འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་ཏེ་ཛོ་རཱ་ཛཱ་ནཱ་མ་ཀལྤ་རཱ་ཛ་སྱ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 66 · folio 231a
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་ཏེ་ཛོ་རཱ་ཛཱ་ནཱ་མ་ཀལྤ་རཱ་ཛ་སྱ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་
ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྷ་མོ་སྐུལ་བྱེད་མ་ལ་ཕྱག་འཚལ་ལོ། །གང་གིས་ཐུགས་རྗེ་དཔག་མེད་དང་། །ཤེས་རབ་དཔག་མེད་སྟོབས་ཀྱིས་ནི། །འགྲོ་བ་
ཕོངས་པ་ཀུན་སྐྱོབ་པ། །བསམ་ཡས་མཐུ་མངའ་དེར་བདག་འདུད། །འགྲོ་བའི་ངན་འགྲོ་མ་ལུས་ཟད་མཛད་མཐོ་རིས་བདེ་སྩོལ་བ། །གང་འདིར་རྡོ་རྗེའི་རིགས་འཁྲུངས་དེ་ལའང་རབ་ཏུ་དང་བས་ཕྱག་འཚལ་ཏེ། །དཔལ་ལྡན་རྒྱུད་ཆེན་ཆོ་ག་མང་པོའི་རིན་ཆེན་མཛོད་གྱུར་པ། །ངན་སོང་
ཀུན་སྦྱོང་ཞེས་བྱ་འདི་ནི་བདག་གིས་འབད་པས་དབྱེ། །རྒྱུད་ཆེན་རབ་ཟབ་མཚོ་ཆེན་འདྲ་བ་འདི་ལ་བདག་འདྲའི་བློས། །གཏིང་དཔག་རབ་ཏུ་དཀའ་ཞིང་འཁྲུལ་པའི་དགྲ་ཚོགས་རབ་མང་ཡང་། །རང་གིས་དད་དང་དམན་པའི་མི་རྣམས་དགའ་བ་བསྐྱེད་པའི་ཕྱིར། །གཞུང་གི་རྒྱ་མཚོར་
བདག་འཇུག་འདི་ལ་བརྩེར་ལྡན་རྣམས་ཀྱིས་སྐྱོབས། དེང་སང་འགྲོ་རྣམས་ཤེས་རབ་ཞན་ཅིང་མངོན་པའི་ང་རྒྱལ་ལྡན། །དེ་དག་རྣམས་ཀྱིས་རིན་ཆེན་རྒྱུད་འདི་མ་རུངས་བྱས་པར་མཐོང་། །དེ་ཕྱིར་ལོག་པར་སྨྲ་བ་ཚར་གཅོད་མཁས་པ་དགའ་སྐྱེད་འདི། །བློ་ལྡན་ལུང་དང་རིགས་པས་
Vol. 66 · folio 231b
འཇལ་རྣམས་གུས་པས་ཉོན། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། བརྒྱ་ལམ་ན་རེས་འགའ་ཞིག་འཇིག་རྟེན་དུ་འབྱུང་བ་ནི་ཤིང་ཨུ་དུམྺཱ་རའི་མེ་ཏོག་དང་འདྲ་སྟེ། ཇི་སྐད་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པ། འཇིག་རྟེན་དུ་ནི་ཀུན་
མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་ལན་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །ཞེས་སོ། །དེ་བཞིན་དུ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སོ་སོར་ཐར་པའི་མདོ་ལས་ཀྱང་། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་
ཏུ་དཀོན། །ཞེས་གསུངས་སོ། །བརྒྱ་ལམ་ན་འབྱུང་བའི་དུས་ནི་བཞི་སྟེ། རྫོགས་ལྡན་གྱི་དུས་དང་། གཉིས་ལྡན་གྱི་དུས་དང་། གསུམ་ལྡན་གྱི་དུས་དང་། རྩོད་པའི་དུས་སོ། །དེ་ལ་བདག་ཅག་གི་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་སྐྱེས་མཆོག་འདི་ནི་ཐུགས་རྗེ་ཆེན་པོས་བསྐུལ་བའི་སྨོན་
ལམ་གྱི་མཐུས། སྙིགས་མ་ལྔ་དང་ལྡན་པའི་རྩོད་པའི་དུས་སུ་འདམ་གྱི་པདྨ་བཞིན་དུ་འབྱུང་སྟེ། ཇི་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། ང་དང་གཞན་དག་བྱས་དུས་དེ། །ཤཱཀྱ་སེང་གེ་རྩོད་པའི་དུས། །ཞེས་གསུངས་སོ། །རྩོད་པའི་དུས་འདི་ནི་ལྟ་བའི་སྙིགས་མ་ལ་
གནས་པས། ལྟ་བ་ཐ་དད་པ་དྲུག་ཅུ་རྩ་གཉིས་ཀྱིས་གླགས་པ་ཡིན་པའི་ཕྱིར། ཐེག་པ་སྣ་ཚོགས་པས་གདུལ་བྱ་དག་འདུལ་གྱི། རྫོགས་ལྡན་ལ་སོགས་པའི་དུས་ཀྱི་སེམས་ཅན་ལྟར། ཐེག་པ་གཅིག་གིས་ནི་འདུལ་བར་མི་ནུས་ཏེ། རྟ་ཅང་ཤེས་དང་། དམུ་རྒོད་དག་ལྟ་བུའོ། །
དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། མདོ་སྡེ་དང་གསང་སྔགས་ཀྱི་ལམ་སྟོན་པའི་གཞུང་རབ་ཏུ་མང་པོ་གསུངས་ལ། འཇིག་རྟེན་པའི་ལམ་གྱི་ངོ་བོ་བསྟན་པའི་གཞུང་ཡང་རབ་ཏུ་རྒྱ་ཆེར་གསུངས་མོད་ཀྱི། དེ་དག་གིས་འདུལ་བ་མ་ཡིན་པ་ལྷའི་བུ་ནོར་བུ་དྲི་མ་མེད་
པ་ལ་སོགས་པའི་ཆེད་དུ། ཡང་འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་སུམ་ཅུ་རྩ་གསུམ་གྱི་གནས་སུ་དགའ་བའི་ཚལ་དེར་གསུངས་སོ། །དེར་གསུངས་པའི་རྒྱུད་འདི་ནི་དབང་པོའི་རིམ་པ་གསུམ་གྱིས་ཉན་པ་ལ་སོགས་པར་
Vol. 66 · folio 232a
བྱེད་དེ། འདི་ལྟར་སྔོན་གྱི་བྱེད་པས་ཀྱང་དབང་པོ་ཐ་དད་དེ། ཉེ་རྒྱལ་དང་པང་ནས་སྐྱེས་ལྟ་བུ་མགོ་སྨོས་པས་གོ་བ་དང་འཕགས་པ་ཅང་ཤེས་ཀཽཎྜི་ནྱ་ལ་སོགས་པའི་ལྔ་སྡེ་བཟང་པོ་ལ་སོགས་པ་དོན་རྣམ་པར་ཕྱེ་བས་གོ་བ་དང་། ས་ནུ་ལ་སོགས་པ་དོན་རྣམ་པར་སྤྲོས་པས་
གོ་བ་དག་དང་། འཕགས་པ་ལམ་བསྟན་ལ་སོགས་པ་ཚིག་ལྷུར་ལེན་པའི་གང་ཟག་དག་སྲིད་པའི་ཕྱིར་རོ། །རྐྱེན་གྱིས་ཀྱང་དེ་ཐ་དད་དེ། ཇི་སྐད་དུ། མ་ག་དྷཱ་པ་ཟུར་གྱིས་གོ། །ཀོ་ས་ལ་བ་ཡིག་ཕྱེད་ཀྱིས། །པཉྩ་ལ་པ་བརྗོད་ན་ཤེས། །ནུབ་མི་མ་སྨྲས་མི་ཤེས་སོ། །ཞེས་བརྗོད་པ་ལྟ་
བུ་སྟེ། དེའི་ཕྱིར་དབང་པོ་རྣོ་བ་དང་འབྲིང་དང་། དབང་པོ་རྟུལ་པོ་དེ་དག་གི་དབང་དུ་བྱས་ཏེ། རྒྱུད་འདི་ཚུལ་གསུམ་གྱིས་བཤད་པར་བྱའོ། །མགོ་སྨོས་བས་གོ་བའི་དབང་དུ་བྱས་ཏེ། དོན་དང་ལྡན་པའི་མཚན་རྣམ་པར་གཞག་པ་དང་། དོན་རྣམ་པར་ཕྱེ་བས་གོ་བའི་དབང་དུ་བྱས་ཏེ།
རྒྱུད་ཀྱི་དོན་རྣམ་པར་དབྱེ་བ་དང་། རྣམ་པར་སྤྲོས་པས་གོ་བའི་དབང་དུ་བྱས་ཏེ། ཡན་ལག་ལྔས་གཞུང་བཤད་པའོ། །ཚིག་ལ་འཆེ་བ་དག་ཀྱང་། ཐུགས་རྗེའི་དབང་གིས་མཚན་འཛིན་པ་ལ་སོགས་པས་སྦྱོར་བར་དགོངས་པ་ཉིད་ཇི་ལྟ་བར་ཡུལ་དུ་བྱས་པའོ། །ཇི་སྐད་དུ། མཁས་
པ་འཇིག་རྟེན་འདས་སམ་མྱ་ངན་འདས་ཀྱང་རུང་། །ཆོས་ཉིད་སྐྱོན་མེད་ཆོས་རྣམས་སྟོན་པ་འདི་གནས་ཏེ། །བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། །དེའི་ཕྱིར་དེ་བཞིན་གཤེགས་ཤེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་གསུངས་པ་དང་། གཞན་ཡང་།
འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། །རང་གི་ངོ་བོར་བསྟན་དུ་མེད། །ཡེ་ཤེས་རང་གཅིག་ཅེས་བྱ་བ། །འདི་ནི་དེ་བཞིན་གཤེགས་ཤེས་བྱ། །ཞེས་གསུངས་ཏེ། དེ་བས་ན་ཚིག་འདི་གཉིས་ཀྱིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བསྟན་ལ། ཡེ་ཤེས་དེ་ཡི་མཚན་ཉིད་ནི། །མདོ་སྡེའི་རྒྱན་
ལས་ཇི་སྐད་དུ། །མེ་ལོང་ཡེ་ཤེས་མི་གཡོ་སྟེ། ཡེ་ཤེས་གསུམ་པོ་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་
Vol. 66 · folio 232b
འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །ཞེས་སོ། །དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་ཚུལ་གྱིས་ཡུལ་དུ་མཛད་ལ། ཀུན་རྫོབ་པའི་དངོས་པོ་ཇི་
ལྟར་སྣང་བ་ཡང་སྐད་ཅིག་ལ་མ་ལུས་པར་སྣང་ཞིང་སྣང་བ་ལ་མངོན་དུ་ཕྱོགས་པ་ཡང་མེད་དེ། དེའི་ཕྱིར་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའོ། །གལ་ཏེ་ཡེ་ཤེས་འདི་དེ་ལྟ་བུ་མ་ཡིན་དུ་ཟིན་ན། །རྣམ་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ལ། ཡེ་ཤེས་འདི་ལྟ་བུ་སྒྱུ་མ་ཙམ་དུ་
མི་གནས་ནི། གལ་ཏེ་བདག་གཅིག་མེད་དུ་ཟིན་ན་ནི། དེ་ཡི་སྤྱོད་ཡུལ་ཞི་བ་སྟོང་པའང་མེད། །རང་འབྱུང་རྡུལ་རྣམས་ཤིན་ཏུ་བསལ་བ་ཡི། །བདེར་གཤེགས་རྣམས་ཀྱི་སྐུ་ཡང་ཇི་ལྟར་འབྱུང་། །ཞེས་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པའི་ཉེས་པར་འགྱུར་རོ། །བསྐལ་པ་
མང་པོར་དེ་ལྟ་བུར་གོམས་པར་བྱས་པའི་ཕྱིར། རྒྱུའི་བྱེད་པའི་མཐུ་ལས་རྗེས་སུ་དཔག་པར་བྱའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་སྐྱེ་བའི་བར་ཆད་ཇི་སྙེད་པ་ནི་དགྲ་ཞེས་བྱ་སྟེ། དགྲ་དང་ཆོས་
མཐུན་པའི་ཕྱིར་རོ། །ཡེ་ཤེས་གང་གིས་སྤངས་པ་དེ་ནི་བཅོམ་པ་སྟེ། འདིས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན་ལ། ཡེ་ཤེས་དེའི་མཚན་ཉིད་ཀྱང་། མདོ་སྡེ་རྒྱན་ལས། བསྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། །
མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་དུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་གསུངས་སོ། །ཡང་ན་ཡེ་ཤེས་འདི་དང་ལྡན་པ་ནི་མཆོད་པར་བྱ་བ་ཡིན་པས་ན། ཨ་
ར་ཧད་ཅེས་བྱ་བ་ནི་མཆོད་པར་བྱ་བའམ། ཡང་ན་ཡེ་ཤེས་འདི་དང་ལྡན་པ་ནི་ཆོས་ཀྱི་རྒྱལ་པོར་འོས་ན་ཨ་ར་ཧད་ཅེས་བྱ་བ་ནི་འོས་པའོ། །ཡང་དག་པའི་སངས་རྒྱས་ཞེས་བྱ་བ་ལ། ཆོས་རྣམས་ཀྱི་དངོས་པོ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ལ་ཡང་དག་པར་རོ། །སཾ་ཞེས་བྱ་བ་ནི་སཾ་པུཪྞ་
Vol. 66 · folio 233a
སྟེ་རྫོགས་པར་རོ། །དེའི་ཕྱིར་སཾ་ནི་ཆོས་རྣམས་ཀྱི་དངོས་པོ་ཇི་སྙེད་པ་མཁྱེན་པར་རོ། །སངས་རྒྱས་ཞེས་བྱ་བ་ནི། རབ་ཏུ་རྟོགས་པ་སྟེ་སྐྱེས་བུ་ལེགས་པར་སད་པ་བཞིན་ནོ། །དེའི་ཕྱིར་ཡང་དག་པར་ཞེས་བྱ་བ་དང་རྫོགས་པར་ཞེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བ་
འདི་ཉིད་འཆད་པའོ། །ཡང་ན་སངས་རྒྱས་ཞེས་བྱ་བ་ནི། རབ་ཏུ་རྒྱས་པ་སྟེ། མེ་ཏོག་པདྨ་རབ་ཏུ་རྒྱས་པ་ལྟ་བུའོ། །འདིས་ནི་སོ་སོར་རྟོག་པའི་ཡེ་ཤེས་བསྟན་ཏེ། ཡེ་ཤེས་དེའི་མཚན་ཉིད་ནི་མདོ་སྡེ་རྒྱན་དེ་ཉིད་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་
མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡིན། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་གསུངས་སོ། །ངན་སོང་ཐམས་
ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ལ། ངན་སོང་ནི་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་རྣམས་སོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པར་རོ། །ཡོངས་སུ་ཞེས་བྱ་བ་ནི་མཐར་ཐུག་པར་རོ། །སྦྱོང་བ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུའི་བདག་ཉིད་དག་པར་བྱ་སྟེ། ཇི་སྐད་དུ་འདི་ཉིད་ལས།
ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་བྱ་བ་གྲུབ་པའི་ཡེ་ཤེས་བསྟན་ཏེ། ཡེ་ཤེས་དེའི་མཚན་ཉིད་ཀྱང་མདོ་སྡེ་རྒྱན་ཉིད་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་
དུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། །སངས་རྒྱས་སྤྲུལ་པ་དེར་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གི་རྣམ་ཀུན་དུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་གསུངས་ལ། ཡེ་ཤེས་བཞི་ཆར་གྱི་
དོན་བསྡུས་པ་ཡང་། དེ་ཉིད་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་གྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་གསུངས་སོ། །ཡེ་ཤེས་དེ་དག་བདག་ཉིད་གཅིག་ཏུ་གྱུར་པ་ནི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་
Vol. 66 · folio 233b
བྱ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཆུང་ཟད་ཀྱང་དབྱེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་དེ་ཉིད་ཐ་དད་པའི་ཆོས་རྣམས་ཟིལ་གྱིས་གནོན་པའི་མཆོག་ཡིན་པས་མིང་དེ་སྐད་ཅེས་བྱའོ། །ཡེ་ཤེས་དེ་དག་གི་རང་བཞིན་གྱི་གཟུགས་ཀྱི་སྐུ་ནི། འདིར་ཕྱིར་མི་རྟོག་པའི་ཕྱིར་
བཟློག་པས་བསྟན་པའམ་རྟོག་པ་ཞེས་བྱ་སྟེ། གདུལ་བྱ་རྣམས་ཀྱིས་དེ་ལ་ཁ་དོག་དང་དབྱིབས་མཚན་མ་མང་པོར་རྟོགས་པས་སོ། །དེ་ལྟར་ཡང་འཕགས་པ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །རྟག་ཏུ་རྣམ་མི་རྟོག་ལས་བྱུང་། །མི་
རྟོག་པ་ཡི་ཡེ་ཤེས་ལ། །དེ་ཕྱིར་རྟོག་པ་ཞེས་བརྗོད་དོ། །ཞེས་བྱ་བ་ལ་སོགས་པ་དང་། མི་རྟོག་གང་ལ་རྟོག་ཉིད་དུ། །བརྟགས་པས་རྟོག་ལས་བྱུང་བ་ནི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་ཕྱིར་རྟོག་པ་ཞེས་བརྗོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་
འབྲས་བུའི་རྒྱུད་བསྟན་ཏེ། རྒྱུ་དེའི་འབྲས་བུའི་རྒྱུད་བསྟན་ཏོ། །རྒྱུ་དེའི་འབྲས་བུ་དེ་རྐྱེན་གང་གིས་བསྐྱེད་ཅེས་ཕྱོགས་སྔ་མ་ལ། རྟོག་པ་ཞེས་བྱ་བ་ལ་བཟླས་ནས་བརྗོད་དེ། ཀལྤ་ཏི་ཀལྤ་ཞེས་བསྟན་པའི་དབང་གིས། དམ་ཚིག་དང་དབང་དང་བསྙེན་པ་དང་སྒྲུབ་པ་ཞེས་བྱ་བའི་ཚོགས་
ཀྱི་བདག་ཉིད་ལམ་ཞེས་བྱ་བ་ནི། འདིར་རྟོག་པ་ཞེས་བྱ་བའི་སྒྲས་བརྗོད་ལ། དེ་བས་ན་འདིར་རྟོག་པ་ཞེས་བྱ་བས་ནི། ཆོ་ག་རྒྱས་པ་ཉིད་བསྟན་ལ། ཆོ་ག་རྒྱས་པའི་ངོ་བོ་དམ་ཚིག་ལ་སོགས་པ་ཡན་ལག་བཞི་ནི། འདིར་སངས་རྒྱས་ཉིད་ཀྱི་ཐབས་ཏེ། དེ་བས་ན་ཀལྤ་ཞེས་བྱ་བ་
ནི། བི་དྷི་བི་དྷ་ར་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་ཐབས་ཀྱི་རྒྱུད་དོ། །དེ་ལྟར་ན་དབང་པོ་རྣོན་པོ་དག་ལ་རྒྱུ་དང་འབྲས་བུ་དང་ཐབས་ཀྱི་རྒྱུད་ཀྱི་མཚན་ཙམ་ཞིག་བསྟན་པ་བྱས་པའོ། །ད་ནི་བསྡུས་པའི་དོན་རྣམ་པར་དབྱེ་བ་དང་། རྣམ་པར་སྤྲོས་ཏེ་བཤད་པ་ལ་འཇུག་པར་བྱ་སྟེ།
དེ་ལྟ་འདི་སྐད་བདག་གིས་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ཀྱི་དོན་མ་ལུས་པ་ནི། དགོས་པ་དང་བསྡུས་པའི་དོན། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། བརྒལ་བའི་ལན་རྣམས་ཀྱིས་ལེགས་པར་
Vol. 66 · folio 234a
བཤད་པར་བྱའོ། །དེ་ཡང་འདིར་མིང་དང་ཚིག་དང་ཡི་གེའི་ཚོགས་སུ་སྣང་བ་རྣམ་པར་ཤེས་པ་བསྟན། ཆོས་ཀྱི་ངོ་བོ་ཉིད་བརྗོད་པར་བྱེད་པའོ། །དེས་བསྟན་པར་བྱ་བའི་དོན་མ་ལུས་པ་ནི་བརྗོད་པར་བྱ་བའོ། །དེ་དག་རྒྱུ་འབྲས་ཀྱི་བདག་ཉིད་ཀྱིས་གནས་པ་ནི་འབྲེལ་པ་
སྟེ། འབྲེལ་པས་དོན་བློས་རྟོགས་པ་ནི་དགོས་པའོ། །ངན་སོང་ལ་སོགས་པ་དང་བྲལ་བ་ནས་བརྩམས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་བར་དུ་དགོས་པའི་དགོས་པའོ། །དེ་ལྟ་ན་འདིར་ནི་འཇུག་པར་རུང་བ་ཉིད་དུ་སྟོན་ཏོ། །དེ་ཡང་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པའི་མཚན་ཡོན་ཏན་དང་ལྡན་པས་བརྗོད་པར་བྱ་བ་དང་། དགོས་པའི་དགོས་པ་དངོས་སུ་བརྗོད་ཅིང་འབྲེལ་པ་ལ་སོགས་པ་ཡང་དོན་གྱིས་དྲང་བར་བྱའོ། །ད་ནི་བསྡུས་པའི་དོན་བསྟན་པར་བྱ་སྟེ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་འདི་ལ་གླེགས་བམ་མི་
མཐུན་པ་མཐོང་ཞིང་། གཙུག་ལག་དང་རིག་པའི་བསྟན་བཅོས་སྔོན་བྱུང་བ་གཞན་ལ་ཡང་དེ་ལྟར་སྣང་བ་ནི་ཀློག་པའི་སློབ་དཔོན་ལ་སོགས་པས་རབ་ཏུ་ཉམས་པར་ཟད་དོ། །དེ་ལས་འདིར་ནི་གླེགས་བམ་བར་མའི་དབང་དུ་བྱས་པ་སྟེ། དེ་ལ་བསྡུས་པའི་དོན་ནི་རྣམ་པ་བཞིའོ། །ཇི་ལྟ་
ཞེ་ན་འདི་སྐད་བདག་གིས་ཞེས་བྱ་བ་ནས་བརྩམས་ཏེ། བཞུགས་ཏེ་བྱ་བའི་བར་གྱིས་ནི་གླེང་གཞི་བསྟན་ཏོ། །ངན་སོང་གི་རྒྱུད་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་གླེང་བསླང་བ་བསྟན་ཏོ། །
དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སྟན་ལས་ལངས་ནས་ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །ཞེས་བྱ་བའི་བར་གྱིས་ནི་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། མངོན་
པར་དགའ་སྟེ་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་བར་གྱིས་ནི། མངོན་པར་བསྟོད་པ་བསྟན་པའོ། །ད་ནི་བསྡུས་པའི་དོན་དེ་དག་ཞིབ་ཏུ་བརྗོད་པར་བྱ་སྟེ། བློ་དང་ལྡན་པ་རྣམས་ཀྱིས་བླ་མའི་གདམས་ངག་སྟོན་ཏེ། རྒྱུད་ཀྱི་རྒྱལ་པོ་དང་སྦྱར་བར་བྱའོ། །དེ་ལ་གླེང་གཞི་གང་ཡིན་པ་ནི། སྡུད་པ་པོ་དང་།
Vol. 66 · folio 234b
དུས་དང་། བསྟན་པ་དང་། སྟོན་པ་དང་། གནས་དང་། འཁོར་དང་། མཆོད་པ་བརྙེས་པ་དང་། ཞུས་པས་ཕུན་སུམ་ཚོགས་པའོ། །གླེང་བསླང་བ་གང་ཡིན་པ་དེ་ཡང་བཅོམ་ལྡན་འདས་ཀྱིས་ཉེ་བར་འཇུག་པ་དང་། ལྷ་རྣམས་ཀྱིས་ཡང་དག་པར་བསྟན་པ་ཞུས་པའི་དབྱེ་བ་རྣམ་པ་གཉིས་སུ་འགྱུར་རོ། །
རྒྱུད་ཀྱི་ངོ་བོ་གང་ཡིན་པ་དེ་ཡང་འདི་རྩ་བ་དང་ཕྱི་མའི་བྱེ་བྲག་གིས་གཉིས་སུ་བསྟན་ཅིང་རྩ་བའི་རྒྱུད་གང་ཡིན་པ་དེར་ནི། རྩ་བའི་དཀྱིལ་འཁོར་ཆེན་པོ་ཆོ་ག་རབ་ཏུ་རྒྱ་ཆེར་བསྟན་པའི་ཕན་ཡོན་དང་། །རྟོག་པ་ཡང་དག་པར་གཟུང་བར་བསྟན་པ་དང་བཅས་པའོ། །རྟོག་པ་ཕྱི་མ་གང་ཡིན་པ་དེར་
ཡང་སྔར་ཇི་ལྟར་བསྟན་པའི་བཅོམ་ལྡན་འདས་རྡོ་རྗེ་གཙུག་ཏོར་རྣམས་ཀྱི་དཀྱིལ་འཁོར་དང་། ཡང་བཅོམ་ལྡན་འདས་ཚེ་ཚད་མེད་པའི་དཀྱིལ་འཁོར་ནས་བརྩམས་ཏེ། གང་ཡང་ལྷའི་བདག་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་མཐའ་ཡས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་བསྟན་པའི་མཐར་ཐུག་
པའོ། །རྟོག་པ་ཕྱི་མ་ལས་བྱུང་བའི་རང་བཞིན་ཕྱི་མའི་ཕྱི་མ་དེར་ནི། མ་ལུས་པར་མདོར་བསྡུས་པའི་རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས་དང་། གང་དག་རྩ་བ་དང་། ཕྱི་མའི་དུམ་བུ་དག་ཏུ་མ་བསྟན་པའི་བརྗོད་པར་བྱ་བ། ལས་ཀྱི་ཚོགས་དང་། ཕྱག་རྒྱ་དང་། གསང་སྔགས་དང་།
ཞི་བ་ལ་སོགས་པའི་རོལ་མོའི་ཆ་བྱད་བརྡུང་བ་རྣམས་དང་། འབྱུང་བར་འགྱུར་བའི་སློབ་མ་གང་དག་དཀྱིལ་འཁོར་དུ་འཇུག་པའམ། ཡང་གང་དག་རྒྱུད་ཀྱི་རྒྱལ་པོ་འདི་ཉན་པ་དོན་དུ་གཉེར་བ་དེ་དག་ལ་ལེགས་པར་བསླབ་པ་དང་སྔར་ཇི་ལྟར་བསྟན་པའི་དབང་གིས་རྟོག་པ་ཁྱད་པར་ཅན་སྐྱེས་
པའི་དབང་ལས་བྱས་པ་ཤེས་པའི་ངོ་བོར་བསྟན་པས། ལན་དུ་མཆོད་པའི་བདག་ཉིད་ནི། །དེ་ནས་བརྒྱ་བྱིན་ཞེས་པ་ལ་སོགས་པས་བསྟོད་པ་མཆོད་པ་སྔོན་དུ་འགྲོ་བ་བསྟན་ཏེ། དེ་ལྟར་ན་རྣམ་པར་དབྱེ་བའི་རིམ་པ། གླེང་གཞི་དང་། གླེང་བསླང་བ་དང་། རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་།
ཕྱི་མའི་ཕྱི་མ་དང་། མངོན་པར་བསྟོད་པ་ནི་འདིའི་ལུས་ཞེས་བྱའོ། །དེ་ལ་སྟོན་པ་པོ་ལ་མངོན་པར་བསྟོད་པ་ནི། གང་གིས་བསྟོད་པ་དང་། ཇི་ལྟར་བསྟོད་པ་དང་། གང་ལ་བསྟོད་པ་དང་། སེམས་ཀྱི་ཁྱད་པར་གང་གིས་བསྟོད་པ་དང་། ཡོན་ཏན་ཇི་ལྟ་བུས་བསྟོད་པ་དང་། བསྟོད་
Vol. 66 · folio 235a
པའི་ཡོན་ཏན་བསྟན་པའོ། །དེ་ལ་ཡོན་ཏན་ཇི་ལྟ་བུས་བསྟོད་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའམ། མི་སློབ་པ་དང་སློབ་པའམ། སྤངས་པ་དང་བརྙེས་པའམ། བདག་དང་གཞན་གྱི་དོན་གྱི་དབང་གིས་བསྟོད་པ་བྱས་ལ། རྒྱས་པར་ནི་ཅི་
རིགས་པར་ཤེས་པར་བྱའི། ཚིག་མངས་པས་འཇིགས་པའི་ཕྱིར་འདིར་མ་བརྗོད་དོ། །དེ་ལས་ཁ་ཅིག་ན་རེ་རྡོ་རྗེ་ཁྲོ་བོ་ལ་སོགས་པའི་དཀྱིལ་འཁོར་དུ། ཅིའི་ཕྱིར་དྲག་ཤུལ་སྤྱད་པ་མ་གསུངས་ཤེ་ན། ཐུགས་རྗེའི་དབང་གིས་སོ་ཞེས་ཟེར་ཏེ། དེ་ལྟར་ན་སྔར་བསྟན་པ་ཇི་ལྟར་དྲང་།
ཁ་ཅིག་ན་རེ་སྡུད་པ་པོས་ཐུགས་བརྩེ་བས་མ་བསྡུས་སོ་ཞེས་ཟེར་ཏེ། དེ་ཡང་ཉེས་པ་སྔ་མ་བཞིན་ནོ། །བདག་གིས་ནི་དེའི་ལན་སྔར་བཏབ་ཟིན་ཏོ། །དེ་ལྟར་བསྡུས་པའི་དོན་བསྟན་ནས། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། བརྒལ་བའི་ལན་དག་ནི་གང་དང་གང་དུ་བབ་པ་དེ་
ཉིད་རྗོད་པར་བྱེད་དོ། །ཆོས་ཡང་དག་པར་བསྡུ་བ་ལ་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ངེས་པ་སྐྱེད་པ་སྦྱིན་དགོས་པའམ། རྟག་ཏུ་རྒྱུད་ལ་སོགས་པ་ལ། སྟོན་པ་ལ་སོགས་པ་ཡིད་ཆེས་པས་བྱེད་པ་སྦྱིན་དགོས་པས་ན། གླེང་གཞི་སྟེ། དེ་ཡང་འདིར་སྡུད་པ་པོས་
བདག་ཉིད་ཇི་ལྟ་བ་བཞིན་དམ་བཅས་པས་ཚད་མར་གྱུར་པ་དང་། སྟོན་པའི་མངོན་སུམ་གྱི་སློབ་མར་གྱུར་པ་དང་། ང་རྒྱལ་སྤངས་པ་དང་། ཐོས་པ་ཆེ་བར་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་སྨོས་སོ། །དུས་ཕུན་སུམ་ཚོགས་པ་ཡང་། དུས་
གཅིག་ན་ཞེས་བྱ་བས་བསྟན་ཏེ། ཇི་ལྟ་ཞེ་ན་དཔེར་ན་དཔྱིད་ཀྱི་དུས་རྣམས་ཀྱི་མཆོག་ཏུ་གཞག་པ་ནི། ཤིང་ལ་སོགས་པ་རྣམས་རང་རང་གི་མྱུ་གུ་ལ་སོགས་པ་རྣམས་སྐྱེད་པར་ཕྱོགས་ཤིང་གསོ་བའི་དུས་ཅན་ཡིད་དགའ་བར་བྱེད་པའི་དབང་གིས་ཡིན་པ་ལྟར། བདེ་བའི་མྱུ་གུ་སྐྱེད་པར་བྱེད་
པའི་རྒྱུད་དཔག་བསམ་གྱི་ཤིང་ཆེན་པོ་མྱུ་གུ་ལྟ་བུའི་འབྱུང་བའི་དུས་དེ་ཡང་དུས་གཞན་པས་མཆོག་ཉིད་དེ། དེའི་ཕྱིར་འགྲན་ཟླ་མེད་པའི་དོན་གྱིས་ན། དུས་གཅིག་ན་ཞེས་བྱ་བ་ནི། དུས་གཅིག་པུ་ན་ཞེས་ཟླ་མེད་པའི་ཚིག་ཏུ་སྦྱར་རོ། །འདི་ཟླ་བ་དང་། ཚེས་གྲངས་དང་། སྔ་བློ་ལ་
Vol. 66 · folio 235b
སོགས་པའི་ངེས་པ་ཅིའི་ཕྱིར་མི་སྨོས། གཞན་དུ་ན་གནས་ཀྱང་སུམ་ཅུ་རྩ་གསུམ་མམ་ལྷ་ཡུལ་ན་ཞེས་པ་ཙམ་སྨོས་པར་རིགས་སོ་ཞེ་ན། རྩོད་འགྱུར་མཚམས་འཕྲ་མི་མཐུན་དང་། །མཆོག་ཏུ་བསྟན་ལ་མི་རིགས་ཕྱིར། །དུས་ནི་གནས་ལྟར་ངེས་མིན་ནམ། །གནས་ཀྱང་དུས་དང་འདྲ་
བར་མཐོང་། །ཞེས་གཞན་དག་ཏུ་བསྟན་པ་ཁོ་ནར་ཟད་དོ། །དེ་བཞིན་དུ་དུས་གཅིག་ན་ཞེས་བྱ་བ་འདིས་ནི། ཤིན་ཏུ་དཀོན་པའི་ངོ་བོ་ཉིད་ཀྱིས། ཆོས་དཀོན་མཆོག་འདི་ནི་བསྟན་པ་གཞན་ནས་མཆོག་ཏུ་ཡང་དཀོན་ཏེ། བཅོམ་ལྡན་འདས་མི་ཡུལ་དུ་ལོ་བརྒྱད་ཅུ་རྩ་གཅིག་འཚོ་བ་
ལས། འདི་ནི་དུས་གཅིག་གི་ཚེ་ཁོ་ན་ཞིག་གསུངས་ཀྱི། ཡང་དང་ཡང་དུ་ནི་མ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་ལན་འགའ་ཞིག །བྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །
དེ་བས་ཀྱང་ནི་ཤིན་ཏུ་དཀོན། །ཞེས་གསུངས་ཏེ། དེ་བས་ན་དུས་གཅིག་ན་ཞེས་བྱ་བ་ནི། རྙེད་པར་དཀའ་བ་བསྟན་ལ་དེ་བཞིན་དུ་དོན་ཆེན་པོ་བྱེད་པ་ཉིད་དང་། སྣང་བར་བྱེད་པ་ཉིད་དང་། རིན་ཆེ་བ་ཉིད་དང་། གནོད་པ་འཇོམས་པ་ཉིད་དག་ཀྱང་འདིས་མཚོན་པར་བྱ་བ་ཉིད་དོ། །དེ་བས་ན་འདི་
སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བས་ནི་རབ་ཏུ་ཡང་འཇུག་པར་བྱ་བ་ཉིད་དུ་སྟོན་ཏེ་འོག་མ་རྣམས་ཀྱང་དེ་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། །བདུད་བཅོམ་ཤེས་ལྡན་ཡེ་ཤེས་ལྡན། །འཇིགས་བྲལ་སྲིད་དང་ཞི་བ་བྲལ། །སྲིད་འགྲོ་ལས་འདས་གང་ཡིན་འདི། །
བཅོམ་ལྡན་འདས་ཞེས་ངེས་པ་བརྗོད། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །དེ་བཞིན་དུ་ཚངས་པ་ཆེན་པོ་ཞེས་བྱ་བ་ཡང་འདི་དྲངས་ཏེ། འདི་ཆེན་པོའི་ཆེན་པོའམ། ཆེར་བསིལ་བར་འགྱུར་བས་ན་ཚངས་པ་ཆེན་པོའོ། །འདི་ཉིད་གང་ཞེ་ན། རྗེ་བཙུན་ཤཱཀྱ་ཐུབ་པ་ཉིད་ཡིན་ཏེ།
ཇི་ལྟར་རྡོ་རྗེ་གཙུག་ཏོར་གྱི་དཀྱིལ་འཁོར་འབྱུང་བ་རྩོམ་པ་དང་། དཔའ་བོ་གདན་ལས་བཞེངས་ནས་ནི། །དགྱེས་ཤིང་རྡོ་རྗེ་གསོར་ནས་ཀྱང་། །ཤཱཀྱའི་བདག་པོ་དགྱེས་མཛད་པ། །ཐུབ་པའི་གཙོ་ལ་ཕྱག་འཚལ་ནས། །ཞེས་གསུངས་པས་སོ། །འོ་ན་འདིར་རྩ་བའི་རྒྱུད་ཀྱི་
Vol. 66 · folio 236a
དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཅིའི་ཕྱིར་སྟོན་པ་པོར་མི་བརྗོད་ཅེ་ན། འཛམ་བུའི་གླིང་ལ་སོགས་པའི་འདོད་པའི་མི་སློབ་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་ཏེ། མཚན་ཉིད་འདི་དག་ལས་གཞན་པའི་
ལྷ་རྣམས་ལས། འདི་རྣམས་མཆོག་ཏུ་འགྱུར་བས་ན་འདིར་དྲུག་པའི་མང་པོའི་ཚིག་བསྡུ་བའོ། །འདི་ལ་ཁ་ཅིག་ནི་བསྡུ་བ་གཞན་བརྡ་སྤྲོད་པ་ལྟར་འདོད་དེ། སྒྲ་རྣམས་ནི་དོན་གྱི་མཐུས་ནུས་པ་གཅིག་ཏུ་མེད་དོ། །དེ་ལ་དཀྱིལ་འཁོར་བཅུ་གཉིས་ནི་གང་དག་དེ་རྣམས་སུ་གཏོགས་པའི་
ལྷ་རྣམས་ནི་གང་རྣམས་ཤེ་ན། རབ་ཏུ་རྒྱས་པ་ལ་དགའ་བའི་སྒྲུབ་པ་པོ་དང་། སློབ་དཔོན་དང་། སློབ་མ་དག་གི་ཕྱིར། རྩ་བའི་རྒྱུད་དུ་གཞག་པའི་བཅོམ་ལྡན་འདས་ཐམས་ཅད་རིག་པའི་དཀྱིལ་འཁོར་ནི་རྩ་བའི་དཀྱིལ་འཁོར་ཏེ་དང་པོའོ། །གང་དག་མོས་པ་དམན་པའམ།
ལག་མི་བཟོ་བའམ། འབྱོར་བ་ཆུང་བ་ལ་སོགས་པའི་སློབ་མ་ལ་སོགས་པའི་ཚད་དུ་ནི། དཀྱིལ་འཁོར་གཉིས་པ་རྡོ་རྗེ་གཙུག་ཏོར་ཞེས་བྱ་བ་གསུངས་པའོ། །གང་དག་རྣམ་པར་སྨིན་པ་ལས་བྱུང་བའི་འཆི་བ་དང་། དུས་མ་ཡིན་པའི་འཆི་བ་བཟློག་པ་དག་གི་ཆེད་དུ། སྔ་མ་གཉིས་
ལས་གཞན་པའི་དཀྱིལ་འཁོར་ཚེ་དཔག་ཏུ་མེད་པ་འབྱུང་བ་ཞེས་བྱ་བ་གསུངས་སོ། །དེ་ནས་ཡང་གདུལ་བྱ་དམན་པ་ལ་མོས་པ་རིན་པོ་ཆེར་བོར་ནས་མཆིང་བུའི་ནོར་བུ་ལེན་པ་ལྟ་བུ་དེ་དག་གི་ཆེད་དུ། འཇིག་རྟེན་པའི་ལྷའི་དཀྱིལ་འཁོར་དྲུག་གསུངས་ཏེ། དེ་ཡང་དང་པོ་ནི་རྒྱལ་པོ་ཆེན་
པོ་བཞིའི་དཀྱིལ་འཁོར་རོ། །དེ་ནས་ཕྱོགས་སྐྱོང་བའི་དཀྱིལ་འཁོར་རོ། །དེ་ནས་གཟའ་ཆེན་པོ་དག་གི་དཀྱིལ་འཁོར་རོ། །དེ་ནས་ཀླུ་ཆེན་པོ་དག་གི་དཀྱིལ་འཁོར་རོ། །དེ་ནས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་རོ། །དེ་ནས་ལྷ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་རོ། །དེ་ནས་ནི་
འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གསུམ་སྟེ། ཁ་ཅིག་ལས་དང་རྣམ་པར་སྨིན་པ་ལས་བྱུང་བའི་འཆི་བའམ། དུས་མ་ཡིན་པར་འཆི་བ་ལས་ཐར་བར་འདོད་པ་དེ་བཞིན་གཤེགས་པ་ཚེ་མཐའ་ཡས་ལ་དད་པ་དེ་དག་གི་ཕྱིར་ནི། ཚེ་དཔག་ཏུ་མེད་པ་འབྱུང་བ་གཉིས་པ་དེ་བཞིན་
Vol. 66 · folio 236b
གཤེགས་པས་བདག་པོ་མཛད་པའི་དཀྱིལ་འཁོར་གསུངས་སོ། །དེ་དག་ནི་རྒྱུད་ཕྱི་མར་གྱུར་པའི་དཀྱིལ་འཁོར་དགུའོ། །དེ་ནས་ནི་རྩ་བ་དང་ཕྱི་མའི་རྟོག་པར་མ་གསུངས་པའི་ཆོ་ག་ལྷག་མ་རྣམས་བསྟན་པ། རྒྱུད་ཕྱི་མའི་ཕྱི་མར་རིགས་མ་ལུས་པ་བསྡུས་པའི་བདག་ཉིད་ཀུན་ཏུ་
བཟང་པོ་ལ་སོགས་པ་གཙོ་བོར་བྱས་པ་བཞི་པའི་མཆོག་བསྡུས་པའི་དཀྱིལ་འཁོར་དང་། ཤིན་ཏུ་འཇིགས་པར་བྱེད་པ་ཁྲོ་བོའི་དཀྱིལ་འཁོར་ཉི་མ་མེ་རྡོ་རྗེ་ཞེས་བྱ་བ་གཉིས་གསུངས་སོ། །དེ་ལ་ཁ་ཅིག་ན་རེ་དཀྱིལ་འཁོར་བཅུ་གཉིས་པོ་འདི་དག་གི་གོ་རིམས་ངེས་པར་བརྗོད་དགོས་ལ།
འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གསུམ་གྱི་སྔོན་དུ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་བསྟན་པའི་སྒྲུབ་པར་བྱེད་པ་ཡང་བརྗོད་དགོས་སོ་ཞེས་ཟེར་ཏེ། དཀྱིལ་འཁོར་ཆེན་པོ་ནི་འདིར་རྩ་བའི་དཀྱིལ་འཁོར་ཡིན་པས་ཐོག་མར་བརྗོད་པར་རིགས་ལ། ནུས་པ་དམན་པ་དག་གི་ཆེད་
དུ་དཀྱིལ་འཁོར་ཆེན་པོ་ཉིད་བསྡུས་ཏེ་བསྟན་པ་ནི་རྡོ་རྗེ་གཙུག་ཏོར་ཡིན་ནོ། །དཀྱིལ་འཁོར་ལྷག་མ་བཅུ་ནི། དེ་ལྟར་གཞག་པ་ལ་གནོད་པ་མེད་པ་ཉིད་གོ་རིམས་ངེས་པའི་རྒྱུ་མཚན་ནི་མཚན་ཉིད་ཡིན་ནོ། །འཇིག་རྟེན་པའི་དཀྱིལ་འཁོར་སྔོན་དུ་བརྗོད་པ་ཅིའི་ཕྱིར་ཞེས་ཟེར་བ་ཡང་དེ་
དག་སྔགས་དབུལ་བའི་བསམ་པ་དེ་ལྟར་སྐྱེས་པ་ཉིད་ཀྱི་རྒྱུ་མཚན་ཏེ། གཞན་ཅི་ཞིག་དགོས་འདི་དག་འཇིག་རྟེན་ལས་འདས་པར་གཞག་པ་ཡང་གནོད་པ་ཅི་ཞིག་ཡོད། གཞན་ཡང་འདྲི་བ་འདི་ལ་ནི་མཐའ་མེད་པར་འགྱུར་ཏེ། འདིར་མིང་པོ་གསུམ་གྱི་དཀྱིལ་འཁོར་ལ་སོགས་པ་ཡང་
ཅིའི་ཕྱིར་མ་བསྟན། ལྷ་འདི་དག་གི་སྔགས་དང་ཕྱག་རྒྱ་རྣམས་གཞན་ཡང་ཡོད་ན་འདི་ལྟར་སྟོན་པ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གླགས་སུ་འགྱུར་རོ། །དེའི་ཕྱིར་དེ་ནི་དོན་མེད་པའི་རྟོག་པ་ཚེགས་དང་བཅས་པར་གཞག་པར་བྱའོ། །གལ་ཏེ་ངེས་པར་བྱེད་པའི་སྒྲུབ་པར་བྱེད་པ་
ནུས་ན་སུ་ཞིག་འགོག་པས་སྨྲ་ལ་རག་གོ། །ད་ནི་ལྷ་རྣམས་བརྗོད་དེ། དེ་ལ་རྩ་བའི་དཀྱིལ་འཁོར་གྱི་དབུས་སུ་སེང་གེ་བརྒྱད་ཕྱོགས་སུ་བལྟས་པའི་སྟེང་དུ་པདྨའི་རྒྱལ་པོ་སེང་གེའི་དབུས་ཀྱི་ས་ལས་འཐོན་པའི་འདབ་མ་སྣ་ཚོགས་སེང་གེ་རྣམས་ཁེབས་པའི་འདབ་མའི་བར་ནས་རྡོ་རྗེ་རྩེ་
Vol. 66 · folio 237a
མོ་ལྔ་པ་བརྒྱད་འདབ་མ་ལྟར་འཐོན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ཆེན་པོའི་དབུས་སུ་རྗེ་བཙུན་ཐམས་ཅད་རིག་པ། ཞལ་ཐམས་ཅད་དུ་ཐ་ལེ་བ། སྐུ་མདོག་དཀར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཁོར་ལོ་རྩིབས་བརྒྱད་པའི་མཚན་མ་འཆང་བ་འཁོར་ལོས་སྒྱུར་བའི་
རྒྱལ་པོ་ལྟར་སྐུ་བརྒྱན་པ། མཚན་དང་དཔེ་བྱད་འབར་བ། འོད་ཟེར་ཚད་མེད་པ་ལྔ་ལང་ལོང་དུ་འཁྲུགས་པའི་དབུས་ན་སྐྱིལ་མོ་ཀྲུང་དུ་བཞུགས་པ་དར་དཀར་པོ་ལའི་སྟོད་གཡོགས་དང་སྨད་གཡོགས་བསྣམས་པ་སྤྱན་ཡིད་ཙམ་འཛུམ་པ་འདི་ལྟ་བུར་བཞུགས་པའོ། །ཤར་དུ་གླང་པོ་
ཆེ་གཉིས་ཀྱི་སྟེང་དུ་པདྨ་རྡོ་རྗེ་དང་བྲལ་བའི་སྟེང་གི་ཟླ་བ་ལ། རྗེ་བཙུན་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་སྐུ་མདོག་དཀར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པ་འཛིན་པའོ། །ལྷོར་ནི་རྗེ་བཙུན་རིན་ཆེན་སྐུ་མདོག་སྔོན་པོ་ཕྱག་གཡས་གཡོན་མཆོག་སྦྱིན་
དང་ཏིང་ངེ་འཛིན་དུ་མཛད་པ་ལ་རིན་པོ་ཆེ་མརྒཏ་ཆ་དགུ་པས་ཕྱག་གཡོན་པ་མཚན་པ། རྟ་གཉིས་ཀྱི་སྟེང་དུ་པདྨ་རྡོ་རྗེ་དང་བྲལ་བའི་ཟླ་བ་ལ་བཞུགས་པའོ། །ནུབ་ཏུ་ནི་རྗེ་བཙུན་ཤཱཀྱ་ཐུབ་པ་གསེར་བཙོ་མ་ལྟ་བུར་གསལ་བ། ཕྱག་གཡས་མཆོག་སྦྱིན་ནམ་ཏིང་ངེ་འཛིན་ལ། ཕྱག་གཡོན་
པའི་མཐིལ་ན་ལྷུང་བཟེད་འཛིན་པ། རྨ་བྱ་གཉིས་ཀྱི་སྟེང་གི་པདྨ་རྡོ་རྗེ་དང་བྲལ་བ་ལ་བཞུགས་པའོ། །བྱང་དུ་རྗེ་བཙུན་མེ་ཏོག་ཀུན་དུ་རྒྱས་པ་རིན་པོ་ཆེ་མརྒཏ་ལྟ་བུ། ཕྱག་གཡས་པ་སྐྱབས་སྦྱིན་པ་གཡོན་པ་ཏིང་ངེ་འཛིན་དུ་གནས་པའི་དབུས་ན་རྡོ་རྗེ་ཀུན་དུ་རྩེ་འཛིན་པ། ནམ་མཁའ་ལྡིང་
གཉིས་ཀྱི་སྟེང་གི་པདྨ་རྡོ་རྗེ་དང་བྲལ་བ་ལ་བཞུགས་པ་སྟེ། སངས་རྒྱས་བཞི་པོ་འདི་རྣམས་དགེ་སློང་གི་ཆ་ལུགས་ངུར་སྨྲིག་དམར་པོ་གསེར་གྱི་ངང་རིས་ཅན་ཚུལ་དུ་ཤིས་པར་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །ཁ་ཅིག་ན་རེ་ལྔ་ཆར་དགེ་སློང་གི་ཆ་ལུགས་སམ།
ཡང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་བྱའི། ཁྱིམ་ན་གནས་པའི་འཁོར་དུ་རབ་ཏུ་བྱུང་བའི་ཆ་ལུགས་སུ་བྱས་པ་གནས་པ་ནི་རབ་ཏུ་མི་བསྔགས་པའི་ཕྱིར་རོ་ཞེས་ཟེར་རོ། །ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་དུ་ནི། སྤྱན་དང་བདག་ཉིད་མཱ་མ་ཀཱི་དང་གོས་དཀར་
Vol. 66 · folio 237b
མོ་དང་སྒྲོལ་མ། ལྷའི་རྒྱལ་པོའི་བཙུན་མོའམ་བུད་མེད་རིན་ཆེན་ལྟར་བཅས་པ་ལོ་བཅུ་དྲུག་ལོན་པ། མདོག་དཀར་པོ་དང་། སྔོན་པོ་དང་། དམར་པོ་དང་། ལྗང་གུ་དག་ལ། གཡས་པ་རྣམས་ན་མིག་གི་འབྲས་བུ་དང་། རྡོ་རྗེ་རྩེ་ལྔ་དང་། པདྨ་དང་། ཨུཏྤལ་རང་རང་གི་མདོག་དང་འདྲ་
བ་འཛིན་པ། གཡོན་པ་རྣམས་མཆོག་སྦྱིན་པ། གཙོ་བོ་ལ་མངོན་དུ་བལྟས་པ། པདྨ་སྣ་ཚོགས་པའི་ཟླ་བ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འཁོད་པ་སྟེ། འདི་ནི་སྙིང་པོ་རིམ་པའོ། །དེ་ནས་འཁོར་ལོ་རྩིབས་བཅུ་དྲུག་ལ། ཤར་ནས་བརྩམས་ཏེ་རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་ཁུ་ཚུར་
གྱི་བར་དུ། ཤར་ཕྱོགས་པ་བཞི་ནི་དཀར་བ། ལྷོ་ཕྱོགས་པ་བཞི་ནི་སྔོ་བ། ནུབ་ཕྱོགས་པ་བཞི་ནི་དམར་བ། བྱང་ཕྱོགས་པ་བཞི་ནི་ལྗང་བ། གཡས་རྣམས་ན། རྡོ་རྗེ་ལྕགས་ཀྱུ་མདའ་གཞུ་དང་། །རིན་ཆེན་ཉི་མ་རྒྱལ་མཚན་མཛུབ། །པདྨོ་རལ་གྲི་འཁོར་ལོ་ལྗགས། །ལས་དང་
འཇིགས་བྱེད་གོ་ཆ་བཅངས། །ཞེས་བྱ་བ་རྣམས་འཛིན་པ། གཡོན་པ་རྣམས་ཏིང་ངེ་འཛིན་དུ་གནས་པའམ། ཡང་ན་ལག་པ་གཉིས་ཀས་རང་རང་གི་མཚན་མ་འཛིན་པར་བརྩོན་པ། སྣ་ཚོགས་པདྨའི་ཟླ་བ་ལ་སོགས་པར་སྐྱིལ་མོ་ཀྲུང་གིས་འཁོད་པ། འཁོར་ལོས་སྒྱུར་བའི་བུ་ཐུ་བོ་བརྒྱན་
ལྟར། དར་ལ་བབ་ཅིང་བཅས་པ་རབ་ཏུ་དཔའ་ཞིང་སྤྲོ་སྤྲོ་ལྟར་གནས་སོ། །དེ་ནས་རྩིབས་མཆན་གྱི་ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་དུ་སྣ་ཚོགས་པདྨའི་ཟླ་བ་རྣམས་ལ། དཀར་བ་དང་། སྔོ་བ་དང་། དམར་བ་དང་། ལྗང་གུའི་མདོག་ཅན་ལག་ན་རྡོ་རྗེ་རྩེ་ལྔ་པ་དང་།
རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་། གར་གྱི་ལག་པ་ཅན་སྒེག་མོ་ལ་སོགས་པ་བཞི་སེམས་དཔའི་སྐྱིལ་མོ་ཀྲུང་ལ་ན་ཚོད་ལ་སོགས་པ་སྤྱན་ལ་སོགས་པ་ལྟ་བུའོ། །དེ་ནས་གྲུ་ཆད་བཞི་ལ་ཤར་ལྷོ་ནས་བརྩམས་ཏེ། མེ་ཏོག་ལ་སོགས་པ་བཞི་སྟེ། ལག་ན་མེ་ཏོག་གི་གཞོང་བུ་དང་། པོག་
ཕོར་དང་། དྲིའི་དུང་ཕོར་དང་། མར་མེའི་མཆོད་སྡོང་འཛིན་པ། སྟན་དང་མདོག་དང་ན་ཚོད་ལ་སོགས་པ་སྤྱན་ལ་སོགས་པ་ལྟ་བུ་བཞིན་ནོ། །དེ་ནས་སྒོ་བཞིར་སྣ་ཚོགས་པདྨའི་ཟླ་བ་བཞི་ལ་ཤར་ནས་བརྩམས་ཏེ། ལྕགས་ཀྱུ་མ་ལ་སོགས་པ་མདོག་སྤྱན་ལ་སོགས་པ་དང་འདྲ་བ། རབ་ཏུ་ཁྲོ་བ་མིག་
Vol. 66 · folio 238a
གསུམ་པ་ཟླུམ་ཞིང་འབུར་བ། སྟག་གི་པགས་པ་དང་། སྦྲུལ་གདུག་པས་བརྒྱན་པ། གཡོན་བརྐྱང་བས་གནས་པ། བགེགས་ཆེན་པོ་ལ་རྣམ་པར་འཚེ་ཞིང་ཁང་པ་བརྩེགས་མའི་སྒོར་སྲུང་བ་ལ་མངོན་པར་བརྩོན་པ། ལག་པ་གཡས་རྣམས་ལྕགས་ཀྱུ་དང་། ཞགས་པ་
དང་། ལྕགས་སྒྲོག་དང་། དྲིལ་བུ་འཛིན་པ། གཡོན་པ་རྣམས་བགེགས་མ་རུངས་པ་ལ་བསྡིགས་པའོ། །ཁ་ཅིག་ན་རེ་འདི་རྣམས་ཀྱང་ཞི་བའི་སྐུ་ཅན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། རྒྱུད་ཕྱི་མ་ལས། སྒོ་བ་རྣམས་ཀྱང་ཁྲོས་པ་ལ། །ཁྲོས་པའི་དབང་དུ་གྱུར་པར་བྲིས། །ཞེས་
གསུངས་པ་ནི་ཀུན་དུ་དྲང་བར་རིགས་པའི་ཕྱིར་རོ། །དེ་ནས་ཤར་ཕྱོགས་ཀྱི་ཁྱམས་ལ་བྱང་ཤར་ནས་བརྩམས་ཏེ། པདྨ་སྣ་ཚོགས་པའི་ལྟེ་བའི་ཟླ་བ་ལ་བྱམས་པ་དང་། འཇམ་དཔལ་དང་། སྤོས་ཀྱི་གླང་པོ་ཆེ་དང་། ཡེ་ཤེས་ཏོག་རྣམས་དཀར་པོ་རྡོ་རྗེ་འཛིན་པའོ། །འདིར་བསྐལ་པ་བཟང་
པོ་པ་རྣམས་ཐམས་ཅད་ཀྱང་པདྨ་དང་ཟླ་བ་ལ་གནས་པར་བརྟག་གོ། །དེ་ནས་སྒོ་ཁྱུད་ཀྱི་རྩར་པདྨའི་ཟླ་བ་ལ་འཕགས་པ་གཤིན་རྗེ་གཤེད་སྔོན་པོ་གཡོན་བརྐྱང་བས་མ་ཧེ་ལ་བརྫིས་པ། གཡས་ན་བེ་ཅོན་གདེངས་པ། གཡོན་སྡིགས་མཛུབ་ཅན་སྤྱན་གསུམ་པ་རབ་ཏུ་ཁྲོས་པ་སྟག་པགས་དང་། ཐོད་
པ་དང་། སྦྲུལ་གྱིས་བརྒྱན་པ། ཧཱུཾ་གི་ང་རོས་སྐྲག་པར་བྱེད་པ་མེའི་འོད་འཕྲོ་བ་སྟེ། ཁྲོ་བོ་ལྷག་མ་རྣམས་ཀྱང་ཆ་ལུགས་དེ་དང་འདྲའོ། །དེ་ནས་སྒོ་ཁྱུད་ཅིག་ངོས་ཀྱི་རྩ་ནས་བཟུང་སྟེ། པདྨའི་འདབ་མ་རེ་རེ་བ་དྲུག་ལ་དང་པོར་རང་སངས་རྒྱས་འཇིགས་མེད་དང་སྣང་བ་ལ་སོགས་པའོ། །དེ་ནས་
འཕགས་པ་ཉན་ཐོས་ཀཽཎྜི་ནྱ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་འོད་སྲུངས་རྣམས་སོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། བློ་གྲོས་རྒྱ་མཚོ་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་པ་དང་། ཁྲོ་བོ་གཞན་གྱིས་མི་ཐུབ་པ་
དང་། རང་སངས་རྒྱས་དཔའ་བོ་འདུལ་བ་དང་། གདུང་བ་སེལ་བ་དང་། འཕགས་པ་ཉན་ཐོས་རབ་འབྱོར་དང་། ཀུན་དགའ་བོ་དང་། གྱད་བུ་ནོར་དང་། འཆར་ཀ་རྣམས་བྲིའོ། །ནུབ་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་དང་། ངན་སོང་ཐམས་ཅད་སྤོང་དང་།
Vol. 66 · folio 238b
མྱ་ངན་གྱི་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། དྲ་བ་ཅན་གྱི་འོད་དང་། ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། རང་སངས་རྒྱས་ཤེས་རབ་མགྱོགས་ཆེན་དང་། དུག་གསུམ་སེལ་བ་དང་། འཕགས་པ་ཉན་ཐོས་ཆུ་ཀླུང་འོད་སྲུངས་དང་། ལྟེང་རྒྱས་འོད་སྲུངས་དང་། སྒྲ་
གཅན་འཛིན་དང་། ཉེ་བ་འཁོར་རྣམས་སོ། །བྱང་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ཟླ་འོད་དང་། འོད་དཔག་མེད་དང་། ནམ་མཁའི་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། རང་རྒྱལ་སྨྲ་བ་ཆེན་པོ་དང་། འཇིགས་མེད་སེང་གེ་
དང་། འཕགས་པ་ཉན་ཐོས་ག་ཡ་འོད་སྲུངས་དང་། བ་ལང་བདག་དང་མ་འགགས་པ་དང་། དགའ་བོ་རྣམས་སོ། །དེ་ལྟར་ལྷོ་ཕྱོགས་པ་མ་ལུས་པ་སྔོན་པོའོ། །ནུབ་ཕྱོགས་པ་དམར་པོའོ། །བྱང་ཕྱོགས་པ་ལྗང་གུའོ། །འཕགས་པ་ཉན་ཐོས་རྣམས་ནི་ལྷུང་བཟེད་ལག་པ་གཉིས་
ཀྱིས་ལྟེ་བར་འཛིན་པའོ། །རང་སངས་རྒྱས་རྣམས་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །བྱང་ཆུབ་སེམས་དཔའ་རྣམས་རིན་པོ་ཆེ་པདྨ་དང་རྡོ་རྗེ་སྣ་ཚོགས་པའོ། །ཁྲོ་བོ་ལྷག་མ་གསུམ་ནི་རལ་གྲི་དང་། པདྨ་དང་། རྡོ་རྗེ་གཡས་ན་འཛིན་པའོ། །གཡོན་རྣམས་སྡིགས་མཛུབ་ཀྱིས་བགེགས་ལ་
བསྡིགས་པའོ། །འདི་ནི་ཕྱིའི་དཀྱིལ་འཁོར་ལ་གནས་པའི་ལྷ་རྣམས་སོ། །དེ་ནས་ཕྱི་རོལ་གྱི་རིམ་པ་དང་པོ་ལ། ཤར་དུ་བརྒྱ་བྱིན་སེར་པོ་རིན་པོ་ཆེའི་གོ་རྒྱན་ཅན། ས་སྲུང་དཀར་པོ་ལ་ཞོན་པ། གཡས་པས་རང་གི་རྡོ་རྗེ་འཛིན་པ། གཡོན་པས་མཆོག་སྦྱིན་པ་དེ་ལ་སོགས་
པའི་འཁོར་གྱིས་བསྐོར་བའོ། །ལྷོར་ཚངས་པ་དཀར་པོ་ངང་པ་ལ་ཞོན་པ་གདོང་བཞི་པ་གཡས་ན་ཕྲེང་བ་དང་བདུག་སྤོས་ཀྱི་ཡུ་བ་ནས་འཛིན་པ། གཡོན་པདྨ་དང་སྤྱི་བླུགས་འཛིན་པ། ཤི་རི་དང་དབྱངས་ཅན་མ་དང་ཤཱནྟ་ལ་སོགས་པས་བསྐོར་བའོ། །ནུབ་ཏུ་ཁྱབ་འཇུག་ནག་པོ་རིན་པོ་ཆེའི་ཅོད་
པན་ཅན་ནམ་མཁའ་ལྡིང་ལ་ཞོན་པ། ནུབ་ཏུ་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་ཀླུ་ཆེན་དཀར་པོ་སྦྲུལ་མགོ་བདུན་བདུན་གྱི་གདེངས་ཀ་བྱས་པ། པདྨ་དཀར་པོའམ་སྦྲུལ་གཉིས་འཁྲིལ་བ་ལ་འདུག་པ། ཨུཏྤལ་གཡོན་ན་འཛིན་པ། གཡས་མཆོག་སྦྱིན་པ། ཆུང་མ་སྦྲུལ་མགོ་གསུམ་པས་
Vol. 66 · folio 239a
མགུལ་ནས་འཁྱུད་པ། འཁོར་ལོས་སྒྱུར་བ་ཆས་པ་ལྟ་བུའོ། །ཡང་ན་མཐའ་ཡས་སེར་པོ་རིན་པོ་ཆེ་འཛིན་པ། འཇོག་པོ་སེར་པོ་ཨུཏྤལ་འཛིན་པ། སྟོབས་ཀྱི་རྒྱུ་སྔོན་པོ་སྤྲིན་འཛིན་པ། རིགས་ལྡན་དཀར་པོ་རིན་པོ་ཆེའི་སྡོང་བུ་འཛིན་པ། ནོར་རྒྱས་ཀྱི་བུ་སེར་པོ་རིན་
པོ་ཆེའི་ཕྲེང་བ་འཛིན་པ། དུང་སྐྱོང་ལྗང་གུ་དུང་འཛིན་པ། པདྨ་དཀར་པོ་པདྨ་འཛིན་པ། ཆུ་ལྷ་དཀར་པོ་ཞགས་པ་འཛིན་པ་དག་དང་། དགའ་བོ་དང་། ཉེ་དགའ་དཀར་པོ་དེ་དག་དང་འདྲ་བ་ལས། སྤྲིན་འཛིན་པ་གཉིས་དང་། ཀླུའི་རིགས་ལྔ་དང་། གསང་བ་རྣམས་སོ། །བྱང་དུ་ནི་གནོད་
སྦྱིན་རྣམས་སོ། །དེ་ནས་རང་རང་གི་ཕྱོགས་ཀྱི་བདག་པོ་འཁོར་དང་བཅས་པའོ། །དེ་ནས་རིམ་པ་གསུམ་པ་ལ། ཤར་དུ་པ་བ་སངས་དམར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལག་པ་ན་ཀུ་མུ་ད་ཐོགས་པའོ། །ལྷོར་ཕུར་བུ་མདོག་དཀར་པོ་ཟླ་བ་ལ་གནས་པ། དར་ལ་སེར་པོའི་སྟོད་གཡོགས་
བགོས་པ། གཡོན་པ་གླེགས་བམ་ཐོགས་པ། གཡས་པ་ཆོས་འཆད་པ་འདྲ་བའོ། །ནུབ་ཏུ་ཟླ་བ་དཀར་པོ་ངང་པ་ལ་ཞོན་པ། ལག་ན་པདྨ་ཐོགས་པ། དྲུང་ན་བུད་མེད་རྔ་ཡབ་ཐོགས་པའོ། །བྱང་ན་གཟའ་ལག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་ན་ཨུཏྤལ་ཐོགས་པ། གཡས་
དམ་པ་སྦྱིན་པའོ། །ཤར་ལྷོར་མིག་དམར་དཀར་པོ་བྱིས་པའི་གཟུགས་ཅན་གཡས་གཡོན་མཆོག་སྦྱིན་ཅན་ནོ། །ལྷོ་ནུབ་ཏུ་ཉི་མ་སྔ་མ་བཞིན་ནོ། །ནུབ་བྱང་དུ་སྤེན་པ་ནག་པོ་གོས་དམར་པོ་བགོས་པ་ལག་ན་རལ་གྲི་ཐོགས་པའོ། །ལྷོ་ནུབ་བམ་བྱང་གི་སྟོད་དུ། སྒྲ་གཅན་དུད་
ཀ་དམར་ནག་ལྟེ་བ་མན་ཆད་སྦྲུལ། ལྟེ་བ་ཡན་ཆད་སྐྱེས་པ། གདོང་ཕལ་ཆེ་བ། སྨ་ར་དང་ཨག་ཚོམ་འབར་བ་སྐྲ་གྱེན་དུ་བརྫེས་པ་འཇིག་རྟེན་གསུམ་ཟ་བར་བྱེད་པ། མཆེ་བ་བཞི་པ་བྲང་གི་གཡོན་ཕྱོགས་སུ་ཐལ་མོ་སྦྱོར་བའོ། །དེ་ནས་ཕྱོགས་ཀྱི་གཟའ་རེ་རེ་རྩ་ན་རང་གི་འཁོར་རྒྱུ་སྐར་
བདུན་བདུན་གནས་པ་ནི། ཤར་ཕྱོགས་ན་སྨིན་དྲུག་དམར་པོ་བུམ་པའི་སྟེང་ན་འདུག་པ། སྣར་མ་ལྗང་གུ་ཁྱུ་མཆོག་དཀར་པོ་ལ་ཞོན་པ་དང་། མགོ་སེར་པོ་རི་དྭགས་ཤ་བ་ལ་ཞོན་པ་དང་། ལག་དམར་པོ་སྦྲུལ་འཁྱིལ་པ་ལ་ཞོན་པ་དང་། ནབ་སོ་སེར་པོ་པདྨ་ལ་འཁོད་པ་དང་། རྒྱལ་ལྗང་གུ་
Vol. 66 · folio 239b
བུམ་པ་ལ་གནས་པ་དང་། སྐག་ལྗང་གུ་ཕོ་རོག་ཆེན་པོ་ལ་ཞོན་པ་རྣམས་སོ། །ལྷོ་ཕྱོགས་ན་མཆུ་སེར་པོ་མ་ཧེ་ལ་ཞོན་པ་དང་། གྲེ་དཀར་པོ་པདྨ་ལ་འཁོད་པ་དང་། དབོ་ལྗང་སེར་རིན་པོ་ཆེའི་ཁྲི་ལ་འདུག་པ་དང་། མེ་བཞི་སེར་པོ་གླང་པོ་ཆེ་ལ་འཁོད་པ་དང་། ནག་པ་ལྗང་གུ་རྨ་བྱ་ལ་ཞོན་པ་
དང་། ས་རི་དམར་པོ་སྲད་བུ་ལ་གནས་པ་དང་། ས་ག་ལྗང་གུ་ར་སྐྱེས་དཀར་པོ་ལ་ཞོན་པ་རྣམས་སོ། །ནུབ་ཕྱོགས་ན་གནས་པ་རྣམས་ནི། ལྷ་མཚམས་སེར་པོ་བྱ་རོག་དཀར་པོ་ལ་ཞོན་པ་དང་། སྣྲོན་དམར་པོ་སྟན་ནང་ཚངས་ཅན་ལ་འཁོད་པ་དང་། སྣྲུབས་ལྗང་གུ་རུས་སྦལ་ལ་འཁོད་པ་
དང་། ཆུ་སྟོད་སེར་པོ་ལ་ཕུག་ལ་གནས་པ་དང་། ཆུ་སྨད་ལྗང་གུ་མི་ལ་ཞོན་པ་དང་། བྱི་བཞིན་སེར་པོ་སྟན་ནང་ཚངས་ཅན་ལ་འཁོད་པ་དང་། གྲོ་བཞིན་སེར་པོར་བལ་གྱི་སྐོན་བུ་ལ་འཁོད་པ་རྣམས་སོ། །བྱང་ཕྱོགས་ན་གནས་པ་རྣམས་ནི། མོན་གྲུ་དམར་པོ་སྟན་ནང་ཚངས་ཅན་ལ་འཁོད་
པ་དང་། མོན་གྲེ་ལྗང་གུ་ཁྱུ་མཆོག་དཀར་པོ་ལ་ཞོན་པ་དང་། ཁྲུམས་སྟོད་ལྗང་གུ་གསེར་གྱི་ཁྲི་ལ་འཁོད་པ་དང་། ཁྲུམས་སྨད་སེར་པོ་གསེར་གྱི་ཁྲི་ལ་འཁོད་པ་དང་། ནམ་གྲུ་དམར་པོ་རྟ་ལ་ཞོན་པ་དང་། ཐ་སྐར་ལྗང་གུ་མི་ལ་ཞོན་པ་དང་། བྲ་ཉེ་སྔོན་པོ་འཁོར་ལོའི་སྟེང་ན་འཁོད་པ་རྣམས་ཏེ།
འདིར་འདི་དག་འོད་ཟེར་ཁ་དོག་ལྔ་པས་བསྐོར་བ་ཐལ་མོ་སྦྱར་བའམ། ཇི་ལྟར་དགའ་བའི་ལག་ཅ་འཛིན་པ་རྣམས་སོ། །རིམ་པ་བཞི་པ་ལས་ཤར་ལ་སོགས་པའི་ཕྱོགས་བཞིར་ས་དང་ཆུ་དང་མེ་དང་རླུང་གི་ལྷ་དཔག་ཏུ་མེད་པ་དང་། མཚམས་རྣམ་པ་བཞིར་ཁྱིམ་དང་རི་དང་ལོ་ཏོག་གི་ལྷ་དག་དང་།
སྤྲིན་དང་ཤིང་དང་། ཀུན་དགའ་ར་བའི་ལྷ་དག་དང་། ནགས་དང་ཆུ་ཀླུང་དང་། སྨན་གྱི་ལྷ་དག་དང་། རྒྱ་མཚོ་དང་། དུར་ཁྲོད་དང་། གྲོང་ཁྱེར་གྱི་ལྷ་དཔག་ཏུ་མེད་པ་ཤར་ལྷོ་ལ་སོགས་པར་ཁ་དོག་དང་། དབྱིབས་དང་། ལག་ཅ་སྣ་ཚོགས་པར་གནས་པའོ། །འདིར་དཀྱིལ་འཁོར་ཆེན་པོར་
གསུངས་པ་ཙམ་ཞིག་སྨོས་སུ་ཟད་དེ། རྣལ་འབྱོར་པའི་རྣལ་འབྱོར་གྱི་དུས་དང་། ཆོས་བསྟན་པའི་ཚེ་ནི་འཁོར་དཔག་ཏུ་མེད་པ་འདུས་པར་ཤེས་པར་བྱས་ཏེ། ཇི་སྐད་དུ། འཕགས་པ་རྡོ་རྗེ་གཙུག་ཏོར་ལས། །གསང་སྔགས་ལ་སོགས་ལྡན་པ་ཡི། །རིག་སྔགས་ཁྲོ་བོ་མང་པོ་ཀུན། །
Vol. 66 · folio 240a
རྒྱལ་བའི་སྐུ་ལ་མངོན་ཕྱོགས་པར། །བསམ་གཏན་ངོམས་ཕྱིར་རྟག་ཏུ་གནས། །ཞེས་གསུངས་སོ། །དཀྱིལ་འཁོར་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཚོགས་ཡོངས་སུ་རྫོགས་པས་པདྨ་དང་ཟླ་བའམ། ཉི་མ་ལ་བཞུགས་པར་བྱ་ལ།
འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཡེ་ཤེས་དང་ཚོགས་ཕྱོགས་གཅིག་པ་ཡིན་པའི་ཕྱིར། དེ་དག་ནི་པདྨ་འདབ་མ་ཡ་རེ་ཞིག་ལ་འཁོད་པར་བྱ་ཞིང་ཚངས་པ་ལ་སོགས་པ་འཇིག་རྟེན་པའི་ལྷ་དེ་དག་ནི། ཚོགས་མ་ལུས་པར་བསགས་པར་འདོད་ཅིང་། ཁམས་གསུམ་ལ་ཆགས་
པ་དང་བྲལ་བའི་ཕྱིར་པདྨ་དམར་པོ་ལ་འཁོད་པར་བྱ་ལ། འཇིག་རྟེན་པ་ཕལ་པ་རྣམས་ནི་ཡོན་ཏན་དེ་དག་དང་ཡང་མི་ལྡན་པས་རང་གི་སྟན་སྨོས་པ་མེད་ན། ས་ཉིད་ལ་འཁོད་པར་བྱ་སྟེ། ཇི་སྐད་དུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་གསུངས་པ། སངས་རྒྱས་རྣམས་
ནི་ཐམས་ཅད་དང་། །དེ་སྲས་བློ་ཅན་རྣམས་ཀྱི་གདན། །པདྨ་ཡིད་ལས་འབྱུང་བའི་མཆོག །བཀྲ་ཤིས་འཇིག་རྟེན་རྣམས་ཀྱིས་བསྔགས། །རང་སངས་རྒྱས་དང་དགྲ་བཅོམ་པ། །ཕྱོགས་གཅིག་ཤེས་རབ་གང་གྲགས་པ། །དེ་དག་སྟན་དུ་ཤེས་པར་བྱ། །པདྨ་ལས་བྱུང་འདབ་མ་
པའོ། །འཇིག་རྟེན་གྱི་ནི་ལྷ་རྣམས་གང་། །ཚངས་སོགས་པ་ཡི་འཇིག་རྟེན་གྲགས། །དེ་དག་སྟན་ནི་པདྨ་དམར། །རྒྱལ་པོ་རྣམས་ཀྱིས་བསྔགས་པའོ། །ཕལ་པ་རྣམས་ནི་ཅི་རིགས་པར། །ས་ཡི་བྱེ་བྲག་དག་ལ་བསམ། །ཞེས་སོ། །དེ་བཞིན་དུ་གང་དུ་ཁ་དོག་དང་དབྱིབས་དང་།
ཚད་ངེས་པར་མ་གསུངས་པ་དེར། རང་གི་ཡིད་ལ་ཇི་ལྟར་དགའ་བར་བསྒོམ་པར་བྱའི་འདི་ལུང་གསལ་པོ་མེད་དོ་ཞེས་ཡིད་གཉིས་མི་བྱ་སྟེ། དེ་ལྟར་ཡང་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཉིད་ལས། གཟུགས་ནི་གཉིས་སུ་ཤེས་པར་བྱ། །བུད་མེད་དག་ནི་སྐྱེས་
པ་ཉིད། །ཡང་ན་ཀུན་དུ་ཐམས་ཅད་ཀྱི། །ཁ་དོག་དབྱིབས་དང་གཟུགས་རྣམས་ཏེ། །བསམ་པས་ཡེ་ཤེས་ལས་བྱུང་བས། །དེ་བས་དེ་རྣམས་བསམ་ཡས་ཏེ། །ཡེ་ཤེས་མཁྱེན་པའི་ཡེ་ཤེས་ནི། །སེམས་ཅན་དོན་ཕྱིར་ཐ་དད་གྱུར། །ཡིད་ཀྱི་རྒྱ་ནི་ཇི་ཙམ་པར། །སྟན་དང་ཕྱག་རྒྱ་
Vol. 66 · folio 240b
དག་དང་ནི། །ལྷ་ཡི་ཚད་ཀྱང་གོ་རིམས་བཞིན། །དེ་ཙམ་དུ་ནི་ཤེས་པར་བྱ། །ཞེས་གསུངས་སོ། །རིམ་པ་བཞི་པོ་དེ་ཉིད་ལ་སྔགས་པ་དེའི་སྙིང་རྗེ་རབ་ཏུ་བསྐྱེད་པ་དང་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བས་ངན་འགྲོ་བཀུག་པར་སྟོན་པའི་བདག་ཉིད། ཤར་དུ་སེམས་ཅན་དམྱལ་
བ་རྣམས་དང་། ལྷོར་དུད་འགྲོ་རྣམས་དང་། ནུབ་ཏུ་ཡི་དྭགས་རྣམས་དང་། བྱང་དུ་ཕུག་རོན་དཀར་པོ་དང་། སྦྲུལ་ནག་པོ་དང་། རྩངས་པ་ནག་པོ་དང་། ཕག་རྣམས་ལས་ཕག་གིས་གསུམ་པོ་ཟ་བ་ལྟར་གནས་པར་ཤེས་པར་བྱའོ། །དེ་ལྟར་རྩ་བའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྟན་
ནས། ད་ནི་རྡོ་རྗེ་གཙུག་ཏོར་གྱི་ལྷ་རྣམས་སྟོན་ཏེ། དབུས་སུ་ནི་རྗེ་བཙུན་དམ་པ་ཤཱཀྱ་ཐུབ་པ་གསེར་བཙོ་མ་ལྟ་བུ་ཕྱག་གཡས་གཡོན་དག་མཆོག་སྦྱིན་དང་། ཏིང་ངེ་འཛིན་མཛད་པ། དགེ་སློང་གི་ཆ་ལུགས་ཅན་སེང་གེ་ཁྲིའི་པདྨ་དང་ཟླ་བས་བརྒྱན་པ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །
ཤར་གྱི་རྩིབས་ལ་ཕྱག་ན་རྡོ་རྗེ་མདོག་ལྗང་གུ་དཔའ་བོ་གཡས་དང་གཡོན་ན་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །ལྷོར་རྒྱལ་བའི་གཙུག་ཏོར་མདོག་སྔོ་བསངས་ལ། ཕྱག་གཡས་གཡོན་རྡོ་རྗེ་དང་རྒྱལ་མཚན་འཛིན་པའོ། །ནུབ་ཏུ་འཁོར་ལོས་སྒྱུར་བ་མདོག་སེར་པོ་ཕྱག་གཉིས་ན་གསེར་གྱི་
འཁོར་ལོ་རྩིབས་བརྒྱད་པ་འཛིན་པའོ། །བྱང་དུ་རྣམ་པར་རྒྱལ་བ་མདོག་སེར་པོ་ཕྱག་གཡས་གཡོན་གཉིས་ན་དམ་པ་སྦྱིན་པ་དང་། པདྨ་གཙུག་ཏོར་གྱིས་མཚན་པ་ཅན་ནོ། །ཤར་ལྷོར་གཟི་བརྗིད་ཀྱི་ཕུང་པོ་མདོག་དམར་སྐྱ་ལ་ཕྱག་གཉིས་ཉི་མ་རིན་པོ་ཆེས་མཚན་པ་འཛིན་པའོ། །ལྷོ་ནུབ་ཏུ་རྣམ་
པར་འཇོམས་པ་མདོག་སྔོ་བསངས་ཕྱག་གཡས་གཡོན་བེ་ཅོན་དང་སྡིགས་མཛུབ་འཛིན་པའོ། །ནུབ་བྱང་དུ་རྣམ་པར་འཐོར་བ་མདོག་དམར་བ་ཕྱག་གཡས་གཡོན་ན་རལ་གྲི་དང་སྡིགས་མཛུབ་ཅན་ནོ། །བྱང་ཤར་དུ་གདུགས་དཀར་པོ་ཅན་མདོག་དཀར་པོ། ཕྱག་གཉིས་གདུགས་དཀར་པོ་
གསེར་གྱི་ཡུ་བ་ཅན་འཛིན་པ་སྟེ། འདི་དག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆ་ལུགས་བཤད་པ་དང་འདྲ་བ་ལས་རྒྱལ་བའི་རིགས་འབའ་ཞིག་ཡིན་པས་ན་གཙུག་ཏོར་གྱི་མིང་གིས་མཚན་པའོ། །ལྷ་ལྷག་མ་རྣམས་ནི་སྔོན་བཞིན་ནོ། །ཕྱག་ན་རྡོ་རྗེ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་
Vol. 66 · folio 241a
དུ་ནི་དབུས་སུ་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་འཛིན་པ་དཔའ་བོའི་ཆ་བྱད་ཅན་རྒྱན་མ་ལུས་པས་བརྒྱན་པའོ། །ཕྱོགས་བཞིར་རྒྱལ་པོ་བཞི་འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་ཏེ། རྩ་བའི་དཀྱིལ་འཁོར་དུ་ཇི་སྐད་དུ་བཤད་
པ་ལས། འདིར་གདན་པདྨ་དང་ཟླ་བ་འབའ་ཞིག་ལ་ལྷག་མ་ནི་སྔ་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་དཀྱིལ་འཁོར་གྱི་བདག་པོ་ཁམས་གསུམ་རྣམ་པར་རྒྱལ་བ་ནི། ཇི་ལྟར་རྡོ་རྗེ་གཙུག་ཏོར་དུ་བསྟན་པའི་ཕྱག་ན་རྡོ་རྗེ་ཉིད་ལས་ཅུང་ཟད་ཁྲོ་བའི་ངང་ཚུལ་ཅན་ནམ། ཡང་ན་
ཧཱུཾ་གི་ཕྱག་རྒྱ་རྡོ་རྗེ་དང་དྲིལ་བུ་བཅང་བར་བྱའོ། །ཕྱོགས་ལྷག་མ་ནི་བཤད་ཟིན་ཏོ། །ཕྱོགས་སྐྱོང་བའི་དཀྱིལ་འཁོར་དུ་ཡང་དེ་བཞིན་ཏེ་ལྷག་མ་ནི་བཤད་ཟིན་ལ། ཅུང་ཟད་དུ་ནི་ཉི་མ་དང་ཕྱག་གཉིས་མདུན་དུ་ཤར་སྟོད་དང་ཤར་སྨད་དུའོ། །གཟའི་དཀྱིལ་འཁོར་དུ་ཡང་དེ་བཞིན་ཏེ། ལྷག་
མ་རྣམས་བཤད་ཟིན་ཏོ། །ཀླུ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་དུ་ཡང་དེ་བཞིན་ཏེ། ལྷག་མ་རྣམས་ནི་བཤད་ཟིན་ཏོ། །འཇིགས་བྱེད་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་དུ་ནི། དབུས་སུ་ཁམས་གསུམ་རྣམ་པར་རྒྱལ་བ་དེ་ཉིད་འཕགས་པ་དེ་ཁོ་ན་འདུས་པའི་རྒྱུད་ལས། ཨུཏྤལ་ཆེར་སྔོ་
འཚེར་བའི་མདོག །རྡོ་རྗེ་ཧཱུཾ་མཛད་བསྡུས་པ་ནི། །ཁྲོ་དང་བཅས་པར་འཛུམ་པའི་ཞལ། །གཡོན་བརྐྱང་ཚུལ་དུ་གནས་པ་སྟེ། །འབར་བའི་ཕྲེང་བས་འཁྲིགས་པའི་འོད། །གཡོན་པའི་ཞབས་ཀྱི་མཐིལ་གྱིས་ནི། །དབང་ཕྱུག་ཆེན་པོ་མནན་པར་བྱ། །གཡས་པའི་ཞབས་ཀྱིས་དཀའ་
ཟློག་གི། །ནུ་མའི་སྟེང་དུ་གནོན་པ་བྲི། །ཞེས་གསུངས་པ་གནས་པ་སྟེ། འདི་ནི་རབ་ཏུ་དྲག་པོའི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །དེའི་མདུན་དུ་ནི་འཇིགས་བྱེད་ཆེན་པོ་སྟེ་ཁྱུ་མཆོག་ལ་ཞོན་པ་ནག་པོ་གཡས་དང་གཡོན་རྩེ་གསུམ་དང་ཅང་ཏེའུ་ཐོགས་པ་རབ་ཏུ་འཇིགས་སུ་རུང་
བ། འཇིགས་བྱེད་མ་དེ་དང་འདྲ་བ་དང་བཅས་པའོ། །ལྷོར་ཁྱབ་འཇུག་མཐིང་ག །གཡས་དང་གཡོན་ན་འཁོར་ལོ་དབྱུག་པ་ཅན་ནམ་མཁའ་ལྡིང་ལ་ཞོན་པ། ནུབ་ཏུ་ཚངས་པ་ངང་པ་ལ་ཞོན་པ་གདོང་བཞི་པ་གཡས་དང་གཡོན་ན་སྤྱི་བླུགས་དང་བགྲང་ཕྲེང་ཅན་ནོ། །ཤར་དུ་དབང་པོ་དཀར་
Vol. 66 · folio 241b
པོ་ས་སྲུང་གི་བུ་ལ་ཞོན་པའོ། །རྡོ་རྗེ་དང་སྡིགས་མཛུབ་གཡས་དང་གཡོན་པས་འཛིན་པའོ། །བྱང་ཤར་དུ་ཚོགས་ཀྱི་བདག་པོ་དམར་བ་གླང་པོའི་གདོང་ཅན་དགྲ་སྟ་དང་། ལ་ཕུག་གཡས་དང་གཡོན་ན་འཛིན་པ་བྱི་བ་ལ་ཞོན་པའོ། །བྱང་དུ་ལུས་ངན་སྔོན་པོ་རྟ་ལ་ཞོན་པ་ནེའུ་ལེ་དང་རིན་པོ་
ཆེའི་དབྱུག་ཏོ་འཛིན་པའོ། །ནུབ་བྱང་དུ་བྷྲྀངྒི་རི་ཏི་ལུས་ཤ་མེད་པ། ཀེང་རུས་སུ་གནས་པ་གཡས་དང་གཡོན་ན་ཕྲེང་བ་དང་ཏིང་ངེ་འཛིན་དུ་གནས་པའོ། །ལྷོ་ནུབ་ཏུ་གཤིན་རྗེ་ནག་པོ་བེ་ཅོན་དང་། སྡིགས་མཛུབ་གཡས་དང་གཡོན་ན་འཛིན་པའོ། །འདིར་ཁྱབ་འཇུག་ལ་སོགས་པ་ཐམས་ཅད་
ཀྱང་རང་རང་གི་ཕྱོགས་འདྲ་བའམ། ཡང་ཅི་དགའ་བའི་ཆུང་མ་རྣམས་ཀྱི་མགུལ་ནས་འཁྱུད་པ་ཐམས་ཅད་ཀྱང་རབ་ཏུ་འཇིགས་པའི་གཟུགས་ཅན་དུ་གནས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལྷ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་དུ་དབུས་སུ་སྔ་མ་བཞིན་ནོ། །ཤར་དུ་ལྷ་ཆེན་པོ་དཀར་
པོ་མིག་གསུམ་པ། གཡས་དག་ན་ཏྲི་ཤཱུ་ལ་དང་ཁྲི་རྐང་འཛིན་པ། གཡོན་དག་ན་ཐོད་པ་འཛིན་པ། ཟླ་བ་ཕྱེད་པ་དང་ཐོད་པས་མགོ་ལ་མཚན་པ་ཁྱུ་མཆོག་ལ་ཞོན་པའོ། །ལྷོར་དབང་པོ་ལྗང་སྔོན་ས་སྲུང་གི་བུ་ལ་ཞོན་པ་གཡས་དང་གཡོན་དག་རྡོ་རྗེ་རྩེ་གསུམ་པ་དང་མཆོག་སྦྱིན་ནོ། །ནུབ་
ཏུ་ཚངས་པ་དམར་པོ་གཡས་དག་ན་པདྨ་དང་ཏྲི་ཤཱུ་ལ་འཛིན་པའོ། །གཡོན་དག་ན་ཕྲེང་བ་དང་དབྱུག་པ་འཛིན་པ་ངང་པ་ལ་གནས་པའོ། །བྱང་དུ་ཁྱབ་འཇུག་སྔོན་པོ་གཡས་དག་ན་འཁོར་ལོ་དང་དུང་འཛིན་པ། གཡོན་དག་ན་རྡོ་རྗེ་དང་དབྱུག་པ་ཅན་ནམ་མཁའ་ལྡིང་ལ་ཞོན་པ། བྱང་ཤར་
དུ་ཚོགས་ཀྱི་བདག་པོ་དམར་སྐྱ་གཡས་དག་ན་དགྲ་སྟ་དང་ལ་ཕུག །གཡོན་དག་ན་ལ་དུ་ཅན་བྱི་བ་ལ་ཞོན་པའོ། །ཤར་ལྷོར་འདོད་པའི་ལྷ་དམར་པོ་མདའ་དང་གཞུ་ཐོགས་པའོ། །ནུབ་བྱང་དུ་བྷྲྀངྒི་རི་ཏི་དཀར་པོ་གཡས་ན་ཏྲི་ཤཱུ་ལ། གཡོན་ན་ནོར་བུ་ཅན་ནོ། །ལྷོ་ནུབ་ཏུ་སྨིན་དྲུག་གི་བུ་
མགོ་གསུམ་པ་ལག་གཉིས་མདུང་ཐོགས་པའོ། །ཕྱི་རོལ་དུ་ཤར་དུ་ནག་པོ་ཆེན་པོ་མིག་བགྲང་བ་ཐོར་ཚུགས་ཅན་ཟླ་བ་ཚེས་པ་དང་ཐོད་པ་སྐམ་པོས་མགོ་ལ་མཚན་པའོ། །ལག་པ་གཡས་དང་གཡོན་དང་པོ་གཉིས་ན་ཉི་མ་དང་ཟླ་བ་འཛིན་པ། འོག་མ་གཉིས་རྩེ་གསུམ་པས་མཚན་
Vol. 66 · folio 242a
པ། སེང་གེའི་ཁྲི་ལ་སྐུ་རྟེན་བཅས་ཏེ་འཁོད་པ། སྟག་ལྤགས་ཀྱིས་སྨད་དཀྲིས་པ་མཚན་བགྲེང་བའམ། ཡང་ན་ལག་པ་དྲུག་པ་ལས་གཡས་གཡོན་ཐ་མ་སེང་གེ་དང་ཁྲག་གིས་བཀང་བའི་ཐོད་པ་འཛིན་པའོ། །ལྷོར་ནི་སྟོབས་བཟངས་ལྗང་སེར་སྡང་མིག་ཏུ་ལྟ་བ་དང་ལག་པ་
གཉིས་ཏྲི་ཤཱུ་ལའམ་བཤོལ་ཐོགས་པའོ། །ནུབ་ཏུ་དགེ་བའི་དབང་ཕྱུག་སྟེ་ཁ་དོག་དམར་བ་གསུས་པ་ཆེ་བ་ནག་པོ་ཆེན་པོའི་མཚན་མ་ཅན་ནོ། །བྱང་དུ་ནི་སྟོབས་ཆེན་ཏེ་སྟོབས་བཟངས་ལྟ་བུ་ལས་འཁོར་ལོ་ཐོགས་པ་ལྟ་བུའོ། །འདི་ལྟར་ཡང་རང་འདྲ་བའི་ཆུང་མས་མགུལ་ནས་
འཁྱུད་པའོ། །ཁ་ཅིག་ན་རེ་འཇིག་རྟེན་པའི་དཀྱིལ་འཁོར་འདི་དག་གི་ལྷག་མ་ལུས་པ་རང་རང་དང་འདྲ་བའི་ཆུང་མས་འཁྱུད་པའོ་ཞེས་ཟེར་རོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་ནི་དབུས་སུ་བཅོམ་ལྡན་འདས་ཚེ་
མཐའ་ཡས་སྐུ་མདོག་དཀར་པོ་ཕྱག་གཡོན་དང་གཡས་གཉིས་ཏིང་ངེ་འཛིན་དང་སྐྱབས་སྦྱིན་མཛད་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆས་པ་ལྟ་བུའོ། །ཤར་དུ་ཕྱག་ན་རྡོ་རྗེ་སྔོན་བཞིན་ཏེ་ལྗང་གུའམ་དཀར་པོ། བྱང་དུ་ཁྲོ་བོ་རྣམ་པར་རྒྱལ་བ་མདོག་སྔོ་སྨུག་གཡོན་པ་སྡིགས་མཛུབ་
ཅན། གཡས་རྡོ་རྗེ་ཀུན་དུ་རྩེ་གདེངས་པའོ། །གཡས་སུ་འཕགས་པ་ནམ་མཁའི་སྙིང་པོ་ཕྱག་གཡས་གཡོན་དག་ན་རལ་གྲི་དང་རིན་པོ་ཆེ་འཛིན་པ། ནུབ་ཏུ་འཕགས་པ་འཇིག་རྟེན་དབང་ཕྱུག་དམར་པོ་ཕྱག་གཡོན་པས་པདྨའི་ཡུ་བ་ནས་འཛིན་ཅིང་གཡས་པས་ཐུགས་ཀར་
འབྱེད་པའོ། །ལྷག་མ་རྣམས་ནི་སྔོན་བཞིན་ནོ། །དེ་ནས་རྒྱུད་ཕྱི་མའི་ཕྱི་མར་ཀུན་དུ་བཟང་པོ་ལ་སོགས་པའི་དཀྱིལ་འཁོར་དུ་ནི། དབུས་སུ་ཕྱག་ན་རྡོ་རྗེ་སྔོན་བཤད་པ་ལྟ་བུའམ། ཁམས་གསུམ་རྣམ་པར་རྒྱལ་བ་སྔོན་བཤད་པ་ལྟ་བུའོ། །ཡང་ན་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་དྲིལ་
བུ་ཐུགས་ཀར་འཛིན་པ་མདོག་དཀར་བ་བསམ། ཀུན་དུ་བཟང་པོ་ཏིང་ངེ་འཛིན་གྱི་ཕྱག་ན་རྡོ་རྗེ་རིན་པོ་ཆེས་མཚན་པའམ། བདེ་བ་ཆེན་པོ་དམར་བ་ཕྱག་དང་པོ་ན་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཕྱག་འོག་མ་གཉིས་ན་མདའ་གཞུ་འགེངས་པ་དག་གང་ཡང་རུང་བའོ། །མདུན་དུ་ཕྱག་ན་
Vol. 66 · folio 242b
རྡོ་རྗེ་སྟེ་ལྗང་གུ་ལ་སྔོན་བཞིན་ནོ། །གཡས་དང་ནུབ་དང་བྱང་དུ་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཆོས་དང་རྡོ་རྗེ་ལས་རྣམས་སྔོན་བཞིན་ནོ། །རིམ་པ་གཉིས་པ་ལས་སངས་རྒྱས་རྣམ་པར་གཟིགས་དང་། ཐམས་ཅད་སྐྱོབ་དང་། གཙུག་ཏོར་ཅན་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་།
འོད་སྲུངས་དང་། མར་མེ་མཛད་དང་། ཤཱཀྱའི་ཏོག་དག་ཤར་ནས་བརྩམས་ཏེ། དགེ་སློང་གི་ཆ་བྱད་ཅན་སྤྱོད་ལམ་མཛེས་པ་གསེར་བཙོ་མའི་མདོག་ཅན་མཉམ་པའི་སྐྱིལ་ཀྲུང་ལ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ནོ། །རིམ་པ་གསུམ་པ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྔོན་བཞིན་ནོ། །
རིམ་པ་བཞི་པ་ལ་བྱམས་པ་ལ་སོགས་པ་སྔོན་བཞིན་ནོ། །རིམ་པ་ལྔ་པ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་སྔོན་བཞིན་ནོ། །རིམ་པ་དྲུག་པ་ལ་ལྷ་ཆེན་པོ་བཞི་དང་། རྒྱལ་པོ་ཆེན་པོ་བཞི་དང་ཕྱོགས་སྐྱོང་བ་བཅུ་གཅིག་སྟེ་སྔོན་བཞིན་ནོ། །རིམ་པ་བདུན་པ་ལ་གཟའ་དང་རྒྱུ་སྐར་
དང་། སའི་ལྷ་ནས་ཕག་གི་བར་དུ་སྟེ་སྔོན་བཞིན་ནོ། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་དུ་ནི། དབུས་སུ་ཁྲོ་བོ་མེའི་ཉི་མ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བདག་པོ་ལྟ་བུའོ། །འཇིག་རྟེན་གསུམ་སྣང་ནི་སྔོན་པོ་གཡས་དང་གཡོན་རྡོ་རྗེ་རྩེ་ལྔ་པ་དང་ཉི་མ་འཛིན་པའོ། །འཇིག་རྟེན་
གསུམ་འདུལ་ནི་སེར་པོ་གཡས་དང་གཡོན་ན་རལ་གྲི་དང་སྡིགས་མཛུབ་བོ། །འཇིག་རྟེན་གསུམ་འཇོམས་ནི་དམར་པོ་གཡས་དང་གཡོན་ན་དགྲ་སྟ་དང་སྡིགས་མཛུབ་བོ། །འཇིག་རྟེན་གསུམ་འཆིང་ནི་ལྕགས་ཀྱུ་དང་ལྕགས་སྒྲོག་གོ། །རྡོ་རྗེ་བདུད་རྩི་ནི་སྔོ་བ་ཕྱག་གཉིས་དཔུང་པར་
བསྣོལ་བའོ། །དབྱུག་པ་སྔོན་པོ་ནི་སྔོ་སྐྱ་གཡས་དང་གཡོན་ན་བེ་ཅོན་དང་སྡིགས་མཛུབ་ཞགས་པ་ཅན་ནོ། །མི་གཡོ་བ་ནི་སྨུག་ནག་གཡས་གཡོན་རྡོ་རྗེ་དང་སྡིགས་མཛུབ་ཅན་ནོ། །རྟ་མགྲིན་དམར་པོ་གཡས་གཡོན་བེ་ཅོན་དང་སྡིགས་མཛུབ་ཅན་ནོ། །དུས་ཀྱི་ལྕགས་ཀྱུ་ནི་དཀར་བ་གཡས་
གཡོན་ལྕགས་ཀྱུ་དང་སྡིགས་མཛུབ་སྟེ། འོག་མ་དག་གིས་ཀྱང་གཡོན་པ་རྣམས་སྡིགས་མཛུབ་བོ། །དུས་ཀྱི་ཞགས་པ་སྔོན་པོ་གཡས་ན་ཞགས་པ་ཅན་ནོ། །དུས་ཀྱི་འཆིང་བ་དམར་བ་ལྕགས་སྒྲོག་ཅན་ནོ། །དུས་ཀྱི་ཆགས་པ་ལྗང་གུ་གཡས་དྲིལ་བུའོ། །དུས་ཀྱི་སྲིན་པོ་ནི་
Vol. 66 · folio 243a
ནག་པོ་གཡས་གཡོན་བེ་ཅོན་དང་སྡིགས་མཛུབ་ཅན་ནོ། །དུས་ཀྱི་དབྱིག་པ་ནི་སྨུག་ནག་གཡས་གཡོན་བེ་ཅོན་དང་སྡིགས་མཛུབ་བོ། །དུས་ཀྱི་གནོད་སྦྱིན་མོ་ནི་སྨུག་ནག་གཡས་གཡོན་མཆེ་བ་དང་སྐྱབས་སྦྱིན་ཅན་ནོ། །དུས་ཀྱི་མཚན་མོ་ནི་ནག་མོ་གཡོན་དགྲ་སྟ་
དང་སྡིགས་མཛུབ་ཅན་ནོ། །འདི་རྣམས་ཀྱིས་ཇི་ལྟ་བ་འདོད་པའི་མ་རུངས་པ་རྣམས་གཡོན་བརྐྱང་བས་བརྫིས་པ་ལ། གཡོན་པས་སྣ་ཚོགས་པདྨའི་ཉི་མ་མནན་པ་སྟེ། ཤར་གྱི་རྩིབས་ནས་གཟུང་སྟེའོ། །དུས་ཀྱི་སྲིན་མོ་ལ་སོགས་པ་ནི་ལྷའི་སྣམ་བུའི་གྲ་བཞིར་ཤར་ལྷོ་ནས་བརྩམས་ཏེའོ། །
ཡང་ན་ཕྱག་ནི་བརྒྱ་ཕྲག་དུ་མར་ལྡན་ཞིང་བྱ་བ་དང་། རྒྱུ་མ་ཐོགས་ཤིང་དབུ་མཐའ་ཡས། །ཞེས་གསུངས་པས། དབྱིབས་ངེས་པ་ཅི་ཞིག་བྱ་སྟེ། བློ་ལ་ཇི་ལྟར་ནུས་པའི་དབུ་དང་ཕྱག་དང་ཆ་ལུགས་མི་བཟད་པར་བསྒོམ་ཞིང་བྲི་བར་བྱའོ། །ཁ་ཅིག་དགོད་པ་གཞན་དུ་བྱེད་པ་ནི་མི་རིགས་ཏེ།
ཆེ་བའི་ཆོ་ག་སྟེ། རྩིབས་བཅུ་གཉིས་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་དབྱིབས་ངེས་པ་ཡང་བསལ་ཟིན་ཏོ། །སྒོ་སྐྱོང་རྣམས་ནི་སྔོན་བཞིན་ནོ། །དེ་ལྟར་ལྷའི་ཚོགས་འདི་སྙེད་ཀྱི་གནས་སུ་གྱུར་པའི་ཕྱིར། །ལྷའི་མཆོག་ཐམས་ཅད་ཀྱི་དགའ་བའི་ཚལ་ཡིད་དུ་འོང་བ་ཞེས་བྱ་
བ་གསུངས་ཏེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་འགྲོ་བ་ལ་ཕན་པའི་ཕྱིར་ཞུགས་པ་ནི་ཁ་དོག་དང་དབྱིབས་དང་། རང་བཞིན་སྤྱོད་ལམ་དང་། སྐྱེས་པ་དང་བུད་མེད་དང་། འགྲོ་བ་རིགས་སྣ་ཚོགས་སུ་སྣང་བས་ཇི་ལྟར་རིགས་པར་འགྲོ་བ་རྣམས་འདུལ་བར་མཛད་པ་སྟེ། ཇི་སྐད་
དུ་ཟླ་གསང་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ལས་ཀྱང་། རེས་འགའ་འདོད་དབང་རྒྱལ་པོ་སྟེ། །རེས་འགའ་འདོད་པ་རྒྱབ་ཀྱིས་ཕྱོགས། །རེས་འགའ་ཞི་བ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་ཏེ་མཐའ་ཡས་པ། །ཕྱག་རྒྱ་འདི་ཡིས་རྒྱས་
བཏབ་པས། །ཅི་དགའ་དངོས་གྲུབ་འདོད་པ་ལ། །བདག་གི་ངོ་བོར་སྟོན་པར་བྱེད། །ཅེས་གསུངས་ཏེ། དེའི་ཕྱིར་ཡང་དག་པར་ན་བཅོམ་ལྡན་འདས་ཉིད་འཁོར་ཕུན་སུམ་ཚོགས་པར་ཡང་སྣང་སྟེ། འཆད་པ་པོར་སྟེ་དེ་ནི་ཆོས་སོ། །རང་ཡོན་ཏན་ལྡན་པས་ཉན་པའང་ང་ཞེས་
Vol. 66 · folio 243b
གསུངས་པ་ལྟ་བུའོ། །དེ་ལྟར་ལྷའི་མཆོག་ཐམས་ཅད་ཅེས་བྱ་བའི་བཤད་པ་མཆོག་མ་བརྗོད་ནས། ད་ནི་ཡང་ཐ་མལ་པ་ཉིད་ལ་འཇུག་པར་བྱ་སྟེ། ལྷ་རྣམས་ཉིད་མཆོག་ཡིན་ལ་དེ་རྣམས་ཐམས་ཅད་དགའ་བའི་ཚལ་ལམ། ཡང་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་ན་མཆོག་
ནི་དགའ་བའི་ཚལ་ན་གནས་པ་རྣམས་ཏེ། དེ་རྟག་ཏུ་ཡིད་དགའ་བའི་ཕྱིར་རོ། །ཅི་དེ་རྣམས་ལ་ཡང་ཐ་དད་པ་ཡོད་དམ་ཞེ་ན། ལོས་ཀྱང་སྟེ་སུམ་ཅུ་རྩ་གསུམ་ཞེས་བྱ་བ་ཉིད་ཀྱང་ཆོས་བཟང་ན་གནས་པ་ལ་སོགས་པ་སུམ་ཅུ་རྩ་གསུམ་ཉིད། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་
བར་གཞག་པ་ལས་གསུངས་པ་ནི་བསྟན་བཅོས་ལས་གྲགས་པ་ཡིན། དྲག་པོ་བཅུ་གཅིག་ལ་སོགས་པ་སུམ་ཅུ་རྩ་གསུམ་ནི། འཇིག་རྟེན་ལ་གྲགས་པའོ། །དགའ་བའི་ཚལ་ཞེས་བྱ་བ་ནི། གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་ཅེས་བྱ་བའི་བྱང་ཕྱོགས་དཔག་ཚད་ཉི་ཤུ་འདས་པ་ན། སྐྱེད་
མོས་ཚལ་དགའ་བ་ཞེས་བྱ་བ་ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། རྒྱར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ་སྟེ། གསེར་གྱི་ར་བས་བསྐོར་བ་བླ་གབ་ཅན། འདོད་པ་ཐམས་ཅད་སྦྱོར་བ། བདུད་རྩི་རྣམ་པ་བཞི་དང་། ཤིང་དང་རྫིང་དང་། མེ་ཏོག་ཕུན་
སུམ་ཚོགས་པ། གསེར་གྱི་བྱེ་མ་བདལ་བ་ཡོད་དེ། དེ་བས་ན་ཡིད་དུ་འོང་བ་ཞེས་བྱ་བ་ནས། ལྷ་དང་ལྷའི་བུ་མོ་སྣ་ཚོགས་པ་རྣམ་པར་རྩེ་བ་ཞེས་བྱ་བའི་བར་དུ་སྨོས་པ་ཡིན་ནོ། །དེ་ལྟར་ན་དགའ་བའི་ཚལ་ནི་ཧ་ཅང་ཆེས་ལ། འཁོར་དང་བཅས་པ་བཅོམ་ལྡན་འདས་རབ་ཏུ་ཡང་རྒྱ་
ཆེ་བ་ཇི་ལྟར་འཛིན་ནུས་ཤེ་ན། དེ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བསྙུང་གི་རྩེ་ཙམ་གྱི་ས་ཕྱོགས་ཀྱང་རབ་ཏུ་ཡངས་ལ་ཡིད་དུ་འོང་བར་འགྱུར་ཞིང་། རྒྱལ་བ་ཞི་བར་གཤེགས་ནས་ནི་དམན་ཞིང་ཁོ་རེ་ཆུང་བར་འགྱུར་ཏེ། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས། གང་ཚེ་རྒྱལ་
བ་མྱ་ངན་འདས་གྱུར་པ། །དེ་ཚེ་དེ་ཡི་ཞིང་རྣམས་འགྲིབ་པར་འགྱུར། །ཞིང་གི་རྒྱ་མཚོ་དེ་ཡང་ཉོན་མོངས་ལྡན། །སེམས་ཅན་རྣམས་ཀྱང་ཀུན་ནས་ཉོན་མོངས་འགྱུར། །ཞེས་གསུངས་ལ། ཡང་གཞན་དུ་གསུངས་པ། སྐྲ་ཙམ་ཁྱོན་ལ་སངས་རྒྱས་མང་པོ་ནི། །གངྒཱའི་ཀླུང་གི་
Vol. 66 · folio 244a
བྱེ་མ་ཇི་སྙེད་པ། །རྒྱལ་བ་དེ་རྣམས་ཞིང་ཡང་དེ་སྙེད་དེ། །དེ་ཡང་སྐལ་བ་མི་མཉམ་མཚན་ཉིད་བཅས། །སྐྲ་ཙམ་ཁྱོན་འདིར་འགྲོ་བ་ལྔར་གཏོགས་པ། །དམྱལ་བ་རྣམས་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་ཀྱང་། །དོགས་པ་དག་
དང་ཉེ་བར་གཙེར་བ་འང་མེད། །དེ་ལྟར་རྒྱལ་བའི་ཆོས་དེ་བསམ་མི་ཁྱབ། །ཅེས་སོ། །དེ་བས་ན་འཕགས་པ་སྡོམ་པ་གསུམ་བསྟན་པ་ལས། རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ནི་མཐོ་བ་ཟླུམ་པ་གནས་འཕང་དང་རྒྱར་ཡངས་པ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡང་སྡུད་པ་པོས་ལེགས་
པར་སྨྲས་པ་སྟེ། རི་དེ་ཡང་སངས་རྒྱས་བཞུགས་ཤིང་འཚོ་བ་དེ་ན་དེ་ལྟར་བདེན་ལ། དེང་སང་ན་ནི་རི་རབ་ཏུ་ཆུང་བར་སྣང་བས་སོ། །ཡང་ཆོས་ཐམས་ཅད་གཟུགས་བརྙན་ལྟར་མ་ཤེས་ཤིང་། བསོད་ནམས་མ་བྱས་པ་ལ་དམན་ཞིང་ཐ་གྲུ་ཆུང་ལ། དེ་དག་བསོད་ནམས་བྱས་པ་
དང་། ཆོས་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པ་དག་ལ། རབ་ཏུ་ཡངས་ཤིང་བཟང་ལ་འབྱོར་པར་སྣང་བ་ནི། ཇི་ལྟར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བའི་མདོ་ལས། ཚངས་པ་རལ་པ་ཅན་གྱིས། འཕགས་པ་ཤཱ་རིའི་བུ་ལ་སྨྲས་པ། བཙུན་པ་ཤཱ་རིའི་
བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་མ་དག་གོ་ཞེས་མ་ཟེར་ཅིག །བཙུན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འདི་ལྟ་སྟེ། དཔེར་ན་བཙུན་པ་ཤཱ་རིའི་བུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་བཀོད་པ་བཞིན་དུ། བཅོམ་ལྡན་
འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་བཀོད་པ་ཡང་ངེད་ཀྱིས་དེ་འདྲ་བར་མཐོང་ངོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་དགའ་བའི་ཚལ་དེའི་མེ་ཏོག་ལ་སོགས་པ་མ་ལུས་པ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཡིན་ནམ་ཞེ་ན། ལྷ་དེ་དག་གི་རང་གི་ལས་ལས་བྱུང་བ་ཡང་ཡོད་དེ།
ཇི་སྐད་དུ་འཕགས་པ་ཀུན་ནས་སྒོའི་ལེའུ་ཞེས་བྱ་བའི་མདོ་ལས། རྣམ་རྟོག་དགེ་ལས་བྱུང་བ་ཡི། །ལས་དགེའི་འབྲས་བུ་ལྷ་རྣམས་ཏེ། །རབ་ཏུ་དང་བའི་ཡིད་ཀྱིས་ནི། །མཛེས་པའི་ལྷ་རྣམས་མངོན་པར་འགྲུབ། །གཞལ་མེད་ཁང་པ་ཉམས་དགའ་བ། །དེ་དག་གཞན་སུས་བྱས་པ་
Vol. 66 · folio 244b
མིན། །མེ་ཏོག་མནྡཱ་ར་བ་ཡང་། །དེ་དག་གཞན་སུས་བསྐྱེད་པ་མིན། །སྒྱུ་མའི་ལས་ལས་ཀུན་འབྱུང་སྟེ། །བྱུང་བ་རྣམས་ཀྱང་བསམ་དུ་མེད། །ཅེས་གསུངས་པས། དེ་ལ་ཡིད་དུ་འོང་བ་ཞེས་བྱ་བ་ནི་མདོར་བསྟན་པ་ཡིན་ལ། རྣམ་པར་རྩེན་པ་ཞེས་བྱ་བའི་བར་དུ་ལྷག་མ་རྣམས་
ཀྱིས་ནི་རྒྱས་པར་བསྟན་པའོ། །དེ་ལ་ནོར་བུ་དང་གསེར་གྱི་ཞིང་ཞེས་བྱ་བ་ལ་ནོར་བུ་ནི། པདྨ་རཱ་ག་ལ་སོགས་པའོ། །གསེར་ནི་གསེར་དང་ས་ལེ་སྦྲམ་མོ། །ཤིང་ནི་ཨ་མྲ་ལ་སོགས་པའི་ལྗོན་པའོ། །དེ་དག་ཀྱང་རབ་ཏུ་ཡིད་དུ་འོང་བའི་ཡལ་ག་དང་། ལྕུག་མར་བཅས་པ་དང་ཞེས་
བྱ་བ་སྟེ། ཡལ་ག་ནི་རང་གི་ཡལ་ག་དང་ཡལ་ག་ཕྲེའུ་ཡིན་ལ། ལྕུག་མ་ནི་སྡོང་པོ་གཅིག་ལས་གྲུབ་ཅིང་གསར་བུར་འཐོན་པ། ཡན་ལག་མེད་པའི་ལྡུམ་བུ་རྣམས་སོ། །དེ་ཡང་གསེར་གྱི་ཤིང་རྣམས་ཀྱི་ཡན་ལག་ནི་ནོར་བུ་ལྕུག་མའི་དངུལ། ནོར་བུའི་ཤིང་རྣམས་ནི་ཡལ་ག་ནི་
གསེར། ལྕུག་མ་ནི་བཻ་ཌཱུརྱ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་གང་དག་ལྷའི་ཡུལ་གྱི་བདེ་བ་སྟོན་པ་དེ་དག་ལས་རྒྱས་པར་དྲང་ངོ་། །ཤིང་གེལ་པ་དང་ཞེས་བྱ་བ་ལ། ཤིང་གང་ཞིག་རང་བཞིན་གྱིས་ཕྲ་ཞིང་དྲུང་རབ་ཏུ་སྟུག་པ། མེ་ཏོག་དང་འབྲས་བུ་རབ་ཏུ་རྒྱས་པས་རང་གི་ལྕུག་མའི་རྩེ་
མོ་གཡུར་ཟ་བ། ཆེད་དུ་བྲིས་པ་ལྟར་གནས་པ་དེ་དག་ནི། ཤིང་གེལ་པ་སྟེ་ཇི་ལྟར་རྒུན་ཤིང་རབ་ཏུ་སྨིན་པ་དག་བཞིན་ཏེ། ཇི་སྐད་དུ་སློབ་དཔོན་ཞི་བའི་ལྷའི་ཞལ་སྔ་ནས། ཤིང་གང་འབྲས་བཟང་ཡལ་ག་འདུད་པ་དང་། །ཞེས་སྨོས་པ་ལྟ་བུའོ། །སྨན་དང་ཞེས་བྱ་བ་ནི། ལྷ་ཡུལ་གྱི་
ཤིང་གེལ་པ་ལ་སོགས་པ་དེ་དག་གི་རྩ་བ་དང་། འབྲས་བུ་དང་། ལོ་མ་ལ་སོགས་པ་ཇི་སྙེད་པ་དེ་དག་ནི་སྨན་ཡིན་ཏེ། ལྷ་རྣམས་ཡིད་རབ་ཏུ་དུལ་བའི་དབང་ལས་གནས་དེར་སྨིན་པའི་རྩ་ལ་སོགས་པ་ནི་དུག་མེད་པ་འཇམ་པ་རེག་ན་བདེ་བ་གནོད་པ་མེད་པ་དག་ཡིན་ཏེ། དེ་ཡང་སྲོག་གཅོད་
པ་གནོད་སེམས་དང་བཅས་ཏེ་སྤངས་པའི་རྒྱུ་ལས་གྲུབ་པའོ། །མེ་ཏོག་ཀ་མ་ལ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སོགས་པ་སྣ་ཚོགས་པ་དང་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་གཞན་གྱི་མེ་ཏོག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོངས་པ་དང་། སྤྲུལ་པ་ལས་བྱུང་བ་
Vol. 66 · folio 245a
ལ་སོགས་པ་བསྡུའོ། །དཔག་བསམ་གྱི་ཤིང་གིས་མཛེས་པར་བྱས་ཤིང་ཞེས་བྱ་བ་ལ། རང་གི་རྟོག་པ་དང་རྗེས་སུ་མཐུན་པའི་འདོད་པ་སྟེར་བའི་ཤིང་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོ་བཞིའི་ཕྲེང་བས་ཉམས་དགའ་ཤིང་མཛེས་པར་བྱས་སོ། །རྒྱན་སྣ་
ཚོགས་ཀྱིས་བརྒྱན་པ་ཞེས་བྱ་བ་ནི། ཟླ་བ་ཁམ་པ་ལྟ་བུ་དང་། མེ་ལོང་དང་། རྒྱན་མདོངས་ལྟ་བུ་དང་། གཞན་ཡང་རྒྱན་སྣང་བ་དང་མི་སྣང་བ་རབ་ཏུ་མང་པོས་སྤྲས་པའོ། །བྱ་མང་པོ་སྣ་ཚོགས་སྐད་འབྱིན་པ་ཞེས་བྱ་བ་ལ། ངང་པ་དང་བཞད་ལ་སོགས་པ་རིན་པོ་ཆེའི་འདབ་མ་དང་། མཆུ་སྡེར་
ཅན་རི་མོར་བྲིས་པ་ལྟར་མཛེས་པ། ལྷ་རྣམས་ཡིད་དུ་དགའ་བ་དེར་འདེབས་པའི་བཞོན་པར་གྱུར་པ། ཡིད་དུ་འཐད་ཅིང་རྣར་སྙན་པའི་ཚིགས་སུ་བཅད་པས་ལྷ་རྣམས་ལ་གདམས་པ་སྨྲ་བ། ལྷའི་ལོངས་སྤྱོད་ལ་མཚུངས་པར་སྤྱོད་པ། ཚུལ་ཁྲིམས་དང་བྲལ་བས་དུད་འགྲོའི་འགྲོ་བར་
འགྱུར་བ། བདེ་བའི་དབང་པོ་ལས་མཐོ་རིས་པར་བགྲང་བའི་བྱ་དེ་རྣམས་ཀྱིས་ཡིད་དུ་དགའ་བར་བྱས་རྔ་དང་ཅང་ཏེའུ་དང་། ཀེརྐོ་དང་། གླིང་བུ་དང་། རྔ་མོ་ཆེ་ལ་སོགས་པའི་སྒྲ་བསྒྲགས་པ་ཞེས་བྱ་བ་ལ། ཀེརྐོ་ནི་འཇིག་རྟེན་ན་དི་མུག་ཁ་ཞེས་གྲགས་པའི་རྔའོ། །ལྷག་མ་ནི་གོ་སླ་སྟེ། དེ་
དག་ཀྱང་ཁ་ཅིག་ནི་ཡིད་ལས་བྱུང་བ། ཁ་ཅིག་ནི་དཔག་བསམ་གྱི་ཤིང་ལས་བྱུང་བ། ཁ་ཅིག་ནི་ཆེད་དུ་བྱས་པ་དག་སྟེ། ཡིད་ལས་བྱུང་བ་དག་ནི་གཟུགས་མེད་པ་སྒྲ་ཙམ་གྲག་པ། ལྷ་རྣམས་བག་མེད་པ་ལས་བཟློག་པའི་ཚིགས་སུ་བཅད་པ་མང་པོ་སྒྲོགས་པ། ཕལ་ཆེར་བརྒྱ་བྱིན་
གྱི་ཡིད་ལས་བྱུང་བ་ཡིན་ཏེ། རྒྱ་ཆེར་ནི་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལྷ་ཡུལ་གྱི་བདེ་བ་རྒྱས་པར་སྟོན་པའི་མདོ་སྡེ་རྣམས་ལས་དྲང་ངོ་། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་དང་ལྷའི་བུ་མོ་མང་པོ་སྣ་ཚོགས་རྣམ་པར་རྩེ་བ་ཞེས་བྱ་བ་ལ། འདིས་
མཆོད་སྦྱིན་བརྒྱ་བྱིན་པའམ། རང་གི་སྲིད་ཐུབ་པས་ན་བརྒྱ་བྱིན་ཏེ། ལྷའི་སྡེ་དཔོན་རྒྱུན་དུ་ཞུགས་པ་སྲིད་པ་ལན་བདུན་པ་འཕགས་པའི་ཁོངས་སུ་གཏོགས་པ་དང་། ཚངས་པ་ཞེས་བྱ་བ་རང་གི་ས་ལས་གཞན་པ་བས་ཆེ་བའམ། འདོད་པའི་འདོད་ཆགས་ཀྱི་གདུང་བ་ཞི་བས་བསིལ་
Vol. 66 · folio 245b
བར་འགྱུར་བས་ཚངས་པ་སྟེ་དེ་དང་། སོགས་པ་ཞེས་སྨོས་པ་ནི་ལྷའི་སྡེ་དཔོན་ཙནྡན་དང་། ལྷ་ཆེན་པོ་དང་ཁྱབ་འཇུག་དང་། སྨིན་དྲུག་གཞོན་ནུ་ལ་སོགས་པ་གང་དག་དབང་ཆེ་བར་གྲགས་པ་རྣམས་དང་། གཞན་ཡང་ལྷ་དང་ལྷའི་བུ་མོ་སྣ་ཚོགས་པ་ཞེས་བྱ་བ་ལ། འདི་དག་ནི་མཛེས་པ་
དང་ལྡན་པ་སྟེ། དེ་ཡང་འདོད་པའི་ཁམས་པ་ཡིན་པས་ན། ཕོ་དང་མོའི་དབང་པོ་དང་ལྡན་པ། ན་ཚོད་དང་། བོང་ས་དང་མིང་དང་། དབྱིབས་སྣ་ཚོགས་པ་དེ་རྣམས་བགད་པ་དང་། ཆུ་ལ་རྐྱལ་བ་དང་། མེ་ཏོག་འཕེན་པ་དང་། ཁྲུས་བྱེད་པ་ལ་སོགས་པ་བྱིས་པའི་སྤྱོད་པ་གྲངས་མེད་པས་
མངོན་པར་རྩེ་ཞིང་དལ་བར་གྱུར་གྱི་བར་དུ་ཡོངས་སུ་མི་གཏོང་བས་ན། ཁྱད་པར་དུ་རྩེ་བ་ནི། རྣམ་པར་རྩེ་བ་ཞེས་བྱ་སྟེ། ལྷ་རྣམས་ནི་བག་མེད་པའི་དབང་ལས་རྩེད་མོ་ལ་རབ་ཏུ་ཞུགས་པས། སྔོན་ཉེ་གནས་སུ་གྱུར་པའི་ལྷའི་བུ་ཞིག་གིས་འཕགས་པ་མཽད་གལ་གྱི་བུ་མཁན་པོར་གྱུར་པ་
སོར་མོ་བསྒྲེངས་པའི་གུས་པ་ལ་མཆོག་ཏུ་སྨྲས་སོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་ཅིའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི་དག་དགའ་བའི་ཚལ་དེར་གསུངས་ཤེ་ན། ནོར་བུ་དྲི་མ་མེད་པ་ལ་ཕན་གདགས་པར་བཞེད་པས་དེའི་འཕེལ་བར་གྱུར་པའི་གནས་དེར་བཤད་པར་ཤེས་པར་བྱའོ། །དེ་ཡང་ཞུ་
བར་གྱུར་པའི་རྐྱེན་དུ་གཟིགས་ནས་འཛམ་བུའི་གླིང་ནས་དེར་གཤེགས་པ་ལྟར་བསྟན་པ་སྟེ། རབ་ཏུ་ཐུགས་རྗེ་ཆེ་བའི་ཕྱིར་རོ། །ཁ་ཅིག་ན་རེ་རྒྱུད་འདི་མཆོག་ཡིན་པའི་ཕྱིར་གནས་མཆོག་ཏུ་གསུངས་སོ་ཞེས་ཟེར་ཏེ། དེ་ལྟར་ན་འདི་གཞན་འཕྲུལ་དབང་བྱེད་ལ་སོགས་པར་ཅིའི་ཕྱིར་མི་
གསུངས་སོ། །སུམ་ཅུ་རྩ་གསུམ་གྱི་རིས་ནི་ལྷའི་རིས་གོང་མ་གོང་མའི་དྲུང་ན་ཕྱག་དར་གྱི་ཕུང་པོ་དང་འདྲའོ་ཞེས་འཕགས་པ་རྒྱ་ཆེར་རོལ་པ་ལས་གསུངས་ཏེ། དེ་བས་ན་དེ་ནི་མི་རིགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ན་ཞེས་བྱ་བ་ནི། དེ་
དག་གིས་ལྷག་པར་བརྟེན་ཅིང་ལོངས་སྤྱད་པ་ཉིད་ཀྱི་བྱིན་གྱིས་བརླབས་པ་སྟེ། ཇི་སྐད་དུ། ཡོན་ཏན་གང་དག་རྒྱན་ལྟར་དམ་པ་ནི། །གང་དང་གང་དུ་སྐྱེས་པར་གྱུར་པ་དག །དེ་དག་དེ་ནི་བཀྲ་ཤིས་ལྡན་བཤད་དེ། །འབབ་སྟེགས་དེ་ཡིན་དཀའ་ཐུབ་གནས་དེ་ཡིན། །ཞེས་བཤད་
Vol. 66 · folio 246a
པ་དང་། ཡང་གསུངས་པ། གནས་གང་དག་ཏུ་འགྲོ་བའོ། །མིག་གིས་རྟག་པར་ཁྱོད་མཐོང་ཞིང་། །གང་ཞིག་ཁྱོད་ཀྱི་ཞལ་ལྟ་བ། །འཇིག་རྟེན་དེ་ཉིད་བསོད་ནམས་ལྡན། །ཞེས་ངེས་པར་གནས་ཀྱང་བྱིན་གྱིས་བརླབས་པར་ཟུར་གྱིས་བསྟན་པར་འགྱུར་རོ། །འདིར་
གཟུགས་བོར་ན་བྱིན་གྱིས་བརླབས་པ་ཞེས་བྱ་བ་ཡང་། ས་ཕྱོགས་དེ་རྡོ་རྗེ་ལྟར་སྲ་ཞིང་འཇིག་པའི་མེས་ཀྱང་མི་གནོན་ལ། དེ་ན་གནས་པ་རྣམས་ལ་བདུད་དང་བདུད་ཀྱི་རིས་པའི་ཡི་དྭགས་ལ་སོགས་པས་མི་ཚུགས་པར་བྱས་པ། དུས་རབ་ཏུ་རིང་པོའི་བར་དུ་ཡང་དངོས་གྲུབ་འབྱུང་བའི་
གནས་སུ་བྱིན་གྱིས་བརླབས་པ་བྱས་པ་སྟེ། དེ་ཡང་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས་ཇི་སྐད་དུ་གསུངས་པ། དེ་ནས་གཞན་ཡང་བཤད་པ་ནི། བསྒྲུབ་པའི་གནས་ཀྱི་མཚན་ཉིད་དེ། །གང་གི་ཡུལ་དུ་གནས་ན་ནི། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའོ། །གང་དུ་བདུད་བཞི་
བཏུལ་ནས་ནི། །བཅོམ་ལྡན་མངོན་པར་སངས་རྒྱས་ལ། །དངོས་གྲུབ་མང་པོ་ཀུན་གྱི་མཆོག །རྨད་བྱུང་གོ་འཕང་ཐོབ་གྱུར་པ། །ཆུ་བོ་ནཻ་རཉྫ་ནའི་འགྲམ། །ཡིད་དུ་འོང་ཞིང་འཚེ་མེད་པ། །དངོས་གྲུབ་ཞིང་ནི་དམ་པ་སྟེ། །བཅོམ་ལྡན་འདས་ནི་ཉིད་ཀྱིས་གསུངས། །དེར་ནི་བདུད་
རྣམས་མང་པོས་ཀྱང་། །གནོད་པར་བྱ་བར་མི་ནུས་ཏེ། །དེ་བས་དེར་ནི་ལས་རྣམས་ཀུན། །སྒྲུབ་པ་པོས་ནི་བསྒྲིམ་སྟེ་བརྩམས། །གང་དུ་ཆོས་རྣམས་བསྟན་པ་དང་། །ཐུབ་པ་ཞི་བར་གྱུར་པ་དང་། །དམ་པ་སྨིན་པར་བྱ་བའི་ཕྱིར། །སྐྱེ་བ་གང་དུ་བསྟན་པ་ཡི། །གནས་དེ་རྣམས་སུ་
དངོས་གྲུབ་ནི། །རྣམ་པ་གསུམ་དག་ཀུན་དུ་བསྟན། །ངེས་ཤིང་མྱུར་ལ་རྒྱ་ཆེ་ཞིང་། །བགེགས་མེད་པར་ཡང་དེར་འགྱུར་རོ། །བསོད་ནམས་ཅན་གྱི་གནས་རྣམས་གང་། །སངས་རྒྱས་རྣམས་དང་དེའི་སློབ་མ། །བསྐལ་པ་ཆེན་པོ་བཞུགས་བཞུགས་པ། །དེ་དག་ཏུ་ཡང་
འགྲུབ་པར་བསྒྲགས། །ཞེས་སོ། །དེའི་ཕྱོགས་གང་དུ་ཡང་བཞུགས་པ་དེ་ལྷག་པར་ཡོན་ཏན་དང་ལྡན་པར་གནས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའོ། །གལ་ཏེ་བྱིན་གྱིས་རློབ་པ་པོ་ཉིད་ཀྱི་དོན་མ་རྟོགས་སོ་ཞེ་ན།
Vol. 66 · folio 246b
དེའི་ཕྱིར་སངས་རྒྱས་ཞེས་བྱ་བ་ནི་ཇི་སྐད་དུ། གང་གིས་ས་བཅུ་བསྒྲུབས་ནས་ནི། །དབང་བཅུ་ལེགས་རྟོགས་ཁོང་དུ་ཆུད། །སྟོང་པ་སྒྱུ་མ་འདྲ་བའི་ཆོས། །རྣམ་པ་ཐམས་ཅད་མཁྱེན་ཅིང་འདིར། །འཇིག་རྟེན་ཀུན་གྱི་ཚུལ་མཁྱེན་པ། །སངས་རྒྱས་ཞེས་ནི་བྱ་བ་ཡིན། །ཞེས་གསུངས་
སོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །བརྒྱ་བྱིན་དང་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་མཐའ་ཐུག་པ་མེད་པ་རྣམས་ཀྱིས་ཞེས་བྱ་བའི་བར་གྱིས་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་མཆོག་བསྟན་ཏོ། །ཚིག་
གི་དོན་ནི་འདི་ལྟ་སྟེ། བརྒྱ་བྱིན་དང་ཚངས་པ་ཞེས་བྱ་བ་ནི། སྔ་མ་བཤད་པ་ལྟ་བུའོ། །ལྷ་དང་ཞེས་བྱ་བ་ལ། རྣམ་རྟོག་དགེ་ལས་བྱུང་བ་ཡི། །ལས་དགེའི་འབྲས་བུ་ལྷ་རྣམས་ཏེ། །རབ་ཏུ་དང་བའི་ཡིད་ཀྱིས་ནི། །མཛེས་པའི་ལྷ་རྣམས་མངོན་པར་གྲུབ། །གཞལ་མེད་
ཁང་པ་ཉམས་དགའ་བ། །དེ་དག་གཞན་སུས་བྱས་པ་མིན། །མེ་ཏོག་མནྡཱ་ར་བ་ཡང་། །དེ་དག་གཞན་སུས་བསྐྱེད་པ་མིན། །སྒྱུ་མའི་ལས་ལམ་ཀུན་འབྱུང་བས། །འབྱུང་བ་རྣམས་ཀྱང་བསམ་དུ་མེད། །བཟང་པོར་སྣང་བའི་བཻ་ཌཱུརྱ། །ལོག་པར་སྒྲུབ་པ་རྣམས་
ཀྱང་བརྫུན། །ཡང་དག་མིན་ལས་ཀུན་བསྐྱེད་པས། །ལྷ་རྣམས་བརྫུན་པར་ཤེས་པས་ན། །ཏིང་འཛིན་ཞི་བ་བརྗོད་པ་ནི། །ལྷ་ཡི་གཟུགས་ཀྱིས་བསྟན་པ་ཡིན། །ཞེས་སོ། །རིག་འཛིན་ཞེས་བྱ་བ་ལ། གསང་སྔགས་ལ་སོགས་པའི་མཐུས་ནམ་མཁའ་ལ་འགྲོ་བར་ནུས་པ་རིག་སྔགས་
ཀྱི་ཐབས་འཛིན་པར་འདོད་པ་ཐམས་ཅད་འབྱོར་པ་ནི་རིག་འཛིན་ཏེ། ཇི་སྐད་དུ་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས་གསུངས་པ། བློ་ཅན་གྲུབ་ནས་ནམ་མཁའ་ལ། །ཅི་བདེ་བར་ནི་འགྲོ་བར་བྱ། །གྲུབ་པ་རྣམས་དང་ལྷན་ཅིག་ཏུ། །འོ་ན་ཅིས་ཀྱང་མི་ཚུགས་འགྱུར། །ཕ་རོལ་
གནོད་པ་བྱེད་པ་ནི། །སྡང་བ་རྣམས་ཀྱིས་ཡོངས་མི་ཚུགས། །རྟག་ཏུ་བདག་གི་ལྷ་ཉིད་ནི། །ཡིད་ཀྱིས་ཡོངས་སུ་བཟླས་པར་བྱ། །བདག་གི་གྲུབ་པའི་རྫས་ལ་ཡང་། །རྟག་ཏུ་དྲན་ཞིང་བལྟ་བར་བྱ། །རིག་སྔགས་རྒྱལ་པོ་བཟླས་ནས་ནི། །སྒྲུབ་པ་རྣམས་ཀྱིས་མཆོད་པར་འགྱུར། །
Vol. 66 · folio 247a
རིགས་ཀྱི་རིག་སྔགས་བཟླས་ན་ནི། །གྲུབ་པ་འཇིགས་པ་ཀུན་ལས་ཐར། །ཕན་ཚུན་དག་ཏུ་མཐོང་ན་ནི། །དམ་ཚིག་རིགས་ཀྱི་ཕྱག་རྒྱ་དང་། །གྲུབ་པའི་རྫས་ཀྱང་བསྟན་པ་དང་། །མཁས་པ་ལེགས་པར་སྨྲས་པར་བྱ། །ལེགས་པར་འོངས་སམ་བདེ་འམ་ཞེས། །
ཐོག་མར་མཐོང་ནས་མངོན་པར་བརྗོད། །གང་ནས་འོངས་ཞེས་ཟེར་ན་ཡང་། །དྲི་བའི་ལན་ནི་གདབ་པར་བྱ། །ལྷ་ཡི་གནས་ནི་ཐམས་ཅད་དང་། །ཤིང་གཅིག་ལམ་ནི་བཞི་མདོ་དང་། །དཀའ་ཐུབ་ནགས་དང་བྱིན་ཅན་ནས། །མཆོད་སྦྱིན་གནས་དང་བྲམ་ཟེའི་གནས། །མུ་སྟེགས་
ལ་སོགས་གྲུབ་པ་དེས། །ནམ་ཡང་འདའ་བར་མི་བྱའོ། །ང་རྒྱལ་གྱིས་ནི་འདས་གྱུར་ན། །འཁྲུགས་ནས་མོད་ལ་ལྷུང་བར་འགྱུར། །བག་མེད་དམ་ཚིག་ཉམས་ན་ནི། །རིག་སྔགས་རྒྱལ་པོ་ཡིད་ཀྱིས་བཟླས། །ལྷུང་ངམ་ལྟུང་བར་གྱུར་ཀྱང་རུང་། །དེ་ནས་དེ་མ་ཐག་ཏུ་ལྡང་། །
ནམ་མཁའ་དག་ལ་གཟུགས་མེད་པའི། །འཕྲུལ་གྱི་མིག་ཅན་ལམ་རྣམས་ནི། །རབ་ཏུ་གྲུབ་པ་དག་གིས་རིག །རྣལ་འབྱོར་ཅན་རྣམས་འགྲོ་བ་བཞིན། །དེ་ལས་འགྲོ་བ་འོང་བ་དག །སྔོན་ཆད་སྤྲུལ་པའི་ལམ་ནས་འགྲོ། །བསོད་ནམས་དབང་གིས་གནས་པའི་ཕྱིར། །ཁྱིམ་ཡང་
ཇི་ལྟར་འདོད་པ་འབྱུང་། །ཀུན་དུ་ལྗོན་ཤིང་མང་པོར་ལྡན། །བྱ་རྣམས་དུ་མ་ཕན་ཚུན་རྒྱུ། །ལྷ་ཡི་བུད་མེད་རྒྱུ་བ་ཡི། །རྒྱན་གྱི་སྒྲ་ནི་རབ་ཏུ་གྲགས། །དེ་ཡི་གླུ་གར་སིལ་སྙན་གྱི། །མངོན་པར་དགའ་བའི་ཡོན་ཏན་གསལ། །མེ་ཏོག་བཟང་པོའི་བསུང་གིས་ཁྱབ། །མར་མེའི་འོད་ནི་
རབ་ཏུ་གསལ། །གང་དང་གང་དུ་ཀུན་བརྟགས་པ། །དེར་ནི་དཔག་བསམ་ལྗོན་ཤིང་ཆེ། །འདོད་པ་ཐམས་ཅད་ཀུན་འབྱོར་པ། །རྨད་དུ་བྱུང་བའི་མཚན་ཉིད་འབྱུང་། །རིན་ཆེན་རྡོ་ལེབ་ལ་སོགས་ཕྱིར། །རིན་ཆེན་བཞི་ལས་འབབ་པའི་ཆུ། །ནེའུ་སེང་དག་དང་ལྡན་པའི་ས། །ཐམས་
ཅད་དུ་ཡང་མངོན་པར་འབྱུང་། །རྒྱན་རྣམས་དང་ནི་གོས་རྣམས་དང་། །རྩེད་མོའི་ཡོ་བྱད་རྣམས་དང་ནི། །བདུད་རྩིའི་འབྲས་བུ་སོགས་ལྡན་པའི། །དཔལ་གྱི་ཤིང་ཡང་དེ་ལས་སྐྱེ། །དེ་ལྟར་གྲུབ་པར་འདོད་པའི་རྣམས། །ཇི་ལྟར་འདོད་པ་ཐམས་ཅད་འགྲུབ། །གྲུབ་པར་གྱུར་ནས་དེ་
Vol. 66 · folio 247b
ནས་ནི། །སྲུང་བ་ལ་ནི་འབད་པར་བྱ། །སྐྱེད་མོས་ཚལ་ནི་གཙང་མའམ། །རི་རྣམས་ཀྱི་ནི་རྩེ་མོ་འམ། །རྒྱ་མཚོ་ཡི་ནི་གླིང་དག་གམ། །འབབ་ཆུ་ཡི་ནི་འགྲམ་ཡང་རུང་། །རང་གི་འཕྲུལ་གྱིས་སྤྲུལ་པ་དང་། །གྲུབ་པ་དཀའ་ཕྱིར་སྤྲུལ་པ་བྱེད། །གྲུབ་པ་གཞན་དང་ལྷན་ཅིག་ཏུ། །
སྔོན་དུ་གྲུབ་ནས་གནས་སུའང་རུང་། །ཞེས་པས་ཏེ། འདིར་རྒྱ་ཆེར་བརྗོད་པ་ནི་འོག་ནས་རིག་འཛིན་གྱི་ཚུལ་བརྗོད་པ་ལ་དགོས་པ་བློ་ལ་བཞག་ནས་བརྗོད་པར་ཟད་དོ། །དེ་ཡང་། རིག་པ་འཛིན་པའི་གཙོ་བོ་ནི། །རིག་སྔགས་འཆང་གི་རྒྱལ་པོ་ཡང་། །ཀུཉྫ་ར་ཞེས་བྱ་བ་དང་། །
ཙི་ཏམྐ་དང་ཀི་རི་ཏི། །མ་མོའི་ལུས་སུ་ལོ་ཙ་ན། །ཙི་ཏྲ་བྷ་ན་སུ་སིདྡྷཱ་རྠ། །རིག་སྔགས་འཆང་གི་བདག་པོ་སྟེ། །བདུན་པོ་དེ་དག་རིགས་ཀྱི་གཙོ། །སྔོན་པོ་གྲུབ་སྟེ་མཐུ་ཆེན་རྣམས། །དཀྱིལ་འཁོར་དག་ནི་ཐམས་ཅད་ལ། །ལྷོ་ཡི་ཕྱོགས་སུ་ཐ་དད་དགོད། །ཅེས་བྱ་བ་གསུངས་པ་
རྣམས་ཡིན་ལ། དེ་དག་ཉིད་འཁོར་ལྷའི་བུ་མོ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་པའོ། གླེགས་བམ་ལ་ལ་ལས་ནི། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་དང་། ལྷའི་རིག་འཛིན་འཁོར་ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཞེས་འདོན་ཏེ། །དེར་ནི་ལྷའི་འཁོར་
གཙོ་བོ་སྨོས་པས་བསྡུས་ལ། འདི་ལྷ་ཡང་ཡིན་ལ་རིག་འཛིན་ཡང་ཡིན་ཞེས་གཞི་མཐུན་པའི་བསྡུ་བ་བྱའོ། །གནོད་སྦྱིན་དང་ཞེས་བྱ་བ་ནི། འཕགས་པ་ཀུན་ནས་སྒོའི་ལེའུ་ཞེས་བྱ་བའི་མདོ་ལས་གསུངས་པ། སེམས་ནི་རྣམ་པར་གྱུར་པ་ལས། །འཇིགས་པའི་གཟུགས་ནི་
མངོན་གྲུབ་པ། །ལུས་ཀྱི་བོང་ཚོད་ཆེ་བ་ཡང་། །སེམས་གཅིག་གིས་ནི་ཀུན་དུ་བསྐྱེད། །སེམས་ལ་འཇིགས་པ་ཡོད་མིན་ཏེ། །ཚོགས་པ་དག་ལས་འཇིགས་པ་སྐྱེ། །ཡོད་པ་མིན་པའི་ལས་རྣམས་ལས། །མི་སྡུག་རྣམ་པ་བསམ་ཡས་ལྟོས། །མི་སྡུག་རྣམ་པ་བསམ་ཡས་པ། །
ཤིན་ཏུ་སྟོངས་པར་ཤེས་པས་ན། །ཏིང་འཛིན་ཞི་བ་བརྗོད་པ་ནི། །གནོད་སྦྱིན་གཟུགས་ཀྱིས་བསྟན་པ་ཡིན། །ཞེས་སོ། །སྲིན་པོ་དང་ཞེས་བྱ་བ་ལ། བདག་བསྲུང་བ་ལས་སྡུག་བསྔལ་འགྲུབ། །བདག་ཉིད་ཉེ་བར་མི་དམིགས་པས། །གཞན་བསྲུང་བ་ལས་ཀུན་བརྩོན་
Vol. 66 · folio 248a
པ། །དེ་ཚེ་བདེ་བ་རྒྱ་ཆེན་འགྲུབ། །ཅེས་བྱའོ། །ལྷ་མ་ཡིན་ཞེས་བྱ་བ་ལ། །ཨ་ཡིས་རྒྱས་བཏབ་ལྷ་མིན་ཏེ། །སྐྱེ་བ་མེད་ལས་ཡང་དག་འབྱུང་། །འགག་མེད་འབྱུང་བ་ཡོད་མིན་པས། །ལྷ་མ་ཡིན་གྱི་ཏིང་འཛིན་བསྟན། །ཞེས་བྱའོ། །དྲི་ཟ་དང་ཞེས་བྱ་བ་ལ། ཆོས་དེ་
ཤིན་ཏུ་འགྲོ་མེད་ཀྱང་། །འགྲོ་བའི་སྒྲར་ནི་བརྗོད་པས་ནི། །འགྲོ་བས་འགྲོ་བ་མེད་ཤེས་པས། །དྲི་ཟའི་ཏིང་འཛིན་བསྟན་པ་ཡིན། །ཞེས་བྱའོ། །མི་འམ་ཅི་དང་ཞེས་བྱ་བ་ལ། བྱས་མིན་བྱས་པའི་ལས་ཀྱིས་ནི། །མིའམ་ཅི་ཉིད་ཀུན་དུ་བསྐྱེད། །འདི་དག་སྐྱེ་བ་མེད་ཤེས་པས། །
མིའམ་ཅི་ཡི་ཏིང་འཛིན་བསྟན། །ཞེས་བྱའོ། །ལྟོ་འཕྱེ་ཆེན་པོ་ཞེས་བྱ་བ་ལས། མིང་གང་གིས་ནི་ཆོས་འདི་དག །འཇིག་རྟེན་དག་ཏུ་སྣ་ཚོགས་གཞག །ཆོས་དེ་འདི་ལ་ཡོད་མ་ཡིན། །མེད་པས་ཐམས་ཅད་ཀུན་དུ་བརྟགས། །ཀུན་དུ་བརྟགས་པར་ཀུན་ཤེས་ན། །ངོ་བོ་ཉིད་ཀྱི་
ཀུན་རྟོག་མེད། །ཏིང་འཛིན་ཞི་བ་བརྗོད་པ་ནི། །ལྟོ་འཕྱེ་ཆེན་པོའི་གཟུགས་ཀྱིས་བསྟན། །ཞེས་བྱའོ། །ཀླུ་ཞེས་བྱ་བ་ལ། མི་བཟོད་བསྐྱེད་པ་བྱས་ནས་ནི། །ཡོད་མིན་སྤྲིན་གྱི་གཟུགས་སྟོན་ཅིང་། །ཆར་པའི་རྒྱུན་དག་རབ་འབེབས་པ། །དེ་དག་ནང་ན་མི་གནས་ཀྱང་། །འཛམ་བུའི་གླིང་
འདིར་རྒྱ་མཚོ་དང་། །ཀླུང་དང་དུག་ཅན་ཡོངས་སུ་འགེངས། །སྔོན་གྱི་མཐའ་འམ་ཕྱི་མའི་མཐའ། །ཆུ་ནི་འབྱུང་བར་ཡོད་མ་ཡིན། །དེ་དང་མཚུངས་པའི་སེམས་ཅན་ཀུན། །རྩོམ་པ་སྣ་ཚོགས་བསླབས་པ་རྣམས། །ལས་རྣམས་སྣ་ཚོགས་སྟོན་བྱེད་ཀྱང་། །ལས་དེ་འབྱུང་བ་ཡོད་མ་ཡིན། །
མཁས་པས་བྱིས་པ་རྨོངས་བྱེད་པའི། །རྒྱུ་འདི་མ་བྱུང་ཤེས་པས་ན། །བདེ་བ་མ་ཡིན་བདེན་སྣང་བས། །ཀླུ་ཡི་ཏིང་ངེ་འཛིན་དུ་བསྟན། །ཞེས་བྱའོ། །དེ་ལྟར་འཕགས་པ་ཀུན་ནས་སྒོའི་ལེའུ་འི་མདོའི་རྗེས་སུ་འབྲངས་ཏེ་བཤད་པ་འདི་ནི་འཁོར་མཆོག་སྟོན་པ་ཡིན་པར་རང་རང་གི་
ལོངས་སྤྱོད་དང་། གཟུགས་དང་། མིང་གིས་རྣམ་པར་ཐར་པ་སྐྱེད་ནུས་ཤིང་རྟོགས་པ་སྟོན་པའི་བཤད་པ་མཆོག་ཏུ་འགྱུར་བའོ། །སོགས་པ་འཁོར་དུ་མ་དང་ཞེས་བྱ་བ་ནི་མཁའ་འགྲོ་མ་དང་། མ་མོ་དང་། གཟའ་དང་རྒྱུ་སྐར་དང་། ཤ་ཟ་དང་འདྲེ་ལ་སོགས་པ་རབ་ཏུ་མང་པོར་འདུས་པར་
Vol. 66 · folio 248b
སྟོན་པ་སྟེ། དཀྱིལ་འཁོར་ཆེན་པོ་འཆད་པར་འགྱུར་བ་ལས། སྨོས་པ་རྣམས་འདིར་ཡང་འདུས་པར་འཐད་པའི་ཕྱིར་རོ། །ད་ནི་འཇིག་རྟེན་ལས་འདས་པའི་འཁོར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཚད་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་གནས་པ་དང་མཐུན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སངས་རྒྱས་ཀྱིས་ཀུན་དུ་བཟང་པོའོ། །དེ་རྟོགས་པར་བྱ་བར་སེམས་པ་ནི་སེམས་
དཔའ་སྟེ། དེ་ལྟར་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ཉིད་འགྲོ་བའི་ཚོགས་
ཆེན་པོའི་དོན་ལ་སེམས་པས་ན་སེམས་དཔའ་ཆེན་པོའོ། །བློ་གྲོས་མི་གཡོ་བ་དང་ཞེས་བྱ་བ་ལ། འདི་ནི་བློ་གྲོས་ཆོས་ཀྱི་དབྱིངས་ལས་མི་གཡོ་བས་བློ་གྲོས་མི་གཡོ་བའོ། །བློ་གྲོས་ཡངས་པ་དང་ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་བདེན་པ་གཉིས་འདིའི་བློ་གྲོས་སྐད་
ཅིག་མ་གཅིག་གི་ཡུལ་དུ་བྱེད་བྱེད་པས་ན་བློ་གྲོས་རྒྱ་ཆེ་བའོ། །ཀུན་དུ་བློ་གྲོས་དང་ཞེས་བྱ་བ་ལ། འགྲོ་བ་ཇི་སྙེད་པ་དེ་སྙེད་དུ་འདིའི་བློ་གྲོས་ཀུན་དུ་གནས་པས་ན་ཀུན་དུ་བློ་གྲོས་སོ། །བློ་གྲོས་མཐའ་ཡས་པ་དང་ཞེས་བྱ་བ་ལ། འདིའི་བློ་གྲོས་མཐའ་ཡས་པས་འཁོར་བའི་མཐའ་དང་
མཉམ་པས་བློ་གྲོས་མཐའ་ཡས་པའོ། །བློ་གྲོས་པདྨ་དང་ཞེས་བྱ་བ་ལ། འདིའི་བློ་གྲོས་པདྨ་ལྟར་གནས་ཀྱི་ཉེས་པས་མི་གོས་པས་ན་བློ་གྲོས་པདྨའོ། །བློ་གྲོས་ཆེན་པོ་དང་ཞེས་བྱ་བ་ལ། འདིའི་བློ་གྲོས་འབྲས་བུ་ཆེན་པོ་སངས་རྒྱས་ཉིད་སྐྱེད་པས་ན་བློ་གྲོས་ཆེན་པོའོ། །བློ་གྲོས་
ལྷ་རྫས་དང་ཞེས་བྱ་བ་ལ། འདིའི་བློ་གྲོས་བུམ་པ་བཟང་པོ་ལ་སོགས་པར་སྟོན་པར་བྱེད་པས་ན་བློ་གྲོས་ལྷ་རྫས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བློ་གྲོས་སྣ་ཚོགས་ཞེས་བྱ་བ་ནི། འདིའི་བློ་གྲོས་ནི་ཤེས་བྱ་སྣ་ཚོགས་པ་ལྟར་སྐྱེ་བས་ན་
Vol. 66 · folio 249a
བློ་གྲོས་སྣ་ཚོགས་སོ། །སོགས་པས་སྨོས་པ་ནི་བྱང་ཆུབ་སེམས་དཔའི་ཚོགས་པ་ལྷག་མ་རྣམས་བསྡུའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཞེས་བྱ་བ་ནི། དྲོད་ཐོབ་པ་ཡང་ཅན་ཤ་སྟག་ཡིན་ཏེ། ངེས་འབྱེད་ཡན་ལག་ནས་གཟུང་སྟེ། །མཐོང་དང་
གོམས་པའི་ས་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས་པས་སོ། །དེ་ཉིད་མི་ཕྱེད་པས་ན་དགེ་འདུན་ཏེ། ཇི་སྐད་དུ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་། །བསྐལ་
པ་བརྒྱར་ཡང་མི་ཕྱེད་དེ། །དེ་ནས་དགེ་འདུན་ཞེས་བརྗོད་དོ། །ཞེས་གསུངས་སོ། །མཐའ་ཐུག་པ་མེད་པ་རྣམས་ཀྱིས་ཞེས་བྱ་བ་ནི། རབ་ཏུ་ཡང་མང་བས་སོ་སོའི་སྐྱེ་བོས་གྲངས་ཀྱི་མི་རྟོགས་པས་སོ། །འོ་ན་ཉན་ཐོས་ཀྱི་དགེ་འདུན་ཅིའི་ཕྱིར་མ་སྨོས་ཤེ་ན། འདིར་ཐེག་པ་ཆེན་
པོ་ཁོ་ན་སྟོན་པས་དེ་དག་སྣོད་དུ་མ་གྱུར་པས་མ་འདུས་སོ་ཞེས་ཁ་ཅིག་ཟེར་རོ། །དེ་ལྟ་ན་ཐེག་པ་ཆེན་པོ་འབའ་ཞིག་སྟོན་པའི་རྒྱུད་གཞན་ལས་ཀྱང་མི་སྨོས་པར་རིགས་ན་སྨོས་པ་ཡོད་དོ། །ཁ་ཅིག་ན་རེ་འདི་ནི་རྩ་བའི་རྒྱུད་བཤད་མ་ཐག་ཏུ་གསུངས་པས། སྤྲུལ་པའི་སྐུས་དོན་མཛད་
པའི་གང་ཡིན་པས། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་མེད་དོ་ཞེས་ཟེར་ཏེ། དེ་ནི་རང་གི་རྟོག་པའི་དྲི་མ་སྟུག་པོས་ཁྱབ་པར་ཟད་དོ། །འདིར་གཙོར་ཐེག་པ་ཆེན་པོ་བསྟན་པའི་སྐབས་ཡིན་པས་ན། འཕགས་པ་ཉན་ཐོས་རྣམས་མ་སྨོས་ཀྱང་ཉེས་པ་མེད་པ་ལ་དགོངས་ནས་མ་སྨོས་
པར་ཟད་ཀྱི། དགྲ་བཅོམ་པ་ཆེན་པོ་རྣམས་ཀྱང་ངེས་པར་འདུས་པར་བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་འདིར་ཅིའི་ཕྱིར་འཇིག་རྟེན་པའི་འཁོར་དང་པོར་སྨོས་ཤེ་ན། སྡུད་པ་པོ་ཐུགས་རྗེ་ཆེ་བས་འཇིག་རྟེན་པ་རྣམས་སྤྲོ་བ་སྐྱེད་པའི་ཆེད་དུའོ་ཞེས་ཁ་ཅིག་ཟེར་ཏེ། དེ་ལྟ་
ན་གཞུང་གཞན་དུ། སྡུད་པ་པོའི་ཐུགས་རྗེ་ཆུང་བར་འགྱུར་རོ། །ཁ་ཅིག་ན་རེ་རྒྱུད་འདི་ནི་གཞན་གྱི་དོན་ལྷུར་ལེན་པ་ཡིན་ལ། འཇིག་རྟེན་པའི་འཁོར་དང་སྨོས་པ་ཡང་ཐུགས་རྗེས་གཞན་གྱི་དོན་གཙོར་བྱེད་པའོ་ཞེས་ཟེར་ཏེ། འཇིག་རྟེན་ལས་འདས་པ་དང་སྨོས་ན། གཞན་
Vol. 66 · folio 249b
གྱི་དོན་བྱ་བ་ལ་གནོད་པ་ཅི་ཡོད་དེ་འདི་ནི་གྱི་ནར་ཟད་དོ། །ཁ་ཅིག་ན་རེ་འཇིག་རྟེན་པའི་ལམ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་སྐྱེའོ་ཞེས་གོ་རིམས་ངེས་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ཡང་ཅུང་ཟད་མི་འཐད་དེ། འདིར་ལམ་གྱི་གོ་རིམས་ཀྱི་སྐབས་ལ་མ་
བབ་པས་སོ། །འདི་ནི་དབང་པོ་ལ་སོགས་པའི་ལྷ་གཉུག་མར་གནས་པ་དེ་དག་དང་ལམ་བརྗོད་པར་གློ་བུར་བའི་བྱང་ཆུབ་སེམས་དཔའ་རྣམས་སྨོས་ན། ལྷའི་བུ་བདེན་པར་མ་མཐོང་བ་རྣམས་ཡིད་མི་དགའ་བར་འགྱུར་བའི་ངོ་བསྲུང་བའི་ཕྱིར། གཉུག་མར་གནས་པ་རྣམས་དང་པོར་
སྨོས་སོ་ཞེས་ལོ་རྒྱུས་ཀྱིས་བཤད་དོ། །དེ་ལྟར་ན་འགྲོ་བ་ཐ་དད་པ་དེ་དག་ཅིའི་ཕྱིར་དང་པོར་བྱ་ཞེ་ན། དེ་ནི་འཇིག་རྟེན་པའི་འཁོར་དུ་འདྲ་བས། ལྷའི་རྣམས་ཀྱི་ཞར་ལ་བསྟན་པར་རིགས་པའི་ཕྱིར་རོ། །བསྟི་སྟང་དུ་བྱེད་ཅེས་བྱ་བ་ནི་ལུས་ཀྱི་ལས་ཀྱིས་སོ། །བླ་མར་བྱེད་ཅེས་བྱ་
བ་ནི་ཡིད་ལ་གཅགས་པར་ལྟ་བའོ། །མཆོད་ཅིང་ཞེས་བྱ་བ་ནི་རྙེད་པའི་ངོ་བོ་མེ་ཏོག་ལ་སོགས་པས་སོ། །བརྗོད་ཅེས་བྱ་བ་ནི་ངག་གི་ལས་ཀྱི་བསྟོད་པ་དོན་དང་མཐུན་པར་བྱེད་པའོ། །རབ་ཏུ་མཆོད་ཅིང་ཞེས་བྱ་བ་ནི་བཀའ་བཞིན་དུ་བྱེད་པ་སྟེ་འདི་ནི་མཆོད་པའི་མཆོག་ཡིན་པས་སོ། །སྤེལ་
ཏེ་ཞེས་བྱ་བ་ནི་མཆོད་པའི་དགེ་བ་རྣམས་བྱང་ཆུབ་ཐོབ་པའི་རྒྱུར་ཡོངས་སུ་བསྔོས་པ་སྟེ། འདིའི་ནི་མི་ཟད་ཅིང་འཕེལ་བའི་མཆོག་ཡིན་ཏེ། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། རྒྱ་མཚོ་ཆེན་པོར་འཕོ་བའི་ཆུ་ནི་བར་མ་དོར་ཟད་པར་མི་འགྱུར་བ་དེ་བཞིན་དུ་
བྱང་ཆུབ་ཏུ་བསྔོས་པའི་དགེ་བའི་རྩ་བ་ཡང་བར་མ་དོར་ཟད་པར་མི་འགྱུར་ཏེ་ཞེས་གསུངས་པས་སོ། །འཁོར་མང་པོའི་དབུས་ན་ཞེས་བྱ་བ་ནི། སྔར་འདས་མ་ཐག་པ་རྣམས་ཀྱི་དཀྱིལ་ནའོ། །ཚངས་པ་ཆེན་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །པདྨའི་གདན་ལ་ཞེས་བྱ་བ་ནི། འདིར་
བཅོམ་ལྡན་འདས་འཁོར་བ་ན་བཞུགས་ཀྱང་དེའི་ཉེས་པས་མི་གོས་པར་སྟོན་པའི་ཕྱིར་པདྨའི་གདན་ལ་བཞུགས་པ་སྟེ། རྟེན་གྱིས་བརྟེན་པ་བསྟན་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་དཔལ་མཆོག་དང་པོ་ལས་གསུངས་པ། ཇི་ལྟར་པདྨ་རབ་དམར་ཡང་། །ཚོན་གྱི་ཉེས་པས་མི་གོས་པ། །དེ་བཞིན་གནས་
Vol. 66 · folio 250a
པའི་ཉེས་པས་ཀྱང་། །འགྲོ་ཕན་རྣམས་ལ་མི་གོས་སོ། །ཞེས་སོ། །བཞུགས་ཞེས་བྱ་བ་ནི་འཕགས་པ་དང་ཚངས་པ་དང་། ལྷའི་བཞུགས་པ་ལས་ནི་འདིར་ཚངས་པའི་བཞུགས་པ་སྟེ། ཐུགས་རྗེ་ཆེན་པོས་ངན་སོང་གི་རྒྱུད་སྦྱོང་བའི་ཕྱིར་རོ། །སྤྱོད་ལམ་དང་ནང་དུ་
ཡང་དག་འཇོག་དང་། ཆོས་འཆད་པའི་བཞུགས་པ་ལས་ནི། ཆོས་འཆད་པའི་བཞུགས་པ་སྟེ། འདིར་དེ་གཙོར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི། འདས་པ་སྟོན་པ་སྟེ། ཡང་དག་པ་བསྡུས་པའི་དུས་ལས། དེ་སྔོན་ཡིན་པའི་ཕྱིར་རོ། །གླེང་གཞི་རྒྱ་ཆེར་བཤད་པའོ། །དེ་ལྟར་
ངེས་པ་བསྐྱེད་པའི་གླེང་གཞི་བརྗོད་པས། ཡིད་ཆེས་པར་འགྱུར་བའི་རྗེས་ལས་རྒྱུད་ཀྱི་དོན་ཇི་ལྟར་ཉེ་བར་ཕྱེ་སྙམ་པའི་རྟོག་པ་ཟློག་པར་བྱེད་པ། གླེང་བསླང་བ་བསྟན་པ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།
ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་བར་བྱེད་ཅེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་འོད་ཟེར་སྡུད་པ་མང་པོའི་ཕྲེང་བ་ཉིད་ཀྱིས་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཏིང་ངེ་འཛིན་དང་པོ་ནི་དེ་བཞིན་
གཤེགས་པ་ངན་སོང་ཐམས་ཅད་སྦྱོང་བའི་གཟུགས་མངོན་དུ་མཛད་པ་ཡིན་ལ། གཉིས་པ་ནི་བྱང་ཆུབ་སེམས་དཔའ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ཁམས་གསུམ་རྣམ་པར་རྒྱལ་བའི་ངོ་བོ་མངོན་སུམ་དུ་མཛད་པ་ཡིན་ཏེ། འོད་ཟེར་གྱི་འཕྲོ་བ་དང་འདུ་བ་ནི་འདྲ་བར་ངན་
སོང་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པ་ལ་སོགས་པ་ཡིན་ནོ། །དེ་བས་ན་རྣལ་འབྱོར་པ་བདག་གིས་ཀྱང་དང་པོར་དེ་བཞིན་གཤེགས་པའི་སྐུར་གྱུར་པས་སྦྱིན་སྲེག་དང་པོ་བྱ་ལ། ཁམས་གསུམ་རྣམ་པར་རྒྱལ་བའི་སྐུར་གནས་ཏེ། སྦྱིན་སྲེག་གཉིས་པ་བྱའོ་ཞེས་བྱ་བ་ནི་སྤྱིའི་
དོན་ཏེ། ཡན་ལག་གི་དོན་ནི་ངན་སོང་ཞེས་བྱ་བ་ནི་སྔར་བརྗོད་པ་རྣམས་སོ། །དེ་དག་གི་རྒྱུད་ནི་རང་གི་ལས་ཀྱི་འབྲས་བུ་མ་ཟད་ཀྱི་བར་མི་ཆད་པར་འཇུག་པའོ་ཞེས་བྱ་བ་ནི་ཚིག་གི་མཚམས་སྦྱོར་བ་དང་། མིང་གི་མཐའ་ཕྲད་དོ། །ཏིང་ངེ་འཛིན་ལ་ཞེས་བྱ་བ་ནི། ཐུགས་རྩེ་གཅིག་
Vol. 66 · folio 250b
པར་གནས་པ་ལའོ། །གདུལ་བ་ཞི་བ་དག་གི་ཆེད་དུ། སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གང་དག་མ་རུང་བ་འདུལ་བ་དེ་དག་གི་དོན་ནི་རྡོ་རྗེ་ཁྲོ་བོ་ཉིད་ཀྱིས་ནི་མཛད་པར་རིགས་པས་ན། ངན་སོང་གི་རྒྱུད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔར་བཤད་པ་བཞིན་ནོ། །
རྣམ་པར་གྲོལ་བར་བྱེད་པ་སྟེ། སངས་རྒྱས་སུའམ་ཡང་ན་སྣ་ཚོགས་པར་གྲོལ་བར་བྱེད་པ་ནི་རྣམ་པར་གྲོལ་བར་བྱེད་དེ། རེ་ཞིག་རིགས་ངེས་པ་འཕགས་པ་རྔ་བོ་ཆེའི་མདོ་ལས་གདུལ་བའི་རིམ་པས་གསུངས་པ་བཞིན་ནོ་ཞེས་བྱ་བ་ནི་སྔར་བསྟན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྟེ། ཚིག་གི་དོན་ནི་སྔར་བཤད་པ་བཞིན་ནོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ཏེ། སྙོམས་པར་ཞུགས་ནས་ཞེས་འདིར་ཡང་སྦྱར་བར་བྱའོ། །འོད་ཟེར་སྡུད་པ་མང་པོའི་
ཕྲེང་བ་ཞེས་བྱ་བ་ལ། ཡེ་ཤེས་ལས་བྱུང་བའི་སྣང་བའི་འོད་ཟེར་ཡིན་ལ། བེམས་པོ་ལས་བྱུང་བའི་སྣང་བ་ནི་འོད་དོ། །ཡང་ན་ལུས་ལས་བྱུང་བའི་སྣང་བ་ནི་འོད་ཡིན་ལ། སེམས་ལས་བྱུང་བའི་སྣང་བ་ནི་འོད་ཟེར་ཡིན་ཏེ། དེ་བས་ན་འདིར་འོད་ཅེས་བྱ་བ་སྨོས་སོ། །ངན་སོང་
རྣམས་མཐོ་རིས་ལ་སོགས་པར་སྡུད་པས་ན། སྡུད་ཅེས་སྨོས་ཏེ། འཆད་པར་གྱུར་པ་ལས་དགའ་བའི་ཚལ་ཐམས་ཅད་ཀུན་དུ་སྣང་བར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པས་སོ། །ཕྲེང་བ་ཞེས་བྱ་བ་ནི་ཕྲེང་བ་ལྟར་མཛེས་པའམ། འོད་ཟེར་དེ་དག་ཕྲེང་བར་སྦྲེངས་ཤིང་བར་
ཆད་མེད་པའོ། །ཉིད་ཀྱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིའོ། །མཛོད་སྤུ་ནས་ཞེས་བྱ་བ་ནི་སྨིན་མཚམས་ནས་དུང་དང་ཁ་བ་ལྟར་དཀར་བའི་སྤུ་སྔོན་བླ་མའི་སྐྱེ་བོ་རྣམས་གནས་ཇི་ལྟ་བར་བཀོད་པ་ལས་གྲུབ་པའི་མཚན་ཡོད་དེ། དེ་ཉིད་འོད་ཟེར་
ལས་བྱུང་བ་མི་ཟད་པའི་མཛོད་ཡིན་ནོ། །གདུལ་བྱ་རྣམས་ཕྱིར་མི་ལྡོག་པར་འགོད་པར་མཛད་པའི་འོད་ཟེར་ནི་གནས་འདི་ནས་འབྱིན་ཏོ། །བྱུང་ནས་ཞེས་བྱ་བ་ནི་མངོན་པར་འཐོན་པ་སྟེ། འདིར་སླར་བསྡུ་བའི་གནས་ཀྱང་དེ་ཉིད་ཡིན་པར་ཤེས་པར་བྱའོ། །དེས་སྟོང་གསུམ་གྱི་སྟོང་
Vol. 66 · folio 251a
ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནས། བྱང་ཆུབ་སྤྱོད་པ་ཉིད་ལ་གཞག །ཅེས་བྱ་བའི་བར་དུ་ནི་འོད་ཟེར་གྱི་ལས་བསྟན་པ་སྟེ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་རྨི་ལམ་ལྟར་ཡུད་ཅིག་གྲོལ་བ་ལ། ཡུན་རིངས་སུ་གྲོལ་བར་འདུ་ཤེས་པའམ།
སྐལ་བ་དང་ལྡན་པ་དག་གཏན་གྲོལ་བའོ། །ཚིག་གི་དོན་ཇི་ལྟ་བུ་ཞེ་ན། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི། ཇི་སྐད་དུ་ཆོས་མངོན་པ་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །
སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཞེས་བྱ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་བཤད་སྟེ། སྐྱེ་བོ་བློ་ཆུང་དག་གི་ངོར་རྗེ་བཙུན་ཤཱཀྱ་ཐུབ་པའི་ཞིང་ནི་དེ་ཙམ་ཞིག་ཏུ་ཟད་དོ་ཞེས་བསྟན་
པས་ཞིང་རྒྱ་ཆེན་མ་སྨོས་སོ། །ཀུན་དུ་སྣང་བར་བྱས་སོ་ཞེས་བྱ་བ་ནི། གང་ན་མུན་ནག་སྨག་གིས་ཁྱབ་པའི་ཉི་མ་དང་ཟླ་བ་གཉིས་ཀྱང་མི་རྒྱུ་བའི་ཁོར་ཡུག་གི་བར་དེ་དག་མུན་པའི་གཡུང་དྲུང་སྟེ། ཇི་སྐད་དུ་འཇིག་རྟེན་གདགས་པ་ལས། རྒྱ་མཚོ་འདི་ཡི་ཕ་རོལ་ན། །གང་གིས་
རྒྱ་མཚོ་བསྐོར་བ་ཡི། །ཁོར་ཡུག་དཔག་ཚད་སུམ་བརྒྱ་དང་། །དཔག་ཚད་ཕྱེད་དང་གསུམ་ཡོད་དོ། །དེ་ནི་ཁོར་ཡུག་རིར་བཤད་དེ། །འཇིག་རྟེན་བར་མཚམས་ཚུན་ཆད་དུ། །ཉི་ཟླ་དེ་བཞིན་སྐར་མ་དང་། །རྒྱུ་སྐར་ཚོགས་ནི་རྒྱ་ཆེན་ཀུན། །ཁོར་ཡུག་མི་འདའ་འཇིག་རྟེན་
གྱི། །བར་མཚམས་ཕན་ཆད་མུན་པར་འདུག །ཅེས་གསུངས་པས་སོ། །དེ་ཡང་སྣང་བར་བྱས་པས་སེམས་ཅན་དེ་དག་འདི་སྐད་དུ། ཀྱེ་མ་འདིར་སེམས་ཅན་གཞན་སྐྱེས་སོ་ཞེས་སྨྲ་བར་འགྱུར་བར་བྱས་པའོ། །ཅི་མུན་པ་གསལ་བ་ཙམ་ལས་མི་འདའ་བྱས་སམ་སྙམ་པ་
ལས། ཀུན་དུ་སྣང་བར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པས་བཅིངས་པ་ལས་རྣམ་པར་བཀྲོལ་ཏེ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་ཉིད་བཅིངས་པ་སྟེ་ལྷག་མ་ནི་གོ་བར་སླའོ། །ཅིའི་དེ་ཙམ་དུ་ཟད་སྙམ་པ་ལས། བདེ་བ་སོ་སོར་ཐོབ་ནས་ཞེས་
Vol. 66 · folio 251b
གསུངས་ཏེ། སོ་སོར་ཐོབ་ནས་ཞེས་བྱ་བ་ནི། རང་རང་གི་འདོད་པ་ཇི་ལྟ་བ་བཞིན་དུ་རྫོགས་ཞེས་བྱ་བའི་དོན་ཏོ། །དེ་དག་ལས་གང་དག་ལྷར་སྐྱེས་པ་དེ་དག་ནི་སྔོན་གྱི་གནས་དང་ལྷར་སྐྱེ་བའི་རྒྱུ་དྲན་ནས། སངས་རྒྱས་ལ་བྱས་པ་ཤེས་པར་བྱ་བའི་ཕྱིར་མཆོད་པ་བྱེད་དུ་ལྷགས་པས་
ན། དགའ་བའི་ཚལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་ཞེས་བྱ་བ་ལ་དགའ་བའི་ཚལ་དེའི་གཞི་ནོར་བུ་གསེར་དྲི་མ་མེད་པའི་བྱེ་མ་བདལ་བ་ཡིན་པས་དེ་ལ་འཁོད་ནས་སོ། །གསེར་ནི་ནོར་བུ་མ་ཡིན་གྱི། རིན་པོ་ཆེ་ཡིན་ནོ་ཞེ་ན།
ཡིད་དགའ་བར་བྱེད་པའི་ཕྱིར་ནོར་བུ་ཞེས་བྱ་བ་ལ། གསེར་ཡང་ཡིད་དགའ་བར་བྱེད་པའམ་ནོར་བུའི་རྒྱུར་གནས་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཡང་ན་ནོར་བུ་དྲི་མ་མེད་པའི་ཞེས་བྱ་བ་ནི། ལྷའི་བུ་འདས་ནས་ཞག་བདུན་ལོན་པ་གང་ཡིན་པའོ། །སྟེང་དུ་ཞེས་བྱ་བ་ནི་དེ་ལྷའི་
གནས་སུ་སྐྱེས་པའི་སྔོན་དུ་དེ་དག་གི་གནས་སུ་སྐྱེས་ནས་དེར་འཁོད་པ་སྟེ། དེ་བས་ན་བཅོམ་ལྡན་འདས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་ཆེད་དུ་དེར་བཞུགས་ཀྱང་། དེ་ཉིད་ཀྱི་ལས་ཀྱི་འབྲས་བུ་ངེས་པར་མྱོང་བར་བྱ་བ་ཅུང་ཟད་ཙམ་པ་དེ་དུས་མ་རྫོགས་པར་སྟོན་པས། འགྲོ་
བ་རྣམས་ལས་ལ་འཛེམ་པར་བསྟན་པ་སྟེ། རྒྱལ་པོ་མ་སྐྱེས་དགྲ་སྟོང་པ་ཉིད་ཆེན་པོར་རྟོགས་ཀྱང་མཚམས་མེད་པའི་ལས་ཀྱི་དབང་གིས་དར་གྱི་ཕོ་ལོང་བརྡབས་པ་ཙམ་ཞིག་མནར་མེད་པར་གནས་པར་གསུངས་པ་བཞིན་ནོ། །དེ་བས་ན་བཅོམ་ལྡན་འདས་བརྒྱ་བྱིན་དང་
བཅས་པ་ནི་རེ་ཞིག་ལྷའི་བུ་དེ་འདྲེན་པའི་རྐྱེན་ཙམ་དུ་ཟད་དེ། འགྲོ་བ་རྣམས་ནི་ལས་བདག་གིར་བྱ་བ་ལ། ལས་ཀྱི་བགོ་སྐལ་ལ་སྤྱོད་པའོ། །གཞན་དུ་འགྲོ་བ་མ་ལུས་པ་ཐུགས་རྗེའི་དབང་གིས་ཇི་ལྟར་མི་གནས་པའི་མྱ་ངན་ལས་འདས་པ་ལ་མི་འགོད། དེ་ལྟར་ན་འབྲེལ་བ་
མེད་པའི་ཕྱིར་དང་། མ་བྱས་པ་དང་ཕྲད་པའི་ནི་མེད་ལ་བྱས་པ་ནི་ཆུད་མི་ཟའོ་ཞེས་གསུངས་པས། རྐྱེན་ཉིད་ཀྱང་བྱ་བར་མི་ནུས་སོ་ཞེ་ན། འདིའི་དོན་ནི་འོག་ནས་བརྗོད་པར་བྱའོ། །འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་ཆེད་དུ་བརྗོད་པ་སྟེ། རབ་ཏུ་ངོ་མཚར་ཆེ་བས་ན་སྤྲོ་བའི་
Vol. 66 · folio 252a
ཚུལ་གྱིས། ཨེ་མ་སངས་རྒྱས་ཞེས་ལན་གསུམ་བོས་པའོ། །མཛད་པ་ལེགས་ཞེས་བཤད་པ་ནི། གང་ཕྱིར་ངན་སོང་ཐམས་ཅད་སྦྱངས། །ཞེས་བྱ་བ་དང་། བྱང་ཆུབ་སྤྱོད་པ་ཉིད་ལ་གཞག་ཅེས་བྱའོ། །དེ་ནས། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །ཞེས་བྱ་
བའི་བར་ནས། བདེ་བར་གཤེགས་པ་ངོ་མཚར་ཆེའོ། །ཞེས་བྱ་བའི་བར་དུ་ནི་གོ་སླའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ནས། འདི་ནི་ངོ་མཚར་མི་ཆེའོ། །ཞེས་བྱ་བའི་བར་ཡང་གོ་སླའོ། །ལྷའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་
ཚད་མེད་པའི་བསོད་ནམས་ཀྱི་ཚོགས་ཡང་དག་པར་བསགས་པའོ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་གསུམ་དུ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ལ་བསླབས་པའོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཡོན་ཏན་རིན་པོ་ཆེ་
ཚད་མེད་པའི་འབྱུང་གནས་སུ་གྱུར་པའོ་ཞེས་བྱ་བ་ནི། དབུལ་པོ་རྣམས་ནོར་དང་ལྡན་པ་དང་། གཅེར་བུ་རྣམས་གོས་ཐོབ་པ་དང་། བཀྲེས་པ་དང་སྐོམ་པ་རྣམས་ཟས་དང་སྐོམ་ཐོབ་པ་དང་། ནད་པ་རྣམས་ནད་སོས་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་འབྲས་བུ་
འབྱུང་བ་རྒྱུན་མི་ཆད་པའོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཚད་མེད་པའི་ཐབས་མཁས་པ་ཡང་དག་པར་རྫོགས་པའོ་ཞེས་བྱ་བ་ནི་ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྐལ་པ་གྲངས་མེད་པ་
གསུམ་དུ་བསགས་པའོ། །ལྷའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྱོད་པ་ཚད་མེད་པའོ་ཞེས་བྱ་བ་ནི། བསྡུ་བའི་དངོས་པོ་བཞི་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྐལ་པ་གྲངས་མེད་པ་གསུམ་དུ་བསླབས་པས་སོ། །ལྷའི་
དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འདུལ་བའི་སྐྱེ་བོ་ཚད་མེད་པ་རྣམས་སྣོད་དུ་གྱུར་པར་མཛད་པའོ་ཞེས་བྱ་བ་ནི། ཐ་ན་རིགས་ཆད་པ་རྣམས་ཀྱང་མཐོ་རིས་སུ་དགོད་པར་སྤྱོད་པས་སོ། །ལྷའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ནི། མི་མཉམ་པ་དང་མཉམ་
Vol. 66 · folio 252b
པའི་ཡེ་ཤེས་དང་ལྡན་པའོ་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་དང་མཉམ་པའི་ཡེ་ཤེས་མངའ་བས་སོ། །ལྷའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་རྫུ་འཕྲུལ་དང་ལྡན་པའོ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་
རྒྱས་རྣམས་དང་ཐུན་མོང་མ་ཡིན་ལ། སངས་རྒྱས་རྣམས་ཉི་ཚེ་དང་མཉམ་པའི་རྫུ་འཕྲུལ་མངའ་བས་སོ། །ལྷ་ཡི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མི་མཉམ་པ་དང་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པའོ་ཞེས་བྱ་བ་ནི། ས་བཅུའི་བྱང་ཆུབ་སེམས་དཔའི་
ཡང་ཡུལ་མ་ཡིན་གྱི། སངས་རྒྱས་རྣམས་ཁོ་ནའི་ཡུལ་དུ་གྱུར་པའི་སྨོན་ལམ་ལྷུན་གྱིས་གྲུབ་སྟེ། ཇི་སྐད་དུ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ལས། སྨོན་ལམ་གྲུབ་པས་འགག་པ་མེད་པའི་ཆོས་མཆོག་ཅན། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་
པ་ལས་ཀྱང་། སྔོན་ཆད་སྨོན་ལམ་མཛད་པས་གཟུགས་ཀྱི་སྐུར་ཡང་སྣང་། །ཞེས་གསུངས་སོ། །ལྷའི་དབང་པོ་དེ་ལྟ་བས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང་། ཇི་ལྟར་འདུལ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་
སེམས་ཅན་གྱི་དོན་མཛད་པ་ཡིན་པར་ཤེས་པར་བྱ་བ་སྟེ་ཞེས་བྱ་བ་ནི་དབང་པོའི་རིམ་པ་དང་། སྐྱེ་བ་ཐ་དད་པ་ལ་དགའ་བ་དང་། གཟུགས་ཐ་དད་པ་ལ་དགའ་བ་རྣམས་དེ་བཞིན་དུ་སྦྱོར་བ་སྟེ། དེ་ལྟར་ཡང་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་གསུངས་པ། དེ་ནས་ཡང་བཅོམ་
ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་འདུས་པ་དེ་ཉིད་ན་འདུག་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་
ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་འཕྱེ་སྟེ། ཚུལ་སྣ་ཚོགས་དང་བསམ་པ་སྣ་ཚོགས་དང་ཐབས་སྣ་ཚོགས་དག་གིས་སྟོན་ཅིང་། ཁ་ཅིག་ལ་ནི་ཉན་ཐོས་དག་གི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་ཐེག་
Vol. 66 · folio 253a
པ་ཆེན་པོའི་ཚུལ། ཁ་ཅིག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ། ཁ་ཅིག་ལ་ནི་ལྷར་སྐྱེ་བར་བྱ་བ་དང་། ཁ་ཅིག་ལ་ནི་མིར་སྐྱེ་བར་བྱ་བ་ནས། ཁ་ཅིག་ལ་ནི་ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་།
མིའམ་ཅིར་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་ལ། དེ་ལ་སེམས་ཅན་ལ་ལས་སངས་རྒྱས་ཀྱིས་གདུལ་བར་བྱ་བ་དག་གིས་ནི། སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་ཉན་ཐོས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ། ལ་ལས་ནི་བྱང་ཆུབ་
སེམས་དཔའི་གཟུགས་སུ། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགས་སུ། ལ་ལས་ནི་ཚངས་པའི་གཟུགས་སུ། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་སུ། ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ། ལ་ལས་ནི་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་བར་དུ་མཐོང་སྟེ།
རང་རང་གི་ཚིག་བརྗོད་པའི་ཚུལ་དག་དང་སྤྱོད་ལམ་སྣ་ཚོགས་སུ་མཐོང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོར་རོ་གཅིག་པས་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཐེ་ཚོམ་དང་སོམ་ཉི་དང་ཡིད་
གཉིས་མ་བྱེད་ཅིག་ཅེས་བྱ་བ་ནི་ཚད་མ་རྣམ་གསུམ་གྱི་ཡུལ་ལའམ། ཐོས་པ་ལ་སོགས་པའི་ཤེས་རབ་གསུམ་གྱི་དུས་སམ། འཇུག་པ་ལ་སོགས་པའི་སྤྱོད་པ་གསུམ་གྱི་བདག་ཉིད་ལ་ཐེ་ཚོམ་ལ་སོགས་པ་སྤངས་ཤིག་ཅེས་བྱའོ། །ཡང་ན་འདིར་ཐེ་ཚོམ་ནི་བསྟན་པ་ཡིན་ལ། སོམ་
ཉི་དང་ཡིད་གཉིས་ནི་རྣམ་གྲངས་ཀྱི་བཤད་པའོ། །ཅིའི་ཕྱིར་ཐེ་ཚོམ་ལ་སོགས་པ་མི་བྱ་སྙམ་པ་ལ། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེའི་རྒྱུ་མཚན་ཡང་རྣམ་པ་དུ་མ་སྔར་བཤད་ཟིན་ཏོ། །དེ་ལྟར་གླེང་བསླང་བ་བཤད་
ནས། ད་ནི་གླེང་བསླར་མགོ་དྲངས་པའི་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་བཤད་དེ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ནས་བརྩམས་ཏེ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བའི་བར་དུ་སྨོས་ཏེ་གོ་སླའོ། །ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམ་པ་ལྔའི་དབང་ངམ་
Vol. 66 · folio 253b
ཡང་ན་ལས་དང་པོ་དང་། ཡེ་ཤེས་ཅུང་ཟད་བབས་པ་དང་། ཡེ་ཤེས་ལ་དབང་ཐོབ་པ་དང་། ཡེ་ཤེས་ཡང་དག་པར་དབང་ཐོབ་པ་རྣམས་གོང་ནས་གོང་དུ་སངས་རྒྱས་ཀྱི་ས་ཐོབ་པར་ཞེས་བྱ་བའི་ཕྱིར་རམ། དམྱལ་བ་དང་དུད་འགྲོ་དང་། ཡི་དྭགས་དང་། མི་རྣམས་དང་ལྷ་རྣམས་ལ་ཕན་
གདགས་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཕན་པ་ཉིད་དུ་བགྱི་བ་དང་ཞེས་པ་ནས། བདེ་བར་གཤེགས་པ་བདག་སྤོབས་པ་བསྐྱེད་དུ་གསོལ་ཞེས་བྱ་བའི་བར་དུ་སྨོས་ཏེ། དེ་ལྟར་ལས་སྤོབས་པ་བསྐྱེད་པ་ནི། ཤེས་རབ་ཀྱི་འབྲས་བུ་སོ་སོར་སྨྲ་བ་ལ་ཐོགས་པ་མེད་པར་བྱའོ། །
བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་འདི་ཉིད་ན་ཞེས་བྱ་བ་ནས། ཁ་བུབ་ཏུ་འགྱེལ་ཞེས་བྱ་བའི་བར་ལ་དུས་ལས་འདས་ནས་དགུང་བདུན་ལགས་ན་ཞེས་བྱ་བ་ནི། འཛམ་བུའི་གླིང་ཁོ་ནའི་ཞག་བདུན་ཏེ། ཐ་སྙད་རྣམས་ནི་གླིང་འདིས་རྣམ་པར་གཞག་པ་ཡིན་ལ།
འདི་ཉིད་ནས་ཀྱང་འཛམ་བུའི་གླིང་ན་གནས་པའི་སེམས་ཅན་སྡིག་པའི་ཆོས་ལ་ཀུན་དུ་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གཙོར་བྱས་པའོ། །གང་དག་ལྷའི་ཞག་བདུན་དང་། མིའི་ལོ་ཁྱུད་འཁོར་བདུན་དུ་སྨྲ་བ་དང་། མིའི་ཞག་བཞི་བཅུ་རྩ་དགུར་སྨྲ་བ་རྣམས་ནི། རང་གི་རྟོག་པ་ངན་
པའི་དྲི་མ་ངན་པ་ཁོ་ནས་དྲི་མ་ཅན་དུ་བྱས་པར་ཟད་དེ་ལྷག་མ་ནི་གོ་བར་སླའོ། །གནས་སྐབས་འདིར་ནི་རྒྱུད་ཕྱི་མ་ལས། དེ་ནས་ཚངས་པ་ལ་སོགས་པའི་ལྷའི་ཚོགས་རྣམས་ཀྱིས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། འཁོར་གྱི་དཀྱིལ་
འཁོར་གང་ཡིན་པ་དེ་ནི་གཞན་ཡིན་པར་མི་ལྟ་སྟེ་ལྷའི་འཁོར་འདི་ཉིད་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་སྦྱར་ཏེ་ཚིག་གི་དོན་ནི་གོ་སླའོ། །འོ་ན་ཅིའི་ཕྱིར་རྒྱལ་པོ་དེ་མཚམས་མེད་པ་བྱས་བཞིན་དུ། ཤི་མ་ཐག་ཏུ་ལྷའི་གནས་སུ་སྐྱེས། དེ་ལྟ་ན་ནི་ངེས་པར་སྐྱེ་གནས་མྱོང་བར་མ་
གྱུར་ཏོ་ཞེ་ན། འདི་ནི་འགྱོད་ཅིང་རབ་ཏུ་བཤགས་པའི་མཐུ་དང་རིགས་ལ་གནས་པའི་མཐུ་ཡིན་ཏེ། ལས་མ་རུངས་པ་བྱས་པ་ཡང་འགྱོད་ཅིང་བཤགས་པས་དག་ཅིང་བྱང་བར་འགྱུར་ཏེ། ཇི་སྐད་དུ་གསུངས་པ་ཡང་། ཤིན་ཏུ་མི་བཟད་པ་ཡི་ལས་རྣམས་བྱས་པ་དག །བདག་ལ་རྣམ་
Vol. 66 · folio 254a
པར་སྨད་པ་བསྲབས་པར་འགྱུར། །རབ་ཏུ་བཤགས་དང་སྡོམས་པ་བྱས་པས་ན། །དེ་དག་རྩ་ནས་འདོན་པར་ངས་བཤད་དོ། །ཞེས་སོ། །ཐོབ་པའི་རིགས་ལས་གཞན་པ། ལྷན་ཅིག་སྐྱེས་པའི་མཐུ་ཡོད་པ་ཡང་། སྡིག་པའི་འབྲས་བུ་རབ་ཏུ་སྟོབས་ཆུང་སྟེ།
ཇི་སྐད་དུ་མདོ་སྡེ་རྒྱན་ལས། རིང་མོ་ཞིག་ནས་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང་། །དེ་ནའང་སྡུག་བསྔལ་ཆུང་ངུ་མྱོང་། །སྐྱོ་བཅས་སེམས་ཅན་ཡོངས་སྨིན་བྱེད། །ཅེས་གསུངས་ཏེ། དེ་བས་ན་རྒྱལ་པོ་ལུས་མེད་བདེ་སྟེ། མཚམས་མེད་པ་བྱས་སུ་ཟིན་ཀྱང་།
ལས་དེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་གྱི། སྐྱེས་མ་ཐག་ཏུ་མ་ཡིན་ལ། ལན་གྲངས་གཞན་ལ་ཡང་མིའི་ཞག་བདུན་ཁོ་ནས་རྣམ་པར་སྨིན་པ་དང་བྲལ་བར་འགྱུར་ཏེ་དགའ་ལྡན་དུ་སྐྱེས་པར་གྱུར་ཏོ། །ཁ་ཅིག་ན་རེ་ཞག་བདུན་ཡང་སྲིད་པ་བར་མ་དོའི་གནས་སྐབས་
ཡིན་ནོ་ཞེས་ཟེར་ཏེ། འདི་ལ་ནི་ལུང་དང་སྒྲུབ་པར་བྱེད་པ་ཅི་ཡང་མེད་དོ། །སྲིད་པ་བར་མ་དོར་ནི་རིང་དུ་གནས་པ་དུས་མ་ཡིན་པ་ཤི་བ་ཁོ་ནའི་དབང་དུ་བྱས་པས། འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་
མདོ་ལས་རབ་ཏུ་གསལ་བར་གསུངས་པ། ལྷའི་བུ་དེ་ནི་དུས་མ་ཡིན་པར་ཤི་བ་ཞེས་བྱ་བ་འདི་ག་ལས་ཤེས། དེའི་ཕྱིར་འདི་ལུང་ངེས་པ་དང་། བླ་མའི་མན་ངག་མེད་པ་རང་གི་ཡིད་ཀྱི་སྤྱོད་པའི་ཤེས་པ་ཁོ་ན་སྨྲས་པར་ཟད། དེ་བས་ན་སེམས་ཅན་དམྱལ་བར་མིའི་ཞག་བདུན་
སྐྱེས། ཇི་ལྟར་ལུང་བསྟན་པའི་ལོ་འབུམ་དང་། དྲུག་ཁྲི་དང་། དྲུག་སྟོང་གི་ལྷག་མ་ནི་གསང་སྔགས་ཀྱི་མཐུས་བཅོམ་པར་ཟད་དོ། །དེ་ཉིད་ཀྱི་ཕྱིར། གསང་སྔགས་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། ཅེས་ལྷའི་བུ་དེ་ཉིད་ཀྱིས་སྨྲས་པ། གལ་ཏེ་དེ་མེད་ཀྱང་སྔར་བརྗོད་
པའི་མཐུ་ཉིད་ཀྱིས་ཡུན་ཅུང་ཟད་ཅིག་ཏུ་སྡུག་བསྔལ་བར་ཟད་དེ། སེམས་ཅན་དམྱལ་བའི་ཚེ་ཚད་མཐར་ཕྱིན་པ་ནི་ཤིན་ཏུ་རིང་སྟེ། ཆོས་མངོན་པར་ཇི་སྐད་དུ་བཤད་པ་ལྟ་བུའོ། །དེས་ན་དེ་ནས་སངས་རྒྱས་ནས་ཀྱང་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བླ་ན་མ་མཆིས་
Vol. 66 · folio 254b
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བཤད་དུ་གསོལ་ཞེས་བྱ་བའི་བར་དུ་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་ཕན་པ་དང་བདེ་བ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་སྨོས་པ་ནི། གང་སྔགས་རྣམས་བསྟན་པ་སྟེ། དེ་ལ་
དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས། ས་མ་ཡ་ཧཱུཾ་ཞེས་བྱ་བའི་བར་དུ་ནི། འཁོར་དམ་ཚིག་ཅན་དུ་བྱིན་གྱིས་བརླབས་ཏེ། རིག་སྔགས་འཆང་གིས་ཀྱང་སློབ་མ་རྣམས་སྔགས་འདི་སྟ་གོན་ལ་གནས་པའི་དུས་སུ། ཐུན་མོང་གི་དམ་ཚིག་མནོས་མ་ཐག་ཏུ། དམ་ཚིག་
ཅན་དུ་བྱིན་གྱིས་བརླབས་པའོ། །སྙོམས་པར་ཞུགས་ནས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་བདག་པོའི་སྔགས་སྟོན་ཏེ། གདོན་མི་ཟ་བར་འཇོམས་པ་ནི་རྣམ་པར་རྟོག་པའི་ཡེ་ཤེས་ནི་དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་བྱིན་གྱིས་བརླབས་པ་ནི་དེས་གཞན་ཡང་གསང་
སྔགས་དེའི་སྣོད་དུ་བྱས་པའོ། །ངན་སོང་གི་རྒྱུད་ཀྱིས་བཅིངས་པ་ནི། ལས་དང་ཉོན་མོངས་པ་འབྲས་བུ་དང་བཅས་པ་སྟེ་དེ་ཆད་པ་ནི་སྤངས་པའོ། །ངན་འགྲོ་ནི་དེ་དག་གི་ལུས་ཡིན་ལ། དེ་དག་ཐམས་ཅད་སྦྱངས་པ་ནི་བོར་བར་གྱུར་པ་སྟེ། དེའི་ཕྱིར་སྡུག་བསྔལ་མི་
བཟད་པ་རྣམས་རབ་ཏུ་ཞི་སྟེ་ཞེས་བྱ་བ་སྨོས་སོ། །དེ་ནས་བྲལ་བ་ཐོབ་པ་ནི་སྐྱེ་བོ་མང་པོ་བདེ་བ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་སྟེ། ལྷ་དང་མིའི་ལུས་ཐོབ་པའོ། །དེ་ནས་གཞན་ཡང་གསང་བའི་སྙིང་པོ་འདི་གསུངས་སོ་ཞེས་བྱ་བ་ནི་སྙིང་པོ་ཉིད་གསང་བ་སྟེ། གསང་སྔགས་ཉིད་
མིང་གཞན་གྱིས་བསྟན་པ་ཡིན་ལ། དེ་ཡང་མནྟྲི་གུཔྟ་བྷ་ཥ་ནེ་ཞེས་འདུད་པའི་ཕྱིར་རོ། །སྙིང་པོ་ལ་སོགས་པའི་དོན་ཡང་འོག་ནས་འཆད་པར་བྱེད་དོ། །ལྷག་མ་ནི་གོ་སླའོ། །སྙིང་པོ་དང་ཉེ་བའི་སྙིང་པོ་ཞེས་བྱ་བ་ནི། འདིར་སྙིང་པོ་ནི་ལྷ་སྟེ་སྙིང་པོར་བསྒྲུབ་པར་བྱ་བའི་ཕྱིར་རོ། །དེ་
དང་ཉེ་བར་བྱེད་པའི་སྙིང་པོ་ནི་དེ་ཐོབ་པར་བྱེད་པ་སྟེ། ཨོཾ་ཏྲཊ་ཅེས་བྱ་བ་སྟེ་ལྷག་མ་ནི་གོ་སླའོ། །རྩ་བའི་རིག་པའོ་ཞེས་བྱ་བ་ལ། འདི་ཉིད་རྒྱུད་ཀྱི་བདག་པོའི་སྔགས་ཡིན་པས། འདི་བཟླས་པས་ལྷ་ཐམས་ཅད་ཀྱི་སྔགས་བཟླས་པར་གྱུར་པས་ན་རྩ་བའོ། །དེ་ཡང་སློབ་
Vol. 66 · folio 255a
མ་དབང་བསྐུར་བ་ལ་སོགས་པའི་ཚེ། འདི་ཉིད་དང་པོ་དང་བཅས་པ་ལ་འབུམ་འབུམ་དང་ལྷག་མ་རྣམས་ལ་ཁྲི་ཁྲི་བཟླའོ། །ཡང་ན་འདི་གཉིས་ལ་འབུམ་བཟླས་པས་ལས་ཐམས་ཅད་བྱའོ། །ཨོཾ་སརྦ་བིཏྶརྦ་ཨ་བ་ར་ཎ་ཞེས་བྱ་བ་ལ་སོགས་པ་ལ། འདིས་
ནི་དབང་བསྐུར་བ་དང་། རོ་བྱིན་གྱིས་བརླབ་པ་དག་བྱའོ། །དེ་ལ་ཁ་ཅིག་ན་རེ་སྔགས་དང་པོ་ནི་དཀྱིལ་འཁོར་མཐུ་སྐྱེད་པའོ། །གཉིས་པ་ལྔས་ནི་དཀྱིལ་འཁོར་བྱིན་གྱིས་བརླབ་པའོ། །གསུམ་པ་ནི་དཀྱིལ་འཁོར་གདོན་པའོ། །བཞི་པ་བཅུས་ནི་དཀྱིལ་འཁོར་དུ་
ཕྱག་རྒྱ་དགོད་པའོ་ཞེས་ཟེར་རོ། །ཨོཾ་ཤ་ཨོཾ་བྷ་ཞེས་བྱ་བ་འདི་གཉིས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་རྗོད་པར་བྱེད་པ་སྟེ། དེ་ཡང་དང་པོ་ནི་སྟོང་པ་ཉིད་སྟོན་པར་བྱེད་པ་ཡིན་ལ། གཉིས་པ་ནི་ཟླ་བའི་ཆ་ལ་སོགས་པ་ལྷག་མ་རྣམས་འདྲེན་པར་བྱེད་པ་སྟེ། དེ་ཡང་རྒྱུད་
འདིར་དམ་ཚིག་སེམས་དཔའ་གཉིས་ཏེ། དེ་བཞིན་གཤེགས་པ་དང་སེམས་དཔའ་རྣམས་ཏེ། དེ་ལ་དེ་བཞིན་གཤེགས་པའི་དམ་ཚིག་སེམས་དཔའ་བྱ་བར་འདོད་ན་དེའི་རིམ་པ་ནི་འདི་ཡིན་ཏེ། དང་པོར་སྣོད་དུ་གྱུར་པའི་སྔགས་པ་མཁས་པས་མལ་ནས་ལངས་ཏེ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་པའམ་ཅུང་ཟད་བཟླས་ཏེ། དེ་ནས་ཇི་ལྟར་རིགས་པར་ལུས་ཀྱི་བྱ་བ་བྱས་ལ་གཏོར་མ་བྱིན་ཏེ། མཆོད་པའི་ཡན་ལག་བཀོད་ནས་སྟན་འཇམ་ཞིང་བདེ་བ་ལ་འདུག་སྟེ། བདག་གི་ལུས་སྐད་ཅིག་གིས་རྡོ་རྗེ་ཁྲོ་བོ་མདོག་སྔོན་པོ་རྡོ་རྗེ་དང་
སྡིགས་མཛུབ་ཞགས་པ་ཅན་འཇིགས་སུ་རུང་བར་བསམས་ཏེ། ཨོཾ་ཨཱཿབིགྷྣཱཾ་ཏ་ཀྲྀཏ་ཧཱུཾ་ཕཊ་ཅེས་བྱ་བས་ཆུའམ་ཐལ་བའམ་ཡུངས་ཀར་ལ་བཟླས་ཏེ་གཏོར་བས། བདག་དང་གནས་དང་རྫས་རྣམས་བསྲུང་བར་བྱས་ཏེ། ལས་ཀུན་བྱེད་པའི་གསང་སྔགས་ཀྱི། །ཡང་
ན་བགེགས་ཀྱི་དགྲས་ཀྱང་རུང་། །ངེས་པར་ཡུངས་ཀར་ལ་སོགས་པས། །དང་པོ་ཀུན་དུ་གསལ་བར་བྱ། །ཞེས་གསུངས་ལ། སྒྲུབ་པ་པོས་ནི་དང་པོ་རུ། །ཁྲོ་བོའི་རྒྱལ་པོས་བསྐྲད་པར་བྱ། །ཞེས་གསུངས་པས་འདིར་བསྐྲད་པ་དང་། བསྲུང་བའི་ལས་ཐམས་ཅད་
Vol. 66 · folio 255b
དེ་ཉིད་ཀྱིས་བྱའོ། །ཁ་ཅིག་ན་རེ་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །ལན་ཅིག་ཙམ་ཡང་བརྗོད་གྱུར་ན། །འདི་ནི་བསྲུང་བ་རྟག་ཆེན་པོ། །སྐད་ཅིག་དངོས་གྲུབ་ཐོབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་འཛིན་པས་གསུངས། །
ཞེས་བྱ་བ་ལ་སོགས་པས་རྒྱུད་འདིར་བསྲུང་བར་བྱའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཛུབ་མོ་གཉིས་དང་སྲིན་ལག་གཉིས་ནང་དུ་བཀུག་ལ་བཅུག་སྟེ། མཐེ་བོང་དང་མཐེའུ་ཆུང་ཅུང་ཟད་བཀུག །གུང་མོ་དང་སྲིན་ལག་ཕྱུང་ལ་
བསྒྲེང་ངོ་། །ཕྱག་རྒྱ་འདི་དང་གསང་སྔགས་འདིས་བྱིན་གྱིས་བརླབ་ཅིང་། ནམཿས་མནྟ་བུདྡྷཱནཾ། བེ་ལ་ལུ་བུ་རི། བི་ཀུ་རུ་རི་བི་ཀུ་ལ་སྭཱ་ཧཱ། དེ་ནས་ཕྱག་རྒྱ་དེ་ཉིད་ལ་གནས་བཞིན་དུ་ནམཿས་མནྟ་བུདྡྷཱ་ནཾ། སརྦ་ཏྲེེ་ཨ་ནུ་ག་དྷེ་བནྡྷ་ཡ་སཱི་སཱི་ནན། མ་ཧཱ་ས་མཱ་ཡ་ནི་ར་ཛ་ཏེ་སྨ་ར་ནི་ཨར་
ཏེ་ཧ་ཏེ། དྷ་ཀ་དྷ་ཀ། ཙ་ར་ཙ་ར། བནྡྷ་བནྡྷ། ད་ཤེ་དི་ཤི་ནན། སརྦ་ཏ་ཐཱ་ག་ཏ། ཨ་ནུ་ཛྙཱ་དེ། པྲ་བ་ར་དྷརྨ་ལ་བ་དཱ། བི་ཛ་ཡེ་བྷ་ག་བ་ཏེ། བི་ཀུ་རི་བི་ཀུ་ལི། ལེའུ་བུ་རི་སྭཱ་ཧཱ་ཞེས་ལན་བཅུ་བརྗོད་པས་མཚམས་བཅད་པའམ། རབ་ཏུ་རྒྱ་ཆེ་བའི་མཚམས་ལ་སོགས་པའི་ཆོ་ག་སྦྱར་རོ་
ཞེས་ཟེར་ཏེ། རྒྱུད་འདི་ལས་དེ་ལྟ་བུའི་བསྲུང་བ་ནི་མ་གསུངས་ཀྱི། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ཀྱང་། །ཞེས་གསུངས་པས། བསྲུང་བ་དང་པོ་ཉིད་བྱ་བར་ཤིས་ལ། གཞན་ཡང་གནོད་པ་ནི་མེད་དོ། །བསྲུང་བ་དང་པོ་ཡང་།
ན་མཿས་མནྟ་བཛྲ་ཎཱཾ་ཧ་ཧ་ཧ་བི་སྨ་ཡེ། སརྦ་ཏ་ཐཱ་ག་ཏ། བི་ཤ་ཡ་སཾ་བྷ་བ། ཏྲཻ་ལོ་ཀྱ་བི་ཛ་ལ་ཧཱུཾ་ཛ་སྭཱ་ཧཱ་ཞེས་བྱ་བ་སྦྱར་བར་སྔགས་སོ། །དེ་ནས་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་ཅིང་། དེ་ལྟར་མོས་པར་བྱས་ལ། ལག་པ་གཉིས་མདུན་དུ་རྩེ་སྤྲད་དེ་བཞག་ལ། གཉིས་ཀའི་
མཐིལ་དུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ། གཡས་དང་གཡོན་དུ་ཧཱུཾ་དང་ཨ་སྔོན་པོ་དང་དཀར་པོ་དག་བསམས་ཏེ། གཉིས་ཀ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས་གང་བར་བྱས་ལ། མཐེ་བོང་ལ་སོགས་པར་ཨོཾ་ཧཱུཾ་ཧྲཱིཿཏྲཱཾ་ཨཱཿཞེས་བྱ་བའི་མདོག་ཇི་ལྟ་བར་བཀོད་ལ་ཡི་གེ་
Vol. 66 · folio 256a
དེ་དག་ཉིད་དེ་བཞིན་གཤེགས་པ་རྣམས་ཡིན་པར་མོས་ཤིང་། མཐེ་བོང་ལ་སོགས་པར་ཡིན་པར་མོས་ལ། ལག་པ་གཡས་གཡོན་སྐྱེ་བ་དང་མྱ་ངན་ལས་འདས་པ་ཡིན་པར་མོས་པས། ཆོས་ཀུན་ཕན་ཚུན་རྗེས་སུ་འཇུག །ཆོས་ཀུན་ཐ་དད་རྗེས་སུ་འཇུག །
ཆོས་ཀུན་རྗེས་སུ་ཞུགས་པ་སྟེ། །མཐའ་བྲལ་རྗེས་སུ་འགྲོ་བའོ། །ཞེས་བྱ་བར་མོས་པས། སོར་མོ་རྣམས་རྩེ་བསྣོལ་ཏེ། ཨོཾ་ཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱ་ཞེས་བརྗོད་ཅིང་བསྡམས་ལ། ཡང་ཕྱེ་སྟེ་ཟླ་བའི་ཡིག་འབྲུ་གཉིས་རྡོ་རྗེར་གྱུར་པར་བསམས་ལ། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་
པས། ལག་པ་ལ་ཐིམ་པར་བྱས་ཏེ་ཅི་བདེར་བྱའོ། །དེ་ནས་ཡང་མགྲིན་པར་ཡི་གེ་ཧྲཱིཿདམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྕེའི་འདབ་མ་ལ་ཧཱུཾ་ལས་རྡོ་རྗེ་བསམས་ཏེ། བཛྲ་ཛི་ཧྭ་ཞེས་བརྗོད་པས་ཐིམ་པར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་
པའི་སངས་རྒྱས་ལ་སོགས་པ་ལ་ཕྱག་བཞི་བྱ་བ་དང་། ཡོན་ཆབ་དང་བཅས་པའི་མཆོད་པ་ལྔ་འོག་ནས་འབྱུང་བ་ལྟ་བུས་མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། བསྔོ་བ་དང་། བྱང་
ཆུབ་ཏུ་སེམས་བསྐྱེད་པ་བྱས་ལ། འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས་བཤད་པའི་བྱམས་པ་ལ་སོགས་པ་ཅུང་ཟད་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསགས་ཏེ། དེ་ནས་ཡེ་ཤེས་དབབ་པའི་དབང་གིས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱས་ཏེ། ཨོཾ་ཨ་ཝེ་ཤ་ཡ་
ཨ་ཞེས་བཛྲཱ་ཉྩ་ལི་ཨོཾ་བཛྲ་བནྡྷ་བནྡྷ་ཨོཾ་བཛྲ་བནྡྷ་ཏྲཊ། འདིར་ཆོས་རྣམས་ནི་བདེན་པ་གཉིས་ཕན་ཚུན་བརྟེན་པ་དང་། དེ་ཡང་དོན་དམ་པ་གཙོར་གྱུར་པས། དེས་བཅིངས་པ་དང་། དེ་ཤེས་ན་ཀུན་རྫོབ་དྲལ་ཅིང་མི་དམིགས་པར་བྱས་པ་སྟེ། དེ་ཉིད་རབ་ཏུ་བརྟན་པར་བྱ་
བའི་ཕྱིར། ཨོཾ་ཨཱ་བེ་ཤ་ཡ་ཨཱཿཞེས་བྱ་བས་ལྷག་པར་སྐྱེ་བ་མེད་པ་ལས་ཀུན་དུ་གནས་པར་བྱའོ། །དེ་ནས་སླར་དེ་ལས་ལངས་ཏེ། རྣམ་པར་སྨིན་པའི་ལུས་སུ་གནས་པས། ཨོཾ་ཤ་ཞེས་བྱ་བས་བསྟན་པའི་སྟོང་པ་ཉིད་ལ་སོགས་པས་མངོན་པར་བྱང་ཆུབ་པ་བསྒོམས་ཏེ།
Vol. 66 · folio 256b
དེ་ཡང་བདག་ཉིད་དེ་ལྟར་ཚོགས་རྣམ་པ་གཉིས་རྫོགས་པས་དེའི་རྣམ་པར་སྨིན་པའི་གནས་འོག་མིན་ཉིད་དུ་སྐྱེས་ཤིང་། ས་བཅུ་པ་ལ་གནས་པ་དང་། དབང་བསྐུར་བ་ཐོབ་པར་བསམས་ལ། འོག་མིན་ནས་དགའ་ལྡན་དུ་བབས་པར་བསམས་ཏེ། དེ་ནས་ཀྱང་འཛམ་
བུའི་གླིང་དུ་བབས་ལ། གཞོན་ནུའི་སྤྱོད་པ་རྫོགས་པར་བྱས་ནས་མངོན་པར་བྱུང་སྟེ། དཀའ་བ་སྤྱོད་པའི་ལུས་དེས་མི་ལྕོགས་པ་མེད་པ་དང་། བསམ་གཏན་དང་པོ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་གཉིས་པ་ནས་སྲིད་པའི་རྩེ་མོའི་བར་དུ།
རིམ་གྱིས་སྙོམས་པར་ཞུགས་ལ། རིམ་བཞིན་དུ་བབས་ཏེ། སླར་ཐོད་རྒལ་དུ་འཇུག་པ་དང་བབས་པའོ། །དེ་ནས་ཡང་མི་ལྕོགས་པ་མེད་པ་ནས་བསམ་གཏན་བཞི་པའི་བར་དུ་རིམ་གྱིས་ཞུགས་ཏེ། དེ་ནས་བསམ་གཏན་བཞི་པའི་ཆེ་འབྲིང་དགུ་ལས། ཆེན་པོའི་ཆེན་
པོ་ལ་གནས་པ་ལས། ཡིད་ཀྱི་ལུས་ཀྱིས་སླར་འོག་མིན་དུ་སོང་སྟེ། དེར་ཡང་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་པ་ལས། སངས་རྒྱས་ཐམས་ཅད་ཀྱིས་ལུང་བྱིན་པས། སེམས་སོ་སོར་རྟོག་པས་ན། ཟླ་བའི་ཆ་དང་རྡོ་རྗེ་དང་། སྐུ་རྫོགས་པ་རྣམས་བསྒོམས་ཏེ།
འདིར་ཟླ་བའི་ཆ་དང་པོ་ནི་ཚེས་གཅིག་པ་དང་ཉ་གང་ཡང་རུང་བའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་དང་། བྱང་ཆུབ་ཆེན་པོར་མོས་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་། དེ་དག་གཅིག་ཏུ་མོས་པ་དང་། ཨོཾ་ས་མ་ཡ་ཧཾ་ཞེས་
བྱ་བ་དང་། ས་མ་ཡ་ཧོ་ཡང་ས་ཡོ྅ཧཾ་ཞེས་བྱ་བ་དང་། ཆོ་ག་ལྷག་མ་གཉིས་ཀྱིས་ཀྱང་བྱིན་གྱིས་བརླབ་པའོ། །དེ་ནས་བཛྲ་རཏྣ་བརྗོད་ཅིང་དབང་བསྐུར་ལ། ཕྱག་རྒྱས་ཏེ་གསང་བའི་མཆོད་པ་བརྗོད་དོ། །དེ་ལྟར་དོན་འདི་སྙེད་ཅིག་ཤ་དང་བས་མཚོན་པས་ན། གསང་
སྔགས་ཀྱི་ལམ་འདི་ནི། བླ་མའི་ཁ་ནས་རྟོགས་པར་བྱའི། གཞན་དུ་མ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱིས་དམ་ཚིག་སེམས་དཔའི་བྱ་བ་བཤད་དེ། དེ་ཡང་ཡེ་ཤེས་དབབ་པའི་རིམ་པ་ནི། ཆོས་མཉམ་པ་ཉིད་ཀྱི་ངང་ལས་རྗེས་ལ་ཐོབ་པའི་ངོ་བོའི་སྙིང་
Vol. 66 · folio 257a
རྗེས་མཚམས་སྦྱར་ནས་ཟླ་བའི་ངོ་བོར་བྱས་ཏེ། གསལ་བར་བྱས་ལ་དེའི་དབུས་སུ་བྲིས་པ་ལྟར་གནས་པའི་རང་གི་སྙིང་པོ་བསམས་ལ། ཨོཾ་ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །ཨོཾ་བཛྲ་སཏྭ་ཨཱཿཞེས་པས་ཕབ་ལ། རང་གི་ལྷའི་མཚན་མར་གྱུར་པ་དང་། ཨོཾ་བཛྲ་
ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ་སོགས་པའི་ང་རྒྱལ་བྱས་ཏེ། དེ་ནས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དོ། །རང་གི་སེམས་དཔའི་གཟུགས་སུ་གྱུར་པར་བྱ་བ་ནི། ཨོཾ་མ་ཧཱ་ས་མ་ཡ་སྟྭཾ་ཧཾ་ཞེས་བྱ་བས་མེ་ལྕེ་མང་པོ་འཁྲུགས་པའི་སྦྱོར་བ་ལས། རང་གི་ལྷའི་སྐུར་གྱུར་པར་བརྟག་ཅིང་། ཨོཾ་མ་ཧཱ་ས་
མ་ཡ་སྟྭཾ་ཞེས་བྱ་བ་དང་། ཨོཾ་ས་མ་ཡ་སྟྭཾ་ཞེས་བྱ་བ་དང་། རྒྱབ་ཏུ་ཟླ་བ་གྲུབ་པར་བྱ་སྟེ། དེ་ནས་ཨོཾ་སུ་ར་ཏ་སྟྭཾ་ཞེས་བྱ་བ་དང་། ཨོཾ་ས་མ་ཡཱ་ཧཾ། ཨོཾ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་། དེ་ན་ཨོཾ་བཛྲ་མུཥྚི་ཞེས་བརྗོད་ལ། ཨོཾ་སཏྭ་བཛྲི་ཎི་སྟ་ནཾ་ཞེས་པ་དང་། གནས་
པ་གྲུབ་པར་བྱས་ལ། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ། བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་དེ། ཨོཾ་བཛྲ་དྷཱ་ཏུ་ཞེས་པ་དང་། ཨོཾ་བཛྲ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཨོཾ་རཏྣ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཨོཾ་དྷརྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཨོཾ་ཀརྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥི་ཉྩ་མཱཾ། ཨོཾ་ཨཀྵོ་བྷྱ། ཨོཾ་རཏྣ་
སཾ་བྷ་བ། ཨོཾ་ཨ་མི་ཏ་བྷཱ། ཨོཾ་ཨ་མོ་གྷ་སིདྡྷི། ཨོཾ་བཛྲ་དྷཱ་ཏུ་ཞེས། དཔའ་བོའི་ང་རྒྱལ་བྱ་བ་དང་། དེ་ནས་གསང་བའི་མཆོད་པ་བརྗོད་དེ། དེ་ལྟར་ན་བསྟན་པ་ནི་རྒྱུད་འདི་ཉིད་ལས། །ཆོས་རྣམས་ཐམས་ཅད་དངོས་མེད་པར། སེམས་ཀྱིས་བསམ་པ་བྱས་ནས་ནི། །ཨ་ལས་ཟླ་
བའི་དཀྱིལ་འཁོར་བསམ། །ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །དེ་ལྟར་ན་དམ་ཚིག་སེམས་དཔའ་གཉིས་ལས་གང་ཡང་རུང་བ་ཅིག་ཏུ་བདག་ཉིད་བསམས་ཏེ་དང་པོར་ཨོཾ་ཐམས་ཅད་རང་བཞིན་གྱིས་དག་གོ་ཞེས་བརྗོད་དེ། དེའི་དོན་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་
མོས་པས་བདག་ནམ་མཁའ་ལ་གནས་ཏེ། བདག་གི་སེམས་ཀྱི་དབང་ཙམ་ལས། དང་པོ་རླུང་དང་ཆུ་དང་དབང་ཆེན་ནག་པོ་དང་། སྔོན་པོ་དང་། དཀར་པོ་དང་། སེར་པོ་ཡི་གེ་ཡཾ་དང་བཾ་དང་ལཾ་དག་ལས་བྱུང་བར་བསམས་ཏེ། དེའི་དབུས་སུ་ཀཾ་གི་ཡི་གེ་སེར་པོ་
Vol. 66 · folio 257b
ལས་བྱུང་བའི་རུས་སྦལ་གྱི་རྒྱབ་ནས་ཡི་གེ་ས་སེར་པོ་ལས་བྱུང་བའི་པདྨ་སེར་པོ་ཚད་མེད་པའི་ལྟེ་བར་ཡི་གེ་སུཾ་དཀར་པོ་ལས་རི་རབ་ཆེན་པོ་རིན་པོ་ཆེ་སྣ་བཞི། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། རྩེ་མོ་བརྒྱད་པ་ལྷུན་སྟུག་ཅིང་གཟི་མདངས་བཟང་པོར་བསམས་ལ། དེའི་སྟེང་
དུ་དགའ་བའི་ཚལ་ཉིད་དུ་མོས་པར་བྱས་ལ། འཆད་པར་བྱེད་པ་ལས་གསུངས་པའི་གཞལ་ཡས་ཁང་ཆེན་པོ་སྔར་ལྷ་རྣམས་བཤད་པའི་སྐབས་སུ་བསྟན་པའི་གདན་དང་གནས་ངེས་པར་བསམས་ཏེ། དེའི་ཤར་ཕྱོགས་ཀྱི་སྒོ་ལ་བརྟེན་པར་བདག་ཉིད་གནས་ལ། ལྷ་རྣམས་
མ་ལུས་པའི་རང་རང་གི་སྐུ་གྲུབ་པར་བྱ་ཞིང་། དེ་ནས་མཆོད་པའི་སྐབས་ནས་བཤད་པ་ལྟར། དགུག་པ་ལ་སོགས་པ་བྱས་ཏེ། ཁང་པ་བརྩེགས་མའི་ཉེ་འཁོར་དུ་བྱོན་པ་ལེགས་པར་བརྟགས་པ་དང་བཅས་པ་ནི་ཕྱག་རྒྱ་ཆེན་པོའོ། །སྙིང་གར་ལས་ཀྱི་རྡོ་རྗེ་བསྒོམ་པ་ནི་
ལས་ཀྱི་ཕྱག་རྒྱའོ། །ལྗགས་ལ་ཡི་གེ་ཧྲཱིཿཉིད་བསྒོམ་པ་རྡོ་རྗེ་དང་བཅས་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །རྒྱུད་འདི་ལས་ཇི་སྐད་གསུངས་པའི་རྩ་བའི་ལྷའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཁ་ཅིག་ནེ་རེ་དེ་དག་ཉིད་ལས་སོ་ཞེས་ཟེར་རོ། །རིམ་པ་ཡང་ཕྱག་རྒྱ་ཆེན་པོ་དང་དམ་
ཚིག་དང་ཆོས་དང་ལས་དག་གོ། །དེ་བས་ན་རྒྱུད་འདིའི་ཕྱག་རྒྱ་ནི་འདི་ཙམ་དུ་ཟད་ལ། འདི་ཙམ་ཁོ་ནར་རྣལ་འབྱོར་གྱི་རྒྱུད་གཞན་ལས་ཀྱང་གསུངས་པ་སྣང་བས་འདི་ལ་མི་འཐད་པར་མི་བརྟག་གོ། །ཕྱི་རོལ་དང་ཤིན་ཏུ་ཕྱི་རོལ་གྱི་ལྷ་རྣམས་ནི། མཆོད་པས་ཚིམ་པར་བྱ་བའི་ངེས་
པར་རང་གི་ལྷའི་ཆོ་ག་མ་ལུས་པར་སྤྱད་པ་མེད་དོ། །དེ་ནས་མཆོད་པའི་ཚུལ་ནི་འཆད་པར་བྱེད་པ་ལས་གསལ་ལོ། །མཆོད་པ་བྱས་ནས་ཐམས་ཅད་བདག་གི་རྗེས་སུ་སྤྱད་པས། གསང་སྒྲིབ་པ་རྣམས་རིམ་གྱིས་སྤངས་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
རིགས་སམ་ཞེས་བྱ་བ་ནི། བྲམ་ཟེ་དང་རྒྱལ་རིགས་ཏེ། རིགས་གཞན་དུ་ནི་དེ་བཞིན་གཤེགས་པ་མི་འཁྲུང་བས་སོ། །ལྷའི་རིགས་སམ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིའི་རིགས་ལ་སོགས་པས་སོ། །གཞན་གང་ཡང་རུང་བར་བདེ་བ་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་གང་དུ་སྐྱེ་བར་
Vol. 66 · folio 258a
འདོད་པ་དེར་སྐྱེ་སྟེ། ཇི་སྐད་དུ། མི་མཆོག་གང་ཞིག་ཀུན་སྤྱོད་པ། །སྡིག་པ་ཐམས་ཅད་རྣམ་དག་བདག །དེ་བཞིན་གཤེགས་པའི་ས་ཐོབ་ཅིང་། །སྐྱེ་དང་སྐྱེ་བར་བདེ་གཤེགས་ཀྱི། རིགས་འགྱུར་ཆོས་ལྡན་རྒྱལ་པོར་འགྱུར། །ཞེས་པ་དང་།
ཡང་ཇི་སྐད་དུ། ཡང་ན་གསང་སྔགས་རྒྱལ་པོའི་མཐུས། །གནས་ནི་གང་དུ་བསམས་པ་དག །དེ་དང་དེར་ནི་དེ་ཡི་ཚེ། །སྐྱེ་བར་འགྱུར་བར་དོགས་པ་མེད། །ཅེས་གསུངས་པ་ལྟ་བུའོ། །དེ་དག་གིས་ནི་དེ་ལྟར་ན་རིགས་ཀྱི་བུ་དངོས་གྲུབ་གཉིས་བསྟན་ཏོ། །ལྷག་མ་
ནི་གོ་སླའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས། དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །ཞེས་བྱ་བའི་བར་དུ་ཡང་གོ་སླའོ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །
དེ་ན་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་བྱ་བ་ནི་ནང་གི་དཀྱིལ་འཁོར་དམ་པ་སྟེ། འདིར་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ནི། དུས་གསུམ་དུ་བཞུགས་པ་རྣམས་ཀྱིའོ། །བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཏེ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་
སྤངས། །ཞེས་བྱ་བ་གསུངས་སོ། །དེ་ཉིད་སེམས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་སྣ་ཚོགས་པའི་གཞིར་གྱུར་པས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་བླ་ན་མེད་པའོ། །དེ་ཐབས་གང་གིས་རྟོགས་པར་འགྱུར་བའི་རྣམ་
པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པ། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ནི་མིང་དོན་དང་ལྡན་པ། །དཀྱིལ་འཁོར་ཞེས་བྱ་བ་བརྗོད་དོ། །མིང་གི་དོན་ཉིད་ཅི་ཞེ་ན། སྙིང་པོར་གསུངས་ཞེས་བྱ་བ་སྟེ། མར་གྱི་དམ་པ་ནི་མར་གྱི་སྙིང་པོ་བཞིན་ནོ། །
འདི་ཕྱེ་སྟེ་བརྗོད་ན་ནི་དཀྱིལ་ནི་རྣམ་པར་མི་རྟོག་པས་སྙིང་པོར་བསྟན་ལ། འཁོར་ནི་རྫོགས་པར་སྐད་ཀྱི་དབྱིངས་ལས་འདོན་ཏེ། དེ་བས་ན་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། དཀྱིལ་ནི་སྙིང་པོའོ། །འཁོར་ནི་རྫོགས་པའོ་ཞེས་གསུངས་པ་ལེགས་པར་དྲངས་
Vol. 66 · folio 258b
པ་ཡིན་ནོ། །དེ་བས་ན་དཀྱིལ་འཁོར་ནི་གང་དོན་དམ་པའི་བདེན་པའི་ངོ་བོ་གང་ལ་སེམས་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་འདི་ཉིད་ཡིན་ནོ། །ལྷག་མ་ཇི་ལྟ་བ་བཞིན་སྤྲུལ་པ་དང་། གཟུགས་བརྙན་དག་ནི་བརྟགས་ནས་དཀྱིལ་འཁོར་
ཉིད་དུ་རྣམ་པར་གཞག་གོ། །དོན་འདི་ཉིད་དཀྱིལ་འཁོར་ཡིན་པར་ནི། ཟླ་གསང་ཐིག་ལེའི་རྒྱུད་ལས་ཀྱང་། །ཡན་ལག་ཐམས་ཅད་བསྒོམ་ལས་འདས། །རྟོག་དང་མི་རྟོག་ཀུན་སྤངས་ལ། །འདྲེན་དང་ཚིག་ལས་ཡང་དག་འདས། །འདི་ནི་དཀྱིལ་འཁོར་མཆོག་
ཅེས་བྱ། །ཞེས་གསུངས་སོ། །འོ་ན་འདི་ལྟ་བུའི་ནང་གི་དཀྱིལ་འཁོར་འདིར་བསྟན་པ་ཅི་ལ་དགོངས་ཤེ་ན། འདི་ནི་ཕྱིའི་དཀྱིལ་འཁོར་ལ་མི་ལྟོས་པར་བྱ་བ་དང་། སློབ་དཔོན་དང་སློབ་མ་དམིགས་པ་ཅན་ཕྱིའི་དཀྱིལ་འཁོར་ལ་སྟོང་པ་དེ་དག་ཀྱང་། དང་པོ་ནས་
བྱང་ཆུབ་སེམས་ཡིད་ལ་བྱེད་ཅིང་ས་སྦྱང་བ་ལ་སོགས་པའི་ཕྱིའི་དཀྱིལ་འཁོར་གྱི་ལས་བྱ་བར་དགོངས་པས་ན་འདི་གསུངས་སོ། །ཅི་འོ་ན་ནང་གི་དཀྱིལ་འཁོར་འདི་རྟོགས་ན། ཕྱིའི་དཀྱིལ་འཁོར་ལ་མི་ལྟོས་པ་ཡིན་ནམ་ཞེ་ན། མི་ལྟོས་པ་ཡིན་ཏེ་སྟོང་པ་ཉིད་ལ་
གོམས་པ་དག་ལ་ཕྱི་རོལ་གྱི་དཀྱིལ་འཁོར་བྱ་བ་དག་གིས་ཅི་ཞིག་བྱ་སྟེ། རྡུལ་ཚོན་ལ་སོགས་པའི་བྱ་བ་ནི་དམིགས་པ་ཅན་དག་གི་ངོ་བོར་གྱུར་པ་སྟེ། དེ་ལྟར་ཡང་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པ། དེ་ནས་ཕྱག་ན་རྡོ་རྗེས་
བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་མཚན་མ་མི་མངའ་སྟེ། །ཆོས་ཀྱི་སྐུ་ལ་རྣམ་པར་བཞུགས། །མཚན་མེད་འདུས་མ་བྱས་པ་ནི། །མཚུངས་པ་མེད་པའི་ཆོས་སྟོན་ན། །དཔའ་བོ་ཆེན་པོ་
ཅི་སླད་དུ། །མཚན་མར་བཅས་པའི་ཆོ་ག་འདི། །གསང་སྔགས་སྤྱད་ལ་སྟོན་པར་མཛད། །འདི་ནི་ཆོས་ཉིད་ཚུལ་མ་ལགས། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །དེ་ཚེ་ཕྱག་ན་རྡོ་རྗེ་ལ། །ཆོས་ཀྱི་མཚན་ཉིད་འདི་ཉིད་གསུངས། །
Vol. 66 · folio 259a
ཆོས་ནི་རྟོག་དང་བྲལ་བ་སྟེ། །ཀུན་རྟོག་ཐམས་ཅད་སྤངས་པ་ཡིན། །དེ་ལ་སེམས་དང་སེམས་བྱུང་གི། །རྟོག་པ་རབ་ཏུ་སྤང་བ་ཡིན། །ང་ཡིས་ཆོས་སྔོན་སངས་རྒྱས་པ། །དེ་ནི་མཁའ་ལས་བྱུང་བ་སྟེ། །ལེགས་པར་རྟོགས་པའི་སྤྱོད་ཡུལ་བ། །བྱིས་པ་རྣམས་
ཀྱིས་མི་ཤེས་སོ། །ཡུལ་དུས་མཚན་མ་ལ་སོགས་པ། །མུན་གྱིས་བསྒྲིབས་པ་རྣམས་འདོད་དོ། །དེ་དག་གཟུང་བར་བྱ་བའི་ཕྱིར། །ཆོ་ག་འདི་ཡང་བརྗོད་པ་དག །ཡུལ་མེད་དུས་ཀྱང་མེད་པ་སྟེ། །བྱ་བ་མེད་ཅིང་བྱེད་པའང་མེད། །ཆོས་རྣམས་ཀུན་ལ་ཡོད་མེད་དེ། །ཆོས་
རྣམས་ཉི་ཚེ་འབའ་ཞིག་གོ། །གསང་བའི་བདག་པོ་འོན་ཀྱང་། སེམས་ཅན་དག་གི་བློ་ཞན་ཅིང་། །བྱ་བ་ཙམ་གྱིས་རྨོངས་པ་དག །དངོས་པོའི་དོན་ལ་ཆགས་པ་རྣམས། །མ་འོངས་དུས་ན་འབྱུང་འགྱུར་ཏེ། །འདི་ལྟའི་ཚུལ་ནི་མི་ཤེས་པས། །ཡུལ་དང་དུས་དང་བྱ་བ་
ལས། །དགེ་དང་མི་དགེའི་མཚན་མ་ཡིས། །རྨོངས་པ་འབྲས་བུ་འདོད་བྱེད་དེ། །སེམས་དཔའ་ཆེན་པོ་དེ་དག་ཕྱིར། །ཆོ་ག་འདི་ནི་བརྗོད་པ་ཡིན། །ཞེས་སོ། །སྟོང་པ་ཉིད་ལ་གནས་པ་ལ་དངོས་གྲུབ་རྣམས་འདོད་པ་ཙམ་གྱིས་འབྱུང་བར་ཡང་དེ་ཉིད་ལས་གསུངས་ཏེ། གསང་
བའི་བདག་པོ་ནམ་བྱང་ཆུབ་སེམས་དཔའ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ། དེ་ལ་དེ་བཞིན་གཤེགས་པའི་གསང་སྔགས་རྣམས་མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ་ཞེས་སོ། །དེ་བཞིན་དུ་ས་སྦྱོང་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལས་མ་
ལུས་པ་ཡང་། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པས་བྱ་སྟེ། དེ་ཉིད་ལས་གསུངས་པ། ས་ནི་དང་པོར་ཤེས་བྱས་ཏེ། །སེམས་ཀྱི་སར་ནི་གསུངས་པ་ཡིན། །སྦྱང་བ་སྔར་ནི་བསྟན་པ་སྟེ། །དེ་ཡིས་དེ་ནི་ཡོངས་སུ་སྦྱང་། །ནམ་ཞིག་ཉེས་དང་བྲལ་བ་ཡི། །སེམས་ཀྱི་ས་ནི་མི་
འཇིགས་པ། །དེ་ཚེ་དེ་ནི་དག་པ་སྟེ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །མངོན་པར་བྱང་ཆུབ་མཐོང་བས་ན། །དེ་ལྟ་བས་ནི་བསྟན་ཤེས་བྱ། །དེ་ལས་གཞན་དུ་ས་སྦྱོང་བ། །དེ་ནི་དག་པར་མི་འགྱུར་རོ། །སྔགས་པ་རྟོག་ལ་གནས་ནས་སུ། །གང་ཞིག་ས་སྦྱོང་བྱེད་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words