དེའི་ལྟེ་བ་ལ་ཡེ་ཤེས་སེམས་དཔའ་ཞལ་དྲུག་པ་སྐུ་མདོག་དུང་དང་བ་སོ་ལྟར་དཀར་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཨིནྡྲ་ནཱི་ལའི་རལ་པ་མངའ་བ། ཕྱག་གཉིས་ན་ཨུཏྤལ་སྔོ་དམར་མངའ་བ་ཞི་བའི་ངང་ཚུལ་དང་ལྡན་པའོ། །དེའི་ཐུགས་ཀར་ཟླ་བའི་
དཀྱིལ་འཁོར་ཉ་གང་བ་བསྒོམ། །དེ་ལ་ཡི་གེ་ཨ་གནས་པ་དེ་ལས་འོད་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། ཡེ་ཤེས་སེམས་དཔའ་སྣང་བར་བྱས། དང་པོའི་སངས་རྒྱས་སྣང་བར་བྱས། གཙོ་བོ་རྣམ་སྣང་སྣང་བར་བྱས། གདན་དང་གཞལ་ཡས་ཁང་སྣང་བར་བྱས། རྡོ་རྗེ་རྒྱ་
གྲམ་སྣང་བར་བྱས། །བྱང་ཆུབ་ཆེན་པོའི་མཆོད་རྟེན་སྣང་བར་བྱས། །ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན་ཞིང་ཁམས་དྲུག་སྣང་བར་བྱས་ཏེ། པདྨ་ཅན་དང་། མངོན་པར་དགའ་བ་དང་། ཡིད་དུ་འོང་བ་དང་། བདེ་བ་ཅན་དང་། མདོག་སྡུག་པ་དང་། འོད་ཟེར་ཅན་སྣང་བར་བྱས་
སོ། །སངས་རྒྱས་ལ་མཆོད་པའི་ལས་བྱས། སེམས་ཅན་གྱི་དོན་བྱས། སླར་རྡོ་རྗེ་ལ་བསྐོར་བ་ལན་གསུམ་བྱས། ཁ་དོག་དྲུག་དང་ལྡན་པའི་འོད་ཟེར་དེས། བྱང་ཆུབ་ཆེན་པོའི་མཆོད་རྟེན་སྣང་བར་བྱས། རྡོ་རྗེ་རྒྱ་གྲམ་སྣང་བར་བྱས། དཀྱིལ་འཁོར་སྣང་བར་བྱས། གཙོ་བོ་སྣང་བར་བྱས། དང་པོའི་སངས་
རྒྱས་སྣང་བར་བྱས། །ཤེས་རབ་འཁོར་ལོ་སྣང་བར་བྱས། །ཡེ་ཤེས་སེམས་དཔའ་སྣང་བར་བྱས། །ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། །ཨ་ལ་ཐིམ་པས་ཨའི་བྱིན་གྱི་རླབས་ཀྱིས་ཤར་ཕྱོགས་ནས་བརྩམས་ཏེ་མི་བསྐྱོད་པའི་ལྷ་རྣམས་དང་། ལྷོ་ནས་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ལྷ་
རྣམས་དང་། ནུབ་ནས་སྣང་བ་མཐའ་ཡས་ལ་སོགས་པའི་ལྷ་རྣམས་དང་། བྱང་ནས་དོན་ཡོད་གྲུབ་པ་ལ་སོགས་པའི་ལྷ་རྣམས་རྒྱུའི་ས་བོན་གྱི་ཡིག་འབྲུར་གྱུར་ཏོ། །དེ་ནས་སྔགས་འདི་བཟླས་སོ། །ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར། མ་ཧཱ་
པཱ་ཙ། སརྦ་དྷརྨཱ། ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷ་རྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿསྔགས་དེ་བརྗོད་པས་སོ་སོའི་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྒོམ། རང་རང་གི་ས་བོན་ཨ་ལ་སོགས་པ་འཕྲོས་པས། རང་རང་གི་སྐུ་མདོག་གསལ་བར་བསྒོམ། །སོ་སོའི་གནས་སུ་བཀོད་ལ། རྡོ་རྗེ་ཆོ་ག་
Vol. 65 · folio 118a
ཡན་ལག་གསུམ་གྱིས་གོང་དུ་བསྐྱེད་པ་ལྟར་བྱའོ། །འདི་དག་ལྷ་བསྒོམ་ཞིང་དབྱུང་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་དགོད་དེ། ཤར་གྱི་འཁོར་ལོ་ལ་ས་བོན་ཧཱུཾ། མི་བསྐྱོད་པ་གདན་གླང་པོ་ཆེ། ཕྱག་རྒྱ་ས་གནོན། སྐུ་མདོག་སྔོན་
པོ་གཉེན་པོ་ཞེ་སྡང་ངོ་། །ལྷོའི་འཁོར་ལོ་ལ་ས་བོན་ཨོཾ། རིན་ཆེན་འབྱུང་ལྡན། གདན་རྟ། སྐུ་མདོག་སེར་པོ། ཕྱག་རྒྱ་མཆོག་སྦྱིན། གཉེན་པོ་སེར་སྣ། ནུབ་ཀྱི་འཁོར་ལོ་ལ་ས་བོན་ཧྲཱིཿ། སྣང་བ་མཐའ་ཡས། གདན་རྨ་བྱ། སྐུ་མདོག་དམར་པོ། ཕྱག་རྒྱ་ཏིང་ངེ་འཛིན། གཉེན་པོ་
འདོད་ཆགས། བྱང་ཕྱོགས་ཀྱི་འཁོར་ལོ་ལ་ས་བོན་ཨཿ། དོན་ཡོད་གྲུབ་པ། གདན་ནམ་མཁའ་ལྡིང་། སྐུ་མདོག་ལྗང་གུ། ཕྱག་རྒྱ་སྐྱབས་སྦྱིན། གཉེན་པོ་ཕྲག་དོག་ཕུང་པོ་རྣམ་ལྔ་གནས་སུ་དག་པའོ། །ཤར་ལྷོའི་ཟླ་བའི་སྟེང་དུ་ཨའི་ས་བོན་ལས་བྱུང་བ་སེམས་མ་རྡོ་རྗེ་མ་སྐུ་མདོག་དཀར་
མོ། རྡོ་རྗེ་འཛིན་པ་རྣམ་པར་ཐར་པའི་སྒོ་སྟོང་པའོ། །ལྷོ་ནུབ་ཀྱི་ཟླ་སྟེང་དུ་ཨའི་ས་བོན་ལས་བྱུང་བ་རིན་ཆེན་སེམས་མ། སྐུ་མདོག་སེར་མོ། རིན་པོ་ཆེ་འཛིན་པ་མཚན་མ་མེད་པའི་སྟོང་པའོ། །ནུབ་བྱང་གི་ཟླ་སྟེང་དུ་ཨཾ་གི་ས་བོན་ལས་བྱུང་བ་ཆོས་ཀྱི་སེམས་མ་སྐུ་མདོག་དམར་མོ་པདྨ་འཛིན་པ།
རང་བཞིན་གྱིས་འོད་གསལ་བའི་སྒོ་སྨོན་པ་མེད་པ་སྟོང་པ། བྱང་ཤར་གྱི་ཟླ་སྟེང་དུ་ཨའི་ས་བོན་ལས་བྱུང་བ། ལས་ཀྱི་སེམས་མ་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ་འདུས་མ་བྱས་སྟོང་པའོ། །ལྷ་མོ་བཞི་པོ་འདི་དག་ནི་བརྗོད་པའི་ཚུལ་གྱིས་བསྒོམ་པར་བྱའོ། །རྒྱུ་འབྱུང་བ་བཞི་རྣམ་པར་དག་
པའོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་དང་པོའི་སྟེང་དུ་གདན་ཟླ་བ། ས་བོན་ཨ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཕྱག་མཚན་རལ་གྲི་དང་རྡོ་རྗེ་བསྣམས་པ། ནང་སྟོང་པ་རྣམ་པར་དག་པའོ། །ས་བོན་ཨཱ། རྡོ་རྗེ་རྒྱལ་པོ། གདན་ཟླ་བ། སྐུ་མདོག་སེར་པོ། ཕྱག་མཚན་རལ་གྲི་དང་
སེ་གོལ། ཆེན་པོ་སྟོང་པ་རྣམ་པར་དག་པའོ། །ས་བོན་ཨི། རྡོ་རྗེ་ཆགས་པ། གདན་ཟླ་བ། སྐུ་མདོག་དམར་པོ། ཕྱག་མཚན་རལ་གྲི་དང་མདའ་གཞུའོ། །ཕྱི་ནང་སྟོང་པ་རྣམ་པར་དག་པའོ། །ས་བོན་ཨཱི། རྡོ་རྗེ་ལེགས་པ་སྐུ་མདོག་དཀར་དམར། ཕྱག་མཚན་རལ་གྲི་དང་སེ་གོལ།
Vol. 65 · folio 118b
ཆེན་པོ་སྟོང་པ་རྣམ་པར་དག་པ། དམ་ཚིག་གི་སེམས་དཔའ་བཞིའོ། །ས་བོན་ཨུ། རྡོ་རྗེ་རིན་ཆེན་སྐུ་མདོག་སེར་པོ། རལ་གྲི་དང་རིན་པོ་ཆེ་འཛིན་པ། དོར་བ་མེད་པ་སྟོང་པ་ཉིད་རྣམ་པར་དག་པའོ། །ས་བོན་ཨཱུ། རྡོ་རྗེ་རྒྱལ་མཚན་སྔོ་བསངས་རལ་གྲི་དང་རྒྱལ་མཚན། ཐོག་མ་མེད་པའི་སྟོང་པའོ། །
ས་བོན་ཨེ། རྡོ་རྗེ་ཉི་མ། རལ་གྲི་དང་ཉི་མ་བསྣམས་པ། ཐོག་མ་དང་ཐ་མ་མེད་པ་སྟོང་པ། ས་བོན་ཨཻ། རྡོ་རྗེ་བཞེད་པ། སྐུ་གསེར་མདོག །རལ་གྲི་དང་ཚེམས། མཐའ་ལས་འདས་པ་སྟོང་པ། དབང་གི་སེམས་དཔའ་བཞིའོ། །ས་བོན་ཨོ། རྡོ་རྗེ་ཆོས་དམར་པོ་རལ་གྲི་དང་པདྨ། དོར་བ་མེད་པ་སྟོང་པ་
ཉིད། ཨཽའི་ས་བོན། རྡོ་རྗེ་རྣོན་པོ། ནམ་མཁའ་འདྲ། རལ་གྲི་དང་དགྲ་སྟ། དངོས་པོ་མེད་པའི་སྟོང་པ་ཉིད། ས་བོན་ཨཾ། རྡོ་རྗེ་རྒྱུ། འཁོར་ལོ་དང་རལ་གྲི་བསྣམས་པ། ངོ་བོ་ཉིད་སྟོང་པ། ས་བོན་ཨཿརྡོ་རྗེ་སྨྲ་བ་ཟླ་བའི་མདོག །རལ་གྲི་དང་ལྕེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ། ཆོས་ཀྱི་སེམས་དཔའ་
བཞིའོ། །ས་བོན་ཨ། རྡོ་རྗེ་ལས་ལྗང་གུ། རལ་གྲི་དང་སྣ་ཚོགས་རྡོ་རྗེ། ཆོས་ཐམས་ཅད་སྟོང་པ་ཉིད། ས་བོན་ཨཱ། བསྲུང་བ་ལྗང་སྔོན། རལ་གྲི་ཆོ་ག་རྒྱུའི་སྟོང་པ་ཉིད། ས་བོན་ཨེ། རྡོ་རྗེ་གནོད་སྦྱིན་ནག་པོ་རལ་གྲི་དང་མཆེ་བ། འབྲས་བུའི་སྟོང་པ་ཉིད། ས་བོན་ཨཻ། རྡོ་རྗེ་ཁུ་ཚུར་ཁྲོ་བོ་རལ་གྲི་དང་ཁུ་ཚུར་
བསྣམས་པ། རྒྱུ་འབྲས་སྟོང་པ་ཉིད་རྣམ་པར་དག་པ། ཕྲིན་ལས་ཀྱི་སེམས་དཔའ་བཞིའོ། །ད་ནི་ལམ་གྱིས་བསྡུས་པའི་ལྷ་མོ་བརྒྱད་དང་། སྒོ་བ་བཞི་དབྱེ་བར་བྱ་སྟེ། ཤར་ལྷོར་ལཱའི་ས་བོན་ལས་བྱུང་བ། ལྷ་མོ་སྒེག་མོ་དཀར་མོ་འགྱིང་བའི་ཚུལ་ཕྱག་མཚན་རལ་གྲི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་
དག་པའོ། །ལྷོ་ནུབ་དུ་མཱའི་ས་བོན་ལས་བྱུང་བ་ཕྲེང་བ་མ་སེར་མོ་ཕྲེང་བ་དང་རལ་གྲི་འཛིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ནུབ་བྱང་དུ་གཱིའི་ས་བོན་ལས་བྱུང་བ་གླུ་མ་དམར་མོ་པི་ཝང་དང་རལ་གྲི་འཛིན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བྱང་ཤར་དུ་ནྲྀའི་ས་བོན་ལས་བྱུང་
བ་གར་མ་ལྗང་གུ་གར་དང་རལ་གྲི་འཛིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ལྷ་མོ་བཞི་པོ་འདི་དག་ཟླ་བའི་གདན་ལ་སེམས་དཔའི་སྟབས་ཀྱིས་བཞུགས་པའོ། །དྷཱུའི་ས་བོན་ལས་བྱུང་བ་བདུག་སྤོས་མ་དཀར་མོ་སྤོས་ཁང་དང་རལ་གྲི་བསྣམས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
Vol. 65 · folio 119a
རྣམ་པར་དག་པའོ། །པུའི་ས་བོན་ལས་བྱུང་བ་མེ་ཏོག་མ་སེར་མོ་མེ་ཏོག་དང་རལ་གྲི་བསྣམས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །དཱིའི་ས་བོན་ལས་བྱུང་བ་མར་མེ་མ་དམར་མོ་མར་མེ་དང་རལ་གྲི་འཛིན་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །གའི་
ས་བོན་ལས་བྱུང་བ་དྲི་ཆབ་མ་ལྗང་གུ་དུང་ཕོར་དང་རལ་གྲི་འཛིན་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ལྷ་མོ་བཞི་པོ་འདི་དག་ཟླ་བའི་གདན་ལ་རིམ་བཞིན་དུ་བཞུགས་སོ། །ཛཿའི་ས་བོན་ལས་སྒོ་བ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་དང་རལ་གྲི་འཛིན་པ་ཤེས་རབ་ཀྱི་སྟོབས་རྣམ་པར་དག་པའོ། །
ཧཱུཾ་གི་ས་བོན་ལས་ཞགས་པ་མ་སེར་མོ་ཞགས་པ་དང་རལ་གྲི་འཛིན་པ་དྲན་པའི་སྟོབས་རྣམ་པར་དག་པའོ། །བཾ་གི་ས་བོན་ལས་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་དང་རལ་གྲི་བསྣམས་པ་དད་པའི་སྟོབས་རྣམ་པར་དག་པའོ། །ཧོཿའི་ས་བོན་ལས་དྲིལ་བུ་མ་ལྗང་གུ་དྲིལ་བུ་དང་རལ་གྲི་བསྣམས་པ་
བརྩོན་འགྲུས་ཀྱི་སྟོབས་རྣམ་པར་དག་པའོ། །སྒོ་བ་བཞི་པོ་འདི་དག་ཀྱང་ཟླ་བའི་གདན་ལ་རིམ་བཞིན་དུ་བཞུགས་སོ། །འབྲས་བུའི་སེམས་དཔའ་བཅུ་དྲུག་ནི་ཨའི་ས་བོན་ལས་བྱམས་པ། འཇམ་དཔལ། སྤོས་ཀྱི་གླང་པོ་ཆེ། ཡེ་ཤེས་ཏོག་དང་བཞི་གཡས་རལ་གྲི་གཡོན་རྡོ་རྗེ་བསྣམས་
པའོ། །ཨའི་ས་བོན་ལས་བཟང་སྐྱོང་། བློ་གྲོས་རྒྱ་མཚོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ་བཞི་སྐུ་མདོག་སེར་པོ་རིན་པོ་ཆེ་དང་རལ་གྲི་བསྣམས་པའོ། །ཨའི་ས་བོན་ལས་མཐུ་ཆེན་ཐོབ། ངན་སོང་ཀུན་འདྲེན། མྱ་ངན་འཇོམས། དྲ་བའི་འོད། སྐུ་མདོག་དམར་པོ་རལ་གྲི་དང་པདྨ་
བསྣམས་པའོ། །ཨའི་ས་བོན་ལས་ཟླ་འོད་གཞོན་ནུ། འོད་དཔག་མེད། ནམ་མཁའི་མཛོད། སྒྲིབ་པ་སེལ་བ་བཞི། སྐུ་མདོག་ལྗང་གུ། སྣ་ཚོགས་རྡོ་རྗེ་དང་རལ་གྲི་བསྣམས་པའོ། །སེམས་དཔའ་དེ་རྣམས་ཀྱང་དཀྱིལ་འཁོར་གྱི་ཁྱམས་ལ་ཟླ་བའི་གདན་ལ་རིམ་པ་བཞིན་དུ་བཞུགས་པའོ། །འདི་ཡན་
ཆོད་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་ལས་རྒྱལ་མཆོག་བསྟན་པའི་ཕྱིར། དེ་ནས་ལས་ཀྱི་ཁྱད་པར་ཡང་། བསྐྱེད་པའི་ཞར་ལས་བྱུང་བ་སྟེ། །སྒྲ་ལས་ཕྱེ་སྟེ་རྒྱས་བཤད་པ། །འདིར་ནི་བདག་གིས་མ་བཤད་དོ། །ཞེས་གསུངས་ཏེ། དེ་ནས་ནི་དཀྱིལ་འཁོར་རྒྱལ་མཆོག་
Vol. 65 · folio 119b
བསྒོམ་པའི་དེ་མ་ཐག་པའོ། །ལས་ཀྱི་ནི་ལས་གསུམ་སྟེ། འདིར་དགེ་བའི་ལས་སོ། །ཁྱད་པར་ཡང་ནི་སེམས་ཅན་གྱི་དོན་བྱེད་པའོ། །བསྐྱེད་པའི་ཞིར་ལས་བྱུང་བ་ནི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་བའི་དུས་སུ། བདག་ལས་མི་གཉིས་པའི་གཟུགས་འོད་ཟེར་གྱི་ཚུལ་དུ་འཕྲོས་ཏེ། སངས་རྒྱས་ལ་མཆོད་
པ་ཕུལ་ནས། སེམས་ཅན་གྱི་དོན་ལ་གསོལ་བ་འདེབས་པ་སྟེ། དེའང་ཇི་ལྟར་འདེབས་ཤེ་ན། མི་བསྐྱོད་འཁོར་དང་བཅས་པ་ཡིས། །ཞེ་སྡང་ཅན་གྱི་རྒྱུད་སྦྱོངས་ཤིག །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ནས་སྒྲ་ལས་ཕྱེ་སྟེ་རྒྱས་པར་དེར་བཤད་པས། སྐབས་འདིར་སློབ་དཔོན་གྱིས་རྒྱས་པར་
མ་བཤད་དོ། །དེ་ནས་ཡང་གོང་དུ་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ཡན་ཆོད་ནི་ལས་ཀྱི་ཁྱད་པར་གྱི་ཏིང་ངེ་འཛིན་ཏོ། །དེ་ནས་དེ་རྫོགས་པར་བྱེད་པའི་ཡན་ལག་བསྟན་པར་བྱེད་པའི་ཕྱིར། དེ་ནས་སྤོས་ཀྱི་ཆུ་དག་ལས། སྔགས་བཟླས་པ་ཡིས་བསང་བྱ་སྟེ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ལས་
བཅོས་པའི་དེ་མ་ཐག་པའོ། །སྤོས་ཀྱི་ཆུ་ནི་བསང་ཆུའོ། །སྔགས་བཟླས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་སོ། །བསང་བ་ནི་མཆོད་པའི་རྫས་རྣམས་སོ། །ཕུང་པོས་བསྡུས་པའི་མཆོད་པ་ལྔ། །ཞེས་པ་ནི། འབྱུང་བ་ལྔ་ཡིས་བསྐྱེད་པའི་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་ཆབ་དང་། ཞལ་
ཟས་དང་ལྔའོ། །དེ་ཀ་ལ་རིམ་པ་བཞིན་ཞེས་གསུངས་སོ། །བྱིན་གྱིས་བརླབ་ཅེས་པ་ནི་སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་པུ་ཥྤེ་ཏྲཱཾ། བཛྲ་དྷཱུ་པེ་ཧཱུཾ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ། བཛྲ་གནྡྷེ་ཨཿ། བཛྲ་ནཻ་བི་དྱེ་ཧཱུཾ། ཞེས་རེ་རེ་ལའང་ལན་བརྒྱ་འམ་ཉི་ཤུ་རྩ་གཅིག་གམ། འོན་ཏེ་བདུན་བདུན་བཟླས་པས་ཤིན་
ཏུ་མང་ཞིང་རྒྱ་ཆེ་བར་བསམ་མོ། །དེ་ནས་ཡེ་ཤེས་སེམས་དཔའ་སྒྲུབ་པ་བསྟན་པའི་ཕྱིར། འདི་དག་རིམ་པའི་གོ་རིམས་ཀྱིས། །ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ། དེ་ཡང་རིགས་བསྡུས་པའི་ཕྱག་རྒྱ་ནི། ལག་གི་འདུ་བྱེད་ཆེན་པོ་ཡིན། །གར་ཐབས་གཡས་
གཡོན་བསྐོར་ནས་ནི། །སེ་གོལ་མང་པོ་བརྡབ་པར་བྱ། །བཛྲ་ས་མ་ཡ་ཛཿཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་དེ། སངས་རྒྱས་ཐམས་ཅད་གཤེགས་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །འཁོར་ལོའི་ཚོགས་མཆོག་ཐམས་ཅད་ཀུན། །དབང་པོའི་མངོན་སུམ་འདྲར་མཐོང་འགྱུར། །ཞེས་ཆོ་
Vol. 65 · folio 120a
ག་འདུས་པའི་རྒྱུད་ལས་གསུངས་སོ། །དེ་ལྟ་བུའི་དོན་ཡིད་ཀྱིས་མངོན་སུམ་དུ་བྱོན་པ་དེ་ལ་མཆོད་པ་ལྔས་མཆོད་ལ། མཉམ་མེད་ལ་སོགས་པས་བསྟོད་པ་བྱ་སྟེ་ཞེས་པའི་དོན་ནི་འདི་ཡིན་ཏེ། མཉམ་མེད་མི་གཡོ་མཉམ་ཉིད་ཆོས་མཆོག་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་དྲུག་སྡུག་
བསྔལ་སེལ། །ཡོན་ཏན་མཆོག་གི་དངོས་གྲུབ་སྦྱིན་མཛད་པ། །དྲི་མེད་མཉམ་ཉིད་དམ་པ་ཉིད་ལ་བསྟོད། །ཡོན་ཏན་ཤིན་ཏུ་ཕྲ་བ་ཚད་མེད་དེ། །ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་པ་མིན། །དངོས་གྲུབ་མཉམ་མེད་དཔེ་བྲལ་བ། །འགྲོ་ལ་ངེས་པར་སྩོལ་མཛད་བསྟོད། །རྟག་ཏུ་དྲི་མེད་ཐུགས་རྗེ་འབྱུང་། །
སྨོན་ལམ་འགྲུབ་པ་འགག་མེད་ཅན། །འགྲོ་བའི་དོན་སྒྲུབ་མཐའ་ཡས་པ། །བདག་ཉིད་རྟག་ཏུ་སྣང་ལ་བསྟོད། །ཚད་མེད་ཚད་བྲལ་ཡོངས་རྫོགས་པའི། །བདེ་གཤེགས་གོ་འཕང་བདེ་བརྙེས་ཀྱང་། །ཐུགས་རྗེའི་སྤྱོད་པ་འགག་མི་འགྱུར། །བཟང་པོ་ཤིན་ཏུ་མཆོག་ལྡན་བསྟོད། །མཆོག་སྦྱིན་ནང་ན་
མཆོག་བརྙེས་པས། །ཀུན་ལ་དངོས་གྲུབ་མཆོག་ཐོབ་མཛད། །མགོན་པོ་དུས་གསུམ་སྒྲིབ་མེད་པ། །དངོས་གྲུབ་དམ་པ་སྩོལ་ལ་བསྟོད། །དེ་ནས་གཙོ་བོའི་སྔགས་རིང་ལ་ཞེས་པ་ནི། ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ། བྷ་ག་བཱན་ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར་མ་ཧཱ་ཝཱ་ཙ། སརྦ་དྷརྨ་
ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿདྲྀ་ཤྱས་བལྟ། ཛཿཧཱུཾ་བཾ་ཧོཿས་གཉིས་མེད་བསྟིམ། ཨ་ཧཾ་གིས་ང་རྒྱལ་བྱ། ཨོཾ་བཛྲ་ཡཀྵ་ཞེས་པས་བགེགས་བསལ་ལོ། །དེ་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་པར་བསྟན་པའི་ཕྱིར། བཞི་ཡིས་རྒྱས་གདབ་དོན་མཆོག་སྒྲུབ། །ཅེས་
གསུངས་ཏེ། །བཞི་ནི་ཕྱག་རྒྱ་བཞི་སྟེ། དེ་ཡང་གང་ཞེ་ན། དམ་ཚིག་གི་ཕྱག་རྒྱ་དང་། ལས་དང་ཆོས་དང་། ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། ཕྱག་གཡོན་ཐམས་ཅད་ན་རང་རང་གི་མཚན་མ་འཛིན་པ་ནི་དམ་
ཚིག་གི་ཕྱག་རྒྱའོ། །ལྕེ་ལ་ཡི་གེ་ཧྲཱིཿལས་པདྨ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེའི་དབུས་སུ་ཧྲཱིཿལས་བྱུང་བའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོར་བསམས་ལ། དེའི་ལྕེ་ལ་ཡི་གེ་ཨ་བསམས་ཏེ་སྔགས་ཀྱི་ཡན་ལག་ཐམས་ཅད་རྫོགས་པ་ནི་ཆོས་ཀྱི་ཕྱག་
Vol. 65 · folio 120b
རྒྱའོ། །ཨ་ལས་སྣ་ཚོགས་རྡོ་རྗེ་ལྷ་ཐམས་ཅད་ཀྱི་སྤྱི་བོར་བསམས་ལ། གར་ལས་བྱུང་བའི་གཡས་ཐམས་ཅད་ན་རལ་གྲི་བསམ་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཇི་ལྟར་བྲིས་པའི་རྗེས་སུ་མཐུན་པར་གང་དང་གང་གི་གཟུགས་སུ་གསལ་ཞིང་དེའི་ངོ་བོ་རྣམ་པར་དག་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་ཕྱག་རྒྱ་བཞིས་
རྒྱས་བཏབ་པ་དེ་ལ་ཡང་དག་པའི་དོན་བསྒྲུབ་པས་ན། བཞི་ཡིས་རྒྱས་གདབ་དོན་མཆོག་འགྲུབ། །ཅེས་གསུངས་པ་ཡིན་ནོ། །དེ་ཡང་མདོ་ལས། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པ་དང་། ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །ཞེས་གསུངས་སོ། །དེ་ནས་མཆོད་
པའི་བྱེ་བྲག་གིས། ཞེས་པ་ནི། མཆོད་རྫས་རྣམས་བསངས་ལ་བྱིན་གྱིས་བརླབས་ཏེ། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དེ་ལ་མཆོད་པའི་བྱེ་བྲག་ཐམས་ཅད་ཀྱིས་མཆོད་དོ། །དེ་ཡང་གང་ཞེ་ན། བདག་ལས་མི་གཉིས་པ་དེ་ཡིས་སོ། །དེ་ནས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་བསྟོད་པས་
ཀྱང་བསྟོད་དོ། །མཆོད་ནས་ཕྱག་རྒྱ་བཞི་བྱ་བ། །ཞེས་པ་ནི། ཕྱག་རྒྱ་བཞིའི་དོན་དང་ལྡན་པར་བྱའོ་ཞེས་པའི་དོན་ཏོ། །དང་པོ་སངས་རྒྱས་ལ་སོགས་པའི་གནས་སུ་བྱ་བའི་རིམ་པའོ་ཞེས་པའི་དོན་ནི་འདི་ཡིན་ཏེ། ཨ་ལས་འོད་བྱུང་ཟླ་བའི་དཀྱིལ་འཁོར་གསལ་བར་བྱས། དེ་ལས་ཡེ་ཤེས་སེམས་དཔའ་དེ་ལས་
ཤེས་རབ་འཁོར་ལོ། དེ་ལས་དང་པོའི་སངས་རྒྱས་དེ་ལས་གཞིའི་སངས་རྒྱས། དེ་ལས་ལྷ་ཚོགས་དེ་ལས་གཞལ་ཡས་ཁང་དེ་ལས་སྣ་ཚོགས་རྡོ་རྗེ་དེ་ལས་ཆོས་འབྱུང་། དེ་ལས་བྱང་ཆུབ་ཆེན་པོའི་མཆོད་རྟེན། དེ་ལས་རྡོ་རྗེའི་སྒོ་དྲུག་ནས་འཐོན་ཏེ། ཤར་ཕྱོགས་དགེ་བའི་སྒོ་ལ་སོགས་པ་ནས་འོད་ཟེར་འཐོན་ཏེ།
སྲིད་པ་གསལ་བར་བྱས། དོན་རྣམ་པ་གཉིས་དང་། སངས་རྒྱས་ཀྱི་མཛད་པ་བྱས་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀར་ཞུགས། དཔལ་གྱི་བེའུ་ལ་བསྐོར་བ་ལན་གསུམ་བྱས། ཤེས་རབ་དང་ཡེ་ཤེས་ཀྱི་བཅུད་བསྡུས། སླར་རིམ་གྱིས་བཞི་པོའི་ཨ་ལ་ཐིམ་སྟེ། སྣང་སྟོང་གཉིས་མེད་
ཀྱི་ངོ་བོར་རྟོགས་པར་བྱའོ། །དེ་ལྟར་འཕྲོ་འདུ་བྱ་ཞིང་བསྒོམ་པ་ནི་བསྙེན་པ་བསྡུས་པའོ། །ཨོཾ་སརྦ་དྷརྨ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུ་དྡྷ་བཛྲ་ཨ་ཨཱ་ཨཾ་ཨཿཞེས་རྩ་བའི་སྔགས་བཟླ་ཞིང་འཕྲོ་འདུ་བྱེད་པ་ནི་བསྙེན་པ་འབྲིང་པོའོ། །བསྙེན་པ་རྒྱས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པ་ཡིན་ན། འདི་ལྟར་སངས་
Vol. 65 · folio 121a
རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་བར་དུའོ། །ཚིགས་སུ་བཅད་པ་བཅུ་བཞི་བརྗོད་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་ཡི་གེ་བརྒྱད་ཅུ་རྩ་དྲུག་འཕྲོས་པས་རྣམ་པར་སྣང་མཛད་མང་པོར་གྱུར་ཏེ། ཞིང་ཁམས་
ཐམས་ཅད་སྣང་ཞིང་མཆོད་གཏི་མུག་ཅན་གྱི་དོན་བྱས། སླར་གཞིའི་ལྷ་རྣམས་ལ་ཐིམ་པར་བྱ་ཞིང་བཀླགས་ན་རིང་པོ་མི་ཐོགས་པར་ཆོས་ཀྱི་རྒྱལ་པོར་འགྱུར་ཏེ། དེ་ནི་བསྙེན་པ་རྒྱས་པའོ། །དེ་ནས་ཐུན་གཏོང་བར་འདོད་ན། མཆོད་པའི་ཡོ་བྱད་རྣམས་ཀྱིས་ཡང་དག་པར་མཆོད་ལ། བདག་ལས་མི་
གཉིས་པའི་གཟུགས་སུ་རིམ་པ་ནས་རིམ་པར་འོད་ཟེར་གྱི་ཚུལ་དུ་འཐོན་ཏེ། ལས་ཀྱི་བྱ་བ་ལ་སོགས་པ་ལ་འཇུག་པར་བྱའོ། །དེ་ནས་ཐུན་གཉིས་པ་ལ་བདག་ལས་མི་གཉིས་པའི་གཟུགས་ཅན་དེ་སངས་རྒྱས་ཀྱི་མཛད་པ་རྫོགས་ནས། འོད་ཟེར་གྱི་ཚུལ་དུ་རིམ་པ་ནས་རིམ་པར་གཞི་ལ་ཐིམ་སྟེ། དེ་
ནས་ཅི་རིགས་པ་རུ་མཆོད་བསྟོད་བྱས་ལ་དོན་གསུམ་པོ་གང་ཡང་རུང་བ་ཅིག་ལ་འཇུག་པར་བྱའོ། །དེ་ནས་ཡང་གཏོང་བར་འདོད་ན་སྔོན་དུ་བསྟན་པ་ལྟ་བུར་བྱའོ། །དེ་ནས་ཐུན་གསུམ་པ་ལ་སྔོན་དུ་བསྟན་པ་ཇི་ལྟ་བ་བཞིན་བྱས་ལ། ཐུན་ཐ་མ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ཨོཾ་མཉྫུ་ཤྲཱི་བཛྲ་མུཿཞེས་
མདུན་གྱི་ནམ་མཁའ་ལ་ཕྱེ་ནས་བཞུགས་པ་དེ་ལ་མཆོད་པ་དང་བསྟོད་པ་དང་། བཤགས་པ་བྱས་ལ་གཤེགས་སུ་གསོལ། བསྐྱེད་པའི་མཚན་རྣམས་བདག་གི་ཐུགས་ཀར་བསྡུས་ལ། དང་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པར་བྱས་ཏེ་ཅི་བདེ་བར་སྤྱོད་ལམ་བྱའོ། །རྣལ་འབྱོར་དོན་དང་ལྡན་པ་
ཡིས། །འབད་ནས་ཐུན་གསུམ་དག་གིས་ནི། །ལྷ་ཡི་རྣལ་འབྱོར་བསྒོམ་པ་ན། །ངེས་པར་ཆོས་ཀྱི་རྒྱལ་པོ་ཐོབ། །ཅེས་ལེའུ་ཁྲི་དྲུག་སྟོང་པ་ལས་གསུངས་སོ། །མདོ་ཉིད་ལས་ཀྱང་། དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་གསུངས་སོ། །དེ་ལྟར་རྣལ་འབྱོར་པས་ཟླ་བ་
གསུམ་མམ། ཟླ་བ་གཅིག་གམ། འོན་ཏེ་དུས་རྒྱུན་དུ་མ་ཆད་པར་བསྒོམས་ན་དོན་གྱི་རྟགས་སམ་ལྷའི་སྣང་བ་གསལ་བ་དང་། གཟོད་བསྙེན་པའི་ལས་ལ་འཇུག་པར་བྱའོ། །དེ་ནས་སྣང་བ་མཐའ་ཡས་ལ་མེ་ཏོག་ཕོག་སྟེ། དེའི་རྣལ་འབྱོར་བྱེད་པར་འདོད་ན་སྔོན་དུ་བསྟན་པའི་གནས་
Vol. 65 · folio 121b
ཡིད་དང་འཐད་པ་རུ། ཡོ་བྱད་ལ་སོགས་པ་ཚུལ་བཞིན་བཤམས་ལ། སྟན་བདེ་བ་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས་གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་རྫོགས་པར་བྱ་སྟེ། གཙོ་བོའི་གནས་སུ་ཧྲཱིཿལས་ནི། ཞེས་པ་ནས། སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། །ཞེས་པའི་བར་
གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ལ་གཟོད་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ཏེ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་རུ་དང་པོའི་སངས་རྒྱས་དེའི་ལྟེ་བ་ལ་རྡོ་རྗེ་རྣོན་པོ་དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧྲཱིཿ། དེ་ལས་འོད་འཕྲོས་པས་ཟླ་བའི་དཀྱིལ་འཁོར་
སྣང་བར་བྱས། རྡོ་རྗེ་རྣོན་པོ་སྣང་བར་བྱས། གཙོ་བོ་སྣང་བ་མཐའ་ཡས་སྣང་བར་བྱས། གདན་དང་གཞལ་ཡས་ཁང་སྣང་བར་བྱས། རྡོ་རྗེ་རྒྱ་གྲམ་སྣང་བར་བྱས། ཆོས་འབྱུང་སྣང་བར་བྱས། བྱང་ཆུབ་ཆེན་པོའི་མཆོད་རྟེན་སྣང་བར་བྱས། ཡེ་ཤེས་ཀྱི་རྡོ་རྗེ་སྒོ་དྲུག་ནས་འཐོན་ནས་ཞིང་
ཁམས་དྲུག་སྣང་བར་བྱས། སངས་རྒྱས་ལ་མཆོད་པ་བྱས། སེམས་ཅན་གྱི་དོན་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས། སླར་རྡོ་རྗེ་ལ་བསྐོར་བ་ལན་གསུམ་བྱས་རྡོ་རྗེའི་སྒོ་དྲུག་ནས་ཚུར་རིམ་པ་རིམ་པར་ཧྲཱིཿལ་ཐིམ་སྟེ། ཧྲཱིཿའི་བྱིན་རླབས་ཀྱིས་མཚན་གྱི་ཡི་གེ་ཉིས་བརྒྱ་ཉི་ཤུར་གྱུར་
ཏེ། དེ་ལ་ཡང་གོང་མ་ལྟར་སྤྲོ་བསྡུ་བྱས་པས་ཕྱག་མཚན་དུ་གྱུར་ཏོ། །དེ་ལ་སྤྲོ་བསྡུ་བྱས་ཏེ། སྔགས་རིང་བརྗོད་པས་ལྷ་ཉིས་བརྒྱ་ཉི་ཤུར་གྱུར་ཏེ། དེ་ཡང་ཕོ་བྲང་གི་དབུས་སུ་བདུན་འཁོར་ལོ་བརྒྱད་ལ་དྲུག་དྲུག་ལྷ་རྣམས་ཀྱི་ཕྱོགས་བཞི་ལ་ང་ལྔ་ང་ལྔ་ཤེས་པར་བྱའོ། །དེ་ཡང་ཡེ་ཤེས་ལྔའི་ངོ་བོ་
སྟེ། རིགས་ཆུང་གི་དབྱེ་བས་སོ་སོར་རྟོག་པའི་ཡེ་ཤེས་དང་མེ་ལོང་ལྟ་བུའི་ཡེ་ཤེས་དང་། དེ་བཞིན་དུ་མཉམ་པ་ཉིད་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་དང་ལྔར་ཤེས་པར་བྱའོ། །དེ་ནས་ལས་རྒྱལ་མཆོག་དང་། ཡེ་ཤེས་སེམས་དཔའ་སྒྲུབ་པ་དང་། བསྙེན་པ་འབྲིང་པོ་ཡན་
ཆད་མཐུན་ནོ། །བསྙེན་པ་རྒྱས་པ་བྱེད་ན། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་བཞི་བཅུ་ཞེ་གཉིས་བརྗོད་པ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧྲཱིཿལས་མཚན་གྱི་ཡི་གེ་ཉིས་བརྒྱ་བདུན་ཅུ་རྩ་
Vol. 65 · folio 122a
ལྔ་བྱུང་ལ་འོད་དཔག་ཏུ་མེད་པའི་རང་བཞིན་དུ་འཕྲོས་པས་ལས་གཉིས་བྱས་འདོད་ཆགས་ཅན་གྱི་རྒྱུད་སྦྱངས་ཏེ། སླར་བཞི་པོ་ལ་ཐིམ་པས་བདེ་ཞིང་གསལ་བར་བལྟས་ལ་བཀླག་གོ །དེ་ནས་ཐུན་མཚམས་ལ་སོགས་པ་གོང་དང་མཐུན་ནོ། །དེ་ནས་མི་བསྐྱོད་པ་ལ་མེ་ཏོག་
ཕོག་ནས་དེའི་རྣལ་འབྱོར་བྱེད་པར་འདོད་ན། ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ་བདེ་བའི་སྟན་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས་གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་སྔོན་དུ་བསྟན་པ་བཞིན་དུ་བྱས་ལ། ཧཱུཾ་གི་ཡི་གེ་ལས་བསྐྱེད་པའི། །
ཞེས་པ་ནས། སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། །ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ཏེ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་སྟེ། གཙོ་བོ་མི་བསྐྱོད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ།
དེའི་ལྟེ་བ་ལ་རྡོ་རྗེ་རལ་གྲི། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་བསྒོམས་ཏེ། དེ་ལས་འོད་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། རྡོ་རྗེ་རལ་གྲི་སྣང་བར་བྱས། དང་པོའི་སངས་རྒྱས་སྣང་བར་བྱས། དེ་ནས་གཙོ་བོ་མི་བསྐྱོད་པ། དེ་ནས་གཞལ་ཡས་
ཁང་། དེ་ནས་རྡོ་རྗེ་རྒྱ་གྲམ། དེ་ནས་ཆོས་འབྱུང་། དེ་ནས་མཆོད་རྟེན། དེ་ནས་ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན་ཏེ། ཞིང་ཁམས་དྲུག་སྣང་བར་བྱས། ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས་སླར་རྡོ་རྗེ་ལ་བསྐོར་བ་ལན་གསུམ་བྱས། རྡོ་རྗེའི་སྒོ་དྲུག་ནས་
རིམ་པ་རིམ་པས་ཧཱུཾ་ལ་ཐིམ། ཧཱུཾ་གི་བྱིན་གྱི་རླབས་ཀྱིས་མཚན་གྱི་ཡི་གེ་ལྔ་བཅུ་རྩ་གཉིས་རང་རང་གི་གནས་སུ་གྱུར་ཏོ། །དེ་ལས་སྤྲོ་བསྡུས་པས་ཕྱག་མཚན་དུ་གྱུར་ཏོ། །དེ་སྤྲོ་བསྡུས་སྔགས་རིང་བརྗོད་པས་ལྷ་ལྔ་བཅུ་རྩ་གཉིས་སུ་གྱུར་ཏེ། ཕོ་བྲང་གི་དབུས་སུ་བདུན། འཁོར་ལོ་
བརྒྱད་ལ་རེ་རེ། ཕྱོགས་བཞིར་ལྷ་སྣམ་ལ་བཅུ་བཞི་བཅུ་བཞི་དགོད་པར་བྱའོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་ལས་བཅོལ་བ་དང་བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ། །རྒྱས་པར་བྱེད་ན། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །
Vol. 65 · folio 122b
ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་དུ་ཚིགས་བཅད་བཅུ་དང་། རྐང་པ་གཅིག་ལྷག་པ་བརྗོད་པས་སྔ་མ་བཞིན་དུ་མི་བསྐྱོད་པ་འཕྲོས་འདུས་པས་ཞེ་སྡང་ཅན་གྱི་རྒྱུད་སྦྱང་བ་ལ་སོགས་པ་བྱའོ། །ཐུན་མཚམས་ནི་གོང་དང་མཐུན་ནོ། །དེ་ནས་རྣམ་པར་སྣང་མཛད་
ལ་མེ་ཏོག་ཕོག་ནས་དེའི་རྣལ་འབྱོར་བྱེད་པར་འདོད་ན་ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ་སྟན་བདེ་བ་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་སྔོན་བཞིན་བྱས་ལ། དེ་བཞིན་འཁོར་ལོའི་
དབུས་ཉིད་དུ། །ཞེས་བྱ་བ་ནས། སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། །ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ལ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་སྟེ། རྣམ་སྣང་གི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ། དེའི་ལྟེ་བ་ལ་ཤེས་རབ་
ཡེ་ཤེས། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཨ། དེ་འཕྲོས་པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། དེ་ནས་ཤེས་རབ་ཡེ་ཤེས། དེ་ནས་ཤེས་རབ་འཁོར་ལོ། །དེ་ནས་དང་པོའི་སངས་རྒྱས། དེ་ནས་གཙོ་བོ་རྣམ་སྣང་། དེ་ནས་གཞལ་ཡས་ཁང་། དེ་ནས་རྡོ་རྗེ་རྒྱ་གྲམ། དེ་ནས་ཆོས་
འབྱུང་། དེ་ནས་མཆོད་རྟེན། དེ་ནས་ཡེ་ཤེས་ཀྱི་སྒོ་རྡོ་རྗེའི་སྒོ་དྲུག་ནས་འཐོན་ཏེ། ཞིང་ཁམས་དྲུག་སྣང་བར་བྱས་ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས། སླར་རྡོ་རྗེ་ལ་བསྐོར་བ་ལན་གསུམ་བྱས་ཏེ། རྡོ་རྗེའི་སྒོ་དྲུག་ནས་རིམ་པ་རིམ་པར་ཨ་ལ་ཐིམ་སྟེ། ཨའི་བྱིན་གྱི་
རླབས་ཀྱིས་མཚན་གྱི་ཡི་གེ་བརྒྱ་བཞི་བཅུ་ཞེ་བཞི་རང་གི་གནས་སུ་སྤྲོས་ལ་དེ་འདུས་པ་ལས་ཕྱག་མཚན་དུ་གྱུར་ཏོ། །དེ་སྤྲོ་བསྡུ་བྱ་ཞིང་སྔགས་རིང་བརྗོད་པས་ལྷ་བཞི་བཅུ་ཞེ་བཞིར་གྱུར་ཏོ། །དེ་ཡང་ཕོ་བྲང་གི་དབུས་སུ་ལྔ། འཁོར་ལོ་བརྒྱད་ལ་བཞི་བཞི་ཕྱོགས་བཞིར་ལྷ་སྣམ་ལ་སོ་
དྲུག་སོ་དྲུག་གོ །དེ་ཡང་མཉམ་པ་ཉིད་ཀྱི་མེ་ལོང་ལ་སོགས་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་ལས་བཅོལ་ནས་བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ། །རྒྱས་པར་བྱེད་ན། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞབས་པ་ཆེ། །ཞེས་པའི་
Vol. 65 · folio 123a
བར་དུ་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔར་ཚིག་རྐང་གཅིག་གིས་མ་ཚང་བ་བརྗོད་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་ཡི་གེ་བརྒྱ་བརྒྱད་ཅུ་རྩ་གཅིག་འཕྲོས་པས་རྣམ་སྣང་མང་པོར་གྱུར་ཏེ། ཞིང་ཁམས་ཐམས་ཅད་སྣང་ཞིང་ལས་གཉིས་བྱས་གཏི་མུག་ཅན་གྱི་དོན་བྱས་
ཏེ་སླར་གཞིའི་ལྷ་རྣམས་ལ་ཐིམ་པར་བྱ་ཞིང་བཀླག་གོ །ཐུན་མཚམས་ནི་གོང་མ་དང་མཐུན་ནོ། །དེ་ནས་དོན་ཡོད་གྲུབ་པ་ལ་མེ་ཏོག་ཕོག་ནས་དེའི་རྣལ་འབྱོར་བྱེད་པར་འདོད་ན། ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ་བདེ་བའི་སྟན་ལ་འདུག་སྟེ།
ལྕེ་ལག་བྱིན་གྱིས་བརླབ་པ་ནས། གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་སྔོན་བཞིན་དུ་བྱས་ལ། དེ་བཞིན་འཁོར་ལོའི་དབུས་ཉིད་དུ། ཞེས་པ་ནས། སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། །ཞེས་པའི་བར་གྱིས་སྦྱོར་བ་དང་པོ་རྫོགས་པར་བྱས་ལ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་
ཏེ། གཙོ་བོ་དོན་ཡོད་གྲུབ་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་དེའི་ལྟེ་བ་ལ་ཡེ་ཤེས་ཀྱི་སྐུ་ཅན། དེའི་ཐུགས་ཀར་ཨ་ལས་ཟླ་བ་དེའི་སྟེང་དུ་ཡི་གེ་ཨ། དེ་ལས་འཕྲོས་པའི་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། ཡེ་ཤེས་
སྐུ་ཅན་ཤེས་རབ་འཁོར་ལོ། དང་པོའི་སངས་རྒྱས། གཙོ་བོ་དོན་ཡོད་གྲུབ་པ། གཞལ་ཡས་ཁང་། རྡོ་རྗེ་རྒྱ་གྲམ་ཆོས་འབྱུང་མཆོད་རྟེན། དེ་ནས་ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན་ནས་ཞིང་ཁམས་དྲུག་སྣང་བར་བྱས། ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅུད་
བསྡུས། སླར་རྡོ་རྗེ་ལ་བསྐོར་བ་ལན་གསུམ་བྱས་ཏེ། ཁ་དོག་དྲུག་དང་ལྡན་པའི་འོད་ཟེར་དེ་རིམ་པ་རིམ་པར་ཨ་ལ་ཐིམ་པས། ཨའི་བྱིན་གྱི་རླབས་ཀྱིས་མཚན་གྱི་ཡི་གེ་བདུན་ཅུ་རྩ་དྲུག་ཏུ་གྱུར། དེ་རང་རང་གནས་སུ་སྤྲོས་སོ། །དེ་ལ་སྤྲོ་བསྡུ་བྱས་པས་ཕྱག་མཚན་དུ་གྱུར་ཏོ། །དེ་ནས་
སྤྲོ་བསྡུ་བྱས་ཏེ་སྔགས་རིང་བརྗོད་པས་ལྷ་བདུན་ཅུ་རྩ་བདུན་དུ་གྱུར་ཏོ། །དེ་ཡང་ཕོ་བྲང་གི་དབུས་སུ་བདུན། ཕྱོགས་བཞིར་འཁོར་ལོ་ལ་གཉིས་གཉིས་མཚམས་བཞིར་རེ་རེ་ཕྱོགས་བཞིའི་ལྷ་རྣམས་ལ་བཅུ་དགུ་བཅུ་དགུ་ཤེས་པར་བྱའོ། །དེ་ཡང་བྱ་བ་གྲུབ་པའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་ཤེས་པར་
Vol. 65 · folio 123b
བྱའོ། །དེ་ནས་ལས་བཅོལ་བ་ནས་བསྙེན་པོ་འབྲིང་པོ་ཡན་ཆད་མཐུན་ནོ། །རྒྱས་པར་བྱེད་ན། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་གྱིས་ཚིགས་བཅད་བཅོ་ལྔ་བརྗོད་པས་ཡི་གེ་དགུ་བཅུ་རྩ་ལྔར་གྱུར་ཏེ།
དོན་ཡོད་གྲུབ་པས་དོན་གཉིས་བྱས། ལེ་ལོ་ཅན་གྱི་རྒྱུད་སྦྱངས་ནས་སླར་རིམ་གྱིས་གཞི་ལ་ཐིམ་པར་བྱ་ཞིང་བཟླས་སོ། །ཐུན་མཚམས་ནི་གོང་དང་མཐུན་ནོ། །དེ་ནས་རིན་ཆེན་འབྱུང་ལྡན་ལ་མེ་ཏོག་ཕོག་ནས་དེའི་རྣལ་འབྱོར་བྱེད་པར་འདོད་ན་ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་
སོགས་པ་གཞུང་བཞིན་དུ་བཤམས་ལ། བདེ་བའི་སྟན་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས་གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་སྔོན་བཞིན་བྱས་ལ། དེ་ནས་སྔོན་བཞིན་དཀྱིལ་འཁོར་ཞེས་པ་ནས། སྤྲོ་དང་བསྡུ་བ་སྔོན་བཞིན་བྱ། །ཞེས་པའི་བར་གྱིས་སྦྱོར་བ་དང་པོ་
རྫོགས་པར་བྱས་ལ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་སྟེ། རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ། དེའི་ལྟེ་བ་ལ་ངག་གི་དབང་ཕྱུག །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་ལྟེ་བ་ལ་ཡི་གེ་ཨ། དེ་ལས་འོད་འཕྲོས་
པས་ཟླ་བའི་དཀྱིལ་འཁོར་སྣང་བར་བྱས། ངག་གི་དབང་ཕྱུག་ཤེས་རབ་འཁོར་ལོ། དང་པོའི་སངས་རྒྱས། གཙོ་བོ་གཞལ་ཡས་ཁང་རྡོ་རྗེ་རྒྱ་གྲམ། ཆོས་འབྱུང་། བྱང་ཆུབ་ཆེན་པོའི་མཆོད་རྟེན་སྣང་བར་བྱས་ཏེ། ཡེ་ཤེས་ཀྱི་རྡོ་རྗེའི་སྒོ་དྲུག་ནས་འཐོན་ཞིང་ཁམས་དྲུག་སྣང་བར་བྱས་
དོན་གཉིས་བྱས། བདེ་བར་གཤེགས་པའི་བཅུད་བསྡུས། སླར་རྡོ་རྗེ་ལ་བསྐོར་བ་ལན་གསུམ་བྱས། ཁ་དོག་དྲུག་དང་ལྡན་པའི་འོད་ཟེར་དེ་སླར་རིམ་པ་རིམ་པས་ཨ་ལ་ཐིམ་པས་ཨའི་བྱིན་གྱི་རླབས་ཀྱིས་མཚན་གྱི་ཡི་གེ་བརྒྱད་ཅུ་རྩ་བཞི་རང་རང་གི་གནས་སུ་སྤྲོས་ཏེ། དེ་སྤྲོས་བསྡུས་པས་
ཕྱག་མཚན་དུ་གྱུར་ཏོ། །དེ་ནས་སྤྲོ་བསྡུ་བྱས་ནས་སྔགས་རིང་བརྗོད་པས་ལྷ་བརྒྱད་ཅུ་རྩ་བཞིའི་ངོ་བོར་གྱུར་ཏེ། ཕོ་བྲང་གི་དབུས་སུ་བཞི། འཁོར་ལོ་བརྒྱད་ལ་གཉིས་གཉིས། ཕྱོགས་བཞིའི་ལྷ་སྣམ་ལ་ཉི་ཤུ་རྩ་གཅིག་རྩ་གཅིག་འདི་དག་ཀུན་ལ་ལྷ་མོ་བརྒྱད་བརྒྱད། སྒོ་བ་བཞི་
Vol. 65 · folio 124a
ཀུན་ལ་བཀོད་པར་ཤེས་པར་བྱའོ། །རིགས་ཁ་ཕྲལ་གྱི་དཀྱིལ་འཁོར་ལྔ་པོ་འདི་ནི་འཁོར་ལོ་རྩིབས་བརྒྱད་པ་སྒོ་རྐྱང་པ་རེ་ལས་མེད་དོ། །དེ་ནས་ལས་བཅོལ་བ་དང་། བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ། །རྒྱས་པར་བྱེད་ན། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་
པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་དུ་ཚིགས་བཅད་ཉི་ཤུ་རྩ་བཞི་བརྗོད་པས་སྔགས་ཀྱི་ཡི་གེ་བརྒྱ་རྩ་བཞི་བྱུང་སྟེ། རིན་ཆེན་འབྱུང་ལྡན་མང་པོ་གྱུར་ཏེ། ལས་གཉིས་བྱས་ནས་སེར་སྣ་ཅན་གྱི་རྒྱུད་སྦྱངས་ཏེ། སླར་རིམ་གྱིས་གཞི་པོ་ལ་ཐིམ་མོ། །ཐུན་མཚམས་ནི་གོང་དང་
མཐུན་ནོ། །དེ་རྣམས་ནི་རིགས་ཁ་ཕྲལ་བའི་དཀྱིལ་འཁོར་རོ། །དེ་ནས་རིགས་བསྡུས་པ་བྱང་སེམས་རྡོ་རྗེ་བྱེད་པར་འདོད་ན་ཡིད་དང་མཐུན་པའི་གནས་སུ་ཡོ་བྱད་ལ་སོགས་པ་གཞུང་བཞིན་དུ་བཤམས་ལ། བདེ་བའི་སྟན་ལ་འདུག་སྟེ། ལྕེ་ལག་བྱིན་གྱིས་བརླབ་པ་ནས། སྣ་ཚོགས་རྡོ་རྗེ་ཡན་ཆད་སྔོན་
བཞིན་བསྒོམས་ལ། དེའི་ལྟེ་བ་ལ་ཡི་གེ་བྷྲཱུཾ་ལས་གྱུར་པའི་གཞལ་ཡས་ཁང་། གྲུ་བཞི་པ་ལ་སྒོ་བཞི་པ། དབུས་ན་དཀྱིལ་འཁོར་སྒོ་རྐྱང་པ་ལྔ་ཡོད་པ་ལྷའི་སྣམ་བུ་ལ་སོགས་པ་དང་ལྡན་པ། རྟ་བབས་མེད་པ། རྒྱན་ཐམས་ཅད་ཕྱིའི་སྒོ་ལ་བརྒྱན་པའོ། །དཀྱིལ་འཁོར་དྲུག་པོ་དེ་ལ་
ཇི་ལྟར་གསུངས་པའི་གདན་ཐམས་ཅད་བསམ་པར་བྱའོ། །དེའི་དབུས་སུ་ས་ལས་སེང་གེའི་ཁྲི། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བྱང་སེམས་རྡོ་རྗེ་སྐུ་མདོག་དཀར་པོ་གཞོན་ནུའི་ཚུལ་
ཅན་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་བསྣམས་པ་བསྐྱེད་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་དང་པོའི་སངས་རྒྱས། དེའི་ཐུགས་ཀར་ཤེས་རབ་འཁོར་ལོ་རྩིབས་བརྒྱད་པ་ལ་ཡི་གེ་འབྲུ་དགུ་ལ་བདུན་ལ་རེ་རེ། གཅིག་ལ་
གཉིས་བཀོད་ལ། ཕྲེང་བའི་ཡི་གེ་རྣམས་གཞན་དང་མཐུན། དེའི་ལྟེ་བ་ལ་ཨ་ལས་བསྐྱེད་པའི་ཨ་ར་པ་ཙ་ན་མདོག་དཀར་བ་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་ན་ཡི་གེ་ཨ་དཀར་པོ་དེ་ལས་འོད་ཁ་དོག་རྣམ་པ་དྲུག་དང་ལྡན་པ་བྱུང་སྟེ། འོད་དེས་མི་ཤེས་པའི་
Vol. 65 · folio 124b
རི་བོ་བཅོམ་ནས་རང་གི་ལུས་ཉིད་སྣང་བར་བྱེད་པ་བསྒོམ་པར་བྱའོ། །སྣང་བར་གྱུར་མ་ཐག་ཏུ་རིམ་པ་ནས་འོད་རིམ་པར་གསལ་བར་བྱས་ཏེ། འཇིག་རྟེན་གྱི་ཁམས་སྣང་བར་བྱས་སོ། དེ་ནས་རྡོ་རྗེའི་སྒོ་དྲུག་ནས་ཁ་དོག་དྲུག་དང་ལྡན་པའི་འོད་དེ་བྱུང་སྟེ། ནམ་མཁའི་ཁམས་ཀུན་ཁྱབ་པར་བྱས་ནས།
སངས་རྒྱས་ཀྱི་ཞིང་ཁམས་གསལ་བར་གྱུར་ཏོ། །ལས་གཉིས་བྱས། དེ་བཞིན་གཤེགས་པའི་བཅུད་བསྡུས། ཐུགས་དཔལ་གྱི་བེའུ་ལ་བསྐོར་བ་ལན་གསུམ་བྱས། ཤེས་རབ་དང་ཡེ་ཤེས་བཀུག་ནས་རིམ་པ་ནས་རིམ་པར་ཐིམ་སྟེ། སྙིང་གའི་ཟླ་བ་ལ་གནས་པའི་སྔགས་དང་གཅིག་ཏུ་
འདྲེས་པར་གྱུར་ནས་དེ་ཉིད་བརྟན་པར་ཡང་དང་ཡང་དུ་བསྒོམ། དེ་ལྟར་བསྒོམས་པས་ཕྱིར་རིང་པོར་མི་ཐོགས་པས་ཡེ་ཤེས་ཀྱི་སྒོ་ནས་སྐུ་དང་། ཨའི་སྒོ་ནས་གསུང་དང་། ཟླ་བའི་སྒོ་ནས་ཐུགས་དང་གསུམ་ཐོབ་སྟེ། སྤྲུལ་པའི་སྐུ་ཡང་ཐོབ་པར་འགྱུར་རོ། །དེ་ལྟར་སྦྱོར་བ་དང་པོ་རྫོགས་ནས་དཀྱིལ་
འཁོར་རྒྱལ་མཆོག་བསྒོམ་སྟེ། གཙོ་བོ་བྱང་སེམས་རྡོ་རྗེའི་ཐུགས་ཀར་གདན་ཟླ་བ་ལ་སོགས་པ་དྲུག་གསལ་བར་བྱས་ལ། དེའི་ཨ་ལས་འོད་འཕྲོས་པས་རིམ་པ་ནས་རིམ་པར་གསལ་བར་བྱས་ཏེ། དོན་གཉིས་བྱས་དེ་བཞིན་གཤེགས་པའི་བཅུད་བསྡུས། སླར་རིམ་པ་ནས་རིམ་པར་ཨ་ལ་
ཐིམ་པས། ཨའི་བྱིན་གྱི་རླབས་ལས་མཚན་གྱི་ཡི་གེ་ལྔ་བཅུ་རྩ་གསུམ་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སྤྲོས་སོ། །དེ་ལ་སྤྲོ་བ་དང་བསྡུ་བ་བྱས་ནས་ཕྱག་མཚན་དུ་གྱུར་ཏོ། །དེ་ནས་ཡང་སྤྲོ་བསྡུ་བྱས་ནས་སྔགས་རིང་བརྗོད་པས་ལྷ་ལྔ་བཅུ་རྩ་གསུམ་གྱི་ངོ་བོར་གྱུར་ཏོ། །དེ་ནས་རྣམ་པར་
སྣང་མཛད་ཀྱི་ཆོ་འཕྲུལ་གྱིས་ལྷ་བཞི་བཅུ་རྩ་བཞིར་སྤྲུལ་ལོ། །དེ་ནས་མི་བསྐྱོད་པའི་ཆོ་འཕྲུལ་གྱིས་ལྷ་ལྔ་བཅུ་རྩ་གཉིས་སུ་སྤྲུལ་ལོ། །དེ་ནས་སྣང་བ་མཐའ་ཡས་ཀྱི་ཆོ་འཕྲུལ་གྱིས་ལྷ་ཉིས་བརྒྱ་ཉི་ཤུར་སྤྲུལ་ལོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་ཆོ་འཕྲུལ་གྱིས་ལྷ་ལྔ་བཅུ་རྩ་བཞིར་སྤྲུལ་
ལོ། །དེ་ནས་དོན་ཡོད་པའི་ཆོ་འཕྲུལ་གྱིས་ལྷ་བདུན་ཅུ་རྩ་དྲུག་ཏུ་སྤྲུལ་ལོ། །སྤྱིར་དཀྱིལ་འཁོར་དྲུག་པོ་འདི་ལ་མཚན་བརྒྱད་བརྒྱ་དང་། བཅུ་གཉིས་ཡོད་དེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་མཚན་སུམ་ཅུ་སོ་གསུམ་ཕྲི་བས་ལྷ་ནི་བདུན་བརྒྱ་བདུན་ཅུ་རྩ་དགུའོ། །རིགས་
Vol. 65 · folio 125a
བསྡུས་ཀྱི་དཀྱིལ་འཁོར་ལ་དགོད་ན། དགོད་རྒྱུ་དྲུག་བརྒྱ་སུམ་ཅུ་སོ་གསུམ་མོ། །དེའི་ལྷག་མ་དབུས་སུ་ཐིམ་པ་བརྒྱ་བཞི་བཅུ་ཞེ་དྲུག་ཡོད་པ་ལ་རྣམ་སྣང་གི་དཀྱིལ་འཁོར་དུ་སུམ་ཅུ་སོ་བདུན་ཐིམ། མི་བསྐྱོད་པར་བཅོ་ལྔ། སྣང་བ་མཐའ་ཡས་སུ་ལྔ་བཅུ་རྩ་ལྔ། རིན་ཆེན་
འབྱུང་ལྡན་དུ་ཉི་ཤུ་ཐམ་པ། དོན་ཡོད་གྲུབ་པར་བཅུ་དགུ་སྟེ་བརྒྱ་བཞི་བཅུ་ཞེ་དྲུག་གོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའི་དུས་སུ་རྡོ་རྗེ་དབྱིངས་ནི་བྱང་སེམས་རྡོ་རྗེས་སོ། །ལྷག་མ་ནི་རང་རང་གི་ཆོ་འཕྲུལ་བྱས་ཏེ། དང་པོའི་སངས་རྒྱས་མི་འགྱུར། གཞིའི་སངས་རྒྱས་དང་ཐུགས་
ཀའི་ཡེ་ཤེས་སེམས་དཔའ་བདག་གི་བློ་ཡིས་བསྒྱུར་བར་ཤེས་པར་བྱའོ། །དེ་ཀ་ལ་ཤེས་རབ་འཁོར་ལོ་བདུན་འགྱུར་གྱི་གདམས་ངག་ཅེས་བྱའོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ནས་དེ་ནས་ལས་བཅོལ་བ་དང་བསྙེན་པ་འབྲིང་པོ་ཡན་ཆད་མཐུན་ནོ། །རྒྱས་པར་ཀློག་ན་སྔགས་ཀྱི་ཚིག་
བརྗོད་པ་དང་མུ་ཁྱུད་དང་། འཁོར་ལོ་ཀུན་ལ་འོད་བྱུང་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པར་སྤྲོས་ཏེ། མཆོད་ཅིང་བསྐུལ་ལ་དོན་བྱས་ནས་སླར་འདུས་ཏེ་དཀྱིལ་འཁོར་ཆེན་པོ་རང་གི་གནས་སུ་བཞུགས་པའམ། མི་ལྕོགས་ན་ཡིག་འབྲུ་རྣམས་ལ་ཐིམ་པའོ། །སངས་རྒྱས་རྣམ་པར་
སྣང་མཛད་ཆེ། །ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་ཚིགས་བཅད་ཉི་ཤུ་རྩ་ལྔར་རྐང་པ་གཅིག་གིས་མ་ཚང་བ་བརྗོད་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལས་སྒྲ་ཡིག་བརྒྱད་ཅུ་རྩ་བཞི་འཕྲོས་པས་རྣམ་པར་སྣང་མཛད་མང་པོར་གྱུར་ཏེ་ཞིང་ཁམས་ཐམས་ཅད་
སྣང་ཞིང་མཆོད། གཏི་མུག་ཅན་བཏུལ་ནས་འཁོར་ལོ་དང་པོའི་ཡི་གེ་ལ་ཐིམ་པའམ་སྐུར་གནས་པའོ། །དེ་ནས་རྡོ་རྗེ་འཇིགས་བྱེད་ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་དུ་ཚིགས་བཅད་བཅུ་དང་རྐང་པ་གཅིག་གིས་ལྷག་པ་བརྗོད་པས་སྔ་མ་བཞིན་དུ་ཁྲོ་བོ་སྤྲོས་ཏེ། ཞེ་སྡང་
ཅན་བཏུལ་ནས་འཁོར་ལོ་གཉིས་པའོ། །ཡང་དག་བདག་མེད་ཅེས་བྱ་བ་ནས་ཡེ་ཤེས་མེ་ལྕེའི་བར་དུ་ཚིགས་བཅད་བཞི་བཅུ་རྩ་གཉིས་བརྗོད་པས་ཡི་གེ་ཉིས་བརྒྱ་བདུན་ཅུ་རྩ་ལྔ་བྱུང་སྟེ། འོད་དཔག་ཏུ་མེད་པས་འདོད་ཆགས་ཅན་བཏུལ་ནས་འཁོར་ལོ་གསུམ་པའོ། །འདོད་པའི་དོན་གྲུབ་
Vol. 65 · folio 125b
ནས། རིན་ཆེན་ཏོག་གི་བར་དུ་ཚིགས་བཅད་ཉི་ཤུ་རྩ་བཞི་བརྗོད་པས་སྔགས་ཀྱི་ཡི་གེ་བརྒྱད་ཅུ་རྩ་བཞི་བྱུང་ནས་ནམ་མཁའི་སྙིང་པོར་གྱུར་ནས་སེར་སྣ་ཅན་བཏུལ་ནས་འཁོར་ལོ་བཞི་པའོ། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གི་བར་དུ་ཚིགས་བཅད་
བཅོ་ལྔ་བརྗོད་པས་ཡི་གེ་དགུ་བཅུ་རྩ་ལྔ་བྱུང་སྟེ། དོན་ཡོད་གྲུབ་པས་ལེ་ལོ་ཅན་བཏུལ་ནས་སླར་ལྔ་པར་གནས་སོ། །འཁོར་ལོ་དྲུག་ནི་ཐམས་ཅད་སྤྱིའོ། །དེ་ནས་མཆོད་སྦྱིན་ལ་སོགས་པའི་དོན་བསྡུས་པའམ་བསྟོད་པའོ། །སྔགས་ནི་གོང་དུ་བཀོད་པ་ཉིད་དོ། །དེ་ནས་ལ་སོགས་པ་ནི་ཡི་རང་
བའི་བསྟོད་པའོ། །ཕན་ཡོན་ཡང་བརྗོད་པར་བྱ་སྟེ། བདག་དང་གཞན་སྤྲོ་བ་བསྐྱེད་པའོ། །དེ་ནས་ཐུན་མཚམས་ནི་གོང་དང་མཐུན་ནོ། །དེ་ཡན་ཆད་ནི་གོང་དུ་བསྙེན་པའི་རིམ་པའོ། །དེ་ནས་རྡུལ་ཚོན་གྱི་ཆོ་གའི་རིམ་པ་བསྟན་ཏེ། དེ་ནས་རང་དགའི་གནས་ཉིད་དུ། །ཞེས་པ་ནི་ལྷ་ཁང་ངམ།
མཆོད་རྟེན་ནམ། ཀུན་དགའ་ར་བའམ། སྐྱེད་མོས་ཚལ་ལམ། ཡིད་དང་མཐུན་པའི་གནས་སུ་བསྙེན་པའི་དཀྱིལ་འཁོར་བྱའོ་ཞེས་པའི་དོན་ཏོ། །དེ་ཀ་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བར་བྱ་ཞེས་གསུངས་པ་ཁོ་ནའོ། །ས་དེ་ཡོངས་སུ་གཞུང་བཞིན་སྦྱང་། གཟུང་དང་ལྡན་པས་གཞུང་བཞིན་དུ་བྱ་
བའི་བྱེ་བྲག་གཞན་ནའོ། །ཞེས་གསུངས་པའི་དོན་ནི་འདི་ཡིན་ཏེ། དེའི་འོག་ཏུ་(ཉིད་‚ཉིན་)རེའམ། ཟླ་རེ་འམ་ལོ་རེ་ཉིད་དུ་ཇི་ལྟར་མོས་པ་དགའ་བར་བསྒྲུབ་ཅིང་། ཟླ་བ་ཡར་ངོ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་རྒྱལ་པོས་ཁྲུ་བརྒྱའམ། ཁྲུ་ལྔ་བཅུའམ། བློན་པོ་དང་བློན་པོ་ཆེན་པོ་
རྣམས་ཀྱིས་ཁྲུ་ནི་ལྔ་བཅུའམ་ཉི་ཤུ་རྩ་ལྔའོ། །དེད་དཔོན་ནམ་ཚོང་དཔོན་རྣམས་ཀྱིས་ཁྲུ་ཉི་ཤུ་རྩ་ལྔའམ་དེའི་ཕྱེད་དོ། །སྒྲུབ་པ་པོ་རྣམས་ཀྱིས་ཁྲུ་བཅུ་གཉིས་སམ་དྲུག་པའམ་ཅི་ནུས་པ་བྱའོ། །དེ་ལ་དང་པོར་རེ་ཞིག་ཡོ་བྱད་ཐམས་ཅད་ཡང་དག་པར་ལྡན་པའི་མངོན་པར་འདོད་པའི་དཀྱིལ་འཁོར་
གྱི་སའི་དབུས་སུ། མི་རུས་ཀྱི་ཕྱེ་མའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱིས་བགེགས་ཉེ་བར་བཟློག་ལ། བདག་དང་སློབ་མ་ལ་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་ས་སྦྱང་བར་བྱ་སྟེ། འདོམ་གང་ངམ། ཁྲུ་གང་ཙམ་འོག་ཏུ་བརྐོས་ལ། དྲི་ཞིམ་པོའི་ཆུས་གཏོར་བའི་སས་སླར་བཀང་
Vol. 65 · folio 126a
ལ། རྡོ་རྗེ་རྩེ་མོས་མངོན་པར་བསྔགས་པའི་སྤོས་ཆུས་ཆག་ཆག་བཏབ་སྟེ། ཀུན་ཏུ་བརྡུངས་ལ་ཤིན་ཏུ་མཉམ་པའི་ཁང་པ་བརྩེགས་མའི་ནང་དུ་ཆུད་པ། རྟ་བབས་བཞིས་མཛེས་པར་བྱས་པ། སྒོ་བཞི་དང་སྐར་ཁུང་ཅན་ལ་སོགས་པས་ཡོངས་སུ་བསྐོར་ལ།
མཐའ་མ་རྣམས་སུ་ལེགས་པར་བྲིས་ཤིང་དྲིལ་བུ་བཏགས་པའི་རྒྱལ་མཚན་མང་པོ་གཟུགས་པ་དང་། བླ་རེ་དམ་པ་བྲེས་པ་དང་། སངས་རྒྱས་རིན་པོ་ཆེ་ལ་སོགས་པའི་རས་རིས་ཉེ་བར་མཛེས་པར་བྱས་ལ། བའི་ལྕི་བས་ཡང་དག་པར་སྦྱངས་ཤིང་དྲིས་ཉེ་བར་བྱུག་པ་དང་། མཚམས་
བཞིར་སྤོས་ཁང་བཞག་ལ། མེ་ཏོག་དང་གོས་ལ་སོགས་པས་ཉེ་བར་མཛེས་པར་བྱས་ལ་ལག་པ་ས་ལ་བཞག་སྟེ་ཧཱུཾ་བཞི་དང་ཡི་གེ་བརྒྱ་པ་ལན་བདུན་དུ་བཟླས་པར་བྱའོ། །དེ་ནས་ཁྲུས་དང་དྲིས་བྱུགས་ལ་གོས་དམར་པོའི་སྟོད་གཡོགས་དང་། ཟེའུ་ཀ་བཅིངས་ལ། མེ་ཏོག་གི་ཕྲེང་བ་གདགས་
ཤིང་། གདོང་དྲི་ཞིམ་པོས་བྱུགས་ལ་གདུ་བུ་དང་རྣ་རྒྱན་ལ་སོགས་པས་བདག་ཉིད་ལེགས་པར་བརྒྱན་ཏེ། ཟླ་བ་ཉ་ནས་བརྩམས་ཏེ་ཕྱི་མའི་བར་དུ་དཀྱིལ་འཁོར་གྱི་ལས་བྱ་བའམ། ཡར་གྱི་ངོའི་ཚེས་གཅིག་ནས་བརྩམས་པའམ། དེ་བཞིན་དུ་ཚེས་བརྒྱད་དང་། དགུའམ་བཅུའམ།
བཅུ་གསུམ་དང་ཚེས་བཅུ་བཞི་རྣམས་ནས་བརྩམས་ལ་ཉའི་བར་དུའམ། སྔ་དྲོའི་དུས་སུ་བརྩམ་པར་བྱའོ། །དེ་ལ་དང་པོ་དཀྱིལ་འཁོར་གྱི་སའི་དབུས་སུ་གནས་ལ། བགེགས་བསལ་བ་ལ་སོགས་པ་བྱ་སྟེ། སེམས་དཔའི་སྐྱིལ་ཀྲུང་དུ་འདུག་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་
ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་ནི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ་སྙིང་པོ་བཟླ་སྟེ། དེ་ལྟར་མཆོག་ཏུ་དམ་ཚིག་གསུམ་ཐོབ་པའི་སློབ་དཔོན་གྱིས་རང་གི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བཟུང་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཆོ་ག་བྱ་སྟེ། རྟོག་པ་ཀུན་ལ་ཡང་དག་འཇུག །
དཀྱིལ་འཁོར་ཐམས་ཅད་འཇུག་པ་ནི། །དམ་ཚིག་ཆེན་པོ་གསུམ་བྱའོ། །རྒྱལ་བའི་གསང་སྔགས་སྒྲུབ་པའོ། །དངོས་གྲུབ་མཆོག་ནི་ཐམས་ཅད་ཀྱིས། །རྡོ་རྗེ་དྲིལ་བུ་རབ་ཏུ་བསྐུལ། །ཆོ་ག་ལྷག་གམ་མ་ཚང་ཡང་། །འགྲུབ་འགྱུར་དམན་པར་མི་བྱའོ། །དེ་ཡང་དང་པོ་སའི་
Vol. 65 · folio 126b
ལྷ་མོ་ཡི་གེ་བཾ་ལས་བྱུང་བ། ལག་ན་བུམ་པ་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམས་ལ། འདོད་པའི་རྒྱལ་པོས་བཀུག་སྟེ། མེ་ཏོག་ལ་སོགས་པས་མཆོད་ལ་གསོལ་བ་གདབ་པར་བྱའོ། །དེ་ལ་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ལ། མཛུབ་མོ་
དང་མཐེའུ་ཆུང་གཉིས་མདུད་པ་བྱ་བ་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་སྟེ། སྔགས་ལ་ཊཀྐི་ཧཱུཾ་ཛཿཛཿདེ་ནས་འདིས་བསྐུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །
ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །བཅོམ་པར་བྱ་སྟེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་དེ་ཉིད་དུ་ཐིམ་པར་གྱུར་པར་བསམས་ལ། དེའི་སྟེང་དུ་རྡོ་རྗེ་བཅིངས་པ་ཁ་ཐུར་དུ་བསྟན་ཏེ་བཅིངས་ལ་གཞག་གོ །ཨོཾ་ཛི་བཾ་ཧཱུཾ། ཞེས་
ལན་གསུམ་བརྗོད་དོ། །དེ་ནས་རྡོ་རྗེ་བཅིངས་པ་ལས་བྱུང་བའི་ཧཱུཾ་འབར་བའི་ཚོགས་ཀྱིས་ས་གཞི་གཏམས་པ་ལ་ཐུག་གི་བར་དུ་རྡོ་རྗེར་གྱུར་པར་བསམས་ལ། འདི་སྐད་བརྗོད་དོ། །དྲྀ་ཌྷ་བཛྲ་ཏིཥྛ། དེ་ནི་སའི་ཆོ་གའི་རིམ་པའོ། །དེ་ནས་མཆོད་པའི་བྱེ་བྲག་རྣམས་སྔོན་དུ་བསྟན་པ་བཞིན་བྱ་སྟེ་ཞེས་
པ་ནི། མཆོད་པའི་བྱེ་བྲག་མེ་ཏོག་ལ་སོགས་པ་རྣམས་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ནས་ཚང་བར་དགྲམ་ཞེས་པའི་དོན་ཏོ། །སྤྲོ་བའི་སེམས་ནི་རབ་བསྐྱེད་དེ། །ཞེས་པའི་དོན་ནི་ལྕེ་ལག་བྱིན་གྱིས་བརླབས་པ་ནས། སྦྱོར་བའི་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་
དང་། རྡོ་རྗེ་སྒྲུབ་པ་དང་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་དང་། བསྟོད་པ་ལ་སོགས་པ་ཡན་ཆད་བྱའོ། །ཚིག་ལྡན་ཕྱག་བྱས་སྤོས་ཐོགས་ཏེ། །བསྟོད་དེ་ལངས་ལ་འགྱིང་བཅས་པས། །བགེགས་བསལ་དོན་དུ་རབ་ཏུ་བསྐོར། །དེ་ནས་ཕུར་བུས་གདབ་པར་བྱ། །ཞེས་གསུངས་
པའི་དོན་ནི་འདི་ཡིན་ཏེ། དེ་ནས་དོན་དང་ལྡན་པས་ལུས་དྲི་ཞིམ་པོས་བྱུགས་ལ། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། སྟོད་གཡོགས་དང་སྨད་གཡོགས་ཀྱིས་ལེགས་པར་བཀླུབས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐལ་མོ་སྦྱར་ནས་ཅུང་ཟད་བཏུད་ལ། དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་
Vol. 65 · folio 127a
གསོལ་བ་གདབ་པར་བྱ་སྟེ། ཚིགས་སུ་བཅད་པ་ཕྱེད་དང་བདུན་གྱིས་བསྟོད་ལ་དེ་ནས་འདི་སྐད་བརྗོད་དོ། །ཚིགས་སུ་བཅད་པ་འདི་དག་གིས། །བདག་ཅག་གིས་ནི་བསྟོད་པ་ཡིས། །ཐེག་པ་ཆེན་པོ་རྟོགས་པ་ཡིས། །ཚུལ་ཆེན་ཡང་ནི་རྒྱས་པར་མཛོད། །མགོན་པོ་ཁྱོད་
ལ་གསོལ་བ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་ཡི། །ཆོ་ག་འདི་ནི་བཤད་པར་གསོལ། །དེ་ནས་འདི་ལྟར་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེང་ནི་བདག་ཚེ་འབྲས་བུ་ཡོད། །བདག་གི་འཚོ་བའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་
པར་ནི། །གྱུར་པས་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པར། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་
ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། བདུག་སྤོས་ཕུལ་ལ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །
བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ། སྔགས་དང་ཕྱག་རྒྱ་དག་གིས་འཁོར་ལོའི་སྟེང་དུ་ནམ་མཁའ་ལ་བཞག་སྟེ། རྡོ་རྗེ་སེམས་དཔའི་སྦྱོར་བས་རང་གི་རྐང་
མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་བཀོད་ལ། རྐང་པའི་མཐིལ་ནས་ཡོངས་སུ་བཟུང་བ་ནས། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་བར་དུ་རྡོ་རྗེར་གྱུར་པར་ལྷག་པར་མོས་པ་དང་། དབང་ལྡན་ཕྱོགས་ནས་བརྩམས་ཏེ་བསྐོར་ལ་སྣ་ཚོགས་རྡོ་རྗེ་དེ་དག་
ས་ལ་འདྲི་ཞིང་། ཧཱུཾ་འདོན་ཞིང་བགེགས་ཐམས་ཅད་སྐྲོད་པ་ལ་སོགས་པ་བསྐོར་བར་བྱའོ། །འདིར་བཤད་པ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །སྔགས་པ་རྡོ་རྗེ་
Vol. 65 · folio 127b
སེམས་ཟློས་ཤིག །རྡོ་རྗེའི་ལྟ་བས་བལྟས་ནས་ནི། །དཀྱིལ་འཁོར་གྱི་ནི་ས་ཡི་ཆར། །ཉེས་པར་ལྡན་པའང་དག་པར་འགྱུར། །ཞེས་གསུངས་པ་ཡིན་ཏེ། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་
གྱིས་བརླབས་ལ། གཡས་པ་ཁྲོ་བོའི་རྡོ་རྗེ་ཆེན་པོ་གསོར་ཞིང་། གཡོན་པ་དྲིལ་བུ་གསིལ་ཞིང་། ཁྲོ་བས་འབར་བའི་ལུས་དང་བསྐོར་བ་ལན་གསུམ་བྱས་ལ་འདི་སྐད་བརྗོད་པར་བྱའོ། །སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་
བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཡེ་ཤེས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ས་ཕྱོགས་འདིར་དཔལ་གསང་བ་དང་ལྡན་པ་ཞེས་བྱ་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ང་འདྲི་ཡིས། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་།
འབྱུང་པོ་དང་། བརྗེད་བྱེད་དང་། མཁའ་འགྲོ་མ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་སྔགས་འཆང་གྲུབ་པ་རྒན་པོ་དང་རྒན་མོ་འཁོར་དང་གཡོག་ཏུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ངའི་ཡེ་ཤེས་ཀྱི་རྡོ་རྗེས་
མགོ་ཚལ་པ་བརྒྱར་འགགས་པར་བྱའོ་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ལྷ་མོ་ལ་སོགས་པ་དེ་རྣམས་ས་དེ་སྤངས་ནས་སོང་བར་བསམས་ལ། དེ་ནས་སྔོན་དུ་སོང་བའི་སྲུང་བའི་འཁོར་ལོ་ཡང་རྫོགས་པར་བྱའོ། །དེ་ནས་ཕུར་བུས་གདབ་པའི་རྒྱུ་ནི་འདི་ཡིན་ཏེ། སོར་བརྒྱད་པའི་ཚད་
ཀྱིས་སེང་ལྡེང་གི་ཕུར་བུ་ཙནྡན་དམར་པོས་བྱུགས་ལ། སྲད་བུ་དམར་པོ་དང་། མེ་ཏོག་དམར་པོ་བཅིངས་ལ་སྟོད་ཁྲོ་བོའི་དབྱིབས་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིབས་སུ་འདུག་པ་ཧཱུཾ་བཞི་ལས་བསྐྱེད་དོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་པས་མཐའ་ཡས་དང་།
རྣམ་པར་རྒྱལ་བ་དང་། འབྲུག་སྒྲ་དང་། གསུས་པོ་ཆེ་དང་རྒྱལ་བ་ཞེས་བྱ་བ་དང་ལྡན་པར་གྱུར་ཏེ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ། གཡས་པ་རྡོ་རྗེ་ཐོ་བ་བླངས་ལ། ཨོཾ་ཧ་ན་ཧ་ན། དྷ་མ་དྷ་མ། པི་ཙུརྞ་ཡ་བཛྲ་མུངྒ་ར་ཧཱུཾ་ཕཊ། ཅེས་རྡོ་རྗེ་ཐོ་བ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། མཚམས་
Vol. 65 · folio 128a
བཞི་དབུས་དང་ལྔར་གདབ་པར་བྱའོ། །དེ་ལ་གོ་ཆ་ལ་སོགས་པ་བསྐོན་པར་བྱ་སྟེ། འོག་གི་བགེགས་བཟློག་པའོ། །དེ་ནས་ཏིལ་ནག་དང་མི་རུས་ཀྱི་སྦྱིན་སྲེག་གིས་ཞི་བར་བྱའོ། །དེ་ཡན་ཆད་ནི་བགེགས་བཟློག་པའི་ཆོ་གའོ། །དེ་ནས་ལྷག་པར་གནས་པར་བྱ་སྟེ། བཛྲ་ཤི་ཁ་རེ་
རུ་ཊ་མ་ཊ་ཞེས་བྱ་བས་མངོན་པར་བསྔགས་པའི་སྤོས་ཆུས་དཀྱིལ་འཁོར་ཉེ་བར་བྱུགས་ལ། གུར་གུམ་དང་། ཨ་ཀ་རུ་དང་། ཙནྡན་དང་། ག་པུར་དང་། གླ་རྩི་ལ་སོགས་པའི་དྲི་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་ཀྱིས་བཏབ་ལ། ལྷ་རྣམས་ཀྱི་རྣམ་གྲངས་ཇི་སྙེད་པའི་དྲིའི་ཐིག་ལེ་བྱའོ། །དེ་ནས་
དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཡིད་ཀྱིས་དཀྱིལ་འཁོར་ཡོངས་སུ་བརྟགས་ཏེ། དཀྱིལ་འཁོར་དེ་རྣམས་སུ་རྣམ་པར་སྣང་མཛད་ཆེན་པོ་ཡོངས་སུ་གྱུར་ནས་རྗེ་བཙུན་འཇམ་དཔལ་དུ་གྱུར་པ་ལ་སོགས་པ་རང་གི་སྙིང་པོས་གཞུག་ལ། མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་དོ། །དེ་ནི་ལྷ་
ལྷག་པར་གནས་པའོ། །དེ་ནས་བུམ་པ་ལྷག་པར་གནས་པར་བྱ་སྟེ། དབང་བསྐུར་བའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་སྔགས་ཀྱིས་མངོན་པར་གདབ་པོ། །དེའི་ཆོ་ག་ནི་འདི་ཡིན་ཏེ། བྷྲཱུཾ་ལས་རིན་པོ་ཆེའི་རང་བཞིན་གྱི་བུམ་པ། རྩ་བ་ནག་ནོག་མེད་པ། ལྟོ་བ་ཆེ་བ་མགྲིན་པ་རིང་བ། ཁ་དགྱེ་
བ་བསྐྱེད་ལ། དེའི་དབུས་སུ་ཧྲཱིཿལས་བྱུང་བའི་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེར་ལྷ་རྣམས་ཀྱི་འཁོར་ལོ་རང་གི་དམ་ཚིག་གི་གནས་པས་བཞུགས་པར་བསམས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཡོངས་སུ་གང་བར་བསམས་ནས། སྨན་ལྔ་དང་
རིན་པོ་ཆེ་ལྔ་དང་ལྡན་པ་མེ་ཏོག་ཕྲེང་བས་བཅིངས་པའི་གསང་བའི་རྡོ་རྗེ་སྙིང་པོ་ཅན་ལ་མགུལ་པ་གོས་གཙང་མས་དཀྲིས་ལ། ཨ་མྲའི་ལོ་མ་ལ་སོགས་པས་ཁ་བརྒྱན་པར་བྱས་ལ་དཀྱིལ་འཁོར་གྱི་ལྷའི་སྔགས་ཀྱིས་མངོན་པར་བཟླས་ཞིང་། ཨོཾ་བཛྲོད་ཀ་ཧཱུཾ་ཧཱུཾ་ཞེས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ།
སྤོས་ལ་སོགས་པས་མཆོད་ནས་དཀྱིལ་འཁོར་ལ་བསྐོར་ཏེ། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྱན་སྔར་བཞག་ལ། དཀྱིལ་འཁོར་གྱི་ཉིན་མོ་དུས་གསུམ་དུ་བཟླས་བརྗོད་བྱས་ནས་དཀྱིལ་འཁོར་དུ་ཡང་བཟླས་བརྗོད་བྱས་ཏེ་དེས་དབང་བསྐུར་བར་བྱའོ། །སེང་གྲི་བྱ་ཀྲྀ་ཀརྞི་ཀ །ཧ་ས་དེ་བ་ཨུཏྤ་
Vol. 65 · folio 128b
ལ། སྨན་རྣམས་ཀུན་ཞེས་པ་ལ་ལྔ་པོ་འདི་དག་ཤེས་པར་བྱའོ། །འབྲས་ཀྱི་སོ་བ་མོན་སྲན་གྲེའུ། །ནས་ཏིལ་ལྔ་ལ་འབྲུ་རྣམས་ཀུན། །ཞེས་པ་ལས་རྣམས་ཀུན་ལ་འདི་དག་གཟུང་ངོ་། །བྱི་རུས་ལེ་སྦྲམ་དང་དུང་། །མུ་ཏིག་དང་ནི་ནོར་བུ་སྟེ། རིན་པོ་ཆེ་ཀུན་ཞེས་པ་ལ་ལྔ་པོ་འདི་དག་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་
ཧཱུཾ་མཛད་ཀྱི་སྔགས་དང་ཕྱག་རྒྱ་དང་བཅས་པས་ལས་ཐམས་ཅད་པའི་བུམ་པ་ལ་མངོན་པར་བསྔགས་ལ། དེ་བཞིན་དུ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་དཀྱིལ་འཁོར་གྱི་སྒོར་གཞག་པར་བྱའོ། །དེ་ལ་སྔགས་དང་ཕྱག་རྒྱ་ནི་འདི་ཡིན་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་
པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་བཱན་བཛྲ་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་པ་དང་། ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ། །མཐེ་ཆུང་རྩེ་མོ་མདུད་བྱས་ལ། །མཛུབ་མོ་གཉིས་ནི་བསྒྲེང་བ་དག །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱའོ། །ཞེས་གསུངས་པས་སོ། །དེ་ནས་གསོལ་བ་འདི་ལྟར་གདབ་པར་བྱ་
སྟེ། ཇི་སྲིད་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དེ་སྲིད་དུ་འདིར་འདུག་པ་རྣམས་བཅོམ་ལྡན་འདས་ཀྱིས་བཟློག་ཏུ་གསོལ་ཞེས་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་ཉེ་རེག་བྱ་སྟེ། དེ་ཡན་ཆད་ནི་བུམ་པ་ལྷག་པར་གནས་པའི་རིམ་པའོ། །དེ་ནས་སློབ་མ་ལྷག་པར་གནས་པར་བྱ་སྟེ། དད་ཅིང་
གུས་པས་ཕྱག་བྱས་ནས་སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་རེ་ཞིག་སློབ་མ་རྣམས་ཁྲུས་བྱས་ཤིང་གོས་གཙང་མ་གོན་ལ་ལག་ཏུ་མེ་ཏོག་ཐོགས་ལ་སློབ་དཔོན་ལ་ཕྱག་བྱས་ཏེ། འདི་སྐད་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་
གསོལ། །བྱང་ཆུབ་སེམས་དཔའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་
ནི་འཇུག་པར་གསོལ། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྙིང་གར་རྡོ་རྗེ་བཞག་སྟེ། སུ་ར་ཏ་ས་མ་ཡ་སྟྭཾ། ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ། དེ་ནས་དེ་བཞིན་གཤེགས་པས་དེའི་སྤྱི་བོར་ལག་པ་བཞག་ལ། རྡོ་རྗེ་ལས་ཀྱི་སྙིང་པོ་བརྗོད་ནས་སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་བཛྲ་རཀྵ་ཞེས་བྱ་བས་གོ་
Vol. 65 · folio 129a
ཆ་བསྐྱེད་ལ། རྐང་པའི་མཐར་ཐུག་པའི་བར་དུ་གོ་བསྐོན་པར་བྱའོ། །དེ་ནས་རྡོ་རྗེ་དྲིས་ལག་པར་དྲི་བྱིན། མེ་ཏོག་གིས་མེ་ཏོག་འཐོར། བདུག་པས་བདུག་པ་དབུལ་ཏེ། མར་མེས་མར་མེ་ཉེ་བར་བསྟན་ལ། རེ་རེ་ཞིང་འདི་སྐད་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་བདེ་བ་
ཐམས་ཅད་ལྡན་པར་གྱུར་པས་ཉེ་བར་གནས་པར་གྱིས་ཤིག །དེ་ནས་སློབ་མའི་གཙོ་བོ་ལ་བོས་ཏེ། འདི་སྐད་བརྗོད་པར་བྱ་སྟེ། འཇིག་རྟེན་འདི་ནི་དོན་མེད་དེ། །ཕྱི་མའི་དོན་དུ་གཉེར་བའི་བུ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་
ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །
ཐམས་ཅད་མཁྱེན་པས་མཚན་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །རྟོག་པ་མ་ལུས་ལེགས་པར་བསྡུས་
ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པར་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ནས་ཆོ་ག་འདིས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་
རྣམས་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བླ་ན་མེད་པའི་སོ་སོར་བཤགས་པར་བགྱིའོ། །ཇི་ལྟར་སངས་རྒྱས་བཅོམ་
Vol. 65 · folio 129b
ལྡན་འདས་རྣམས་ཀྱིས་ཆོས་ཀྱི་དབྱིངས་མ་ལུས་པར་རྟོགས་པའི་བསོད་ནམས་ཐམས་ཅད་མཁྱེན་ཞིང་རྗེས་སུ་ཡི་རང་བར་མཛད་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་བགྱིའོ། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན། ཆོས་ཀྱི་འཁོར་ལོ་མི་བསྐོར་བ་དེ་དག་ལ་བླ་ན་མེད་པ་ཐེག་
པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །གང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ནན་ཏན་དུ་ལྷུར་མཛད་པ་དེ་རྣམས་ལ་སེམས་ཅན་གྱི་ཁམས་ཇི་སྲིད་གནས་པ་དེ་སྲིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བར་འཚལ་ལོ་ཞེས་ལན་གཉིས་སམ་གསུམ་བརྗོད་དོ། །
དེ་ནས་མཚན་ཉིད་དང་ལྡན་པའི་སློབ་མ་སློབ་དཔོན་དུ་འོས་པ་ཡོངས་སུ་བཟུང་ལ་ཁས་ལེན་པར་བྱ་བའི་ཕྱིར་བཞིན་བཟངས་སྨྲོས་ཤིག་ཅེས་བརྗོད་པར་བྱའོ། །སློབ་མས་ཀྱང་འདི་སྐད་བརྗོད་པར་བྱའོ། །བྱང་ཆུབ་སེམས་ནི་བླ་མེད་པ། །སློབ་དཔོན་བདག་ལ་སྩལ་དུ་གསོལ། །ཚུལ་ཁྲིམས་ཀྱི་ནི་
བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཆེ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །སློབ་དཔོན་ཉིད་ནི་བདག་ལ་སྩོལ། །
རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །སློབ་དཔོན་དག་ནི་དག་བགྱིད་དོ། །རིན་ཆེན་རིགས་མཆོག་ཡིད་འོང་བའི། །དམ་ཚིག་དག་ཀྱང་བདག་ལ་སྩོལ། །པདྨའི་རིགས་ནི་དག་པ་དང་། །དེ་བཞིན་ལས་ཀྱི་རིགས་ཆེན་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མགོན་པོས་དམ་ཚིག་བདག་ལ་
སྩོལ། །ཞེས་ལན་གཉིས་ལན་གསུམ་བརྗོད་དོ། །དེ་ནས་སྡོམ་པ་སྦྱིན་པར་བྱ་སྟེ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་བདག་ལ་དགོངས་སུ་གསོལ།
ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་མཆོག་དང་། འཇིག་རྟེན་དབང་ཕྱུག་དང་། དོན་ཡོད་གྲུབ་པ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་
Vol. 65 · folio 130a
སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་
རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་ཡོད་ཚུལ་ཁྲིམས་དང་། །དེ་དག་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་
བགྱི། །ནམ་དུ་ཡང་ནི་མི་གཏོང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ཡང་ལན་དྲུག་ཏུ། །སྦྱིན་པ་རྣམ་
བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དམ་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་
ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་ནི་བསྒྲལ་བར་བགྱི། །མ་གྲོལ་བར་ནི་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གཉིས་ལན་གསུམ་དུའོ། །དེ་ནས་གཞན་ཡང་།
སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་པ་འདིས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ལ། འདིས་སྨོན་ལམ་འདེབས་སུ་གཞུག་པར་བྱ་སྟེ། བདག་གིས་དགེ་བའི་
ལས་རྣམས་འདི་དག་གིས། །འཇིག་རྟེན་འདི་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ། །ཞེས་བྱའོ། །དེ་ནས་ཆོས་བསྟན་པར་བྱ་སྟེ། ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །
Vol. 65 · folio 130b
ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོག་གནས་མེད་དེ། །སྤྲོས་པ་
ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ལས་དང་བྱ་བ་སོགས་བྲལ་བ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་པ་ཐོབ་པར་འགྱུར། །དེ་ནས་བཛྲ་ཧ་ས་ཧ་ཞེས་བྱ་བས་མངོན་པར་བསྔགས་པའི་སོ་ཤིང་གི་རྩེ་མོར་དྲིས་བསྐུས་ཤིང་མེ་
ཏོག་གིས་བརྒྱན་པ། ཤིང་མངར་པོ་འོ་མ་ཅན་ལས་བྱུང་བ། ཚད་སོར་བཅུ་གཉིས་པ་འཆའ་རུ་གཞུག་པར་བྱའོ། །སློབ་མ་ཁ་ཤར་ཕྱོགས་སུ་བལྟས་ཏེ། མི་སྨྲ་བར་ནི་སོ་ཤིང་འཆའ། །འཆའ་བ་ཟིན་ནས་མི་ལས་ཤིང་། །ཕན་ཚུན་དུ་ཡང་མི་འདོར་རོ། །སོ་ཤིང་མདུན་དུ་དྲང་པོར་དོར། །དེ་ཚེ་བདག་
ལ་ལྟ་བ་དང་། །རྩེ་མོ་གྱེན་དུ་བསྒྲེང་གྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བྱ། །དེ་བཞིན་ཤར་དུ་ཁ་བལྟས་ན། །དེ་ཡི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འགྲུབ། །སོ་ཤིང་བོར་བ་བརྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ན། །
དེ་ནི་ངེས་པར་ས་འོག་གི །དངོས་གྲུབ་དེ་ལ་ཐེ་ཚོམ་མེད། །དེ་ནས་ནཾ་ཞེས་བྱ་བའི་གླུའི་རྡོ་རྗེ་ཡོངས་སུ་བཟླས་པའི་ཆུས་འཐོར་འཐུང་བྱ་བའི་ཕྱིར་བྱིན་ལ། ཨོཾ་ཧྲཱིཿབི་ཤུདྡྷ་ཤུདྡྷ་སརྦ་པཱ་པཾ་ནི་ཙཱ་སྱ་ཤོ་དྷ་ཡ། སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བ་མངོན་པར་བཟླས་ཤིང་ཆུ་ཁྱོར་བ་གསུམ་
འཐུང་དུ་གཞུག་པར་བྱའོ། །དེ་ནས་ཀུ་ཤ་གཅིག་ལ། ཨོཾ་བཛྲ་ཏཱིཀྵྞ་དྷཱིཿཞེས་བྱ་བ་མངོན་པར་བཟླས་ལ་བྱིན་ལ་འདི་ལྟར་མགོ་བོའི་སྔས་སུ་ཞོག་ཅིག་ཅེས་བསྒོའོ། །ཡང་ཀུ་ཤ་གཞན་དག་ལ་རྡོ་རྗེ་གནོད་སྦྱིན་གྱི་གསང་སྔགས་མངོན་པར་བཟླས་པས་སྟན་དུ་བྱ་བའི་ཕྱིར་སྦྱིན་པར་བྱའོ། །
རྡོ་རྗེ་གནོད་སྦྱིན་མངོན་པར་བཟླས་པའི་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ་ལ་ཡང་ཡི་གེ་བརྒྱ་པ་བཟླས་བརྗོད་བྱ་སྟེ། དཔུང་པ་གཡོན་པ་བསྲུང་བའི་ཕྱིར་དང་བརྟན་པར་བྱ་བའི་ཕྱིར་བཅིང་བར་བྱའོ། །ཨོཾ་བཛྲ་ཡཀྵ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་སོ། །ཨོཾ་མཉྫུ་ཤྲཱི་ས་མ་ཡ། མ་ནུ་
Vol. 65 · folio 131a
པཱ་ལ་ཡ། མཉྫུ་ཤྲཱི་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་མཉྫུ་ཤྲཱི་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་མཉྫུ་ཤྲཱི་ཨཱཿཞེས་བྱ་
བ་ནི་ཡི་གེ་བརྒྱ་པའི་སྔགས་སོ། །དེ་ནས་བཞིན་བཟངས་རྣམས་ལོངས་ཤིག །སང་གི་ཉིན་མོ་ཁྱེད་རྣམས་ཐར་པ་ཆེན་པོའི་རང་བཞིན་གྱི་གྲོང་ཁྱེར་མཐོང་བར་འགྱུར་གྱིས། ཇི་ལྟར་མཐོང་བའི་རྨི་ལམ་རྣམས་ཀྱང་སྨྲོས་ཤིག་ཅེས་བརྗོད་ལ་སླར་བཏང་ངོ་། །དེ་ནས་ནང་པར་མཚན་མོའི་མཐར་རྨི་ལམ་གང་
དག་མཐོང་བར་དྲི་བར་བྱའོ། །རྨི་ལམ་མཐོང་ནས་རྨི་ལམ་བཟང་པོའམ་ངན་པ་འཛེམ་པ་མེད་པར་བརྗོད་པར་བྱའོ། །རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་རྩོམ་པ་དང་། །དགེ་སློང་དག་ལས་ཆོས་
ཉན་ཏམ། །ཡང་ན་གཞན་ལས་ཉན་ཀྱང་རུང་། །ཆོས་ནི་རྣམ་པར་སྤྱོད་པ་དང་། །དེ་བཞིན་གླེགས་བམ་ཀློག་པ་དང་། །རྨི་ལམ་དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློང་གཅིག་ཏུ་མཐོང་། །དེ་དང་འགྲོགས་ཤིང་གཏམ་ཟེར་དང་། །ཡང་ན་དགེ་སློང་དངོས་པོར་མཐོང་། །གཙུག་ལག་ཁང་
དག་མཐོང་བ་དང་། །དེ་བཞིན་དགེ་སློང་མ་དག་མཐོང་། །རྒྱལ་བའི་སྲས་རྣམས་མཐོང་བ་དང་། །དེ་བཞིན་ཕ་མ་བླ་མ་དང་། །མཛའ་བོ་རྣམ་པ་སྣ་ཚོགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་བསླབ་པ་འཛིན་པ་དང་། །ཀུན་དགའ་རྣམ་
པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་ཀྱང་། །མཐོང་ན་ཡང་ནི་བཟང་བར་གྲགས། །རྒྱལ་པོ་དག་ནི་མཐོང་ན་ཤིས། །བདེ་གཤེགས་སྤྱོད་དང་མཐུན་པ་ཡི། །དཀའ་ཐུབ་ཅན་དང་བྲམ་ཟེ་དང་། །ཕྱུག་པོ་སྐྱེས་བུ་དམ་པ་དང་། །བ་དང་རྟ་དང་ངང་པ་དང་། །སེང་
གེ་དང་ནི་རི་དགས་དང་། །རྨི་ལམ་དུ་ནི་མཐོང་ན་ཤིས། །བཀྲ་ཤིས་པ་ཡི་བྱ་རྣམས་དང་། །གསེར་དག་དང་ནི་གཏེར་རྣམས་དང་། །རིན་པོ་ཆེ་དང་དངུལ་དག་དང་། །ནོར་ནི་རྣམ་པ་སྣ་ཚོགས་དང་། །མདོར་ན་འབྱུང་ཁུངས་རྣམ་པ་དང་། །མཚོན་ཆ་རྣམས་དང་འབྲུ་རྣམས་དང་། །འབྲས་བུ་
Vol. 65 · folio 131b
རྣམས་དང་མེ་ཏོག་དང་། །རྒྱན་གྱི་རྣམ་པ་སྣ་ཚོགས་དང་། །ཁ་ཟས་དང་ནི་གོས་རྣམས་དང་། །བྱིས་པ་དང་ནི་གཞོན་ནུ་མ། །བུད་མེད་གཟུགས་ནི་བཟང་མོ་དག །རྨི་ལམ་དུ་ནི་མཐོང་ན་བཟང་། །ཡང་ན་ཐོབ་ཅིང་རེག་སྨྲ་དང་། །རྨི་ལམ་དུ་ནི་དབང་བསྐུར་དང་། །རྒྱལ་པོར་འགྱུར་ཞིང་འབྱོར་པ་དང་། །
དམག་དཔོན་དུ་ནི་གྱུར་པ་དང་། །གཡུལ་ལས་རྒྱལ་ཞིང་དགྲ་གསོད་དང་། །གཉེན་དང་ལྷན་ཅིག་འགྲོགས་པ་དང་། །ལྷ་རྣམས་ཀྱང་ནི་མཐོང་བ་དང་། །ཐེག་པ་དང་ནི་ཤིང་རྟ་ཞོན། །དེ་བཞིན་རི་དང་ཁང་ཐོགས་འཛེགས། །ངོ་མཚར་རྣམ་པ་སྣ་ཚོགས་དག །རྨི་ལམ་དུ་ནི་མཐོང་ན་དགེ། །ཡམ་ཤིང་
མེ་ལ་སྦྱིན་སྲེག་བྱ། །བྱ་བ་བཟང་པོ་དག་ལ་འཇུག །ཆུ་ལས་བརྒལ་ཞིང་རོ་ལས་བརྒལ། །རྐུན་པོ་དག་ནི་ཚར་གཅོད་དང་། །སྟོབས་འགྱེད་པ་ལས་རྒྱལ་བ་དང་། །གྱད་སྟོབས་རྡོབ་ཅིང་འགྱིང་བ་དང་། །རྩེད་མོ་སྣ་ཚོགས་རྨི་བ་དང་། །དེ་བཞིན་རྩལ་དང་སྟོབས་འགྱེད་དང་། །བཀྲ་ཤིས་
དག་ནི་ཐམས་ཅད་དང་། །མཐོང་ན་རབ་ཏུ་དགེ་བར་བཤད། །གསང་སྔགས་ཆོ་ག་ཉན་པ་དང་། །དགའ་སྟོན་དགེ་བ་མཐོང་བ་དང་། །སྒྲུབ་པ་བཟང་པོ་རྩོམ་པ་དང་། །དེ་ལ་སོགས་པའི་ལྟས་རྣམས་ནི། །དགེ་བ་རྣམ་པ་དུ་མ་དག །བློ་ཡིས་རྣམ་པར་དཔྱད་བྱ་ཞིང་། །དེ་ལས་བཟློག་
པ་སྤང་བར་བྱ། །དགེ་བ་རྣམས་ནི་འགྲུབ་པར་འགྱུར། །མི་དགེ་རྣམས་ནི་མི་འགྲུབ་པོ། །མི་དགེ་བ་དག་ཤེས་ནས་སུ། །དེ་དག་མཁས་པས་སྤང་བར་བྱ། །དགེ་བ་ཡི་ནི་ལྟས་རྣམས་ནི། །རབ་དང་འབྲིང་དང་ཐ་མ་ལས། །གསང་སྔགས་དངོས་གྲུབ་རྣམ་གསུམ་མོ། །མི་དགེ་བ་ལ་ཞི་
བ་ཡི། །སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས། །བ་ཡི་མར་ལ་བརྒྱ་རྩ་བརྒྱད། །ཆོ་ག་བཞིན་དུ་ཞི་བ་དང་། །དེ་ནས་སློབ་མ་སྡིག་བྲལ་ཞིང་། །རྣམ་པར་དག་པ་དེ་དག་ལ། །རྗེས་སུ་བརྩེ་བར་བྱ་བའི་ཕྱིར། །ཅི་འདོད་པར་ནི་གཟུང་བར་བྱའོ། །དེ་ནས་དཀྱིལ་འཁོར་ཡང་དག་པར་མཆོད་
ལ་བཟླས་བརྗོད་དང་བསྒོམ་པ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་བདུག་སྤོས་གཏུལ་ལ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །སྲས་བཅས་འཇིག་རྟེན་རྣམ་གྲངས་དང་། །རྡོ་རྗེ་རིགས་ཆེན་རིགས་དག་དང་། །དེ་བཞིན་པདྨ་ལས་ཀྱི་རིགས། །སྙིང་པོ་སྔགས་དང་རིགས་རྣམས་
Vol. 65 · folio 132a
དང་། །གང་ཡང་ལྷ་ཡི་ཚོགས་རྣམས་ཀུན། །ཆོས་ཀྱི་དབྱིངས་ན་ངེས་བཞུགས་པ། །དེ་རྣམས་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ཆོས་
དབྱིངས་རང་བཞིན་གྲོང་ཁྱེར་མཆོག །དཀྱིལ་འཁོར་སང་ནི་བྲི་བར་བགྱི། །ཐུགས་བརྩེ་ཉེ་བར་བཞག་ནས་ནི། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ནས་རང་གི་སྔགས་དང་ཕྱག་རྒྱ་དག་གིས་འཁོར་ལོ་བཏེག་ལ། དེ་བཞིན་གཤེགས་པ་དེ་རྣམས་ཉིད་དང་བའི་ཤེལ་ལྟ་བུའི་ཁང་པ་
བརྩེགས་པའི་ནང་དུ་ཞུགས་པར་ཁ་སྦྱར་བ་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་བྱ་བའི་དབུས་སུ་སྟེང་དང་འོག་དང་བར་དུ་བཀྲ་ཤིས་པར་བྱ་བའི་ཕྱིར། ཨོཾ་ལྔ་དང་། ཡང་སྟེང་དུ་ཨཱཿལྔ་དང་། འོག་ཏུ་ཧཱུཾ་ལྔ་བསམས་ཏེ། དེ་ལྟར་བདག་དང་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་དེ་
ཉིད་དུ་སློབ་མའི་གཙོ་བོ་དང་ལྷན་ཅིག་བསམ་གཏན་ལ་མཉམ་པར་གཞག་པའི་བློ་དང་ཉལ་བར་བྱའོ། །དེ་ཡན་ཆད་ནི་སློབ་མ་ལྷག་པར་གནས་པའི་རིམ་པའོ། །དེ་ནས་ནང་པར་སྐྱ་རེངས་ཤར་ཙམ་ན་ཁྲུས་བྱ་བ་སྔོན་དུ་འགྲོ་བ་ནས་ལྷའི་རྣལ་འབྱོར་བྱས་ལ། ཉི་མ་ཤར་ཀར་ཐིག་
གདབ་པ་བརྩམ་པར་བྱ་སྟེ། འཁོར་ལོས་སྒྱུར་བའི་ང་རྒྱལ་བྱས་ལ་སྲད་བུ་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་དང་དྲི་ཞིམ་པོས་ཁ་བསྒྱུར་ལ་གོ་རིམས་འདི་ཉིད་ཀྱིས་བཞག་ལ། ཧཱུཾ་ཏྲཱཾ་ཧྲཱིཿཨཿཨོཾ་ཞེས་བྱ་བའི་ས་བོན་ལས་མི་བསྐྱོད་པ་ལ་སོགས་པ་སྲད་བུ་ལ་
བཀོད་དེ། ས་བོན་དེ་རྣམས་ལ་རང་རང་གི་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཁ་དོག་ཇི་ལྟར་འོད་ཀྱི་སྲད་བུར་བསམས་ལ་མིག་གཉིས་སུ་ཨོཾ་དཱིཔྟ་དྲིཥྚཱ་ཨཾ་ཀུ་ཤི་ཛཿཞེས་བཀོད་ལ་རབ་ཏུ་གཡོ་ཞིང་འབར་བའི་རྫི་མའི་ལྕགས་ཀྱུས་དྲང་བར་བསམ།
བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པའི་ཕྱིར་རྡོ་རྗེའི་ཐིག་བདག་ལ་སྩོལ་ཅིག་ཅེས་བསྐུལ་བར་བྱའོ། །བདག་པོ་རྣམས་ཀྱིས་བཏང་བའི་འོད་ཟེར་གྱིས་རང་རང་གི་སྲད་བུར་གང་བར་བསམ་མོ། །ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿསྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ། ཨ་ཏྱནྟ་ཨ་ནུ་པྲ་
Vol. 65 · folio 132b
བིཥྚ་སརྦ་དྷརྨཱཿ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་ཟློས་ཤིང་བསྒྲིལ་བར་བསམ་མོ། །དེ་ནས་མ་དང་ཊ་ལས་ཉི་མ་དང་ཟླ་བ་སེར་པོ་སྣང་བ་མིག་གཉིས་སུ་བསྐྱེད་ལ། བཛྲ་ཏིཥྛ་མ་ཏ་ཞེས་བྱ་བས་བརྟན་པར་བྱས་ནས། གསེར་ལ་སོགས་པའི་སྣོད་དུ་སྲད་བུ་བཞག་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ལ།
ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བའི་རྡོ་རྗེ་བསྡམས་པས་བཟུང་ལ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །རིང་ཐུང་ནི་དཀྱིལ་འཁོར་གྱི་ཉིས་ལྡབ་བོ། །ཕྲ་སྦོམ་ནི་སྒོའི་ཉི་ཤུ་ཆའོ། །དེ་ནས་དཀྱིལ་འཁོར་ཐིག་གདབ་པར་བྱ་སྟེ། སློབ་དཔོན་ཤར་དུ་བལྟས་སློབ་མ་ནུབ་ཏུ་བལྟས་ལ།
ལག་པ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སྲད་བུ་ལྟེ་བ་ནས་བཟུང་ལ་ཛཿཞེས་བརྗོད་ལ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་གྲོགས་མཆོག་ལ་གཏད་པར་བྱའོ། །གྲོགས་པོས་ཀྱང་ཛཿགསུམ་གྱིས་བླང་བར་བྱའོ། །དེ་ནས་འདེབས་ཀར་འདི་སྐད་བརྗོད་པར་བྱ་སྟེ། ནམ་མཁའ་གང་བའི་བདེ་གཤེགས་
རྣམས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ནི། །ཐམས་ཅད་འདིར་ནི་གཤེགས་སུ་གསོལ། །ཁྱེད་ཀྱིས་འགྲོ་དོན་མཛད་པའི་རིགས། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་དེ། ཇི་ལྟར་གཞན་ནས་གསུངས་པ་ལྟར་གདབ་པར་བྱའོ། །དེ་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་
ནི་དབུས་སུ་ཕུར་བུ་བཙུགས་ལ་དེ་ལ་སྲད་བུ་བཏགས་ཏེ། དབུས་ལ་འཁོར་ལོ་རྩིབས་བརྒྱད་པ། དེའི་ཕྱི་རིམ་རྩིབས་བཅུ་དྲུག་པ་དེའི་ཕྱི་རིམ་དུ་རྒྱན་མེད་པའི་སྒོ་གཞུག་སྟེ། རྩིག་པའི་ཆ་དང་འདོད་ཡོན་དང་། དྲ་བ་ཕྱེད་པས་བརྒྱན་པའོ། །རྟ་བབས་ལ་སོགས་པ་རྒྱན་
གཞན་ནི་མེད་པར་གདབ་བོ། །དེའི་ཕྱི་རོལ་དུ་རྡོ་རྗེ་ཕྲེང་བས་བསྐོར་ལ། འཁོར་ལོ་རྩིབས་བཅུ་དྲུག་པར་གདབ་པོ། །དེའི་ཕྱི་རོལ་དུ་ཕྲེང་བས་བསྐོར་ལ། གྲུ་ཆད་བཞི་ཡིས་བརྒྱན་ཏེ་ལྷ་སྣམ་མེད་པའི་སྒོ་དང་ཐིག་གདབ་པོ། །དེ་ལ་རྒྱན་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པར་གདབ་བོ། །
དེའི་ཕྱིར། འཁོར་ལོ་རིམ་གསུམ་ལྡན་པ་ལ། །སྣམ་བུ་མུ་ཁྱུད་རྣམས་ཀྱིས་བརྒྱན། །རྟ་བབས་དང་ནི་ཏྭ་ར་ཎ། ཤིན་ཏུ་མཛེས་པའི་རྒྱན་གྱིས་བརྒྱན། །ཞེས་གསུངས་ཏེ། དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཐིག་བསྟན་ནས། ད་ནི། རིགས་ཁ་ཕྲལ་བའི་
Vol. 65 · folio 133a
ཐིག་འདེབས་ན་ཐམས་ཅད་ཀྱི་དབུས་འཁོར་ལོ་རྩིབས་བརྒྱད་པ། ལྷ་སྣམ་གཅིག་པ། སྒོ་རྐྱང་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གདབ་པོ། །དེ་ནས་རིགས་བསྡུས་པའི་ཐིག་འདེབས་ན་དབུས་འཁོར་ལོ་རྩིབས་བཞི་ཕོ་བྲང་དང་བཅས་པར་གདབ་པོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་
ཞལ་ནས། ཕོ་བྲང་ཐིག་བཞི་བཏབ་པས་ལེ་ཚེ་དགུ་རུ་ཡོད་པ་ལ། རྡོ་རྗེའི་གདུང་བཞི་བཏང་ལ་ཕྱོགས་བཞི་དབུས་དང་ལྔར་དེ་བཞིན་གཤེགས་པ་ལྔ་འཁོར་དང་བཅས་པའི་ཕོ་བྲང་ལྔ་བྱ་གསུང་ངོ་། །དེ་ཡང་འགལ་བ་མེད་དོ། །དེ་ནས་མདུན་དུ་མི་བསྐྱོད་པའི་དཀྱིལ་འཁོར། གཡས་
སུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར། རྒྱབ་ཏུ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར། གཡོན་དུ་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་ཐིག་གདབ་པོ། །ཕྱིའི་དཀྱིལ་འཁོར་རྣམ་སྣང་གིའོ། །ནང་གི་དཀྱིལ་འཁོར་དེ་དག་ཀྱང་གྲུ་བཞི་པ། སྒོ་བཞི་པ། རྟ་བབས་མེད་པའོ། །ཕྱིའི་
དཀྱིལ་འཁོར་ལ་ནི་རྟ་བབས་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པའོ། །དཀྱིལ་འཁོར་འདི་དག་ཐམས་ཅད་ཀྱི་ཕྱི་རོལ་དུ་ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་ཐིག་གདབ་པར་བྱའོ། །དེ་དག་ནི་ཐིག་གདབ་པའི་རིམ་པའོ། །དེ་ནས་དཀྱིལ་འཁོར་དེ་ལ་གལ་ཏེ་འགྲན་ཞིང་གེགས་བྱེད་
ན་དེ་བཟློག་པའི་ཆོ་ག་ནི་ནམ་མཁའ་དྲི་མེད་ལས་ཤེས་པར་བྱའོ། །དེ་ནས་ཚོན་དགྱེ་བ་བརྩམ་པར་བྱ་སྟེ། སྲད་བུ་ལ་བཤད་པའི་ཁ་དོག་གི་རིམ་པས་ཚོན་རྩི་རྣམས་བླངས་ལ། ཧཱུཾ་ཏྲཱཾ་ཧྲཱིཿཨཿཨོཾ་ཞེས་བྱ་བ་འདི་རྣམས་ལས་བསྐྱེད་དེ། རང་གི་རིགས་ཀྱི་འཁོར་བསམས་ལ། ཨོཾ་
བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བ་འདི་དག་ཕྱག་རྒྱ་དང་བཅས་པས་སྟོང་རྩ་བརྒྱད་མངོན་པར་བཟླས་བརྗོད་བྱའོ། །དེ་ལ་འདིའི་ཕྱག་རྒྱ་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ཀ་ཡི། །མཛུབ་མོ་རྩེ་མོར་རབ་སྦྱར་ནས། །བྱས་ནས་ཚོན་རྩི་ཐམས་ཅད་ལ། །འབར་བའི་ལྟ་བས་དགུག་པར་བྱ། །
མཐར་ཡི་གེ་ཧྲཱིཿདང་རྡོ་རྗེ་ཉི་མའི་ཕྱག་རྒྱས་སྦར་བར་བྱའོ། །དེ་ཡང་འབར་བའི་ལྟ་བ་ནི་འདི་ཡིན་ཏེ། རབ་ཏུ་མྱུར་བར་གཡོ་བའི་མིག །མིག་གི་རྫི་མ་འདྲེན་མ་ནི། །འབར་བའི་ལྟ་བ་ཞེས་སུ་གསུངས། །འགྲོ་བ་ཐམས་ཅད་འགུགས་པའོ། །དེ་ལ་ཚོན་མང་པོར་བྱ་བའི་ཕྱིར་བདེན་པའི་བྱིན་
Vol. 65 · folio 133b
གྱིས་བརླབ་པར་བྱས་ཏེ། བདེན་པ་གང་གིས་སེམས་ཅན་རྣམས་ལ་སངས་རྒྱས་རྣམས་སེམས་ཅན་རྗེས་སུ་དགའ་བས་ཆགས་པར་མཛད་པའི་བདེན་པ་དེས་ཚོན་རྩི་འབར་བར་གྱུར་ཅིག་ཅེས་བྱའོ། །དེ་ནས་དབུས་ཀྱི་ཕུར་བུ་ཧཱུཾ་བཞིས་ཕྱུང་ལ། བུ་ག་ཚོན་སྣ་ལྔས་དགང་སྟེ། དེ་ནས་
ཚོན་དཀར་པོ་བླངས་ལ། ཨོཾ་བཛྲ་རཀྵ་ས་མ་ཡ་ཧཱུཾ་ཞེས་བརྗོད་དེ་དབུས་སུ་བཀྱེ་ལ། དེ་ནས་དབང་ལྡན་ཕྱོགས་སུ་སོང་སྟེ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱི་རིམ་པར་མཉམ་ཞིང་རྒྱུན་མ་ཆད་པར་མཛུབ་གང་བར་དྲངས་ལ་དེས་ཚོན་རྩི་བདེ་བར་བྲི་བར་བྱའོ། །དེ་ཡང་དྲུག་སྟོང་པའི་རྒྱུད་ཕྱི་
མའི་ལེའུ་དགུ་པ་ནས། རྡོ་རྗེ་འཆང་ཆེན་པོས་འདི་སྐད་གསུངས་ཏེ། ཀྱེ་མ་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས། །བརྙན་མའི་དཀྱིལ་འཁོར་རྡུལ་ཚོན་ནི། །རིན་ཆེན་ལྔ་ལས་གྲུབ་པ་སྟེ། །དབུས་ཀྱི་ཕོ་བྲང་ལེ་ཙེ་རྣམས། །ཤར་ཕྱོགས་བཻ་ཌཱུརྱ་ལས་གྲུབ། །ལྷོར་ནི་གསེར་
ལས་གྲུབ་པ་སྟེ། །ནུབ་ནི་པདྨ་རཱ་གའོ། །བྱང་ནི་ཨིནྡྲ་ནཱི་ལ་སྟེ། །དབུས་ནི་དུང་ལས་གྲུབ་པའོ། །ཞེས་གསུངས་ཏེ། དེ་ནི་འབྱོར་པ་རབ་པོ། །འབྱོར་པ་འབྲིང་གིས་འབྲུ་རྣམས་སོ། །འབྱོར་པ་ཐ་མས་ནི་རིན་པོ་ཆེ་གསེར་གྱི་ས་གཞི་ལ་བྱིན་གྱིས་བརླབས་ཏེ་བྲི་བར་བྱའོ། །དེ་
ཡང་ཆོ་ག་བསྡུས་པའི་རྒྱུད་ལས་གསུངས་པ། ཤར་ཕྱོགས་སུ་ནི་སྔོན་པོ་སྟེ། །ལྷོ་ནི་སེར་པོ་ཡིན་པར་ངེས། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་དུ་ལྗང་གུ་ཡང་དག་བྲི། །དབུས་ཀྱི་ལྟེ་བ་དཀར་པོ་སྟེ། །གོང་རས་རྣམས་ཀྱང་དེ་ཀ་ལྟར། །རེ་མིག་རྣམས་ནི་ལྗང་གུ་སྟེ། །དེ་ཡི་ཕྱི་
རྒྱབ་འཁོར་ལོ་ནི། །བཻ་ཌཱུརྱ་ཡི་མདོག་འདྲ་ལ། །རྩིབས་མཆན་པདྨ་རཱ་ག་འདྲ། །གྲུ་ཆད་ལྗང་གུ་མཚོ་དང་བཅས། །པཉྩ་རིན་ཆེན་ཕ་གུ་ལྔ། །དཀར་དང་ལྗང་དང་དམར་དང་སེར། །སྔོན་པོ་ཕྱི་ཡི་རྩེ་མོ་ལའོ། །སྒོ་ནི་ཕྱོགས་ཀྱི་མདོག་དང་སྦྱར། །ཕྱི་རོལ་འཁོར་ལོ་བཅུ་དྲུག་ནི། །བཙོ་མ་གསེར་
གྱི་མདོག་འདྲ་ལ། །རྩིབས་མཆན་བཻ་ཌཱུརྱ་ཡི་འོད། །ཕྱི་ཡི་རྩིག་པ་ལྔ་པོ་ཡང་། །ཕ་གུ་ལྔ་ཡི་རིམ་པ་བཞིན། །ཁྱམས་ནི་པདྨ་རཱ་གའི་མདོག །དྲ་བའི་རང་བཞིན་མཐིང་ག་ལ། །མདའ་ཡབ་ཨིནྡྲ་ནཱི་ལའོ། །བཀྲ་ཤིས་བྱ་ཡི་ཚོགས་ཀྱིས་བརྒྱན། །རྟ་བབས་ལ་སོགས་ཅི་མཛེས་པར། །
Vol. 65 · folio 134a
མཁས་པས་ཇི་ལྟར་འཚམ་པར་བྲི། །དེ་ནི་ཚོན་གྱི་རིམ་པ་སྟེ། །མི་ཤེས་དྲང་ཕྱིར་ཀུན་རྫོབ་བསྟན། །དོན་གྱི་ངོ་བོ་བརྗོད་དུ་མེད། །ཅེས་གསུངས་སོ། །དེ་ལ་དཔྱད་དེ་བྲི་བ་ནི། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚོན་ནོ། །དེ་ནས་ཁ་ཕྲལ་བ་རྣམས་ཀྱི་དཀྱིལ་
འཁོར་གྱི་ཚོན་དགྱེ་ན། དཀྱིལ་འཁོར་དབུས་འགྱུར་མཐའ་མི་འགྱུར། །དབུས་ནི་འཁོར་ལོ་རྡོ་རྗེ་དང་། །པདྨ་རིན་ཆེན་རྒྱ་གྲམ་མཚན། །ལེ་ཚེ་དགུ་ལ་ཀ་བ་བརྒྱད། །ཐམས་ཅད་ལ་ནི་རབ་ཏུ་གསུངས། །རྣམ་པར་སྣང་མཛད་དཀྱིལ་འཁོར་ནི། །དབུས་དཀར་རེ་མིག་ལྗང་གུ་ལ། །འཁོར་
ལོ་རྩིབས་བརྒྱད་དཀར་པོ་དགྱེ། །རྩིབས་མཆན་རྣམས་ནི་དཀར་པོ་སྟེ། །རྡོ་རྗེ་ཕྲེང་དཀར་གཞི་མ་སེར། །ཤར་སྔོ་ལྷོ་ནི་སེར་པོ་ལ། །ནུབ་ནི་དམར་བྱང་ལྗང་གུའོ། །རྩིག་པ་དཀར་ནས་རིམ་པར་དགྱེ། །ཁྱམས་ལ་སོགས་པ་སྤྱི་དང་མཐུན། །མི་བསྐྱོད་པ་ཡི་དཀྱིལ་འཁོར་ནི། །དབུས་ན་
སྔོ་ཕྲེང་དཀར་པོ་ལ། །འཁོར་ལོ་སྔོན་པོ་རེ་མིག་ལྗང་། །རྩིབས་མཆན་རྣམས་ནི་དམར་པོ་གཏང་། །རྡོ་རྗེ་ཕྲེང་ནག་གཞི་མ་དཀར། །ཤར་དཀར་ལྷོ་ནི་སེར་པོ་ལ། །ནུབ་དམར་བྱང་ནི་ལྗང་གུའོ། །རྩིག་པ་སྔོ་ནས་རིམ་པས་དགྱེ། །ཁྱམས་ལ་སོགས་པ་སྤྱི་དང་མཐུན། །འོད་དཔག་མེད་
པའི་དཀྱིལ་འཁོར་ནི། །དབུས་དམར་ཕྲེང་བ་དཀར་པོ་ལ། །འཁོར་ལོ་དམར་ལ་རེ་མིག་ལྗང་། །རྩིབས་མཆན་རྣམས་ནི་དཀར་པོར་བྱ། །རྡོ་རྗེ་ཕྲེང་ལྗང་གཞི་མ་སེར། །ཤར་སྔོ་ལྷོ་ནི་སེར་པོ་ལ། །ནུབ་དཀར་བྱང་ནི་ལྗང་གུ་སྟེ། །རྩིག་པ་དམར་ནས་རིམ་པས་དགྱེ། །རིན་ཆེན་འབྱུང་
ལྡན་དཀྱིལ་འཁོར་ནི། །དབུས་སེར་ཕྲེང་བ་སྔོན་པོ་ལ། །འཁོར་ལོ་སེར་ལ་རེ་མིག་ལྗང་། །རྩིབས་མཆན་རྣམས་ནི་སྔོན་པོ་ལ། །རྡོ་རྗེ་ཕྲེང་དམར་གཞི་མ་ལྗང་། །ཤར་སྔོ་ལྷོ་ནི་སེར་པོ་ལ། །ནུབ་དམར་བྱང་ནི་ལྗང་གུ་སྟེ། །རྩིག་པ་སེར་ནས་རིམ་པས་དགྱེ། །དོན་ཡོད་གྲུབ་པའི་དཀྱིལ་
འཁོར་ནི། །དབུས་ལྗང་ཕྲེང་བ་དམར་པོ་ལ། །འཁོར་ལོ་ལྗང་ལ་རེ་མིག་སེར། །རྩིབས་མཆན་རྣམས་ནི་སེར་པོ་སྟེ། །རྡོ་རྗེ་ཕྲེང་སྔོ་གཞི་མ་སེར། །ཤར་སྔོ་ལྷོ་ནི་སེར་པོ་ལ། །ནུབ་དམར་བྱང་ནི་དཀར་པོ་སྟེ། རྩིག་པ་ལྗང་ནས་རྣམ་པར་དགྱེ། །ཞེས་པ་ནི་ཁྲི་དྲུག་སྟོང་པའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words