དཔལ་འཇམ་པའི་རྡོ་རྗེ་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་བསྐྱེད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་མཉྫུ་བཛྲ་ཨུ་ད་ཡ་མཎྜ་ལོ་བི་དྷི་སརྦ་སཏྭ་ཧི་ཏ་བ་ཧ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 65 · folio 253b

ཡང་བསྐྱེད་དེ། དེའི་འོག་ཏུ་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བ། སྐུ་ལུས་ཐུང་བ། གསུས་ཁྱིམ་ཆེ་བ། ཞལ་བཞི་པ། ཕྱག་བཞི་པ་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་དྲིལ་བུ་བསྣམས་པ། རྡོ་རྗེའི་རྒྱུའི་ངོ་བོ་ཉིད་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསམས་ལ། སྒོ་དབྱེ་བའི་ཕྱག་རྒྱས་

སྒོ་ཕྱེ་སྟེ། འདིས་གསང་བའི་དཀྱིལ་འཁོར་དགུག་པར་བྱའོ། །ༀ་བཛྲ་མཎྜལ་ཧཱུཾ་ཛཿ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་དང་མཐེ་བོའི་རྡོ་རྗེ་ནི་འདིའི་ཕྱག་རྒྱའོ། །དེ་ནས་ཡོངས་སུ་གྱུར་པ་ལས་ཟུར་བཞི་ལ་སོགས་པ་དང་ལྡན་པའི་དཀྱིལ་འཁོར་ཆེན་པོའི་རྣམ་པ་འདིས་བྱིན་གྱིས་བརླབ་

པར་བྱའོ། །ༀ་མ་ཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷི་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་མགལ་མེའི་འཁོར་ལོ་ལྟར་བསྐོར་བ་ནི་འདིའི་ཕྱག་རྒྱའོ། །དེ་ནས་སེང་ལྡེང་གི་ཕུར་བུ་སྔར་བཤད་པའི་བསམ་གཏན་གྱི་ཕུར་བུ་ལྟ་བུ་ལ། ཙནྡན་དམར་པོས་བྱུགས་ཏེ། སྲད་བུ་དམར་པོ་དང་ཕྲེང་བ་དམར་

པོས་དཀྲིས་པ་བཞི་ལ་བཟླས་བརྗོད་ལན་བརྒྱ་བྱ་སྟེ། གཡོན་པའི་ཁུ་ཚུར་གྱིས་བཟུང་ནས་གཡས་པས་རྡོ་རྗེ་འབར་བའི་ཐོ་བ་ཙནྡན་དམར་པོས་བྱུགས་ཤིང་སྲད་བུ་དམར་པོ་དང་། མེ་ཏོག་དམར་པོས་དཀྲིས་པས་ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་གདབ་པར་བྱའོ། །ཨོཾ་བཛྲ་

ཀཱི་ལི་ཀཱི་ལ་ཡ། སརྦྦ་བིགྷྣཱ་ན་བནྡྷ་ཧཱུཾ་ཕཊ། རྡོ་རྗེ་ཕུར་བུའི་སྔགས་སོ། །ཨོཾ་བཛྲ་མུངྒ་ར་ཨ་ཀོ་ཊ་ཡ་ཧཱུཾ། ཐོ་བའི་སྔགས་ཏེ། སྔར་བཤད་པའི་མཐའ་ཡས་དང་རྣམ་པར་རྒྱལ་བ་ལ་སོགས་པས་གནས་ལྔར་ཕུར་བུས་གདབ་པའམ། ཕྱག་རྒྱས་ཕུར་བུས་གདབ་པར་བྱའོ། །རྡོ་རྗེ་

བསྡམས་པ་ལས་ནང་དུ་བཅིངས་ལ་གུང་མོ་གཉིས་གཤིབས་ཏེ་མཛུབ་མོ་གཉིས་བཀུག་ལ་མཐེ་བོའི་སྟེང་དུ་གཞག་པ་ནི་ཕུར་བུས་གདབ་པའི་ཕྱག་རྒྱའོ། །དེ་ནས་བདུད་རྩི་ཐབ་སྦྱོར་གྱིས་བགེགས་བསྐྲད་པ་ལ་སོགས་པ་བྱས་ལ་དེ་ཉིད་ཟོས་པའི་གྲོགས་ཀྱིས་དཀྱིལ་

འཁོར་གྱི་ས་གཞི་དྲིས་ཉེ་བར་བྱུགས་པ་དང་། མེ་ཏོག་དྲི་ཞིམ་པོའི་སིལ་མས་ཉེ་བར་མཛེས་པར་བྱེད་དུ་བཅུག་ལ། དེ་བཞིན་དུ་རང་གི་བདག་པོའི་སྦྱོར་བ་དང་ལྡན་པས་ཧཱུཾ་ཟློས་པ་སྔོན་དུ་འགྲོ་བ་དང་། ལྷ་ཐམས་ཅད་ཀྱི་གནས་སུ་དྲིའི་དཀྱིལ་འཁོར་བྱའོ། །དེ་ནས་ཧཱུཾ་གིས་

Vol. 65 · folio 254a

སམ་རང་རང་གི་སྔགས་ཀྱིས་དཀྱིལ་འཁོར་པའི་ལྷ་རྣམས་བཏོན་ལ། གནས་ཇི་ལྟ་བ་བཞིན་དུ་བཞག་ནས། སྔར་བཤད་པའི་སྤྱན་དྲངས་པ་ལ་སོགས་པའི་རིམ་གྱིས་ནམ་མཁའི་གནས་ནས་ཕབ་སྟེ། གཅིག་ཏུ་བྱས་ལ་སྐུ་ལ་སོགས་པའི་བྱིན་

གྱིས་བརླབ་པ་སྔོན་དུ་འགྲོ་བས་རང་གི་སྔགས་དང་ཕྱག་རྒྱ་དང་བཅས་པ་ཉེ་བར་བརྟན་ལ། དབང་བསྐུར་ནས་ཡང་དག་པར་མཆོད་དེ། ལེགས་པར་བསྟོད་ནས་ཕྱག་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་རྩ་བ་མི་གནག་པ་མཆུ་འཕྱང་བ་དང་། མགྲིན་པ་རིང་བ།

ལྟོ་བ་ཆེ་བ། མེ་ཏོག་གི་ཕྲེང་བ་དང་། རས་ཀྱིས་མགུལ་བ་བཅིངས་པ། འདབ་མ་དྲི་ཞིམ་པོ་དང་འབྲས་བུས་ཁ་བཀབ་པ། རང་གི་བདག་པོའི་མཚན་མས་མཚན་པ་བླངས་ལ། ཀཎྜ་ཀ་རི་དཀར་པོ་དང་། དམར་པོ་དང་། དཎྜོཏྤ་ལ་དང་། གི་རི་ཀར་ནི་དཀར་པོ་དང་། ཧ་ས་

དེ་བ་སྟེ། སྨན་ཆེན་པོ་ལྔ་དང་། ནས་དང་། མ་ཤ་དང་། ཏིལ་དང་། འབྲས་སོ་བ་དང་། གྲོ་སྟེ། འབྲུ་ལྔ་དང་། བྱུ་རུ་དང་། གསེར་དང་། དུང་དང་། མུ་ཏིག་དང་ནོར་བུ་སྟེ། རིན་པོ་ཆེ་ལྔ་དང་ལྡན་པ། ཡི་གེ་བཾ་ལས་རིན་པོ་ཆེའི་རང་བཞིན་དུ་བསྐྱེད་ལ། བདག་པོའི་སྔགས་དང་

ཡི་གེ་ཧཱུཾ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་མཆོད་ཡོན་ལ་ཡོངས་སུ་བཟླས་ཏེ་བུམ་པའི་སྟེང་དུ་བཞག་ནས་ཆུ་ཅུང་ཟད་བཅུག་ལ། དེའི་དབུས་སུ་བཾ་ལས་བྱུང་བའི་པདྨ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེར་ལྷ་རྣམས་ཀྱི་འཁོར་ལོ་རང་གི་

དམ་ཚིག་གི་གནས་པས་བཞུགས་པར་ཡི་གེ་ཧཱུཾ་ངམ། རང་གི་སྔགས་ཀྱིས་བསམས་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་ཆུས་ཡོངས་སུ་གང་བར་བསྒོམས་ནས་རྡོ་རྗེ་སེམས་མས་ཡོངས་སུ་བཟུང་བའི་མེ་ཏོག་གི་ལྕུག་མས་རྡོ་རྗེ་དང་བཅས་པ་དང་། དཀྱིལ་འཁོར་བའི་ལྷ་

ཐམས་ཅད་ཀྱི་སྔགས་མངོན་པར་བཟླས་ལ། ཨོཾ་བཛྲོད་ཀ་ཧཱུཾ་ཞེས་བྱ་བ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ཏེ། བདུད་རྩི་ཐབ་སྦྱོར་ཡོངས་སུ་བཟླས་པའི་མེ་ཏོག་བཅུག་ལ། སྤོས་ཀྱིས་བདུགས་ཏེ། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ནས། དཀྱིལ་འཁོར་བསྐོར་བ་

Vol. 65 · folio 254b

བྱས་ཏེ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་སྤྱན་སྔར་གཞག་པར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་དུ་བཞག་ནས་ཀྱང་དཀྱིལ་འཁོར་གྱི་བདག་པོའི་སྔགས་དང་། ཡི་གེ་ཧཱུཾ་གཉིས་མངོན་པར་བཟླ་བར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ཕྱི་རོལ་དུ་སོང་སྟེ་

ཕྱོགས་ཀྱི་གཏོར་མ་བྱིན་ནས་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར། སྦྱིན་སྲེག་ཀྱང་བྱས་ནས་དཀྱིལ་འཁོར་གྱི་སར་ཞུགས་ཏེ། སྔ་མ་བཞིན་དུ་རྡོ་རྗེ་ལྕེ་བསམས་ལ། ཨོཾ་པདྨ་ས་ར་སྭསྟི། ས་ཏྱཾ་ཨ་བརྟ་ཡ་ཤོ་དྷ་ཡ་ཧཱུཾ་ཧྲཱིཿརཿཧྲཱིཿཞེས་བྱ་བས་ལྕེ་བྱིན་གྱིས་བརླབས་ལ་སྤོས་སྣོད་

ལག་ན་ཐོགས་ཤིང་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལྷག་པར་གནས་པར་བྱའོ། །ཐུགས་བརྩེ་ཕན་པའི་དགོངས་པ་ཅན། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་ཅན་བདག་འདི་ཞེས་བྱ། །དཀྱིལ་འཁོར་བཟང་པོ་འདི་

ཞེས་བྱ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ནང་པར་བདག་ནི་བྲི་བར་བགྱིད། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་ཉེ་བར་བཟུང་ནས་ནི། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་

གྱིས་རློབ་པར་མཛོད་དུ་གསོལ། །སྲས་དང་བཅས་པར་གཤེགས་ནས་ནི། །ས་གཞི་ཡོངས་སུ་གཟུང་བར་མཛོད། །དེ་ནས་སེམས་ཅན་ཐམས་ཅད་ལྷག་པར་གནས་པར་བྱ་སྟེ། དེ་ལ་དང་པོར་རེ་ཞིག་སློབ་མ་ལེགས་པར་ཁྲུས་བྱས་ཤིང་། གོས་གཙང་མ་བགོས་ཏེ་

ལག་ན་མེ་ཏོག་ཐོགས་པས་སློབ་དཔོན་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་

དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱིད། །དེ་ནས་སློབ་དཔོན་གྱིས་སློབ་མའི་གཙོ་བོ་ལ་སོགས་པ་

Vol. 65 · folio 255a

ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །ཁུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་

བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་

སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ལྟར་ཡང་དག་པར་འཛིན་དུ་བཅུག་ནས། སྐྱབས་སུ་འགྲོ་བ་ལ་སོགས་པ་བྱེད་

དུ་གཞུག་པར་བྱའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཡང་ཕྱག་ལ་སོགས་པ་རྒྱ་ཆེར་བྱེད་དུ་གཞུག་པར་བྱ་སྟེ། གང་ཞིག་མི་མཁྱེན་ཅུང་ཟད་མེད། །

འགྲོ་ལའང་རྟག་ཏུ་སྐྱབས་མཛད་པའི། །བདེ་བར་གཤེགས་དང་དམ་པའི་ཆོས། །ཚོགས་ཆེན་བཅས་ལའང་ཕྱག་འཚལ་ལོ། །འཇིག་རྟེན་སྡུག་བསྔལ་ལྡན་སྐྱོབ་ཅིང་། །དེ་ཡི་སྡུག་བསྔལ་ཉིད་གཟིར་བའི། །གཙོ་ལ་ཀུན་ནས་དད་པ་ཡིས། །དེ་ཉིད་ལ་ནི་སྐྱབས་སུ་མཆི། །ཀུན་

ནས་རྣམ་པ་ཐམས་ཅད་དུ། །དེང་མཉེས་པ་ལ་ངས་བྱས་ཏེ། །དེ་རྣམས་ལ་ནི་བདག་དབུལ་གྱིས། །ཁྱེད་ནི་ཀུན་དུ་བདག་བཞེས་ཤིག །སྡིག་པ་མ་ལུས་བཤགས་བགྱི་ཞིང་། །སླར་ཡང་དེ་ལྟར་ཡོང་མི་བགྱིད། །བདག་དང་གཞན་གྱིས་གང་བྱས་པའི། །དགེ་བ་ཀུན་ལ་རྗེ་ཡི་

རང་། །རྫོགས་སངས་དམ་ཆོས་སྟོན་པར་མཛོད། །ནམ་ཡང་མྱ་ངན་འདའ་མ་མཛད། །སེམས་ཅན་རྣམས་ནི་བདེ་མཛད་དེ། །གོ་འཕང་མཆོག་ནི་ཐོབ་པར་མཛོད། །སྐལ་ཆེན་སངས་རྒྱས་དེ་སྲས་ཀྱིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །དེ་ལྟར་བླ་མེད་བྱང་ཆུབ་

Vol. 65 · folio 255b

སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །བདག་ནི་ཐམས་ཅད་མཁྱེན་གྱུར་ནས། །ཀུན་གྱི་དབང་ཕྱུག་གནས་འདུག་སྟེ། །སྲིད་པའི་རྒྱ་མཚོ་མཐའ་མེད་དེ། །འགྲོ་བ་ཐམས་ཅད་བསྒྲལ་བར་བགྱི། །སངས་རྒྱས་ཐོབ་པའི་རྒྱུ་ལ་ཡང་། །ཅི་ཡོད་སྟོབས་ཀྱིས་

འཇུག་བགྱི་ཞིང་། །དེར་ཞེན་དེ་བཞིན་བརྟན་པ་ཡིས། །སྨོན་ལམ་འདི་ནི་བདག་བགྱིད་དོ། །དེ་བཞིན་སྐྱེ་བ་ཐམས་ཅད་དུ། །དེ་ཡི་ཐབས་ལ་བརྩོན་པ་དང་། །ཉེས་བྲལ་ཡོན་ཏན་ལྡན་པ་སྟེ། །དབང་ཕྱུག་ཕུན་ཚོགས་ཀུན་ཐོབ་ཤོག །བདག་གིས་དགེ་བ་གང་བགྱིས་དང་། །གང་

ཡང་བགྱིད་དུ་སྩལ་བ་ཡང་། །དེས་ནི་བདག་དང་འགྲོ་བ་ཀུན། །བདེ་གཤེགས་གོ་འཕང་འགྲུབ་པར་ཤོག །དེ་ནས་སློབ་དཔོན་གྱིས་ཡི་གེ་ཧཱུཾ་བཟླས་པའི་སྤོས་སྙིང་གར་གཏོར་ལ། དེ་ཉིད་ཀྱིས་སློབ་མ་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་སྙིང་གར་གཏུགས་ཏེ། རྡོ་རྗེ་

རྩེ་ལྔ་པ་བསམ་པ་དང་། སྤྱི་བོར་ཡང་སྣ་ཚོགས་རྡོ་རྗེ་རྣམ་པར་བསམ་པར་བྱའོ། །དེ་ནས་ཧཱུཾ་གིས་སྤྱི་བོར་མེ་ཏོག་སྦྱིན་ཞིང་། བདུག་སྤོས་ཀྱིས་བདུག་པ་དང་། མར་མེའི་སྣང་བ་ཡང་བྱས་ལ། དེ་ཉིད་ཀྱིས་ཡོངས་སུ་བཟླས་པའི་ཨུ་དུམྺཱ་ར་དང་། ཨ་ཤྭདྠ་སོར་བཅུ་

གཉིས་པ་རྨ་མེད་པ། སྤོས་ཆུས་བཀྲུས་པ། རྩེ་མོ་མེ་ཏོག་གི་ཕྲེང་བས་བཅིངས་པའི་སོ་ཤིང་། སློབ་མ་ཐལ་མོ་སྦྱར་ཞིང་ཁ་བྱང་དུ་བལྟས་པ་ལ་སྦྱིན་པར་བྱའོ། །དེས་ཀྱང་བའི་ཀོ་བ་ཙམ་གྱི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། ཤར་དུ་བལྟས་ནས་རྩེ་མོ་ནས་བཅའ་སྟེ། མི་

དགོས་པར་མདུན་དུ་ལྟོས་པ་མེད་པར་དོར་བར་བྱའོ། །དེ་ལ་བདག་ལ་བལྟས་ཏེ་ལྷུང་ན་བགེགས་མེད་པར་ཐམས་ཅད་འགྲུབ་པར་འགྱུར་རོ། །གལ་ཏེ་ཁ་གྱེན་དུ་བལྟས་པས་ལྷུང་ན། རིག་འཛིན་གྲུབ་པར་འགྱུར་རོ། །ཁ་ཐུར་དུ་བལྟས་ཏེ་ལྷུང་བས་ནི། ས་འོག་གི་དངོས་གྲུབ་

བོ། །སྐོར་ཕྱོགས་ཀྱི་རིམ་གྱིས་ཤར་ལ་སོགས་པར་ཁ་བལྟས་ཏེ་ལྷུང་ན་ནི་རྒྱས་པ་དང་། མངོན་སྤྱོད་དང་། དབང་དང་། ཞི་བ་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་གྱི་ཕྱི་རིམ་དུ་ལྷུང་ན་ནི། དངོས་གྲུབ་མེད་དོ། །དེ་ནས་ཡི་གེ་བཾ་ལས་བྱུང་ཞིང་དེ་ཉིད་བཟླས་པའི་ཆུས་

Vol. 65 · folio 256a

འཐུང་བྱ་བའི་ཕྱིར་བྱིན་ལ། ཨོཾ་ཧྲཱིཿབི་ཤུདྡྷ་དྡྷརྨྨཱཿསརྦྦ་པཱ་པ་ནིཤྩ་ཨ་སྱ་བི་ཤོདྷྱ། སརྦྦ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ་ཞེས་བཟླས་པའི་སྤོས་ཆུའི་ཁྱོར་ཆུ་གསུམ་འཐུང་དུ་བཅུག་ལ། ཡི་གེ་ཧྲཱིཿལས་བསྐྱེད་ཅིང་དེ་ཉིད་བཟླས་པའི་ཀུ་ཤ་གསར་ཞིང་མ་འཁྲུགས་པ་གཅིག་

སྔས་སུ་སྦྱིན་པ་དང་། ཀུ་ཤ་གཉིས་པ་ཧཾ་གི་ས་བོན་ལས་བསྐྱེད་ཅིང་། དེ་ཉིད་བཟླས་པ་སྟན་གྱི་ཕྱིར་སྦྱིན་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་མངོན་པར་བཟླས་ཤིང་། ཡི་གེ་བརྒྱ་པས་བརྟན་པར་བྱས་པའི་སྲད་བུ་གསུམ་སྒྲིལ་མདུད་པ་གསུམ་དང་ལྡན་པས་དེ་རྣམས་ཀྱི་དཔུང་པ་

གཡས་པར་རང་ཉིད་བཅིངས་ལ། རྡོ་རྗེ་གོ་ཆས་ཡང་དག་པར་བསྲུངས་ཏེ། ཆོས་བཤད་པས་གཟེངས་བསྟོད་པར་བྱའོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་

པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ནི། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་

རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱི། །རབ་ཏུ་མི་རྟོག་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་

པ། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །བཞིན་བཟངས་ལོངས་ཤིག །ནང་པར་འཇམ་དཔལ་རྡོ་རྗེའི་བཀའ་དྲིན་གྱིས། དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་གྱིས།

ཇི་ལྟར་མཐོང་བའི་རྨི་ལམ་རྣམས་ཀྱང་སྨྲོས་ཤིག་ཅེས་བརྗོད་ལ་གཏང་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་གནས་སུ་ཞུགས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཕྱི་དང་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་པ་དེ་རྣམས་ཐམས་ཅད་སྔ་མ་

Vol. 65 · folio 256b

བཞིན་དུ་བཏེག་སྟེ། གཞལ་ཡས་ཁང་ཤེལ་ལྟར་དང་ཞིང་དྲི་མ་མེད་པའི་དབུས་སུ་བཞག་ལ། སྟེང་དང་འོག་ཏུ་གནས་པའི་ཡི་གེ་བཾ་དང་ཧཱུཾ་གི་བར་དུ་ཆུད་པར་བྱས་ནས། ཨོཾ་གཉིས་ལས་བསྐྱེད་པའི་ཁ་སྦྱར་གྱི་ནང་དུ་ཆུད་པར་བསྒོམ་པར་བྱ་བའམ་རྡོ་རྗེའི་ལམ་ནས་རང་གི་སྙིང་གའི་

རྡོ་རྗེའི་ལྟེ་བའི་དབུས་སུ་གནས་པར་བྱས་ལ། དཀྱིལ་འཁོར་གྱི་སའི་མཐར་སློབ་མའི་གཙོ་བོ་དང་ལྷན་ཅིག་ཡིད་བསམ་གཏན་ལ་མཉམ་པར་གཞག་པས་སེང་གེའི་ཉལ་སྟབས་སུ་ཉལ་བར་བྱའོ། །ཞག་གཉིས་པ་ལ་ལྷག་པར་གནས་པའི་ཆོ་གའོ། །དེ་ལས་གཞན་པའི་

ཉི་མ་གསུམ་པ་ལ་རྨི་ལམ་ངན་པ་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་དམ། སྤྱན་ལ་སོགས་པའི་སྔགས་སྟོང་རྩ་བརྒྱད་བཟླས་པས་ཞི་བར་བྱའོ། །ཡང་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་ལྷག་པར་མོས་པར་བྱས་ལ། ལས་ཐམས་ཅད་པའི་བུམ་པ་ཡང་འཇུག་པའི་སྒོར་

མངོན་པར་ཕྱོགས་པར་བསང་གཏོར་གྱི་དོན་དུ་གཞག་སྟེ། དཀྱིལ་འཁོར་བྲི་བ་བརྩམ་པར་བྱའོ། །དཔལ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་པས་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་དང་། སེར་པོའི་ཚོན་རྩི་དྲི་ཞིམ་པོས་ཡུངས་ཀར་གྱི་ཕྱེ་མ་དང་བསྲེས་པས།

སོ་སོར་ཁ་བསྒྱུར་བའི་སྲད་བུ་རིམ་པ་ཉིད་ཀྱིས་བཞག་ལ། ཧཱུཾ་ཏྲཱཾ་ཧྲཱིཿཨཾ། ཞེས་བྱ་བའི་ས་བོན་གྱིས་མི་བསྐྱོད་པ་ལ་སོགས་པ་སྲད་བུ་རྣམས་ལ་བཀོད་དེ། ས་བོན་དེ་རྣམས་ཉིད་ཀྱིས་རང་གི་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཁ་དོག་

ཇི་ལྟ་བུའི་འོད་ཀྱི་སྲད་བུར་གནས་པར་བསམས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པའི་ཕྱིར། རྡོ་རྗེའི་ཐིག་བདག་ལ་སྩལ་དུ་གསོལ་ཞེས་མི་བསྐྱོད་པ་ལ་སོགས་པ་ལ་ཡང་དག་པར་བསྐུལ་ལ། ཨོཾ་དཱིཔྟ་དྲྀཥྚི་ཨཾ་

ཀུ་ཤ་ཛཿཞེས་བྱ་བ་མིག་ཏུ་བཀོད་ནས། རབ་ཏུ་གཡོ་བར་བྱེད་པའི་མིག །མིག་གི་རྫི་མ་འདྲེན་པར་བྱེད་པའི་ལྟ་བས་འོད་ཀྱི་སྲད་བུ་མི་བསྐྱོད་པ་ལ་སོགས་པའི་ཐུགས་ཀ་ནས། དེ་རྣམས་ཉིད་བཏང་སྟེ་དྲངས་ནས་དེ་རྣམས་ཀྱིས། རང་གི་ལག་ན་གནས་པའི་སྲད་བུ་ལ་ཀུན་དུ་

Vol. 65 · folio 257a

བཀང་ལ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨྨ་པ་ར་སྤ་ར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨ་ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨ་ཞེས་བྱ་བ་དང་ཡི་གེ་ཧཱུཾ་བརྗོད་ལ་བསྒྲིལ་ཏེ། མ་དང་ཊ་གཉིས་ལས་ཉི་མ་དང་། ཟླ་བ་གཉིས་སུ་བསྐྱེད་ལ། བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བས་བརྟན་པར་བྱས་ནས།

དྲི་དཀར་པོའི་ཆུ་དང་ལྡན་པའི་གསེར་ལ་སོགས་པའི་སྣོད་ཀྱི་ནང་དུ་སྲད་བུ་དེ་བཞག་ལ། དྲི་དང་། མེ་ཏོག་དང་། སྤོས་ལ་སོགས་པས་ཀྱང་མཆོད་དོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་ཡི་གེ་ཧཱུཾ་དང་།

དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཀྱི་སྔགས་ཀྱང་བཟླ་བར་བྱའོ། །དེ་ནས་ཡང་དཀྱིལ་འཁོར་པའི་ས་གཞི་དྲིས་ཉེ་བར་བྱུགས་ལ། མེ་ཏོག་གི་སིལ་མ་གཏོར་ཏེ། དེ་ནམ་མཁའ་ལ་བཞུགས་པའི་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་འཁོར་དང་བཅས་པ་མངོན་པར་དམིགས་ལ།

མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བའི་དྲི་ལ་སོགས་པ་དང་། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་དེ། ཕྱག་བྱས་ནས་རང་ཉིད་དེའི་སྦྱོར་བ་དང་ལྡན་པས། རང་གི་སྙིང་ག་ནས་སྒྲུབ་པའི་གྲོགས་མཆོག་བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་སྤྲུལ་ལ། མིག་གཡས་

དང་གཡོན་དུ་ཛཿལས་བྱུང་བའི་ཟླ་བ་དང་། ཉི་མ་སེར་པོར་སྣང་བ་བསམས། ཡི་གེ་ཧཱུཾ་བཟླས་པའི་ཡུངས་ཀར་དཀར་པོ་དང་། དྲི་དཀར་པོའི་ཆུས་སྦངས་ཏེ། ཆུར་དཀྱིལ་འཁོར་ཉིས་འགྱུར་ལ་སྦོམས་སུ་སྒོའི་ཉི་ཤུའི་ཆའི་སྲད་བུ་དེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས།

ལྟེ་བར་འཛིན་ཅིང་ཡི་གེ་ཛཿཐིག་དེ་སྒྲུབ་པའི་གྲོགས་པོའི་ལག་ཏུ་ཨོཾ་ཛཿཛཿཞེས་བྱ་བས་བཏང་ངོ་། །སྒྲུབ་པའི་གྲོགས་ཀྱིས་ཀྱང་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཛཿཛཿཛཿཞེས་བྱ་བས་དྲངས་ནས་དེ་བཞིན་དུ་སྔོན་དུ་ཕྱོགས་པར་གནས་པར་བྱའོ། །དེ་ལ་ཕྱོགས་ཐམས་ཅད་

མཉམ་པ་ཉིད་དུ་དམིགས་ཏེ། སློབ་དཔོན་ཤར་དང་བྱང་དུ་བལྟས་ལ། ནུབ་དང་ལྷོར་འདུག་སྟེ། ཚངས་པའི་ཐིག་གཉིས་གདབ་པར་བྱའོ། །དཀྱིལ་འཁོར་ཐིག་གདབ་པ་ན། དང་པོར་རྡོ་རྗེ་དང་ཁུ་ཚུར་གྱིས་སྲད་བུ་དེ་བཟུང་ལ། ཕྱིས་ནི་ཅི་བདེ་བར་ཐིག་གདབ་པར་བཤད་

Vol. 65 · folio 257b

དོ། །མཚན་མ་མེད་པས་དངོས་མི་འགྲུབ། །སྲད་བུ་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །སློབ་དཔོན་མེ་དང་རླུང་གི་ཕྱོགས་སུ་འདུག་སྟེ། གནོད་སྦྱིན་དང་། ཡི་དགས་དང་། ལྷ་དང་ཀླུའི་ཕྱོགས་སུ་མངོན་པར་བལྟས་

ལ། ཤར་དང་། ནུབ་དང་། བྱང་དང་། ལྷོར་ཐིག་གདབ་བོ། །ཡང་མེའི་ཕྱོགས་སུ་གནས་ཏེ། རླུང་གི་མཚམས་དང་། བདེན་བྲལ་གྱི་ཕྱོགས་སུ་གནས་ཏེ། དབང་ལྡན་གྱི་མཚམས་ཀྱི་བར་དུ་སྲད་བུ་བརྐྱང་བར་བྱ་བ་དང་། ཤར་དང་། ནུབ་དང་། བྱང་དང་། ལྷོ་དང་། ཕྱོགས་བཞིར་

ཐིག་བཏབ་པས། དཀྱིལ་འཁོར་བརྒྱད་དུ་ཡང་རིམ་པ་འདི་ཉིད་ཀྱིས་འགྱུར་རོ། །ༀ་བཛྲ་ས་མ་ཡ་སཱུ་ཏྲཾ། མ་ཏི་ཀྲ་མ་ཧཱུཾ་ཞེས་བཟླ་བར་བྱའོ། །ཐིག་གདབ་པའི་སྒྲས་ཀྱང་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཁྱེད་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་ལགས་

པས། འདིར་གཤེགས་སུ་གསོལ་ཞེས་བསྐུལ་བར་བྱའོ། །ཁྲུ་སྟོང་གི་ཚད་ནས་ཉེ་བར་བཟུང་སྟེ། ཁྲུ་གང་གི་བར་དུ་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་ཐམས་ཅད་དུ་ཡང་གཡས་ནས་བསྐོར་ཏེ་འགྲོ་བར་བྱའོ། །གྲུ་བཞིར་བགྱི་ཞིང་སྒོ་བཞི་

དང་། །རྟ་བབས་བཞིས་ནི་མཛེས་བགྱིས་པ། །ཐིག་བཞི་དང་ནི་ལྡན་གྱུར་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། །དེ་ཡི་རིམ་པའི་ནང་ཞུགས་

ལ། །དེ་ཉིད་དེ་དང་འདྲ་བ་ལ། །ཕྱི་ཡི་འཁོར་ལོ་ཕྱེད་ཀྱི་ཚད། །ཐམས་ཅད་དེ་འདྲ་རྟ་བབས་མེད། །རིམ་པ་ནང་པར་ཞུགས་ནས་ནི། །དེ་ཡི་ཕྱེད་ཀྱིས་གསུམ་པ་ནི། །རྡོ་རྗེ་ཐིག་གིས་ཡོངས་སུ་བསྐོར། །ཀ་བ་བརྒྱད་ཀྱིས་མཛེས་བགྱིས་པ། །རྡོ་རྗེ་ཀ་བའི་ནང་ལོགས་སུ། །ཟླ་བའི་

དཀྱིལ་འཁོར་ལྔ་ཡིས་བརྒྱན། །དེ་ནས་ཧྲཱི་དང་ཁྲོ་ལྟ་བས། །སྒོ་ནི་རྣམ་པར་དབྱེ་བར་བྱ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁ་ཁྱེར་མེད་པ་དག་ཏུ་འདོད། །སྒོ་ཁྱུད་སྒོ་ཡི་ཚད་དུ་སྟེ། །ལྷ་ཡི་སྣམ་བུའང་དེ་དང་འདྲ། །ཁ་ཁྱེར་ཀུན་དུ་སྒོ་ཡི་ཕྱེད། །སྒོ་འགྲམ་སྒོ་ལོགས་དེ་

Vol. 65 · folio 258a

བཞིན་ཏེ། །དྲ་བ་དྲ་ཕྱེད་ཉི་ཟླ་དང་། །དར་དང་མེ་ཏོག་ཕྲེང་སྣམ་བུ། །ཚོན་གྱི་ས་ནི་དེ་ཡི་ཕྱེད། །རྩ་བའི་ཐིག་སའི་ཕྱི་རོལ་དུ། །རྡོ་རྗེ་ལ་སོགས་ཀ་བའི་ཐིག །ས་ནི་ཚོན་གྱི་ས་དང་མཉམ། །སྒོ་ལས་སྒོ་ཁྱུད་སུམ་འགྱུར་ཏེ། །བ་དན་དྲིལ་བུ་རྣམས་དང་ལྡན། །

དྲིལ་གདགས་རླུང་གིས་བསྐྱོད་པ་ཡི། །བ་དན་ཆུ་ཡི་མཚམས་སུ་བྱ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བརྟག །གལ་ཏེ་ཐིག་འདེབས་འོས་པ་ནི། །འགའ་ཡང་མེད་ན་དེ་ཚེ་རང་། །ཕུར་བུས་བརྟོད་པས་གྲོགས་མེད་པར། །དེ་བཞིན་

ཐིག་ནི་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་སྔ་མ་བཞིན་དུ། སྟེང་དང་འོག་ཏུ་རྩེ་མོ་ལྔ་པ་དང་། གཅིག་པའི་རྡོ་རྗེ་ལྟ་བུའི་ཕུར་བུས་བཏབ་ལ། དེ་ལ་བཏགས་པའི་སྲད་བུ་ཉི་རིམ་གྱི་ནང་དང་ཕྱིའི་དཀྱིལ་འཁོར་གྱི་རྒྱབ་ཏུ་རྡོ་རྗེའི་ཐིག་དང་། འོད་ཀྱི་དཀྱིལ་འཁོར་གྱི་

འཁོར་ལོ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ཕྱོགས་སུ་ཐིག་བཏབ་ནས་ཡེ་ཤེས་ཀྱི་ཐིག་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཡཾ་རཾ་བཾ་ཧཾ་ལཾ་གྱི་ས་བོན་ལས་རིམ་གྱིས་བསྐྱེད་པ་སྲད་བུ་བཤད་པའི་ཁ་དོག་གི་རིམ་པའི་སྔོན་པོ་ལ་སོགས་པའི་ཚོན་རིན་པོ་ཆེ་ལས་

བྱུང་བའམ། ལྕགས་ལྔ་ལས་བྱས་པའམ། ཁམས་ལས་བྱུང་བའམ། ཡང་ན་སཱ་ལུ་ལས་བྱུང་བའམ། དམར་པོ་ནི་སོ་ཕག་ལས། ནག་པོ་ནི་སོལ་བ་ལས་བྱས་པ་བཟང་པོ་ལ། ཧཱུཾ་ཏྲཱཾ་ཨཱཿཁཾ་ཨོཾ་ཞེས་བྱ་བ་ལས་བསྐྱེད་པ་ཕྱག་རྒྱ་མ་ལུས་པའི་གཟུགས་ཅན་ལ། ཨོཾ་བཛྲ་

ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ལ། རྡོ་རྗེའི་ཕྱག་རྒྱ་གཉི་ག་ཡི། །མཛུབ་མོ་རྩེ་མོ་རབ་སྦྱོར་བ། །བྱས་ནས་ཚོན་རྩི་ཐམས་ཅད་ལ། །འབར་བའི་ལྟ་བས་དགུག་པར་བྱ། །ཞེས་བྱ་བའི་སྔགས་དང་ཕྱག་རྒྱར་བཅས་པས་བརྒྱ་རྩ་བརྒྱད་བཟླས་མཐར་ཡི་གེ་ཧྲི་བཀོད་དེ། ཚོན་མེད་པོ་ལ་

བདེན་པ་གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ལ་ཆགས་པས་ཆགས་པར་མཛད་པའི་བདེན་པ་དེས་ཚོན་རྩི་འབར་བར་གྱུར་ཅིག་ཅེས་བྱས་ནས་སྦར་བར་བྱའོ། །དེ་ནས་ལྟེ་བར་གནས་པའི་ཕུར་བུ་ཡི་གེ་ཧཱུཾ་གིས་ཕྱུང་ལ། རང་

Vol. 65 · folio 258b

གི་ལག་ན་གནས་པའི་རྡོ་རྗེ་བློས་ནང་དུ་ཆུད་པར་བྱས་ནས་ཕུར་བུའི་བུ་ག་ཚོན་རྩི་ལྔས་བཀང་ལ། བླ་ན་མེད་པའི་ཤེས་རབ་ཀྱི་དྲིལ་བུའི་སྒྲ་དང་། རྡོ་རྗེ་གླུ་རྣམས་ཀྱིས་མཚན་མ་ངན་པ་བསལ་ནས། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་གྲོལ་བྱེད་པ། །

འཇམ་དབྱངས་རྒྱལ་པོ་རང་ཉིད་དེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་མོས་པར་བྱས་ལ། དང་པོ་གཡོན་པའི་རྡོ་རྗེའི་ཁུ་ཚུར་གྱིས་ནང་དུ་གནས་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ལ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ནས་བསྐོར་ཞིང་ཚོན་

རྩི་དགྱེ་བར་བྱ་སྟེ། ཕྱིས་ནི་ཅི་བདེར་བྱའོ། །དང་པོར་སློབ་དཔོན་གྱིས་བཀྱེ་ལ། །ཕྱིས་ནི་སྒྲུབ་པའི་གྲོགས་པོས་ཏེ། །འདབ་མ་འབྱོར་པ་དང་བཅས་པ་དང་། གཡས་ཕྱོགས་ནས་སྦོམ་ཕྲ་རན་པར་དགྱེ་བར་བྱ་ཞིང་རི་མོ་སྒོའི་ཉི་ཤུ་ཆར་བྱའོ། །སྦོམ་པོར་དགྱེ་བས་ནད་ཀྱིས་

འདེབས། །ཕྲ་མོས་ནོར་ནི་རྣམ་པར་འཇིག །ཡོན་པོས་རྣམ་འགྲས་ཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི། །གཡས་སྐོར་མིན་པར་དགྱེ་བ་ཡིས། །ཚོན་ནི་ཕུར་བུས་བཏབ་པར་འགྱུར། །སྔོན་པོ་རིན་ཆེན་རྩེ་རང་བཞིན། །དེ་བཞིན་པདྨ་རཱ་གའི་དངོས། །དེ་ལས་གཞན་པ་ཁ་

དོག་དཀར། །མརྒད་འཆར་བ་ལྟ་བུ་གཞན། །སེར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཤར་ཕྱོགས་སུ་ནི་སྔོན་པོ་ཆེ། །ལྷོར་ནི་དམར་པོས་ཡང་དག་ལྡན། །ཟླ་བ་ལྟར་སྣང་ནུབ་ཀྱི་ཆ། །བྱང་ནི་ལྗང་གུར་ཡང་དག་ལྡན། །དབུས་མ་ཡི་ནི་ས་

ཡི་ཆར། །གསེར་ལྟར་སྣང་བ་བླ་ན་མེད། །རྡོ་རྗེ་དྲིལ་བུ་རྟག་འཆང་ཞིང་། །ལེགས་མཉམ་བཞག་སྟེ་ཡང་དག་བྲི། །ཚོན་གྱི་རི་མོ་རྣམས་ཀྱང་ནས་གང་ཙམ་གྱིས་ཕན་ཚུན་མ་འབྱར་བར་དགྱེ་བར་བྱའོ། །དེ་ལ་ཕྱིའི་དཀྱིལ་འཁོར་དུ་ནི་སྔོན་པོ་དང་། དམར་པོ་དང་། དཀར་པོ་

དང་། ལྗང་གུ་དང་། ཚོན་སེར་པོ་རྣམས་ཀྱིས་ར་བ་རྣམ་པ་ལྔ་བྱའོ། །གཉིས་པ་ནི་སྔོན་པོ་དང་། དཀར་པོ་དང་། སེར་པོས་སོ། །འཁོར་ལོ་གསུམ་པར་ནི་དཀར་པོའི་རི་མོ་དགྱེ་བར་བྱའོ། །དེ་ནས་རྡོ་རྗེ་ཤུགས་ཀྱིས་ནང་དུ་ཞུགས་ལ། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། འདིའི་ཕྱག་རྒྱ་ནི།

Vol. 65 · folio 259a

ཡིད་ཀྱིས་རི་མོ་བཏེག་ནས་ནི། །རྡོ་རྗེ་སྲད་བུའམ་གཞན་ཡང་རུང་། །ཕྱིར་བྱུང་ནང་དུ་ཞུགས་ཀྱང་ནི། །དམ་ཚིག་འགལ་བར་དེ་མི་འགྱུར། །ཞེས་བྱ་བ་དང་། ཇི་ལྟ་བ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་དང་། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ། ཡིད་ཀྱིས་ཁ་སྦྱར་བྱེ་ལ། ནམ་

མཁའ་ལ་བཞུགས་པ་དང་གཅིག་ཏུ་བྱས་ནས། རང་གི་སྙིང་པོ་བརྗོད་དེ་དཀྱིལ་འཁོར་དབུས་མའི་ལྟེ་བར་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་སེང་གེའི་གདན་ལ་བཞུགས་པའོ། །ཤར་ལ་སོགས་པའི་རེའུ་ཆ་ལ་མི་བསྐྱོད་པ་ལ་སོགས་པའོ། །དཀྱིལ་འཁོར་གྱི་དབང་

ལྡན་ལ་སོགས་པའི་མཚམས་རྣམས་སུ་ནི་སྤྱན་ལ་སོགས་པའོ། །རིམ་པ་གཉིས་པའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ནི་རྡོ་རྗེ་སེམས་མ་ལ་སོགས་པའོ། །བྱང་ཤར་ལ་སོགས་པའི་མཚམས་རྣམས་སུ་ནི་སྐུལ་བྱེད་མ་ལ་སོགས་པའོ། །རིམ་པ་གསུམ་པའི་ཤར་ལ་སོགས་པའི་

སྣམ་བུ་ལ་ནི་བྱམས་པ་ལ་སོགས་པའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །མཚམས་རྣམས་སུ་མི་གཡོ་བ་ལ་སོགས་པ་སྟེ། དེ་དག་སྔར་བཤད་པའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པར་བྱའོ། །ཕྱིའི་མཚམས་དང་སྒོའི་ཡ་

ཕུབས་རྣམས་ལ་ནི། རྡོ་རྗེ་རྣམས་གཞག་པར་བྱའོ། །ཕྱོགས་བཞིར་ནི་རྟ་བབས་རིན་པོ་ཆེ་ལ་སོགས་པ་ལས་བྱས་པ། མེ་ཏོག་གི་ཕྲེང་བ་དང་དྲིལ་བུ་ལ་སོགས་པས་བརྒྱན་པར་ཡི་གེ་ཧཱུཾ་ཟློས་ཤིང་བྱའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་འཕགས་པ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྡོང་པོ་བཀོད་པ་དང་། དེ་བཞིན་གཤེགས་པའི་གསང་བ་དང་། གསེར་འོད་དམ་པའི་མདོ་བཀླག་པར་བྱའོ། །ག་ཕུར་དང་། ཨ་ཀ་རུ་དང་། ཏུ་རུ་སྐ་ལ་སོགས་པའི་སྤོས་སྣོད་ཕྱོགས་མཚམས་བརྒྱད་དུ་རྒྱུན་མི་འཆད་པར་འབྱུང་བར་གཞག་

པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་བཟླས་པའམ། བདུད་རྩི་ཐབ་སྦྱོར་བཟླས་པའི་སྤོས་ཆུས་དཀྱིལ་འཁོར་གྱི་མཐའ་ཀུན་དུ་བྱུགས་ལ། དྲི་ཞིམ་པོའི་མེ་ཏོག་གི་སིལ་མ་གཏོར་ནས། དེ་ཉིད་བཟླས་པའི་སྤོས་ཆུ་ཉིད་ཀྱིས་དཀྱིལ་འཁོར་བསངས་ལ། དཀྱིལ་འཁོར་བྱིན་གྱིས་བརླབ་

Vol. 65 · folio 259b

པར་བྱ་བའི་ཕྱིར། ཡི་གེ་བརྒྱ་པ་ལན་མང་དུ་བཟླ་བར་བྱའོ། །ཁྲོ་བོ་བརྒྱད་གསུངས་པས་རྡོ་རྗེ་ས་འོག་ལ་སོགས་པ་དགོད་པ་ནི། འདིར་མེད་པ་ཁོ་ན་སྟེ། སྟེང་དང་འོག་ཏུ་དགོད་པར་བྱ་བ་ནུས་པ་ཡང་མ་ཡིན་ནོ། །དེ་འབའ་ཞིག་བརྐོ་བ་དང་ཡུ་བ་ལ་དཔྱངས་ཏེ་བྱའོ་ཞེ་ན། དེ་ཡང་

རིགས་པ་མ་ཡིན་ཏེ། མཚན་མ་ཙམ་ཉིད་ཡིད་ཀྱིས་དགོད་པར་བྱའི་འདི་བྲིས་པས་ཅི་ཞིག་བྱ་སྟེ། བྲི་བའི་ཆོ་ག་འདི་ཡང་ཡིད་ཀྱིས་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་གསུང་རབ་ལ་བདག་ཅག་རྣམས་འཇུག་པ་ནི་འབྲས་བུ་དང་འདྲ་བ་ཡིན་པས། བཅོམ་ལྡན་འདས་ཀྱིས་ཀྱང་

བྲི་བའི་ཆོ་ག་ནི་བརྒྱད་པོ་ཉིད་དགོད་པར་རྗེས་སུ་གནང་བར་མཛད་པ་ཡིན་ལ། སྤྲོ་བ་ནི་ཡིད་ཀྱི་ཡིན་པས་བཅུ་པོ་སྤྲོ་བར་རིགས་པ་དེ་བཞིན་དུ་རྗེས་སུ་སྤྱད་པར་བྱའི་ཉེ་བར་མཚོན་པར་བཤད་པའི་ལྷག་པར་དགོས་པས་ཅི་ཞིག་དགོད། དཀྱིལ་འཁོར་དག་ནི་འདྲི་བའི་ཚེ། །གལ་ཏེ་བགེགས་

ནི་བྱུང་གྱུར་ན། །དེ་ལ་གཏོར་མ་སྦྱིན་ལ་སོགས། །འོག་ནས་བཤད་པས་བཟློག་པར་བྱ། །བགེགས་ནི་གཞོམ་པར་མ་ནུས་ན། །མཆོད་ཡོན་ཕུལ་ཏེ་གཤེགས་གསོལ་ལ། །ཉི་མ་གཞན་ལ་ཡོ་བྱད་རྣམས། །ལེགས་པར་བསངས་ཏེ་དཀྱིལ་འཁོར་བྲི། །དེ་ནས་ཁྲུས་

བྱས་ཤིང་ལུས་དྲིས་བསྒོས་པ་དང་། ཁ་དྲི་ཞིམ་པོས་བསྒོས་ལ། མེ་ཏོག་གི་ཕྲེང་བ་བཏགས་ཤིང་གོས་གཙང་ཞིང་དྲི་ཞིམ་པས་སྟོད་གཡོགས་དང་། སྨད་གཡོགས་དང་གཙུག་ཏོར་བྱས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ང་རྒྱལ་དང་ལྡན་པས།

ཁམས་གསུམ་རྣམ་པར་རྒྱལ་བའི་མེ་ཏོག་གི་ཕྲེང་བ་ཐོགས་ཏེ། ཧཱུཾ་བཞི་པའི་སྔགས་ཟློས་ཤིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ལ་དྲིལ་བུ་དཀྲོལ་ཞིང་བསྐོར་བ་ལན་གསུམ་བྱས་ལ། ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར། དཀྱིལ་འཁོར་བལྟས་ལ་

ཕྲེང་བ་དེ་བཅོམ་ལྡན་འདས་ལ་ཕུལ་ཏེ། སླར་ཡང་དེ་གར་གྱིས་སྦྱོར་བས་བླངས་ལ། རང་གི་མགོ་ལ་ཧཱུཾ་བཞིས་བཅིང་བར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་བདག་པོའི་ང་རྒྱལ་དུ་དམིགས་ལ། སྔར་ལྷག་པར་གནས་པར་བྱས་པའི་རྣམ་པར་རྒྱལ་བའི་བུམ་པའི་ཡི་གེ་ཧཱུཾ་བཟླས་

Vol. 65 · folio 260a

ཤིང་། སྲད་བུས་མགུལ་པ་བཅིངས་ལ། ཕྱི་རོལ་དུ་རི་མོ་བྲིས་པ་རྡོ་རྗེ་ཆེན་པོས་བྱིན་གྱིས་བརླབས་པ་མེ་ཏོག་དཀར་པོ་དང་དྲི་དཀར་པོའི་ཆུས་ཡོངས་སུ་གང་བ་མེ་ཏོག་གི་ཕྲེང་བས་བཅིངས་པ་ལ་སྔ་མ་བཞིན་དུ་བདག་པོའི་སྔགས་དང་ཡི་གེ་ཧཱུཾ་བརྒྱ་རྩ་བརྒྱད་བཟླས་

པ། རྡོ་རྗེ་སེམས་མ་ཕྱག་རྒྱས་བཟུང་བའི་མེ་ཏོག་གི་ལྕུག་མའི་རྡོ་རྗེ་དང་བཅས་པས་བཛྲོད་ཀ་ཧཱུཾ་ཞེས་བྱ་བ་བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་བཟླས་ཤིང་ལྷ་ཐམས་ཅད་ཀྱི་སྔགས་བདུན་བདུན་བཟླས་པ་དང་། གཉིས་པ་ལས་ཐམས་ཅད་པའི་བུམ་པ་བདུད་རྩི་ཐབ་སྦྱོར་དང་

ཡི་གེ་བརྒྱ་རྩ་བརྒྱད་བཟླས་ཤིང་བདུད་རྩི་ཐབ་སྦྱོར་གྱི་མཚན་མས་མཚན་པ་དང་འཇུག་པའི་སྒོར་བལྟས་པར་བཞག་ལ། ཆུ་དེས་བདག་ཉིད་དང་སློབ་མ་འཇུག་པའི་ཚེ། དབང་བསྐུར་བ་ཕྱག་རྒྱ་བཅིང་བ་དང་འཆིང་དུ་གཞུག་པར་བྱའོ། །དེ་ལས་གཞན་པའི་བུམ་པ་བཞི་ལ་སྤྱན་ལ་

སོགས་པ་ལྷ་མོ་བཞིའི་རང་བཞིན་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་མེ་ཏོག་གི་ཕྲེང་བས་སོ་སོར་བཟླས་ཤིང་། དེའི་མཚན་མས་མཚན་པར་བྱའོ། །དེ་ཡང་དེ་ལས་གཞན་པའི་བཞི་ལ་ལྷ་ཐམས་ཅད་ཀྱི་མཚན་མ་དེས་མཚན་པར་བྱའོ། །དེ་ནས་དེ་བཞིན་དུ་བདག་པོའི་

སྦྱོར་བ་དང་ལྡན་པ་ཉིད་དང་། ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་ལྷ་ཐམས་ཅད་ཀྱི་འཁོར་ལོ་རང་གི་བདག་ཉིད་ཀྱི་ནང་དུ་ཆུད་པར་བྱས་ལ། དེའི་ང་རྒྱལ་དང་ལྡན་པས་ཏིལ་དང་ནས་དང་ཀུ་ཤ་དང་། དྲི་དཀར་པོ་དང་མེ་ཏོག་དྲི་ཞིམ་པོ་དང་། ཙནྡན་གྱི་ཆུ་དུང་ཆོས་ཀྱི་ནང་དུ་བཅུག་

ནས། བདག་པོའི་སྔགས་ལན་བདུན་བཟླ་བ་དང་། དྲི་ལ་སོགས་པའི་མཆོད་པ་རྣམ་པ་ལྔ་རང་གི་སྔགས་སམ་ཡི་གེ་ཧཱུཾ་ཡོངས་སུ་བཟླ་བར་བྱའོ། །དེའི་དབུས་སུ་འདུག་ནས་ནི། རྡོ་རྗེ་སློབ་དཔོན་མཉམ་གཞག་སྟེ། །རྡོ་རྗེའི་སྒོ་ནི་བཞི་པོ་དག །ཡིད་ཀྱིས་རྣམ་པར་དབྱེ་བར་བྱ། །ཨོཾ་

བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་ནི་སྒོ་དབྱེ་བའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་མཛུབ་མོ་གཉིས་བརྐྱང་ལ་རྩེ་སྤྲད་དེ་བཟློག་ནས་གཉིས་སུ་བྱ་སྟེ། བཟླས་བརྗོད་དང་པོར་བྱས་ལ་མཚན་ཐོག་ཐག་བསྒྲུབས་ནས་འདི་དང་བཛྲོད་ཏིཥྛ་ཞེས་བྱ་བའི་སྔགས་ཀྱིས་དཀྱིལ་འཁོར་

Vol. 65 · folio 260b

གདེག་པར་བསྟན་པར་བྱའོ། །གནས་སྐབས་འདིར་དཀྱིལ་འཁོར་གདེག་པའི་ཕྱག་རྒྱ་བཤད་དེ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་མཁྲིག་མ་ཕན་ཚུན་བཟུང་ལ་བཏེག་ན་མཁྲིག་མ་བཏེག་པར་འགྱུར་ཏེ། འདི་ནི་སྒོ་དབྱེ་བའི་ཕྱག་རྒྱའོ། །ཤར་ལ་སོགས་པའི་སྒོ་རྣམས་

ནི་ནུབ་ལ་སོགས་པར་འདུག་སྟེ། དེ་བཞིན་དུ་གཡས་བརྐྱང་བ་ལ་སོགས་པའི་གནས་པས་རིམ་གྱིས་བློས་དབྱེ་བར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་དང་། བསང་གཏོར་གྱི་བུམ་པ་གནས་ཇི་ལྟ་བ་བཞིན་དུ་གཞག་ཅིང་དེ་ལས་གཞན་པའི་བུམ་པ་རྣམས་ཕྱིའི་དཀྱིལ་

འཁོར་གྱི་དབང་ལྡན་ལ་སོགས་པའི་མཚམས་སུ་རིམ་བཞིན་དུ་གཞག་གོ། །དེའི་ཕྱི་རོལ་དུ་བུམ་པ་གང་བ་བཞག་ལ། ཡི་གེ་ཧཱུཾ་ཟློས་པའམ་སོ་སོའི་རང་གི་སྔགས་དང་། ཅིག་ཅར་རམ། རིམ་གྱིས་དཀྱིལ་འཁོར་པའི་ལྷའི་འཁོར་ལོ་མ་ལུས་པ་ཕྱུང་ནས། གནས་ཇི་ལྟ་

བ་བཞིན་དུ་ཕྱག་རྒྱའི་གཟུགས་སུ་བཅུག་ལ། ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་ལ་སོགས་པ་རྡོ་རྗེ་ཁྲོ་བོའི་ལྕགས་ཀྱུ་ལ་སོགས་པས་སྔ་མ་བཞིན་དུ་སྤྱན་དྲངས་ལ། ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱ་སྟེ། བགེགས་བསལ་བ་དང་། ཕུར་བུ་

དང་ར་བ་ལ་སོགས་པ་བྱས་པས་གནས་བསྲུང་བ་བྱས་ལ། པདྨའི་གདན་དང་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས་སྐུ་བྱིན་གྱིས་བརླབ་པ་སོགས་པའི་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། རང་གི་དམ་ཚིག་གི་ཕྱག་རྒྱ་ཉེ་བར་བསྟན་ལ་རང་གི་དབང་བསྐུར་བས་

དབང་བསྐུར་ཏེ། ལག་པ་གཉིས་ཀྱིས་ཁུ་ཚུར་བྱས་ལ་མཛུབ་མོ་བརྐྱང་སྟེ། མདུད་པ་བྱ་བ་ནི་རྡོ་རྗེ་བཅིང་བའི་ཕྱག་རྒྱར་འགྱུར་ཏེ། འདི་དང་བཛྲ་མཥྚི་བཾ་ཞེས་བྱ་བའི་སྔགས་འདིས་ཀྱང་དཀྱིལ་འཁོར་པའི་ལྷ་རྣམས་བཅིངས་ནས་རང་གི་ཏིང་ངེ་འཛིན་གྱི་ལས་ལ་ཞུགས་པ་ལ་སྒེག་མོ་ལ་

སོགས་པས་ཡང་དག་པས་མཆོད་ལ། ཡང་དྲི་ལ་སོགས་པས་མཆོད་པར་བྱའོ། །དེ་ལ་རས་ཟུང་འབུམ་མམ་སྟོང་ངམ་བརྒྱའམ་རེ་རེ་ཞིང་ཟུང་རེའམ། ཐམས་ཅད་ལ་རས་རེ་རེའམ། བླ་རེ་དང་རྒྱལ་མཚན་དང་། བདུགས་དང་། བ་དན་སྣ་ཚོགས་པའི་ཡི་གེ་ཧཱུཾ་དང་། བདག་

Vol. 65 · folio 261a

པོའི་སྔགས་བཟླས་པ་དང་། བཛྲ་སྥ་ར་ཎ་ཁཾ་ལས་བྱ་བ་འདིས་དབུལ་བར་བྱའོ། །དེ་བཞིན་དུ་ཨོཾ་སརྦྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སྔར་སྦྱར་བའི་ག་པུར་དང་། ཨ་ཀ་རུ་དང་། ཏུ་རུ་སྐ་ལ་སོགས་པའི་དྲི་ཙནྡན་ལ་

སོགས་པ་དང་བསྲེས་པ་དབུལ་ལོ། །དེ་བཞིན་དུ་ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་དང་། མེ་ཏོག་གི་ཤིང་བརྒྱའམ། ཤིང་བཞིའམ། མེ་ཏོག་ཐམས་ཅད་དབུལ་ལོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་དང་

སྤོས་སྣོད་སྟོང་ངམ་བརྒྱ་དབུལ་བར་བྱ་སྟེ། བཅུ་ལས་ཉུང་བར་ནི་མི་བྱའོ། །ཨ་ཁར་ཞེས་བྱ་བ་ལ་སོགས་པ་དང་། སྭསྟི་ཀ་ལ་སོགས་པར་བྱ་བའི་བཟའ་བ་དང་བཅའ་བ་དང་མྱང་བ་དང་། གཞིབ་པ་དང་། བཏུང་བའི་བཤོས་ཀྱི་རྣམ་པ་སྣ་ཚོགས་པ་གྲངས་སྟོང་སྙེད་དབུལ་ལོ། །ཨོཾ་

སརྦ་ཏ་ཐཱ་ག་ཏ་དཱི་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་དང་། མར་གྱི་མར་མེ་ལ་སོགས་པ་འབུམ་ཕྲག་བརྒྱ་དང་མར་མེ་ཆེན་པོའི་སྣོད་བརྒྱའམ། མར་མེ་ཆེན་པོ་བཞི་དབུལ་ལོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལག་པའི་སོར་མོ་རྣམས་དང་། ཡི་གེ་ཧཱུཾ་འདོན་ཅིང་རོལ་མོ་བརྡུང་

བའི་ཚུལ་དུ་བྱེད་པ་དང་། སིལ་སྙན་སྟོང་ངམ་བརྒྱའམ། པི་ཝང་དང་། གླིང་བུ་ལ་སོགས་པ་དབུལ་བ་དང་། གར་མཁན་དང་ཟློས་གར་མཁན་གྱི་གར་དང་། གདུ་བུ་དང་། རྣ་རྒྱན་དང་། ཅོད་པན་ལ་སོགས་པ་དང་། རྟ་དང་གླང་པོ་དང་། བ་ལང་གི་ཁྱུ་ཤིན་ཏུ་བརྟགས་པ་རྣམས་

དབུལ་བར་བྱ་བ་དང་། རྟ་བབས་གོས་བཟང་པོ་དང་། དྲིལ་བུ་དང་བཅས་ཤིང་རྔ་ཡབ་དང་བཅས་པ་དང་། རྒྱལ་མཚན་དཀར་པོ་དང་། ལེ་བརྒན་དང་། ནག་པོ་དང་། དུད་ཀ་དང་། དམར་པོ་དང་། ཁྲ་བོ་དང་། སེར་པོ་དང་། ལྗང་གུ་སྟེ། བརྒྱད་པོ་ཤར་ལ་སོགས་པར་རིམ་པ་

བཞིན་ཕྱི་རོལ་དུ་བསྒྲེང་བར་བྱའོ། །གཞན་ཡང་ཡིད་ཀྱི་རང་བཞིན་གྱི་མཆོད་པའི་ཁྱད་པར་ནམ་མཁའི་གཏོས་ཐམས་ཅད་ཁྱབ་པ་རྣམས་ཀྱིས་ཀྱང་དག་པར་མཆོད་ལ་ཐལ་མོ་སྦྱར་ཏེ། བྱིན་གྱིས་བརླབས་པའི་རིག་པ་ལན་གསུམ་བརྗོད་ནས་རྡོ་རྗེ་གླུ་རྣམས་ཀྱིས་ཡང་དག་པར་

Vol. 65 · folio 261b

བསྟོད་དེ། ཕྱག་བྱས་ལ་བཟོད་པ་གསོལ་ནས་དངོས་གྲུབ་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་བཏབ་ལ་སྒྲུབ་པའི་གྲོགས་པོ་དཀྱིལ་འཁོར་དུ་བཞག་སྟེ། ཕྱི་རོལ་དུ་བྱུང་བ་གཏོར་མ་བྱིན་ནས་ཉེ་རེག་བྱ་སྟེ། དཔལ་འཇམ་པའི་རྡོ་རྗེའི་སྦྱིན་སྲེག་བྱའོ། །ལག་པ་གཡས་པ་

བཀན་ཏེ་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་ལ་མངོན་དུ་ཕྱོགས་པར་བཞག་སྟེ། འདི་དག་མི་སྨྲ་ཞིང་ཙོག་པོར་འདུག་ལ། པུས་མོ་གཉིས་ཀྱི་བར་ནས་སོར་མོའི་རྩེས་ཁ་ལ་མང་དུ་རེག་པར་བྱས་ལ། རྣ་བའི་བུ་ག་དང་། མིག་དང་། སྣ་བུག་དང་། ཁ་དང་། དཔུང་མགོ་དང་།

ལྟེ་བའི་ཕྱོགས་དང་། སྤྱི་བོར་ལན་གཉིས་སམ་གསུམ་རེག་པར་བྱ་བ་ནི་ཉེ་རེག་གི་ཆོ་གའོ། །དེ་ནས་བདག་པོ་ལ་ནི་བརྒྱ་རྩ་བརྒྱད། དཀྱིལ་འཁོར་པ་གཞན་རྣམས་ལ་ནི་བདུན་འོག་ནས་བཤད་པ་རྒྱས་པའི་ཆོ་གས་སྦྱིན་སྲེག་བྱའོ། །ཡང་ན་བཅོམ་ལྡན་འདས་འཇམ་པའི་དབྱངས་

འཁོར་ལོའི་ཚོགས་དང་བཅས་པ་ཐབ་ཀྱི་དབུས་སུ་བསམས་ལ། དེའི་ཞལ་དུ་སྦྱིན་སྲེག་བྱས་པ་ལྷ་ཐམས་ཅད་ཀྱི་ཞལ་དུ་འབབ་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ཚིམ་པར་བྱས་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་དུ་ཞུགས་ལ་མངོན་སུམ་བཞིན་དུ་

བསམས་ཏེ་མཆོད་ལ། འོག་ནས་བཤད་པའི་སློབ་མ་འཇུག་པའི་ཆོ་གས་འཇུག་པ་ལ་སོགས་པ་དང་། ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་དང་། སྔགས་གཟུང་བའི་མཐར་ཐུག་གི་བར་དུ་བཅོམ་ལྡན་འདས་

དཔལ་འཇམ་པའི་རྡོ་རྗེ་རྫོགས་པར་མཛད་པ་དང་། བདག་ཉིད་ཀྱིས་ཀྱང་སླར་ཕྱག་འཚལ་ཏེ། བླངས་པར་གྱུར་པར་རྫོགས་པར་བྱས་ནས་དཀྱིལ་འཁོར་དུ་སློབ་མ་གཞུག་པར་བྱ་བའི་ཕྱིར། བདེན་པའི་བྱིན་གྱི་རླབས་ཀྱིས་བསྒྲག་པར་བྱ་སྟེ། ཆོས་རྣམས་གཟུགས་

བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །

Vol. 65 · folio 262a

དམ་ཚིག་གསུམ་གྱིས་གླུ་དང་མཆོད་པ་བྱས་ལ་གསོལ་བ་གདབ་པར་བྱ་སྟེ། སེམས་ཅན་ཀུན་གྱིས་དེ་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་མཆོག་དམ་ཚིག་མཆོག་གྱུར་པའོ། །བདེན་པ་

གང་གི་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱེད་ཀྱི་འདོད་པ་ཡོངས་རྫོགས་ཤོག །དེ་བཞིན་དུ་རབ་ཏུ་བཏུད་དེ། མཉམ་པར་བཞག་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བྱ་བ་ཡི། །རྡོ་

རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ལ་རེ་ཞིག་སློབ་དཔོན་དུ་དབང་བསྐུར་བར་འོས་པའི་སློབ་མས་སློབ་དཔོན་གྱི་རྐང་པ་གཉིས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་

སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་སྩལ་དུ་གསོལ། །ཡང་ན་ལག་ན་མེ་ཏོག་ཐོགས་པའི་སློབ་མས་བཤགས་

པ་དང་། རྗེས་སུ་ཡི་རང་བ་ལ་སོགས་པ་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བྱ་བ་ཡིས། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་

རོལ་མོ་ལས་བྱུང་བ། །མི་ལྡོག་པ་ཡི་འཁོར་ལོར་འབྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུས་པར་ནི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡིས་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་

ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བས། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་ཆེན་པོ་རྨད་བྱུང་ལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་

Vol. 65 · folio 262b

གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་ཡི། །འཁོར་ལོ་འདིར་ནི་འཇུག་པར་འཚལ། །དེ་ནས་

སློབ་དཔོན་གྱིས་ཡང་འདི་སྐད་བརྗོད་པར་བྱ་སྟེ། གསང་བ་ཆེན་པོའི་རིགས་བདག་པ། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱའོ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་ཆོས་དང་

དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་

དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོར་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་

རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །

མཆོད་པའི་ལས་ཀྱང་ཅི་ནུས་བྱ། །གཞན་ཡང་བཅུ་བཞི་འདི་དག་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཤེས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་

ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་ལ་ལོགས་པས་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཀྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་རྟོགས་པ། །བྱ་བ་མ་

Vol. 65 · folio 263a

ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བརྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང་། །ཐེག་པ་དམན་ལ་འདོད་

མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡང་མི་སྤོང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་བྱ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་

ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །

ཞེས་བྱ་བ་ལ་སོགས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ། དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་རྗེས་སུ་གནང་བ་དང་དབང་བསྐུར་བར་ཡང་མི་བྱའི།

འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ། །དེ་ནས་ཁྲུས་བྱས་ཤིང་དྲི་བཟང་པོ་ལ་སོགས་པས་ཀྱང་བརྒྱན་ལ། ཡི་གེ་ཧཱུཾ་བཟླས་པའི་གོས་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་དང་། གཙུག་ཏོར་དང་། གདོང་གཡོགས་བྱས་ལ། ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་

ཞེས་བྱ་བ་དང་། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿསིདྡྷ་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་གྱུར་ཅིག །དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོར་མ་ཞུགས་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག །དད་པ་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ནས་རབ་ཏུ་ཡོན་ཕུལ་བའི་སློབ་མ་དེ་ལ་དྲི་ལ་སོགས་པས་མཆོད་

Vol. 65 · folio 263b

དེ། མེ་ཏོག་གི་ཕྲེང་བ་གདགས་ཤིང་། ཁ་དྲི་ཞིམ་པོས་བསྒོས་པ་ལ་ཕྱི་རོལ་ན་གནས་པས་བུམ་པའི་ཆུས་དབང་བསྐུར་ནས། དཔལ་འཇམ་པའི་རྡོ་རྗེར་བྱིན་གྱིས་བརླབས་ལ། ཨོཾ་ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་དང་། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་

ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབས་ནས། ཐལ་མོ་སྦྱར་བའི་མཛུབ་མོ་དཀྲི་བ་དང་། བཛྲ་ཀ་བ་ཙ་བཾ་ཧཱུཾ་ཞེས་བརྗོད་ལ། དཔྲལ་བ་དང་ལྐོག་མ་དང་། སྙིང་ག་དང་དཔུང་མགོ་སྟེ། གནས་ལྔར་གོ་ཆ་བྱས་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱས་བཟུང་བའི་མེ་ཏོག་དང་ཡི་

གེ་ཧཱུཾ་བཟླས་པ་ཉིད་ཀྱིས་སྒོར་གནས་པར་བྱས་ལ། ཤར་ལ་སོགས་པའི་སྒོ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ནས་ཡང་ཕྱོགས་ཀྱི་སྒོ་ཉིད་ནས་ཚིགས་སུ་བཅད་པ་འདིས་གཞུག་པར་བྱའོ། །རྡོ་རྗེ་ཡེ་ཤེས་འཐོབ་བྱེད་པ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི། །ཕོ་བྲང་དཀྱིལ་འཁོར་སྙིང་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བས་སློབ་མ་དཀྱིལ་འཁོར་དུ་ཞུགས་པར་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི།

ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲུབ་པ་ཡང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་

རེ། དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིན་གྱིས། གལ་ཏེ་འདི་འགའ་ཞིག་ལ་སྨྲས་ན་ཀླད་པ་

འགེམས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་མནའི་སྙིང་པོ་འདི་ལན་ཅིག་བཟླས་ལ་སློབ་མ་དེ་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་ཡན་ཏེ་དྱ། ཧྲྀ་ད་ཡེ་ས་མ་བསྠི་ཏ། ནིར་བྷིརྱ། ཏཏ་དཀྵ་ཎཾ། ཡ་ཡཱད་ཡ་དི་བྲུ་ཡཏ། ཨི་མཾ་ན་

Vol. 65 · folio 264a

ཡ། དེ་ནས་འཐུང་དུ་གཞུག་གོ། །དམ་ཚིག་གི་ཆུ་ག་ཕུར་དང་། ཙནྡན་ལ་སོགས་པ་དང་ལྡན་པ་རྡོ་རྗེ་ཕྲ་རབ་ཀྱི་རང་བཞིན་བདག་པོའི་སྔགས་དང་ཡི་གེ་ཧཱུཾ་བཟླས་པ། སློབ་མ་ཡང་བསམ་པ་བརྟན་པོར་བྱས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་

སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཨོཾ་བཛྲོད་ཀ་ཋ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲ། །སྐྱེ་བོ་འདུས་པའི་ནང་གནས་སམ། །དད་པ་མེད་པས་བགད་པར་བྱེད། །དེང་ནས་བརྩམས་ཏེ་ཁྱེད་ཀྱི་ཕྱག་ན་

རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པས་ཁྱེད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་ཡི་གེ་ཨ་དམར་པོ་འོད་ཟེར་དང་བཅས་པ་རང་གི་སྙིང་གར་བཀོད་ལ།

སློབ་མ་ཡང་ཡི་གེ་ཧཱུཾ་གིས་རྡུལ་དང་བྲལ་ཞིང་དག་པ་འཇམ་པའི་རྡོ་རྗེ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ་ཞེས་བྱ་བས། སྙིང་ག་དང་མཛོད་སྤུ་དང་ལྐོག་མ་སྤྱི་བོ་རྣམས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་དང་ལྡན་པ་ལ། སྒོ་གླེགས་དབྱེ་བའི་ཕྱག་རྒྱས་རང་གི་སྙིང་ག་དང་སློབ་མའི་སྙིང་ག་ཕྱེ་ལ།

རང་གི་སྙིང་ག་ནས་ཡི་གེ་ཨ་ཕྱུང་ལ། སློབ་མའི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་བློས་བཅུག་ལ། དེའི་ལུས་ཀུན་དུ་གང་བར་བསམས་ལ། འདི་སྐད་ཅེས་བརྗོད་པར་བྱའོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་

གྱུར་ཅིག་ཅེས་སྨྲོས་ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ། དེའི་སྙིང་གར་བཞག་སྟེ་འདི་སྐད་ཅེས་བརྗོད་དུ་གཞུག་གོ། །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བྱ་མེད་འདི། །དེ་རིང་ཉིད་དུ་

འབབ་པར་ཤོག །བཛྲ་ཨཱ་བེ་ཤ་ཨཿ བཅུ་ཉི་ཤུ་སུམ་ཅུ་བཞི་བཅུ། ལྔ་བཅུ་དྲུག་ཅུ་བདུན་ཅུ་བརྒྱད་ཅུ་དགུ་བཅུ་བརྒྱའི་བར་དུ་བརྗོད་ན་ངེས་པར་འབབ་པར་འགྱུར་རོ། །དེ་ལྟར་ཡང་གལ་ཏེ་འབབ་པར་མ་གྱུར་ན། དེའི་ཚེ་རྡོ་རྗེ་སེམས་མའི་ཕྱག་རྒྱ་ཁྲོ་བོའི་ཁུ་ཚུར་གྱིས་ཕྱེ་ལ། རྡོ་རྗེ་

Vol. 65 · folio 264b

སེམས་དཔའི་ཡི་གེ་ཨའི་མཐའ་ཅན་བརྒྱའི་བར་དུ་བརྗོད་པར་བྱའོ། །གལ་ཏེ་དེ་ལྟ་ན་ཡང་འབབ་པར་མ་གྱུར་ན། །དེའི་ཚེ་རྡོ་རྗེ་འབེབས་པ་དྲིལ་བུ་དང་བཅས་པ་བཅིངས་ལ། རྐང་པ་གཡོན་པས་སློབ་མའི་རྐང་པ་གཡས་པ་མནན་ལ། དཔལ་རྡོ་རྗེ་སེམས་དཔའི་སྟེང་དུ་རྣམ་པར་

སྣང་མཛད་ཁྲོས་པས་དེ་ལ་དབབ་པར་བྱ་བའི་ཕྱིར་འོད་ཟེར་གྱི་ཚོགས་རྣམས་འབབ་པར་མཛད་པ་དང་། འོག་ཏུ་ཡང་ཡི་གེ་ཧཱུཾ་རླུང་གི་དཀྱིལ་འཁོར་གྱིས་བཏེག་པར་གྱུར་ལ། མི་བསྐྱོད་པ་ལ་སོགས་པ་རིམ་བཞིན་རང་གི་ཕྱོགས་ན་བཞུགས་པས། ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་བྱ་བའི་ས་

བོན་རྣམས་ལས་འོད་ཟེར་གྱི་ཚོགས་ཡང་དག་པར་འབེབས་པར་གྱུར་པར་བསམས་ལ། བཛྲ་སཏྭ། ཨཿཨཿཨཿཞེས་བྱ་བ་ལན་བརྒྱའི་བར་དུ་བརྗོད་པར་བྱའོ། །གལ་ཏེ་སྡིག་པ་ཆེན་པོ་དང་ལྡན་པས་དེ་ལྟ་བུ་བྱས་ཀྱང་འབབ་པར་མ་གྱུར་ན། དེའི་ཚེ་སྡིག་པ་དྲལ་བའི་ཕྱག་རྒྱས་

སྡིག་པ་དྲལ་ལ་ཧཱུཾ་ཨ་ཞེས་བྱ་བ་ལན་མང་དུ་བཟླའོ། །རྡོ་རྗེ་བཅིང་བ་བསྡམ་བྱས་ཏེ། །གུང་མོ་གཉི་ག་སྦྱར་ནས་ནི། །ཐ་མ་བཞི་ནི་རྩེ་མོ་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན། །ཞེས་བྱ་བ་ནི་སྡིག་པ་འཇོམས་པའི་ཕྱག་རྒྱའོ། །ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ། སརྦྦ་པཱ་པ་ཡ། བནྡྷ་

ན་ནི་པྲ་མོཀྵ་ཡ་སརྦྦ་པཱ་པ་ག་ཏི་བྷྱཿསརྦྦ་སཏྭཱན་སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ་ཅེས་བྱ་བ་ནི་སྔགས་སོ། །ཡང་ན་དེ་བཞིན་དུ་འབབ་པར་གྱུར་ཞེས་བརྗོད་ལ། དེའི་སྙིང་གར་ཡི་གེ་ཧཱུཾ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པ་དང་། ཧཾ་ཆུའི་དཀྱིལ་འཁོར་ལ་གནས་པ་དང་། ཡི་གེ་

ཨ་ལུས་དང་ངག་ལ་གནས་པ་དང་། རྐང་པའི་འོག་ཏུ་ཡི་གེ་ཛྷཻཾ་སྦར་བར་བྱེད་པ་རླུང་དང་མེ་ལ་གནས་པ་རྣམ་པར་བཀོད་ལ། ཨཱ་བེ་ཤ་ཡ་སྟཾ་བྷ་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧ་ཨཱ་ཛྷཻཾ་ཞེས་བསྐུལ་ན་འབབ་པར་འགྱུར་རོ། །ཡང་ན་ཡི་གེ་ཨོཾ་གྱིས་དེའི་སྤྱི་བོར་རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་

བསམ་པ་དང་། ཡི་གེ་ཨཱཿལས་ལྐོག་མར་འོད་དཔག་ཏུ་མེད་པ་ཧཱུཾ་ལས་སྙིང་གར་མི་བསྐྱོད་པ་ཡི་གེའམ། རང་གི་ངོ་བོར་སྐུལ་བར་བྱེད་པ་དང་། རྐང་པའི་འོག་ཏུ་ཡང་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན། མཐའ་གཉིས་སུ་བ་དན་བཏགས་པ། དེའི་སྟེང་དུ་

Vol. 65 · folio 265a

རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དེ་ལ་སློབ་མ་སྐུལ་བྱེད་མའི་གཟུགས་སུ་བསམས་ཏེ་བཞག་ལ། རྡོ་རྗེ་འབར་བ་རྣམས་ཀྱིས་ཀུན་དུ་བསྲེག་པར་གྱུར་པར་བསྒོམས་ནས། རྡོ་རྗེ་དྲིལ་བུ་རྡོ་རྗེ་བསྡམས་པས་བསྐྱོད་ཅིང་། ང་རྒྱལ་བརྟན་པ་དང་ལྡན་ཞིང་

བསྒྱིངས་པ་དང་བཅས་པས། འཕགས་པ་སྐུལ་བྱེད་མའི་ཕྲེང་བའི་སྔགས་བརྗོད་པར་བྱའོ། །ན་མཿསཔྟཱ་ནཱན། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། ཏདྱ་ཐཱ། ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། མ་ཧཱ་བཱིརྱ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ་མ་ཧཱ་བ་ལ་པ་ར་ཀྲ་མེ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་གྲི་ཧི་ཧ་སྟེ། མ་ཧཱ་ཀྲོདྷ་ཀྲོ་དྷེ་ཤྭ་རི།

ཨུ་དྲ་རཱུ་པི་ཎི་ཨ་ནནྟ་མུ་ཁི། ས་ཧ་སྲ་བྷུ་ཛེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། ཨ་མོ་གྷེ་དུརྡ་མེ། ས་ཧ་སྲཱ་ཀྵ། སརྦྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་སརྦྦ་དེ་བ་ཏཱ་བནྡི་ཏེ། པཱུ་ཛི་ཏེ་པྲ་སཱ་དྷི་ཏེ། བཛྲ་གྷོ་ནོ། བཛྲེ་བཛྲ་ཨ་བ་ཧེ། བཛྲ་ཨ་ཡུ་དྷེ། བཛྲ་ཀཱ་ཡཱི་ནི། བཛྲོ་ན་མི་ལི་ཏཱ་ཀྵ་ཡེ། ཨ་གྷོ་རེ་གྷོ་ར་རཱུ་པི་ཎི། པི་ཀྲྀ་

ཏ་དརྴ་ནེ། བཛྲེ་བཻ་ཌཱུརྱ་ཨ་ལཾ་ཀྲྀ་ཏ་ཤ་རཱི་རེ། ཨོཾ་བྷ་ག་བ་ཏི་ཙུནྡེ། དྷྲུཾ་དྷྲུཾ། ཀྲཱུཾ་ཀྲཱུཾ། མྲཱུཾ་མྲཱུཾ། སྲཱུཾ་སྲཱུཾ། རྲཱུཾ་རྲཱུཾ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། གྲྀཧྞ་གྲྀཧྞ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། ཧ་ར་ཧ་ར། བྷཉྫ་བྷཉྫ། ས་ར་ས་ར། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། པ་ཙ་པ་ཙ། ད་ཧ་ད་ཧ། གྲྀཧྞ་གྲྀཧྞ། ཨི་དཾ་

དུཥྚ་གྲ་ཧཾ། ཛྭ་རཾ། ཨེ་ཀ་ཧི་ཀཾ །དྭ་ཧི་ཀཾ་ཏྱ་ཧི་ཀཾ་ཙ་ཏུརྠི་ཧི་ཀཾ །སཏྟཱ་ཧི་ཀཾ །ནི་ཏྱ་ཛྭ་རཾ། མོ་ཧུ་དྷི་ཀཾ །གྲ་ཧཾ། བྷཱུ་ཏཾ། བེ་ཏཱ་ཌཾ། པྲེ་ཏཾ། བི་ཤཱ་ཙཾ། རཱཀྵ་སཾ། ཀུམྦྷཎྜཾ་ཡོ་ནི་ཛཾ། ཀརྨྨ་ཛཾ། སྠཱ་བ་ར་མ། ཛཾ་ག་མཾ། ཡེ་མཱ་མ་ཧི་སནྡྷི་ཀི་ཙིད་དུཥྚ། སྟཾ་སརྦ་མ། སཱ་ད་ཡ་སཱ་ད་ཡ། མརྡ་ཡ་མརྡ་ཡ།

ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་པ་ཡ་ཏཱ་པ་ཡ། ཨུཏྶཱ་ད་ཡ། ཨུཏྶཱ་ད་ཡ། ཧ་ན་ཧ་ན། བཛྲེ་ན། ས་ར་ས་ར། དཎྜེ་ན། མཱ་ར་ཡ་མཱ་ར་ཡ། ཁཌྒེ་ན། ཧཱུཾ་ཧཱུཾ་ཧཱུཾ། ཙུཾ་ཙུཾ་ཙུཾ། དྲཱུཾ་དྲཱུཾ་དྲཱུཾ། ཨོཾ་ཙ་ལེ་ཙུ་ལེ་ཙུ་དེ་སརྦ་ཨརྠཱ་ཡ་སྭཱ་ཧཱ། དེས་ན་ངེས་པར་འབབ་པར་འགྱུར་རོ། །སྣོད་ལ་དབབ་པའི་ཆོ་ག་ལ་ཡང་

ཆོ་ག་འདི་ཉིད་ཀྱིས་དཔལ་རྣམ་པར་སྣང་མཛད་ཀྱི་སྦྱོར་བའམ། དཔལ་འཇམ་པའི་རྡོ་རྗེའི་སྦྱོར་བ་བྱའོ། །བབས་ནས་མངོན་པར་ཤེས་པ་ལྔ་ལ་སོགས་པའི་མཚན་མ་སྐད་ཅིག་དེ་ཉིད་ལ་འབྱུང་བར་འགྱུར་རོ། །དེའི་ལྕེ་ཨ་དམར་པོ་བསམས་ལ། བྲུ་ཧི་བཛྲ་ཞེས་བརྗོད་ན། དགེ་

Vol. 65 · folio 265b

བའམ་མི་དགེ་བ་ཐམས་ཅད་སྟོན་པར་འགྱུར་རོ། །དེ་ནས་མངོན་པར་འདོད་པ་ཐམས་ཅད་དྲིས་ལ་དབབ་པ་བརྟན་པར་བྱ་བ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ཅིང་། བབས་པའི་ལྷ་ཇི་ལྟ་བ་བཞིན་གཤེགས་སུ་གསོལ་ལོ། །དཀྱིལ་འཁོར་དུ་འཇུག་པ་ན་ཁྱེད་ཀྱི་མིག་གིས་ཇི་

ལྟར་མཐོང་ཞེས་དྲིས་ལ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་ལ་སོགས་པ་འོད་ཀྱི་དཀྱིལ་འཁོར་སྣང་བ་ལས་རིམ་བཞིན་དུ་མཆོག་གི་དོན་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་དངོས་གྲུབ་ཀྱི་སྣོད་དུ་གྱུར་པར་ཤེས་ནས་འཇུག་པའི་ཕྱག་རྒྱ་སྙིང་གར་བཅིངས་པ་

བཀྲོལ་ལ་དབབ་ཏེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཞེས་བརྗོད་པས་བརྟན་པར་བྱས་ལ། ཡི་གེ་ཧཱུཾ་གི་ཕྲེང་བ་དེ། ཡི་གེ་ཏྲཱཾ་གིས་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་དུ་

དོར་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །པྲ་ཏཱིཙྪ་བཛྲ་ཧོཿདེ་ལ་གོང་དུ་བབས་པར་གྱུར་པའི་ལྷ་དེ་དེ་ལ་འགྲུབ་པར་འགྱུར་རོ། །དེ་ནས་ཕྲེང་བ་དེ་མགོ་བོར་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །པྲ་ཏི་གྲྀཧྞ་ཏྭ་མི་མཾ། སཏྭ་མ་ཧཱ་བ་ལ། དེ་ནས་སྙིང་གར་བདག་པོ། མིག་ཏུ་ཨོཾ་དཔྲལ་

བ་བསམས་ལ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །ཨོཾ་བཛྲ་སཏྭ་སྭ་ཡནྟེ། ཙཀྵཱུ་ངྒྷ་ཊ་ན་ཏཏྤ་ར། ཨུངྒྷ་ཊ་ཡ་ད་སརྦྦཱ་ཀྵོ་བཛྲ་ཙཀྵུ་ཨ་ནུཏྟ་རཾ། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་འདི་ལ་བལྟ་བར་གྱིས། །སངས་རྒྱས་གདུང་གི་རིགས་སུ་སྐྱེས། །སྔགས་

དང་ཕྱག་རྒྱས་བྱིན་གྱིས་བརླབས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་འགྱུར་བར་བྱེད། །རྡོ་རྗེ་པད་མཆོག་རོལ་པ་དང་། །གསང་སྔགས་རྣམས་ནི་མཉེས་པར་གྱིས། །ཧེ་བཛྲ་པ་ཤྱ། དཀྱིལ་འཁོར་གདེགས་པའི་ཕྱག་རྒྱ་དང་། །སྔགས་སུ་བཅད་

པས་དཀྱིལ་འཁོར་བཏེག་ལ། དཀྱིལ་འཁོར་བསྟན་པར་བྱ་སྟེ། བསོད་ནམས་དང་། བྱིན་གྱི་རླབས་ཇི་ལྟ་བ་ལ་དཀྱིལ་འཁོར་བཏེག་པ་མཐོང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་འཕགས་པ་གཤིན་རྗེ་གཤེགས་ལས་བརྩམས་ཏེ། བཅོམ་ལྡན་འདས་འཇམ་

Vol. 65 · folio 266a

དཔལ་གྱི་མཐར་ཐུག་པའི་བར་གྱི་དཀྱིལ་འཁོར་ཐམས་ཅད་བསྟན་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་ལ། །ཡོན་ནི་མང་དུ་ཕུལ་ནས་སུ། །ཚིགས་སུ་བཅད་པས་ཕྱག་བྱས་ནས། །དབང་བསྐུར་བར་ནི་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་

ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །སློབ་དཔོན་གྱིས་ཀྱང་དེ་དབང་བསྐུར་བར་བྱ་བའི་ཕྱིར་རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཁྲུ་གཉིས་དོར་བར། ཤར་སྒོར་མངོན་པར་བལྟས་པ་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་

རིམ་པ་གཉིས་པ། ཟུར་བཞི་པ་སྒོ་བཞི་པའི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་ཟེ་བ་དང་བཅས་པ་བྲི། སྣམ་བུའི་ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་བྲིས་པ། སློབ་མ་ལུས་ཤིན་ཏུ་ཁྲུས་བྱས་ཤིང་དྲི་དང་བདུག་པ་དང་། ཕྲེང་བ་ལ་

སོགས་པ་དང་ཡང་དག་པར་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེར་བཞག་ལ། སྦྱང་བའི་ཆོ་ག་བྱ་སྟེ། འཕགས་པ་བདུད་རྩི་ཐབ་སྦྱོར་བཟླས་པའམ། ཡི་གེ་ཧཱུཾ་བཟླས་པའི་ཡུངས་ཀར་ཁུ་ཚུར་གཡས་དང་གཡོན་གྱིས་བཟུང་བས་རིམ་པ་བཞིན་དུ་ལན་གཉིས་གཉིས་དང་

རང་གི་ལོགས་ནས་བསྐོར་ཏེ། ཁམ་ཕོར་གྱི་མེའི་ནང་དུ་དོར་ལ་ཡང་ཁུ་ཚུར་དེ་གཉིས་ཀྱིས་ཅིག་ཅར་གཡས་ནས་བསྐོར་ཏེ། དེ་བཞིན་དུ་སྦྱང་བ་བྱས་ལ། ཡུངས་ཀར་མེར་དོར་བ་དང་ལག་པ་གཡས་དང་གཡོན་གྱིས་དེ་བཞིན་དུ་ཆུ་སྦྱར་བར་བྱའོ། །དེ་ནས་གཉིས་ཀ་ལ་ཡང་ཉེ་

རེག་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་དང་སློབ་མ་བསྲུང་བ་བྱས་ལ། རིགས་ཀྱི་ཡུམ་བཟླས་པའི་དྲིས་བྱུགས་པ་དང་། དེ་ཉིད་བཟླས་པའི་མེ་ཏོག་གི་ཕྲེང་བས་མགོ་བོ་དཀྲིས་ལ། རིགས་ཀྱི་སྙིང་པོས་མཆོད་ཡོན་བྱིན་ཏེ། མར་དང་བཅས་པའི་སརྫ་ར་སའི་སྤོས་ལ་བདུད་

རྩི་ཐབ་སྦྱོར་བཟླས་པའམ། ཡི་གེ་ཧཱུཾ་བཟླས་པས་བདུག་པར་བྱའོ། །ངེས་པར་སྦྱོང་བའི་ཆོ་གའོ། །དེ་ནས་འཇམ་པའི་རྡོ་རྗེར་བྱས་ལ་རང་ཉིད་ཀྱིས་སྔགས་དང་ཕྱག་རྒྱ་དང་ལྷའི་འཁོར་ལོ་མ་ལུས་པ་གནས་ཇི་ལྟ་བ་བཞིན་དུ་བཀོད་ལ་རྡོ་རྗེ་སེམས་མ་ལ་སོགས་པས་བྱིན་གྱིས་བརླབ་ཅིང་སྐུ་ལ་

Vol. 65 · folio 266b

སོགས་པ་བྱིན་གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོར་རབ་ཏུ་བཞག་སྟེ། སྟེང་དུ་བླ་རེ་བྲེ་བ་དང་། གཡས་ལོགས་སུ་ཡི་གེ་ཧཱུཾ་བཟླས་པའི་མེ་ཏོག་གི་ཕྲེང་བས་བརྒྱན་པའི་རིན་པོ་ཆེའི་གདུགས་དང་། གཡོན་དུ་ནམ་མཁའི་མཛོད་བཟླས་པའི་རྒྱལ་མཚན་དང་། རྔ་ཡབ་དང་བ་དན་

སྣ་ཚོགས་པ་དང་། མེ་ཏོག་ལ་སོགས་པ་དང་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་དེ། མཆོད་ཡོན་བྱིན་ལ་དུང་དང་རྔ་བོ་ཆེ་དང་། རྔ་རིངས་དང་། ཟངས་དུང་ལ་སོགས་པའི་སིལ་སྙན་རྣམས་ཀྱིས་ནམ་མཁའི་ངོས་རྣམས་ཀུན་དུ་གང་བར་བསམས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་བ་

དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེ་ནི་སྐྱེ་དགུ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་

ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་

དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་པོ། །དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལམ་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེ་ནི་སྐྱེ་དགུ་

རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྷ་ཡི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་བ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ཉམས་

དགའ་ལུམྦའི་ཚལ། །ལྷ་མང་དག་གིས་བརྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པའི་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་

Vol. 65 · folio 267a

ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བ་ནི། །རྨད་དུ་བྱུང་བ་གྲགས་པ་ཆེ་བའི་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབས་

བསོད་ནམས་ཕུང་པོའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་

ཤིས་གང་ཡིན་པ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང་། །བཻ་ཌཱུརྱ་ལྟར་སྔོ་བའི་རྩྭ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །

ཆུ་བོའི་འགྲམ་ན་ཙ་ཤ་ཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བ་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་

བཏུལ་ཚེ་ས་སྟེངས་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེ་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་རྣམ་རབ་བཏུལ་བ། །སྟོན་པ་བདེ་བར་

གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་ཝཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང་། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེ་ནི་སྐྱེ་དགུ་

རྣམས་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པའི་སེང་གེས་གང་གསུངས་པ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་

Vol. 65 · folio 267b

པ་དང་། །འགྲོ་ལ་བདེ་བ་སྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག །ཉེ་བར་སྟོན་པ་རྒྱལ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །

སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། །མནྡཱ་ར་བས་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་

བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལྷ་དང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེ་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་

ཤོག །ཅེས་བྱ་བ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་གླུ་བླངས་ལ་དེ་སེང་གེའི་གདན་ནམ་ཁྲི་ལ་ཟླ་བའི་དཀྱིལ་འཁོར་དར་གྱིས་གཡོགས་པ་ཡི་གེ་ཧཱུཾ་བཟླས་པ་ལ་བཞག་སྟེ་དབང་བསྐུར་བར་བྱའོ། །དང་པོར་ནི་རྣམ་པར་རྒྱལ་བའི་བུམ་པས་སོ། །དེ་ནས་ནི་ལྷ་མོ་

བཞིའི་བུམ་པ་དང་། ལྷ་ཐམས་ཅད་ཀྱི་བུམ་པས་རེ་རེ་ཞིང་རང་གི་སྔགས་ཟློས་ཤིང་དབང་བསྐུར་རོ། །དེ་ལྟར་ཕྱིའི་དབང་བསྐུར་བ་བྱིན་ནས་གསང་བའི་དབང་བསྐུར་བར་བྱའོ། །དེ་ནས་རང་གི་སྙིང་ག་ལས་བྱུང་བའི་འོད་ཀྱི་ཚོགས་ཀྱིས་ཕྱོགས་བཅུ་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་

གཤེགས་པ་རྣམས་དང་། རིག་པའི་ལྷ་མོ་རྣམས་སློབ་མ་དབང་བསྐུར་བར་བྱ་བའི་ཕྱིར་ཡང་དག་པར་བསྐུལ་ལ། སྔར་སྨྲས་པའི་ཚིགས་སུ་བཅད་པས་འདི་ལ་སྩལ་དུ་གསོལ་ཞེས། དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་བཏབ་པས་སྔོན་གྱི་ཕན་པར་མཛད་པ་དང་། ཐུགས་རྗེ་

ཆེན་པོའི་ཤུགས་ཀྱིས་ནམ་མཁའི་གཏོས་ཐམས་ཅད་ཏིལ་གྱི་གང་བུ་ལྟར་གང་བར་བྱོན་ནས། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། སིལ་སྙན་དང་རོལ་མོ་ལ་སོགས་པའི་དབང་བསྐུར་བའི་མཆོད་པའི་ཡོ་བྱད་དང་ལྡན་པ་རྣམས་དང་། རིག་པའི་ལྷ་མོ་པདྨའི་རྩ་བ་ལྟར་

Vol. 65 · folio 268a

དཀར་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་གང་བའི་བུམ་པ་ཕྱག་ན་བསྣམས་པ་རྣམས་ཀྱིས་ཕྱག་གི་རྩེ་མོ་མཆོག་གིས་སློབ་མ་རྣམས་ལ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་། སྔགས་ཀྱིས་དབང་བསྐུར་བར་གྱུར་པར་བསམ་པར་

བྱའོ། །དེའི་འོག་ཏུ་སངས་རྒྱས་བཅོམ་ལྡན་འདས་དང་། ལྷ་མོ་དེ་ནས་སློབ་མའི་བ་སྤུའི་བུ་ག་རྣམས་སུ་ཞུགས་པས་ལུས་ཐམས་ཅད་དེའི་རང་བཞིན་དུ་བྱས་ཏེ། མི་བསྐྱོད་པ་ཅོད་པན་གྱི་ཚུལ་གྱིས་གནས་པར་བསམ་པར་བྱའོ། །དབང་བསྐུར་བ་ལྔ་པོ་སྔར་བཤད་པ་ཉིད་ཀྱི་སྔགས་དང་

ཕྱག་རྒྱ་དང་བཅས་པས་བསྟན་པར་བྱའོ། །དེ་ནས་གོ་ཆ་བསྐོན་ལ་དར་དཔྱངས་འཕྱང་བ་དང་མཉམ་པའི་ཐལ་མོས་དགབ་པར་བྱས་ལ། རྡོ་རྗེའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་དང་། དམ་ཚིག་གསུམ་ཡང་སྒྲུབ་པའི་ཐབས་ཀྱི་རིམ་པས་སྦྱིན་པར་བྱའོ། །

དེའི་འོག་ཏུ་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་ནོ། །སློབ་མས་ཀྱང་རྡོ་རྗེ་ཐལ་མོ་བསྐོར་བས་སླར་ཕྱག་བྱས་ལ། དབང་བསྐུར་བ་བླང་བར་བྱའོ། །དེ་ནས་ཡང་དག་པར་བསྟོད་ལ་སྒེག་མོ་ལ་སོགས་པའི་རྣལ་འབྱོར་པས་གར་སྔོན་དུ་འགྲོ་བ་དང་། སྒེག་པ་དང་བཅས་པས་སློབ་མ་དེ་ལ་ལཱ་སྱ་ཞེས་

བྱ་བ་དང་མེ་ཏོག་ཅིག་འཕངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །དེའི་སྲས་ལྷན་ཅིག་རོལ་པར་གྱིས། །རྡོ་རྗེ་བསྙེམས་པའི་སྦྱོར་བ་ཡིས། །དགའ་བའི་མཆོད་པ་བདེ་མཆོག་ཡིན། །ཨཿསྒེག་བཅས་ཕྲེང་བ་འཕེན་པ་དང་། །སངས་རྒྱས་ཐམས་ཅད་

མཆོད་པར་གྱིས། །ཕྲེང་བ་དེ་ཡི་རྒྱན་ཡིན་པས། །འདི་དང་འབྲལ་བ་མེད་པར་གྱིས། །ཨོཾ་ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཡང་དག་བརྗོད་པ་གླུ་རུ་བླང་། །དེ་ནི་མྱུར་བར་བདེ་གཤེགས་དེའི། །བདེ་བ་ཉམས་སུ་མྱོང་བར་འགྱུར། །གཱི་ཐལ་མོ་གར་བཅས་ཕུལ་བ་ཡིས། །རྫོགས་པའི་སངས་རྒྱས་

མཉེས་པར་གྱིས། །རྫོགས་སངས་རྒྱས་ཀྱིས་འདུལ་བའི་ལས། །རོལ་མོས་གར་ནི་བྱེད་པོར་འགྱུར། །ཧོཿབདུག་སྤོས་ཕུལ་བས་རྫོགས་སངས་རྒྱས། །བརྟུལ་ཞུགས་བཟང་པོས་ཆེར་ཚིམ་གྱིས། །འགྲོ་ལ་བདེ་གཤེགས་འབབ་པ་དང་། །ཡེ་ཤེས་ཀྱིས་ནི་ཚིམ་པར་འགྱུར། །ཨཿམེ་ཏོག་

Vol. 65 · folio 268b

གཏོར་བས་རྫོགས་སངས་རྒྱས། །སླར་ཡང་བྱང་ཆུབ་ཡན་ལག་བསགས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་འཐོབ་པར་འགྱུར། །བྷྲཱུཾ་རྡོ་རྗེ་ཆོས་ལྟར་རང་ཉིད་ཀྱིས། །ཆོས་ཀྱི་མེ་ནི་ལེགས་སྦར་ལ། །མ་རིག་ལྡོངས་བྱས་སེམས་ཅན་རྣམས། །ཡེ་ཤེས་སྣང་

བས་བསལ་བར་གྱིས། །པུཾ་རྒྱལ་བ་ཁྱོད་ཀྱིས་དྲིལ་ཕུལ་བས། །ལུས་ཅན་རྣམས་ལ་བྱང་ཆུབ་བསྐོར། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིན། །གཿདེ་ནས་བདག་པོའི་སྦྱོར་བ་དང་ལྡན་པས་གསེར་གྱི་ཐུར་མ་བཟླས་པ་བླངས་ལ། མདུན་དུ་འདི་

སྐད་ཅེས་བརྗོད་པར་བྱའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་ཏི་མི་རཾ་ཧྲིཿསློབ་མའི་མིག་གཉིས་སུ་ཡི་གེ་པྲ་བསམས་ལ་བྱུག་པར་བྱའོ། །དེ་ནས་མེ་

ལོང་བསྟན་ལ། ཆོས་ཀྱི་མཚན་ཉིད་བསྟན་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་

མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས། །དེ་ནས་དབྱངས་ཀྱི་ཡི་གེ་ཐ་མ་ལས་བྱུང་བའི་དྲིལ་བུ་དཀྲོལ་ལ་བྱིན་ཏེ། །ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་

དུ་གསལ། །དེ་ནས་ཡི་གེ་ཧོས་གཞུ་བྱིན་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་དེ། ཕྱོགས་བཞིར་མདའ་བཞི་འཕང་བར་བྱའོ། །གཅིག་ནི་སྟེང་དུའོ། །གཅིག་ནི་འོག་ཏུའོ། །ཡང་ཨཿབཛྲ་སཏྭ་ཞེས་བྱ་བ་འདིས་མེ་ལོང་

བླངས་ལ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོར་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་པར་

Vol. 65 · folio 269a

བྱའོ། །དེ་ནས་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བྱ་བ་དང་། རྐང་པ་གཉིས་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་གཞག །ཨོཾ་བཛྲ་བྷ་ཥ་རཾ་ཞེས་བྱ་བ་དང་། ལག་པ་གཡས་སུ་དུང་དབྱངས་ཀྱི་ཡི་གེ་དང་པོས་ལག་པ་གཡོན་དུ་གླེགས་བམ་དང་། དབྱངས་ཀྱི་ཡི་གེ་ཐ་མས་དྲིལ་བུ་བྱིན་ལ། དེ་ནས་བརྩམས་

ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཅིག །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱད་པའི་ཚུལ་

གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་ལོས་སྒྱུར་བའི་སྦྱོར་བ་ཇི་ལྟ་བ་དང་ལྡན་པས། འཇིག་རྟེན་ཀུན་ལ་ཐམས་

ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེ་དང་། ཁྲོ་བོ་དང་། པདྨ་དང་། ནོར་བུའི་འཁོར་ལོ་རབ་ཏུ་བསྐོར་ཞེས་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ལ། གཟེངས་བསྟོད་པ་ནི། ཕྱག་རྒྱ་ཆེན་

པོ་རྒྱུར་གྱུར་པས་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྦྱོར་བས་སྙིང་གར་གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་ཐ་མ་འཛིན་པའི་ཚུལ་དུ་བྱས་ལ་གཡས་པ་མཆོག་སྦྱིན་པ་ལ། རྡོ་རྗེ་མིང་གི་དབང་བསྐུར་བས་ལུང་བསྟན་པར་བྱའོ། །ཨོཾ་ཨེ་ཤོ་ཧཾ། བྱཱ་ཀ་རོ་མི་ཏྭཾ་བཛྲ་སཏྭ་ཏ་ཐཱ་ག་ཏ་བྷ་

བ་དུར་ག་ཏི་ཏོ་དྷི་ཏྱཱནྟ་བྷ་བ་སིདྡྷ་ཡེ་ཧེ་བཛྲ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷ་ས་མ་ཡ་སྟྭཾ། བྷུར་བྷུ་བ་སྭཿགང་ལ་གཟེངས་བསྟོད་པ་འདི་དང་། ཕྱག་རྒྱ་ཆེན་པོས་ལུང་བསྟན་པ་མཆོག་ཏུ་གསང་བའི་ཆོ་གས་བྱས་པ་དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་ཐམས་ཅད་དང་བྱང་ཆུབ་

སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་དམ་ཚིག་སློབ་དཔོན་ལ་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ། །འདི་ལྟ་སྟེ། གཟེངས་བསྟོད་པ་འདི་ཉིད་དང་ཕྱག་རྒྱ་ཆེན་པོས་མཆོག་ཏུ་གསང་

Vol. 65 · folio 269b

བ་དམ་པའི་དངོས་གྲུབ་ཀྱི་བྱིན་གྱིས་བརླབ་པ་འདི་དང་། གསང་སྔགས་ཀྱི་སྟོབས་ལ་དད་པར་བྱའོ་ཞེས་སློབ་མ་རྣམས་ལ་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་དུ་གསང་བ་བརྗོད་པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་

བྲལ་བར། །ཁྱོད་ཀྱིས་ཀྱང་ནི་མ་བྱེད་ཅིག །མ་ཧཱ་ས་མ་ཡ་ཧ་ན་ཕཊ། དེའི་འོག་ཏུ་རང་གི་ལག་པ་གཡོན་པས་སློབ་མའི་མཐེ་བོ་གཡས་པ་བཟུང་ལ། སློབ་མའི་གཙོ་བོ་ལ་དམིགས་ནས་མར་གྱི་སྲེག་བླུགས་བྱ་བ་དང་། སྦྲང་རྩི་དང་མར་དང་ཞོ་དང་བསྲེས་པའི་ཏིལ་གྱི་སྲེག་བླུགས་བརྒྱ་བྱས་

ལ། བསང་གཏོར་བྱས་ཏེ་སྙིང་གར་བྱུགས་ལ་ལས་ཐམས་ཅད་པ་དང་། རིགས་ཀྱི་སྙིང་པོ་བཟླས་པའི་སྲུང་སྐུད་དང་། གདུ་བུ་ལག་ངར་དུ་གདགས་པར་བྱའོ། །དེ་ནས་དེའི་མགོ་བོར་གདུགས་བཞག་ལ། སྐོར་བ་བྱེད་དུ་བཅུག་སྟེ། ཐལ་མོ་སྦྱར་བ་དང་བཅས་པར་དཀྱིལ་འཁོར་གྱི་སྒོར་

གདུགས་དང་བཅས་པར་ལུས་ཕབ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སློབ་མ་འདི་ནི་ཕུལ་བ་ལགས། །གསང་སྔགས་རྒྱུད་ནི་འཛིན་པར་འགྱུར། །གདུགས་བཞག་ནས་ནི་སློབ་དཔོན་གྱིས། །སྙིང་ལ་འབབ་པ་དེ་ལ་བརྗོད། །ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །གསང་སྔགས་རྒྱུད་ཀྱང་

འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་གྱིས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །དེ་ནས་རང་ཉིད་ཀྱིས་ལན་བརྒྱ་བཟླས་པ་དང་བཅས་

པའི་སྔགས་ཕྱག་རྒྱ་དང་ལྡན་པར་སློབ་མ་ལ་བྱིན་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་རིམ་བཞིན་དུ་སློབ་དཔོན་དང་སློབ་མ་དག་གིས་སྔགས་བསྐུལ་ལ་སྨྲ་བས་

བྱིན་ལ། དཀྱིལ་འཁོར་དུ་བཟླས་ལ་ལྷ་རྣམས་ཀྱི་ཕྱག་རྒྱ་བཞི་ཡང་བསླབས་ལ། ཁྱོད་ཀྱིས་གཞན་ཕྱག་རྒྱ་ལ་མི་མཁས་པ་གང་ལ་ཡང་ཕྱག་རྒྱ་རྣམས་སྟོན་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་རྣམས་ནི་དཀྱིལ་འཁོར་མ་མཐོང་བར་ཕྱག་རྒྱ་བཅིང་བ་ལ་རབ་ཏུ་སྦྱོར་བ་ལས་

Vol. 65 · folio 270a

འབྲས་བུ་མ་ཐོབ་པ་དང་སོམ་ཉིར་གྱུར་ནས་ཡ་ང་བ་མ་སྤངས་པས་དུས་བྱས་ནས་དམྱལ་བར་འགྲོ་བར་འགྱུར་རོ། །རྒྱུ་དེས་ན་ཇི་ལྟར་ཞུགས་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། གསང་བའི་དཀྱིལ་འཁོར་

དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་ཞིང་། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་འཆི་བ་ནི་ཡོད་མིན་ཏེ། །མི་ཤིགས་པ་དང་མི་སོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པའི་སྡུག་བསྔལ་ལས་

ཁྱོད་བཏོན། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པ་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ཀྱང་གཏང་མི་བྱ། །

ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །སྲོག་དང་རུས་པ་ལ་བབ་ཀྱང་། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སློབ་དཔོན་དག་ཀྱང་བརྙས་མི་བྱ། །གདུག་ལ་བྱམས་དང་ཆགས་བྲལ་བར། །ནམ་ཡང་བྱ་བ་མ་ཡིན་ནོ། །དེ་ལྟར་བྱས་ན་སངས་རྒྱས་ཀྱིས། །ཁྱོད་ནི་དམྱལ་བའི་མེ་ནང་

འདོར། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ཀྱང་མ་གདུངས་ཤིག །ཅི་བདེ་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་དོར་ཞིང་། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །

སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་

ལྟུང་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་ལ་རབ་ཏུ་མི་སྤྱོམ་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ན་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རང་གི་དམ་

Vol. 65 · folio 270b

ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་བར་ནི། །གྲངས་མེད་པར་རྙེད་དཀའ་བ་ཡི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་

ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་

རྣམས་ནམས་ཀྱང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མ་འགོམ་པ་ནི། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །རྒྱུ་དང་མི་རྒྱུའི་གསང་བ་པ། །དམ་པ་ཐམས་ཅད་སྤངས་པར་འགྱུར། །སློབ་དཔོན་སྨོད་པར་བྱེད་པ་དག །

རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨད་པ་གང་ཡིན་ཏེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་གཟུང་། །གཏུམ་པོའི་ལས་བྱེད་ངན་པའི་བདག །མཁས་པས་རྟག་ཏུ་སྤང་བར་བྱ། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །དེར་ནི་སློབ་དཔོན་སྨད་བྱེད་པ། །

གནས་པར་འགྱུར་ཞེས་རབ་ཏུ་གསུངས། །དེ་ཕྱིར་ཀུན་གྱིས་རབ་བསྒྲིམས་ཏེ། །བསམ་ཡས་འབྲས་བུ་སྦྱིན་བྱེད་པ། །སངས་རྒྱས་འབྲས་བུ་འདོད་པ་ཡི། །སེམས་ཅན་དད་པས་དེ་མཆོད་ཅིག །གང་ཕྱིར་འདི་ནི་ལེགས་གནས་པས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །

དེང་ཁྱོད་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱི་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་བའི་བདག་པོར་བསྟན་པ་ཡིན། །དེང་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་འདིར་ཐོབ་པར་ཐེ་

ཚོམ་མེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །དམ་ཚིག་འདི་ནི་འདའ་དཀའ་སྟེ། །སྡིག་པ་མེད་ཀྱིས་མ་འཇིགས་ཤིག །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་བསྐྱེད་བསྟེན་པར་གྱིས། །དེང་ནི་འགྲོ་ལ་མྱུར་བདེ་རྡོ་རྗེ་སེམས་

Vol. 65 · folio 271a

དཔའ་དང་། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །སློབ་མ་རབ་དང་མཉེས་གཤིན་པས། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་བདག་ནི་བགྱིད་ཅེས་བརྗོད། །དེ་ལྟར་ན་མདོར་བསྡུས་པ་དང་བར་མ་དང་རྒྱ་ཆེ་བའི་དབང་བསྐུར་བའི་

དབྱེ་བ་ནི་འདིར་མ་ཐོས་ཏེ། ཡོངས་སུ་རྫོགས་པའི་ཆོ་ག་གཅིག་པུ་ཉིད་ཐོབ་པའི་ཕྱིར་རོ། །དེ་ལྟར་ན་ཡང་མཁན་པོའི་ཞལ་སྔ་ནས་ཀྱིས་མཛད་པའི་འཕགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་གའི་རིམ་པ་རྗེས་སུ་འབྲངས་ནས་གསུམ་དུ་བྱ་བར་འདོད་པར་བྱའོ། །སྤྱིའི་དབང་བསྐུར་བའི་ཆོ་གའོ། །

གཞན་ཡང་དཔོན་དུ་དབང་བསྐུར་བར་འོས་པའི་སློབ་མ་ལ། དེ་བཞིན་དུ་ཁྲུས་དང་གོས་དང་རྒྱན་ལ་སོགས་པས་བརྒྱན་ལ་དམ་ཚིག་གསུམ་སྦྱིན་པའི་མཐར་ཐུག་པའི་ཆོ་ག་བྱས་ལ། དཀྱིལ་འཁོར་དུ་མངོན་པར་ཕྱོགས་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དེ་ཁོ་ན་

ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། སློབ་དཔོན་གྱི་ལས་རྣམས་བཤད་པར་བྱ་སྟེ། དེ་ཉིད་དེའི་སློབ་དཔོན་གྱིས་དབང་བསྐུར་བའི་གནས་ཡིན་ནོ། །འདི་དག་ཀྱང་བཅོམ་ལྡན་འདས་ཀྱིས་གསང་བ་ཡིན་པར་གསུངས་སོ། །དེ་ནས་ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་བྱིན་ལ། གཟེངས་བསྟོད་པས་

ལུང་བསྟན་པར་བྱའོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་འདི་ཡིན་ཏེ། མི་མཉམ་མེད་པས་ཟུར་བཞིར་མཉམ། །དྲན་དང་དབང་པོས་སྒོ་བཞི་སྟེ། །བསམ་གཏན་རྣམས་ཀྱིས་རྟ་བབས་བཞི། །ཏིང་འཛིན་ཁྱམས་སུ་ཤེས་པར་བྱ། །ཁྱམས་ལ་བརྟེན་པའི་རྡོ་རྗེ་མཆོག །གཟུངས་རྣམས་ལྷ་མོས་མཆོད་པ་ཡིན། །

རྒྱན་རྣམས་ཀུན་གྱིས་བཀྲ་བ་ཡང་། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བས་བསྐྱོད་པ་སྣ་ཚོགས་མཆོག །དམ་ཆོས་སྒྲ་ནི་ཀུན་འགྲོ་བ། །རླུང་གིས་བསྐྱོད་པའི་སྣ་ཚོགས་མཆོག །དར་འཕན་དྲིལ་བུ་སྒྲོགས་པ་ཡིན། །མེ་ལོང་ཡེ་ཤེས་བཏགས་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་

མེ་ལོང་བཏགས་མེ་ཏོག །མེ་ཏོག་ཆུན་འཕྱང་རྒྱན་གྱིས་བསྐོར། །ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་བཤད་དེ། །དེ་ཡི་ནང་གི་འཁོར་ལོ་དེ། །དཀྱིལ་འཁོར་བརྒྱད་པ་འདྲ་བ་ནི། །དངོས་གྲུབ་བདེ་བ་ཀུན་སྟེར་བའི། །རྣམ་ཐར་བརྒྱད་པོ་དེ་ཉིད་ཡིན། །བྱང་ཆུབ་སེམས་ནི་ཐེག་པ་ཆེ། །མདོ་སྡེ་འཁོར་ལོ་

Vol. 65 · folio 271b

རབ་བསྐོར་བས། །རྡོ་རྗེའི་ཐིག་གིས་ཡོངས་བསྐོར་བའི། །རྡོ་རྗེ་འཁོར་ལོ་ཡིན་པར་བཤད། །འགྲོ་ལ་ཡེ་ཤེས་ཀྱི་ཆགས་པས། །ཚོན་ནི་རྫོགས་སངས་རྒྱས་ལྔ་ཡིན། །དབང་པོའི་དོན་ནི་རྣམ་དག་པ། །རང་གི་མཚན་ཉིད་རབ་དབྱེ་ཉིད། །ཤེས་རབ་ཡེ་ཤེས་བདུད་རྩི་འཐུང་། །རྡོ་རྗེ་ཅན་གྱི་བུམ་པ་དེ། །ཚོགས་

རྫོགས་པ་ཡི་རྒྱུ་མཐུན་ཞིང་། །ཐུགས་རྗེའི་རླན་ལྡན་བུམ་པ་གང་། །དཀྱིལ་འཁོར་གང་དུ་མེ་ཏོག་སྤོས། །མར་མེ་ཆེད་དང་དྲིར་བཤད་པ། །བྱང་ཆུབ་ཡན་ལག་ཡིད་རབ་ཚིམ། །ཆོས་ཀྱི་སྣང་གྲགས་ཚོགས་བསྡུས་ཡིན། །ཆོས་ཀྱི་ཟས་ནི་ལྷ་བཤོས་ཏེ། །ངོ་ཚ་ཁྲེལ་ཡོད་པ་ཡང་གོས། །གླུ་དང་གར་དང་

རོལ་མོ་མཆོག །བདེ་བ་ཆེན་པོའི་འཕེལ་བྱེད་ཡིན། །གྲོང་ཁྱེར་ཐར་པའི་གྲོང་ཁྱེར་པས། །དཀྱིལ་འཁོར་སྙིང་པོ་བསྡུས་པ་ཡིན། །དེ་ལྟར་སྤྲོས་པས་མཛེས་པ་ནི། །ཕ་རོལ་ཕྱིན་སོགས་འབྲས་བུ་ཡིན། །ལྷའི་དེ་ཁོ་ན་ཉིད་ཀྱང་དཔལ་འཇམ་པའི་རྡོ་རྗེ་ནི་ཤེས་རབ་ཀྱི་ཡེ་ཤེས་སྣང་བར་མཛད་པའོ་ཞེས་བྱ་བ་ལ་སོགས་པའོ། །

སློབ་དཔོན་གྱི་ནི་ལས་རྣམས་ཀྱང་། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དམ་ཚིག་མཆོག་གི་ཕྱག་རྒྱ་ནི། །ཆོ་ག་བཞིན་བཅིངས་ཞུགས་ནས་ཀྱང་། །སྥོ་ཊའི་ཕྱག་རྒྱས་དབབ་པར་བགྱི། །དེ་ལ་ཐམས་ཅད་དབབ་པའི་སྙིང་པོ་ནི་འདི་ལགས་སོ། །ཨཿབདག་ལ་བྱིན་གྱིས་བརླབས་ལ་སོགས། །ཇི་ལྟ་བར་ནི་བཀའ་མནོད་

དོ། །དེ་ལྟར་བགྱིས་ནས་བདག་མིང་བརྗོད། །དེ་ནས་རྡོ་རྗེ་བསྒྲུབ་པར་བགྱི། །རྡོ་རྗེ་སློབ་དཔོན་སེམས་དཔའ་ཡི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབ་བགྱིས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བགྱི། །དེ་ཚེ་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་སེམས་ལ་སོགས་བཅས་པ། །དཀྱིལ་འཁོར་

ཐམས་ཅད་གང་བ་རྣམས། །དཀྱིལ་འཁོར་རྣམས་སུ་འདུས་པར་འགྱུར། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་བར་དུ་བརྗོད་པར་བགྱི། །དེ་ནས་འདུས་པ་དགྱེས་པས་ན། །དེ་བཞིན་གཤེགས་རྣམས་བརྟན་པར་འགྱུར། །རྡོ་རྗེ་སེམས་དཔའ་

རང་གྲུབ་པ། །གྲོགས་པོ་ཉིད་དུ་ཉེ་བར་གནས། །དེ་ནས་སྒོ་རྣམས་ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་ལས་བགྱིས་ནས། །ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །དམ་ཚིག་རྣམས་ནི་བཞག་པར་བགྱི། །དམ་ཚིག་མཆོག་གི་ཕྱག་རྒྱ་དང་། །སེམས་དཔའི་རྡོ་རྗེ་ལ་སོགས་པས། །དེ་ལྟར་བྱང་ཆུབ་ཆེན་པོ་

Vol. 65 · folio 272a

བསྒྲུབ། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ཅིང་། །དེ་ནས་སངས་རྒྱས་ལ་སོགས་པ། །སེམས་དཔའ་ཆེན་པོ་ཀུན་བསྡུ་བར། །སྤྱན་དྲངས་ནས་ནི་རབ་ཏུ་བཞུགས། །བཅིངས་ནས་དེ་ཡི་དབང་དུ་འགྱུར། །དེ་ནས་བདག་ཉིད་ཆེན་པོ་རྣམས། །གསང་བའི་མཆོད་པས་མཉེས་བགྱིས་ལ། །སེམས་ཅན་དོན་ཀུན་

བསྒྲུབ་པའི་ཕྱིར། །ཐམས་ཅད་མཛོད་ཅེས་གསོལ་བར་བགྱི། །འདི་ནི་གསང་བའི་དབང་བསྐུར་བའི་ཆོ་གའོ། །སློབ་མ་གཞན་དག་ནི་ཇི་ལྟ་བ་བཞིན་དུ་བཅུག་སྟེ། དཀྱིལ་འཁོར་བསྟན་པ་རྡོ་རྗེ་སེམས་མ་ལ་སོགས་པ་དང་། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱས་ཀྱང་རང་གི་ལྷག་པའི་ལྷར་བྱིན་

གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོས་སྔར་བཤད་པའི་ཟླ་བའི་དཀྱིལ་འཁོར་ལ་བཞག་སྟེ། སྤོས་ལ་སོགས་པས་མཆོད་ཡོན་སྦྱིན་ཏེ། དང་པོ་ཁོ་ནར་ཆུ། དེ་ནས་ཕྱག་རྒྱ་ཅོད་པན་དར་དཔྱངས་དང་། རྡོ་རྗེ་དང་བདག་པོ་དང་། མིང་གི་དབང་བསྐུར་ལ་སྒེག་མོ་ལ་སོགས་པས་ཀྱང་ཡང་དག་པར་མཆོད་དེ།

སྔགས་བྱིན་ལ་རང་གི་ལྷའི་ཕྱག་རྒྱ་བཞི་སྔ་མ་བཞིན་བསྟན་ནས་སློབ་མ་རེ་རེ་ནས་བཟུང་སྟེ། བླུགས་གཟར་གྱིས་དེ་རྣམས་ཀྱི་སྤྱི་བོ་ནས་བསྐོར་ཞིང་ཕབ་སྟེ། དགང་བླུགས་བདུན་ཕུལ་ལ་བསང་ཞིང་བྱབས་ལ་ལག་པར་གདུ་བུ་གདགས་པར་བྱའོ། །འདི་ནི་ཐུན་མོང་གི་འཇུག་པའི་ཆོ་གའོ། །དེ་ནས་དྲི་ལ་

སོགས་པ་དང་། སྒེག་མོ་ལ་སོགས་པས་ཀྱང་དཀྱིལ་འཁོར་པ་རྣམས་ཡང་དག་པར་མཆོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཅི་ནུས་པར་མཆོད་ཅིག་ཅེས་སློབ་མ་རྣམས་ལ་བསྒོ་ལ། མཆོད་པ་བྱེད་དུ་བཅུག་ནས་ཇི་ལྟར་ཞུགས་པ་རྣམས་ཡང་བཟའ་བ་དང་བཏུང་བ་སྤྱོད་པ་ལ་སོགས་པ་ཐམས་ཅད་དང་།

མགོན་པོ་ལ་ཕུལ་བ་རྣམས་ཀྱིས་ཀུན་དུ་ཚིམ་པར་བྱས་ནས། འདི་ནི་སངས་རྒྱས་ཐམས་ཅད་དེ། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་བརྟུལ་ཞུགས་བྱིན་ལ། དེ་རྣམས་དང་ལྷན་ཅིག་མཚན་མོ་ཉལ་བར་བསྒོམ་པ་དང་བཟླས་པ་བྱས་ལ། ཡང་སུ་ལ་ཡང་སྨྲ་བར་མི་བྱེད་ཅིག་ཐམས་ཅད་ལ་བསྒོ་ལ་བླ་མས་ཡོན་བླང་བར་

བྱའོ། །དེ་ནས་ཆུང་མ་སྡུག་པ་དང་། །རིན་ཆེན་གསེར་ནི་འབར་བ་དང་། །ནོར་བུ་མུ་ཏིག་བྱུ་རུ་དང་། །ལུས་ཀྱང་སྦྱིན་པར་བྱ་བ་ཡིན། །སློབ་མས་བླ་མ་ལ་གུས་པས། །ཅི་ནས་འདི་ལྟར་བྱ་བ་སྟེ། །ཇི་ལྟར་བླ་མ་མགུ་བར་བྱ། །བླ་མ་མགུ་བས་དངོས་གྲུབ་ཀྱི། །གཞན་དུ་མིན་ཞེས་ཐུབ་པས་གསུངས། །དེ་ནས་བཞིན་

Vol. 65 · folio 272b

བཟངས་ལོངས་ལ། དེ་བཞིན་གཤེགས་པས་གསུངས་པ་ཅི་རིགས་པ་རྫོགས་པར་གྱིས་ལ། གང་གིས་རིང་པོ་མི་ཐོགས་པ་ཁོ་ནར་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྟོན་པར་འགྱུར་བ་དེ་ལྟར་གྱིས་ཤིག་ཅེས་སྙིང་ལ་འབབ་པའི་ཚིག་བརྗོད་ལ་སློབ་མ་གཏང་བར་བྱའོ། །དེ་ནས་མེ་ཐབ་ཀྱི་དབུས་སུ་

བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་བདག་པོ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསམས་ལ། རྒྱས་པའི་ཆོ་གས་མར་གྱི་དགང་བླུགས་བརྒྱ་ཕུལ་ལ། ཞི་བའི་ཆོ་གས་ཀྱང་མར་གྱི་དགང་བླུགས་བརྒྱ་ཕུལ་ཏེ། ཡང་དག་པར་བསྟོད་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ་ཕྱོགས་ཀྱི་

གཏོར་མ་བྱིན་ལ་ཕྱག་བྱས་ཏེ། མཆོད་ཡོན་ཕུལ་ལ་དགེ་བའི་རྩ་བ་ཡོངས་སུ་བསྔོས་ཏེ་སྔ་མ་བཞིན་དུ་ཕྱག་རྒྱ་དགྲོལ་བ་ལ་སོགས་པ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ་དཀྱིལ་འཁོར་ལན་གསུམ་བསྐོར་བ་བྱས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གསང་བའི་དཀྱིལ་འཁོར་གཤེགས་སུ་གསོལ་ལ། ཇི་ལྟར་སྤྲུལ་

པའི་ཚོགས་ཀྱང་རང་གི་ལུས་ཀྱི་ནང་དུ་ཆུད་པར་བྱས་ལ། ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་བརྗོད་ལ། དེའི་དོན་ལ་ལྷག་པར་མོས་ཤིང་ཡི་གེ་ཧཱུཾ་དང་དཀྱིལ་འཁོར་འཕྱག་པར་བྱའོ། །འབད་པས་ཚོན་རྩི་བསྡུས་ནས་ནི། །ཆུ་ཆེན་དག་ཏུ་དོར་བར་བྱ། །དོར་ནས་ཀྱང་ནི་ས་གཞི་དེ། །བ་ཡི་ལྕི་བས་བྱུག་པར་བྱ། །དེ་

ནས་ཨོཾ་བཛྲ་ཀཱི་ལོཏ་ཀཱི་ལ་ཡ་སརྦྦ་ཀཱི་ལཱཾ། བུདྡྷ་སདྡྷྱ་ན་བཛྲ་དྷ་ར་ཨཱ་ཛྙཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བའི་རྡོ་རྗེ་ཕུར་པའི་སྔགས་ཀྱིས་བསམ་གཏན་ལས་བྱུང་བའི་ཕུར་བུ་ཕྱུང་ལ་སེང་ལྡེང་ལས་བྱུང་བའི་ཕུར་བུ་ཞི་བའི་རིག་པ་བརྒྱ་རྩ་བརྒྱད་བཟླས་པའི་འོ་མའམ་སྤོས་ཆུས་བཀྲུས་ནས་བུ་ག་ཡང་དགང་བར་བྱའོ། །ལག་པ་

གཉིས་ཁུ་ཚུར་བཅངས། མཛུབ་མོ་གཉིས་ཟླུམ་པོར་བྱས་ཏེ། ལག་ངར་བརྐྱང་ལ་སྐམ་པ་ལྟ་བུར་བྱ་བ་ནི། ཕུར་བུ་དབྱུང་བའི་ཕྱག་རྒྱའོ། །དེ་ནས་བདག་ཉིད་དང་སློབ་མ་དང་། སའི་བདག་པོ་དང་། སེམས་ཅན་ཐམས་ཅད་ལ་དམིགས་ཏེ་ཞི་བའི་སྦྱིན་སྲེག་བྱའོ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་རྣམས། །ཐམས་

ཅད་སློབ་དཔོན་དབང་བར་བཤད། །སློབ་མས་ཅུང་ཟད་བསྐུར་མི་བྱ། །གལ་ཏེ་ཁྱེར་ན་དམ་ཚིག་ཉམས། །སློབ་དཔོན་གྱིས་ཀྱང་ཅི་རིགས་པར། །བདག་ཉིད་འདོད་པས་སྤྱད་པར་བྱ། །ཞེས་བཅོམ་ལྡན་འདས་དཔལ་སྒྱུ་འཕྲུལ་དྲ་བས་གསུངས་སོ། །ཐམས་ཅད་དུ་ཡང་དཀྱིལ་འཁོར་དང་། སྦྱིན་སྲེག་ལ་སོགས་པ་རྩོམ་པ་

Vol. 65 · folio 273a

ན། གང་གི་ཚེ་སློབ་དཔོན་གྱི་ཕྱི་རོལ་དུ་འགྲོ་ན། དེའི་ཚེ་བཅོམ་ལྡན་འདས་འཕགས་པ་གཤིན་རྗེ་གཤེད་སྔར་བཤད་པའི་རང་གི་ངོ་བོར་རང་གི་སྙིང་ག་ནས་རང་གི་ས་བོན་ལས་ངེས་པར་བྱུང་བ། གདུག་པའི་བགེགས་མ་ལུས་པ་འདུལ་བ་ལ་འཇུག་པ་ལྷ་དང་མི་མ་དང་བ་རྣམས་དང་བར་མཛད་པ། དང་བ་རྣམས་སླར་

ཡང་འཕེལ་བར་མཛད་པ་སྟེ། མདོར་ན་དེ་ནི་སེམས་ཅན་ཐམས་ཅད་ཀྱི་མངོན་པར་མི་འདོད་པ་ཟློག་པར་མཛད་ཅིང་། མངོན་པར་འདོད་པ་རྫོགས་པར་མཛད་པ། མ་ཚང་བའི་ཉེས་པ་རྣམས་སེལ་བར་མཛད་པ། ཁྲོ་བོ་མཐའ་ཡས་པས་ཀུན་དུ་བསྐོར་བ་ཧཱ་ཧཱ་ཞེས་བཞད་པས་རི་བོ་ཆེན་པོ་དང་། རྒྱ་མཚོའི་དཀྱིལ་

འཁོར་འཁྲུགས་པར་མཛད་པས། ནམ་མཁའི་གཏོས་ཐམས་ཅད་ཁྱབ་པར་བསམ་པར་བྱའོ། །དེ་ལྟ་བུ་ནི་གང་གི་ཚེ་སློབ་དཔོན་ནང་ན་གནས་པ་དེའི་ཚེ་ཕྱི་རོལ་ན་བཞུགས་པར་བསམ་པར་བྱའོ། །བྲི་བའི་དཀྱིལ་འཁོར་གྱི་ཆོ་གའོ། །སྔ་མ་བཞིན་དུ་བདག་པོའི་སྦྱོར་བ་འདི་ཉིད་དང་ལྡན་པས་ས་

ཡོངས་སུ་གཟུང་བའི་ཆོ་ག་ལ་སོགས་པ་ཐམས་ཅད་ནས་དབང་བསྐུར་བ་དང་། སློབ་མ་སླར་བཏང་བ་དང་། ཞི་བའི་སྦྱིན་སྲེག་གི་བར་དུ་ཡིད་ཀྱིས་བྱས་ཏེ། ཡིད་ཀྱིས་ཕྱིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱ་ཆེར་བྱའོ། །ཡང་ན་དེ་བཞིན་དུ་བདག་པོའི་རྣལ་འབྱོར་པས། སངས་རྒྱས་ཀྱི་ཞིང་བསྲེག་པ་སྔོན་དུ་

འགྲོ་བ་དང་། གཞལ་ཡས་ཁང་བསྐྱེད་ལ་དེའི་ནང་དུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ཅི་རིགས་པར་པདྨ་ལ་གནས་པར་བསམས་ལ། སློབ་མ་མེའི་དཀྱིལ་འཁོར་ལ་གནས་པའི་མེས་ཐལ་བར་བྱས་ལ། རང་གི་སྔགས་ཀྱི་བདག་ཉིད་ཅན་དུ་སྣ་བུག་གཡས་པ་ནས་བཅུག་སྟེ། རང་

གི་ས་བོན་གྱི་ཡི་གེ་ལས་བསྐྱེད་པ། སྣ་བུག་ཅིག་ཤོས་ནས་ཕྱུང་སྟེ། ཟླ་བའི་དཀྱིལ་འཁོར་དབུས་མ་ལ་གཞག་སྟེ། སྐུ་ལ་སོགས་པས་བྱིན་གྱིས་བརླབས་ལ་བདག་པོའི་སྦྱོར་བས་གནས་པར་རང་གི་ཕྱག་རྒྱའི་རིག་པ་དང་གཉིས་སུ་མེད་པར་གྱུར་པ་རང་གི་སྙིང་གའི་རྡོ་རྗེ་ལྟེ་བ་ལ་གནས་པའི་ཡི་

གེ་ཧཱུཾ་ཡོངས་སུ་གྱུར་པ་དང་། དཀྱིལ་འཁོར་པའི་ལྷའི་འཁོར་ལོ་མ་ལུས་པར་བསམས་ལ་མཐར་རང་གི་ཕྱག་རྒྱའི་བདེ་བ་ཆེན་པོའི་མེར་ཡང་དག་པར་ཞུགས་པས། དེ་ཉིད་ཟླ་བ་ཞུ་བའི་གཟུགས་ཀྱིས་ཕྱུང་ལ། གནས་ཇི་ལྟ་བ་ན་གནས་པའི་ལྷ་མ་ལུས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་དཀྱིལ་

Vol. 65 · folio 273b

འཁོར་གྱི་བདག་པོའི་སྦྱོར་བས་གནས་པ་ལ་སྔ་མ་བཞིན་དུ་ཡི་གེ་གསུམ་གྱིས་བརླབས་པ་དང་། ཧཱུཾ་ལས་བྱུང་བའི་ལྷ་མོ་བཞི་བདེ་བ་ཆེན་པོས་བྱིན་གྱིས་བརླབ་པ་སྙིང་པོ་དང་། ཡོན་བླང་བ་སྔོན་དུ་འགྲོ་བས་སངས་རྒྱས་ཐམས་ཅད་ཀྱིས་ཏིལ་གྱི་གང་བུ་བཞིན་དུ་ནམ་མཁའི་ངོས་ཀུན་དུ་བཀང་

ནས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ནང་དུ་ཞུགས་པས་བདེ་བ་ཆེན་པོའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་བུམ་པ་ཕྱག་ན་བསྣམས་པ་རྣམས་ཀྱིས་སྤྱི་བོ་ནས་དབང་བསྐུར་ཞིང་། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དང་། སྙིང་པོ་

བརྗོད་ཅིང་དབང་བསྐུར་ཏེ། དེའི་འོད་ཟེར་རྣམས་ཀྱིས་ཉེས་པ་ཐམས་ཅད་དང་བྲལ་ཞིང་། གོས་ལ་སོགས་པས་བརྒྱན་པའི་ཅོད་པན་གྱི་དབང་བསྐུར་བ་སྔོན་དུ་འགྲོ་བའི་གླུ་རྣམས་ཀྱིས་ཡང་དག་པར་དགའ་བར་བྱས་ལ། སྔ་མ་བཞིན་དུ་དམ་ཚིག་སྦྱིན་པ་ལ་སོགས་པ་རྫོགས་པར་

བྱའོ། །འདི་ནི་རེ་ཞིག་གཞན་གྱི་དབང་བསྐུར་བདག་ཉིད་ཀྱང་བདག་པོའི་སྦྱོར་བས་རང་གི་རིག་པ་དང་གཉིས་སུ་མེད་པར་གྱུར་པས་འདི་ལྟ་བུའི་དབང་བསྐུར་བ་ཉིད་བླང་བར་བྱ་སྟེ། འདི་ཡང་གསང་བའི་དབང་བསྐུར་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔགས་པ་དབང་བསྐུར་བ་

ཐམས་ཅད་ཀྱི་མཆོག །དངོས་གྲུབ་དམ་པ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ། །ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ནི་འདིར་བཅོམ་ལྡན་འདས་མངོན་པར་བཞེད་པ་ཁོ་ན་སྟེ། ཇི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པར་དབང་བསྐུར་བའི་བཅོམ་ལྡན་འདས་

སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་འདི་ལྟ་བུ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་རྡོ་རྗེའི་འདུས་པས་འདྲེས་པའི་མཚན་ཉིད་ཅན་

གྱི་གསང་བའི་དབང་བསྐུར་བ་ནི་འདི་ཡིད་ཀྱི་ཉིད་ཡིན་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱིས་ཕྱིའི་མེད་པ་དང་། དེའི་དབང་དུ་བྱས་པ་ཡིན་ནོ། །དེ་བས་ན་འདི་ལྟར་དཀྱིལ་འཁོར་གྱི་ལེའུ་ལས་ཏིལ་གྱི་གང་བུ་ལྟར་ཀུན་དུ་གང་བའི་རྒྱལ་བའི་བུམ་པའི་ཆུ་དང་དབང་བསྐུར་བར་མཛད་པར་བསམ་པར་བྱ་བ་ནི།

Vol. 65 · folio 274a

དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་འདྲའོ་ཞེས་ཇི་སྐད་དུ་གསུངས་པ་དང་། དེ་བཞིན་དུ་དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གསུངས་ནས། ཕྱག་རྒྱ་གཅིག་པུའི་དཀྱིལ་འཁོར་གསུངས་ཤིང་། དེ་ཉིད་རས་དང་རྩིག་པ་དང་། ནམ་

མཁའི་ཕྱོགས་སུ་ཡང་བསམ་པར་བྱའོ་ཞེས་གསུངས་པས་དེ་ཡང་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་ཐམས་ཅད་དུ་དབང་བསྐུར་བ་ཡིད་ཀྱི་ཉིད་རྗེས་སུ་གནང་བ་ཁོ་ན་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་བཤད་པ་ཁྱད་པར་མེད་པ་དང་། བསྟན་པ་དེས་ཁྱད་པར་ཅི་ཞིག་ཡོད་དེ།

གལ་ཏེ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ཉིད་ཡིན་གྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ཡིད་ཀྱི་ཡིན་གྱི། དཀྱིལ་འཁོར་ཆེན་པོ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་ལ་ལ་ཟེར་བ་དེ་ནི་མི་རིགས་སོ། །བདག་ཅིག་གི་སློབ་དཔོན་རྣམས་

ཀྱིས་ཀྱང་གལ་ཏེ་འདུལ་བའི་དབང་གིས་གཞན་དག་ལ་འདི་སྐད་དུ་གསུངས་ཀྱི་ཡང་དག་པར་མ་ཡིན་ཏེ། ཇི་ལྟར་དབང་བསྐུར་བ་འདི་ནི་མི་སེམས་ཀྱིས་རྗེས་སུ་འབྲང་བ་ཡིན་པ་དེ་བཞིན་དུ་ཆོ་ག་གཞན་དག་ཀྱང་ཅིའི་ཕྱིར་མི་འདོད་དེ། ཁྱད་པར་མེད་པ་ཡིན་ནོ། །ཡིད་མངོན་པར་འདུས་

བྱས་པའི་ཕྱིར་རྩམ་པ་འདི་དག་ཐམས་ཅད་དེ་བྲི་བའི་ཆོ་ག་ཡང་། ཇི་སྲིད་ཡིད་ཀྱི་ཆོ་ག་རྗེས་སུ་མ་སྤྱད་པ་དེ་སྲིད་འབྲས་བུ་དང་ལྡན་པར་མི་འགྱུར་རོ། །དེ་ལྟ་བས་ན་ཡིད་ཀྱི་ཆོ་ག་འདི་སྟོབས་ཅན་ཡིན་པའི་ཕྱིར་མཆོག་ཡིན་གྱི། ཕྱིའི་ནི་མ་ཡིན་ནོ། །ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།

དེ་ལྟར་གཉི་གས་ཀྱང་འགྲོ་བ་མ་ལུས་པའི་དོན་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོད་པར་བཤད་པ། ནམ་མཁའ་དྲི་མ་མེད་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །འཇིག་རྟེན་གསུམ་ལ་བདེ་ཕན་བསྒྲུབ་པར་བརྩོན་པ་ཡིས། །

བདག་གིས་ཆོ་ག་འདི་བཤད་དགེ་ཐོབ་གང་ཡིན་པ། །དེས་ནི་འགྲོ་བ་ཀུན་དང་བདག་གིས་འདི་ཉིད་ཀྱི། །དཀྱིལ་འཁོར་འཁོར་ལོ་མངོན་སུམ་གྱུར་པ་མྱུར་ཐོབ་ཤོག །སེམས་ཅན་ཐམས་ཅད་ལ་བདེ་བ་བསྐྱེད་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words