ངན་སོང་སྦྱོང་བའི་དོན་གྱི་འབྲུ་འགྲེལ་ཞེས་བྱ་བ
Sanskrit title (Tibetan script, as in the text) དུརྒ་ཏི་པ་རི་ཤོ་དྷ་ནཱརྠ་བཱརྟི་ཀཱ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 66 · folio 207b
ཞུགས་པའི་ཕན་ཡོན་ཞུ་བ་དང་། བྷ་ག་བཱན་གྱི་བཀའ་སྩལ་པ་དང་། དབང་བསྐུར་བའི་ཐབས་ནི་བདེ་སྟེ་མ་སྨོས་སོ། །ཚེ་དཔག་མེད་གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་བཤད་ཟིན་ཏོ། །ད་ནི་ཞི་བའི་སྦྱིན་སྲེག་གི་ལས་སྟོན་ཏེ། སྦྱིན་པ་ནི་བདེ་བ་ལ། སྲེག་པ་ནི་ཉོན་མོངས་
པའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ལྷའི་བུ་རྣམས་ཞི་ཞེས་གསུངས་ཏེ། ལྷའི་བུ་ཞེས་སྨོས་པ་ནི་ཁྱབ་པ་སྤྱིར་ལ་གཏང་བའི་ཕྱིར་རམ་ལྷའི་བུ་གཞོན་ནུ་རྣམས་གཡེང་བ་ཆེ་བས། ཉན་ཅིང་མདུན་དུ་འདུག་པའི་ཕྱིར་མིང་ནི་མ་སྨོས་ཏེ་ལྷའི་བུ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །ཞི་
བ་ནི་ཐུགས་རང་བཞིན་གྱིས་ཞི་བས་ཉོན་མོངས་པའི་མཚན་མ་ཞི་བར་བྱེད་པའི་ཐ་ཚིག་སྟེ་དེའི་ཐབས་ནི་འདི་ལྟར་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཧོམ་ཁུང་བར་མ་ཐ་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པ། །ཟླུམ་པོ་ཉིད་དུ་བྱས་ནས་ནི། །ཞེས་གསུངས་ཏེ། ཐབ་ཁུང་བར་མ་ནི་ཁྲུ་
དོ། ཐ་མ་ཁྲུ་གང་། མཆོག་ནི་ཁྲུ་བཞི་ཡིན་ཏེ་གཟུང་འཛིན་རྣམ་པ་གཉིས་སྤངས་པས་ནི་ཁྲུ་གང་དུ་བསྟན་ལ། ཐབས་དང་ཤེས་རབ་རྣམ་པ་གཉིས་དང་ལྡན་པའི་རྟགས་སུ་ཁྲུ་དོའོ། །ཚད་མེད་པ་བཞི་དང་ལྡན་པའི་རྟགས་ཁྲུ་བཞིར་བསྟན་ལ། དངོས་པོའི་མཐའ་སྤངས་པའི་
རྟགས་སུ་ནི་ཕྱི་རོལ་ཟླུམ་པོར་བྱ་སྟེ། ཐབ་ཁུང་རབ་འབྲིང་གི་ཚད་ལས་ལྷ་དགོད་པའི་རིམ་པ་ཡང་ཆེ་ཆུང་དུ་བྲིའོ། །ཐབ་ཁུང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་དཀར་པོ་ཅིག་བྲི། ཐབ་ཀྱི་ཁ་ཁྱེར་ལ་མུ་རན་བཏང་། མུ་རན་ལ་མེ་རི་བཏང་། ཁ་ཁྱེར་ལ་རྡོ་རྗེའི་ར་བ་བཏང་།
དེའི་ཕྱི་རོལ་གྱི་བང་རིམ་གཅིག་ལ་རིགས་རྣམ་པ་བཞིའི་ཕྱག་རྒྱ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་རྒྱ་གྲམ་རྣམས་བྲི། དེའི་ཕྱི་རོལ་ལ་སེམས་དཔའ་བཅུ་དྲུག་བྲི། དེའི་ཕྱི་རོལ་སྣམ་བུ་ལ་ཕྱོགས་སྐྱོང་བཅུ་དང་ལྷ་ཆེན་པོ་བརྒྱད་བྲི། དེའི་ཕྱི་རོལ་དུ་གཟའ་ཆེན་པོ་བརྒྱད་དང་རྒྱུ་སྐར་
གྱི་མཚན་མའམ་ཐིག་ལེ་བྲི། དེ་ནས་གདོད་སྒོ་བ་བཞི་བྲི། །ད་ནི་ལས་བྱ་བའི་ཐབས་སྟོན་ཏེ། དེ་ཡི་མིང་ཡང་ཡུངས་ཀར་གྱིས། །བརྒྱ་ཕྲག་སྟོང་དུ་བསྲེས་བྱས་ན། །ངན་སོང་ཀུན་ལས་རྣམ་པར་ཐར། །ཞེས་གསུངས་ཏེ་དེ་ནི་སེམས་ཅན་ཤི་བའོ། །མིང་ནི་གདགས་པའི་
Vol. 66 · folio 208a
གཞི་སྟེ་ཡུངས་ཀར་དང་བསྲེས་ལ་སོ་སོའི་སྔགས་དང་མིང་སྤེལ་མར་སྦྱིན་སྲེག་བྱ། རྣམ་པ་གཅིག་ཏུ་ནི་ཤ་དང་རུས་པ་དང་རྐང་དང་སྐྲ་དང་གོས་ལ་སོགས་པའི་མཚན་མ་དང་། རོ་བསྲེགས་པའི་ཐལ་བ་ལ་སོགས་པ་དང་། གུར་གུམ་དང་། ཙནྡན་དང་། འབྲས་ཆན་
དང་། ལ་དུ་ལ་སོགས་པ་དང་བསྲེས་ནས་ལས་བྱས་ན་ངན་སོང་ལས་ཐར་བར་གསུངས་སོ། །བྲི་བའི་ཐབས་བདེ་སྟེ་མ་སྨོས་སོ། །ད་ནི་མཆོད་པའི་ཁྱད་པར་སྟོན་ཏེ། བྱ་དང་བུམ་པ་དགང་བ་དང་། །ཞེས་པ་ནི་དངུལ་གྱི་བྱ་ཕོ་དང་། གསེར་གྱི་བུམ་པ་སྤོས་ཆུས་བཀང་བ་དང་།
གཏོར་མ་དང་ལྷ་བཤོས་ལ་སོགས་པ་དཀར་པོར་བྱས་ལ་གཞག་པ་དང་། མར་དང་། འོ་མ་དང་། སྦྲང་རྩི་དང་། སྤོས་དང་། ཡུངས་ཀར་རྣམས་ཀྱང་མཆོད་རྫས་སུ་གཞག་སྟེ་དེ་ནི་མཆོད་པའི་ཁྱད་པར་རོ། །ད་ནི་གོས་བསྟན་ཏེ། དཀར་པོའི་གོས་ནི་གོན་ནས་ཀྱང་། །ཞེས་
པ་ནི་སྔགས་མཁན་གྱིས་དཔལ་གྱི་གོས་དཀར་པོ་གོན་པ་དང་། སྲད་བུ་དཀར་པོ་སེ་རལ་དུ་ཐོགས་ཤིང་ལས་གོང་ནས་འབྱུང་བ་བཞིན་བྱས་ན་འགྲུབ་པར་གསུངས་སོ། །ད་ནི་རྒྱས་པའི་ལས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། མཁས་པས་རྒྱས་པ་བྱ་དགོས་ཏེ། །ཞེས་པ་ནི་མཁས་པ་
ནི་སྒྲུབ་པ་པོ་ཆོ་ག་དང་ལས་ཀྱི་བྱེ་བྲག་ལ་མཁས་པའོ། །རྒྱས་པ་ནི་དཔལ་དང་གཟི་བརྗིད་འཕེལ་ཞིང་རྒྱས་པའོ། །དེ་ནི་སེམས་ཅན་ཕོངས་པ་རྣམས་བདེ་བར་བྱ་བའི་ཕྱིར་སྨོས་ཏེ། ཁྲུ་དོ་པའམ་ཁྲུ་བཞི་པ། །དེ་ལྟར་མཆོག་ནི་ཁྲུ་བརྒྱད་པ། །བྱས་ནས་ཐབ་ཁུང་གྲུ་བཞི་
པའི། །ཞེས་གསུངས་ཏེ། ཁྲུ་དོ་ནི་ཐབ་ཁུང་གི་ཐ་ཚིག་གོ། །ཁྲུ་བཞི་ནི་བང་རིམ་བཞི་ཡོད་པའི་ཐ་ཚིག་གོ། །ཁྲུ་བརྒྱད་ནི་ཕྱིའི་ཚད་དོ། །ཐབ་ཁུང་ཡང་ཁྲུ་བཞི་པར་བརྐོས་ལ། མུ་རན་ཡང་བཏང་། མུ་རན་ལ་ཆུ་སྐྱེས་ཀྱང་བཏང་། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་
དབུས་སུ་པདྨ་འདབ་མ་བརྒྱད་བྲིས་ལ་པདྨའི་ལྟེ་བར་རིན་པོ་ཆེ་འབར་བའི་འོད་ཟེར་སེར་པོ་ཅན་བྲི། བང་རིམ་དང་པོ་ལ་རིགས་རྣམ་པ་ལྔ་བྲི། གཉིས་པ་ལ་རིགས་ཀྱི་སེམས་དཔའ་བྲིའོ། །གསུམ་པ་ལ་ཕྱོགས་སྐྱོང་དང་བཀྲ་ཤིས་བྲིའོ། །བཞི་པ་ལ་སྒོ་གདོད། སྔགས་
Vol. 66 · folio 208b
མཁན་གོས་སེར་པོ་གོན་ནས་ལས་ཚུལ་བཞིན་དུ་བྱས་ནས། ལུས་ཅན་གྱི་ཚེ་དང་དཔལ་དང་གཟི་བརྗིད་དང་བདེ་བའི་ལོངས་སྤྱོད་འཕེལ་ལོ། །རྒྱས་པའི་དོན་བཤད་ཟིན་ཏོ། །ད་ནི་དབང་གི་ལས་སྟོན་ཏེ། དེ་ནི་མ་རུངས་པ་དབང་དུ་བསྡུ་བའི་ཕྱིར་སྨོས་ཏེ། དེ་ཅིའི་ཕྱིར་ཞེ་ན།
དེ་ནས་ཕན་ཕྱིར་ངེས་པ་ཡང་། །དབང་དུ་བྱ་བའི་ལས་བྱ་སྟེ། །ཞེས་གསུངས་པས། དེ་ནས་ནི་རྒྱས་པའི་རྟིང་ཐོགས་སུ་འབྱུང་བས་སོ། །ཕན་ཕྱིར་ནི་སེམས་ཅན་འདོད་ཆགས་ཅན་དང་ཉོན་མོངས་པས་ཉེན་པ་ལ་ཕན་པའི་ཕྱིར་རོ། །དབང་དུ་བྱ་བ་ནི་དེ་རྣམས་ཆགས་
པའི་ཚུལ་གྱིས་དབང་དུ་བསྡུ་ཞིང་ཐེག་པ་ཆེན་པོར་སེམས་བསྐྱེད་པའི་ཐ་ཚིག་གོ། །དེའི་ཐབས་ནི་ཇི་ལྟར་ཡིན་ཞེ་ན། ཐབ་ཁུང་གཞུ་ཡི་དབྱིབས་འདྲ་བ། །ཁྲུ་གང་ངམ་ནི་ཁྲུ་དོ་པ། །གྲུ་བཞིར་བྱས་པ་དེ་དབུས་སུ། །ཞེས་པ་ནི། ཧོམ་གྱི་ཐབ་ཁུང་ཡང་གཞུའི་དབྱིབས་ལྟར་བརྐོ་
བར་བྱ་སྟེ། ཐབ་ཁུང་ཐ་མ་ཁྲུ་གང་འབྲིང་ཁྲུ་དོ་རབ་ཁྲུ་བཞི་པ་བྱས་ལ། ཐབ་ཁུང་གི་དབུས་སུ་པདྨ་དམར་པོ་བྲིས་ལ། པདྨའི་ལྟེ་བ་ལ་མདའ་དང་གཞུ་བཅས་པ་ཡང་བྲི། ཁ་ཁྱེར་ལ་ཡང་མདའ་དང་གཞུ་དམར་པོ་ཡང་བྲི། ཕྱི་རོལ་དུ་ཡང་བང་རིམ་བཏོད་ལ་བང་རིམ་
དང་པོ་ལ་རིགས་ལྔ། གཉིས་པ་ལ་རིགས་ཀྱི་སེམས་དཔའ། དེའི་ཕྱི་རོལ་དུ་སྒོ་གདོད། སྔགས་མཁན་ཡང་ཆས་གོས་དམར་པོ་གོན། མཆོད་རྫས་ཀྱང་མེ་ཏོག་དམར་པོ་དང་། སྲན་མ་དང་། བུ་རམ་དང་། ཤིང་ཐོག་དམར་པོ་དང་། མར་དང་གུར་གུམ་བསྲེས་པ་དང་། ཙནྡན་
དམར་པོའི་ཕྱེ་མ་ལ་སོགས་བསྲེག་རྫས་མཆོད་རྫས་དང་བསྲེས་ཏེ་སྦྱིན་སྲེག་བྱས་ན་ཐམས་ཅད་དེའི་མོད་ལ་དབང་དུ་འགྱུར་རོ། །ཐབ་ཁུང་གཞུའི་དབྱིབས་འདྲ་བར་བྱས་པ་ནི་ཞི་གནས་གཞུ་འདྲ་བ་དང་ལྷག་མཐོང་མདའ་འདྲ་བས་ཐམས་ཅད་དབང་དུ་སྡུད་པའི་རྟགས་སོ། །
དབང་གི་ལས་བསྟན་ཟིན་ཏོ། །དྲག་པོའི་ལས་ནི་འདིར་མ་གསུངས་སོ། །དེ་ནས་ཚངས་པ་ལ་སོགས་པ་ཞེས་པ་ནས་སྨོས་ཅི་འཚལ་ཞེས་པའི་བར་གྱིས་ནི། འཁོར་སྲུང་བར་དམ་བཅས་པ་སྟོན། གང་ཞིག་ཆོ་ག་ཞིབ་མོ་ཞེས་པ་ནས་དེ་བཞིན་གཤེགས་པ་ལེགས་
Vol. 66 · folio 209a
པར་འཚལ་བར་བགྱིའོ་ཞེས་པའི་བར་གྱིས་ནི་ཆོ་ག་ཞིབ་མོ་འདི་གང་ན་སྤྱོད་པ་བཀུར་བར་བསྟན། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་ལེགས་པར་སྒྲུབས་ཤིག་ཅེས་བྱ་བའི་བར་གྱིས་ནི་ལེགས་པར་སྒྲུབས་ཤིག་པ་བསྟན་ཏོ། །དེ་ཡན་ཆད་ནི་ཆོ་གའི་ཕན་
ཡོན་ནོ། །ད་ནི་རིགས་བཞི་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་སྟོན་ཏེ། དེ་ལ་རིགས་བཞི་ནི་རྡོ་རྗེའི་རིགས་དང་རིན་པོ་ཆེའི་རིགས་དང་པདྨ་དང་ལས་ཀྱི་རིགས་སོ། །འཁོར་ལོ་ནི་བསྐོར་དུ་བཏུབ་པའོ། །སྒྱུར་བ་ནི་དེས་ཁམས་གསུམ་སྒྱུར་བའོ། །དཀྱིལ་ནི་ཆོས་ཉིད་ལ་འཁོར་ནི་ཕྲིན་ལས་
སོ། །དེ་ཡང་ཅིའི་ཕྱིར་ཞེ་ན། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསང་སྔགས་དང་རིག་སྔགས་དང་སྙིང་པོ་ཐམས་ཅད་བརྟན་པར་བྱ་བའི་ཕྱིར་ཉིད་ཀྱི་སྙིང་པོ་འདི་བཤད་དེ་ཞེས་པ་ནི། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སུ་འབྱུང་བ་ཡིན་ལ། བཅོམ་པ་ནི་ཉེས་པའི་སྐྱོན་བཅོམ་
པ་ཡིན་ལ། ལྡན་པ་ནི་འཇིག་རྟེན་པའི་དྲེགས་པ་ཅན་འདུལ་བའི་ལེགས་པའི་ཡོན་ཏན་དང་ལྡན་ལ། འདས་པ་ནི་ཤེས་པས་སྲིད་པ་ལ་མི་གནས། ཐུགས་རྗེས་ཞི་བ་ལ་མི་གནས་པས་འདས་པའོ། །ཕྱག་ན་རྡོ་རྗེ་ནི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་རྟགས་རྡོ་རྗེ་བསྣམས་པས་
སོ། །གསང་བ་ནི་ཆོས་ཀྱི་དབྱིངས་ཏེ། ཕྱི་རོལ་གྱི་རྟོག་པ་ཅན་གྱིས་མི་རྟོགས་པའི་ཕྱིར་རོ། །སྔགས་ནི་མཚན་མ་དང་བྲལ་བའི་དོན་ཏོ། །རིག་པ་ནི་ཡེ་ཤེས་ལ་སྔགས་ནི་དེས་ཉོན་མོངས་པ་འཇོམས་པའོ། །སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་ལ་ཐམས་ཅད་ནི་དེར་ཐམས་ཅད་
འདུས་པའི་ཕྱིར་རོ། །བརྟན་པར་བྱ་བ་ནི་རྒྱུ་དང་འབྲས་བུ་བརྟན་པར་བྱ་བའི་ཐ་ཚིག་གོ། །ཉིད་ཀྱི་སྙིང་པོ་འདི་ཞེས་པ་ནི་ཕྱག་ན་རྡོ་རྗེ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་སྙིང་པོའོ། །བཤད་པ་ནི་ཚིག་དང་དོན་བཤད་པའོ། །ཨོཾ་བྷྲཱུཾ་བཛྲ་པཱ་ཎི་ཞེས་པ་ནི། ཨོཾ་ནི་ཡེ་ཤེས་ལྔའོ། །བྷྲཱུཾ་ནི་གཞལ་
ཡས་ཁང་གི་ས་བོན་ནོ། །ཏྲཾ་ནི་འཛིན་པའོ། །བཛྲ་ནི་ཕྱག་ན་རྡོ་རྗེའོ། །ཏིཥྛ་ནི་འཇོམས་པའོ། །ཧཱུཾ་ནི་ཐུགས། ཨོཾ་ཨཱཿཧཱུཾ་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། ཨོཾ་བྷྲཱུཾ་ཕཊ་ནི་རྡོ་རྗེ་འཛིན་པའི་སྙིང་པོ་སྤྲོ་བའོ། །ཨོཾ་དི་བཛྲ་ཧཱུཾ་ནི་རིན་པོ་ཆེའི་རིགས་ཀྱི་སྙིང་པོའོ། །ཨོཾ་
Vol. 66 · folio 209b
བཛྲ་ཧ་ས་ནི་པདྨའི་རིགས་ཀྱི་སྙིང་པོའོ། །ཨོཾ་བཛྲ་ཧཱུཾ་ཨ་ནི་ལས་ཀྱི་རིགས་ཀྱི་སྙིང་པོའོ། །རྩ་བའི་སྙིང་པོའི་དོན་བཤད་ཟིན་ཏོ། །ད་ནི་དཀྱིལ་འཁོར་གྱི་དོན་སྟོན་ཏེ། དེ་ནས་དེ་དག་གི་དཀྱིལ་འཁོར་གྱི་དོན་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །ཞེས་པ་ནི་དེ་
དག་ནི་སྔགས་ཀྱི་ཡིག་འབྲུ་གོང་དུ་ཕྱུང་བའི་ལྷ་དེ་དག་གོ། །དཀྱིལ་ནི་དབུས་ཀྱི་གཙོ་བོ་ལ་འཁོར་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དཀྱིལ་ནི་དབུས་ཀྱི་ཕོ་བྲང་ལ་འཁོར་ནི་སྒོ་དང་སྣམ་བུ་ལ་སོགས་པའོ། །སྔ་མ་བཞིན་ནི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་
ལྟར་འཁོར་ལོ་རྩིབས་བཞི་པར་བྲི་བའི་ཐ་ཚིག་གོ། །དབུས་སུ་རྡོ་རྗེ་བྲི་བར་བྱ། །ཡང་ན་རྡོ་རྗེ་སེམས་དཔའ་འམ། །ཀུན་དུ་བཟང་ངམ་བདེ་བ་ཆེ། །ཞེས་པ་ནི་དབུས་ནི་ཕོ་བྲང་ཟླུམ་པོའོ། །རྡོ་རྗེ་ནི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བྲི་བར་སྨོས་སོ། །ཡང་
ན་ནི་བསྣན་པའི་དོན་ཏེ་རྣམ་གཅིག་ཏུ་ན་འདི་ལྟར་ཡང་བྲི་ཞེས་པའི་ཐ་ཚིག་གོ། །རྡོ་རྗེ་སེམས་དཔའ་ནི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །ཀུན་དུ་བཟང་པོ་སྐུ་རྣམ་པར་དག་པའི་ཕྱག་རྒྱ་སྟེ་ཀུན་དུ་བཟང་པོའོ། །བདེ་བ་ཆེན་པོ་ནི་གསུང་བདེ་བ་ཆེན་པོ་ལ་མངའ་
སྒྱུར་བས་བདེ་བ་ཆེན་པོའོ། །དེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་གང་བྲིས་ཀྱང་མི་འགལ་བར་གསུངས་སོ། །སྤྱན་སྔར་ཕྱག་ན་རྡོ་རྗེ་ལ། །གཡས་སུ་ཕྱག་ན་རིན་ཆེན་བསྣམས། །ཞེས་པ་ནི་སྤྱན་སྔར་ནི་ཤར་ཕྱོགས་ཀྱི་ལྕེ་སྟེ་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་
ཕྱག་ན་རྡོ་རྗེ་བསྣམས་པ་བྲི། གཡས་ནི་ལྷོ་ཕྱོགས་ཏེ་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ཕྱག་གཡས་ན་རིན་པོ་ཆེ་བསྣམས་པ་བྲི། རྣམ་པར་གསལ་བ་ནུབ་ཕྱོགས་བྲི། །ཞེས་པ་ནི། རྣམ་པར་ནི་སྤྱི་དང་རང་གི་མཚན་ཉིད་དོ། །གསལ་བ་ནི་ཐུགས་ལ་དེ་གསལ་བ་སྟེ་
ནུབ་ཕྱོགས་སུ་བྲི་བ་ནི་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཕྱག་ན་པདྨ་བསྣམས་པ་བྲི། བྱང་གི་ཕྱོགས་ན་རྒྱ་གྲམ་བསྣམས། །ཞེས་པ་ནི་བྱང་ཕྱོགས་རྡོ་རྗེ་ལས་རབ་སྐུ་མདོག་ལྗང་གུ་ཕྱག་ན་རྒྱ་གྲམ་བསྣམས་པ་བྲི། ཕྱི་རོལ་དུ་ནི་ཀུན་བསྐོར་ཞིང་། །ཞེས་པ་ནི། ཕྱི་
Vol. 66 · folio 210a
རོལ་ནི་འཁོར་ལོ་རྡོ་རྗེ་ར་བས་ཟླུམ་པོར་བསྐོར་བའི་ཕྱི་རོལ་གྲུ་ཆད་ལ་ནི་རྡོ་རྗེ་ལཱ་སྱེ་སྐུ་མདོག་དཀར་མོ་ཕྱག་ཁུ་ཚུར་གྱིས་དཀུར་རྟེན་པའོ། །ལྷོར་མཱ་ལེ་སྐུ་མདོག་སྔོན་མོ་ཕྱག་ན་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །ནུབ་ཏུ་དབྱངས་མཁན་སྐུ་མདོག་དམར་
མོ་ཕྱག་ན་པི་ཝང་བསྣམས་པ། བྱང་དུ་གར་མཁན་མ་ལྗང་གུ་གར་མཛད་པ། ཤར་དུ་བདུག་པ་མ་སྐུ་མདོག་དཀར་མོ་ཕྱག་ན་བདུག་སྤོས་བསྣམས་པ། ལྷོར་མེ་ཏོག་མ་སྐུ་མདོག་སྔོན་མོ་ཕྱག་ན་མེ་ཏོག་གི་གཞོང་བུ་བསྣམས་པ། ནུབ་ཏུ་མར་མེ་མ་སྐུ་མདོག་དམར་མོ་ཕྱག་ན་མར་
མེ་བསྣམས་པ། བྱང་དུ་དྲི་ཆབ་མ་སྐུ་མདོག་ལྗང་གུ་ཕྱག་ན་དུང་པོར་བསྣམས་པ་སྟེ་དེ་རྣམས་ནི་གྲྭ་ནས་རིམ་པར་བསྐོར་ཞིང་བྲི་བའི་ཐ་ཚིག་གོ། །སངས་རྒྱས་ཐམས་ཅད་གཞག་པར་བྱ། །ཞེས་པ་ནི་སངས་རྒྱས་ནི་འདས་པ་དང་ད་ལྟར་གཉིས་པས་ཐམས་ཅད་
གཞག་པར་བྱ་བ་ནི་གྲུ་ཆད་ཀྱི་ཕྱི་རོལ་དུ་སྣམ་བུ་གཅིག་བྱས་པ་ལ་བྲི་བར་བྱ་བ་སྟེ། འདས་པའི་སངས་རྒྱས་བདུན་བྲི་བར་བྱ་སྟེ་མར་མེ་མཛད་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། ཤཱཀྱ་
ཐུབ་པ་དེའི་འཁོར་དུ་བཏང་བ་དང་བདུན་ནོ། །དེ་ནི་སྤྲུལ་པའི་སྐུ་ཆ་ལུགས་དབུ་རེག་དང་ཞབས་རྗེན་དུ་བྲི། ཕྱག་མཚན་མི་དགོས་པས་ཤར་ནས་རིམ་པར་བསྐོར་བ་བྲི། དེའི་བར་དུ་ད་ལྟར་བཞུགས་པའི་སངས་རྒྱས་ལྔ་སྟེ། དེ་ནི་འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་
བཞུགས་པས་ཕྱག་མཚན་ཡང་བྲི་སྟེ་རྣམ་པར་སྣང་མཛད་སྐུ་མདོག་སེར་པོ་ཕྱག་ན་འཁོར་ལོ་བསྣམས་པའོ། །མི་བསྐྱོད་པ་སྐུ་མདོག་དཀར་པོ་ཕྱག་ན་རྡོ་རྗེ་བསྣམས་པའོ། །རིན་ཆེན་འབྱུང་ལྡན་སྐུ་མདོག་སྔོན་པོ་ཕྱག་ན་རིན་པོ་ཆེ་བསྣམས་པའོ། །སྣང་བ་
མཐའ་ཡས་སྐུ་མདོག་དམར་པོ་ཕྱག་ན་པདྨ་བསྣམས་པའོ། །དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ཕྱག་ན་རྒྱ་གྲམ་བསྣམས་པ་བྲིའོ། །དེའི་ཕྱི་རོལ་དུ་སྒོ་གདོད་ལ་ཤར་ན་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་བསྣམས་པ་བྲི། ཞགས་པ་སྔོན་པོ་ཞགས་པ་བསྣམས་པ་
Vol. 66 · folio 210b
ལྷོར་བྲི། ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་བསྣམས་པ་ནུབ་ཏུ་བྲི། དྲིལ་བུ་ལྗང་གུ་དྲིལ་བུ་བསྣམས་པ་བྱང་དུ་བྲི། ད་ནི་སེམས་དཔའ་བཅུ་དྲུག་བྲི་ཐབས་སྟོན་ཏེ་དེ་ཅིའི་ཕྱིར་ཞེ་ན། དེ་ཡི་ཕྱི་རོལ་སེམས་དཔའ་རྣམས། །གོ་རིམས་བཞིན་དུ་བྲི་བར་བྱ། །ཞེས་
པ་ནི། སེམས་དཔའ་ནི་རིགས་སོ་སོ་ལ་སྤྲུལ་པ་སྟེ་བཅུ་དྲུག་གོ། །བཤད་པ་ནི་ཀུན་རིག་ནས་འབྱུང་བ་དང་མཐུན། ཤར་ཕྱོགས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་བསྣམས་པའོ། །རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་བསྣམས་པའོ། །རྡོ་རྗེ་ཆགས་པ་དམར་པོ་
མདའ་གཞུ་བསྣམས་པའོ། །རྡོ་རྗེ་ལེགས་པ་ལྗང་གུ་སེ་གོལ་བསྣམས་པ་ཤར་ཕྱོགས་སུ་རིམ་པས་བྲིའོ། ལྷོ་ཕྱོགས་སུ་རྡོ་རྗེ་རིན་ཆེན་སྐུ་མདོག་སྔོན་པོ་རིན་པོ་ཆེ་བསྣམས་པའོ། །རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མ་བསྣམས་པའོ། །རྡོ་རྗེ་རྒྱལ་མཚན་ནམ་མཁའི་
མདོག་རྒྱལ་མཚན་བསྣམས་པ། རྡོ་རྗེ་བཞད་པ་དཀར་པོ་སོའི་ཕྲེང་བ་བསྣམས་པ། ནུབ་ཏུ་རྡོ་རྗེ་ཆོས་རབ་སྐུ་མདོག་དམར་པོ་ཕྱག་ན་པདྨ་བསྣམས་པ་བྲི། རྡོ་རྗེ་རྣོན་པོ་སྔོན་པོ་རལ་གྲི་བསྣམས་པའོ། །རྡོ་རྗེ་འཁོར་ལོ་སེར་པོ་འཁོར་ལོ་བསྣམས་པའོ། །རྡོ་རྗེ་སྨྲ་བ་དམར་
པོ་ལྗགས་བསྣམས་པའོ། །བྱང་ཕྱོགས་སུ་རྡོ་རྗེ་ལས་རབ་སྐུ་མདོག་ལྗང་གུ་རྒྱ་གྲམ་བསྣམས་པ་བྲིའོ། །རྡོ་རྗེ་སྲུང་བ་སེར་པོ་གོ་ཆ་བསྣམས་པའོ། །རྡོ་རྗེ་གནོད་སྦྱིན་ནག་པོ་མཆེ་བ་བསྣམས་པའོ། །རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་བསྣམས་པ་བྲིའོ། །ད་ནི་དཔེ་མེད་པའི་
བྱང་ཆུབ་སེམས་དཔའ་བཅུ་དྲུག་བྲི་བ་སྨོས་ཏེ། དེ་ཡི་ཕྱི་རོལ་སེམས་དཔའ་རྣམས། །ཞེས་བྱ་སྟེ་དེ་ནི་སེམས་དཔའ་བཅུ་དྲུག་གི་ཕྱི་རོལ་གྱི་སྣམ་བུ་ལའོ། །སེམས་ནི་རྡོ་རྗེའོ། །དཔའ་བ་ནི་ཡེ་ཤེས་ཏེ་མཚན་མ་ལ་དཔའ་བས་ན་དཔེ་མེད་པ་རྣམས་སྨོས་སོ། །ཤར་
ཕྱོགས་སུ་ཐུགས་མཆོག་དཔེ་མེད་པ་བཞི་སྟེ་ཉོན་མོངས་མུན་སེལ་དང་། སྡུག་བསྔལ་འཇོམས་བྱེད་དང་། འཁོར་བ་རྒྱུན་གཅོད་རྣམས་རྡོ་རྗེ་ལྕགས་ཀྱུ་ཤ་དག་པ་བསྣམས་པའོ། །སྲིད་པའི་མཚོ་སྒྲོལ་ཕྱག་ན་འཁོར་ལོ་བསྣམས་སོ། །ལྷོར་ཡོན་ཏན་དཔེ་མེད་
Vol. 66 · folio 211a
པ་བཞི་བྲི་སྟེ། རིན་ཆེན་མཛོད་སྐུ་མདོག་སྔོན་པོ་རིན་ཆེན་འབར་བ་བསྣམས་པའོ། །དགེ་བའི་བློ་གྲོས་པུསྟི་བསྣམས་པའོ། །བདེ་བའི་འབྱུང་གནས་རིན་པོ་ཆེའི་སྒྲོམ་བསྣམས་པའོ། །ལེགས་པའི་ཏོག་རིན་པོ་ཆེའི་མཆོད་སྡོང་འབར་བ་
བསྣམས་པའོ། །ནུབ་ཏུ་གསུང་མཆོག་དཔེ་མེད་པ་བཞི་བྲི་སྟེ་དོན་མཐུན་ཡིད་འོང་སྐུ་མདོག་སྔོན་པོ་ཕྱག་ན་དགུ་པོ་རྒྱུད་མངས་བསྣམས་པའོ། །བདེ་བའི་འབྱུང་གནས་རིན་པོ་ཆེའི་ཕྲེང་བ་བསྣམས་པའོ། །ཐེ་ཚོམ་ཡིད་མྱུར་པདྨའི་སྡོང་བུ་བསྣམས་པའོ། །ང་རོ་
སྙན་པ་དུང་བསྣམས་པའོ། །བྱང་ཕྱོགས་སུ་ཕྲིན་ལས་དཔེ་མེད་པ་བཞི་སྟེ་ཚད་མེད་ཡོན་ཏན་སྐུ་མདོག་ལྗང་གུ་དཔག་བསམ་ལྗོན་ཤིང་བསྣམས་པ། དྲན་པའི་སྟོབས་མཆོག་ཟླ་ཚེས་བསྣམས་པའོ། །ཐམས་ཅད་ཀུན་སྒྲོལ་ལྕགས་ཀྱུ། བརྩོན་འགྲུས་མི་ལྡོག་
ཨུཏྤལ་བསྣམས་པ་བྲིའོ། །ད་ནི་བསྐལ་བཟང་བཅུ་དྲུག་དཔེ་མེད་པ་དང་སྤེལ་མར་བྲི་བ་འབྱུང་སྟེ། བྱམས་པ་ལ་སོགས་མཆོག་ཆེན་བྲི། །ཞེས་གསུངས་པས། བྱམས་པ་ས་བཅུའི་རྒྱལ་ཚབ་ཡིན་པས་སྣ་ལ་སྨོས་སོ། །སོགས་ཀྱི་ཁོངས་སུ་ནི་སེམས་དཔའ་
བཅུ་དྲུག་བསྡུའོ། །ཤར་ཕྱོགས་སུ་དཔའ་བར་འགྲོ་བ་རལ་གྲི་བསྣམས་པའོ། །ཀུན་དུ་བཟང་པོ་རིན་པོ་ཆེའི་སྙེ་མ་བསྣམས་པའོ། །ཟླ་འོད་གཞོན་ནུ་ཟླ་བ་ཚེས་པ་བསྣམས་པའོ། །བཟང་སྐྱོང་རིན་པོ་ཆེའི་བུམ་པ་བསྣམས་པའོ། །ལྷོ་ཕྱོགས་སུ་དྲ་བ་ཅན་གྱི་འོད་རིན་པོ་
ཆེའི་དྲ་བ་བསྣམས་པ་བྲིའོ། །ནམ་མཁའི་མཛོད་རིན་པོ་ཆེའི་མཛོད་བསྣམས་པའོ། །རྡོ་རྗེ་སྙིང་པོ་རྡོ་རྗེ་བསྣམས་པའོ། །འོད་དཔག་མེད་པ་རིན་པོ་ཆེ་འབར་བ་བསྣམས་པའོ། །ནུབ་ཕྱོགས་སུ་ཡེ་ཤེས་ཏོག་རྒྱལ་མཚན་བསྣམས་པའོ། །མྱ་ངན་ཀུན་འཇོམས་རལ་གྲི་
བསྣམས་པའོ། །བློ་གྲོས་མི་ཟད་པ་པུསྟི་བསྣམས་པའོ། །སྤོབས་པ་བརྩེགས་པ་རྡོ་རྗེ་བསྣམས་པའོ། །བྱང་ཕྱོགས་སུ་བྱམས་པ་ཀླུ་ཤིང་གུནྡྷེ་བསྣམས་པའོ། །སྤོས་ཀྱི་གླང་པོ་དུང་ཕོར་བསྣམས་པའོ། །ངན་སོང་ཀུན་འདྲེན་ལྕགས་ཀྱུ་བསྣམས་པའོ། །དོན་
Vol. 66 · folio 211b
ཡོད་གྲུབ་པ་རྡོ་རྗེ་རྒྱ་གྲམ་བསྣམས་པ་བྲིའོ། །དེར་སྒོ་བྱས་ལ་ཁྲོ་བོ་བརྒྱད་བྲི་སྟེ། མཆོག་ཆེན་བཞི་ནི་བྲི་བར་བྱ། །ཞེས་སྨོས་པས་སྒོ་སྲུང་ཡང་དེ་བརྒྱད་བྲི་སྟེ། སྒོ་སྲུང་དེ་རྣམས་ནི་ཕྱི་ནང་གི་བགེགས་འདུལ་བས་མཆོག་གོ། །གཞན་ཡང་ཁྱད་པར་དུ་འཕགས་
པས་སྤྱན་ཆེ་ཞེས་པའོ། །བྲི་བ་ནི་ཤར་དུ་འཇིག་རྟེན་གསུམ་སྣང་སྐུ་མདོག་དཀར་པོ་ཕྱག་ན་ཉི་མ་བསྣམས་པའོ། །འཇིག་རྟེན་གསུམ་འདུལ་ཕྱག་ན་རྩེ་གསུམ་འབར་བ་བསྣམས་པའོ། །འཇིག་རྟེན་གསུམ་འཇིགས་སྐུ་མདོག་སྔོན་པོ་ཕྱག་ན་ཐོད་དབྱུག་བསྣམས་
པའོ། །འཇིག་རྟེན་གསུམ་མཐར་བྱེད་ཕྱག་ན་བེ་ཅོན་བསྣམས་པའོ། །ནུབ་ཏུ་བདུད་རྩི་ཐབ་སྦྱོར་སྐུ་མདོག་དམར་སྐྱ་ཕྱག་ན་རྒྱ་གྲམ་བསྣམས་པའོ། །བེ་ཅོན་ནག་པོ་དགྲ་སྟ་བསྣམས་པའོ། །བྱང་དུ་མི་གཡོ་མགོན་པོ་སྐུ་མདོག་ལྗང་གུ་དབྱུག་པ་བསྣམས་པའོ། །
རྟ་མགྲིན་པདྨ་བསྣམས་པ་སྒོ་གཡས་གཡོན་དུ་ཟུང་རེ་བྲིའོ། །དེའི་ཕྱི་རིམ་གྱི་སྣམ་བུ་ལ་ཉན་ཐོས་དང་རང་སངས་རྒྱས་སྤེལ་མར་བྲི་སྟེ། དེ་ལྟར་དགེ་སློང་ཀུན་དགའ་སོགས། །ཐུབ་རྣམས་དེ་ཡི་ཕྱི་རོལ་བྲི། །ཞེས་པས། ཀུན་དགའ་བོ་ནི་ཞབས་འབྲིང་ཡིན་པས་སྣ་
ལ་སྨོས་ཏེ་བསིལ་ཡབ་བསྣམས་སོ། །ཤཱ་རིའི་བུ་རིན་པོ་ཆེ། མཽད་གལ་གྱི་བུ་པདྨ། རབ་འབྱོར་ཟླ་ཚེས། མ་འགགས་པ་མེ་ལོང་། འཆར་ཀ་འཁོར་ལོ། །ཀཏྱཱ་ཡ་ན་རིན་པོ་ཆེའི་སྒྲོམ། རྟ་ཐུལ་ཕྲེང་བ། ཉེ་བ་འཁོར་པར་བུ། བ་གླང་བདག་དྲང་སྲོང་། སྒྲ་གཅན་
འཛིན་པདྨའི་སྡོང་བུ། དགའ་བོ་གདུ་བུ། མིང་ཆེན། ནོར་སྦྱིན་འཛིན་རིན་པོ་ཆེའི་རྐྱལ་བུ། གང་པོ། འོད་སྲུངས་རིན་ཆེན་འབར་བ་བསྣམས་པའོ། །ཐུབ་པ་རྣམས་ནི་རང་སངས་རྒྱས་ཏེ། རང་གི་བརྟུལ་ཞུགས་དང་། དམ་ཚིག་དང་སྡོམ་པ་སློབ་དཔོན་མེད་ཀྱང་རང་
གིས་ཐུབ་པས་ན་ཐུབ་པ་རྣམས་སོ། །རང་སངས་རྒྱས་འཇིགས་བྱེད་རྡོ་རྗེ། སྣང་བརྩེགས་རིན་པོ་ཆེའི་མཛོད། དཔའ་བོས་འདུལ་རྡོ་རྗེ། ཉོན་མོངས་གདུང་སེལ་བསིལ་ཡབ། ཤེས་རབ་མགྱོགས་ཆེན་ཟླ་ཚེས། རྫུ་འཕྲུལ་ཆེར་སྟོན་མེ་འབར་བ། ཉོན་མོངས་གདུང་
Vol. 66 · folio 212a
སེལ་སྒྲ་ཆེན་དུང་། བསེ་རུ་ལྟ་བུ་བསམ་གཏན་ཕྱག་རྒྱ་འཆའ། རི་བོའི་རྒྱལ་པོ་རིན་པོ་ཆེའི་སྙེ་མ། སེང་གེ་ལྟ་བུའི་རྡོ་རྗེ། ཡིད་མྱུར་བསིལ་ཡབ་བསྣམས་པ་བྲིའོ། །དེ་ལྟར་ལྷ་བརྒྱ་རྩ་བདུན་འཇིག་རྟེན་ལས་འདས་པ་ལ་ཡོད་དོ། །སྒོ་བ་ནི་རྒྱལ་པོ་ཆེན་
པོ་བཞི་སྟེ། འོག་ནས་འབྱུང་བ་བཞིན་བྲི། དེའི་ཕྱི་རོལ་གྱི་སྣམ་བུ་ལ། འཇིག་རྟེན་པ་རྣམས་བྲི་སྟེ། ཚངས་པ་ལ་སོགས་ཕྱི་རོལ་བྲི། །ཞེས་པ་ནི། ཕྱི་རོལ་གྱི་སྣམ་བུ་ལ་བྲི་སྟེ། ཚངས་པ་གུནྡྷེ་བསྣམས་པ། བཙུན་མོ་ཚངས་མ་པི་ཝང་ཐོགས་པའོ། །མངག་གཞུག་
ཡིད་དུ་འོང་བའི་རལ་གྲི། ཕོ་ཉ་མངག་པ་སྟེ་པདྨ་བསྣམས་པའོ། །དབང་ཕྱུག་ཏྲི་ཤཱུ་ལ། དཀའ་ཐུབ་བཟློག་མ་པདྨ། ཕོ་ཉ་རྣམ་པར་སྣང་བ་མདའ་གཞུ། མངག་གཞུག་དེད་དཔོན་ནག་པོ་མདུང་ཐུང་བསྣམས་པའོ། །བརྒྱ་བྱིན་རྡོ་རྗེ་གདེངས་པ་བསྣམས་པ། བདེ་སོགས་མ་རྒྱུད་
མངས། མངག་གཞུག་ཡིད་དུ་འོང་བ་རལ་གྲི། ཕོ་ཉ་མྱུར་བའི་ཤུགས་ཅན་རྩེ་གསུམ་བསྣམས་པའོ། །ཁྱབ་འཇུག་འཁོར་ལོ་བསྣམས། བཙུན་མོ་དཔལ་ལྡན་མོ་གསལ་ཤིང་། མངག་གཞུག་རྡོ་རྗེ་བདེ་བ་མཆེ་བ་བསྣམས། ཕོ་ཉ་རྡོ་རྗེ་སྡེ་དཔོན་འཁོར་ལོ་བསྣམས་པ་
བྲི་སྟེ། དེ་ལྟར་བཅུ་དྲུག་སྟེ་བརྒྱ་ཉི་ཤུ་རྩ་གསུམ་མོ། །དེའི་ཕྱི་རིམ་གྱི་སྣམ་བུ་ལ་བྲི་བའི་ལྷ་སྟོན་ཏེ། གཟའ་དང་སྐར་མའི་ལྷ་རྣམས་དང་། །ཞེས་པ་ནི། གཟའ་ནི་བརྒྱད་དེ། པ་བ་སངས་མེ་ཏོག །ཕུར་བུ་པུསྟི། ལྷག་པ་མཆོག་སྦྱིན། ཟླ་བ་ཀུ་མུ་ཏ། སྒྲ་གཅན་འཛིན་པདྨའི་
སྡོང་བུ། མིག་དམར་བདུད་རྩིའི་བུམ་པ། ཉི་མ་པདྨ། སྤེན་པ་དབྱུག་ཏོ། །རྒྱུ་སྐར་ནི། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་དང་། ནབ་སོ་དང་། རྒྱལ་དང་། སྐག་དང་། དེ་རྣམས་ཤར་ཕྱོགས་སུ་བྲིའོ། །ཕྱག་མཚན་ནི་རིན་པོ་ཆེའི་སྙན་ཆ་དང་། གདུ་བུ་ཤེ་
དག་བསྣམས་པའོ། །ལྷོ་ཕྱོགས་སུ་མཆུ་དང་། གྲེ་དང་། དབོ་དང་། མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་རྣམས་ནི་རིན་པོ་ཆེའི་མེ་ཏོག་བསྣམས་པའོ། །ནུབ་ཕྱོགས་སུ་ལྷ་མཚམས་དང་། སྣྲོན་དང་། སྣུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། བྱི་བཞིན་
Vol. 66 · folio 212b
དང་། གྲོ་བཞིན་རྣམས་ནི་པདྨའི་སྡོང་བུ་ཤེ་དག་བསྣམས་པའོ། །བྱང་ཕྱོགས་སུ་མོན་དྲེ་དང་། མོན་གྲུ་དང་། ཁྲུམས་སྟོད་དང་། ཁྲུམས་སྨད་དང་། ནམ་གྲུ་དང་། ཐ་སྐར་དང་། བྲ་ཉེ་རྣམས་ནི་ཨུཏྤལ་ཤེ་དག་བསྣམས་པའོ། །ད་ནི་རྒྱལ་པོ་ཆེན་པོ་བཞི་རྣམས་སྟོན་ཏེ།
རྒྱལ་པོ་ཆེན་པོ་བཞི་རྣམས་ནི། །ཞེས་པ་ནི། ཤར་དུ་ཡུལ་འཁོར་སྲུང་པི་ཝང་། ལྷོར་འཕགས་སྐྱེས་པོ་རལ་གྲི། ནུབ་ཏུ་མིག་མི་བཟང་སྦྲུལ་ཞགས། བྱང་དུ་རྣམ་ཐོས་སྲས་བ་དན་བསྣམས་པ་སྟེ། དེ་ལྟར་ན་འཇིག་རྟེན་པའི་ལྷ་བཞི་བཅུ་སྟེ། བརྒྱ་དྲུག་ཅུ་རྩ་གསུམ་
མོ། །ད་ནི་དེའི་ཕྱི་རོལ་གྱི་སྣམ་བུ་སྟོན་ཏེ། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་རྣམས། །ཞེས་པ་ནི་ཕྱོགས་བཞི་མཚམས་བརྒྱད་ན། འཇིག་རྟེན་སྐྱོང་བས་ཕྱོགས་སྐྱོང་ངོ་། །བརྒྱ་བྱིན་རྡོ་རྗེ། གཤིན་རྗེ་ཐོད་དབྱུག །ཆུ་ལྷ་སྦྲུལ་ཞགས། གནོད་སྦྱིན་བེ་ཅོན། མེ་ལྷ་
བགྲང་ཕྲེང་། བདེན་བྲལ་རལ་གྲི། རླུང་ལྷ་བ་དན། དབང་ལྡན་རྩེ་གསུམ། ས་བདག་མཆེ་ཞགས། སའི་ལྷ་མོ་བུམ་པ། ཉི་མ་པདྨ། ཟླ་བ་ཀུ་མུ་ཏ་སྟེ། དེ་ལྟར་ན་བརྒྱ་བདུན་ཅུ་རྩ་ལྔའོ། །དེ་ནི་གཟའ་དང་རྒྱུ་སྐར་གྱི་སྣམ་བུ་དང་བསྲེའོ། །ད་ནི་ཕྱི་རོལ་གྱི་སྣམ་བུའི་
ངན་སོང་གསུམ་གྱི་དོན་སྟོན་ཏེ། དེ་ཡི་ཕྱི་རོལ་དམྱལ་བ་ཀུན། །ཞེས་པ་ནི། དམྱལ་བ་ཡང་མདོར་བསྡུ་ན་ཚ་གྲང་གཉིས། ཉི་ཚེ་བ་དང་ཁ་འཁོར་བ་དང་གསུམ་མོ། །ཚ་བའི་བརྒྱད་ནི་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་
ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་བརྒྱད་དོ། །གྲང་བའི་བརྒྱད་ནི། ཆུ་བུར་དང་། ཆུ་བུར་རྡོལ་བ་དང་། སོ་ཐམས་ཐམས་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་གས་
པ་ཆེན་པོ་སྟེ་བརྒྱད་དོ། །ཉི་ཚེ་བ་དང་། ཁ་འཁོར་གཉིས་ཏེ་བཅོ་བརྒྱད་དོ། །མིང་ངམ་བརྡ་འམ་ཐིག་ལེར་བྲིས་ཏེ་གཞག །འདོད་ཆགས་ལ་སོགས་བྱོལ་སོང་འདྲ། །ཞེས་པ་ནི་འདོད་ཆགས་ཕུག་རོན་དང་། གཏི་མུག་ཕག་དང་། ཞེ་སྡང་སྦྲུལ་དང་། ང་རྒྱལ་རྩངས་
Vol. 66 · folio 213a
པ་ལ་སོགས་པ་བྲི་སྟེ། དེ་ལྟར་ཉི་ཤུ་རྩ་གཉིས་ཏེ། སྤྱིར་བརྒྱ་དགུ་བཅུ་རྩ་བདུན་ཡོད་དོ། །སྒོ་སྒོར་གསུངས་པ་དེ་བཞིན་དུ། །ཞེས་པ་ནི་གོང་དུ་སྒོ་བཞི་རིམ་དུ་གསུངས་པ་དེ་རྣམས་ལ་བྱ་བའི་ཐ་ཚིག་གོ། །མཆོད་པའི་བྱེ་བྲག་ནི་བདེ་སྟེ་མ་སྨོས་སོ། །
ད་ནི་སྔགས་མཁན་དཀྱིལ་འཁོར་དུ་འཇུག་པའི་དོན་སྟོན་ཏེ། དེ་ནས་སྔགས་མཁན་ཉིད་ཀྱིས་ནི། །སྤྱན་དྲངས་བདག་ཉིད་འཇུག་པར་བྱ། །ཞེས་པ་ནི། དེ་ནས་ནི་གོང་གི་རྟིང་ཐོགས་སོ། །སྔགས་མཁན་ནི་སློབ་དཔོན་ཏེ། སྔགས་དང་། ཕྱག་རྒྱ་དང་། ཆོ་ག་དང་།
ཐབས་ཀྱི་བྱེ་བྲག་ལ་མཁས་པའོ། །སྤྱན་དྲངས་པ་རྣམས་རང་བཞིན་གྱིས་འཕགས་པ་རྣམས་སྤྱན་དྲངས་ནས་གཟུགས་བརྙན་ལ་ཕབ་སྟེ། བདག་ཉིད་ཀྱང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །བདག་ཉིད་ཀྱིས་ནི་དབང་བསྐུར་ལ། །ཞེས་པ་ནི། བདག་ཉིད་ནི་སློབ་དཔོན་
ནོ། །དབང་བསྐུར་ནི་སློབ་མ་དེའི་འོག་ཏུ་དབང་བསྐུར་བའི་ཐ་ཚིག་གོ། །ད་ནི་སློབ་དཔོན་དེའི་ཡོན་ཏན་སྟོན་ཏེ། སྡོམ་གནས་དམ་ཚིག་ལྡན་པ་དང་། །ཞེས་པ་ནི། སྡོམ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ། །དམ་ཚིག་ནི་ཡོ་གའི་དམ་ཚིག་ལྔའོ། །བླ་མ་མོས་
ཤིང་མི་འཇིགས་པ། །ཞེས་པ་ནི། བླ་མ་ནི་རྡོ་རྗེ་སློབ་དཔོན་ཏེ། མོས་པ་ནི་སློབ་མའི་སེམས་སོ། །མི་འཇིགས་པ་ནི་སློབ་མ་མི་ཤེས་པས་མི་འཇིགས་པའོ། །རིགས་བསྐྱེད་སྐྱོན་དང་བྲལ་བ་དང་། །ཞེས་པ་ནི། ཡོ་གའི་རིགས་བཞི་དང་ལྷ་ལྔའོ། །བསྐྱེད་པ་ནི་སེམས་
བསྐྱེད་པའོ། །སྐྱོན་ནི་སྡིག་པའི་སེམས་སོ། །བྲལ་བ་ནི་སྤངས་པའོ། །སེར་སྣ་མ་ལུས་སྤངས་འགྱུར་ཞིང་། །ཞེས་པ་ནི། སེར་སྣ་ནི་སྣ་ལ་ཡེང་ཡེང་། ཟིལ་ཕྲོམ་ཕྲོམ་མོ། །སྤངས་འགྱུར་ནི་ནོར་ལ་མ་ཆགས་པའོ། །ཡོན་ཏན་མང་པོ་ལྡན་འགྱུར་ཞིང་། །ཞེས་པ་
ནི། ཡོན་ཏན་དད་པ་དང་། དྲང་བ་དང་། གཡོ་སྒྱུ་ཆུང་བ་དང་། ཡི་རང་ཞིང་གཏོང་ཕོད་པ་ལ་སོགས་པའོ། །གཏོང་དང་ཚུལ་ཁྲིམས་མང་དུ་ཐོས་པ་དང་། །ཞེས་པ་ནི། གཏོང་བ་ནི་རྣམ་པ་གསུམ་སྟེ། ནོར་ཟས་གཏོང་བ་དང་། ཡོངས་སུ་གཏོང་བ་ནི་རྒྱལ་སྲིད་གཏོང་
Vol. 66 · folio 213b
བ་དང་། གཏོང་བ་ཆེན་པོ་ནི་ལུས་ལ་སོགས་པ་གཏོང་བའོ། །ཚུལ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་ལོ། །ཁྲིམས་ནི་དེའི་དོན་ཉམས་སུ་ལེན་པའོ། །མང་དུ་ཐོས་པ་ནི་སྡེ་སྣོད་གསུམ་གྱི་དོན་ལ་ཡིད་ཆེས་པའི་དད་པས་གཞན་ལ་ཉན་ཅིང་ཐོས་པའོ། །བྱམས་པ་དང་ནི་
སྙིང་རྗེའི་སེམས། །ཞེས་པ་ནི། བྱམས་པ་ནི་ཕྱོགས་མེད་པའོ། །སྙིང་རྗེ་ནི་མི་བཟོད་ཅིང་གཞན་ལ་ཕན་འདོགས་པའོ། །དགའ་དང་བཏང་སྙོམས་གནས་པ་དང་། །ཞེས་པ་ནི། དགའ་བ་ནི་ཆོས་བཞིན་ཅན་ནོ། །བཏང་སྙོམས་ནི་གང་ལ་ཡང་མི་གནས་ཤིང་
མ་ཆགས་པར་གནས་པའོ། །སྟོང་པ་མཚན་མ་མེད་པའི་སེམས། །ཞེས་པ་ནི། སྟོང་པ་ནི་རྣམ་པར་ཐར་པའི་མཚན་མ་དང་བྲལ་བའི་ངང་། ཐུགས་མཚན་མ་མེད་པའི་སེམས་སུ་གནས་པའོ། །སྨོན་པ་མེད་པའི་ཡིད་ལྡན་པ། །ཞེས་པ་ནི། སྨོན་པ་མེད་པ་ནི་གསུམ།
སྨོན་པ་མེད་པའི་རྣམ་པར་ཐར་པ་ལས། ཡིད་དང་ལྡན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས། རྣམ་པར་ཐར་པ་གསུམ་དང་ལྡན་པའི་དོན་བསྒོམ་པའོ། །ད་ནི་སློབ་མ་གཟུད་ཅིང་མེ་ཏོག་དོར་ནས། དམ་ཚིག་དབོག་པའི་ཚིག་སྟོན་ཏེ། དེ་ནས་སློབ་མ་སྔགས་འདི་ཡིས། །ཞེས་
པ་ནི་སློབ་མ་འོག་ནས་འབྱུང་བའི་སྔགས་འདིས་སློབ་མ་གཞུག་པར་བྱའོ། །ཕྱི་མ་བདེ་སྟེ་བརྡ་ཕྲད་སླའོ། །དེ་ནས་ཕྱག་ན་རྡོ་རྗེས་སོ། །ཞེས་པ་ནས། ཐམས་ཅད་སྦྱིན་ནོ་ཞེས་པའི་བར་གྱིས་ནི། ལྷ་བསྟན་ཅིང་དབང་བསྐུར་བའི་བྱེ་བྲག་སྟེ་བརྡ་ཕྲད་སླའོ། །ད་ནི་སྒྲུབ་པའི་
ཁྱད་པར་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། བདེ་བས་བདེ་བ་བསྐྱེད་ནས་ནི། །ཞེས་གསུངས་ཏེ། བདེ་བས་ནི་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའོ། །བདེ་བ་ནི་བརྩོན་འགྲུས་ཀྱི་རྟགས་བདེ་བ་འདོད་པའོ། །བསྐྱེད་ནས་ནི་ཆོ་འཕྲུལ་རྣམ་པ་བཞི་དང་། མངོན་པར་བྱང་
ཆུབ་པ་ལྔའི་སྒོ་ནས་སེམས་བསྐྱེད་པའོ། །དཀྱིལ་འཁོར་བཞི་ཡི་དབུས་སུ་ནི། །ཞེས་པ་ནི། དཀྱིལ་ནི་ཆོས་ཀྱི་དབྱིངས་ལ། འཁོར་ནི་ཡེ་ཤེས་བཞིའོ། །དབུས་ནི་དབུས་ཀྱི་ཕོ་བྲང་སྟེ། ཀུན་དུ་བཟང་པོ་བདེ་བ་ཆེ། །ཞེས་པ་ནི། ཀུན་དུ་བཟང་པོའམ་བདེ་བ་ཆེན་པོ་གང་
Vol. 66 · folio 214a
ཡང་རུང་བའི་རིགས་བཞིའི་དཀྱིལ་འཁོར་གྱི་དབུས་སུ་སྔགས་མཁན་བདག་ཉིད་ཀྱིས་བསྒོམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྙིང་གར་ཧཱུཾ་ཞེས་པ་བསམས་ནས། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །ཞེས་པ་ནི། བདག་གི་སྙིང་གར་མ་ལས་
ཉི་མའི་དཀྱིལ་འཁོར་ཅིག་བསམས་ལ། དེའི་དབུས་སུ་ཡེ་ཤེས་ཀྱི་ཧཱུཾ་བསམས་ནས། ཆོ་ག་རྣམ་པ་གསུམ་གྱི་ཚུལ་དུ་སྤྲོ་བསྡུ་བྱས་ལ། རྡོ་རྗེ་འཛིན་པ་དང་མཉམ་པའི་དངོས་གྲུབ་ཐོབ་བོ། །དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང་། ཀུན་དུ་བཟང་པོ་བདག་ཉིད་འགྱུར། །
ཞེས་པ་ནི། དཔལ་ལྡན་ནི་ལྟ་བ་དང་སྤྱོད་པའི་དཔལ་དང་ལྡན་པ་དེས་བསྒྲུབ་པའི་ལས་ཀུན་བྱས་ནས་ཀུན་དུ་བཟང་པོར་འགྱུར་ཞེའོ། །ཧཱུཾ་ལས་སངས་རྒྱས་སྐུར་བསྒྱུར་ན། ཕྱག་ན་རྡོ་རྗེ་བདག་ཉིད་འགྱུར། །ཞེས་པ་ནི། བདག་ཉིད་ལས་ཀྱི་ལྷ་ཕྱག་ན་རྡོ་རྗེ་བསྒྲུབ་པར་བྱ་བའི་
ཕྱིར། ཡེ་ཤེས་ཀྱི་རང་བཞིན་ཡི་གེ་ཧཱུཾ་ལས་ཡི་གེ་ཧཱུཾ་སྣ་ཚོགས་སྤྲོས་ཏེ། དེ་ལ་སངས་རྒྱས་ཀྱི་གཟུགས་ཀྱིས་གང་བར་བསྒོམས་ན་ཕྱག་ན་རྡོ་རྗེ་དང་འདྲ་བར་འགྱུར་རོ། །སྙིང་གར་འཁོར་ལོ་རབ་བསྐོར་ནས། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །ཞེས་པ་ནི། བདག་གི་སྙིང་
གར་ཙ་སེར་པོ་ལས་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ་ཅིག་བསྐྱེད་དོ། །རྡོ་རྗེ་ར་བས་མཐའ་མ་རབ་ཏུ་བསྐོར་ནས། འཁོར་ལོའི་ལྟེ་བར་ཡེ་ཤེས་སེམས་དཔའ་མཚོན་གང་བ་ཅིག་བསྒོམས་ཏེ། ལས་ཀྱི་ལྷའི་བསྙེན་པ་གྲངས་མང་དུ་བྱས་ན། ཕྱག་ན་རྡོ་རྗེ་དང་འདྲ་བའི་
དངོས་གྲུབ་འཐོབ་བོ། །རྡོ་རྗེ་ཁྲོ་བོ་རབ་བསྒོམས་ཏེ། །སྙིང་གའི་དབུས་སུ་ཕཊ་ཅེས་བྱ། །ཧཱུཾ་ཞེས་བྱ་བ་བསྐོར་བསམས་ནས། །ཞེས་པ་ནི། བདག་ཁྲོ་བོ་རྡོ་རྗེ་སྟོབས་པོ་ཆེའི་ཏིང་ངེ་འཛིན་དུ་རབ་ཏུ་བསྒོམས་ཏེ། བདག་གི་སྙིང་གའི་དབུས་སུ་མ་ལས་ཉི་མའི་
དཀྱིལ་འཁོར་ཅིག་བསྐྱེད་དེ། དེའི་དབུས་སུ་ཕཊ་ཅིག་བསྒོམས་ནས། ཕཊ་ཀྱི་མཐའ་མ་ཧཱུཾ་གིས་བསྐོར་བར་བསམས་ཏེ། སྟོབས་པོ་ཆེའི་བསྙེན་པ་ཅི་མང་དུ་བྱས་ན་འགྲུབ་པར་འགྱུར་རོ། །རྡོ་རྗེ་བརྟན་པར་བདག་བསྒྱུར་ལ། །སྙིང་གར་ཨོཾ་ཞེས་བྱ་བ་ཡིས། །
Vol. 66 · folio 214b
བསྐོར་བའི་ཧཱུཾ་དང་ཏྲཾ་ལྡན་པས། །ཞེས་པ་ནི་ནམ་མཁའི་སྙིང་པོ་བསྒྲུབ་པའི་དོན་ཆེད་དུ། རྡོ་རྗེ་ནི་རིག་པ། བརྟན་པ་ནི་ཏིང་ངེ་འཛིན་དུ་བདག་ཉིད་བསྒྱུར་ནས། སྙིང་གར་ཟླ་བའི་དཀྱིལ་འཁོར་དབུས་སུ་ཨོཾ་བསྒོམས་ཏེ། ཧཱུཾ་དང་ཏྲཾ་གིས་ཨོཾ་གྱི་མཐའ་མ་བསྐོར་ཏེ། བསྒོམས་
ནས་བསྙེན་པ་བྱས་ན་ནམ་མཁའི་སྙིང་པོ་དང་འདྲ་བར་འགྱུར་རོ། །ད་ནི་རྡོ་རྗེ་ཆོས་རབ་སྒོམ་པ་སྟེ། རྡོ་རྗེ་བསྒོམས་ལ་སྙིང་ག་ཡི། །དབུས་སུ་ཏྲཾ་བསམ་ཞེས་བྱ་བ། །ཨོཾ་ཞེས་བྱ་བས་བསྐོར་བསམས་ནས། །ཞེས་པ་ནི། བདག་ཉིད་རྡོ་རྗེ་ཆོས་སུ་བསྒོམས་ལ། སྙིང་གར་
ཟླ་བའི་དཀྱིལ་འཁོར་དུ་ཡི་གེ་ཏྲཾ་བསམས་ཏེ། ཨོཾ་གྱིས་མཐའ་བསྐོར་ནས། བསྒྲུབས་ན་འགྲུབ་པར་འགྱུར་རོ། །ད་ནི་རྡོ་རྗེ་ལས་བསྒྲུབ་སྟེ། འཁོར་ལོ་རྒྱ་གྲམ་ཧཱུཾ་ལྡན་པ། །ཨཿཞེས་བྱ་བ་བསྐྱེད་ནས་ཀྱང་། །ཨོཾ་ཞེས་བྱ་བས་བསྐོར་བསམས་ན། །ཞེས་པ་ནི་
བདག་ཉིད་རྡོ་རྗེ་ལས་སུ་བསྒོམས་ཏེ། བདག་གི་སྙིང་གར་འཁོར་ལོ་ཅིག་བསམས་ལ། འཁོར་ལོའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་ཅིག་བསམས་ཏེ། རྒྱ་གྲམ་གྱི་བསྣོལ་མཚམས་སུ་ཧཱུཾ་བསྒོམས་ནས། ཨཿཞེས་བྱ་བས་ལྷའི་སྐུར་བསྐྱེད་དེ། ཨོཾ་གྱིས་རྒྱ་གྲམ་གྱི་
མཐའ་བསྐོར་ནས་བསྒྲུབས་ན་འགྲུབ་པར་གསུངས་སོ། །ད་ནི་ལས་རྣམ་པ་བཞིའི་བྱེ་བྲག་བཤད་དེ། དེ་ནས་ལས་རྣམས་བཤད་བྱ་སྟེ། །ཞི་བ་དང་ནི་རྒྱས་པའི་ལས། །དེ་ལྟར་དབང་དང་དྲག་སྤྱོད་རྣམས། །ཞེས་པ་ནི། དེ་ནས་ནི་གོང་གི་རྟིང་ཐོགས་སོ། །ལས་ནི་
བྱེད་ཅིང་རྩོལ་བའོ། །རྣམ་པ་ནི་བྱེ་བྲག་གི་ཕྲིན་ལས་བཞིའོ། །ཐུགས་ཆོས་ཉིད་ལས་མ་གཡོས་པ་ནི་ཞི་བའོ། །བདེ་བ་ཆེན་པོས་འདོད་པ་སྐོང་བས་ན་རྒྱས་པའོ། །དེས་ཐམས་ཅད་དབང་དུ་སྡུད་པས་ན་དབང་ངོ་། །དེས་མཚན་མའི་དངོས་པོ་འཇོམས་པས་ནི་
དྲག་སྤྱོད་དོ། །བཟླས་དང་སྦྱིན་སྲེག་ཆོ་ག་ཡིས། །ལས་རྣམས་ཐམས་ཅད་བྱ་བ་ཡིན། །ཞེས་པ་ནི། བཟླས་པ་ནི་ཕྲིན་ལས་རྣམ་པ་བཞི་གང་བྱེད་པའི་སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་ཡོ་བྱད་རྣམས་གྲུབ་ན་སྤོགས་པའི་ཆོ་ག་བྱེད་པའོ། །སྦྱིན་པ་ནི་མ་
Vol. 66 · folio 215a
ཆགས་པར་གཏོང་བའོ། །སྲེག་པ་ནི་དངོས་པོ་དང་མཚན་མ་རྣམས་སྲེག་པའོ། །ཆོ་ག་ནི་ལས་ཀྱི་བྱེ་བྲག་ལ་མཁས་པར་བྱ་བ་ཡིན་ཞེས་སོ། །རྡོ་རྗེ་སེམས་དཔར་བདག་བསྒྱུར་ལ། ཞི་བའི་ལས་ནི་བརྩམ་བྱ་ཞིང་། །ཞེས་པ་ནི། བདག་རྡོ་རྗེ་སེམས་
དཔའི་སྐུར་བསྒོམས་ལ། གོས་དང་ཁ་དོག་དཀར་པོར་བྱས་ཏེ། ཁ་ཤར་ཕྱོགས་སུ་བལྟས་ནས་ལས་བྱས་ན། ཉེས་པ་ཐམས་ཅད་སེལ་བར་འགྱུར་བར་ཡང་གསུངས་སོ། །ཡང་ན་དེ་བཞིན་གཤེགས་པའི་རིགས་ཀུན་དུ་བཟང་པོའམ། བདེ་བ་ཆེན་པོར་བསྒོམས་ནས་གོང་མ་
བཞིན་དུ་ལས་བྱས་ན། སྡིག་ཅན་གྱི་སེམས་ཞི་བར་འགྱུར་རོ། །ད་ནི་རྒྱས་པའི་ལས་སྟོན་ཏེ། གསེར་འོད་མཛེས་ཤིང་འབར་བ་ཡིས། །རིན་ཆེན་འཛིན་དུ་བསམས་ནས་ནི། །ཞེས་པ་ནི། བདག་རིན་ཆེན་འབྱུང་ལྡན་མདོག་གསེར་འོད་ལྟར་མཛེས་ཤིང་འོད་འབར་བར་
བསྒོམས་ནས། ཉི་མའི་གུང་ལ་རྒྱས་པའི་ལས་བྱས་ན། འོད་སེར་པོས་གང་ལ་བྱ་བའི་ལུས་ལ་བཀང་ནས་བྱིན་གྱིས་བརླབས་ན་འབྱོར་པ་དང་ལྡན་པར་འགྱུར་རོ། །ད་ནི་དབང་གི་ལས་སྟོན་ཏེ། འབྱོར་དང་ལྡན་པས་ཁུང་བུར་ནི། །པདྨ་འདྲ་བར་བྱས་ནས་ཀྱང་། །ཞེས་པ་
ནི་དབང་ནི་འབྱོར་བ་ཕུན་སུམ་ཚོགས་པ་དབང་དུ་བྱེད་པའི་ཐབས་སྟོན་ཏེ། ཁུང་བུའི་དབུས་སུ་པདྨ་མཁལ་ཡོན་འདྲ་བ་བརྐོས་ལ། རྡོ་རྗེ་ཆོས་རབ་ཏུ་བདག་བསྒྱུར་ནས་བསྒོམས་ན་འགྲུབ་པར་འགྱུར་ཞེས་གསུངས་སོ། །སྐབས་འདིར་དྲག་པོའི་ལས་འབྱུང་ཞེས་ཀྱང་
གསུངས་ན། དཀྱུས་ན་མི་གསལ། ད་ནི་ཕྲིན་ལས་ཀྱི་ཐབས་སྟོན་ཏེ། འདྲེན་པ་ཀུན་དུ་བཟང་པོ་ཡིས། །ཞི་བའི་ལས་ནི་རབ་ཏུ་བྱ། །ཞེས་གསུངས་པས། ཉོན་མོངས་པའི་འཁོར་བ་ལས་སེམས་ཅན་འདྲེན་པས་ཀུན་དུ་བཟང་པོ་སྟེ། དེའི་ཏིང་ངེ་འཛིན་དུ་བདག་བསྒོམས་
ལ། ཞི་བའི་ལས་མ་གྲུབ་ན་སྤོགས་པའི་ཆོ་ག་བྱའོ། །རྡོ་རྗེ་རིན་ཆེན་རྒྱས་པ་སྟེ། །དབང་བསྐུར་བ་ཡང་དེ་བཞིན་ནོ། །ཞེས་པ་ནི་རྡོ་རྗེ་ནི་ཞི་བའི་རང་བཞིན་ཏེ། དེ་ལས་རིན་ཆེན་རྒྱས་པར་བསྒྱུར་ལ། དེ་ལ། ཐམས་ཅད་དབང་དུ་སྒྱུར་བའི་ཕྱིར། །དབང་བསྐུར་བ་ཡང་དེ་བཞིན་
Vol. 66 · folio 215b
ནོ། །ཞེས་གསུངས་ཏེ། ཏོག་གིས་རྣམ་རྒྱལ་དེ་བཞིན་ཏེ། །ལོངས་སྤྱོད་དབང་ཕྱུག་དཔལ་མཉམ་མེད། །ཅེས་པ་ནི་ཕྲིན་ལས་རྣམ་པ་བཞི་ནི་ཉོན་མོངས་པའི་སྡིག་པ་རྩད་ནས་འབྱིན་པས་ན། ཏོག་ནི་གཟུང་འཛིན་རྣམ་པ་གཉིས་ལས་རྒྱལ་བ་དེ་བཞིན་དུ། བདག་གིས་ཕྲིན་
ལས་རྣམ་པ་བཞིའི་ལས་བྱས་ལ། འཇིག་རྟེན་པའི་ལོངས་སྤྱོད་དང་། ཁམས་གསུམ་གྱི་དབང་ཕྱུག་དང་། དཔལ་མཉམ་པ་མེད་པ་འཐོབ་པར་འགྱུར་རོ། །རྡོ་རྗེ་ཉི་མའི་གཟི་བརྗིད་དང་། མདོག་སྡུག་ཤིན་ཏུ་འབར་བར་བྱ། །ཞེས་པ་ནི། སྒྲུབ་པ་པོས་རྡོ་རྗེ་ཉི་མའམ། རྡོ་རྗེ་
བཞད་པ་མདོག་སྡུག་གཉིས་གསལ་བར་བསྒོམ་པ་ནི་འབར་བར་བྱ་ཞེས་པའི་ཐ་ཚིག་གོ། །བཞད་ཅིང་རྨད་དུ་མཛད་པ་ཡིས། །དགའ་མགུ་རངས་པའི་བསམ་པར་འགྱུར། །ཞེས་པ་ནི། རྡོ་རྗེ་བཞད་པར་བསྒོམས་ནས་དེའི་ཕྲིན་ལས་བྱས་ན། ཡོན་ཏན་རྨད་དུ་མཛད་པ་ཡིན་
ན། ཐམས་ཅད་ཡིད་དགའ་བ་དང་། སེམས་མགུ་བ་དང་། བློ་རངས་པའི་བསམ་པར་འགྱུར་རོ། །པདྨ་བཞད་པས་ཚོགས་ཀུན་གྱི། །རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱང་། །ཞེས་པ་ནི། བདག་ཉིད་རྡོ་རྗེ་ཆོས་སུ་བསྒྲུབས་ཏེ། པདྨ་ནི་མ་ཆགས་པ་ལ། བཞད་པ་ནི་ཕྲིན་
ལས་ཏེ། ཚོགས་ནི་མང་པོ་འབྱུང་བའི་དོན་ཏོ། །རྟོགས་མཛད་ནི་དེའི་དོན་ཉམས་སུ་བླངས་ཤིང་རྟོགས་པར་བྱས་ནས། སངས་རྒྱས་ཐམས་ཅད་ཀྱང་མཉེས་ན། གཞན་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་རྣོན་པོའི་ལས་སྟོན་ཏེ། གཞན་གྱི་རིགས་སོགས་ཚོགས་མཆོག་
རྣམས། །རྣོན་པོས་གཅོད་པ་ཉིད་དུ་མཛད། །ཅེས་པ་ནི། བདག་ཉིད་རྡོ་རྗེ་རྣོན་པོར་བསྒོམས་ནས། གཞན་གྱི་རིག་སྔགས་ལ་སོགས་པའི་ཚོགས་ཀྱི་མཆོག་རྣམས་རྡོ་རྗེ་རྣོན་པོར་བསྒོམས་པའི་མཐུས། དེ་རྣམས་ཚར་གཅོད་ཅིང་གདོན་ཡི་དྭགས་ལ་སོགས་པ། གཟའ་
ཐན་རྣམས་འཁོར་རྩད་ནས་འབྱིན་པར་མཛད་པ་ནི་རྡོ་རྗེ་གསུང་གི་ལས་སྟོན་ཏེ། ལྐུགས་དང་ལྐུགས་པ་ཡིན་པ་དང་། །གླེན་མི་སྨྲ་དང་སྨྲ་བར་མཛད། །ཅེས་པ་ནི། རྡོ་རྗེ་སྨྲ་བར་བསྒོམས་ཏེ། ལྕེའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་སྟེང་དུ། ཉི་མའི་དཀྱིལ་འཁོར་
Vol. 66 · folio 216a
ཅིག་བསྒོམས་ཏེ་དེའི་སྟེང་དུ་རྡོ་རྗེ་ཅིག་བསྒོམས་ནས། བསྒྲུབ་པའི་ལས་བྱས་ན་ལྐུགས་པ་རྣམས་སྨྲ་བར་མཛད་དོ། །གལ་ཏེ་མ་རུངས་པའི་ལྕེ་ལ་ཛཾ་བསྒོམས་ཏེ། དེ་འོད་ནག་པོ་འཕྲོས་ཏེ་ལྐུགས་པར་འགྱུར་རོ། །ད་ནི་རྡོ་རྗེ་ལས་ཀྱི་བསྒྲུབ་པ་སྟོན་ཏེ། རྒྱ་
གྲམ་གྱི་ནི་མཆོད་པ་དང་། །སེམས་ཅན་དོན་མཛད་ཐམས་ཅད་སྟོན། །ཞེས་པ་ནི། བདག་རྡོ་རྗེ་ལས་སུ་བསྒོམས་ནས། ཕྱག་ན་རྒྱ་གྲམ་བསྣམས་པ། དེ་ལ་མཆོད་པ་བྱ་ཞིང་བསྒོམས་ལ། སེམས་ཅན་གྱི་དོན་མཛད་པ་དང་། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །ད་
ནི་རྡོ་རྗེ་སྲུང་བའི་ལས་སྟོན་ཏེ། ཧྲཾ་ཞེས་བྱ་བ་འཕྲོ་མཛད་ཅིང་། །རྡོ་རྗེ་སྲུང་བས་སྲུང་བར་མཛད། །ཅེས་པ་ནི། བདག་ཉིད་རྡོ་རྗེ་སྲུང་བར་བསྒོམས་ཏེ། བདག་གི་སྙིང་གར་ཧྲཾ་ཞེས་བྱ་བ་ལས་འོད་འཕྲོ་བར་བསྒོམ་ཞིང་གང་ནད་ཀྱིས་ཟིན་པ་དེ་ལ་སྤྲོས་ན་རྡོ་རྗེ་སྲུང་བར་འགྱུར་རོ། །
ད་ནི་རྡོ་རྗེ་གནོད་སྦྱིན་གྱི་ལས་འཆད་དེ། ཧཱུཾ་ཞེས་བྱ་བའི་སོ་ཡིས་ནི། །རྡོ་རྗེ་གནོད་སྦྱིན་ཉིད་ཀྱིས་ཀྱང་། །ཞེས་པ་ནི། བདག་ཉིད་གནོད་སྦྱིན་དུ་བསྒོམས་ཏེ། ཧཱུཾ་ལས་ཡེ་ཤེས་ཀྱི་མཆེ་བ་རྣོན་པོ་དང་ལྡན་པ་བསྒོམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཏིང་ངེ་འཛིན་གྱིས་ནི་མ་རུངས་པ་རྣམས་
སེམས་མ་རུངས་པར་འགྱུར་རོ། །མ་རུངས་པའི་སྙིང་གར་བཾ་བསམས་ཏེ། བསྒོམས་ན་དུག་རིགས་ལ་སོགས་པ་མེད་པར་འགྱུར་རོ། །ད་ནི་ཞི་བའི་ལས་སྟོན་ཏེ། འོད་ཟེར་གསལ་བའི་དངོས་པོ་ལ། །རྒྱས་པར་འགྱུར་བ་སྒོམ་བྱེད་ཅིང་། །ཞེས་པ་ནི། བདག་རྡོ་རྗེ་སེམས་དཔར་
བསྒོམས་ཏེ། འོད་ཟེར་དཀར་ལ་གསལ་བས་ཐམས་ཅད་རྒྱས་པར་འགྱུར་ཞིང་ཞི་བར་འགྱུར་རོ། །རྒྱས་པའི་ལས་ནི། རང་གི་ལུས་ནི་གསེར་བཙོས་དང་། །ཉི་མ་གསལ་ཤར་དགེ་འདྲ་བར། །ཞེས་པ་ནི། བདག་ཉིད་རིན་ཆེན་འབྱུང་ལྡན་དུ་བསྒོམས་ནས། ཁ་དོག་སེར་པོ་
འོད་འཕྲོ་བར་བསྒོམས་ན་ཐམས་ཅད་རྒྱས་པར་འགྱུར་རོ། །ད་ནི་དབང་གི་ལས་སྟོན་ཏེ། པདྨའི་སེམས་དཔའི་ཏིང་འཛིན་གྱིས། །ཞེས་པ་ནི། བདག་ཉིད་ཆགས་པའི་རང་བཞིན་སྣང་བ་མཐའ་ཡས་སུ་བསྒོམས་ནས། ཧོཾ་ལས་འོད་ཟེར་དམར་པོ་འཕྲོས་ཏེ། སྙིང་གར་སྤྲོས་ན་
Vol. 66 · folio 216b
འདོད་པ་ཀུན་དབང་དུ་འགྱུར་རོ། །རིགས་བཞི་འཁོར་ལོས་སྒྱུར་བའི་ཆོ་ག་ཡན་ལག་དང་བཅས་པ་བཤད་ཟིན་ཏོ། །ཆོ་ག་བཤད་པ་ལས་ལེགས་པར་བསྔགས་པ་དང་། ཕྱག་རྒྱའི་ལེའུ་ནི་བདེ་སྟེ་བརྡ་ཕྲད་སླའོ། །ཕྲིན་ལས་རྣམ་བཞིའི་སྔགས་ཀྱི་ཡིག་འབྲུ་ནི་ས་བཅུ་དྲུག་གི་
སྙིང་པོའོ། །བ་བཅུ་དྲུག་ནི་ཉེ་བའི་སྙིང་པོའོ། །ཛ་བཅུ་དྲུག་ནི་སྐུ་བསྐྱེད་པའི་སྙིང་པོའོ། །ཙ་བཅུ་དྲུག་ནི་རྩ་བའི་གསང་སྔགས་སོ། །ཕྲིན་ལས་རྣམ་བཞི་གཏང་བ་ནི་བདེ་སྟེ་བརྡ་ཕྲད་སླའོ། །ད་ནི་རྡོ་རྗེ་ཉི་མ་མེའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཕྱག་ན་རྡོ་རྗེས་རང་གི་སྐུ་བོར་ཏེ།
རྡོ་རྗེ་སེམས་དཔའི་ཆོས་ཀྱི་སྐུའི་ངང་དུ་བཞུགས་ཏེ་གཉིས་སུ་མེད་པར་གྱུར་ཏོ། །དེ་ནས་རྡོ་རྗེ་གཉིས་སུ་མེད་པ་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ནི་རྡོ་རྗེ་ནི་ཡེ་ཤེས་ཏེ། དེའི་དོན་ལ་གཉིས་སུ་མེད་པ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་སོ། །རྡོ་རྗེ་སེམས་དཔའ་ཁྲོ་བོ་རྡོ་རྗེ་ཉི་མ་མེ་ཞེས་བྱ་བའི་སྙིང་པོ་འདི་ཞེས་པ་ནི། རྡོ་རྗེ་ནི་ཡང་དག་པའི་ཡེ་ཤེས་སོ། །སེམས་ནི་ཐུགས་རྗེ་ཕུན་སུམ་ཚོགས་པའོ། །དཔའ་ནི་ཕྲིན་ལས་ཕུན་སུམ་ཚོགས་པའོ། །ཁྲོ་བོ་ནི་རང་བཞིན་ཕུན་སུམ་ཚོགས་པའོ། །རྡོ་རྗེ་ནི་ཡེ་ཤེས་
སོ། །མེ་ནི་མཚན་ཉིད་དོ། །སྙིང་པོ་ནི་རིག་པའོ། །ཐུགས་ནི་རིག་པའི་རང་བཞིན་སྙིང་ག་ནས་ཕྱུང་ཞེས་པའི་ཚིག་གོ། །སྔགས་ཀྱི་དོན་ནི་མ་སྨོས་སོ། །ད་ནི་དཀྱིལ་འཁོར་གྱི་མཚན་ཉིད་བཤད་དོ། །དེ་ནས་དཀྱིལ་འཁོར་མི་བཟད་པ། །ཞེས་གསུངས་ཏེ། དེ་ནི་གོང་གི་མཇུག་སྡུད་
ལ། ནས་ནི་འོག་གི་མགོ་འདྲེན། དཀྱིལ་ནི་རྡོ་རྗེ་ཉི་མ་མེ་ལ། འཁོར་ནི་ཁྲོ་བོ་མི་བཟད་པར་རབ་ཏུ་འཇིགས་པའི་དྲག་ཤུལ་དང་ལྡན་པའོ། །ཆེ་བའི་ཆེ་མཆོག་རྩིབས་བཅུ་གཉིས། །ཞེས་པ་ནི་ཆེ་བ་ནི་འཇིག་རྟེན་པའོ། །མཆོག་ནི་དེའི་མཆོག་རྡོ་རྗེ་ཉི་མ་མེའོ། །རྩིབས་བཅུ་གཉིས་
ནི་འཁོར་ལོའི་རྩིབས་ཏེ། ཤར་དུ་འཇིག་རྟེན་གསུམ་སྣང་རྡོ་རྗེ་བསྣམས་པའོ། །ཤར་ལྷོར་འཇིག་རྟེན་གསུམ་འདུལ་ཐོད་དབྱུག་བསྣམས་པ། ལྷོར་འཇིག་རྟེན་གསུམ་འཇིག་རྡོ་རྗེ་རྩེ་གསུམ། ལྷོ་ནུབ་ཏུ་འཇིག་རྟེན་མཐར་བྱེད་གཤེད་ཀྱི་དགྲ་སྟ། ནུབ་ཏུ་འཇིག་རྟེན་གསུམ་
Vol. 66 · folio 217a
འཇིག་བདུད་རྩི་ཐབ་སྦྱོར་གྱི་རྒྱ་གྲམ། ནུབ་བྱང་བེ་ཅོན་ནག་པོ་འཁོར་ལོ། །བྱང་མི་གཡོ་བ་དགྲ་སྟ། བྱང་ཤར་རྟ་མགྲིན་པདྨ་བསྣམས་པའོ། །ཤར་གྱི་སྲིན་མོ་ནག་མོ་ཐོད་རློན་བསྣམས་པ། ལྷོའི་རྩིབས་ལ་བེ་ཅོན་ནག་མོ་དབྱུག་ཏོ་བསྣམས་པ། ནུབ་ཀྱི་རྩིབས་ལ་མཚན་
མོ་ནག་མོ་ཟླ་བ་བསྣམས། བྱང་གི་རྩིབས་ལ་ཁྲོ་བོ་གནོད་སྦྱིན་ནག་མོ་རྡོ་རྗེ་བསྣམས། ལྷ་རྫས་འབར་བའི་ཕྲེང་བས་དཀྲིགས། །ཤིན་ཏུ་འབར་ཞིང་ཆེར་འབར་བ། །ཞེས་པ་ནི། ལྷ་རྫས་ནི་འཇིག་རྟེན་པའོ། །འབར་བ་ནི་རྡོ་རྗེ་ཉི་མ་མེའོ། །ཕྲེང་བ་ནི་ཐུགས་རྡོ་རྗེ་ལས་འཁོར་གྱིས་
ཕྲེང་བ་ལྟར་བསྐོར་བའི་ཐ་ཚིག་གོ། །དཀྲིགས་པ་ནི་རིམ་པར་བྲི་བའི་ཕྱིར་སྨོས་ཏེ། ཤིན་ཏུ་འབར་བ་ནི་སྐུའོ། །ཆེར་འབར་བ་ནི་ཐུགས་ཡང་དག་པའི་ཡེ་ཤེས་སོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། །ཞེས་པ་ནི། དེ་ལྟར་ནི་གོང་གི་གཏན་ཚིགས་དེ་ལྟར་སྒྲུབ་པ་པོ་བདག་ཉིད་
ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་སྒྲུབ་པའོ། །དཀྱིལ་ནི་རྡོ་རྗེ་ཉི་མ་མེ་བཞུགས་ཏེ། འཁོར་ནི་ཁྲོ་བོ་རྣམས་ཀྱིས་བསྐོར་བ་བྲི་བ་ནི། ས་ཚོན་ལ་བྲི་བ་སྟེ། འཁོར་ལོའི་རྩིབས་བཅུ་གཉིས་སུ་འཁོར་རྣམས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ཁམས་གསུམ་གྱི་སེམས་ཅན་ལ་ཕན་པའི་རྟགས་སུ་
རྟེན་འབྲེལ་བཅུ་གཉིས་ལས་བཟློག་སྟེ། ཐུགས་རྗེ་ཕུན་སུམ་ཚོགས་པའི་ཁྱད་པར་གྱིས་མཛད་པ་བཅུ་གཉིས་སུ་བསྟན་ཏོ། །དེ་ལྟ་བུའི་གཞལ་མེད་ཁང་དེའི་མཚོན་པར་བྱ་བའི་རྟགས་སུ་ཡེ་ཤེས་ཀྱི་ཁྲོ་བོ་རྣམས་རིམ་པར་བྲི་བའི་ཐབས། ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་
གཞག་པར་བྱ། །ཞེས་པ་ནི། རྡོ་རྗེ་ནི་ཐུགས་ཆོས་ཉིད་དོ། །སེམས་དཔའ་ནི་ཡེ་ཤེས་སོ། །གཞག་པར་བྱ་བ་ནི་ཉི་མ་སྟེ། ཐུགས་ཆོས་ཉིད་མི་འགྱུར་བ་སྟེ་སྐུ་མདོག་སྔོ་ནག་ཕྱག་ན་ཐབས་དང་ཤེས་རབ་ཀྱི་རྡོ་རྗེ་དང་དྲིལ་བུ་བསྣམས་སོ། །ད་ནི་འཁོར་སྟོན་ཏེ་ཅིའི་ཕྱིར་ཞེ་ན།
འཇིག་རྟེན་གསུམ་སྣང་ལ་སོགས་ཁྲོ་བོ་ཀུན། །ཞེས་པ་ནི། འཇིག་རྟེན་ནི་ཁམས་གསུམ་མོ། །གསུམ་སྣང་ནི་ཡེ་ཤེས་ཀྱི་ངོ་བོ་ལ་སོགས་ནི་འཁོར་དང་བཅས་པའོ། །ཁྲོ་བོ་ནི་མ་རུངས་པ་གདུལ་བའི་གཉེན་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན། མ་རུངས་སྙིང་གར་
Vol. 66 · folio 217b
བཞག་ནས་ཤིན་ཏུ་སྡིགས་བྱེད་ཅིང་། །ཞེས་པ་ནི། མ་རུངས་པ་ནི་སྤྱོད་པ་མི་བགྲུངས་པའོ། །སྙིང་ག་ནི་དྲན་པའི་བཞི་སྟེ་མནན་པའི་ཕྱིར་རོ། །སྡིགས་བྱེད་ཅིང་ནི། སྐུའི་ཚམ་ངམ་གྱིས་སྡིགས་པར་བྱེད་པའི་ཚུལ་གྱིས་གནོན་ཏེ། དེ་ཡང་ཤར་གྱི་རྩིབས་ལ་འཇིག་རྟེན་
གསུམ་སྣང་གིས་ལྷའི་དབང་པོ་བརྒྱ་བྱིན་གནོན་ཏོ། །ཤར་ལྷོའི་རྩིབས་ལ་འཇིག་རྟེན་གསུམ་འདུལ་རྣམ་པར་རྒྱལ་ཏེ། མེ་ལྷའི་རྒྱལ་པོ་མནན་ཏོ། །ལྷོའི་རྩིབས་ལ་འཇིག་རྟེན་གསུམ་འཇིག་སྟེ་གཞན་གྱིས་མི་ཐུབ་པ་གཤིན་རྗེ་གནོན་ཏོ། །ལྷོ་ནུབ་ཀྱི་རྩིབས་
ལ་འཇིག་རྟེན་མཐར་བྱེད་གཤིན་རྗེ་གཤེད་ཀྱིས་སྲིན་པོ་གནོན་ཏོ། །ནུབ་ཀྱི་རྩིབས་ལ་འཇིག་རྟེན་གསུམ་འཇིག་བདུད་རྩི་ཐབ་སྦྱོར་གྱིས་ཆུ་ལྷ་གནོན་ཏོ། །ནུབ་བྱང་གི་རྩིབས་ལ་བེ་ཅོན་ནག་པོ་རླུང་ལྷ་གནོན་ཏོ། །བྱང་གི་རྩིབས་ལ་མི་གཡོ་བ་གནོད་སྦྱིན་གནོན་ཏོ། །བྱང་
ཤར་གྱི་རྩིབས་ལ་རྟ་མགྲིན་དབང་ལྡན་གནོན་ཏོ། །སྲིན་མོ་ནག་མོས་ཤར་གྱི་རྩིབས་ལ་ཉི་མ་གནོན་ཏོ། །བེ་ཅོན་ནག་མོས་ལྷོའི་རྩིབས་ལ་ས་བདག་གནོན་ཏོ། །མཚན་མ་ནག་མོས་ནུབ་ཀྱི་རྩིབས་ལ་ཟླ་བ་གནོན་ཏོ། །ཁྲོ་མོ་གནོད་སྦྱིན་ནག་མོས་བྱང་གི་རྩིབས་ལ་སའི་
ལྷ་མོ་བརྟན་མ་གནོན་ཏོ་ཞེའོ། །དེ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱིས་འཇིག་རྟེན་གྱི་མཐུ་ཅན་དབང་དུ་བསྡུས་ནས་ཞབས་འོག་ཏུ་བཅུག་པའི་ཐ་ཚིག་གོ། །སྐུ་མདོག་གི་དོན་ནི་བརྡ་ཕྲད་སླའོ། །ཞལ་ནི་ཤིན་ཏུ་འཇིགས་འཇིགས་ལྟ། །ཞེས་པ་ནི། ཞལ་ནི་རྣམ་པར་
ཐར་པ་གསུམ་མོ། །འཇིགས་པ་ནི་བདུད་དང་སྲིན་པོ་ཡང་འཇིགས་པའོ། །འཇིགས་པར་ལྟ་བ་ནི་ཐུགས་རྗེའོ། །ཕྱག་ནི་བརྒྱ་ཕྲག་དུ་མར་ལྡན། །སྦྲུལ་དང་མི་སྡུག་གོས་ཀྱིས་བརྒྱན། །ཞེས་པ་ནི། ཕྱག་ནི་ཐབས་ཐུགས་རྗེའོ། །བརྒྱ་ཕྲག་ནི་རྣམ་གྲངས་སོ། །དུ་
མར་ལྡན་ནི་ཕྲིན་ལས་སོ། །སྦྲུལ་ནི་འཁོར་བ་ཞེ་ལ་གནོན་པའི་རྒྱན་ནོ། །མི་སྡུག་པ་ནི་ཐུགས་རྗེའོ། །གོས་ཀྱིས་བརྒྱན་ནི་ཤེས་རབ་བོ། །སྟག་ལྤགས་ཀྱིས་ནི་སྨད་གཡོགས་ཤིང་། །རྒྱུ་མ་ཐོགས་ཤིང་དབུ་མཐའ་ཡས། །ཞེས་པ་ནི་སྟག་ལྤགས་ནི་ཕྲིན་ལས་སོ། །
Vol. 66 · folio 218a
སྨད་གཡོགས་གོས་ནི་བདུད་ལས་རྒྱལ་བའོ། །རྒྱུ་མ་ནི་འཁོར་བའི་རྒྱུ་མའོ། །ཐོགས་པ་ནི་ཐུགས་རྗེའོ། །དབུ་མཐའ་ཡས་ནི་ཡེ་ཤེས་སོ། །མགོ་ཐོད་ཤས་བཀང་ཕྱག་ན་བསྣམས། །ཞེས་པ་ནི། མགོ་ཐོད་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ནོ། །ཤས་གང་བ་ནི་ནང་
བཅུད་ཀྱི་སེམས་ཅན་ནོ། །ཕྱག་ན་བསྣམས་པ་ནི་སྣོད་བཅུད་ཐུགས་རྗེས་གང་བར་བྱེད་པའི་ཐ་ཚིག་གོ། །སྲིན་མོའི་ཚོགས་རྣམས་གཞག་པར་བྱ། །ཞེས་པ་ནི། ཕྱི་རོལ་གྱི་སྣམ་བུ་གྲུ་ཆད་ལ་སྲིན་མོ་ཆེན་མོ་བཞི་བྲི་སྟེ། འཇིག་རྟེན་ཡིན་པའི་ཕྱིར་དང་། མཐུ་བོ་ཆེ་དམ་
ལ་བཏགས་པའི་ཕྱིར་བྲི་བའི་ཐ་ཚིག་གོ། །སྒོ་བ་རྣམས་ཀྱང་ཇི་བཞིན་དུ། །རང་གི་ཕྱག་རྒྱའི་ལག་མཚན་ཅན། །ཞེས་པ་ནི། དེའི་ཕྱི་རོལ་དུ་སྒོ་མ་ལྕགས་ཀྱུ་མ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་ཀྱང་བྲི་བའི་ཐ་ཚིག་གོ། །རང་གི་ནི་སོ་སོ་ལ། ཕྱག་
རྒྱ་ནི་མི་འདའ་བ་དང་མཚོན་པའི་བརྡའོ། །ལག་མཚན་ནི། གྲུ་ཆད་ཀྱི་ལྷ་མོ་བཞི་ནི་ཤར་དུ་རཀྵ་མའི་ཐོད་རློན་དང་། ལྷོར་ཨིནྡྲ་མའི་རྡོ་རྗེ་གདེངས་པ་དང་། ནུབ་ཏུ་ཕྲ་མ་ནའི་རིན་པོ་ཆེ་དང་། བྱང་དུ་ཡ་བའི་གདན་ནོ། །ལྷའི་གྲལ་རིམ་བསྟན་ཏོ། །ད་ནི་བུམ་པའི་
དཀྱིལ་འཁོར་དང་ཆ་རྐྱེན་སྟོན་ཏེ། དེ་ནས་བུམ་པ་གང་བ་ཡིས། །ཞེས་པ་ནི། དེ་ལྟར་ནི་རྒྱན་ཆས་བུམ་པ་བཅུ་དྲུག །སྨན་ལྔ། འབྲུ་ལྔ། སྤོས་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ། ཁ་རྒྱན་དང་གཟུངས་ཐག་དང་། མགུལ་ཆིངས་དང་ལྡན་པར་བྱ་སྟེ་གཞག་པར་བྱའོ། །རྒྱན་
ཆས་ཕྱི་མ་ནི་བརྡ་ཕྲད་སླའོ། །དཀྱིལ་འཁོར་དུ་འཇུག་པ་ནི། དེ་ནས་སློབ་དཔོན་བདག་ཉིད་ཀྱང་། །ཞེས་པ་ནི། དཀྱིལ་འཁོར་བྲི་བའི་རྟིང་ཐོགས་སུ། ལྷ་ལ་དབང་མི་བཟའ་བའི་ཕྱིར། ལྷའི་དམ་ཚིག་ཐོབ་པའི་ཕྱག་རྒྱས་བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་ཁ་ཟས་ཤ་
ལ་སོགས་པའི་དམ་ཚིག་བྱིན་གྱིས་བརླབ་ཅིང་མཆོད་པ་དབུལ་བར་བྱའོ། །དཀྱིལ་འཁོར་དུ་འཇུག་པ་བཤད་ཟིན་ཏོ། །ད་ནི་སྒྲུབ་ཏུ་གནང་བ་སྟོན་ཏེ། དེ་ནས་འདོད་ལྡན་རྙེད་ནས་ནི། །ཧཱུཾ་ཞེས་བྱ་བ་བསྒྲུབ་པར་བྱ། །ཞེས་པ་ནི། དེ་ནས་ནི་སྐབས་ཀྱི་རྟིང་ཐོགས་སོ། །འདོད་པ་
Vol. 66 · folio 218b
ནི་དངོས་གྲུབ་འདོད་ལ། ལྡན་པ་ནི་བདག་སྒྲུབ་པ་པོ་སྐལ་བ་དང་ལྡན་པའོ། །རྙེད་ནི་བདག་དང་གཉིས་སུ་མེད་པར་དངོས་གྲུབ་རྙེད་པའོ། །ཧཱུཾ་ནི་ལྷ་སོ་སོའི་རྩ་བའི་སྙིང་པོ་རྒྱུ་མ་ནོར་བའོ། །བསྒྲུབ་པར་བྱ་བ་ནི་དེ་ལས་མ་གཡོས་ཤིང་མི་འདའ་བར་བྱ་བའི་ཐ་ཚིག་གོ། །སྒྲུབ་
ཏུ་གནང་བ་བསྟན་ཟིན་ཏོ། །ད་ནི་སློབ་མ་འཇུག་པ་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་སྔགས་མཁན་སྒོ་སྒོར་ཡང་། །དེ་ཉིད་དྲན་བྱེད་བསྙེན་པར་བྱ། །ཞེས་པ་ནི། སྔགས་མཁན་ནི་གོང་དུ་བསྒྲུབས་པའི་སློབ་དཔོན་ནོ། །སྒོ་སྒོར་ནི་དཀྱིལ་འཁོར་གྱི་སྒོ་བཞིའོ། །ཡང་ནི་
བསྣན་པའི་ཚིག་གི་དོན་ཏེ། སློབ་དཔོན་ཞུགས་པའི་འོག་ཏུ་སློབ་མ་ཡང་གཞུག་ཅེས་པའི་ཐ་ཚིག་གོ། །དེ་ཉིད་ནི་སློབ་མ་དེ་ཉིད་དོ། །དྲན་བྱེད་ནི་དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་དང་། ལྷ་དང་སློབ་དཔོན་ནོ། །བསྙེན་པར་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱ་
བའི་ཐ་ཚིག་གོ། །དེའི་ཡོན་ཏན་ནི་བརྡ་ཕྲད་སླའོ། །ད་ནི་དངོས་གྲུབ་བླང་བ་སྟོན་ཏེ། དཀྱིལ་འཁོར་གྱི་ནི་ཚོགས་རྣམས་དང་། །རང་གི་ལྷ་ཡི་ཚོགས་རྣམས་ལ། །ཞེས་པ་ནི། དཀྱིལ་ནི་དབུས་ཀྱི་གཙོ་བོའོ། །འཁོར་ནི་ཕྱི་རོལ་ནས་བསྐོར་བ་རྣམས་སོ། །ཚོགས་རྣམས་ནི་
ལྡན་པའི་དོན་ཏོ། །རང་གི་ལྷ་ནི་བདག་གང་ལ་བབ་པའོ། །ཚོགས་ནི་གཡོག་དང་བཅས་པའོ། །རྒྱུད་ལས་འབྱུང་བའི་དམ་ཚིག་བརྗོད། །ཅེས་པ་ནི། རྒྱུད་ནི་ཐུགས་རང་བཞིན་གྱིས་རྒྱུད་ལ་གནས་པས། དོན་ནི་འདི་ཉིད་བྲེང་མ་ཆད་པ་དང་། འབྲེལ་པའི་ཕྱིར་རྒྱུན་མ་ཆད་
པར་སྨོས་སོ། །འབྱུང་བ་ནི་རྒྱུད་འདི་ཉིད་ལས་འབྱུང་བའི་དངོས་གྲུབ་སྩོལ་བའི་དོན་ཏོ། །དམ་ཚིག་ནི་བདག་དང་མི་འདའ་བའི་ཕྱིར་དམ་ཚིག་གོ། །བརྗོད་པ་ནི་གསོལ་བ་འདེབས་པའི་ཐ་ཚིག་གོ། །ད་ནི་དཀྱིལ་འཁོར་ནས་འབྱུང་བ་སྟོན་ཏེ། དེ་ནས་མཆོད་དེ་ལངས་ནས་
ཀྱང་། །ཞེས་པ་ནི། དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་། དངོས་གྲུབ་གསོལ་ཞིང་། དཀྱིལ་འཁོར་ལས་ལངས་ནས་འབྱུང་བའི་ཐ་ཚིག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚོགས་སྤྱན་རྡོ་རྗེ་སེམས་དཔའ་ཡི། །ཚུལ་དུ་གནས་ནས་འབྱུང་བར་བྱ། །ཞེས་པ་ནི། ཚོགས་ནི་དཀྱིལ་འཁོར་
Vol. 66 · folio 219a
གྱི་ལྷ་རྣམས་སོ། །སྤྱན་ནི་ཡེ་ཤེས་སོ། །རྡོ་རྗེ་ནི་ཐུགས་སོ། །སེམས་དཔའ་ནི་ཕྲིན་ལས་སོ། །ཚུལ་དུ་གནས་པ་ནི་གཉིས་སུ་མེད་པར་གནས་པའོ། །འབྱུང་བར་བྱ་བ་ནི་སློབ་མ་ཡོན་འབུལ་དུ་འཇུག་པའི་ཕྱིར་འབྱུང་བར་བྱ་ཞེས་སྨོས་སོ། །སློབ་མ་འདུས་ནས་
ཡོན་འབུལ་བ་ནི། དེ་ནས་སློབ་མ་ཞེས་པ་ནི། སྣོད་དུ་རུང་བར་བྱིན་གྱིས་བརླབ་པ་དང་། །ཐོད་པའི་ཕྱག་རྒྱ་བཅའ་བ་དང་། གདོང་གཡོགས་དཀྲི་བ་དང་། དམ་ཚིག་གི་ཆུ་བླུད་པའི་སྔགས་དང་། དམ་ཚིག་ལས་མི་འདའ་བའི་མནའ་དང་། དབང་བསྐུར་བའི་སྔགས་དང་། དབང་
བསྐུར་བར་བྱ་བ་ནི་བརྡ་ཕྲད་སླའོ། །ད་ནི་དེ་དག་གི་སྒྲུབ་པ་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནས་དེ་དག་སྒྲུབ་པ་སྟོན་ཏེ་ཞེས་པ་ནི། དེ་ནས་ནི་རྟིང་ཐོགས་སོ། །དེ་དག་ནི་གོང་གི་ལྷའོ། །སྒྲུབ་པ་ནི་གཉིས་སུ་མེད་པར་བསྒོམ་པའོ། །བདག་ཉིད་ཁྲོ་བོར་སྙོམས་ཞུགས་ཏེ། །དེས་ནི་
སྙིང་གར་ཉི་མ་བསྒོམ། །ཞེས་པ་ནི། བདག་ཉིད་ནི་སྒྲུབ་པ་པོའོ། །ཁྲོ་བོ་ནི་ཉི་མ་མེའོ། །སྙོམས་ཞུགས་ནི་གཉིས་སུ་མེད་པར་སྒོམ་པའོ། །དེས་ནི་དེ་ལྟར་སྒྲུབ་པ་དེས་ཞེས་བྱ་བའི་ཐ་ཚིག་གོ། །སྙིང་གར་ནི་ཤེས་པའི་རང་བཞིན་ལ་བྱའོ། །ཉི་མ་སྒོམ་ནི་ལྷ་ཡེ་ཤེས་
སེམས་དཔའ་བདག་དམ་ཚིག་སེམས་དཔའ་ལ་བསྒོམ་པའི་ཕྱིར་རོ། །ཉི་མའི་དཀྱིལ་འཁོར་གཅིག་བསམ་མོ། །རང་གི་ཆོས་ཀྱི་ཡི་གེ་ལས། །ཁྲོས་ནས་ཡང་དང་ཡང་ཁྲོ་ཞིང་། །དེ་གཉིས་གཅིག་ཏུ་བསྒོམ་པར་བྱ། །ཞེས་པ་ནི། རང་གི་ནི་སྒྲུབ་པ་པོ་བདག་ཉིད་དོ། །ཆོས་
ཀྱི་ནི་གོང་གི་ཉི་མའི་དཀྱིལ་འཁོར་རོ། །ཡི་གེ་ནི་སོ་སོའི་རྩ་བའི་སྔགས་སོ། །ཁྲོས་ནས་ཡང་ནི་སེམས་རབ་ཏུ་ཁྲོས་ནས་ཁྲོ་བོའི་ཚུལ་དུ་དམིགས་པ་ལ་ཡང་དང་ཡང་ཞེས་སྨོས་སོ། །ཡང་ཁྲོ་ཞིང་ནི་དེ་ལས་ཀྱང་ཁྲོ་བོའི་སྤྲུལ་པ་ཕྱོགས་བཅུར་འཕྲོ་བའོ། །དེ་གཉིས་ནི་ལྷ་ཡེ་ཤེས་
སེམས་དཔའ་དང་། བདག་དམ་ཚིག་སེམས་དཔའ་གཉིས་སོ། །གཅིག་ཏུ་བསྒོམ་པ་ནི་ཆུ་དང་འོ་མ་འདྲེས་པའི་ཚུལ་དུ་བསྒོམ་པའོ། །དེའི་ཡོན་ཏན་ཕྲིན་ལས་རྣམ་པ་བཞི་སྒྲུབ་པ་ནི་བརྡ་ཕྲད་སླའོ། །ད་ནི་མ་གྲུབ་ན་སྤོགས་པའི་ཆོ་ག་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་
Vol. 66 · folio 219b
དཔའི་ཏིང་འཛིན་གནས། །ཁྲོ་བོ་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པ་ནི། རྡོ་རྗེ་ནི་ཐུགས་སོ། །སེམས་དཔའ་ནི་སྙིང་པོ་བྱང་ཆུབ་བོ། །ཏིང་ངེ་འཛིན་ནི་དེ་ལ་གཉིས་སུ་མེད་པར་བསྒོམ་པའོ། །ཁྲོ་བོ་ནི་ཡེ་ཤེས་སོ། །དཀྱིལ་འཁོར་ནི་ཉི་མ་མེའི་དཀྱིལ་འཁོར་རོ། །
བསྒོམ་པར་བྱ་བ་ནི་བདག་དང་གཉིས་སུ་མེད་པར་སྒོམ་ཞིང་སྒྲུབ་པའི་ཐ་ཚིག་གོ། །གདུག་པའི་སེམས་ཀྱིས་འཛིན་བྱེད་ཅིང་། །ཞེས་པ་ནི། གདུག་པ་ནི་སྤྱོད་པའོ། །སེམས་ནི་དེའི་རང་བཞིན་ནོ། །འཛིན་བྱེད་ཅིང་ནི་དེ་མི་གཏོང་བར་འཛིན་པའི་ཐ་ཚིག་གོ། །མདོར་ན་དུག་
རིམས་གདོན་ལ་སོགས། །ཞེས་པ་ནི། མདོར་ན་ནི་རྣམ་པ་གཅིག་ཏུའོ། །དུག་ནི་རང་བཞིན་དང་སྦྱར་བའོ། །རིམས་ནི་ནད་སྣ་ཚོགས་པའོ། །གདོན་ལ་སོགས་ནི་གདོན་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པས་བྱིན་གྱིས་བརླབས་པའོ་ཞེའོ། །ཐབས་ལ་སོགས་པ་འཇོམས་བྱེད་པ། །
ཞེས་པ་ནི། ཐབས་ནི་གོང་དུ་གསུངས་པའི་བྱེ་བྲག་གོ། །འཇོམས་བྱེད་ནི་དེ་འདུལ་བའི་གཉེན་པོའོ། །ཁྲོས་ནས་སྙིང་ལས་འབྱུང་འགྱུར་བ་ནི། ཁྲོས་པ་ནི་ཐུགས་རྗེའོ། །སྙིང་ལས་འབྱུང་བ་ནི་སེམས་ལས་ཁྲོ་བོའི་སྤྲུལ་པ་འབྱུང་བའོ། །བསད་པའི་ལས་ནི་བསམ་
པར་བྱ། །ཞེས་པ་ནི། བསད་པ་ནི་གོང་གིས་ལས་ཀྱི་བྱེ་བྲག་རྣམས་མེད་པར་བསམ་པའི་ཐ་ཚིག་གོ། །ཁྲོས་པར་གྱུར་པའི་རྒོད་མ་ཁས། །ཤ་དང་ཁྲག་ནི་འཇིབ་བྱེད་ཅིང་། །ཞེས་པ་ནི། ཁྲོས་པར་གྱུར་པ་ནི། སེམས་གོང་གི་རིམས་ནད་ལ་སོགས་པ་གདོན་འབྱུང་བའོ། །
རྒོད་མ་ཁ་ནི་བདག་ཉིད་རྟ་མགྲིན་གྱི་ཏིང་ངེ་འཛིན་དུ་ཞུགས་ལ། དེ་རྣམས་ཀྱིས་ཤ་དང་ཁྲག་འཇིབ་ཅིང་སྟོབས་འཕྲོག་པར་བསམ་པ་དང་། འོད་ཟེར་གྱི་སྤྲུལ་པ་སྣ་ཚོགས་པ་ཐུགས་ཀ་ནས་ཕྱུང་ནས། རིམས་ནད་ལ་སོགས་པ་རྣམས་ཞི་བར་འགྱུར་ཞེས་གསུངས་ཏེ། མ་གྲུབ་ན་
སྤོགས་པའི་ཆོ་ག་བསྟན་ཟིན་ཏོ། །ད་ནི་སྲུང་བའི་ཆོ་ག་སྟོན་ཏེ། དེ་ནས་ཧཱུཾ་གི་ཚིག་བཞག་ལ། །རྡོ་རྗེ་ལྟ་བུའི་ལུས་བསམ་ཞིང་། །ཞེས་པ་ནི། ནད་པའི་ལུས་བྱིན་གྱིས་བརླབ་པའི་དོན་ཆེད་དུ། བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཧཱུཾ་གི་ཚིག་སྣ་ཚོགས་པ་ཕྱུང་ཞིང་། ནད་པའི་
Vol. 66 · folio 220a
ལུས་གཞིག་ཅིང་བསྟིམས་པའི་ནད་པའི་ལུས་ལ་འོད་དུ་ཞུ་སྟེ་རྡོ་རྗེའི་ངོ་བོར་གྱུར་པར་བསྒོམ་མོ། །ཧཾ་གིས་འཁོར་ལོའི་ཆོ་ག་བྱ། །འོད་ཟེར་ཆུ་ཡིས་དབང་བསྐུར་རོ། །ཞེས་པ་ནི། དེ་ལྟར་ལུས་བྱིན་གྱིས་བརླབས་པའི་ནད་པ་དེ། ཧཾ་སྤྲོས་པས་ཡེ་ཤེས་ཀྱི་འཁོར་ལོའི་གོ་
ཆ་བླ་ན་མེད་པར་གྱུར་ཏེ། དེའི་འོད་བདག་གི་ཐུགས་ཀའི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་འོད་ཟེར་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ཆུ་ལྟར་གཤེར་བས་ནད་པའི་སྤྱི་བོ་ནས་དབང་བསྐུར་བས་ནད་ལྔ་སོས་པར་བྱིན་གྱིས་བརླབས་པའི་ཐ་ཚིག་གོ། །དེ་ནས་དེ་ཡི་མིང་ཟློས་ཤིང་། །
བཟླས་པ་ཚུལ་བཞིན་བསམ་པར་བྱ། །ཞེས་པ་ནི། དེ་ནས་ཞེས་བྱ་བ་ནི་རྟིང་ཐོགས་སོ། །མིང་སྨོས་ནི་ནད་པའོ། །བཟླས་པ་ནི་ཕྲིན་ལས་རྣམ་པ་བཞི་གང་བྱེད་པའི་བཟླས་པའོ། །ཚུལ་བཞིན་ནི་མ་ནོར་པའོ། །བསམ་པར་བྱ་བ་ནི་སོ་སོའི་ནད་རྣམས་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་སྨོས་
སོ། །བསྲུང་བའི་ཆོ་ག་བཤད་ཟིན་ཏོ། །ད་ནི་ཞི་བའི་སྦྱིན་སྲེག་སྟོན་ཏེ། དེ་ནས། ཁུང་བུ་གསུམ་ལས་རྣམ་གཅིག་ཏུ། །ཞེས་པ་ནི་ཁུང་བུ་གསུམ་ནི་རབ་འབྲིང་རྣམ་པ་གསུམ་ལ་བྱའོ། །རྣམ་གཅིག་ཏུ་ནི་དེ་གསུམ་གྱི་ཁ་དོག་དབྱིབས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཟླ་བ་རྒྱས་
པའི་འོད་ཟེར་འཕྲོ་འདྲ་ལ། །ཞེས་པ་ནི། ཟླ་བ་ལྟར་ནི་དཀར་བ། རྒྱས་པ་ལྟར་ནི་ཟླུམ་པ། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ་འདྲ་བ་ལ། དབྱིབས་སུ་སྨོས་ཞེས་པའི་ཐ་ཚིག་གོ། །དེ་ཡང་ཁུང་བུ་རབ་འབྲིང་ཐ་མ་གསུམ་ནི་བློའི་ཁྱད་པར་དང་། བསོད་ནམས་ཀྱི་ཁྱད་པར་དུ་སྨོས་ཏེ། དེ་ལ་
རྣམ་གཅིག་ཏུ་འོད་ནི་མེ་འོད་དོ། །ཟེར་ནི་མུ་རན་དང་ཁ་ཁྱེར་རོ། །འཕྲོ་བ་ནི་པདྨའི་འདབ་མའོ། །དེ་ཡང་ཐུགས་ཆོས་ཉིད་ལས་མ་གཡོས་པ་ནི་ཐབ་ཁུང་ཁྲུ་གང་དུ་སྨོས་སོ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་ཁྲུ་དོའོ། །ཚད་མེད་པའི་ཕྲིན་ལས་རྣམ་པ་བཞིས་འགྲོ་
བའི་དོན་མཛད་པས་ཁྲུ་བཞིའོ། །ཉོན་མོངས་པའི་འཁོར་བ་རྩད་ནས་གཅོད་པའི་རྟགས་སུ། དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྲི། གཟུང་འཛིན་གྱི་སྐྱོན་སྤངས་པའི་རྟགས་སུ་ཟླ་བའི་དཀྱིལ་འཁོར་བྲིའོ། །ཉོན་མོངས་པའི་མཚན་མ་འཇོམས་པའི་རྟགས་སུ་ཡེ་ཤེས་ཀྱི་རྡོ་རྗེ་
Vol. 66 · folio 220b
རྩེ་ལྔ་པ་ལ་ཡེ་ཤེས་ཀྱི་འོད་དཀར་པོ་འཕྲོ་བ་བྲིའོ། །ཉོན་མོངས་པའི་འཁོར་བའི་མུན་པ་སེལ་བའི་རྟགས་སུ་མེ་འོད་བྲིའོ། །རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པས་ཕྱི་རོལ་རྡོ་རྗེ་ར་བ་ཟླུམ་པོས་བསྐོར་རོ། །སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པས་སྣམ་བུ་རིམ་པ་གསུམ་གསུམ་དུ་བསྟན་
པར་བྱའོ། །ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་པདྨའི་འདབ་མ་བྲིའོ། །ཡེ་ཤེས་བཞི་རྟོགས་པའི་ཡུལ་ཡིན་པས་ཕྱི་རོལ་གྲུ་བཞིར་བྱའོ། །བསྡུ་བའི་དངོས་པོ་བཞིས་སེམས་ཅན་སྡུད་པས་ན་སྒོ་བཞིར་བྱའོ། །རིམ་པ་དང་པོ་ལ་རིགས་བཞིའོ། །གཉིས་པ་ལ་སེམས་
དཔའོ། །གསུམ་པ་ལ་ཕྱོགས་སྐྱོང་དང་ལྷ་ཆེན་པོ་སྤེལ་མར་བྲིའོ། །སྒོར་རྒྱལ་པོ་ཆེན་པོ་བཞི་བྲིའོ་ཞེས་སྨོས་སོ། །རིགས་བརྒྱར་ལ་སོགས་ཟུར་ཕྱིན་ཅིང་། །ཞེས་པ་ནི་རིགས་ནི་ལྔའོ། །བརྒྱར་དབྱེ་བ་ནི་སྐུ་གསུང་ཐུགས་གསུམ་སྟེ། རིགས་བཅོ་ལྔའོ། །དེ་ལ་ཡང་
ཡེ་ཤེས་རྣམ་པ་ལྔ་ལྔ་སྟེ་རིགས་བདུན་ཅུ་རྩ་ལྔའོ། །དེ་ལ་ཕྲིན་ལས་རྣམ་པ་བཞི་སྟེ་རིགས་དགུ་བཅུ་རྩ་ལྔའོ། །དེ་ཡང་ཐབས་དང་ཤེས་རབ་ཟུང་འབྲེལ་ཏེ། གཉིས་སུ་མེད་པས་གཉིས་གཅིག་ཏུ་བརྩིས་པས་བརྒྱ་ཐམ་པའོ། །ཟུར་ཕྱིན་ཅིང་ནི་གསལ་བར་བྱ་བ་དང་། ཕྱོགས་མ་ནོར་
བར་བྱ་བའི་ཐ་ཚིག་གོ། །གཞན་མ་ཆ་རྐྱེན་ནི་བརྡ་ཕྲད་སླའོ། །མེ་བརྟག་པ་དང་། ཡི་དམ་གྱི་ལྷ་སྤྱན་དྲང་བ་དང་། མཆོད་པའི་ཐབས་དང་བསམ་རྒྱུད་ནི་དེ་དང་འདྲ་བའོ། །ད་ནི་ཞི་བའི་མཆོད་པ་མདོར་བསྡུས་པ་སྟོན་ཏེ། དེ་ནས་དཀོན་མཆོག་གསུམ་ལ་གསུམ། །ཞེས་པ་ནི། ཐེག་
པ་ཆེན་པོའི་ཆོས་ཁུངས་མི་གསུང་བའི་དོན་ཆེད་དུ། སངས་རྒྱས་ཡབ་དང་། དམ་ཆོས་ཡུམ་དང་། དགེ་འདུན་སྲས་རྣམས་ལ་སྐུ་གསུང་ཐུགས་མཉེས་པར་བྱ་བའི་ཕྱིར་གསུམ་ཞེས་སྨོས་པའི་ཕྱིར་རོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཞལ་མེ་ལྷ་ལ་ཡང་གསུམ་མོ། །བསྒྲུབ་པའི་
རྟེན་ཡིན་པས་རྡོ་རྗེ་སེམས་དཔའ་ལ་ཡང་གསུམ་མོ། །དམ་ཚིག་ཉམས་པ་བསྐང་བའི་ཕྱིར་ཕྱི་མ་ལ་ཡང་གསུམ་མོ། །སྙིང་རྗེའི་ཞིང་ཡིན་པས་བགེགས་དང་འབྱུང་པོ་ལ་ཡང་གསུམ་མོ། །ཡམ་ཤིང་བསྲེག་པའི་ཐབས་དང་། བསྙེན་པའི་ཚད་དང་། ལས་ཀྱི་ལྷག་ཆད་ཁ་བསྐང་བ་
Vol. 66 · folio 221a
དང་། སླར་གཤེགས་སུ་གསོལ་བ་དང་། གྲུབ་པའི་རྟགས་དང་། སྡིག་ཅན་མ་གྲུབ་ན་གྲུབ་པའི་ཐབས་བརྡ་ཕྲད་པར་སླའོ། །ཞི་བའི་སྦྱིན་སྲེག་གི་དོན་བསྡུས་པ་བཤད་ཟིན་ཏོ། །ད་ནི་རྒྱས་པའི་ལས་བཤད་པར་བྱ་སྟེ། གནས་ཕུན་སུམ་ཚོགས་པ་བདེ་སྟེ་མ་བཀྲལ་
ལོ། །ཧོམ་ཁུང་གི་ཚད་ནི། ཧོམ་ཁུང་ཁྲུ་དོ་ཁྲུ་བཞི་པ། །དེ་ལྟར་མཆོག་ནི་ཁྲུ་བརྒྱད་པའོ། །ཞེས་པ་ནི། གཟུང་འཛིན་རྣམ་པ་གཉིས་སྤངས་པས་ཁྲུ་དོའོ། །སྐྱེ་གནས་བཞི་སྦྱོང་བས་ཁྲུ་བཞི། རྣམ་པར་ཐར་པ་བརྒྱད་དང་ལྡན་པས་ཁྲུ་བརྒྱད་དོ། །རབ་འབྲིང་དེ་རྣམས་ཀྱང་
འབངས་དང་བློན་པོ་དང་། རྒྱལ་པོ་གསུམ་གྱི་ཚད་དུ་ཡང་གསུངས་སོ། །ཆུང་མཆོག་བར་མ་རྣམས་ལ་གཅིག །ཅེས་པ་ནི། ཆུང་བ་ནི་ཁྲུ་དོ། མཆོག་ནི་ཁྲུ་བརྒྱད་དོ། །བར་མ་ནི་ཁྲུ་བཞིའོ། །དེ་རྣམས་གང་ལྕོགས་པ་ཅིག་ལ་དཀྱིལ་འཁོར་བྲི་ཞིང་རྒྱས་པའི་ལས་བྱ་ཞེས་
པའི་ཐ་ཚིག་གོ། །སྟེགས་བུ་བརྩེགས་པའི་དཀྱིལ་འཁོར་ནི། །ཞེས་པ་ནི། སྟེགས་བུ་ནི་ས་སྟེགས་སོ། །དཀྱིལ་ནི་དབུས་ཀྱི་ཕོ་བྲང་ཐབ་ཁུང་དུ་སྨོས་པའོ། །འཁོར་ནི་དེའི་ཕྱི་ཚད་དོ། །ཐབ་ཁུང་ཁྲུ་དོ། ཕྱི་ཚད་ནི་ཁྲུ་བརྒྱད་དེ། ཕྲིན་ལས་རྣམ་པ་བཞི་དང་། ཚད་མེད་པ་
བཞི་སྟེ་བརྒྱད་དང་ལྡན་པའི་རྟགས་སོ། །ཐབ་ཁུང་བར་མ་ཁྲུ་བཞིའི་ཕྱི་ཚད་ནི་ཁྲུ་བཅུ་གཉིས་ཏེ། མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་རྟེན་འབྲེལ་བཅུ་གཉིས་ལྡོག་པའི་དོན་ཏོ། །རབ་ཁྲུ་བརྒྱད་ཀྱི་ཕྱི་ཚད་ནི་ཁྲུ་བཅུ་དྲུག་སྟེ། དམྱལ་བའི་ཁམས་བཅུ་དྲུག་གི་གཉེན་པོ་ཡེ་ཤེས་བཅུ་
དྲུག་གིས་སྦྱོང་བའི་དོན་ཏོ། །མུ་ཁྱུད་སོར་བརྒྱད་བཅུ་དྲུག་གམ། །སུམ་ཅུ་གཉིས་སུ་བྱས་པས་ཡིན། །ཞེས་པ་ནི། ཐབ་ཀྱི་ཁ་ཁྱེར་ཆུང་བའི་ཚད་ནི་སོར་བརྒྱད་དེ། རྣམ་པར་ཐར་པ་བརྒྱད་དང་ལྡན་པའོ། །འབྲིང་གི་མུ་ཁྱུད་སོར་བཅུ་དྲུག་ནི་སེམས་དཔའ་བཅུ་དྲུག་གི་དོན་ཏོ། །མཆོག་གི་
མུ་ཁྱུད་ནི་སོར་སུམ་ཅུ་རྩ་གཉིས་ཏེ། གནས་གཞན་སུམ་ཅུ་རྩ་གཉིས་ནི་ཤེས་པ་སུམ་ཅུ་རྩ་གཉིས་ཀྱིས་སྦྱོང་བའི་ཐ་ཚིག་གོ །ཕྱི་ཡི་དཀྱིལ་འཁོར་དེ་ཡི་ཕྱེད། །ཞེས་པ་ནི། ཕྱི་ནི་མུ་ཁྱུད་ཀྱི་ཕྱི་རོལ་ལོ། །འཁོར་ལོ་ནི་སྣམ་བུའི་ཕྱི་རོལ་དུ་བསྐོར་བའོ། །དེའི་ཕྱེད་ནི་ཐབ་ཁུང་
Vol. 66 · folio 221b
དེའི་ཕྱེད་ཙམ་ཅིག་ཕྱི་རོལ་སྣམ་བུ་ལ་ཕྱི་རོལ་གཅད་པའི་ཐ་ཚིག་གོ། །དཀྱིལ་འཁོར་དབུས་སུ་རིན་ཆེན་དང་། །ཞེས་པ་ནི། དབུས་ནི་སྦྱང་བའི་ཕོ་བྲང་སྟེ། རིན་པོ་ཆེ་འབར་བ་གསེར་གྱི་འོད་འདྲ་བ་བྲིའོ། །ཕྱི་རོལ་གྱི་མུ་རན་ལ་ཡང་པདྨ་དང་རིན་པོ་ཆེ་སྤེལ་མ་བྲིའོ། །དེ་ཡི་དབུས་སུ་བརྐོ་བ་
ནི། །ལེགས་པར་བརྟགས་ཏེ་ཕྱེད་ཀྱི་ཚད། །ཅེས་པ་ནི། དེའི་འོག་ཏུ་ཞེས་གསུངས་པ་ནི་སྟེགས་བུའོ། །དབུས་ནི་ཐབ་ཁུང་ངོ་། །ལེགས་པར་ནི་ཐིག་ཚད་ལ་དབབ་པའི་ཐ་ཚིག་གོ། །བལྟས་པ་ནི་གཟུ་ལུམས་མི་བྱ་བའི་ཐ་ཚིག་གོ། །ཕྱེད་ཀྱི་ཚད་ནི་ཐབ་ཁུང་གི་ཕྱེད་ཚད་
གཅིག་ནང་དུ་བརྐོ་བའོ། །ཁྲུ་བཞི་པའམ་ཁྲུ་བརྒྱད་པ། །ཡང་ན་དཔལ་སྐྱེས་པདྨ་འདྲ། །ཞེས་པ་ནི། ཕྱིའི་དབྱིབས་ཏེ་ཡེ་ཤེས་བཞིའི་རྟོགས་པའི་ཡུལ་ཡིན་པས་ཕྱི་རོལ་ཁྲུ་བཞི་པར་བྱའོ། །དེ་ཐབ་ཁུང་ཆུང་ཚད་ཀྱི་ཕྱི་རོལ་གྱི་དབྱིབས་སོ། །ཐབ་ཁུང་འབྲིང་གི་དབྱིབས་ནི་
ཟུར་བརྒྱད་པར་བྱ་སྟེ། ཚད་མེད་པ་བཞི་དང་བསྡུ་བའི་དངོས་པོ་བཞིས་འགྲོ་བའི་དོན་མཛད་པའི་རྟགས་སོ། །ཡང་ན་ནི་ཆུང་འབྲིང་གཉིས་ལ་བསྣན་པའི་རྟགས་སོ། །དཔལ་སྐྱེས་ནི་བསོད་ནམས་རབ་ཀྱིས་བྱ་བའི་ཐ་ཚིག་གོ། །པདྨ་འདྲ་ནི་པདྨ་གྱེས་པ་ལྟར་ཆེ་བའི་དབྱིབས་
ཟླུམ་པོར་བྱ་བའི་ཐ་ཚིག་གོ། །ཚོན་གྱིས་བྲིས་པའི་ཐབ་ནི་བརྡ་ཕྲད་སླའོ། །རིམ་གཉིས་ཡང་ན་རིམ་བཞིའམ། །ཡང་ན་རིམ་པ་བརྒྱད་ལྡན་པར། །ཞེས་པ་ནི། རིམ་གཉིས་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་སྣམ་བུ་གཉིས་སུ་བྱའོ། །ཡང་ན་ནི་བསྣན་ཏེ།
རིམ་པ་བཞིར་སྨོས་ཏེ། འཇིག་རྟེན་པའི་སྣམ་བུ་གཉིས་དང་། འཇིག་རྟེན་ལས་འདས་པའི་གཉིས་ཏེ་བཞིའོ། །རིམ་པ་བརྒྱད་ནི་མེ་རི་དང་རྡོ་རྗེ་ར་བ་དང་། མཆོད་སྣམ་དང་། སྒོ་སྣམ་བཞི་སྟེ། བརྒྱད་དང་ལྡན་པར་བྱ་ཞེས་སྨོས་ཏེ། སོ་སོའི་ཕྱག་མཚན་དང་ལྡན་པར་བྲིའོ། །རྒྱན་
ཆས་ནི་བརྡ་ཕྲད་སླའོ། །ལས་དང་བྱ་བའི་ཐབས་ནི། བྱང་ཕྱོགས་ཁ་བལྟས་འདུག་ནས་ནི། །འཇིག་རྟེན་གསུམ་འདུལ་ཁྲོ་བོ་ནི། །ཞེས་པ་ནི། གནོད་སྦྱིན་གྱི་གཏེར་སྒྲུབ་པའི་ཕྱིར་བྱང་ཕྱོགས་སུ་ཁ་ལྟའོ། །དངོས་གྲུབ་མི་ཉམས་པར་བྱ་བའི་ཕྱིར་ནི་འདུག་ནས་ཞེས་སྨོས་
Vol. 66 · folio 222a
སོ། །འཇིག་རྟེན་གསུམ་འདུལ་ཁྲོ་བོ་ནི། །ཞེས་པ་ནི། འཇིག་རྟེན་གསུམ་ནི་བདེ་བ་བསྒྲུབ་པའི་ཕྱིར་ན། ཏྲཻ་ལོ་ཀྱ་བི་ཛ་ཡའི་ཁྲོ་བོའི་ཏིང་ངེ་འཛིན་དུ་སྒོམ་པ་སྨོས་སོ། །ཉིད་ཀྱི་རྣལ་འབྱོར་རྗེས་དྲན་ཞིང་། །ལྷ་ཡི་ཡིད་བཞིན་ནོར་རྒྱལ་མཚན། །ཞེས་པ་ནི། ཉིད་ཀྱི་ནི་
ལྷའོ། །དོན་དམ་པར་ཆོས་ཉིད་དང་ཡེ་ཤེས་རྣལ་འབྱོར་རྗེས་སུ་དྲན་པ་དང་། ཀུན་རྫོབ་ཏུ་ལྷ་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་སེམས་དཔའ་རྗེས་སུ་དྲན་ཞིང་སྒོམ་པས་ལྷའི་ཡིད་བཞིན་གྱི་བདེ་བའོ། །ནོར་དང་རྒྱལ་མཚན་ནི་བདུད་ལས་རྒྱལ་བའི་རྟགས་ཐོབ་པའོ། །གཏེར་
སྒྲུབ་པའི་ཡོན་ཏན་ནི་བདེ་སྟེ་བརྡ་ཕྲད་སླའོ། །ད་ནི་གང་བྱ་བའི་དམིགས་སྟོན་ཏེ། རྒྱལ་བར་བྱ་ཕྱིར་དེ་མིང་ནས། །ཞེས་པ་ནི། གང་ནོར་ཟད་པ་དེ་ནོར་སྤེལ་བའི་ཕྱིར། འཇིག་རྟེན་གསུམ་འདུལ་ལ་སོགས་པ་ལྷ་སོ་སོའི་སྔགས་དང་། དེའི་མིང་སྤེལ་ལ་པུཥྚིཾ་ཀུ་རུ་ཞེས་
གྲངས་ཀྱི་བསྙེན་པ་གཞུང་བཞིན་དུ་བྱས་ན་འགྲུབ་ཅེའོ། །སྦྱིན་སྲེག་བྱ་བའི་བསམ་རྒྱུད་ཡན་ལག་དང་བཅས་པ་དང་། ཡམ་ཤིང་ཆོ་ག་དང་བཅས་པ་དང་། མེ་ལྷ་སྤྱན་དྲངས་ནས་སྦྱིན་སྲེག་བྱ་བ་དང་། སྔགས་མཁན་ཁྲོ་བོའི་ཏིང་ངེ་འཛིན་དུ་བཞུགས་ནས་སྦྱིན་སྲེག་དང་། གཉེན་
པོའི་ཡོན་ཏན་ནི་བརྡ་ཕྲད་སླའོ། །རྒྱས་པའི་ལས་མདོར་བསྡུས་པ་བཤད་ཟིན་ཏོ། །ད་ནི་དབང་གི་ལས་སྟོན་ཏེ། དབང་ནི་ཆགས་པའི་སེམས་ཀྱིས་སམ། ཡེ་ཤེས་ཀྱིས་ཆོས་ཉིད་ལ་དབང་སྒྱུར་བ་དང་། ཐུགས་རྗེས་འགྲོ་བ་ལ་དབང་སྒྱུར་བས་དབང་ངོ་། །དེ་མི་གཏོང་ཞིང་འཛིན་
པས་ན་ཆགས་པའོ། །དེ་གཉིས་སུ་མེད་པར་སྒོམ་དགོས་པས་ན། སེམས་ཀྱིས་སམ་ཞེས་གསུངས་ཏེ། དེ་ནི་ཆགས་པའི་ཡུལ་ཆགས་པའི་སེམས་ཀྱིས་བྱ་བའི་ཐ་ཚིག་གོ། །གང་དུ་བྱ་བའི་གནས་ནི་བདེ་སྟེ་བརྡ་ཕྲད་སླའོ། །ད་ནི་ཇི་ལྟར་བྱ་བའི་ཐབས་སྟོན་ཏེ། དེར་ནི་སྟེགས་བུ་ཁྲུ་
བརྒྱད་དམ། དེ་ལྟར་བཅུ་གཉིས་བཅུ་དྲུག་རྣམས། །ཞེས་པ་ནི་དེར་ནི་གཞུང་ནས་འབྱུང་བའི་གནས་སོ། །སྟེགས་བུ་ནི་ས་སྟེགས་སོ། །ཁྲུ་བརྒྱད་ནི་ཧོམ་ཁུང་ཆུང་བའི་ཕྱི་ཚད་དེ། ལྟ་བ་ལོག་པ་བརྒྱད་འདུལ་བའི་གཉེན་པོར་གསུངས་སོ། །བཅུ་གཉིས་ནི་ཧོམ་ཁུང་འབྲིང་
Vol. 66 · folio 222b
གི་ཕྱི་ཚད་དེ། རྟེན་འབྲེལ་བཅུ་གཉིས་ལུགས་ལས་བཟློག་པའི་རྟགས་སོ། །བཅུ་དྲུག་ནི་ཧོམ་ཁུང་རབ་ཀྱི་ཕྱིའི་ཚད་དེ། སྡུག་བསྔལ་རབ་ཀྱི་མཐར་ཐུག་པ། དམྱལ་ཁམས་བཅུ་དྲུག་ཐུགས་རྗེས་དབང་དུ་སྡུད་ཅིང་འདུལ་བའི་གཉེན་པོར་གསུངས་སོ། །ཧོམ་ཁུང་
དཀྱིལ་འཁོར་བྱ་བ་ནི། །ཁྲུ་གང་ཡང་ན་ཁྲུ་དོའམ། །དེ་ལྟར་ཁྲུ་ནི་བཞི་པར་བྱ། །ཞེས་པ་ནི། ཧོམ་ཁུང་གི་དབུས་ཀྱི་ཕོ་བྲང་སྟེ་ཐབ་ཁུང་ངོ་། །དཀྱིལ་ནི་ཚད་མ་ནོར་བའི་རྟགས་སོ། །འཁོར་ནི་ཕྱིའི་ཚད་གོང་མ་ལ་བྱ་ཞེས་པའི་ཐ་ཚིག་གོ། །ཁྲུ་གང་ནི་སྟེགས་བུ་ཁྲུ་བརྒྱད་ཀྱི་ཐབ་ཁུང་
སྟེ། ཆོས་ཉིད་དུ་ལ་འདའ་བས་ཁྲུ་གང་ངོ་། །ཁྲུ་དོ་ནི་བཅུ་ཁྲུ་བཅུ་གཉིས་ཀྱི་ཐབ་ཁུང་གི་ཚད་དེ། ཐབས་དང་ཤེས་རབ་གཉིས་སུ་མེད་པས་མཐའ་གཉིས་ལ་དབང་སྒྱུར་བའི་རྟགས་སུ་ཁྲུ་དོར་བསྟན་ཏོ། །ཁྲུ་བཞི་ནི་ཁྲུ་བཅུ་དྲུག་གི་ཐབ་ཁུང་གི་ཚད་དེ། བསྡུ་བའི་དངོས་པོ་བཞིས་དམྱལ་
ཁམས་བཅུ་དྲུག་སྡུད་པས་ན་ཁྲུ་བཞི་སྨོས་སོ། །གཞུ་འདྲ་བ་དང་པདྨ་དང་། །ཞེས་པ་ནི། ཞི་གནས་གཞུ་འདྲ་བས་དབང་དུ་སྡུད་པའི་དོན་ཆེད་དུ་ནི་གཞུའི་དབྱིབས་འདྲ་བར་སྨོས་སོ། །ཆགས་པའི་ཚུལ་གྱིས་ཆགས་པ་དབང་དུ་སྡུད་པའི་དོན་ཆེད་དུ་པདྨ་འདྲ་སྟེ། འདབ་མ་མཁལ་ཡོན་
དུ་འདུག་པས་དེའི་ཚུལ་དུ་བརྐོའོ། །ཐུགས་རྩེ་གཅིག་པའི་སྒོ་ནས་དབང་དུ་སྡུད་པའི་དོན་ཆེད་དུ། ཡང་ན་རྡོ་རྗེ་འདྲ་བར་བྱ། །ཞེས་པ་ནི། རྡོ་རྗེ་རྩེ་གཅིག་པའི་ཚུལ་དུ་བརྐོ་སྟེ། སྣ་གཉིས་ཕྲ་ལ་དཀྱིལ་སྦོམ་ལ་འབུར་བའི་ཐ་ཚིག་གོ། །མདའ་འདྲ་ཟླ་བ་ཁམ་པའམ། །ཞེས་པ་
ནི། ལྷག་མཐོང་མདའ་དང་འདྲ་བས་དོན་དབང་དུ་སྡུད་ཅིང་འབིགས་པའི་ཕྱིར་ན་མདའ་ཞེས་སྨོས་སོ། །མདེའུ་སྟེའུ་ཁ་ལྟར་སོག་ཀར་ཐབ་ཁུང་བརྐོ་བའི་ཐ་ཚིག་གོ། །ཟླ་བ་ཡར་གྱི་ངོ་བཞིན་དུ་ཐུགས་རྗེས་འགྲོ་བའི་དོན་ལ་འཕེལ་ཞིང་དབང་སྡུད་པའི་དོན་ཆེད་དུ་ཟླ་གམ་འདྲ་སྟེ་ཚེས་
བརྒྱད་པའི་ཚུལ་ལོ། །ནང་གི་ཐབ་ཁུང་བཞིན་དུ་ཕྱི་རོལ་གྱི་ཚད་ཀྱང་དེ་བཞིན་དུ་བྱའོ། །རྣམ་པ་གཅིག་ཏུ་ན་དེ་རྣམས་ཀྱང་རྒྱན་ཆས་སུ་ཤེས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཐབ་ཁུང་ནང་དུ་པདྨ་བྲི། །ཞེས་པ་ནི། ཐབ་ཁུང་ནང་དུ་པདྨ་འདབ་མ་བརྒྱད་པ་ཅིག་བྲི་སྟེ། པདྨ་དང་ཞེས་པར་
Vol. 66 · folio 223a
སྦྱར་རོ། །དེའི་སྟེང་དུ་མདའ་བཅས་གཞུ་སྟེ། པདྨ་དེའི་སྟེང་དུ་མདའ་སྒྲོ་ཤར་དུ་བཅུག་པ་མདེའུ་རྩེ་ནུབ་ཏུ་བལྟ་བ་བྲི་སྟེ། གཞུ་འདྲ་དང་། མདའ་དང་ཞེས་པ་དང་སྦྱར་རོ། །གཞུ་ཡི་དབུས་སུ་རྡོ་རྗེ་ཉིད། །ཅེས་པ་ནི། མདའི་སྟོང་རྡོ་རྗེ་ལྟ་བུ་ཉིད་དུ་ལྡན་པས་ན། ཡང་ན་རྡོ་རྗེ་འདྲ་བ་
དང་སྦྱར་རོ། །ཟླ་བ་ནི་ཕྱིའི་གཟུགས་སུ་ཤེས་པར་བྱ། ཕྱི་མ་ནི་རྒྱན་ཆས་ཏེ། འོག་གི་དོན་གོང་དུ་སྦྱར་ཞིང་ཤེས་པར་བྱའོ། །མདའ་དང་འདྲ་ཞེས་པ་ནི་རྒྱན་ཆས་དེ་ལྟ་བུའི་ཐ་ཚིག་ཏུ་བྲི་བའི་ཕྱིར་རོ། །ཞེང་དུ་ཆུ་ཡི་ཕྱེད་ཀྱི་ཚད། །ཅེས་པ་ནི། ཞེང་ནི་གློའི་དཀྱིལ་ཚད་དོ། །ཆུ་ནི་ཟླ་གམ་
གྱི་སྣ་རེ་རེའི་ཚད་དོ། །ཕྱེད་ཚད་ནི་སྣའི་ཕྱེད་ཚད་གཅིག་ཞེང་དུ་བྱ་བའི་ཐ་ཚིག་གོ། །ཞེང་གི་ཚད་ཀྱི་ཕྱེད་ཚད་དུ། །ཧོམ་ཁུང་ཟབས་སུ་བརྐོ་བར་བྱ། །ཞེས་པ་ནི་ཞེང་ཕྱེད་མར་བཏང་བའི་ཕྱེད་ཚད་གཅིག་ནང་དུ་ཟབས་སུ་བརྐོ་བའི་ཐ་ཚིག་གོ། །མུ་ཁྱུད་སོར་ནི་བཞི་པར་བྱ། །ཉིས་
འགྱུར་བ་ནི་ཉིས་འགྱུར་བྱ། །ཞེས་པ་ནི། མུ་ཁྱུད་ནི་ཁ་ཁྱེར་རོ། །སོར་བཞི་ནི་ཡེ་ཤེས་བཞིའི་རང་བཞིན་ཏེ། ཁྲུ་བརྒྱད་པའི་ཁ་ཁྱེར་རོ། །དེ་ནི་ཆུང་ཚད་དོ། །ཉིས་འགྱུར་ནི་འབྲིང་ཁྲུ་བཅུ་གཉིས་པའི་ཁ་ཁྱེར་གྱི་ཚད་དོ། །སོར་བཞི་ཉིས་འགྱུར་དུ་བྱ་ནི་སོར་བརྒྱད་དེ། འཕགས་པའི་
ལམ་ཡན་ལག་བརྒྱད་པ་ལ་དགོད་པའི་རྟགས་སོ། །ཉིས་འགྱུར་བྱ་ནི་ཁྲུ་བཅུ་དྲུག་པ་རབ་ཀྱི་ཁ་ཁྱེར་གྱི་ཚད་དེ། བརྒྱད་ལས་ཉིས་འགྱུར་རོ། །བཅུ་དྲུག་སྟེ་སེམས་དཔའ་བཅུ་དྲུག་གིས་འགྲོ་བའི་དོན་རྒྱས་པར་མཛད་པའི་རྟགས་སོ། །ཧོམ་བྱ་བའི་ཐབས་བསྟན་ཏོ། །ཡམ་ཤིང་དང་།
མཆོད་རྫས་དང་། ཁ་དོག་དང་། ལྷ་བྲི་བའི་ཐབས་དང་། སྔགས་མཁན་ཁ་གང་ཕྱོགས་སུ་ལྟ་བ་ནི་བརྡ་ཕྲད་སླའོ། །ད་ནི་བསམ་རྒྱུད་བསྟན་ཏེ། པདྨ་དམར་པོའི་གདན་བསམ་པར། །རབ་ཆགས་ཕྱག་ན་པདྨ་བསྣམས། །ཞེས་པ་ནི། པདྨ་ནི་ཆགས་པའི་དོན་ཏེ། ཆགས་པའི་ཚུལ་གྱིས་
དོན་མཛད་པའོ། །དམར་བ་ནི་ཁ་དོག་སྟེ་མ་གོས་པའི་ཐ་ཚིག་གོ། །གདན་ནི་བཞུགས་པ་སྟེ། ཐུགས་རྗེའི་རྟགས་སོ། །བསམ་པ་ལ་ནི་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་བ་དབུ་ལ་ཚེ་དཔག་མེད་བཞུགས་པར་བསྒོམ་ཞེའོ། །རབ་ནི་ཡེ་ཤེས་ཏེ་གཟུང་འཛིན་སྤངས་
Vol. 66 · folio 223b
པའི་རབ་བོ། །ཆགས་ནི་ཐུགས་རྗེ་སྟེ། འཁོར་བའི་གནས་ན་བཞུགས་པའོ། །ཕྱག་ནི་གཡས་སོ། །བསམ་པ་ལ་པདྨ་ནི་རང་རྟགས་ཐུགས་ཀ་ན་འཛིན་པའི་ཐ་ཚིག་གོ། །གཡོན་དུ་རྡོ་རྗེ་ཆགས་པ་ལ། །ཞེས་པ་ནི། བདག་ཉིད་ལས་ཀྱི་ལྷ་དེ་ལྟར་བསྒོམས་པའི་གཡོན་དུ་རྡོ་རྗེ་
ཆགས་པ་ཞི་གནས་དང་ལྷག་མཐོང་གི་མདའ་གཞུ་འགེངས་པར་བསྒོམ་མོ། །བདག་གི་གཡས་ཕྱོགས་སུ་ཀུན་དུ་བཟང་པོ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་སྟེ་ཕྱག་ན་རྡོ་རྗེ་ཐུགས་ཀར་འཛིན་པར་བསྒོམ་མོ། །བདག་གི་དབུས་སུ་ནི། བཛྲ་ཏཱིཀྵྞ་དྷཱིཿརྨོངས་བྱེད་མ་སྟེ། སྐུ་མདོག་དམར་
མོ་ཕྱག་ན་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་སྒོམ་མོ། །བཛྲ་ཀཱི་ལི་ཀཱི་ལི་ནི། སྐུ་མདོག་དམར་མོ་ཕྱག་ན་མདའ་གཞུ་འགེངས་པ་དག་དང་། རྡོ་རྗེ་ཆགས་པ་བསྒོམ་པའི་བར་དུ་བསྒོམ་མོ། །བདག་གི་རྒྱབ་བཛྲ་ལཱ་སྱེ་སྐུ་མདོག་དམར་མོ་ཕྱག་ནི་འཁྱུད་པའི་ཚུལ་དུ་སྒོམ་མོ། །ཐབ་ཁུང་དུ་
མེ་ལྷ་དམ་ཚིག་སེམས་དཔའ་སྐུ་མདོག་དམར་སེར་དུ་འདུག་པ། ཕྱག་རྣམ་པ་བཞི་དང་ལྡན་ཏེ། གཡས་དང་པོ་མདའ་འཛིན་པ། གཡོན་དང་པོ་གཞུ་ཐོགས་ནས་ལྟོང་རྒྱུད་སྦྱར་ཏེ། གཡས་གཡོན་ཐ་མ་པདྨ་བསྣམས་པར་བསྒོམས་ཏེ། བདག་ཉིད་དེ་ལྟར་ལས་ཀྱི་ལྷའི་ཏིང་ངེ་འཛིན་དུ་
ཞུགས་ནས། ཛཿལྕགས་ཀྱུས་ནི་ཐུགས་དམ་བསྐུལ། ཧཱུཾ་ཞགས་པས་ནི་མདུན་གྱི་བར་སྣང་ལ་སྤྱན་དྲངས། བཾ་ལྕགས་སྒྲོག་གིས་གཉིས་སུ་མེད་པར་སྤྱན་དྲངས། ཧོཿདྲིལ་བུས་བརྟན་པར་བཞུགས། དེ་ནས་ལྷ་ཡེ་ཤེས་སེམས་དཔའ་ལ་ཆགས་པའི་ཚུལ་གྱིས་མཆོད་པ་འབུལ་
བའི་ཕྱིར། བདག་གི་སྤྱི་བོས་ཞབས་ཀྱི་དྲུང་དུ་གཏུགས་ལ། ཏིང་ངེ་འཛིན་གཉིས་སུ་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་ཏེ། ལས་གང་བྱེད་པའི་ལྷ་དེའི་རྩ་བའི་སྔགས་དང་། ལས་བྱ་བའི་དམིགས་པ་དེའི་མིང་སྤེལ་ཞིང་རྩ་བའི་སྔགས་དམ་བཅའ་བ་བཞིན་བ་ཤཾ་ཀུ་རུ་ཞེས་བརྗོད་
ཅིང་། སྦྱིན་སྲེག་བྱས་ན་ཐམས་ཅད་དབང་དུ་འགྱུར་རོ། །དེ་ལྟར་བྱས་པའི་འོག་ཏུ་འཕགས་པ་སླར་གཤེགས་སུ་གསོལ་བ་དང་། ལུས་སྲུང་བ་ལ་སོགས་པ་ཚུལ་བཞིན་དུ་བྱའོ། །དབང་གི་སྦྱིན་སྲེག་གི་དོན་མདོར་བསྡུས་པ་བསྟན་ཟིན་ཏོ། །དཀྱིལ་འཁོར་གྱི་བདག་པོ་ཆེན་པོ་རྒྱུད་ཀྱི་
Vol. 66 · folio 224a
སྟོན་པ་ལ། འཁོར་འཇིག་རྟེན་པ་རྣམས་ཀྱི་དཀྱིལ་འཁོར་དང་། སྦྱིན་སྲེག་དང་། ལས་ཀྱི་བྱེ་བྲག་དང་། སྔགས་དང་ཕྱག་རྒྱ་ལ་སོགས་པ་ལ་དགའ་ནས་བསྟོད་པ་སྟོན་ཏེ། དེ་ཡང་སྐུ་གསུང་ཐུགས་གསང་བའི་བདག་པོ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱེད་དེ། དེ་ལ་
ཚིག་བདུན་ཅུའི་ཚིགས་སུ་བཅད་པའི་ཤླཽ་ཀ་ཕྱེད་དང་བཅོ་བརྒྱད་ཡོད་དེ། དེ་ལ་མཚན་བརྒྱ་རྩ་བརྒྱད་དུ་དབྱེ་བ་ནི་མཚན་རེ་རེ་ནས་ཕྱེ་སྟེ་བསྟན་པས་ན། འབྲུ་རྣམས་དཀྲོལ་བའི་རིམ་པ་ནས་གྲངས་བརྒྱ་རྩ་བརྒྱད་དུ་ཕྱེ་སྟེ་བསྟན་པར་ཤེས་པར་བྱའོ། །ད་ནི་སྟོང་པའི་དོན་སྟོན་ཏེ། དེ་ནས་བརྒྱ་
བྱིན་ཚངས་པ་ལ་སོགས་ཞེས་འབྱུང་བས་ནི། དེ་ནི་གོང་མའི་དབང་གིས་དཀྱིལ་འཁོར་གྱི་མཇུག་སྡུད་ལ། ནས་ནི་འོག་གི་བསྟོད་པའི་མགོ་འདྲེན་ནོ། །བརྒྱ་བྱིན་དང་ཚངས་པ་སྨོས་པ་ནི། འཁོར་གྱི་གཙོ་བོ་ཡིན་པའི་ཕྱིར་སྨོས་སོ། །བརྒྱ་བྱིན་ནི་ཡོན་བདག་ཡིན་པས་སྣ་ལ་སྨོས་སོ། །
ཚངས་པ་ནི་ཆོས་ཀྱི་འཁོར་ལོ་བསྐུལ་བ་ཡིན་པས་དེའི་འོག་ཏུ་སྨོས་སོ། །སོགས་ཀྱི་ཁོངས་སུ་ནི་བརྒྱ་བྱིན་གྱི་འཁོར་དུ་འདོད་ཁམས་ན་གནས་པ་རྣམས་བསྡུའོ། །ཚངས་པའི་འཁོར་དུ་ནི་གཟུགས་ཁམས་ན་གནས་པ་རྣམས་སྡུད་པས་ན་ལ་སོགས་ལྷ་ཞེས་བྱའོ། །ཕྱག་འཚལ་ཡང་
དང་ཡང་དུ་ནི། །ཞེས་པ་ནི། དེ་རྣམས་ཀྱི་ལུས་ཀྱིས་ནི་ཕྱག་དང་སྐོར་བ་བྱེད། ངག་གིས་ཚིག་སྙན་པའི་སྒོ་ནས་མཚན་བརྒྱ་རྩ་བརྒྱད་པའི་སྒོ་ནས་བསྟོད་དོ། །སེམས་ཀྱིས་ནི་ཡོན་ཏན་གྱི་སྒོ་ནས་དམིགས་ཏེ་དགའ་བ་བསྐྱེད་ནས་གནས་པའི་དོན་ཏོ། །རིན་ཆེན་བདུག་པ་སོགས་མཆོག་
གིས། །ཞེས་པ་ནི། རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་རྣམས་ཀྱི་གདུགས་ཏེ། རང་བཞིན་གྱི་བཟོ་བོའི་བསོད་ནམས་ཀྱི་ཁྱད་པར་གྱིས་བྱས་པ་དང་། ལྷའི་ཏིང་ངེ་འཛིན་གྱི་ངོ་བོ་ལས་སྤྲུལ་པ་ཤིན་ཏུ་མཛེས་ཁྱབ་ནམ་མཁའ་དང་མཉམ་པ་རྣམ་པར་སྤྲས་ཤིང་གྲུབ་པས་ན་གདུགས་མཆོག་གོ། །མཆོད་
པ་སྣ་ཚོགས་བྱས་ནས་ཀྱང་། །ཞེས་པ་ནི། མཆོད་པ་ཡང་རྣམ་པ་གསུམ་སྟེ། ཀུན་རྫོབ་རྫས་ཀྱི་མཆོད་པ་སྣ་ཚོགས་པ་དང་། འདོད་པའི་ཡོན་ཏན་ཡེ་ཤེས་ཀྱི་ལྷ་མོའི་མཆོད་པ་སྣ་ཚོགས་པ་དང་། སྒྲུབ་པ་རྩེ་གཅིག་པ་དད་པའི་མཆོད་པ་སྣ་ཚོགས་པ་དང་ལྡན་པའི་སྒོ་ནས་བྱེད་པའོ། །
Vol. 66 · folio 224b
ཕྱག་ན་རྡོ་རྗེ་རྒྱལ་བའི་སྤྱན། །ཞེས་པ་ནི། ཡེ་ཤེས་ཀྱི་རྟགས་ཕྱག་ན་རྡོ་རྗེ་བསྣམས་པས་ཕྱག་ན་རྡོ་རྗེའོ། །ཉོན་མོངས་པ་ལས་རྒྱལ་བས་ན་རྒྱལ་ཞེས་སོ། །ཡེ་ཤེས་ཀྱི་ཆོས་ཉིད་ཀྱི་དོན་ལ་གཟིགས་པས་ན་སྤྱན་ནོ། །རྣམ་གཅིག་ཏུ་ནི་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་གཟིགས་ཞེས་
བྱའོ། །དགའ་བའི་བསམ་པས་སྟོད་བྱེད་པ། །ཞེས་པ་ནི། དགའ་བ་ནི་ཡིད་དེ་ཆོས་བསྟན་པ་དང་། ཡོན་ཏན་གྱི་ཁྱད་པར་ལ་དགའ་བའོ། །བསམ་པ་ནི་ཏིང་ངེ་འཛིན་ཏེ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བསམ་པའོ། །བསྟོད་པ་ནི་ཡོན་ཏན་ཏེ། ཆེ་བའི་ཡོན་ཏན་བརྒྱ་རྩ་བརྒྱད་ཀྱི་སྒོ་
ནས་སྟོད་པ་བྱེད་པའོ། །ད་ནི་མཚན་བརྒྱ་རྩ་བརྒྱད་ཀྱི་དོན་འབྲུ་གཉེར་ཞིབ་པར་བསྟན་ཏེ། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་པ་ནི། སངས་རྒྱས་ནི་དུས་གསུམ་གྱི་བདེ་བར་གཤེགས་པ་ལ་བྱ་སྟེ། དེ་ཀུན་བས་སྔར་སངས་རྒྱས་ཏེ། ཕྱག་ན་རྡོ་རྗེ་ནི་ཐུགས་ཡང་དག་པའི་
ཡེ་ཤེས་ཏེ། དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་། ཐུགས་རྡོ་རྗེ་ལྟ་བུ་ལ་བརྟེན་ནས་སངས་རྒྱས་པར་བྱེད་པས་ན། འབྲས་བུའི་མིང་ལ་བཏགས་པས་ན། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཞེས་བྱའོ། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཞེས་པ་
ནི། མི་ཤེས་པ་མ་རིག་པ་སྟེ། རྒྱུ་དང་འབྲས་བུའི་དོན་མི་ཤེས་པའོ། །དྲི་མ་ནི་སེམས་ལ་བག་ཆགས་སྒོམ་པར་བྱེད་པས་ན། སེམས་རྨོངས་པར་བྱེད་པའི་དྲི་མར་གྱུར་པས་ན་དྲི་མའོ། །ཀུན་བཅོམ་ནི་མོས་པ་སྤྱོད་པའི་སྐབས་སུ་དེས་གཟུང་འཛིན་དུ་གྱུར་པས་ཏེ། སོ་སོའི་ཀུན་དུ་རྟོག་པའི་
ཤེས་རབ་ཀྱིས་བཅོམ། མཐོང་བའི་ལམ་དང་བསྒོམ་པའི་ལམ་དུ་ཉོན་མོངས་པ་སྟེ། ཆོས་དང་གང་ཟག་ལ་བདག་མེད་པའི་ཡེ་ཤེས་ཀྱིས་བཅོམ་པའི་དོན་ཏོ། །རྡོ་རྗེ་ཞེས་པ་ནི། དཔེར་ན་རྡོ་རྗེས་ཐམས་ཅད་འཇོམས་པ་དང་འདྲ་བས་ན་ཐུགས་མཁྱེན་པའི་ཡེ་ཤེས་ཀྱི་དངོས་པོ་དང་མཚན་མ་བཅོམ་
པས་ན་རྡོ་རྗེའོ། །རྡོ་རྗེ་འཛིན་རྒྱལ་པོ་ཞེས་པ་ནི། མཁྱེན་པའི་ཐུགས་རྡོ་རྗེ་ལྟ་བུ་ལ་མངའ་བརྙེས་པས་ན། རྡོ་རྗེ་འཛིན་རྒྱལ་ནི་མཚན་མ་ཐམས་ཅད་འཇོམས་པས་ན་མཚན་མ་ལས་རྒྱལ་ལོ། །དེ་ནི་རྡོ་རྗེ་འཛིན་རྒྱལ་ལོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །ཞེས་པ་ནི། རྡོ་རྗེ་གསུམ་སྨོས་པ་ནི། སྐུ་རྡོ་རྗེ་
Vol. 66 · folio 225a
ལྟར་སྲ་བ། ཐུགས་རྡོ་རྗེ་ལྟར་མི་འགྱུར་བ། གསུང་རྡོ་རྗེ་ལྟར་བདེན་པའི་ཚིག་མི་སླུའོ། །འཛིན་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་ལས་མི་འདའ་བར་འཛིན་པའོ། །རྡོ་རྗེ་སྐུ་སྟེ་ཞེས་པ་ནི་ཆོས་ཀྱི་སྐུ་རྡོ་རྗེ་ལྟར་འདུས་མ་བྱས་པས་མཚན་མས་མི་འགྱུར་བའི་ཕྱིར་སྨོས་སོ། །སྐུ་ཆེ་བ་ཞེས་
པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པའི་སྐུ་སྟེ། དངོས་པོ་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་སྐུ་ཆེ་བ་སྨོས་སོ། །རྡོ་རྗེ་ཡན་ལག་ཅེས་པ་ནི་སྤྲུལ་པའི་སྐུ་སྟེ། རྡོ་རྗེ་ལྟ་བུར་མི་འགྱུར་བས་རྡོ་རྗེ་མཆོག་ཡན་ལག་ནི་མང་བའི་དོན་ཏེ། སྤྲུལ་པ་ལས་ཐུགས་རྗེའི་མཐུ་བས་
ལྷ་དང་ཀླུ་དང་གནོད་སྦྱིན་དང་མི་ལ་སོགས་པ་ལ་སོ་སོའི་ལག་ན་རྡོ་རྗེ་ཞེས་གྲགས་པའོ། །རྡོ་རྗེ་མཆོག་ནི་ཞེས་པ་ནི་སྐུ་གསུམ་ལ་སྤྱིར་སྦྱར་ཏེ། ཆོས་ཀྱི་སྐུ་ལས་མི་འགྱུར་བའི་རྡོ་རྗེ་མཆོག་གོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མི་ཉམས་པས་རྡོ་རྗེ་སྟེ། ཏིང་ངེ་འཛིན་རྒྱུན་མི་འཆད་པའི་མཆོག་སྟེ་
ཐུགས་རྗེ་ཕུན་སུམ་ཚོགས་པས་མཆོག །རྡོ་རྗེ་འབར་བ་ཞེས་བྱ་བ་ནི། རྡོ་རྗེ་ཐུགས་ཏེ་མཚན་མས་མི་འགྱུར་བའོ། །འབར་བ་ནི་ཕྲིན་ལས་ཏེ་འགྲོ་བའི་དོན་དུ་སྤྲུལ་པས་ཉོན་མོངས་པ་ལ་འབར་བའོ། །ཆེར་འབར་བ་ནི་ཐུགས་རྗེ་ཕུན་སུམ་ཚོགས་པ་སྟེ། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ལས་
དང་ཉོན་མོངས་པ་ལ་ཡེ་ཤེས་ཀྱི་འོད་འབར་བས་མཚན་མ་རྣམས་སྲེག་པར་མཛད་པས་ན་ཆེར་འབར་བའོ། །རྡོ་རྗེ་ཤུགས་ཆེན་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཤུགས་དང་ལྡན་པས་ནི་ཐུགས་རྗེ་ཕུན་སུམ་ཚོགས་པ་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། ཤུགས་ཆེ་བ་ཞེས་སྨོས་པ་ན། རྣམ་པར་
མི་རྟོག་པ་ལ་བརྟེན་པའི་སྟོབས་ཀྱིས་དག་པ་འཇིག་རྟེན་པའི་ཡེ་ཤེས་འགྲོ་བའི་དོན་དུ་ཐུགས་རྗེ་སྤྲུལ་པ་སྒྱུ་མ་ལྟར་སྣ་ཚོགས་སུ་སྟོན་པས་ན་འགྲོ་བའི་དོན་བྱེད་པའི་བྱིན་གྱིས་བརླབས་པའི་ཤུགས་དང་ལྡན་པའོ། །དེ་ནི་ཤུགས་ཆེ་བ་སྟེ་རྡོ་རྗེ་ཤུགས་ཆེ་བའོ། །རྡོ་རྗེ་མཚོན་ཆ་ཞེས་པ་ནི་ཐུགས་རྡོ་རྗེ་
ལྟར་མི་འགྱུར་བའི་རང་བཞིན་ལས་ཕྲིན་ལས་མཚོན་ཆ་ལྟ་བུས་རྒོལ་བ་རྣམས་འདུལ་བའི་དོན་ཏོ། །མཚོན་ཆ་ཆེ་ཞེས་པ་ནི། དཔེར་ན་མཚོན་གྱིས་གཅོད་པ་དང་འདྲ་བར་ཉོན་མོངས་པ་རྩད་ནས་གཅོད་པའི་དོན་ཆེད་ནི་བདུད་ཀྱི་དམག་འདུལ་བས་ཆེ་བའོ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །ཞེས་
Vol. 66 · folio 225b
པ་ནི། ཕྱག་ན་ཡེ་ཤེས་ཀྱི་རྡོ་རྗེ་བསྣམས་ཏེ། ཉོན་མོངས་པ་རྣམས་ཡེ་ཤེས་ཀྱི་ཕྱག་གིས་འབྱིན་པར་མཛད་པས་སམ་འདུལ་བར་མཛད་པས་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །ཞེས་པ་ནི། ཐུགས་ལས་རྡོ་རྗེ་ཆགས་པར་སྤྲུལ་ཏེ། ཡེ་ཤེས་རྡོ་རྗེ་ལྟ་བུའི་མདས་ཉོན་མོངས་པ་
རྣམས་འབིགས་ཤིང་མེད་པར་མཛད་པའམ། དོན་མཐོང་བར་མཛད་པའི་ཕྱིར་སྨོས་སོ། །རྡོ་རྗེ་རྣོན་པོ་ཞེས་པ་ནི། འདུལ་བའི་དབང་དུ་རྡོ་རྗེ་རྣོན་པོ་ལྟ་བུར་སྐུ་སྤྲུལ་ཏེ། ཁམས་གསུམ་རྣམས་ཡེ་ཤེས་ཀྱི་རལ་གྲི་རྣོན་པོས་གཅོད་ཅིང་ཟད་པར་མཛད་པའི་ཕྱིར་རོ། །རྣོ་བ་ཆེ་ཞེས་པ་ནི་རྡོ་རྗེ་འཁོར་ལོ་
ལྟ་བུར་བསྟན་ཏེ། ཕྲིན་ལས་ཀྱི་འཁོར་ལོ་གཅོད་བྱེད་རྣོ་བས་སྐྱེ་ཞིང་རྩད་ནས་གཅོད་པའི་ཐ་ཚིག་ཡིན་པས་ན་རྣོ་བ་ཆེའོ། །ཆེ་བའི་ཆེ་བ་ཞེས་པ་ནི། འཇིག་རྟེན་པ་རྣམས་ཀྱི་ཆེ་བ་འདོད་ཁམས་ཀྱི་དབང་ཕྱུག་ཆེན་པོའོ། །དེའི་ཆེ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལགས་པ་ཞེས་པའི་ཐ་
ཚིག་གོ། །རྒྱ་མཚོ་ཆེན་པོ་ཞེས་པ་ནི། དཔེར་ན་རྒྱ་མཚོ་ནི་སུས་ཀྱང་གཏིང་མི་རྟོགས་པ་དང་འདྲ་བར་ཐུགས་ཀྱི་དགོངས་རླབས་གཞན་གྱིས་མི་རྟོགས་པས་ན་རྒྱ་མཚོ་ཆེའོ། །རྡོ་རྗེ་པདྨོ་ཞེས་པ་ནི། ཐུགས་རྗེ་སྤྲུལ་པ་རྡོ་རྗེ་ཆོས་རབ་ལྟ་བུར་སྐུ་སྤྲུལ་ཏེ་ཉོན་མོངས་པས་མ་གོས་པས་ན་པདྨ་བསྣམས་
ཏེ་འཁོར་བས་མ་གོས་པའི་དོན་ཏོ། །བྱང་ཆུབ་ཆེ་ཞེས་པ་ནི་ཐུགས་མཚན་མ་དང་བྲལ་བར་བྱས་ལ་ཡེ་ཤེས་ཀྱིས་ཤེས་བྱ་ལ་ཆུབ་སྟེ། ཕྲིན་ལས་དང་ཐུགས་རྗེ་གཞན་པས་ཆེ་བས་ན་བྱང་ཆུབ་ཆེའོ། །བྱང་ཆུབ་སངས་རྒྱས་རང་འབྱུང་བ། །ཞེས་པ་ནི། ཐུགས་རྣམ་པར་དག་པའི་
བྱང་ཆུབ་སེམས་དཔས་འབྲས་བུ་བླ་ན་མེད་པའི་སངས་རྒྱས་འབྱུང་བའི་ཕྱིར་རོ། །རྡོ་རྗེ་རྒྱ་ཆེན་ཞེས་པ་ནི། ཐུགས་རྡོ་རྗེ་ལྟར་མི་འགྱུར་བས་རྒྱ་ཆེ་སྟེ། གཞན་གྱིས་མི་རྟོགས་ཤིང་རིག་པར་དཀའ་བའི་ཐ་ཚིག་གོ། །རྒྱ་ཆེན་ཏེ་ཞེས་པ་ནི། དཔེར་ན་ནམ་མཁའ་རྒྱ་ཆེ་སྟེ་ཚད་དཔག་ཏུ་མེད་
པའོ། །དེ་བཞིན་དུ་ཐུགས་མཚན་མ་མེད་པས་ནི་ཕྱི་རོལ་པ་རྣམས་ཀྱིས་དཔག་ཅིང་གཞལ་དུ་མི་བཏུབ་པའོ། །རྡོ་རྗེ་སྒྱུ་མ་ཞེས་པ་ནི། ཐུགས་རྡོ་རྗེ་ནི་སྒྱུ་མ་ལྟར་སྣ་ཚོགས་སུ་སྟོན་པའི་ཐ་ཚིག་གོ། །རྣལ་འབྱོར་ཞེས་པ་ནི། ཆོས་ཉིད་རྟོགས་པས་རྣལ་འབྱོར་རིག་པས་ཕྱིན་ཅི་མ་ལོག་པར་
Vol. 66 · folio 226a
མཁྱེན་པས་སོ། །རྡོ་རྗེ་རྒྱུ་སྟེ་ཞེས་པ་ནི། ཐུགས་རྡོ་རྗེ་ལྟ་བུ་ནི་འབྲས་བུ་སངས་རྒྱས་ཀྱི་རྒྱུ་སྟེ་མྱུར་དུ་ཐོབ་པར་བྱེད་པས་སོ། །གནོད་སྦྱིན་ཆེ་ཞེས་པ་ནི། ཕྲིན་ལས་ནི་རྡོ་རྗེ་གནོད་སྦྱིན་དུ་བསྟན་ཏེ། ཉོན་མོངས་པའི་གནོད་པ་ལ་བདེ་བ་སྦྱིན་པའི་དོན་ཏོ། །རྡོ་རྗེ་པདྨ་ཞེས་པ་ནི་
པདྨ་འདམ་གྱིས་མ་གོས་པར་འདམ་དང་འབྲེལ་པ་ལྟར་ཐུགས་རྗེས་འཁོར་བར་རོལ་ཀྱང་སྐྱོན་གྱིས་མ་གོས་པའི་དོན་ཏོ། །རྣམ་སྦྱོང་བ་ཞེས་པ་ནི་ཉོན་མོངས་པ་རྣམས་ཐུགས་རྗེ་ཕུན་སུམ་ཚོགས་པས་རྣམ་པར་སྦྱོང་བའི་ཕྱིར་རོ། །རྡོ་རྗེ་ཁྲོ་བོ་ཞེས་པ་ནི། ཐུགས་རྗེས་བདུད་དང་སྲིན་པོ་
རྣམས་འདུལ་བའི་ཕྱིར་ན། འདུལ་བའི་དབང་དུ་ཁམས་གསུམ་རྣམ་པར་རྒྱལ་བའི་སྐུར་སྤྲུལ་པའི་དོན་ཏོ། །མ་རུངས་ཆེ་ཞེས་པ་ནི་ཕྲིན་ལས་དེས་བདུད་དང་མ་རུངས་པ་འདུལ་བའི་ཕྱིར་ན་སྤྱོད་པ་དྲག་པོའི་སྒོ་ནས་མཛད་པའོ། །རྡོ་རྗེ་དགྲ་སྟེ་འཇོམས་པའི་གཙོ། །ཞེས་པ་ནི། བདུད་
ཀྱི་རྒྱལ་པོའི་དགྲ་སྟ་ཕྲོགས་ནས་ཉིད་ཀྱིས་བདུད་རྣམས་འཇོམས་པར་མཛད་དོ། །རྡོ་རྗེ་འཇིག་པ་ཞེས་པ་ནི་ཐུགས་རྡོ་རྗེ་ལྟ་བུས་ཉོན་མོངས་པ་ཐམས་ཅད་འཇིག་པར་མཛད་པའི་དོན་ཏོ། །བསྲུང་བ་ཞེས་པ་ནི། ཕྲིན་ལས་རྡོ་རྗེ་བསྲུང་བ་ལྟར་བསྟན་ནས་སེམས་ཅན་རྣམས་རྟག་ཏུ་སྲུང་བར་
མཛད་དོ། །རྡོ་རྗེ་ལྕགས་ཀྱུ་ཞེས་པ་ནི་ཉོན་མོངས་པའི་རྫིང་ནས་སེམས་ཅན་རྣམས་དྲང་བའི་ཕྱིར་དང་། རྡོ་རྗེ་ལྕགས་ཀྱུ་ལྟར་ཡང་འདུལ་བའི་དབང་དུ་བསྟན་ཏོ། །དོན་ཡོད་བྱེད་ཅེས་པ་ནི་ཕྲིན་ལས་དོན་ཡོད་པར་བསྟན་པའི་ཕྱིར་ན་རྡོ་རྗེ་ལས་སུ་བསྟན་ཏེ་དོན་ཡོད་པར་བསྟན་པའི་ཐ་ཚིག་གོ། །
རྡོ་རྗེ་རོ་ལངས་རོ་ལངས་ཆེ། །ཞེས་པ་ནི། ཐུགས་རྡོ་རྗེས་ཤི་བ་སོས་པར་མཛད་པའི་ཕྱིར་ན་རོ་ལངས་ཆེན་པོར་སྐུ་སྤྲུལ་ནས་རོ་ལངས་གྲུབ་པ་རྣམས་འདུལ་བར་མཛད་པས་ན་རོ་ལངས་ཆེའོ། །རྡོ་རྗེ་སྲིན་པོ་ཟ་བའོ། །ཞེས་པ་ནི། ཕྲིན་ལས་རྡོ་རྗེ་སྲིན་པོར་བསྟན་ཏེ། ཉོན་མོངས་པའི་མཚན་མ་ཟ་
བར་མཛད་པའི་ཐ་ཚིག་གོ། །རྡོ་རྗེ་གནོད་སྦྱིན་ཞེས་པ་ནི། ཐུགས་རྗེས་གནོད་སྦྱིན་དུ་སྐུ་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཐ་ཚིག་གོ། །གནོད་སྦྱིན་ཆེ་ཞེས་པ་ནི། རེས་འགའ་ནི་གནོད་སྦྱིན་ཆེན་པོ་ཀུན་དུ་བཟང་པོར་ཡང་སྐུ་སྟོན་པས་ན་གནོད་སྦྱིན་ཆེའོ། །རྡོ་རྗེ་གདོན་ཏེ་ཞེས་པ་ནི།
Vol. 66 · folio 226b
ཡེ་ཤེས་རྡོ་རྗེ་དང་འདྲ་བས་གདོན་སྟོང་ཕྲག་བརྒྱད་ཅུ་ཟད་པར་མཛད་པས་རློག་པར་མཛད་པའི་ཐ་ཚིག་གོ། །གདོན་ཆེ་མཆོག་ཅེས་པ་ནི། རེས་འགའ་གདོན་གྱི་ནང་དུ་ཡང་ཕྱག་ན་རྡོ་རྗེར་བསྟན་ནས། གདོན་འདུལ་བས་ན་གདོན་ཆེ་མཆོག་སྟེ། གདོན་གྱི་མཆོག་རྒྱལ་བའོ། །
རྡོ་རྗེ་འཇིགས་བྱེད་ཅེས་པ་ནི། ཐུགས་རྗེས་འཇིགས་བྱེད་གཤིན་རྗེ་གཤེད་དུ་བསྟན་ནས། གཤིན་རྗེ་རྣམས་འཇོམས་པར་མཛད་དོ། །དགའ་བྱེད་དྲག་པོ་སྟེ་ཞེས་པ་ནི། ཐུགས་རྗེས་ཐམས་ཅད་དགའ་བར་བྱེད་ཅིང་ཕྲིན་ལས་དྲགས་པོ་ནི་བདུད་རྣམས་སྤ་བཀོང་བར་མཛད་དོ། །རྡོ་རྗེ་
འཇིགས་བྱེད་སྔངས་བྱེད་པ་ནི་རྡོ་རྗེ་ལྟ་བུའི་ཕྲིན་ལས་ཀྱིས་ཐམས་ཅད་ལ་སྐུ་འཇིགས་པར་བསྟན་པས། ཐམས་ཅད་སེམས་རབ་ཏུ་སྔངས་བར་བཀའ་ཉན་པའི་ཚུལ་གྱི་ཐ་ཚིག་གོ། །སྒྲུབ་དཀའ་བསྒྲུབས་པ་ལེགས་པ་སྟེ། །ཞེས་པ་ནི། སྐྱེས་བུ་ཆེན་པོས་ནི་སྔོན་སོ་སོ་སྐྱེ་བོ་སྒྲུབ་
དཀའ་བ་ལས་རབ་ཏུ་བསྒྲུབས་པས་འབྲས་བུ་ལེགས་པ་ཐོབ་ཅེས་པའི་དོན་ཏོ། །རྡོ་རྗེ་ལེགས་པ་ཞེས་པ་ནི་ཕྲིན་ལས་རྡོ་རྗེ་ལེགས་པར་བསྟན་ནས། རྡོ་རྗེ་དགའ་བས་ཞེས་པ་ནི་འགྲོ་བ་འདུལ་བ་དང་། ཆོས་ཉིད་ལས་མི་གཡོས་པའི་ཐབས་དང་ལྡན་པས་ན་དགའ་བ་སྟེ། ཐུགས་རྗེ་དང་ལྡན་
པའི་ཐ་ཚིག་གོ། །དགའ་བ་ཆེ་ཞེས་པ་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་དབང་བསྒྱུར་ནས་དགའ་བ་ཆེན་པོ་མཉེས་པའི་དོན་ཏོ། །དགའ་བའི་རྡོ་རྗེ་ཞེས་པ་ནི་དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་རྣམས་དགའ་བར་བྱ་བའི་ཕྱིར་ན། རྡོ་རྗེ་གསོར་བར་ཐམས་ཅད་གཡོས་
ནས་ཨ་ལ་ལ་ཞེས་བརྗོད་པའི་དོན་ཏོ། །དབང་བྱེད་པ་ཞེས་པ་ནི། འཇིག་རྟེན་ཐམས་ཅད་དུས་གཅིག་ཏུ་དབང་དུ་བསྡུ་བའི་དོན་ཏོ། །འོད་སྡུག་པས་ནི་སྡུག་པ་ཆེ། །ཞེས་པ་ནི། འོད་ནི་ཡེ་ཤེས་ཀྱི་ཁ་དོག་རྣམ་པ་ལྔ་ལས་སྡུག་པ་མཛེས་པར་སྣང་བ་སྟེ། སྡུག་པ་ཆེ་ནི་དེས་འཇིག་རྟེན་གྱི་
ཁམས་ཐམས་ཅད་མ་ལུས་པར་སྣང་བར་མཛད་པའི་སྡུག་པ་ཆེན་པོ་དང་ལྡན་པའི་དོན་ཏོ། །ནམ་མཁའ་དང་ནི་མཉམ་པའོ། །ཞེས་པ་ནི། ཕྲིན་ལས་ནམ་མཁའ་དང་མཉམ་པ་དང་། མཁྱེན་པ་ནམ་མཁའ་དང་མཉམ་པའོ། །རེ་བ་ཐམས་ཅད་རྫོགས་པར་མཛད། །ཅེས་པ་ནི།
Vol. 66 · folio 227a
སེམས་ཅན་རྣམས་ཀྱི་རེ་བ་ཐམས་ཅད་ཐུགས་རྗེས་རྫོགས་པར་མཛད་པའི་དོན་ཏོ། །རྡོ་རྗེ་དབང་བསྐུར་ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཐུགས་རྡོ་རྗེ་ལྟ་བུའི་དབང་བསྐུར་བའི་དོན་ཏོ། །རིན་ཆེན་མཆོག་ཅེས་པ་ནི་སེམས་ཅན་གྱི་འདོད་པ་སྐོང་བའི་ཕྱིར་ན། རྡོ་རྗེ་
རིན་ཆེན་དུ་བསྟན་པས་ནི་རིག་ཆེན་མཆོག་གོ། །རྡོ་རྗེ་རྒྱལ་མཚན་ཞེས་པ་ནི། ཕྲིན་ལས་རྡོ་རྗེ་རྒྱལ་མཚན་དུ་བསྟན་ནས་ཉོན་མོངས་པ་ལས་རྒྱལ་བར་མཛད་པའོ། །ཡོན་ཏན་གཙོ་ཞེས་པ་ནི་ཆེ་བའི་ཡོན་ཏན་སྣ་ཚོགས་པས་འགྲོ་བའི་གཙོ་བོར་གྱུར་བའི་དོན་ཏོ། །རྡོ་རྗེ་ཡེ་ཤེས་ཞེས་པ་ནི།
ཡེ་ཤེས་རྡོ་རྗེ་ལྟ་བུས་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པའོ། །ཡེ་ཤེས་ཆེ་ཞེས་པ་ནི། ཡེ་ཤེས་རྣམ་པ་ལྔ་ལ་མངའ་བརྙེས་པས་ན། དེ་བཞིན་གཤེགས་པའི་ཐུགས་མངའ་བས་ན་ཡེ་ཤེས་ཆེའོ། །རིག་སྔགས་བྱེ་བའི་ཚོགས་ཀྱིས་མཆོད། །ཅེས་པ་ནི། རིག་སྔགས་
འཆང་གྲུབ་པ་མཐུ་དང་བྱིན་རླབས་ཅན་བྱེ་བ་སྙེད་ཀྱིས་ཀྱང་རབ་ཏུ་མཆོད་པར་གྱུར་པའི་དོན་ཏོ། །ཧ་ལ་ཧ་ལ་ནག་པོ་ཆེ། །ཞེས་པ་ནི། སེམས་ཅན་གྱི་ཕྱི་ནང་གི་དུག་ཧ་ལ་ཧ་ལ་ཡང་ཞལ་དུ་རྔུབ་ཅིང་གསོལ་བས་བདུད་རྩིར་འགྱུར་རོ། །སྒྲ་ཆེ་ཞིང་ཞེས་པ་ནི་ཐུགས་རྗེ་ཆེན་པོ་གསུང་གི་སྒྲ་སྐད་ཆེན་
པོས་ཐམས་ཅད་ཟིལ་གྱིས་གནོན་པར་མཛད་པས་ན་སྒྲ་ཆེ་ཞིང་ངོ་། །འཇོམས་པ་ཅན་ཞེས་པ་ནི། ཐུགས་རྗེས་འཇོམས་པའི་དབང་ཕྱུག་མར་སྐུ་སྤྲུལ་ནས་སེམས་ཅན་རྣམས་ཀྱི་འདོད་ཆགས་རྣམས་ཞི་བར་མཛད་པའི་དོན་ཏོ། །རྡོ་རྗེ་འདོད་པ་ཞེས་པ་ནི། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཕྲིན་ལས་མཛད་པ་རྣམས་འདོད་པ་བཞིན་དུ་གྲུབ་པར་མཛད་པའོ། །འདོད་པ་ཆེ་ཞེས་པ་ནི། འདོད་པ་ནི་ཆོས་ཉིད་ལས་ཆེ་བ་ཡེ་ཤེས་ཀྱིས་མངའ་བརྙེས་པའི་དོན་ཏོ། །རྟོག་པའི་དུས་ངན་རྣམ་འཇོམས་པ། །ཞེས་པ་ནི། ཕྱི་གཟུང་བར་རྟོག་པ་དང་། ནང་འཛིན་
པར་རྟོག་པ་དང་། ཆོས་ཙམ་དུ་རྟོག་པ་དང་། གང་ཟག་ཏུ་རྟོག་པ་ལ་སོགས་པ་རྟོག་པ་བརྒྱ་རྩ་བརྒྱད་ལ་སོགས་པ་མ་ལུས་པར་སྤངས་པའི་དོན་ཏོ། །དུས་ངན་ནི་ལྔའི་ཐ་མའོ། །རྣམ་པར་འཇོམས་པ་ནི་ཉོན་མོངས་པ་ཡེ་ཤེས་ཀྱིས་འཇོམས་ལ། དུས་ངན་ནི་ཐུགས་རྗེས་འཇོམས་པའི་
Vol. 66 · folio 227b
དོན་ཏོ། །སྐད་ཅིག་གཡོ་བས་ཐེ་ཚོམ་གཅོད། །ཅེས་པ་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་ཐེ་ཚོམ་གཡོ་བ་རྣམས་དུས་གཅིག་ཏུ་འཇོམས་པར་མཛད་དོ། །གློག་བཞིན་ཞལ་གྱི་ལྗགས་ལས་འཕྲོ། །ཞེས་པ་ནི། དཔེར་ན་གློག་རྒྱུ་བ་བཞིན་དུ་མ་མགྱོགས་
པས་ཀུན་དུ་ཐོས་པར་འཕྲོ་ཞེས་པའི་དོན་ཏོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །ཞེས་པ་ནི། ཡེ་ཤེས་རྡོ་རྗེ་ལྟ་བུ་ལས་ཐུགས་རྗེ་ཕུན་སུམ་ཚོགས་པའི་མེ་སྟག་འཕྲོ་བ་ནི་མ་རུངས་པ་སྔངས་སུ་འཇུག་པས་ཞལ་ནས་འབྱུང་བའི་དོན་ཏོ། །དྲག་པོ་རབ་སྣང་ཞེས་པ་ནི་ཕྲིན་ལས་ཞི་བས་མི་འདུལ་
བ་ལ། དྲག་པོར་རབ་ཏུ་སྣང་བར་མཛད་པའི་དོན་ཏོ། །སྣང་མཛད་པ་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམ་པར་སྣང་མཛད་ཀྱིས་སེམས་ཅན་རྣམས་སྒྲོལ་བར་མཛད་པའི་དོན་ཏོ། །ཉི་མ་སྟོང་གིས་གདུངས་པའི་ཞལ། །ཞེས་པ་ནི། དཔེར་ན་ཉི་མ་སྟོང་གིས་གདུངས་པའི་དངོས་པོ་
ཐམས་ཅད་མེ་འབར་བ་དང་འདྲ་བར་རྣམ་པར་ཐར་པའི་ཡེ་ཤེས་ཀྱི་ཞལ་ནས་མཚན་མ་རྣམས་བསྲེག་པའི་ཡེ་ཤེས་ཀྱི་མེ་འབྱུང་བས་ཉོན་མོངས་པ་བུད་ཤིང་དང་འདྲ་བ་བསྲེག་ཅིང་སྟོངས་པར་མཛད་པའི་དོན་ཏོ། །སྤྱན་དམར་འཇིགས་པར་མཛད་པ་པོ། །ཞེས་པ་ནི། སྤྱན་ནི་ཡེ་
ཤེས་ཏེ་ཐམས་ཅད་གཟིགས་པའོ། །དམར་བ་ནི་ཐུགས་རྗེ་སྟེ། མཚན་མས་མ་གོས་པའི་དོན་ཏོ། །ཐུགས་རྗེའི་འཇིགས་ཚུལ་ཐབས་ཀྱི་བྱིན་རླབས་ཀྱིས་ནི། ཕྲིན་ལས་ཀྱིས་གཟིགས་པར་ཐམས་ཅད་འཇིགས་པར་མཛད་དོ། །ཁྲོ་བོ་དུ་མ་འོད་བཞིན་འཕྲོ། །ཞེས་པ་ནི།
ཐུགས་རྣམ་པར་དག་པའི་རང་བཞིན་ལས། ཡེ་ཤེས་ཀྱི་ཁྲོ་བོ་སྣ་ཚོགས་རྣམས་འཇིག་རྟེན་གང་བར་འཕྲོ་བའི་དོན་ཏོ། །ཕྱག་རྣམས་དུ་མས་མཚོན་ཆ་བརྒྱ། །ཞེས་པ་ནི། ཁྲོ་བོ་དེ་རྣམས་འདུལ་བའི་དབང་དུ། ཀུན་དུ་སྐུ་སྣ་ཚོགས་པ་ལ་ཕྱག་སྣ་ཚོགས་པར་བསྟན་ཏེ། ཕྱག་དེ་
རྣམས་ན་ཡེ་ཤེས་ཀྱི་མཚོན་ཆ་སྣ་ཚོགས་པ་འདུལ་བའི་དབང་དུ་བསྣམས་ཤེའོ། །དུ་མའི་ཞལ་ཏེ་ཞེས་པ་ནི། སྐུ་དེ་རྣམས་ལས་ཡང་ཀུན་དུ་སྐུ་བསམ་གྱིས་མི་ཁྱབ་པར་བསྟན་ཏེ། དེ་རེ་རེ་ཡང་ཀུན་དུ་ཞལ་བསམ་གྱིས་མི་ཁྱབ་པར་སྣ་ཚོགས་པ་རབ་ཏུ་སྟོན་པའི་ཕྱིར་རོ། །སྐུ་ཡང་
Vol. 66 · folio 228a
སྟོན་ཞེས་པ་ནི། སྐུ་དེ་རྣམས་འགྲོ་བ་རིགས་དྲུག་ཏུ་གཏོགས་པའི་སེམས་ཅན་རྣམས་ལ་སོ་སོའི་གཙོ་བོ་ནི་ཚུལ་ཐ་དད་པའི་སྐུར་བསྟན་ཏོ། །འཁྱིལ་ཞིང་ཞེས་པ་ནི། ཐུགས་རྗེས་འགྲོ་བ་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་དགོད་པས་ཀྱང་འཁྱིལ་ཞིང་ལ། རྣམ་གཅིག་ཏུ་དབུ་སྐྲ་
འཁྱིལ་པར་བསྟན་ཏེ། ཐུགས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སོ། །རྒྱན་ཡང་འཁྱིལ་པ་ལ་ཞེས་པ་ནི། སྐུའི་རྒྱན་རྣམས་སྐུ་ལ་འཁྱིལ་པར་བསྟན་ཏེ། ཁམས་གསུམ་དབང་དུ་སྡུད་པའི་དོན་ཏོ། །སེམས་དཔའི་ཆོས་ལ་སྐུ་མི་མངའ། །ཞེས་པ་ནི། ཡེ་ཤེས་རྣམ་
པར་དག་པའི་ཆོས་ཉིད་ལ་སེམས་དཔས་ནི་ཆོས་པ་སྟེ། ཆོས་ནི་དངོས་པོ་ཅན་ཏེ་དེ་དང་བྲལ་བས་ན་དངོས་པོའི་སྐུ་མེད་ཅེས་པའི་དོན་ཏོ། །རྣམ་པར་རྟོག་པ་མ་ལུས་སྤངས། །ཞེས་པ་ནི། ཕྱི་གཟུང་བར་རྟོག་པ་དང་། ནང་འཛིན་པར་རྟོག་པ་དང་། ཆོས་ཙམ་དུ་རྟོག་པ་དང་། གང་ཟག་ཏུ་རྟོག་པ་ལ་སོགས་པར་རྟོག་
པས་བརྒྱ་རྩ་བརྒྱད་ལ་སོགས་པར་མ་ལུས་པར་སྤངས་པའི་དོན་ཏོ། །མ་རིག་འཇོམས་པའི་ཚངས་པ་སྟེ། །ཞེས་པ་ནི་ལྟ་བ་ལ་ལོག་པ་ཐམས་ཅད་ཀྱི་གཞི་ནི་མ་རིག་པ་སྟེ། མ་རིག་པས་བདག་ཏུ་རྨོངས་པའི་ངོ་བོ་ཚངས་པ་ཆེན་པོ་འཇིག་རྟེན་མེས་པོ་ཡང་འཇོམས་པར་བྱེད་པའི་ཐ་ཚིག་
གོ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །ཅེས་པ་འདོད་ཆགས་དག་པར་བསྒོམས་པས་ན་གསུང་གྲུབ། ཞེ་སྡང་དག་པར་བསྒོམས་པས་ན་ཐུགས་གྲུབ། གཏི་མུག་དག་པར་བསྒོམས་པས་ནི་སྐུ་གྲུབ་བོ། །རྣམ་གཅིག་ཏུ་དུག་གསུམ་དྲི་མའི་རང་བཞིན་ཏེ། འདོད་ཆགས་ལ་མི་སྡུག་པ་
བསྒོམས། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམས། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམས་པས་ཉོན་མོངས་པའི་དྲི་མ་ལས་ཐར་བར་གསུངས་སོ། །སྒྱུ་མ་གཏོགས་འདོད་ཅེས་པ་ནི་ལྷ་ཆེན་པོ་ཁྱབ་འཇུག་ནི་སྒྱུ་མ་ལྟར་སྣ་ཚོགས་པར་ཀུན་དུ་ཁྱབ་པར་ཕྱིན་
ཅིང་ཀུན་དུ་འཇུག་པས་གཏོགས་འདོད་ཆེ་བས་ན། གཏོགས་འདོད་ཅེས་གསུངས་པས་ན་དེ་ཡང་འདུལ་བར་མཛད་དོ་བར་བསྟན་ཏོ། །རྡོ་རྗེ་ཅན་ཞེས་པ་ནི། དཔེར་ན་རྒད་པོ་འཁར་བ་ཅན་ཟེར་བ་ལྟར་ཐུགས་རྡོ་རྗེ་ལྟ་བུ་ལ་མངའ་བརྙེས་པའི་ཕྱིར་རོ། །རྣམ་གཅིག་ཏུ་འཇིག་རྟེན་ན་རྡོ་རྗེ་
Vol. 66 · folio 228b
ཅན་གྱི་རིགས་མ་རུངས་པ་རྣམས་འདུལ་བས་ཀྱང་དེ་སྐད་བསྟན་ཏོ། །རྩེ་གསུམ་ཞེས་པ་ནི་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའི་རྟགས་སུ་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་གསུམ་བསྣམས་པར་འདོད། རྩེ་གསུམ་འཆང་བ་འཕྲོག་པ་ནི། །ཞེས་པ་ལྷ་དབང་ཕྱུག་ཆེན་པོའི་རྩེ་གསུམ་འཆང་བ་འཕྲོགས་
ནས་ཕྱག་ན་བསྣམས་ཤེའོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ཞེས་པ་ནི། འདོད་ཆགས་ཆེ་བ་ནི་ཆོས་ཉིད་ཀྱི་དོན་ལ་ཆགས་པ་དང་འགྲོ་བའི་དོན་ལ་ཆགས་པའི་དོན་ཏོ། །ཞེ་སྡང་ནི་ཐུགས་རྗེ་སྟེ་ཉོན་མོངས་པའི་རྒྱུ་ལ་ཞེ་སྡང་བ་དང་། ཆོས་ཉིད་ཀྱང་ངང་དུ་གནས་པས་ན་མཚན་
མ་ལ་ཞེ་སྡང་བའོ། །གཏི་མུག་ནི་བླང་དོར་མེད་པ་སྟེ་འགྲོ་བའི་དོན་ལ་བླང་དོར་མེད་པར་མཛད་པ་དང་། ཆོས་ཉིད་དམིགས་པས་ན་གང་ལ་ཡང་མི་གནས་པས་ན་ཆེན་པོའོ་ཞེས་པའི་དོན་ཏོ། །སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞེས་པ་ནི། སྲིད་པ་ནི་འཁོར་བ་སྟེ་ཐུགས་རྗེས་སྦྱོང་ལ། མི་
སྲིད་པ་ནི་མྱ་ངན་ལས་འདས་པ་སྟེ་ཡེ་ཤེས་ཀྱིས་སྦྱོང་ཞེས་པའི་དོན་ཏོ། །ཞི་ཞིང་དུལ་བ་ཞེས་པ་ནི། །ཞི་བ་ནི་ཆོས་ཉིད་ལ། དུལ་བ་ནི་ཡེ་ཤེས་ཏེ། ཆོས་ཉིད་དང་ཡེ་ཤེས་འབྲེལ་པའི་དོན་ཏོ། །དགའ་བ་ཆེ་ཞེས་པའི་ཐུགས་རྗེས་ནི་སེམས་ཅན་དག་པར་བྱེད་ལ། ཤེས་རབ་ཀྱིས་ནི་ཆོས་
ཉིད་དག་པར་གཟིགས་པའི་དོན་ཏོ། །སངས་རྒྱས་ཞེས་པ་ནི་ཉོན་མོངས་པ་སྤངས་པས་སངས་ལ། ཤེས་བྱ་ལ་ཡེ་ཤེས་ཀྱིས་ཁྱབ་པས་ནི་རྒྱས་པའོ། །སངས་རྒྱས་རབ་རྟོགས་པ་ཞེས་པ་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་དགོངས་པ་མི་མཁྱེན་པ་མི་མངའ་བའི་ཕྱིར་རོ། །སངས་
རྒྱས་བདག་ཉིད་ཅེས་པ་ནི། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གྱུར་པས་ན་བདག་ཉིད་དོ། །སངས་རྒྱས་སྐུ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་དུ་གྱུར་པ་སྐུ་ལ་རྒོལ་བའི་བགེགས་རྣམས་རབ་ཏུ་འདུལ་བར་མཛད་པ་
དང་སྐུའི་ཕྲིན་ལས་ཀྱི་ངོ་བོར་གྱུར་པས་སོ། །རྡོ་རྗེ་རབ་སྐྱེས་ཞེས་པ་ནི། གསུང་རྡོ་རྗེ་ལྟ་བུར་རབ་ཏུ་སྐྱེས་པར་གྱུར་བས་འགྲོ་བའི་རྒྱུད་དགྲོལ་བ་དང་། གསུང་ལ་མངའ་བརྙེས་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི། རྡོ་རྗེ་སེམས་དཔའི་ཐུགས་རྣམ་པར་དག་པ་ལ་རབ་ཏུ་མངའ་
Vol. 66 · folio 229a
བརྙེས་པའི་ཕྱིར་ན་རྡོ་རྗེ་སེམས་དཔའོ། །ཀུན་དུ་བཟང་པོ་ཞེས་པ་ནི། གནོད་སྦྱིན་རྣམས་ཀུན་དུ་བཟང་པོས་འདུལ་བར་མཛད་པས་ན། འདུལ་བའི་དབང་དུ་ནི་བསྟན་ནས་གནོད་སྦྱིན་གྱི་བདག་པོ་ཆེན་པོར་བསྟན་ཏོ། །ཆེར་བཟང་པོ་ཞེས་པ་ནི། སེམས་ཅན་རྣམས་
ཀྱི་ནོར་རྣམས་བསྒྲུབ་པར་བྱ་བའི་ཕྱིར་ན་གང་བ་བཟང་པོ་བཏུལ་ནས་ནོར་གྱིས་གང་བར་མཛད་པས་དེའི་བདག་པོར་གྱུར་པས་ནི་ཆེར་བཟང་ཞེས་བྱའོ། །མཚན་བཟང་དམ་པས་རྣམ་པར་བརྒྱན། །ཞེས་པ་ནི། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་མངའ་བརྙེས་
པས་ན་མཚན་བཟང་དམ་པ་སྟེ། གཞན་ལས་འཕགས་པའི་ཐུན་མོང་མ་ཡིན་པས་ན་དམ་པའོ། །རྣམ་པར་བརྒྱན་ནི་འདུལ་པའི་དབང་དུ་ཐུན་མོང་གི་མཚན་གྱིས་ནི་བརྒྱན་པའི་སྐུ་བརྒྱད་པ། ཐུན་མོང་མ་ཡིན་པས་ནི་ཐུགས་རབ་ཏུ་བརྒྱན་པར་མཛད་པའོ། །ཁམས་གསུམ་བདག་ཉིད་ཆེ་
ཞེས་པ་ནི། ཁམས་གསུམ་གྱི་བདག་ཉིད་ཆེན་པོར་ཐུགས་རྗེས་བསྟན་ནས། བདག་ཅག་འཇིག་རྟེན་པ་རྣམས་ཀྱི་མངའ་བདག་མཛད་ཅིང་འཁོར་གྱི་གཙོ་བོར་གྱུར་པའི་དོན་ཏོ། །ཁྱབ་པ་པོ་ཞེས་པ་ནི་སྲིད་པ་གསུམ་དུ་ཡང་ཐུགས་རྗེ་དང་ཕྲིན་ལས་ཀྱིས་ཁྱབ་པར་གྱུར་པས་ན། ཀུན་དུ་ཡང་
ལག་ན་རྡོ་རྗེ་ཞེས་གྲགས་པར་མཛད་པའི་ཕྱིར་རོ། །ཐམས་ཅད་རྡོ་རྗེ་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད་དུ་ཕྱག་ན་རྡོ་རྗེར་བསྟན་ནས། དེའི་བསྟན་པ་ལ་གནོད་པའི་བདུད་ལ་སོགས་པ་རྣམས་འདུལ་བར་མཛད་པ་ནའམ། བསྟན་པ་རྡོ་རྗེ་ལྟ་བུའི་སྒོ་ནས་འདུལ་བར་མཛད་པའི་
ཕྱིར། བདག་ཉིད་གཙང་ཞེས་པ་ནི་སྲིད་པ་གསུམ་གྱི་བདག་ཉིད་དུ་གྱུར་ཀྱང་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་རྣམས་སྤངས་པས་ཀྱང་གཙང་ངོ་། །རྣམ་པ་གཅིག་ཏུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་རང་བཞིན་ནམ་བདག་ཉིད་དུ་གྱུར་པས་ན་མི་མཐུན་པའི་སྐྱོན་རྣམ་པ་
ཐམས་ཅད་དང་བྲལ་བས་ན་བདག་ཉིད་གཙང་ཞེས་པའི་དོན་ཏོ། །མཚན་བརྒྱ་རྩ་བརྒྱད་པ་ཕྱེ་ནས་བཤད་ཟིན་ཏོ། །ད་ནི་རྒྱུད་ཀྱི་དོན་འདི་གཟུང་བ་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། གང་གིས་འདི་བྲིས་བཀླགས་འགྱུར་རམ། །ཞེས་པ་ནི། ཁྱབ་པ་སྤྱིའི་ཚིག་གམ། ཆོས་ལ་ཕྱོགས་སུ་བསྡུས་
Vol. 66 · folio 229b
པ་སྟེ་སུ་ཡང་རུང་ཞེས་པའི་དོན་ཏོ། །དེས་རྒྱུད་ཀྱི་དོན་འདི་ཡི་གེ་ལ་བྲིས་ནས། བདག་གིས་ནི་འཆང་བའམ། གཞན་ལ་བྲིས་ནས་སྦྱིན་པའམ། བྲིས་པ་རྣམས་བདག་གིས་ཀློག་གམ། གཞན་ཀློག་ཏུ་འཇུག་པའམ། རྒྱུན་དུ་ཡི་དམ་དུ་ཀློག་ཏུ་འཇུག་བར་བགྱི་ཞེས་པའི་དོན་ཏོ། །རྟག་
ཏུ་དེ་དོན་བཅང་བྱེད་དམ། །ཞེས་པ་ནི་དུས་རྟག་ཏུ་དོན་བློ་ལ་འཆང་བའམ། ཚིག་གླེགས་བམ་ལ་འཆང་བར་བྱེད་པའི་དོན་ཏོ། །དྲན་ནས་ཉན་པར་བྱེད་ཀྱང་རུང་། །ཞེས་པ་ནི། དེ་ལ་དྲན་པ་ནི་ལྷག་མཐོང་གི་ཤེས་རབ་ཀྱིས་རྒྱུད་ཀྱི་དོན་ཉན་པ་དང་། ཉན་པའི་དོན་བསམ་ཞིང་སྒོམ་པར་བྱེད་ཀྱང་
རུང་སྟེ། ད་ནི་དེ་བཞིན་གཤེགས་པའི་རིགས་སུ་འགྱུར་བའི་དོན་ཏོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །ཞེས་འབྱུང་བས་ན། རྒྱུད་འདི་ཉིད་ནི་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་རྒྱུད་ལ་རབ་ཏུ་གནས་པས་ན་གང་གི་འདི་ཉིད་ཉམས་སུ་བླངས་ནས། དེ་ཡང་ཕྱག་ན་རྡོ་རྗེ་དང་
འདྲ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རྒྱུད་འདི་རྟོགས་པའི་སྒོ་ནས་ཐོབ་པར་འགྱུར་བའི་རྒྱུ་ཡིན་པས་སྨོས་སོ། །ད་ནི་རྒྱུད་འདི་གསུངས་པ་ལ་འཁོར་རྣམས་དགའ་བ་སྟོན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་འབྱུང་བས། བཅོམ་ལྡན་
འདས་ནི་ཤཱཀྱ་ཐུབ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་བསྟན་པ་ཡིན་པས་གཙོ་བོར་རབ་ཏུ་སྨོས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ནི། རྒྱུད་འདིའི་དོན་ཏེ་དེ་སྐད་ཅེས་པར་སྦྱར་ཏེ། དེ་ཡང་ཇི་ལྟར་གསུངས་ན། གླེང་གཞི་དང་མདོ་བཤད་པ་གཉིས་སུ་གསུངས་སོ། །གླེང་གཞི་
ལ་ཡང་གཉིས་ཏེ། ཕུན་སུམ་ཚོགས་པའི་གླེང་གཞི་དང་། ཁྱད་པར་གྱི་གླེང་གཞི་གཉིས་སུ་གསུངས་སོ། །ཕུན་སུམ་ཚོགས་པའི་གླེང་གཞི་ཡང་ལྔར་གསུངས་སོ། །དེ་ཡང་སྟོན་པ་དང་། འཁོར་དང་། གནས་དང་། སྡུད་པ་པོ་དང་དུས་དང་རྣམ་པ་ལྔར་གསུངས་སོ། །ཁྱད་པར་ནི་
རྣམ་པ་གཉིས་ཏེ། སྟོན་པས་གླེང་བསླང་བ་དང་། འཁོར་གྱིས་གླེང་བསླང་བའོ། །མདོའི་དོན་བཤད་པ་ལ་ཡང་དོན་རྣམ་པ་གཉིས་སུ་གསུངས་ཏེ། དེ་ཡང་དཀྱིལ་འཁོར་དང་སྦྱིན་སྲེག་གོ། །དེ་ཡང་ཐུགས་རྣམ་པར་མི་རྟོག་པའི་ངང་དུ་གནས་ཀྱང་ཀུན་རྫོབ་ཏུ་ཕྲིན་ལས་སྣ་ཚོགས་སུ་མཛད་
Vol. 66 · folio 230a
པས་ན་དཀྱིལ་འཁོར་དུ་བསྟན་ཏོ། །ཕྱིན་ཅི་ལོག་གི་ཉོན་མོངས་པའི་མཚན་མ་སྲེག་པའི་ཕྱིར་ན་ཧོམ་དུ་བསྟན་ཏེ་བཀའ་སྩལ་ཏོ། །དེ་ཡང་དཀྱིལ་འཁོར་ལ་རྣམ་པ་གཉིས་སུ་བཀའ་སྩལ་ཏེ། འཇིག་རྟེན་ལས་འདས་པ་དོན་དམ་པར་མི་འགལ་བར་བཀའ་སྩལ་པ་
དང་། འཇིག་རྟེན་པ་ཀུན་རྫོབ་ཀྱི་བདེན་པར་བཀའ་སྩལ་ལོ། །དེ་ལ་འཇིག་རྟེན་ལས་འདས་པ་ལ་ཡང་རྣམ་པ་དྲུག་སྟེ། དེ་ཡང་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ། ཉོན་མོངས་པའི་སེམས་ཅན་ཐུགས་རྗེའི་ཞིང་ཡིན་པས་ན། ཀུན་རིག་རྩ་བའི་དཀྱིལ་འཁོར་བཀའ་སྩལ་ཏོ། །
ཐུགས་རྣམ་པར་དག་པས་སྤྲུལ་བ་ཕྱུང་ནས་ངན་སོང་སྦྱོང་བའི་ཕྱིར་ན་གཙུག་ཏོར་བརྒྱད་གསུངས་སོ། །སེམས་ཅན་འཆི་བ་ནི་སྔོན་གྱི་ལས་ཡིན་པས་ན་དེ་སྦྱང་བའི་ཕྱིར་ན་ཚེ་དཔག་མེད་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་དཀྱིལ་འཁོར་བཀའ་སྩལ་ཏོ། །སེམས་ཅན་རྣམས་འཕྲལ་གྱི་རྐྱེན་
གྱིས་འཆི་བས་ནི། དེ་བཟློག་པའི་ཕྱིར་ཚེ་དཔག་མེད་བཀའ་སྩལ་ཏེ། སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་སུ་ནི་རིགས་བཞིའི་འཁོར་ལོས་སྒྱུར་བ་གསུངས་སོ། །མ་རུངས་པ་ཞི་བས་མི་འདུལ་བ་རྣམས་དྲག་པོའི་སྒོ་ནས་འདུལ་དགོས་པས་ན། ཁྲོ་བོ་རྡོ་རྗེ་ཉི་མ་མེའི་དཀྱིལ་འཁོར་བཀའ་
སྩལ་ཏོ། །འཇིག་རྟེན་པ་ཡང་རྣམ་པ་དྲུག་ཏུ་བཀའ་སྩལ་ཏེ། འཇིག་རྟེན་པ་སོ་སོ་རང་རང་གི་མཎྜལ་མདོངས་གསོལ་དུ་ཕུལ་བས་ན། དེ་ལ་སྟོན་པར་དགྱིས་ནས། རྒྱལ་པོ་ཆེན་པོ་བཞིའི་སོ་སོའི་བགེགས་རྣམས་ཞི་བར་བྱ་བའི་ཕྱིར་ན། རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་བཀའ་
སྩལ་ཏོ། །གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཞི་བར་བྱ་བའི་ཕྱིར་ན། ཕྱོགས་སྐྱོང་བ་བཅུའི་དཀྱིལ་འཁོར་བཀའ་སྩལ་ཏོ། །གཟའ་སྐར་མི་མཐུན་པ་ཞི་བར་བྱ་བའི་ཕྱིར་གཟའ་བརྒྱད་ཀྱི་དཀྱིལ་འཁོར་བཀའ་སྩལ་ཏོ། །སེམས་ཅན་རྣམས་ལས་བདག་གི་གདོན་ཞི་བར་བྱ་བའི་ཕྱིར་ན་
ཀླུ་བརྒྱད་ཀྱི་དཀྱིལ་འཁོར་བཀའ་སྩལ་ཏོ། །ལྷ་གདོན་རྣམས་གདུལ་བར་བྱ་བའི་ཕྱིར་ནི་འཇིགས་བྱེད་བརྒྱད་ཀྱི་དཀྱིལ་འཁོར་བཀའ་སྩལ་ཏོ། །སེམས་ཅན་རྣམས་ཀྱི་ལྷ་མི་དགའ་བའི་གནོད་པ་ཞི་བར་བྱ་བའི་ཕྱིར་ན་ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་བཀའ་སྩལ་ཏོ། །སྦྱིན་སྲེག་ལ་ཡང་རྣམ་
Vol. 66 · folio 230b
པ་གཉིས་ཏེ། རོའི་ཧོམ་དང་ཕྲིན་ལས་རྣམ་པ་བཞིའི་ཧོམ་མོ། །དེ་ལ་ཡང་ཉོན་མོངས་པའི་དངོས་པོ་གདོས་པ་དང་བྲལ་བའི་ཕྱིར་ན། རོའི་སྦྱིན་སྲེག་བཀའ་སྩལ་ཏོ། །དེ་ཡང་ཐུགས་ཆོས་ཉིད་ལས་མ་གཡོས་པས་ན། ཞི་བའི་སྦྱིན་སྲེག་བཀའ་སྩལ་ཏོ། །འདོད་པ་ཕུན་སུམ་ཚོགས་པ་
བསྒྲུབ་པའི་ཕྱིར་ན་རྒྱས་པའི་སྦྱིན་སྲེག་བཀའ་སྩལ་ཏོ། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད་པའི་ཕྱིར་ན་དབང་གི་སྦྱིན་སྲེག་བཀའ་སྩལ་ཏོ། །མ་རུངས་པ་དྲེགས་པ་ཅན་འདུལ་བའི་ཕྱིར་ན་དྲག་པོའི་ཧོམ་བཀའ་སྩལ་ཏོ། །ཕྱི་མའི་ཆོ་ག་ཡན་ལག་ནི་དཀྱིལ་འཁོར་དང་ཧོམ་རྣམས་མ་
གྲུབ་ན། ཆོ་ག་སྤོབས་པར་བྱའོ་ཞེས་བཀའ་སྩལ་ཏོ། །རྒྱུད་ཀྱི་དོན་དེ་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་སྨོས་སོ། །ད་ནི་འཁོར་རྣམས་རབ་ཏུ་དགའ་བ་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཀྱང་མྱ་ངན་ལས་འདས་པའི་
བསྟན་པའི་ཞབས་སུ་ཡང་། དེ་སྐད་ཅེས་གྱིས་ཤིག་ཅེས་ཀུན་དགའ་བོ་ལ་གདམས་སོ། །དེ་ནས་བརྒྱ་བྱིན་དང་ཞེས་པ་ནི་མགོ་བརྒྱ་བཏང་ཞིང་། མཆོད་སྦྱིན་བརྒྱ་བཏང་བ་དང་། དང་པོའི་ཡོན་བདག་དང་། གནས་ཀྱི་བདག་པོ་ཡིན་པས་སྣ་ལ་སྨོས་སོ། །ཚངས་པ་ལ་སོགས་པའི་
འཁོར་ཞེས་པ་ནི། ཉོན་མོངས་པ་ལས་ཚངས་པར་མཛད་པ་དང་། འཇིག་རྟེན་པའི་མེས་པོ་ཡིན་པས་དེའི་འོག་ཏུ་སྨོས་སོ། །སོགས་ཀྱི་ཁོངས་སུ་ནི་སོ་སོའི་བཙུན་མོ་དང་བཅས་པའི་ཐ་ཚིག་གོ། །འཁོར་ལ་སོགས་པ་ནི་བརྒྱ་བྱིན་སུམ་ཅུ་རྩ་གསུམ་དང་བཅས་པ་དང་། ཚངས་པ་ཚངས་
རིས་ལྷ་དང་བཅས་པ་དང་ཞེས་པའི་ཐ་ཚིག་གོ། །ལྷ་དང་ནི་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ལ་སོགས་ལྷ་འདུས་པ་རྣམས་སོ། །མི་དང་ནི་མོས་པ་སྤྱོད་པའི་ས་ལ་མིར་གནས་པ་རྣམས་སོ། །ལྷ་མ་ཡིན་དང་ནི། ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་ལ་སོགས་པ་རྣམས་དང་། དྲི་ཟ་དང་ནི་ཟུར་ཕུད་ལྔ་པ་
ལ་སོགས་པའོ། །གནོད་སྦྱིན་དང་སྡེ་དཔོན་པཉྩི་ཀ་ལ་སོགས་པའོ། །སྲིན་པོ་ལ་སོགས་པ་ནི། ལང་ཀ་མགྲིན་བཅུ་ལ་སོགས་པའི་འཁོར་རྣམས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ། །ཞེས་པ་ནི། རྒྱུད་ཀྱི་དོན་ཐུགས་རྣམ་པར་དག་པའི་ངང་ལ་གནས་པ། ཞལ་གྱི་
Vol. 66 · folio 231a
དཀྱིལ་འཁོར་ནས་ཚངས་པའི་གསུང་གིས་དོན་དང་ཚིག་ཏུ་ལྡན་པར་གསུངས་ཤེའོ། །མངོན་པར་དགའ་སྟེ་ཞེས་པ་ནི། དོན་ལ་དགའ་བ་དང་། ཕྲིན་ལས་ངན་སོང་རྣམ་པར་སྦྱངས་པ་ལ་མངོན་པར་དགའ་བའོ། །རྗེས་སུ་ཡི་རང་ངོ་ཞེས་པ་ནི། རྒྱུད་ཀྱི་དོན་ལ་
རྗེས་སུ་ཡི་རང་བ་དང་། ཆོ་འཕྲུལ་གྱི་བྱ་བ་དང་། ཕྲིན་ལས་ཀྱི་སྤྱོད་པ་ལ་རྗེས་སུ་ཡི་རང་བའོ། །བློ་དམན་རྣམས་ལ་ཕན་གདགས་ཕྱིར། །རྒྱུད་ཀྱི་འབྲུ་འགྲེལ་གསལ་བར་བཀྲོལ། །མཁས་པ་རྣམས་ཀྱིས་བཟོད་པ་མཛོད། །ཀུན་གྱིས་དོན་རྟོགས་བདེ་ལེགས་སྨོན། །དོན་གྱི་
འབྲུ་འགྲེལ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words