དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་བརྟག་པའི་བཤད་པ

Sanskrit title (Tibetan script, as in the text) སརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ་ཀལྤ་ནཱ་མ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 68 · folio 1b

༄༅༅། །རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ་ཀལྤ་ནཱ་མ་ཊཱི་ཀ །བོད་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་བརྟག་པའི་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཉེས་པའི་སྐྱོན་བྲལ་ཡོན་ཏན་

མཐའ་དག་རྫོགས། །བདེ་ལེགས་ཇི་སྙེད་ཐམས་ཅད་འབྱུང་བའི་གནས། །སྐུ་གསུམ་མཆོག་གི་བདག་ཉིད་རྣམ་སྣང་མཛད། །གནས་གསུམ་འདྲེན་པའི་གཙོ་ལ་ཕྱག་འཚལ་ལོ། །སྐུ་གསུམ་གཙུག་ཏོར་

བདག་ཉིད་རྒྱུད་ཆེན་ལས། །རྡོ་རྗེ་རྩེ་མོའི་ཀལྤའི་རྒྱུད་འདི་ཉིད། །རབ་ཏུ་ཟབ་ཅིང་རྒྱ་ཆེ་རྟོགས་དཀའ་བའི། །མདོ་ཡི་དོན་འདི་མདོ་ཙམ་དགྲོལ་བར་བྱ། །དེ་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་

སོགས་པ་འདིའི་བརྗོད་པར་བྱ་བ་དང་འབྲེལ་པ་ནི་གང་ཞིག་ཡིན། དེ་བཞིན་དུ་དགོས་པ་དང་། དགོས་པའི་དགོས་པ་ནི་ཅི་ཞིག་ཡིན་ཞེ་ན། དེ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་

Vol. 68 · folio 2a

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་སྐུ་གསུམ་གྱི་གཙུག་ཏོར་གྱི་རྒྱུད་ཆེན་པོ་ཞེས་བྱ་བ་འདི་ནི་རྒྱུན་ཡིན་ལ། འདིའི་འདི་སྐད་

བདག་གིས་ཞེས་བྱ་བ་ལ་སོགས་པ་ནས། ཀུན་རིག་རྣམ་པར་སྣང་མཛད་སྐུ་གསུམ་གྱི་རྒྱུད་ཀྱི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོན་པར་བྱེད་པ་ཡིན་ཏེ། དེ་ཡང་དགའ་ནས་རྗེས་སུ་ཡི་རང་ངོ་བས་གདུལ་བྱ་རྣམས་

འདོད་པ་བསྐྱེད་པར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ། །དེ་ལ་ཡང་རྒྱུད་ཀྱི་དོན་དབང་པོ་རབ་མགོ་སྨོས་པས་གོ་བ་དང་། དབང་པོ་འབྲིང་ཚིག་དང་དོན་རྣམ་པར་ཕྱེ་བས་གོ་བ་རྣམས་ལ་ནི་རྒྱུད་ཀྱི་མཚན་བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་སྐུ་གསུམ་གྱི་གཙུག་ཏོར་གྱི་རྒྱུད་ཆེན་པོ་ཞེས་བྱ་བས་ཀྱང་དབུ་ཞབས་ཀྱི་དོན་རྟོགས་པར་འགྱུར་ལ། དབང་

པོ་འབྲིང་ཚིག་དང་དོན་རྣམ་པར་ཕྱེ་བས་གོ་བ་རྣམས་ལ་ནི་དེ་ཉིད་ཀྱི་དོན་རྣམ་པར་ཕྱེ་བས་གོ་བ་ཡིན་ཏེ། དེ་ཉིད་ཀྱི་དོན་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་པ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་

Vol. 68 · folio 2b

གཏན་སྤངས་པས་ཕུང་པོའི་བདུད་ལ་སོགས་པ་བཞི་བཅོམ་པའོ། །ལྡན་པ་ནི་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་འདས་ཏེ། དེ་ཡང་། ཉོན་མོངས་ཤེས་རབ་ཀྱིས་ཐུབ་སྟེ། །དེའི་ཕྱིར་ཤེས་རབ་འཇོམས་ཞེས་བྱ། །དབང་ཕྱུག་ལ་སོགས་དྲུག་ལྡན་པས། །བཅོམ་ལྡན་འདས་ཞེས་

རབ་ཏུ་བརྗོད། །ཅེས་སོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ལྔ་རྫོགས་ཤིང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་སངས་རྒྱས་པ་ལ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ཡང་། གསང་བ་ཆེན་པོ་ཚོགས་མཐོ་བ། །ཞེས་བྱ་

བའི་རྒྱུད་ལས། སྔ་མ་ཇི་ལྟར་གཤེགས་པ་བཞིན། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །ཆོས་རྣམས་ཐམས་ཅད་དངོས་མེད་པར། །རྫོགས་སངས་རྒྱས་ལས་སངས་རྒྱས་བརྗོད། །ཅེས་གསུངས་སོ། །དེ་ཡང་སྐུ་གསུམ་གྱི་བདག་ཉིད་དེ་བདག་གི་དོན་ཕུན་སུམ་ཚོགས་པའི་བདག་ཉིད་

དུ་བསྟན་ཏོ། །དེ་ལ་གཉེན་པོ་ཕུན་སུམ་ཚོགས་པ་ནི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དམ། ཤཱཀྱ་ཐུབ་པའི་ཐུགས་ཀ་ནས་ནང་སེམས་ཀྱི་དཀྱིལ་འཁོར་ཆེན་པོའི་འོད་ཟེར་གྱིས་ངན་སོང་ཐམས་ཅད་སྦྱངས་པས་ན་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱའོ། །བརྟག་

པ་ཞེས་བྱ་བ་ནི་ཐབས་ཀྱི་དཀྱིལ་འཁོར་ཕུན་སུམ་ཚོགས་པ་འགྲོ་བའི་དོན་དུ་སྣ་ཚོགས་པའི་དཀྱིལ་འཁོར་དུ་སྣང་བར་བརྟག་པའོ། །དེའི་ཕྱིར་ཡང་གསུངས་པ། རྣམ་པར་མི་རྟོག་ཆོས་དག་ལས། །སེམས་ཅན་དོན་དུ་ཡོངས་སུ་རྟོག །རྟོག་པས་བརྟག་པ་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་

སེམས་དཔའ་ཆེ། །ཞེས་གསུངས་ཏེ། དེ་བས་ན་རྡོ་རྗེ་སེམས་དཔའ་ཉིད་དེ་རྟོག་པའི་ལྷ་རྣམས་ཀུན་ཀྱང་སརྦ་བིཏ་ཀྱི་ལྷ་རྣམས་སུ་གྱུར་ནས་མོས་པ་ཇི་ལྟར་འདོད་པ་བཞིན་དུ་སེམས་ཅན་གྱི་དོན་གྱི་དབང་གིས་སྣང་ངོ་། །དེའི་ཕྱིར་ན་དེ་བཞིན་གཤེགས་པ་དང་རིགས་ཀྱི་ལྷ་རྣམས་ཐམས་

ཅད་ཀྱི་དཀྱིལ་འཁོར་བཅུ་གཉིས་བསྡུས་པའི་དོན་དུ་ཡོངས་སུ་བརྟག་པ་དེའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་སྟེ། དེ་ཡང་རྒྱུ་སྦྱངས་པ་དང་། འབྲས་བུ་སྦྱངས་པ་དང་། རྐྱེན་སྦྱངས་པ་གསུམ་གྱིས་འབྲས་བུ་ངན་

Vol. 68 · folio 3a

སོང་གསུམ་སྦྱང་ངོ་། །ཐམས་ཅད་ནི་ཁམས་གསུམ་ཀའོ། །ཡོངས་སུ་སྦྱོང་བ་ནི་ནང་སེམས་ཀྱི་དཀྱིལ་འཁོར་ཏེ་ཕྱག་རྒྱ་དང་། སྙིང་པོ་སྟེ་བཅུ་གཅིག་པའོ། །སྔགས་དང་རིག་པ་སྦྱོང་བའི་ཕྱིར་ན་སྦྱོང་བ་ཞེས་བྱའོ། །སྦྱོང་བའི་ཐབས་ཇི་ལྟ་བུ་ཞིག་གིས་སྦྱོང་

སྙམ་པ་ལ། བཅོམ་ལྡན་འདས་ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་འོད་ཟེར་སྡུད་པའི་ཕྲེང་བ་མང་པོ་ཉིད་ཀྱིས་དཔྲལ་བའི་མཛོད་སྤུ་ནས་བྱུང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྦྱོང་བ་རྣམ་པ་གསུམ་གྱི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར་ན་སྐུ་གསུམ་གྱི་གཙུག་ཏོར་

གྱི་རྒྱུད་ཆེན་པོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཉོན་མོངས་པ་ལྔའི་འབྲས་བུ་མཚམས་མེད་པ་ལྔ་བྱས་པ་དག་མནར་མེད་པའི་དམྱལ་བར་ལྟུང་བ་དེ་ལས་བསྐྱབ་པའི་ཕྱིར་རྣམ་པར་སྣང་མཛད་སྐུའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུའི་དཀྱིལ་འཁོར་དུ་རྩ་བའི་རྒྱུད་གྲུབ་པར་མཛད་པ་དང་།

དེ་བཞིན་གཤེགས་པ་གསུང་གི་རང་བཞིན་སྤྲུལ་པའི་སྐུའི་དཀྱིལ་འཁོར་དུ་དེ་དག་གི་རྐྱེན་དུ་གྱུར་པའི་སྒྲིབ་པ་ལྔ་པོ་དེ་དག་རྣམ་པར་སྦྱོང་བའི་ཕྱི་མའི་རྒྱུད་གྲུབ་པར་མཛད་པ་དང་། དེ་དག་གི་རྒྱུར་གྱུར་པའི་ཉོན་མོངས་པ་ལྔའི་རང་བཞིན་ཅན་སྦྱོང་བའི་ཕྱིར་ན་དེ་བཞིན་གཤེགས་པའི་ཐུགས་ཀྱི་

རང་བཞིན་ཆོས་ཀྱི་སྐུའི་དཀྱིལ་འཁོར་ཕྱི་མའི་ཡང་ཕྱི་མའི་རྒྱུད་དུ་གྲུབ་པར་མཛད་པས་ན་སྐུ་གསུམ་གྱི་གཙུག་ཏོར་གྱི་རྒྱུད་ཆེན་པོ་ཞེས་བྱའོ། །དེ་ལ་ཉོན་མོངས་པའི་འབྲས་བུ་མནར་མེད་པའི་དམྱལ་བ་ཆེན་པོར་ལྟུང་བ་དེ་ལས་བསྐྱབ་པ་ནི་དང་པོའི་དཀྱིལ་འཁོར་གྱི་དགོས་པའོ། །རྒྱུ་དང་

རྐྱེན་སྦྱངས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་གྲུབ་པར་མཛད་པ་ནི་སྐུ་གཉིས་ཉེ་བར་མཚོན་པའི་སྒོ་ནས་ཕྱི་མ་དང་ཕྱི་མའི་རྒྱུད་ཀྱིས་བྱེད་དེ་དགོས་པའི་ཡང་དགོས་པའོ། །དེའི་ཡང་དེའི་དོན་ལ་སྙེགས་པ་ནི་འདི་ཡིན་ཏེ། ཡེ་ཤེས་ཤིན་ཏུ་རྣམ་པར་

Vol. 68 · folio 3b

དག་པའི་དབང་གིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ནི་སྤངས་པ་ནམ་མཁའ་བཞིན་དུ་སྤྲོས་པའི་བག་ཆགས་ཀྱི་ཐ་སྙད་ཐམས་ཅད་ནི་བསལ་བའི་རང་བཞིན་གྱིས་གསལ་བ་ཆོས་ཀྱི་རང་བཞིན་ཡིན་ནོ། །དེ་ལྟར་ཡིན་མོད་ཀྱང་ཡོངས་སུ་དག་པ་དང་མ་དག་པའི་སེམས་ཅན་གདུལ་བའི་དོན་དུ་སྔོན་གྱི་

སྨོན་ལམ་གྱི་ཤུགས་ཀྱིས་སྐུའི་བཀོད་པ་དང་། གསུང་གི་བཀོད་པ་དང་། ཡེ་ཤེས་རྣམ་པར་དག་པའི་དཀྱིལ་འཁོར་དོན་དམ་པ་དང་། ཀུན་རྫོབ་ཀྱི་ཡུལ་འདི་གྲུབ་པར་མཛད་ནས་ངན་སོང་གི་སྡུག་བསྔལ་རྣམས་གཉེན་པོ་ཡེ་ཤེས་དང་། ཐབས་ཀྱི་དཀྱིལ་འཁོར་ཕུན་སུམ་ཚོགས་པའི་སྒོ་ནས་ཕན་

འདོགས་པར་མཛད་པ་ལ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བ་སྐུ་གསུམ་གྱི་བཙུག་ཏོར་གྱི་རྒྱུད་ཆེན་པོའོ། །དེ་ཡན་ཆད་ཀྱིས་ནི་རྒྱུད་ཀྱི་མཚན་བློ་འབྲིང་དོན་རྣམ་

པར་ཕྱེ་བས་གོ་བ་དང་དགོས་འབྲེལ་བསྟན་ནས། ད་ནི་དབང་པོ་ཐ་མ་ཚིག་དང་ཡི་གེ་ལྷུར་བླངས་པས་གོ་བའི་དབང་དུ་བྱས་ནས་བཤད་དེ། དེ་ལ་མདོ་སྡེ་འདི་ལ་ཡང་བསྡུས་ཏེ་བསྟན་པ་དང་རྒྱས་པར་བསྟན་པའོ། །བསྡུས་པར་བསྟན་པ་ལ་ཡང་སྐུ་གསུང་ཐུགས་ཀྱིས་བསྟན་པའི་དང་པོ་ལ་དོན་རྣམ་པ་

གསུམ་སྟེ། དང་པོར་གླེང་གཞི་བསྟན་པ་དང་། གླེང་བསླང་བ་བསྟན་པ་དང་། གཞུང་རྒྱས་པར་བསྟན་པའོ། །གླེང་གཞི་ལ་ཡང་ཕུན་སུམ་ཚོགས་པ་བཞི་སྟེ། དུས་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་

པ་དང་བཞིར་བསྟན་ཏོ། །དེ་ལ་ཅིའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པས་ཐོག་མར་གླེང་གཞི་སྨོས་ཤེ་ན། དེ་ནི་རྒྱུ་གཉིས་ཀྱི་ཕྱིར་སྨོས་ཏེ། རྒྱུ་གཉིས་ནི་ཡང་དག་པར་སྡུད་པར་བྱེད་པ་བདག་ལ་ཡིད་ཆེས་པར་བྱེད་པ་བསྐྱེད་པའི་ཕྱིར་ཡང་ཐོག་མར་གླེང་གཞི་སྨོས་ལ། ཡིད་བརྟན་དུ་རུང་བས་

སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པར་བསྟན་པས་དེ་ལ་གུས་པ་བསྐྱེད་པའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པས་ཐོག་མར་གླེང་གཞི་སྨོས་སོ། །གླེང་བསླང་བ་ལ་ཡང་གཉིས་ཏེ། སྟོན་པས་གླེང་བསླང་བ་དང་། འཁོར་གྱིས་གླེང་བསླང་བའོ། །གཞུང་རྒྱས་པར་བསྟན་པ་ལ་ཡང་བསྡུས་པའི་

Vol. 68 · folio 4a

དོན་བཅུ་གཉིས་ཏེ། དེ་ཡང་གསུམ་དུ་ཤེས་པར་བྱ་སྟེ། རྩ་བའི་རྒྱུད་དང་། ཕྱི་མའི་རྒྱུད་དང་། ཕྱི་མའི་ཡང་ཕྱི་མའི་རྒྱུད་དོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནས། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ་ཞེས་བྱ་བ་ཡན་ཆད་ཀྱིས་གླེང་

གཞི་བསྟན་ཏེ། དེ་ལ་ཡང་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་གཉིས་ཀྱིས་བསྟན། བསྒྲུབ་པར་བྱ་བ་ནི་སྡུད་པ་པོས་བདག་ཉིད་ཚད་མར་བྱ་བ་སྟེ། དེ་ཡང་ཡུལ་དང་དུས་དང་རང་གི་ངོ་བོའི་བྱེ་བྲག་གིས་རྣམ་པ་གསུམ་དུ་བསྟན་ཏེ། དེ་ནི་མ་ནོར་བར་སྡུད་པ་པོ་ཕུན་སུམ་ཚོགས་པའོ། །ངན་སོང་གི་རྒྱུད་

ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནས་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་གདུལ་བར་མི་འགྱུར་བ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་སྟོན་པས་གླེང་བསླང་བ་སྟེ། དེ་ལ་ཡང་སྟོན་པའི་ཆེ་བ་ཉིད་བསྟན་པའི་ཞར་ལ་གཞན་དོན་ཕུན་

སུམ་ཚོགས་པ་དང་། དེ་ལ་ངོ་མཚར་སྐྱེས་པ་ངོ་མཚར་གྱི་རྒྱུ་བཅུ་ཐེ་ཚོམ་བསལ་བ་དང་གསུམ་གྱིས་བསྟན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རང་གི་སྟན་ལས་ལངས་ཏེ་ཞེས་བྱ་བ་ནས་བླ་ན་མ་མཆིས་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བཤད་པར་གསོལ་ཞེས་བྱ་བ་

ཡན་ཆད་འཁོར་གྱིས་གླེང་བསླང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་ཞེས་བྱ་བ་ནས། ཛྙཱ་ན་ས་མ་ཡེ་ཧཱུཾ་ཞེས་བྱ་བས་འཁོར་བྱིན་གྱིས་བརླབས་པ་བསྟན། སྙོམས་པར་ཞུགས་ནས་ཡང་ཞེས་བྱ་བ་ནས། ཨོཾ་ཤ་ཨོཾ་བྷཱ་ཞེས་བྱ་བ་ཡན་ཆད་ཀྱིས་སྦྱོར་བ་དང་པོ་དང་།

དཀྱིལ་འཁོར་རྒྱལ་མཆོག་དང་། ནང་སེམས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་བསྟན། ལྷའི་དབང་པོ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་སྙིང་པོ་འདི་རིགས་ཀྱི་བུའམ་ཞེས་བྱ་བ་ནས་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ་ཞེས་བྱ་བ་ཡན་ཆད་ཀྱིས་

ཕན་ཡོན་བསྟན། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས། དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་བྱ་བ་ཡན་ཆད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་བསྟན། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ་ཕྱིའི་དཀྱིལ་འཁོར་འདི་གསུངས་སོ་ཞེས་བྱ་

Vol. 68 · folio 4b

བ་ནས་དེའི་གཏོར་མ་ཇི་ལྟར་མཐུན་པར་བྱ་ཞེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་ཀྱི་རིམ་པའི་ཆོ་ག་རྒྱས་པར་བཤད། དེ་ནས་སྔགས་པ་བླ་མེད་བྱང་ཆུབ་ཀྱི། །བླ་མེད་གནས་སུ་སློབ་མ་སྨིན་པར་བྱ། །ཞེས་བྱ་བ་ནས། དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་ཡན་ཆད་ཀྱིས་སློབ་མ་གཞུག་པའི་

ཆོ་ག་རྒྱས་པར་བསྟན། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་ཞེས་བྱ་བ་ནས། བྲན་བཞིན་ལས་ཀུན་བྱེད་པར་འགྱུར། །ཞེས་བྱ་བ་ཡན་ཆད་ཀྱིས་ལས་ཀྱི་སྒྲུབ་པ་བསྟན། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བདེ་

གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་བྱ་བ་ཡན་ཆད་ཀྱིས་ཤི་བ་ལ་ཕན་གདགས་པའི་ཆེད་དུ་དབང་བསྐུར་བ་དང་། ལྷའི་གཟུགས་སུ་བརྟགས་པ་དང་། ཁྱིམ་དུ་བཞག་པ་དང་། མཆོད་རྟེན་བྱ་བ་དང་། སྔགས་ཀྱིས་ཕན་གདགས་པ་དང་། སྦྱིན་སྲེག་གིས་ཕན་གདགས་པ་དང་། རོ་བསྲེགས་

པས་ཕན་གདགས་པ་དང་། མི་འགྲུབ་པའི་སྐྱོན་ཡོན་བསྟན་པའོ། །དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །ཞེས་བྱ་བ་ནས་བསྟི་སྟང་དུ་བྱས་ཏེ་ཕྱག་བཙལ་ནས་དེ་བཞིན་དུ་སོང་ངོ་ཞེས་བྱ་བ་ཡན་ཆད་ཀྱིས། དྲི་མ་མེད་པའི་སྐྱེ་གནས་དང་། ཆོ་འཕྲུལ་དང་། མཆོད་པ་བསྟན་ཏོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་

ལ་སོགས་པའི་ལྷ་རྣམས་ཡ་མཚན་དུ་གྱུར་ཏེ་ཞེས་བྱ་བ་ནས་བཅོམ་ལྡན་འདས་བདག་ཅག་གིས་གདོན་མི་ཟ་བར་སངས་རྒྱས་ཉིད་དུ་འགྲུབ་པའི་སྣོད་དུ་གྱུར་པ་ལ་སོགས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུད་ཀྱི་ཡོན་ཏན་བསྟན། བཅོམ་ལྡན་འདས་བརྟག་པའི་རྒྱལ་པོ་འདིས་སེམས་ཅན་གྱི་དོན་བགྱིད་

པ་གང་ལགས་པའི་སྐྱེས་བུ་དམ་པ་ཞེས་བྱ་བ་ནས་བཅོམ་ལྡན་འདས་བདག་ཅག་གིས་ཞུ་བ་བཞིན་དུ་བསྐྱང་བར་བགྱིའོ་ཞེས་བྱ་བ་ཡན་ཆད་ཀྱིས་འཆང་བའི་སྐྱེས་བུ་ཇི་ལྟར་བལྟ་བ་དང་། འཁོར་གྱི་དམ་བཅའ་བ་བསྟན་ཏོ། །ལྷའི་དབང་པོ་ཁྱོད་ཀྱིས་ཇི་ལྟར་སྨྲས་པ་དེ་བཞིན་ཏེ་ཞེས་བྱ་བ་ནས་བག་ཡོད་པར་བྱོས་ལ་སྤྱོད་

ཅིག་ཅེས་པ་ཡན་ཆད་ཀྱིས་རྩ་བའི་རྒྱུད་གཏད་པ་བསྟན་ཏོ། །དེ་ཡན་ཆད་ཀྱིས་ནི་རྩ་བའི་རྒྱུད་ཀྱི་དོན་བསྡུས་བའི་བཤད་པ་རྫོགས་སོ།། །།ད་ནི་འདི་ནས་རྒྱུད་ཕྱི་མའི་དོན་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་ཐུབ་པའི་

Vol. 68 · folio 5a

གཙོ་བོ་ལ་ཕྱག་འཚལ་ནས་ཞེས་བྱ་བའི་བར་གྱིས་ནི་རྒྱུད་ཀྱི་འཆད་པ་པོའི་མཚན་ཉིད་བསྟན་ཏོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནས་བི་ན་ཤ་ནི་ཧཱུཾ་ཕཊ་ཅེས་བྱ་བ་ཡན་ཆད་ཀྱི་སྦྱོར་བ་

དང་པོ་དང་། ནང་སེམས་ཀྱི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་མཆོད་པ་བྱས་ཏེ་ཞེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་ཀྱི་རིམ་པའི་ཆོ་ག་རྒྱས་པར་བསྟན་ཏོ། །དེ་བཞིན་དུ་བཅུ་སྟེ་ཞེས་བྱ་བ་ནས་ལས་

ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བྱ་བ་ཡན་ཆད་ཀྱིས་སློབ་མ་འཇུག་པའི་རིམ་པ་དང་དེའི་ཡོན་ཏན་བསྟན་ཏོ། །ལྷ་དང་ཀླུ་དང་ཞེས་བྱ་བ་ནས་ངན་སོང་ཐམས་ཅད་ལས་གྲོལ་བར་བྱེད་དོ་ཞེས་བྱ་བ་ཡན་ཆད་ཀྱིས་ཤི་བ་ལ་ཕན་གདགས་པ་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་

ན་རྡོ་རྗེས་ཞེས་བྱ་བ་ནས་དེ་ཉིད་ལས་བསྐྱོད་པ་ནི་མཉེས་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་ཕྱག་རྒྱ་བསྟན་ཏོ། །སྐུ་གཟུགས་ཀྱི་ཆོ་ག་ཡང་དེ་བཞིན་དུ་བྱ་བ་སྟེ་ཞེས་བྱ་བ་ནས་ལས་ཐམས་ཅད་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་རས་ཀྱི་བསྒྲུབ་པ་བསྟན་ཏོ། །དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་ཞེས་བྱ་

བ་ནས་ལྷའི་འཁོར་འདི་ཉིད་ཡིན་ནོ་ཞེས་བྱ་བ་ཡན་ཆད་ཀྱི་ལྷའི་བུ་ནོར་བུ་དྲི་མ་མེད་པ་དེའི་སྔོན་གྱི་ལས་གྱི་རྣམ་པར་སྨིན་པ་དང་། ད་ལྟར་གར་སྐྱེས་པའི་ལུང་བསྟན་པ་དང་། སྔོན་དང་ད་ལྟར་གྱི་རྒྱུ་མཐུན་གྱི་སྨོན་ལམ་གྱིས་ཐར་པའི་ཚུལ་བསྟན་ཏོ། །ད་ནི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་བསྟན་ཏེ། དེ་ནས་

བརྒྱ་བྱིན་དང་ཞེས་བྱ་བ་ནས་ལེགས་པར་སྒྲུབས་ཤིག་བཤད་པར་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་མིང་བཅུ་པས་བསྟོད་པ་དང་། གསོལ་བ་གདབ་པ་དང་། གནང་བ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་རྨད་ཀྱི་ཡ་མཚན་དུ་མ་འཇིག་རྟེན་དུ་འབྱུང་ངོ་ཞེས་བྱ་བ་ཡན་ཆད་ཀྱིས་སྦྱོར་

བ་དང་པོ་དང་། ནང་སེམས་ཀྱི་དཀྱིལ་འཁོར་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། སྔགས་ཀྱི་ཆོ་འཕྲུལ་བསྟན་ཏོ། །དེ་ནས་དཀྱིལ་འཁོར་ནི་འདི་ཡིན་ཏེ། ཞེས་བྱ་བ་ནས། མདོར་ན་མཆོད་པ་བྱས་ནས་ཀྱང་། །ཞེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པར་བསྟན་ཏོ། །འཆི་བདག་

Vol. 68 · folio 5b

སྦྲུལ་གྱི་འཇིགས་པ་རྣམས། །ཞེས་བྱ་བ་ནས་དེ་ལྟར་དབང་སྐུར་ནས་ཞེས་བྱ་བ་ཡན་ཆད་ཀྱིས་སློབ་མ་གཞུག་པ་དང་། དབང་བསྐུར་བའི་ཆོ་ག་རྒྱས་པའོ། །ཚེ་བསྲིང་བའི་རིག་པ་འདི་སྦྱིན་ཞེས་བྱ་བ་ནས་ཐེ་ཚོམ་མེད་དོ་ཞེས་བྱ་བ་ཡན་ཆད་ཀྱིས་རས་ཀྱི་སྒྲུབ་པ་དང་། མཚན་མ་དང་

ཡོན་ཏན་བསྟན་ཏོ། །ད་ནི་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གི་དོན་བཤད་དེ། དེ་ལ་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་ནི་འཇིག་རྟེན་པའི་དྲི་ཟ་དང་། གྲུལ་བུམ་དང་། གནོད་སྦྱིན་དང་། ཀླུའི་གདོན་གྱི་འཁོར་ཞི་བར་བྱ་བའི་ཕྱིར་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་གསུངས་ཏེ། དེ་ནས་རྒྱལ་པོ་

ཆེན་པོ་བཞི་ཞེས་བྱ་བ་ནས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་གསོལ་བ་གདབ་པ་དང་གནང་བ་བསྟན་ཏོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ངལ་བསོ་པོས་ཞེས་བྱ་བ་ནས་དེ་ནས་ཀླུའི་རྒྱལ་པོ་མིག་མི་བཟང་གིས་ཀྱང་སྙིང་པོ་འདི་བཤད་དོ་ཞེས་བྱ་བ་ཡན་ཆད་ཀྱིས་སྦྱོར་བ་དང་པོ་དང་། དཀྱིལ་

འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་དེ་དག་གིས་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་སྒོ་བ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ཡན་ཆད་ཀྱིས་དཀྱིལ་འཁོར་གྱི་ལྷ་བསྟན་ལ། དེ་ནས་ཕྱག་རྒྱ་དང་ལྡན་པས་ཞེས་བྱ་བ་ནས། ཆོ་ག་བཞིན་དུ་མཆོད་པ་དབུལ། །ཞེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་

གྱི་ལས་རྒྱལ་མཆོག་གི་རིམ་པ་བསྟན་ཏོ། །དེ་ནས་སྔགས་མཁན་སྔགས་འདི་དང་། །ཞེས་བྱ་བ་ནས། ཕྱག་ན་རྡོ་རྗེ་ཁྲོས་པར་འགྱུར། །ཞེས་བྱ་བ་ཡན་ཆད་ཀྱིས་སློབ་མ་གཞུག་པ་དང་དབང་བསྐུར་བའི་ཆོ་ག་རྒྱས་པ་དང་། དེ་རྣམས་ཀྱི་དམ་བཅའ་བ་བསྟན་ཏོ། །དེ་ནས་ཕྱོགས་སྐྱོང་བའི་དཀྱིལ་འཁོར་ནི་གདོན་སྟོང་

ཕྲག་བརྒྱད་ཅུ་ཞི་བར་བྱ་བའི་ཕྱིར་གསུངས་ཏེ། དེ་ནས་ཕྱོགས་བཅུ་སྐྱོང་བ་རྣམས་ཀྱིས་ཞེས་བྱ་བ་ནས། ལེགས་ཀྱིས་ཕུལ་ཅིག་ཅེས་བྱ་བ་ཡན་ཆད་ཀྱིས་གསོལ་བ་གདབ་པ་གནང་བ་བསྟན་ཏོ། །དེ་ནས་འབྱུང་པོ་རྣམས་ཀྱི་བདག་པོ་དབང་ལྡན་ལ་སོགས་པས་ཞེས་བྱ་བ་ནས་ཨོཾ་བྲ་ཞེས་བྱ་བ་

ཡན་ཆད་ཀྱིས་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་བསྟན་ཏོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས། མཆོད་པ་ཀུན་གྱིས་མཆོད་པར་བྱ། །ཞེས་པ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་རྒྱལ་མཆོག་གི་རིམ་པ་རྒྱས་པར་བསྟན་ཏོ། །དེ་ནས་བདག་ཉིད་ཞུགས་ནས་

Vol. 68 · folio 6a

ཀྱང་། ཞེས་བྱ་བ་ནས། བརྟག་མི་དགོས་པར་གྲུབ་པར་འགྱུར་ཏེ་ཞེས་བྱ་བ་ཡན་ཆད་ཀྱིས་སློབ་མ་གཞུག་པ་དང་། དབང་བསྐུར་བའི་ཆོ་ག་རྒྱས་པར་བསྟན་ཏོ། །དེ་ནས་དེ་དག་མགུ་ནས་ནི། །ཞེས་བྱ་བ་ནས་བདག་ཉིད་ཀྱིས་ཀྱང་ཡོངས་སུ་བསྐྱབ་པར་བགྱིའོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྲུང་

ཞིང་བསྐྱབ་པར་དམ་བཅའ་བ་བསྟན་ཏོ། །དེ་ནས་གཟའ་བརྒྱད་ཀྱི་དཀྱིལ་འཁོར་ནི་གཟའ་དང་དུས་ཚིགས་དང་སྐར་མའི་རླུང་ཞི་བར་བྱ་བའི་ཕྱིར་གསུངས་ཏེ། དེ་ནས་གཟའ་ཆེན་པོ་བརྒྱད་དང་ཞེས་བྱ་བ་ནས། ཨོཾ་ར་ཞེས་བྱ་བ་ཡན་ཆད་ཀྱིས་གསོལ་བ་གདབ་པ་དང་། གནང་བ་དང་། སྦྱོར་བ་དང་

པོ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་གཟའ་རྣམས་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་ཀྱི་རིམ་པ་དང་། སློབ་མ་འཇུག་པའི་རིམ་པ་རྒྱས་པར་བསྟན་ཏོ། །དེ་ནས་གཟའ་ཆེན་པོ་དེ་དག་གིས་ཞེས་

བྱ་བ་ནས་གདོན་མི་ཟ་བར་འཇིགས་པ་མི་འབྱུང་ངོ་ཞེས་བྱ་བ་ཡན་ཆད་ཀྱིས་དམ་བཅའ་བསྟན་ཏོ། །ད་ནི་ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་ཀླུའི་གདུག་པ་ཞི་བར་བྱ་བའི་ཕྱིར་གསུངས་ཏེ། དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱིས་ཕུ་ཞེས་བྱ་བའི་སྒྲ་ཞེས་བྱ་བ་ནས་ཨོཾ་ཕུ་ཞེས་བྱ་བ་ཡན་ཆད་ཀྱིས་གསོལ་བ་དང་། གནང་

བ་དང་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་ཛཿ་ཧཱུྃ་བྃ་ཧོཿཞེས་བརྗོད་དེ་ཞེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་གྱིས་ལས་དང་། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་བུམ་པའི་རྒྱལ་པོ་དང་། །ཞེས་

བྱ་བ་ནས། ཀླུ་རྣམས་དེ་དག་ཐམས་ཅད་འགྲུབ། །ཅེས་བྱ་བ་ཡན་ཆད་ཀྱིས་སློབ་མ་དབང་བསྐུར་བའི་རིམ་པ་བསྟན་ཏོ། །དེ་ནས་དེ་དག་ཀུན་མགུ་ནས། །ཞེས་བྱ་བ་ནས་རྒྱལ་བའི་བཀའ་དང་རྡོ་རྗེ་འཛིན་པའི་བཀའ་རབ་ཏུ་བསྒྲུབ་པར་བགྱི། ཞེས་བྱ་བ་ཡན་ཆད་ཀྱིས་དམ་བཅའ་བསྟན་ཏོ། །དེ་ནས་བསྒྲུབ་

པ་བཤད་དེ་ཞེས་བྱ་བ་ནས། སྦྲུལ་མགོའི་ཕྱག་རྒྱ་སྨོས་ཅི་དགོས། །ཞེས་བྱ་བ་ཡན་ཆད་ཀྱིས་བསྒྲུབ་པ་དང་ཕན་ཡོན་བསྟན་ཏོ། །ད་ནི་འཇིག་རྟེན་པའི་ལྷའི་མི་དགའ་བ་ཞི་བའི་ཕྱིར་ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གསུངས་ཏེ། དེ་ནས་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འཇིགས་པར་བྱེད་པ་ཆེན་པོ་བུད་མེད་བརྒྱད་

Vol. 68 · folio 6b

ཀྱིས་བསྐོར་ནས་ཞེས་བྱ་བ་ནས། ཨོཾ་བ་སྭཱ་ཧཱ། ཞེས་བྱ་བ་ཡན་ཆད་ཀྱིས་གསོལ་བ་གདབ་པ་དང་། རྗེས་སུ་གནང་བ་དང་། སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །བཅོམ་ལྡན་འདས་འཇིགས་པར་བྱེད་པས་ཞེས་བྱ་བ་ནས་དེ་ལྟར་བརྒྱད་ཀྱིས་དབང་བསྐུར་རོ་ཞེས་བྱ་བ་ཡན་

ཆད་ཀྱིས་དམ་བཅའ་དང་། སློབ་དཔོན་གྱི་ལས་རྒྱལ་མཆོག་དང་། སློབ་མ་གཞུག་པའི་ལས་ཀྱི་རིམ་པ་རྒྱས་པར་བསྟན་ཏོ། །དེ་ནས་ལས་རྣམས་སྦྱིན་བྱེད་དེ། །ཞེས་བྱ་བ་ནས། སྐྲག་ནས་དེ་མ་ཐག་ཏུ་གསོད། །ཞེས་བྱ་བ་ཡན་ཆད་ཀྱིས་སྒྲུབ་པ་དང་། དངོས་གྲུབ་བླང་བ་དང་། ཉེས་པའི་སྐྱོན་བསྟན་ཏོ། །ད་ནི་ལྷ་

མི་དགའ་བ་ཞི་བར་བྱ་བའི་ཕྱིར་ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གསུངས་ཏེ། དེ་ནས་ཚངས་པ་ལ་སོགས་པ་ཞེས་བྱ་བ་ནས། ཨོཾ་ཀ་ཞེས་བྱ་བ་ཡན་ཆད་ཀྱིས་གསོལ་བ་གདབ་པ་དང་། སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་

ནས། བུམ་པའི་ཆུ་ཡིས་དབང་བསྐུར་རོ། །ཞེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་ཀྱི་རིམ་པ་དང་། ལས་རྒྱལ་མཆོག་དང་། སློབ་མ་གཞུག་པའི་རིམ་པ་བསྟན་ཏོ། །དེ་ནས་ལྷ་རྣམས་དགའ་བའི་ཞེས་བྱ་བ་ནས་དབང་ཕྱུག་ཆེན་པོ་ཉིད་ཀྱང་གསལ་བར་བགྱིའོ་ཞེས་བྱ་བ་ཡན་ཆད་ཀྱིས་སྒྲུབ་

པ་དང་གསོལ་བ་གདབ་ཅིང་དངོས་གྲུབ་བླང་བ་དང་། དམ་བཅའ་བ་བསྟན་ཏོ། །འཇིག་རྟེན་པའི་དཀྱིལ་འཁོར་གྱི་དོན་བསྡུས་པ་རྫོགས་སོ།། །།ད་ནི་ཚེ་དཔག་མེད་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་དོན་བཤད་དེ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དཀྱིལ་འཁོར་ལ་ཀུན་དུ་

གཟིགས་ནས་འཛུམ་པ་མཛད་པ་དང་ཞེས་བྱ་བ་ནས་ཨོཾ་ཏྲི་གསང་བའི་སྙིང་པོའོ་ཞེས་བྱ་བ་ཡན་ཆད་ཀྱིས་ངོ་མཚར་གྱི་ཆོ་འཕྲུལ་བསྟན་པ་དང་། གསོལ་བ་གདབ་པ་དང་། སྦྱོར་བ་དང་པོ་དང་། ནང་སེམས་ཀྱི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་དེ་དག་གི་

དཀྱིལ་འཁོར་བཤད་དོ་ཞེས་བྱ་བ་ནས་སྒོ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་ཀྱི་རིམ་པ་བསྟན་ཏོ། །དེ་ནས་སྔགས་མཁན་བདག་ཉིད་ཞུགས། །ཞེས་བྱ་བ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ་ཞེས་བྱ་བ་ཡན་ཆད་ཀྱིས་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྟན་

Vol. 68 · folio 7a

ཏོ། །དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ནས། སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཞེས་བྱ་བ་ཡན་ཆད་ཀྱིས་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ཏོ། །དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་སྒྲུབ་པ་བསྟན་ཏོ། །

དེ་ནས་ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱི་ཞེས་བྱ་བ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྤྲོའོ་ཞེས་བྱ་བ་ཡན་ཆད་ཀྱིས་དཀྱིལ་འཁོར་འདིར་ཞུགས་པའི་རྣམ་པར་སྨིན་པ་ཅིར་འགྱུར་ཞུས་པ་དང་། དེའི་ལན་དང་། སྤྲོ་བ་བསྐྱེད་པ་བསྟན་ཏོ། །དེ་ནས་དེ་དག་གིས་དེ་བཞིན་དུ་ཕྱག་བཙལ་ནས་

ཞེས་བྱ་བ་ནས་སྡིག་པ་ཆུང་ངུ་བྱས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ཡན་ཆད་ཀྱིས་ངན་སོང་དུ་འགྲོ་བ་དང་། སྐྱེས་ཟིན་པའི་སེམས་ཅན་རྣམས་ལ་ཕན་གདགས་པའི་རིམ་པ་བསྟན་ཏོ། །དེ་ནས་དུག་གསུམ་གྱི་ལས་དང་ཉོན་མོངས་པའི་བག་ཆགས་སྦྱངས་པའི་ཕྱིར་སྦྱིན་སྲེག་གསུངས་ཏེ། དེ་ཡང་

ལྷའི་བུ་རྣམས་ཞི་བའི་ཞེས་བྱ་བ་ནས། ཡང་ན་མིང་ནས་སྨོས་ཏེ་བྱ། །ཞེས་བྱ་བ་ཡན་ཆད་ཀྱིས་ངན་སོང་དུ་སྐྱེ་བའམ། སྐྱེས་པའི་ལས་དང་ཉོན་མོངས་པ་བསྟན་ཏོ། །དེ་ནས་བདེ་འགྲོར་སྐྱེས་ནས་ཀྱང་། །ཞེས་བྱ་བ་ནས། གཟི་བརྗིད་བདེ་བའི་ལོངས་སྤྱོད་འཕེལ། །ཞེས་བྱ་བ་ཡན་ཆད་ཀྱིས་རྒྱས་པའི་སྦྱིན་སྲེག་གིས་བསོད་

ནམས་འཕེལ་བ་བསྟན་ཏོ། །དེ་ནས་ཕན་ཕྱིར་ངེས་པར་ཡང་། །ཞེས་བྱ་བ་ནས། ཐམས་ཅད་དེ་ཡི་དབང་དུ་འགྱུར། །ཞེས་བྱ་བ་ཡན་ཆད་ཀྱིས་དབང་དུ་བསྡུས་པའི་ལས་བསྟན། དེ་ལ་གདོན་རྣམས་གཞོམ་པའི་ཕྱིར། །ཞེས་བྱ་བ་ནས། མྱུར་དུ་བདེ་སྐྱིད་གནས་པར་འགྱུར། །ཞེས་བྱ་བ་ཡན་ཆད་ཀྱིས་ལྷན་ཅིག་སྐྱེས་པའི་ཡི་དགས་

ལ་སོགས་པ་ཚར་བཅད་ཅིང་ཕན་ཡོན་བསྟན་ཏོ། །དེ་ནས་ཚངས་པ་ལ་སོགས་པ་ཡིད་མགུ་ནས་ཞེས་བྱ་བ་ནས་ལེགས་སོ་ལེགས་སོ་ལེགས་པར་སྒྲུབས་ཤིག་བྱ་བ་ཡན་ཆད་ཀྱིས་དམ་བཅའ་བ་དང་། ཇི་ལྟར་བལྟ་བ་དང་། རྗེས་སུ་གཏད་པ་བསྟན་ཏོ། །རྒྱུད་ཕྱི་མའི་དོན་བསྡུས་པའི་འགྲེལ་པ་སློབ་དཔོན་

ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།འདི་ནས་ནི་བརྟག་པ་ཕྱི་མའི་ཡང་ཕྱི་མའི་དོན་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཨོཾ་བཛྲ་ཧཱུཾ་ཨཱཿཞེས་པའི་བར་གྱིས་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ནང་སེམས་ཀྱི་ཏིང་ངེ་འཛིན་

Vol. 68 · folio 7b

གྱི་རིམ་པ་བསྟན་ཏོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་པ་ནས་འདོད་པའི་ཡོན་ཏན་ལྔས་གང་ངོ་ཞེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་ཀྱི་རིམ་པ་དཀྱིལ་འཁོར་བྲི་བའི་རིམ་པ་བསྟན་ཏོ། །དེ་ནས་སྔགས་མཁན་ཉིད་ཀྱིས་ནི། །ཞེས་བྱ་བ་ནས་པྲ་སིདྡྷ་ཡེ་ཧཱུཾ་ཞེས་པའི་བར་གྱིས་ནི་སློབ་དཔོན་

འཇུག་པ་དང་སློབ་མ་དབང་བསྐུར་བའི་ཕྱིར་རིམ་པ་བསྟན་ཏོ། །དེ་ནས་ལས་ཐམས་ཅད་བྱེད་དུ་གཞུག་ཅིང་ཞེས་པ་ནས། རྡོ་རྗེ་ལས་དང་མཉམ་པར་འགྱུར། །ཞེས་པ་ཡན་ཆད་ཀྱིས་ནི་སེམས་དཔའི་ལྷའི་བཟླས་པ་བསྟན་ཏོ། །དེ་ནས་ལས་རྣམས་བཤད་བྱ་སྟེ། །ཞེས་པ་ནས། འདོད་པ་ཀུན་ཏུ་དབང་བྱེད་འགྱུར།

ཞེས་པའི་བར་གྱིས་ནི་རིགས་བཞི་འཁོར་ལོས་སྒྱུར་བའི་ཕྲིན་ལས་བཞིའི་ལས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་ཞེས་པ་ནས། ཨུཏྤ་ལ་ནི་སྒྲོལ་མར་དགོངས། །ཞེས་པའི་བར་གྱིས་ནི་ལེགས་པར་གསོལ་བ་དང་། འཇིག་རྟེན་པའི་དཀྱིལ་འཁོར་དྲུག་དང་།

རིགས་བཞི་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་དང་། ཉི་མ་མེའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་བསྟན་ཏོ། །ས་ས་ས་ས་ཞེས་བྱ་བ་ནས། ཁ་ཊཾ་ཁ་ཊཾ་ཞེས་བྱ་བའི་བར་གྱིས་ནི་སེམས་དཔའ་བཅུ་དྲུག་གི་ཕྲིན་ལས་བཞིའི་སྔགས་དང་རྩ་བའི་སྔགས་བསྟན་ཏོ། །དེ་ནས་ལྷ་རྣམས་ཀུན་མགུ་

ནས། །ཞེས་བྱ་བ་ནས་ཨོཾ་ཀཱ་ལ་ཡཀྵ་སི་ཧཱུྃ་ཕཊ་ཅེས་པའི་བར་གྱིས་ནི་ཁྲོ་བོ་ཉི་མ་མེའི་གསོལ་བ་གདབ་པ་དང་། སྦྱོར་བ་དང་པོ་དང་། ནང་སེམས་ཀྱི་དཀྱིལ་འཁོར་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་བསྟན་ཏོ། །དེ་ནས་དཀྱིལ་འཁོར་མི་ཟད་པ། །ཞེས་བྱ་བ་ནས། དཀྱིལ་འཁོར་དུ་

ནི་མང་དུ་བཞག །ཅེས་བྱ་བ་ཡན་ཆད་ཀྱིས་སློབ་དཔོན་གྱི་ལས་ཀྱི་དཀྱིལ་འཁོར་དང་མཆོད་པ་དགྲམ་པ་བསྟན་ཏོ། །དེ་ནས་སློབ་དཔོན་བདག་ཉིད་ཀྱང་། །ཞེས་བྱ་བ་ནས་དེ་བཞིན་དུ་དབང་བསྐུར་བར་བྱའོ་ཞེས་པའི་བར་གྱིས་ནི། སློབ་དཔོན་འཇུག་ཅིང་སྒོ་བཞིར་བསྒྲུབ་པ་དང་། དབང་བསྐུར་བའི་རིམ་

པ་བསྟན་ཏོ། །དེ་ནས་ངག་གི་བསྒྲུབ་པ་བཤད་དེ་ཞེས་པ་ནས། བསམས་ནས་ངེས་པར་བརླབ་པར་འགྱུར། །ཞེས་པའི་བར་གྱིས་ནི་བསྒྲུབ་པ་བསྟན་པའོ། །ཁྲོ་བོ་འཇིག་རྟེན་གསུམ་སྣང་ཞེས་པ་ནས། བཟླས་པ་ཚུལ་བཞིན་བསམ་པར་བྱ། །ཞེས་པའི་བར་གྱིས་ནི་བསྲུང་བ་བྱ་བའི་རིམ་པ་

Vol. 68 · folio 8a

བསྟན་ཏོ། །དེ་ནས་ཐབ་ཁུང་གསུམ་ལས་རྣམ་གཅིག་ནི་ཞེས་པ་ནས་ཞི་བའི་ལས་སོ་ཞེས་པའི་བར་གྱིས་ནི་ཉི་མ་མེའི་ཞི་བའི་སྦྱིན་སྲེག་བསྟན་ཏོ། །འབྲས་བུ་ལྡན་པའི་ནགས་ཚལ་ལམ། །ཞེས་བྱ་བ་ནས་རྒྱས་པའི་ལས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་ཉི་མ་མེའི་རྒྱས་པའི་

ལས་བསྟེན་ཏོ། །དབང་ནི་ཆགས་པའི་སེམས་ཀྱིས་ཀྱང་། །ཞེས་བྱ་བ་ནས་དབང་གི་ལས་སོ་ཞེས་བྱ་བའི་བར་གྱིས་ཉི་མ་མེའི་དབང་གི་རིམ་པ་བསྟན་ཏོ། །དེ་ནས་བརྒྱ་བྱིན་ཚངས་སོགས་ལྷ། །ཞེས་བྱ་བ་ནས། མཆོད་པ་སྣ་ཚོགས་བྱས་ནས་ཀྱང་། །ཞེས་བྱ་བའི་བར་གྱིས་མཆོད་པ་བསྟན་ཏོ། །དགའ་

བའི་སེམས་ཀྱིས་སྟོད་བྱེད་པ། །ཞེས་བྱ་བ་ནས། ཐམས་ཅད་རྡོ་རྗེའི་བདག་ཉིད་གཙོ། །ཞེས་བྱ་བའི་བར་གྱིས་ནི་ཕྱག་ན་རྡོ་རྗེ་ལ་བསྟོད་པ་བསྟན་ཏོ། །གང་གིས་འདི་བྲིས་བཀླག་གྱུར་ཏམ། །ཞེས་བྱ་བ་ནས། ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །ཞེས་པའི་བར་གྱིས་ནི་བསྟོད་པའི་ཡོན་ཏན་ཤཱཀྱ་ཐུབ་པས་གསུངས་པ་

བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་ཡི་རང་ངོ་ཞེས་པའི་བར་གྱིས་ནི་རྒྱུད་ཀྱི་གཏད་པ་དང་ཡིད་འཇུག་པ་བསྟན་ཏོ། །རྒྱུད་ཕྱི་མའི་ཡང་ཕྱི་མའི་བཤད་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།ཇི་སྐད་བཤད་པའི་བསྡུས་པའི་དོན་ཐམས་ཅད་ཀྱི་དོན་

བསྟན་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནི་བརྗོད་པར་བྱ་བ་བཤད་པ་ཡིན་ལ། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཡིན་ནོ། །རྒྱུད་དང་། བརྗོད་པར་བྱ་བ་གཉིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་དུ་འབྲེལ་བ་ནི་

འབྲེལ་ལོ། །ཐབས་དང་ཤེས་རབ་ཀྱི་ངོ་བོ་རྣམ་པར་སྣང་མཛད་དང་ཤཱཀྱ་ཐུབ་པ་བརྗོད་བྱར་བསྟན་པས། གདུལ་བྱ་རྣམས་ཀྱིས་མངོན་པར་འདོད་པ་བསྐྱེད་པ་དེ་ནི་དགོས་པའོ། །མངོན་པར་འདོད་པ་བསྐྱེད་པ་དེ་རྣམས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་དེའི་རང་བཞིན་མངོན་སུམ་དུ་བྱེད་པ་ནི་དགོས་

པའི་ཡང་དགོས་པ་ཡིན་ནོ། །རྒྱུད་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཅེས་བྱའོ་ཞེས་གསུངས་སོ། །དེ་ལ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་

Vol. 68 · folio 8b

ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །རྒྱུ་དང་། འབྲས་བུ་དང་། རྐྱེན་སྦྱོང་བར་བྱེད་པས་ན་ངན་སོང་སྦྱོང་བའོ། །དེ་སྟོན་པར་བྱེད་པའི་དེ་ཁོ་ན་ཉིད་བཅུའི་མིང་གི་ཚོགས་ནི་

རྒྱུད་ཅེས་བྱ་བ་སྟེ། རྒྱུད་ནི་རྒྱུད་ཅེས་བྱ་བར་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་བཅུ་ནི་འདི་ལྟ་སྟེ། དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་དང་། བདག་དང་། གནས་ལ་སོགས་པ་བསྲུང་བ་དང་། ལྷ་རྣམས་སྤྱན་དྲངས་པའི་ཆོ་ག་དང་། བཟླས་བརྗོད་དང་། བསྒོམ་པ་དང་།

ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་དང་། སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་པའི་རིམ་པ་དང་། ཉེ་བར་བསྡུ་བ་དང་། མཆོད་ནས་གཤེགས་སུ་གསོལ་བའོ། །དེ་ལ་དཀྱིལ་འཁོར་གྱི་གྲངས་བརྗོད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལ་གཉིས་སོ། །རྒྱུད་ཕྱི་མ་ལ་འཇིག་

རྟེན་ལས་འདས་པའི་གསུམ་མོ། །འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གོ། །འཇིག་རྟེན་པའི་བསྒྲུབ་པའི་དཀྱིལ་འཁོར་གསུམ་མོ། །རྒྱུད་ཕྱི་མའི་ཕྱི་མ་ལ་གཉིས་སོ། །རས་ཀྱི་བསྒྲུབ་པའི་དཀྱིལ་འཁོར་བཞིའོ། །སྦྱིན་སྲེག་གི་དཀྱིལ་འཁོར་བཞིའོ། །སྤྱི་རུ་དྲིལ་བས་

དཀྱིལ་འཁོར་དེ་རྣམས་ཀྱང་རྒྱུ་དང་འབྲས་བུ་དང་དོན་དམ་པའི་དེ་ཁོ་ན་ཉིད་བཅུ་པོར་གྱུར་པ་དེ་དག་ཉིད་རྣམ་པ་གསུམ་གསུམ་དུ་ཡང་འགྱུར་རོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱེ་བས་དེ་ཁོ་ན་ཉིད་བཅུ་པོ་དེ་དག་ཉིད་རྣམ་པ་གཉིས་སུ་

འཇོག་པ་ཡིན་ནོ། །ཡང་ཇི་སྐད་དུ་བཤད་པ་དེ་ཁོ་ན་ཉིད་བཅུ་ལས་ཐོས་པ་དང་བསམས་པའི་ཤེས་རབ་གཉིས་ཀྱིས་རབ་ཏུ་ཕྱེ་ནས་སུམ་ཅུ་རྩ་བདུན་དུ་ཡང་གནས་ཤིང་བསྡུས་པར་ཡང་འདོད་དོ། །དེ་ཉིད་ནི་ཐེག་པ་ཆེན་པོའོ། །དེ་ཁོང་དུ་ཆུད་པ་ནི་མངོན་པར་རྟོགས་པ་སྟེ་མངོན་སུམ་དུ་བྱེད་པའོ། །

དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཅེས་བྱ་བར་བཤད་དོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་བསྡུས་པའི་དོན་བསྟན་པ་རྫོགས་སོ།། །།དེ་ལྟ་བུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་མདོ་

Vol. 68 · folio 9a

བློ་ལ་གནས་པར་བྱས་ནས་སྡུད་པར་བྱེད་པ་ས་བཅུའི་དབང་ཕྱུག་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པའི་རྡོ་རྗེ་འཛིན་པས་བློ་ལ་བཞག་ནས། འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། འདི་སྐད་ཅེས་བྱ་བ་འདི་ནི་ཡང་དག་པའི་སྡུད་པར་བྱེད་པས་མདོའི་དོན་

འོག་ནས་འབྱུང་བ་མཐའ་དག་རང་གི་སེམས་ལ་བཀོད་ནས། བཅོམ་ལྡན་འདས་ལ་བསྐྱེད་པར་སྒྲོ་འདོགས་པ་དང་། དབྲི་བ་སྐུར་བ་སྤངས་པའི་ཕྱིར་འདི་སྐད་ཅེས་བྱའོ། །བདག་གིས་ཞེས་བྱ་བས་ནི་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཐོས་པར་བསྟན་པ་སྟེ། བདག་ཉིད་ཀྱིས་

བཅོམ་ལྡན་འདས་ལ་ཐོས་ཀྱི་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འོངས་པ་ནི་མ་ཡིན་ནོ། །ཐོས་པ་ཞེས་བྱ་བ་འདིས་ནི་བདག་གིས་མ་རྟོགས་ཞེས་བསྟན་པ་སྟེ། ཐོས་པར་ཟད་ཀྱི་རྟོགས་པ་མེད་པར་རྣམ་པར་བཅད་པའོ། །འདིས་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་དང་། མ་ཡེངས་པ་

ཉིད་དུ་སྟོན་པ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་ཀྱིས་བཤད་ཅིང་སྤྲུལ་པའི་ཆོས་རྣམས་མངོན་སུམ་དུ་སྤྱོད་ཡུལ་དུ་གྱུར་པ་ཡང་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཤད་པའི་དབང་གིས་བདག་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་ལ་ཡང་སྣང་ངོ་། །དེ་ལྟར་ནང་གིས་ཀྱང་བདག་ཉིད་སྟོན་པ་ནི་

མ་ཡིན་ནོ། །དེ་ལྟར་མངོན་སུམ་དུ་གྱུར་པས་བསྡུས་པ་དག་ཁ་ཅིག་ལས་ནི་འདི་སྐད་བདག་གིས་ཞེས་བྱ་བར་མི་གླེང་བར། སྣང་མཛད་མངོན་པར་བྱང་ཆུབ་གསང་བ་བཤད། ཅེས་བྱ་བ་སྨོས་སོ། །ཡང་དེ་ལྟར་ཡིན་གྱིས་ཀྱང་འདི་ནི་སྤྲུལ་སྐུས་གསུངས་པ་ཡིན་པས། འདི་སྐད་བདག་

གིས་ཐོས་པ་ཞེས་རིགས་ཏེ། དེ་ཡང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་མྱ་ངན་ལས་འདས་པ་མེད་པས། དུས་ཕུན་སུམ་ཚོགས་པ་མེད་པས་ཇི་ལྟར་འགྱུར་བ་རྣམས་སྟོན་ལ། སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བ་ཡོད་པས་འདི་སྐད་བདག་གིས་ཐོས་པ་

དུས་གཅིག་ན་ཞེས་བྱ་བ་སྨོས་སོ། །ཡང་ན་ཐོས་པ་ཞེས་བྱ་བ་འདིས་ནི་འཆད་པ་པོ་མ་ཡིན་པ་དགག་པ་སྟེ། །རྒྱུད་འདི་ནི་ཡིད་བརྟན་དུ་རུང་བའི་ཚད་མས་བསྡུས་ཀྱི་བདག་ནི་དེའི་ཚེ་ན་ཉན་པར་ཟད་ཀྱིས་འཆད་པ་པོ་ནི་བཅོམ་ལྡན་འདས་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །དུས་གཅིག་ན་ཞེས་

Vol. 68 · folio 9b

བྱ་བ་འདིས་ནི་དུས་གཅིག་གི་ཚེ་སྟེ། འཁོར་འདུས་པའི་དུས་ལྷའི་དབང་པོ་བརྒྱ་བྱིན་གྱི་གནས་དགའ་བའི་ཚལ་དུ་འདི་ཐོས་སོ་ཞེས་བྱ་བ་དང་སྦྱར་རོ། །དེ་ལྟར་དུས་གཅིག་ཅེས་བྱ་བ་འདིས་ནི་ཆོས་འདི་ཐོས་པར་དཀའ་བ་སྟོན་ཏོ། །དུས་ཐམས་ཅད་དུ་འཁོར་དང་གནས་ཐམས་ཅད་ནི་འདི་

འདྲ་བའི་ཆོས་ཐོས་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཡང་ན་སྡུད་པ་པོ་བདག་ཉིད་མང་དུ་ཐོས་པའི་ཡོན་ཏན་དུ་བསྟན་ཏེ། དུས་གཞན་ན་ནི་ཆོས་གཞན་ཡང་ཐོས་སོ། །ཡང་ན་དུས་གཅིག་ན་ནི་འདི་སྐད་ཅིག་མ་ཅིག་ཉིད་དེ། འདིས་ཀྱང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཉིད་ཀྱིས་

སྐད་ཅིག་མ་ཅིག་ཉིད་ལ་དུས་གསུམ་གྱི་བསྐལ་པ་སོ་སོར་སྣང་བས་བདག་ཉིད་ཚད་མའི་སྐྱེས་བུ་ཉིད་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་འདི་སྐད་བདག་བཀའ་སྩལ་པ་ཞེས་མི་བྱ་བར་འདི་སྐད་ཐོས་པ་ཞེས་ཡང་དག་པར་སྡུད་པར་བྱེད་ཅེས་སྨྲ། སླར་ལན་བཏབ་པ། ཐོས་པ་ཞེས་བྱ་བ་ལ་

ལྷག་པར་བསྐྱེད་པར་ཅིའི་ཕྱིར། སྨྲས་པ་ཐོས་པ་ཞེས་བྱ་བ་ལྟ་ཞིག་སུ་ལས་ཐོས་སུས་ཤེས། འདི་སྐད་གསུངས་ཞེས་སྨྲས་པ་དང་། ཞལ་ནས་གསུངས་པ་ཉིད་དུ་བསྟན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། བདག་གིས་ཐོས་པ་ཞེས་བྱ་བ་འདིས་ཀྱང་བཅོམ་ལྡན་འདས་ཀྱིས་

གསུངས་པ་ཉིད་དུ་འགྱུར་ཏེ། འདི་སྐད་ཐོས་པ་ཞེས་བྱ་བའི་སྐབས་གོང་དུ་བཤད་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་སྨྲས་པ་ནི་ཡོན་ཏན་ལྷག་པར་ཡོད་པར་མ་ཟད་ཀྱི། སྐྱོན་འདི་ལྟ་བུ་ཡོད་པར་འགྱུར་རོ། །གང་ཞེ་ན། བདག་ཉིད་ཀྱིས་མངོན་

སུམ་དུ་ཐོས་པ་མ་ཡིན་པར་བསྟན་པར་འགྱུར་ཏེ། དེའི་ཕྱིར་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་སོགས་པའི་ཚིག་ཡིན་པར་གཞན་དག་དོགས་ཤིང་སྡུད་པར་བྱེད་པའི་ཚིག་ལ་སུ་ཡང་ཡིད་ཆེས་པར་མི་འགྱུར་རོ། །འོན་ཏེ་ཡང་བདག་གིས་ཐོས་པ་ཞེས་བྱ་བ་འདི་དང་། བཅོམ་ལྡན་འདས་

ཀྱིས་འདི་སྐད་བདག་གིས་བཀའ་སྩལ་པ། ཞེས་བྱ་བའི་ཚིག་གཉིས་ཀ་སྨོས་ན་ནི་ཚིག་མང་བར་འགྱུར་རོ། །དེ་བས་ན་འདི་སྐད་བདག་གིས་ཐོས་པ་དེ་ཙམ་གྱིས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པར་མངོན་ཏེ་དེའི་ཁོངས་སུ་འདུས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་

Vol. 68 · folio 10a

བའི་ཚིག་ལྷག་པར་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པའི་མདོ་ལས་ཀྱང་། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་མགོ་དྲོངས་ལ། མཇུག་ཏུ་མངོན་པར་བསྟོད་དོ་ཞེས་བྱ་བ་དག་

གིས་ཡང་དག་པར་བསྡུ་བར་བྱོས་ཤིག་ཅེས་ལུང་ཕོག་གོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ལུང་དང་མཐུན་པར་ཡང་དག་པར་བྱེད་པས་བཅོམ་ལྡན་འདས་ཀྱིས་ལུང་བཞིན་བསྡུ་བ་བྱས་པས་རྒོལ་བ་འདི་ནི་མི་རུང་ངོ་། གང་སྐད་ཅིག་ཏུ་རྒོལ་བའི་ལན་སློབ་དཔོན་གཞན་དག་གིས་ཀྱང་བཏབ་

པ། བཅོམ་ལྡན་འདས་ཀྱི་གསུང་གཅིག་ལ་སེམས་ཅན་གྱི་མོས་པ་སྣ་ཚོགས་པའི་དབང་གིས་རྣམ་པ་དུ་མར་བཤད་པ་སྐྱེས་པ་སྐྱེ་བས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱར་མི་རུང་ངོ་། །དེ་བས་ན་བདག་གིས་ཐོས་པ་ཞེས་བྱ་བ་འདིས་ཡང་དག་པར་སྡུད་པར་བྱེད་པས་བདག་ཉིད་ཀྱི་རྣ་བའི་

དབང་པོས་ཐོས་པའི་ལམ་ནས་འོང་བའི་རིམ་པ་སྟོན་པས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཞེས་བརྗོད་དེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་བཤད་པ་ཀུན་ཡང་དག་པར་སྡུད་པར་བྱེད་པ་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །འདིར་བརྒལ་བ་དང་། འོ་ན་ཁྱོད་ཀྱིས་

མཇུག་ན་དེ་སྐད་བཀའ་སྩལ་པ་དང་འགལ་ལོ་ཞེས་པ་དང་། དེ་ནི་འོག་ཏུ་ཐལ་བའི་རྗེས་སུ་སྨྲས་པ་ཡིན་པས་འགལ་བ་མ་ཡིན་ནོ། །དུས་གཅིག་ན་བྱ་བ་འདིས་ནི་བར་ཆད་མེད་པར་བསྟན་ཏེ། ནམ་བཅོམ་ལྡན་འདས་དགའ་བའི་ཚལ་ན་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ངན་སོང་གི་

སྡུག་བསྔལ་ལས་བཏོན་པའི་དུས་དེ་ན་ཞེས་པའོ། །དེས་ནི་མ་འདྲེས་པའི་དོན་བསྟན་ཏོ། །ཁྱོད་ཀྱིས་གང་ལས་གང་དུ་ཐོས་ཤེ་ན། །དེ་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བཅོམ་ལྡན་འདས་དགའ་བའི་ཚལ་ན་བཞུགས་ཏེ་ཞེས་བྱ་བ་དང་སྦྱར་

རོ། །བཅོམ་ལྡན་འདས་དགའ་བའི་ཚལ་དུ་བཞུགས་ཏེ། དེ་ལས་དེར་བདག་གིས་ཐོས་ཞེས་བྱ་བ་སྟེ། ཉོན་མོངས་པ་དང་། ལྷའི་བུ་དང་། ཕུང་པོ་དང་། འཆི་བདག་གི་མཚན་ཉིད་ཅན་གྱི་བདུད་བཞི་བཅོམ་པས་བཅོམ་ལྡན་འདས་སོ། །ཡང་ན་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་བཅོམ་པ་ཉིད་

Vol. 68 · folio 10b

བཅོམ་ལྡན་འདས་ཀྱི་མཚན་བཅོམ་ལྡན་འདས་ཀྱི་སྒྲའི་ནང་ནས་ཡི་གེ་ཨས་ཁྱབ་ལ། ཨས་ནི་ཆོས་ཐམས་ཅད་ཐོག་མ་ནས་བྱུང་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་བསྟན་པ་སྟེ། དེ་ལྟར་ཡང་གསུངས་པ། ཨ་ཞེས་བྱ་བའི་ཆོས་རྣམས་ནི་སྐྱེ་བ་མེད་པར་དགོངས་པ་སྟེ་ཞེས་གསུངས་པའོ། །དེ་ལྟར་ཡི་

གེ་ཨའི་སྒོ་ནས་སྒྲིབ་པ་བཅོམ་པ་དང་། ཆོས་ཀྱི་སྐུ་སྟོང་པ་ཉིད་དང་ལྡན་པས་བཅོམ་ལྡན་འདས་སོ། །ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་དེ་གནས་གང་ན་བཞུགས་སྙམ་པ་ལ། ལྷའི་མཆོག་ཅེས་པ་སྟེ། ལྷ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལྷའི་དབང་པོ་བརྒྱ་

བྱིན་ཏེ། འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་བསྐལ་པ་དཔག་ཏུ་མེད་པར་སྦྱངས་པས་ན་ལྷའི་མཆོག་གོ། །ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱི་ཡང་ཡིད་ཀྱི་དབང་པོ་རྟས་པར་བྱེད་པས་ན་ཐམས་ཅད་ཀྱི་དགའ་བའི་ཚལ་ཡིད་དུ་འོང་བའོ། །ལྷ་དེ་དག་གིས་ལོངས་སྤྱོད་ཀྱི་

རྐྱེན་ཚལ་ཆེན་པོ་བཞི་ཡང་ཡོད་དེ། བྱང་ཕྱོགས་དགའ་བའི་ཚལ་དང་། ཤར་ཕྱོགས་ཤིང་རྟ་སྣ་ཚོགས་དང་། ལྷོ་ཕྱོགས་རྩུབ་འགྱུར་དང་། ནུབ་ཕྱོགས་འདྲེས་པའི་ཚལ་དང་། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ན་ཞེས་བྱ་

བ་དང་སྦྱར་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྔར་བྱིན་གྱིས་བརླབས་པ་བྱས་པའོ། །དེ་བས་ན་ནོར་བུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནོར་བུ་ནི་སྟོན་པའི་ཆེ་བའི་ཡོན་ཏན་ལས་བྱུང་བ་སྟེ། གསེར་གྱི་ཤིང་ཡལ་ག་དང་ལྕུག་མར་བཅས་པ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་

པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པ་ལས་བྱུང་བའོ། །ཤིང་གེལ་པ་ནི་དབང་པོ་ལྔ་རྣམ་པར་དག་པ་ལས་བྱུང་བའོ། །སྨན་ནི་སྟོབས་ལྔ་རྣམ་པར་དག་པའོ། །མེ་ཏོག་ཀ་མ་ལ་ལ་སོགས་པ་བདུན་ནི་རིམ་གྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་

རྣམ་པར་དག་པ་ལས་བྱུང་བའོ། །དཔག་བསམ་གྱི་ཤིང་ནི་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ལས་བྱུང་བའོ། །རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་འབུམ་ཕྲག་རྣམ་པར་དག་པའོ། །བྱ་རྣམ་པ་སྣ་ཚོགས་སྐད་འབྱིན་པ་ནི་ཚངས་པའི་

Vol. 68 · folio 11a

གསུང་དབྱངས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་སྒྲ་སྒྲོགས་པའོ། །རྔ་དང་ཅང་ཏེའུ་ལ་སོགས་པའི་སྒྲ་གྲག་པ་ནི། ཕ་རོལ་ཏུ་ཕྱིན་པ་བརྒྱད་ཀྱི་མཆོད་པ་སྒེག་མོ་ལ་སོགས་པ་རྣམ་པར་དག་པའོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ནི་ཐབས་དང་ཤེས་རབ་

ཀྱི་འབྲས་བུ་ལས། ཐབས་སྦྱིན་པ་ལ་སོགས་པ་རྣམ་པར་སྨིན་པའི་འབྲས་བུའོ། །རྩེན་པ་ཞེས་བྱ་བ་ནི་བསྟོད་པའོ། །དེ་ལྟ་བུ་གནས་སུ་བྱིན་གྱིས་བརླབས་པས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །ན་ཞེས་བྱ་བས་ནི་བཞུགས་པ་དང་

འབྲེལ་ཏོ། །དེ་འདྲ་བའི་གནས་དེ་ན་འཁོད་པའི་འཁོར་ཕུན་སུམ་ཚོགས་པ་ནི་གང་དང་གང་ཞེ་ན། བརྒྱ་བྱིན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྒྱ་བྱིན་ནི་ས་དང་པོའི་བདེན་པ་མཐོང་བས་སྐད་ཅིག་མ་ཅིག་ལ་ཞིང་ཁམས་བརྒྱ་དང་། ཏིང་ངེ་འཛིན་བརྒྱ་ལ་དབང་བྱེད་པས་ན་བརྒྱ་བྱིན་

ནོ། །ས་དང་པོ་འཁོར་བ་གཏན་ནས་སྤངས་ནས། འཇིག་རྟེན་པའི་བདག་པོའི་ཚུལ་གཟུང་བས་ཚངས་པའོ། །རིག་འཛིན་དང་ཞེས་པས་ནི་སོ་སོའི་སྐྱེ་བོ་ལས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཚོགས་རྣམ་པ་གཉིས་བསགས་ནས་སྦྱོར་བའི་ལམ་ནོན། དེར་གཟུང་འཛིན་རགས་པ་

སྤངས་ནས་མཐོང་བའི་ལམ་ནོན་ཏེ། མི་རྟོག་པའི་ས་ལ་གནས་པས་རིག་འཛིན་ནོ། །གནོད་སྦྱིན་ནི་རྣམ་ཐོས་སྲས་དང་། ས་སྲུང་ལ་སོགས་པའོ། །སྲིན་པོ་ནི་བདེན་བྲལ་དང་། བུམ་སྣ་ལ་སོགས་པའོ། །དྲི་ཟ་ནི་ཡུལ་འཁོར་སྲུང་དང་། ཟུར་ཕུད་ལྔ་པ་ལ་སོགས་པའོ། །ལྷ་མ་ཡིན་ནི་རབ་སིམ་

དང་། སྣང་བྱེད་ལ་སོགས་པའོ། །ལྟོ་འཕྱེ་ནི་རབ་བརྟན་ལ་སོགས་པའོ། །མིའམ་ཅི་ནི་ལྗོན་པ་ལ་སོགས་པའོ། །ཀླུ་ནི་དགའ་བོ་ལ་སོགས་པའོ། །དུ་མ་ནི་སོ་སོ་ནས་མང་པོས་བསྐོར་བའོ། །དེ་ལྟར་འཇིག་རྟེན་པའི་འཁོར་ལ་སྨོས་པ་ནི་དེ་དག་སྣོད་དུ་རུང་བར་བྱ་དགོས་པ་དང་།

ཕྱིས་འབྱུང་བ་གཞན་དག་ཀྱང་དད་པ་བསྐྱེད་པ་དགོས་པའི་བྱ་བའི་ཕྱིར་རོ། །དེ་ལ་འཇིག་རྟེན་ལས་འདས་པའི་འཁོར་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ལ་འདི་ལྟ་སྟེ། ཞེས་པ་སྟེ་དེ་ལས་བྱང་ཆུབ་སེམས་

Vol. 68 · folio 11b

དཔའ་ཞེས་བྱ་བ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་ལ། །སེམས་དཔའ་ཆེན་པོ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། དེ་ལ་བྱང་ཆུབ་ནི་ཟད་པ་མི་སྐྱེ་བའོ། །སེམས་དཔའ་ནི་ཐོབ་པར་འདོད་པའོ། །སེམས་དཔའ་ཆེན་པོ་ནི་སེམས་ཅན་གྱི་དོན་བྱ་བ་ལ་མི་འཇིགས་ཤིང་མི་

སྐྱོ་བ་མེད་པར་དམ་བཅའ་ཞིང་གནས་པ་སྟེ། དོན་དུ་ན་བདག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་བྱས་ལ་སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ཤིན་ཏུ་དམ་པ་དག་ལས་གདོན་པར་བྱའོ་ཞེས་སོ། །རྣམ་པ་གཅིག་ཏུ་བྱང་ཆུབ་ནི་དོན་དམ་པ་འོད་གསལ་བ་ལ་བྱ་སྟེ། དེ་ཡང་། བྱང་ཆུབ་ནམ་མཁའི་

མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་སོ། །བྱང་ཆུབ་སེམས་དཔའ་དག་གིས་མཚན་འདིར་བློ་གྲོས་ཞེས་མིང་གི་དོན་གཙོར་སྨོས་ཤེ་ན། དེ་ནི་ཐབས་ཐུགས་རྗེ་ཆེན་པོ་དང་། ཤེས་རབ་སྟེ་སོ་སོར་བརྟགས་པའི་དབང་གིས་འགྲོ་བ་དག་ངན་སོང་ལས་འདྲེན་པའི་སྒོར་གྱུར་པས་ན་དེ་ལ་དེ་སྐད་ཅེས་

བྱའོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ནི་བློ་གྲོས་ཚད་མེད་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདིའི་མཐུ་སྟོབས་ནི་ཚད་མེད་དོ་ཞེས་བྱ་བའི་རྒྱུད་ལས་གསུངས་སོ། །ཡང་ན་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་དང་བའི་བདག་ཉིད་ཅན་གྱི་རང་བཞིན་ཡིན་པས་དང་པོར་

སྨོས་ལ་སྡུད་པ་པོ་འཁོར་གྱི་དང་པོ་ཡིན་པས་ཀྱང་དང་པོར་སྨོས་སོ། །སྤྱན་རས་གཟིགས་དབང་ཕྱུག་ལ་ནི་བློ་གྲོས་མི་གཡོ་བ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། འཇིགས་པ་ཆེན་པོ་བརྒྱད་ཀྱིས་ཟོས་པའི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཀྱིས་སོ་སོར་རྟོག་པ་མཛད་པ་དང་། གཟིགས་

ཤིང་སྐྱོབ་པར་མཛད་པ་ལ་གཞན་གྱིས་ཐུགས་མི་གཡོ་བར་མཛད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ནི་བློ་གྲོས་ཡངས་པ་ཞེས་བྱ་སྟེ། །ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ནམ་མཁའི་དབྱིངས་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ལོངས་སྤྱོད་

པའི་ཕྱིར་ན་ཡངས་པ་ཞེས་བྱའོ། །རྡོ་རྗེ་ཁུ་ཚུར་ལ་ནི་ཀུན་དུ་བློ་གྲོས་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ་ཞེས་བྱ་བ་འདིས། ཆོས་ཐམས་ཅད་གཅིག་ཏུ་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྒོ་ཐམས་ཅད་གཉིས་སུ་དབྱེར་མི་ཕྱེད་པས་

Vol. 68 · folio 12a

ཆོས་ཉིད་ཀྱི་ཁུར་གང་ལ་མངའ་བ་དེའོ། །དེ་ཡང་། གང་ཞིག་མི་སླུ་བདེན་དེ་ཉིད། །རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ། །ཞེས་ལུང་ལས་གསུངས་པ་ཡིན་ནོ། །འཇམ་དཔལ་ལ་ནི་བློ་གྲོས་མཐའ་ཡས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། འདི་ནི་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་གནས་པའི་རྒྱུ་ལས་ངེས་པར་འབྱུང་བའི་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་དབྱིངས་ལ་མཐའ་ཡས་པའི་ཕྱིར་རོ། །རྡོ་རྗེ་ལས་ལ་ནི་བློ་གྲོས་ཀ་མ་ལ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། བྲན་གྱི་ཚུལ་དུ་དེ་འཕགས་པ་ཐམས་ཅད་ལ་མཆོད་པའི་རྣམ་པ་ཐམས་ཅད་སྟོབས་པ་དང་།

སེམས་ཅན་ཐམས་ཅད་ལ་སྦྱིན་པའི་ལས་བྱེད་པ་ལ་གཙོར་གྱུར་པས་ནའོ། །ནམ་མཁའ་མཛོད་ལ་ནི་བློ་གྲོས་ཆེན་པོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཛོད་འདི་ལ་མངའ་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་

གྱིས་འགྲོ་བ་ཡོངས་སུ་ཚིམ་པས་ནའོ། །རྡོ་རྗེ་ལེགས་པ་ནི་བློ་གྲོས་ལྷ་རྫས་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་ཐམས་ཅད་བདག་ལ་འཇུག་པའི་ལས་བྱེད་པས་ལྷ་རྫས་ཀྱི་དགྱེས་པ་སྦྲེལ་བར་བྱེད་དོ་ཞེས་པའོ། །བློ་གྲོས་སྣ་ཚོགས་ནི་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པའོ། །

ཅིའི་ཕྱིར་ཞེ་ན། ཕུང་པོ་དང་ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་ཐམས་ཅད་དེ། དེའི་སྟོབས་ནི་ནུས་པའོ། །དེ་རབ་ཏུ་འཇོམས་ཤིང་ཟློག་པར་མཛད་པའི་ངང་ཚུལ་གང་ལ་མངའ་བ་དེའོ། །ཕྱིར་མི་ལྡོག་པ་ནི་ས་བཅུ་ལ་གནས་པའོ། །བྱང་ཆུབ་སེམས་

དཔའ་འདི་རྣམས་ནི་བསྒྲུབ་པའི་ཡན་ལག་ཏུ་གྱུར་པ་ཡིན་ཏེ། ལུང་ལས་དམ་པའི་ཆོས་ཀྱི་གྲོང་ཁྱེར་སྐྱོང་བར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབུས་ན་བཅོམ་ལྡན་འདས་ཚངས་པ་ཆེན་པོ་པདྨའི་གདན་

ལ་ཚངས་པའི་བཞུགས་ཐབས་ཀྱིས་བཞུགས་ཞེས་བྱའོ། །འདི་ལྟ་སྟེ་པདྨ་ཆུ་ལས་སྐྱེས་ཀྱང་རང་བཞིན་གྱིས་དག་ཅིང་ཆུ་དང་འདམ་གྱི་ཉེས་པས་མ་གོས་པ་བཞིན་དུ་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་འཁོར་བ་ན་གནས་ཀྱང་དེའི་ཉེས་པས་མི་གོས་པའོ། །ཚངས་པ་ཞེས་པས་པདྨ་བཀྲ་ཤིས་

Vol. 68 · folio 12b

པའི་གནས་པས་ན། ས་ཕྱོགས་གང་དུ་སྐྱེས་པའི་ས་ཕྱོགས་དེ་གཙང་མར་གྱུར་པ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ཚངས་པ་ཆེན་པོ་གང་དུ་བཞུགས་པའི་གནས་དེ་ཡང་གཙང་ཞིང་བཀྲ་ཤིས་པའོ། །དེ་ཡང་ལུང་ལས། ཡོན་ཏན་ཡང་དག་རྒྱན་གྱི་དམ་པ་དག །གང་ན་གནས་པར་

གྱུར་པ་དེ་དག་ཏུ། །བཀྲ་ཤིས་བཀྲ་དང་ལྡན་པ་གྱུར་པ་སྟེ། །འབབ་སྟེགས་དེ་ཡིན་དཀའ་ཐུབ་ཚལ་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་ན་པདྨ་དེ་ཡང་ཚངས་པ་ཞེས་གདགས་སོ། །ཚངས་པའི་གདན་དེ་ལ་བཅོམ་ལྡན་འདས་ཚངས་པ་ཆེན་པོ་དེ་བཞུགས་སོ། །ཅིའི་ཕྱིར་ན་བཅོམ་

ལྡན་འདས་ལ་ཚངས་པ་ཆེན་པོ་ཞེས་བྱ་ཞེ་ན། མ་རིག་པ་ལ་སོགས་པའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་པར་མཛད་པས་ན། ཚངས་པ་ཞེས་བྱའོ། །དེའི་ཕྱིར་ཡང་ལུང་ལས་གསུངས་པ། མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །

ཅེས་བྱའོ། །བཞུགས་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་། ཆོས་འཆད་ཅིང་བཞུགས་པ་དང་། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །སྤྱོད་ལམ་གྱིས་བཞུགས་པ་ནི་འཆག་པ་དང་། འགྲེང་བ་དང་། འདུག་པ་ལ་སོགས་པ་ཡིས་སོ། །

ཆོས་འཆད་ཅིང་བཞུགས་པ་ནི་མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་ནས་ཕྱག་གཡོན་པ་བྲམ་ཟེ་སྨྲང་འདོན་པ་ལྟ་བུ་ལ། ཕྱག་གཡས་པ་སྐྱབས་སྦྱིན་མཛད་པས་བཞུགས་པའོ། །ནང་དུ་ཡང་དག་འཇོག་གིས་བཞུགས་པ་ལ་ཡང་རྣམ་པ་གསུམ་གྱིས་བཞུགས་ཏེ། ཚད་མེད་ཚངས་པའི་

བཞུགས་ཐབས་དང་། བསམ་གཏན་ལྷའི་བཞུགས་ཐབས་དང་། རྣམ་ཐར་འཕགས་པའི་བཞུགས་ཐབས་ལས། འདིར་ནི་ཚད་མེད་ཚངས་པའི་བཞུགས་ཐབས་སོ། །བཞུགས་པ་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་གནས་སོ་ཞེས་བྱའོ། །དེ་ཡང་གང་གི་ཚེ་ན་ལྷའི་བུ་ནོར་བུ་དྲི་མ་མེད་པ་དེ་ཤི་བའི་

དུས་བྱས་པ་དེའི་ཚེའོ། །གང་ཞིག་བཞུགས་ན་སྟོན་པ་ཕུན་སུམ་ཚོགས་པ་དེའོ། །གང་ན་བཞུགས་ན་དགའ་བའི་ཚལ་ནའོ། །གང་དང་བཞུགས་ན་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་བཞུགས་ཞེས་བྱའོ། །དེ་ཡན་ཆད་ཀྱིས་ནི་གླེང་གཞི་བསྟན་པའོ། །དེ་ཡན་ཆད་ཀྱིས་ཐུན་

Vol. 68 · folio 13a

མོང་གི་གླེང་གཞི་བསྟན་ནས། ད་ནི་རྒྱུད་ཀྱི་དོན་འབྱུང་བ་ཁྱད་པར་གྱི་གླེང་གཞི་བཤད་པར་བྱ་སྟེ། དེ་ཡང་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་མཚམས་མེད་པའི་དམྱལ་བར་ལྟུང་བ་དེ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་དྲི་མ་མེད་པའི་འོད་ཟེར་གྱིས་གླེང་

བསླང་བའོ། །དེ་ཡང་གང་ལ་སྙོམས་པར་ཞུགས་ཤེ་ན། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། ནང་སེམས་ཀྱི་དཀྱིལ་འཁོར་ནི་འོག་ནས་སྟོན་ཏོ། །ཏིང་ངེ་འཛིན་དེའི་མིང་གང་ཞེ་ན། ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱའོ། །གནས་གང་ནས་

བྱུང་ཞེ་ན། ནང་སེམས་ཀྱི་དཀྱིལ་འཁོར་གྱི་ཐུགས་ཀ་ལ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཞེས་བྱའོ། །ལས་གང་དུ་བྱེད་ཅེ་ན། འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ་ཞེས་སོ། །ཇི་ལྟར་དོན་བྱས་ན། ནང་སེམས་ཀྱི་དཀྱིལ་འཁོར་

དུ་བཅུག་ནས་དྲི་མ་མེད་པ་ལ་སོགས་པ་བདེ་བ་སོ་སོར་ཐོབ་པར་བྱས་ཏེ། དྲིན་ལ་ལན་གྱིས་བླན་ཏེ་བསྟོད་པས་བསྟོད་དེ། དེ་ཡང་ཇི་ལྟར་བསྟོད་སྙམ་པ་ལ། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཞེས་བྱ་བ་ལ་སོགས་པ་སྟེ། ཨེ་མ་ནི་ངོམ་ཞིང་ངོ་མཚར་བ་སྟེ། གང་ལ་ངོམ་ཞིང་

ངོ་མཚར་ན། ནང་སེམས་ཀྱི་དཀྱིལ་འཁོར་གྱི་འོད་ཟེར་དང་། སྔགས་ཀྱི་ཕྲེང་བའི་འོད་ཟེར་གྱིས་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་བག་ཆགས་དག་པར་བྱས། ནང་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་བས་དྲི་མ་མེད་པར་གྲགས་པ་ལ་སོགས་པ་དགའ་ལྡན་གྱི་ལྷའི་

ལུས་ཐོབ་པར་བྱས་པས་ངོམ་ཞིང་ངོ་མཚར་བའོ། །སངས་རྒྱས་ནི་བོད་པའི་ཚིག་གོ། །ཀྱེ་སངས་རྒྱས་འགྲོ་བའི་དོན་སྣ་ཚོགས་པར་མཛད་པ་ནི་རེ་བཟང་ཞེས་བྱ་བའོ། །ཀྱེ་མ་སངས་རྒྱས་ནི་འགྲོ་བའི་དོན་ཇི་ལྟར་མཛད་ཀྱང་ཐུགས་ཆོས་ཉིད་ལས་མ་གཡོས་པས་རེ་བཟང་

ཞེས་བྱའོ། །མཛད་པ་ལེགས་པ་ནི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་སྐུ་གསེར་བཙོ་མ་ལྟ་བུ་སྟོན་པའི་ཆ་བྱད་དང་། གསང་སྔགས་ཚིག་མང་པོ་དང་། ཐུགས་ནང་སེམས་ཀྱི་དཀྱིལ་འཁོར་གྱིས་འགྲོ་བའི་དོན་མཛད་པའོ། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །ཞེས་

Vol. 68 · folio 13b

བྱ་བ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཐུགས་རྗེས་འཁོར་བའི་རྒྱུ་འབྲས་རྐྱེན་གསུམ་སྦྱངས་པའོ། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བྱ་བ་ནི་སེམས་ཅན་དེ་རྣམས་འཁོར་བ་ལས་བཏོན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དགའ་ལྡན་གྱི་གནས་སུ་སྐྱེ་བར་

བྱ་བའི་ཕྱིར་ན་བསྟོད་པ་དེས་བསྟོད་པའོ། །ད་ནི་བཅོམ་ལྡན་འདས་ཀྱིས་དེ་ལྟར་མཛད་པ་ལ་ངོ་མཚར་བསྐྱེད་པ་དེ་ལ་ངོ་མཚར་མི་ཆེ་བའི་རྒྱུ་སྟོན་ཏེ། དེ་ཡང་ལྷའི་དབང་པོ་བརྒྱ་བྱིན་འདི་ནི་ངོ་མཚར་མི་ཆེ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་བསྟན་པ་ནི་ཚད་མེད་

པའི་བསོད་ནམས་ཀྱི་ཚོགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཚད་མེད་ཅེས་བྱ་བས་ནི་རྒྱ་ཆེ་བའི་ཕྱིར་དང་། གཏིང་དཔག་དཀའ་བའི་ཕྱིར་ཏེ། དེ་ཡང་སེམས་ཅན་བསོད་ནམས་ཀྱི་ཕུང་པོ་བཅུ་འགྱུར་གྱིས་ནི་དེ་བཞིན་གཤེགས་པའི་བ་སྤུའི་བུ་ག་གཅིག་འགྲུབ་པོ་ཞེས་བྱ་བ་ནས། གཙུག་ཏོར་

དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་བྱེ་བ་འབུམ་གྱིས་ནི་ཆོས་ཀྱི་དུང་འགྲུབ་བོ་ཞེས་བྱ་བའི་བར་དུ་སྟེ། དེ་ནི་འབྲས་བུའི་སྒོ་ནས་སོ། །རྒྱུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་ནི་བསོད་ནམས་ཀྱི་ཚོགས་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་

འབྱུང་བའི་ཕྱིར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཐབས་ཚད་མེད་པ་ནི་ཇི་ལྟ་ཇི་ལྟར་འདུལ་བའི་ཐབས་དེ་ལ་རྒྱུ་འབྲས་གཉིས་ཀྱིས་སྟོན་ཏེ། རྒྱུ་ཆུང་ངུ་ལས་འབྲས་བུ་མང་དུ་སྟོན་ལ། འབྲས་བུའི་ཐབས་ནི་སེམས་ཅན་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་སྟོན་པས་ན་ཐབས་ཀྱི་ཕ་རོལ་

ཏུ་ཕྱིན་པ་རྫོགས་པའོ། །གཉིས་སུ་མེད་པའི་ཤེས་རབ་ཀྱི་སྤྱི་དང་རང་གི་མཚན་ཉིད་འབྱེད་པའི་ཕྱིར་ན་ཤེས་རབ་ཚད་མེད་པའོ། །སྤྱོད་པ་ཚད་མེད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཚུལ་ཁྲིམས་གསུམ་སྟེ། དེ་ལ་གནས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་བཞིས་འདུལ་བའི་སྐྱེ་བོ་ཚད་མེད་པ་རྣམས་སྣོད་དུ་གྱུར་པར་མཛད་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བརྒྱན་པའི་ཕྱིར། ཐེག་པ་གཞན་དང་མི་མཉམ་ཞིང་ཐེག་པ་ཆེན་པོ་དང་

Vol. 68 · folio 14a

མཉམ་པའི་ཡེ་ཤེས་དང་ལྡན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་ཕྱིར་ལྷ་ཆེན་པོ་དག་དང་། རང་སངས་རྒྱས་དག་དང་མི་མཉམ་ཞིང་། ས་བཅུའི་བྱང་ཆུབ་སེམས་དཔའ་དག་དང་མཉམ་པའི་རྫུ་འཕྲུལ་དང་ལྡན་པའོ། །

ལྷ་ཆེན་པོ་དང་། གནོད་སྦྱིན་དང་། སྟོབས་པོ་ཆེ་དང་། རང་སངས་རྒྱས་དག་དང་མི་མཉམ་ཞིང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དག་དང་མཉམ་པའི་ཞིང་ཉིད་ཀྱིས་ཐེག་པ་འོག་མ་དག་སྨོན་པར་བྱེད་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་

པའི་ཕྱིར་རོ། །ལྷ་དང་སྟོབས་པོ་ཆེ་དང་། རང་སངས་རྒྱས་དག་དང་། གནོད་སྦྱིན་དག་གིས་སྟོབས་དང་མི་མཉམ་ཞིང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་མཉམ་པའི་སྟོབས་བཅུ་དང་ལྡན་པ་སྟེ། རྒྱུ་དང་རྐྱེན་དེའི་ཕྱིར་ན་ལྷའི་དབང་པོ་ངོ་མཚར་མི་ཆེའོ་ཞེས་

བྱའོ། །འདི་ལ་ཐེ་ཚོམ་དང་སོམ་ཉི་ཡིད་གཉིས་མ་བྱེད་ཅིག་ཅེས་པ་ནི། ཐེ་ཚོམ་ནི་ཡིད་མ་ཆེས་པས་རྟོག་པ་ཞུགས་པའོ། །སོམ་ཉི་ནི་བྱ་བའམ་མི་བྱ་བའམ་སྙམ་པའི་སོམ་ཉིའོ། །ཡིད་གཉིས་ནི་རེས་བློ་གཏོད་རེས་བློ་མི་གཏོད་པའོ། །དེ་ནི་སྟོན་པས་གླེང་བསླང་བས་ངོ་

མཚར་གྱི་རྒྱུ་བསྟན་པའོ། །ད་ནི་འཁོར་གྱིས་ཞུས་པ་སྟོན་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རང་གིས་སྟན་ལས་ལངས་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཁམས་ཀྱི་ལྷ་ལ་དབང་བྱེད་པ་དང་། སྦྱིན་པ་དང་། སྤྲུལ་པ་དང་། ཏིང་ངེ་འཛིན་དང་། ཞིང་ཁམས་བརྒྱ་ལ་

དབང་བྱེད་པས་ན་བརྒྱ་བྱིན་ནོ། །རང་གི་སྟན་ནི་རིན་པོ་ཆེའི་ཁྲིའོ། །ཆོས་རག་ལུས་པ་དང་། རིམ་གྲོ་བསྐྱེད་པ་དང་། གུས་པ་བསྐྱེད་པའི་ཕྱིར་རོ། །མཆོད་པ་ནི་རྫས་རྒྱ་ཆེ་བ་དང་། ཡིད་ཀྱིས་སྤྲུལ་པའི་ལྷ་མོའི་ཚོགས་ཀྱིས་མཆོད་པ་ནི་རྒྱ་ཆེ་ཞིང་ཆེ་བའོ། །ཕྱག་ནི་ལུས་

ངག་ཡིད་གསུམ་མོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་བློ་ལ་གནས་པ་སྟེ། འོག་གི་ཚིག་གོ། །ཕན་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་བསྐྱེད་པའོ། །སྙིང་རྗེ་བ་ནི་ཕན་འདོགས་པའོ། །སྙིང་རྗེ་ཅན་ནི་སྡིག་པ་ཆེན་པོ་བྱས་པའོ། །སྙིང་བརྩེ་

Vol. 68 · folio 14b

བ་ཆེན་པོ་ཅན་ནི་ངན་སོང་དུ་ལྷུང་བའི་དོན་ཏོ། །སྤོབས་པ་བསྐྱེད་པ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་དང་། མོས་པའི་མཐུ་དང་། རྒྱུ་དང་འབྲས་བུ་ཞུ་བའི་སྤོབས་པ་བསྐྱེད་དུ་གསོལ་ཞེས་པའོ། །བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་འདི་ཉིད་ནས་ཞེས་བྱ་བ་ནས། བཤད་

པར་བྱ་བ་ཡན་ཆད་ཀྱིས་གསོལ་པ་དང་། ལུང་བསྟན་པ་དང་། འཇིགས་ཤིང་སྐྲག་པ་བསྟན་ནས་གསོལ་བ་གདབ་པ་བསྟན་ཏེ་དཀྱུས་ནས་གསལ་བའོ། །དེ་ཡན་ཆད་གླེང་གཞི་དང་། གླེང་བརྗོད་འབྱུང་བ་ཁྱད་པར་གྱི་དོན་བསྟན་ནས། ད་ནི་གཞུང་བསྟན་པར་བྱ་བ་ལས།

དང་པོར་རྩ་བའི་དཀྱིལ་འཁོར་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ནང་སེམས་ཀྱི་དཀྱིལ་འཁོར་དང་། སློབ་མའམ་འཁོར་སྣོད་དུ་རུང་བར་བྱ་བ་བསྟན་ཏེ། དེ་ལ་དང་པོར་སློབ་མ་སྣོད་དུ་རུང་བར་བྱ་བའི་ཕྱིར་དང་། དམ་ཚིག་ཅན་དུ་བྱིན་གྱིས་བརླབས་པ་

བསྟན་ཏོ། །དེ་ནས་ཞེས་བྱ་བ་ནི་སྐབས་སོ། །དེ་ཡང་གང་གིས་བྱིན་གྱིས་བརླབས་ན་བཅོམ་ལྡན་འདས་ཀྱིས་སོ། །གང་ལ་བྱིན་གྱིས་བརླབས་ན་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་བུ་དེ་དག་སྟེ། བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་ན་གདོན་མི་ཟ་བའི་རྡོ་རྗེ་

བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་ཏོ། །ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་སྦུད་པའི་ཕྲེང་བ་སྤྲོས་པས། དེ་ན་གནས་པའི་སེམས་ཅན་རྣམས་རྒྱུ་ལས་དང་ཉོན་མོངས་པའི་བཅིངས་པ་ཐམས་ཅད་བཀྲོལ་ཞིང་བཅད། འབྲས་བུ་སྡུག་བསྔལ་གྱིས་བཅིངས་པ་ཐམས་ཅད་ནི་བཅོམ་ཞིང་སྦྱངས་ཏེ།

སླར་འདུས་པ་ལས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཇིག་རྟེན་པའི་འཁོར་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་སྦྱངས་ནས་བཀའི་སྣོད་དུ་རུང་བའམ། དམ་ཚིག་ཅན་དུ་བྱིན་གྱིས་བརླབས་སོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གང་ཞིང་ཡོངས་སུ་རྫོགས་པའི་

སྟེང་དུའོ། །སྔགས་གང་གིས་ཤེ་ན། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ་ཞེས་པའི་སྔགས་ཀྱི་ཕྲེང་བ་བཀོད་ནས་དམ་ཚིག་ཅན་དུ་བྱིན་གྱིས་བརླབས་སོ། །དེ་ནི་དཀྱིལ་འཁོར་བྱིན་གྱིས་བརླབས་པའོ། །ད་ནི་སྦྱོར་བ་དང་པོ་ཏིང་ངེ་འཛིན་སྟོན་ཏེ། གདོན་མི་ཟ་བར་མི་ཆོམས་པའི་རྡོ་རྗེས་བྱིན་

Vol. 68 · folio 15a

གྱིས་བརླབས་ནས་ཞེས་བྱ་བ་སྨོས་ཏེ། གདོན་མི་ཟ་བར་ཞེས་བྱ་བ་ནི་རང་གི་སེམས་སོ་སོར་རིག་པ་སྟེ། ཕྱིའི་ཡུལ་དུ་གྱུར་པའི་སྣོད་ཀྱི་འཇིག་རྟེན་རྡུལ་ཕྲ་རབ་འདུས་པ་ལས་གྲུབ་པ་ནི་ཕྱོགས་ཆ་དྲུག་གི་ཆས་གཞིགས་ན་རྡུལ་ཕྲ་རབ་ཙམ་དུ་ཡང་མ་གྲུབ་པ་སྟོང་པ་ཆེན་པོའི་ངང་

དུ་བསྒོམས་ལ། དེ་ལ་ནང་འཛིན་པའི་སེམས་ལ་བརྟགས་ན་ནི་སེམས་ཅིར་ཡང་མ་གྲུབ་སྟེ། རང་བཞིན་གྱིས་འོད་གསལ་བའི་ཡི་གེ་ཨའི་དངོས་པོར་གནས་པར་བསྒོམ་མོ། །དེ་ནས་ཨ་དེ་ལས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་འདིར་གཟུགས་བརྙན་གྱི་རྣམ་པའི་ཚུལ་གྱིས། །

ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། རབ་ཏུ་ཞུགས་ཏེ་ཤེལ་དང་ཟླ་བ་ལྟ་བུའོ། །དེ་ཡང་། དག་པ་ཆེན་པོའི་སྙིང་པ་དག །ནམ་མཁའ་བཞིན་དུ་དྲི་མ་མེད། །གནས་ངན་ལེན་པ་ཀུན་ལས་གྲོལ། །རྣམ་རྟོག་སེལ་བའི་མཆོག་ཡིན་ནོ། །ཉོན་མོངས་དྲི་མ་

ཀུན་དག་ཅིང་། །ཟླ་བ་བཞིན་དུ་སྔ་མའི་སྟེང་། །ཞེས་སོ། །དེ་ལ་ནི་གདོན་མི་ཟ་བར་ཞེས་བརྗོད་དོ། །དེ་ནས་རང་གི་གསང་སྔགས་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བཀོད་ནས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྐར་མའི་རྣམ་པ་ལྟ་བུས་གཟུགས་བརྙན་ལ་སོགས་པའི་ཚུལ་

གྱིས་ཡི་གེ་ཀ་ལ་སོགས་པ་རབ་ཏུ་ཞུགས་ཏེ་ཟླ་བའི་དཀྱིལ་འཁོར་གཉིས་པར་གྱུར་ཏེ། ཉམ་ཐག་རྣམས་ལ་རྗེས་བརྩེ་བས། །སེམས་ཅན་ཡོངས་སུ་འཛིན་པས་ནི། །དགེ་བའི་ཆོས་རྣམས་རྫོགས་པ་སྟེ། །ཉོན་མོངས་ཐམས་ཅད་ངེས་འདུའོ། །ཟླ་བའི་དཀྱིལ་འཁོར་དབུས་

སུ་ནི། །བྱང་ཆུབ་སེམས་ནི་གཉིས་པའོ། །ཞེས་གསུངས་སོ། །དེ་ལ་ནི་མི་ཆོམས་པ་ཞེས་བྱའོ། །དེ་ནས་དེ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་ཧཱུཾ་ཐ་མ་ན་ཚུར་ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་

པའི་སྔགས་ཀྱི་ཕྲེང་བ་དེ་རྣམས་ཀྱང་མར་མེའི་ཕྲེང་བ་བསྐོར་བ་ལྟར་གཡོ་བ་དང་། ལྡེམ་པ་དང་འོད་དང་ཟེར་དུ་བཅས་པ་རྣམས་དང་། རྣམ་པར་ཤེས་པ་མི་གནས་ན་ཡང་གནས་པར་གནས་བཞིན་དུ་བསྒོམ་མོ། །དེ་ལས་འོད་ཟེར་སྤྲོ་བ་དང་། བསྡུ་བས་རྡོ་རྗེ་རྩེ་ལྔ་བར་བསྒོམ་སྟེ། དེ་ཡང་གསུངས་

Vol. 68 · folio 15b

པ། བྱང་ཆུབ་བསྐལ་པ་གྲངས་མེད་གསུམ། །བསྡུས་པ་དག་ནི་ཆོས་ཉིད་དེ། །དམ་ཆོས་མཆོག་གི་གྲངས་མེད་པའི། །སྤྱད་པ་སྤྱོད་པའི་མཆོག་ཡིན་ནོ། །ས་དང་ས་མིན་ལེགས་རྟོགས་ཤིང་། །ཟག་མེད་ཡེ་ཤེས་དག་པའོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཆོས་

ཅན་གྱིས་བརྟགས་པ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ལ་ནི་རྡོ་རྗེ་ཞེས་བྱའོ། །བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི། དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཡེ་ཤེས་ལྔ་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཐམས་

ཅད་དང་། ལྷ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དབྱིངས་དང་། གསུང་དང་ཐུགས་ཐམས་ཅད་ཀྱི་རྡོ་རྗེ་དབྱིངས་ཐམས་ཅད་སྙིང་གར་བསྡུས་ཏེ་གཅིག་ཏུ་བརྟན་པར་བྱའོ། །དེ་ཡང་གསུངས་པ། །སངས་རྒྱས་ཀུན་གྱི་སྐུ་ཡང་ཡིན། །སྐྱོན་མེད་སྣང་བ་མེད་པ་སྟེ། །བཅོས་མིན་མ་སྐྱེས་

དག་པ་དང་། །དངོས་མེད་ལ་སོགས་རྣམ་སྤངས་པ། །རྫས་མེད་ཆོས་ཀྱི་སྐུ་ཉིད་ནི། །འདི་ནི་མི་ཆོད་མི་ཤིག་པའོ། །རྡོ་རྗེ་བདག་ཉིད་ལེགས་འབྱུང་བའི། །རྡོ་རྗེ་སྐུ་ནི་བླ་མེད་པའོ། །ཞེས་གསུངས་སོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཞེས་བྱ་བ་ཀུན་རིག་རྣམ་པར་སྣང་

མཛད་ཀྱི་སྐུར་ཕྱག་རྒྱ་ཆེན་པོར་གྱུར་ཏེ། ལུས་དང་དེ་བཞིན་སྦྱོང་བ་དང་། །སྦྱོང་དང་དེ་བཞིན་རྟོགས་པ་དང་། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །སངས་རྒྱས་ཀུན་བདག་བཟང་པོའོ། །ཞེས་སོ། །སྐུ་མདོག་ནི་དུང་ལྟར་དཀར་བ། མེ་ཏོག་ཀུན་ད་ལྟར་སྣུམ་ལ་འདྲིལ་བ། ཟླ་བ་ལྟར་འོད་དང་

ལྡན་པ་ཞལ་བཞི་པ་ལ་དབུ་མཐོན་མཐིང་ལྕང་ལོར་འཁྱིལ་བ། །རྡོ་རྗེ་མཚན་པའི་སེང་གེའི་གདན་པདྨ་ཁ་དོག་སྣ་ཚོགས་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པར་བསྒོམས་ཏེ་དེ་ལྟར་འདི་

ཉིད་ལས། །དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི། དུང་དང་ཀུན་ད་ཟླ་འདྲ་ལ། །ཞལ་བཞི་པ་ལ་རྡོ་རྗེ་ཡིས། །སེང་གེའི་གདན་ལ་བཞུགས་པ་དང་། །ཏིང་འཛིན་ཕྱག་རྒྱ་ལྡན་པ་དང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྲི། །ཞེས་པའོ། །དེ་ནས་ནམ་མཁའ་ལས་བྱུང་པའི་རིན་པོ་ཆེའི་དབང་

Vol. 68 · folio 16a

བསྐུར་བ་དང་། སྤྱན་རས་གཟིགས་ཀྱི་ཆོས་ཀྱི་ཡེ་ཤེས་བསྐྱེད་པ་དང་། ཆོ་འཕྲུལ་བཞིས་ཀྱང་བྱིན་གྱིས་བརླབས་ཏེ། སྙིང་གར་རྡོ་རྗེ་བསྒོམས་པ་དང་། དཔྲལ་བར་རིན་པོ་ཆེ་བསྒོམ་པ་དང་། ཁར་པདྨ་བསྒོམ་པ་དང་། སྤྱི་བོར་རྒྱ་གྲམ་བསྒོམ་པ་ནི་བྱིན་གྱིས་བརླབས་པ་

དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པའི་ཆོ་འཕྲུལ་ལོ་ཞེས་སློབ་དཔོན་ལ་ལ་དག་བཞེད་དོ། །བདག་གིས་ནི་རིགས་པར་མ་མཐོང་སྟེ། སེམས་མ་བཞིས་གནས་བཞིར་བྱིན་གྱིས་བརླབ་པར་འདོད་དོ། །ཇི་ལྟར་སྔོན་གྱི་སངས་རྒྱས་དང་། །སྔགས་ཀྱི་ཚུལ་གྱིས་

སངས་རྒྱས་པ། །དེ་ལྟར་བདག་ཀྱང་སངས་རྒྱས་སོ། །ཞེས་པའོ། །རིག་པ་ཆེན་མོ་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་མཐུས་བཅོམ་པ་སྟེ། ད་ལྟར་ཤོ་དྷ་ནེའི་སྔགས་ཀྱི་ཕྲེང་བ་ཡེ་ཤེས་ཀྱི་འོད་ཟེར་དང་བཅས་པའི་འཕྲོ་འདུ་ལས་སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་རྒྱུད་ཀྱི་

འཆིང་བ་འདོད་ཆགས་ཞེ་སྡང་གཏི་མུག་ཐམས་ཅད་རྣམ་པར་ཆད་ནས་སྐྱེ་བོ་ལྷ་དང་མི་ཕུན་སུམ་ཚོགས་པར་འགྱུར་རོ། །དམྱལ་བ་ཡི་དགས་བྱོལ་སོང་གི་ངན་སོང་ཐམས་ཅད་རྣམ་པར་སྦྱངས་ནས་ཚ་གྲང་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་རྣམས་རབ་ཏུ་ཞི་སྟེ། སྐྱེ་བོ་རྣམས་བདེ་བ་དང་

ལྡན་པར་གྱུར་ཏོ་ཞེས་བྱའོ། །དེ་ལྟར་བསྐྱེད་པ་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྒོམས་པའི་དབུས་སུ་ཧཱུཾ་གི་མཐའ་མ་ན་ཚུར་ཤོ་དྷ་ནེའི་སྔགས་ཀྱི་ཕྲེང་བ་སྔ་མ་བཞིན་དུ་བཀོད་པ་དང་། གཞན་ཡང་འོག་ནས་འབྱུང་བའི་སྔགས་རྣམས་ལས་སྐད་ཅིག་མས་སམ། སྤྲོ་བ་དང་བསྡུ་

བའི་སྦྱོར་བས་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་ལ། ལྷ་དེ་དག་གི་ཐུགས་ཀར་ཡང་ཤོ་དྷ་ནེའི་སྔགས་ལ་སོགས་པ་བཀོད་ལ། དེ་དག་ཀྱང་གཡོ་བའི་འོད་ཟེར་དང་ལྡན་པའོ། །དེ་ནས་སྔགས་དེ་དག་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་གསལ། དེ་ནས་བདག་ཉིད་ཀྱི་

ཁོང་པའི་ནང་གསལ་བར་འགྱུར། དེ་ནས་ཐུགས་དཔལ་བེའུ་དང་། སྤྱན་དང་མཛོད་སྤུ་དང་། བ་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྟེང་འོག་མིན་གྱི་གནས་མན་ཆད་ནས། འོག་དམྱལ་བ་ཚ་གྲང་ཡན་ཆད་དུ་ཁྱབ་པས་འོད་

Vol. 68 · folio 16b

ཟེར་དེ་ལས་སྔགས་ངན་སོང་གསུམ་གཞོམ་པའི་སྔགས་རྒྱུད་ཕྱི་མ་ནས་འབྱུང་བས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་བཅིང་བ་ལྔས་བཅིངས་པ་བཀྲོལ་ཞིང་བཅད་ནས་སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ལུས་ངག་ཡིད་གསུམ་སྦྱངས། སླར་འདུས་པས་སེམས་ཅན་ཐམས་ཅད་བདག་ཉིད་ཀྱི་ཉེ་འཁོར་

དུ་བཀུག་གོ། །བཀུག་ནས་གོང་གི་བྱིན་གྱིས་བརླབས་པའི་སྔགས་ཀྱིས་གནས་ཉི་ཤུ་རུ་སྣོད་དུ་རུང་བར་བྱིན་གྱིས་བརླབས་སོ། །དེ་ནས་ཁམས་གསུམ་གྱི་སེམས་ཅན་དེ་དག་ནང་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ་གནས་སོ། །དེ་ནས་ཡང་ཡེ་ཤེས་ཀྱི་འོད་ཟེར་གོང་མ་ལྟར་འཕྲོས་པས་ཡེ་ཤེས་ཀྱི་

འོད་ཟེར་དང་སྐུ་གསུང་ཐུགས་སྤྱན་དྲངས་ཏེ་བསྟིམས་པས་དབང་བསྐུར་བའི་ནུས་པ་དང་ལྡན་པར་བྱས་སོ། །བདག་ཉིད་ཀྱང་དེའི་བྱིན་གྱིས་བརླབས་སོ། །དེ་ནས་རིག་པའི་དབང་དང་། རྡོ་རྗེ་བརྟུལ་ཞུགས་དང་། དམ་ཚིག་གསུམ་དང་། རྗེས་སུ་གནང་བ་དང་། དབུགས་

དབྱུང་བ་དང་། ལུང་བསྟན་པ་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པ་བསྐུར་བས་སེམས་ཅན་ཐམས་ཅད་ཀྱི་བཅིངས་པ་ཐམས་ཅད་རྣམ་པར་བཅད་དོ་ཞེས་པ་ལ་སོགས་པའོ། །དེ་ནས་ཕྱིར་བྱུང་སྟེ་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ། ཀྱེ་མ་སངས་རྒྱས་ཀྱེ་སངས་རྒྱས། །ཞེས་བྱ་བའི་བསྟོད་

པས་ཀྱང་བསྟོད་དོ། །དེ་ནས་ནང་སེམས་ཀྱི་དཀྱིལ་འཁོར་ལ་བདག་གིས་ཀྱང་མཆོད་ཅིང་བསྟོད་དེ། ཞིབ་ཏུ་མཆོག་སྡེབས་ལས་ཤེས་པར་བྱའོ། །དེས་ནི་སྦྱོར་བ་དང་པོ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་བསྟན་ཏོ། །ད་ནི་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་སྟོན་ཏེ། དེ་ལྟར་

བདག་བསྐྱེད་ནས་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །དེ་ཡང་དང་པོ་སྟོང་པའི་དོན་ཤེས་པར་བྱ་བ་དང་། འབྱུང་བ་རིམ་གྱིས་བསྐྱེད་ནས་བྷྲཱུཾ་ལས་གཞལ་ཡས་ཁང་སློབ་དཔོན་གྱིས་ལས་ཀྱི་རིམ་པ་ལས་འབྱུང་བ་བཞིན་དུ་བསམས་ལ། དེའི་ནང་དུ་སེང་གེའི་གདན་ལ་སོགས་པ་བསམས་ཏེ་

གདན་གྱི་སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་ལ་སོགས་མངོན་པར་བྱང་ཆུབ་པ་བསྟན་པས་གནས་པའམ། ཐབས་དང་ཤེས་རབ་ཞུ་བའི་ཚུལ་གྱིས་བསྐྱེད་པ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་ཡང་བྱས་ནས། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ལྷ་རྣམས་གདོན་པར་

Vol. 68 · folio 17a

བྱའོ། །དེ་ཡང་ཐུགས་ཀ་ནས་ཟླ་བའི་དབུས་སུ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་སརྦ་ས་ཏཱེ་བྷྱཿ། ཧཱུཾ་ཞེས་པའི་སྔགས་དེ་རྣམས་དབུས་ནས་ཤར་ཕྱོགས་སུ་རིམ་པས་སྔགས་ཀྱི་ཕྲེང་བའི་ཚུལ་དུ་བསྐོར་ཏེ། ཕྱོགས་བཞིར་བཀོད་པ་བསྒོམ་མོ། །དེ་ལས་འོད་ཟེར་

འཕྲོས་པས། སེམས་ཅན་གྱི་རྒྱུ་ལས་དང་ཉོན་མོངས་པའི་འཆིང་བ་དང་། འབྲས་བུ་སྡུག་བསྔལ་བཀྲོལ་ཞིང་བཅད་ནས་སླར་འདུས་པ་ལས་སྔགས་ཀྱི་ཕྲེང་བའི་ཡིག་འབྲུ་རྣམས་ལ་ཐིམ་པ་ལས་འོད་དུ་ཞུ་བ་ལས་རིན་པོ་ཆེ་སྔོན་པོ་ཟུར་གསུམ་པ་ཅིག་ཏུ་གྱུར་ཏོ། །དེ་ལས་སྤྲོ་བ་དང་བསྡུ་བ་

ལས་རིགས་ལྔའི་སྐུ་གསུང་ཐུགས་ཐམས་ཅད་འདུས་ནས་རིན་པོ་ཆེ་ལ་ཐིམ་པས་བརྟན་པར་བྱས་སོ། །དེ་ལས་སྐུ་ཕྲ་མོ་མང་པོ་སྤྲོ་བ་དང་བསྡུ་བས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འགྲོ་བའི་དོན་བྱས་ནས་སླར་འདུས་པ་རིན་པོ་ཆེ་ལ་ཐིམ་པས་བཅོམ་ལྡན་འདས་རིན་ཆེན་ཏོག་མཉམ་པ་

ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའི་སྐུར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བཏོན་ནས་བཀའ་ནོད་པའི་ཚུལ་དུ་གནས་པ་ལས་ནམ་མཁའ་ལས་བྱུང་བའི་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་རོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པས་ཀྱང་བྱིན་གྱིས་གནས་བཞིར་བརླབ་པོ། །

དམ་ཚིག་གི་ཕྱག་རྒྱ་ལག་ཏུ་བྱིན་ནས་མིང་རིན་ཆེན་ཏོག་ཅེས་ལན་གསུམ་བོས་ཏེ་དབང་བསྐུར་ནས། རང་གི་ལས་ལ་གཞག་སྟེ། ལྷོ་ཕྱོགས་སུ་རེའུ་མིག་ལ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་སུ་གསོལ་ལོ། །དེ་བཞིན་དུ་ཐམས་ཅད་འོག་ནས་འབྱུང་བ་ལ་ཡང་ཤེས་པར་

བྱའོ། །དེ་ཡང་ཀུན་དུ་བཟང་པོ་བྱང་ཆུབ་སེམས་ལ་གནས་པ་དང་། དེ་དག་གི་འཕྲོ་འདུ་ལས་དམ་ཚིག་གི་ཕྱག་རྒྱར་གྱུར་པ་དང་། དེ་ལ་སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བསྡུ་བ་དང་། དེ་ནས་སོ་སོའི་སྐུར་གྱུར་ཏེ་དཀྱིལ་འཁོར་དུ་དགོད་པ་དང་། དེ་ལ་དབང་བསྐུར་བ་དང་། བྱིན་གྱིས་

བརླབས་པ་དང་། མིང་གདགས་ཤིང་ལས་བཅོལ་བ་ནི་གོང་ལྟར་རོ། །ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པས་སྤྲོ་བ་དང་བསྡུ་བ་ལས་རྡོ་རྗེ་པདྨར་གྱུར་ཏོ། །དེའི་སྐུ་འཕྲོ་འདུ་ལས་ནི་ཤཱཀྱ་ཐུབ་པའི་སྐུར་གྱུར་ཏོ། །དེ་ལ་ཡང་བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་དང་མིང་བཏགས་ནས་

Vol. 68 · folio 17b

ནུབ་ཀྱི་རྡོ་རྗེ་པདྨས་མཚན་པའི་སྟེང་དུ་དགོད་དོ། །ཡང་ཨོཾ་བཛྲ་ཏྲཊ་ཅེས་པའི་སྔགས་ཀྱི་ཡི་གེ་ལས་འཕྲོ་བ་དང་འདུ་བ་ལས་རྡོ་རྗེ་རྒྱ་གྲམ་དུ་གྱུར། དེའི་འཕྲོ་འདུ་ལས་བརྟན་པར་གྱུར་ཏོ། །དེའི་འཕྲོ་འདུ་ལས་མེ་ཏོག་ཆེར་རྒྱས་ཀྱི་སྐུར་གྱུར་ཏེ། བཀའ་ནོད་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་

བརླབས་པ་དང་། ཕྱག་རྒྱ་སྦྱིན་པ་ལ་སོགས་པ་བྱས་ནས་བྱང་ཕྱོགས་ཀྱི་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་པདྨ་དང་ཟླ་བའི་སྟེང་ན་བཞུགས་སོ། །དེ་ནས་ཡང་ཐུགས་ཀའི་ཧཱུཾ་ལས་སྤྲོས་ཤིང་འདུས་པ་ལ་རྡོ་རྗེ་དེའི་སྤྲོ་བསྡུ་བརྟན་པར་གྱུར། དེའི་འཕྲོ་འདུས་ངན་སོང་སྦྱོང་བའི་སྐུར་བསྐྱེད། དེ་སྤྲོ་བ་དང་བསྡུ་བས་

འགྲོ་བའི་དོན་བྱས། བཀའ་ནོད་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབས་ཏེ། དམ་ཚིག་བྱིན་ནས་མིང་བཏགས་ཏེ་རྡོ་རྗེས་མཚན་པའི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་སུ་གསོལ་ལོ། །སངས་རྒྱས་བཞི་པོ་དེ་ཡང་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་དང་། །

མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའི་ངོ་བོ་ལས་བྱུང་བ་ཐམས་ཅད་སེང་གེའི་གདན་རིན་པོ་ཆེ་ལ་སོགས་པ་རིགས་ཀྱི་མཚན་མས་བརྒྱན་པའི་སྟེང་ན་བཞུགས་སོ། །སྔགས་དེ་རྣམས་ནི་བསྐྱེད་པའི་རྐྱེན་ཡང་ཡིན་ལ་དེ་དག་ཐུགས་ཀར་དགོད་པ་ཡང་ཡིན་ལ། སྐུའི་ཙ་ཀ་ལི་དགོད་པ་ཡང་

ཡིན་ནོ། །བཅོམ་ལྡན་འདས་ཀྱི་སྔགས་འདིས་ནི་སྐུ་དེ་དག་གི་སྐྱེད་པ་ཡང་བྱེད་ལ། ཕྱི་མ་ནས་ལྷ་མོ་དང་བསྐལ་བཟང་ནས་འགྲོ་བ་རིགས་དྲུག་པ་བསྐྱེད་པ་ལ་སོགས་པ་བྱའོ་ཞེས་འབྱུང་། ཡང་ན་སྔགས་རིང་པོ་འདི་དང་ཧཱུཾ་གིས་ནི་གཙོ་བོའི་སྐུ་བསྐྱེད་ལ། ཤོ་དྷ་ནེའི་སྔགས་

ཀྱིས་ནི་ཤར་ཕྱོགས་ཀྱི་ངན་སོང་སྦྱོང་བ་བསྐྱེད་དོ་ཞེས་འབྱུང་སྟེ་ཉེས་པ་མེད་དོ། །གཞན་ཡང་སྙིང་པོ་དང་ཉེ་བའི་སྙིང་པོ་ཞེས་འབྱུང་བ་ནི་སྙིང་པོ་ནི་སྐུ་བསྐྱེད་པའོ། །ཉེ་བའི་སྙིང་པོ་ནི་ཐུགས་ཀར་དགོད་པའོ། །ད་ནི་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་བསྐྱེད་པར་བྱ་སྟེ། དེ་ཡང་བསྐྱེད་པའི་སྙིང་པོ་ནི་སརྦ་

བིཏ་བཅུ་གཉིས་ཀྱིས་བསྐྱེད་པར་བྱ་སྟེ། སརྦ་བིཏ་ཅེས་པ་ནི་ཐམས་ཅད་རིག་པ་ཞེས་ཟེར་ཏོ། དེ་ཉིད་ཡེ་ཤེས་ཉིད་ཡིན་པས་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་བསྐྱེད་དོ། །དེ་ཡང་བསྐྱེད་པའི་ཐབས་ནི་བཛྲ་སཏྭ་ཞེས་པ་ལ་སོགས་པའི་སྔགས་བཅུ་དྲུག་དང་། སྒྲ་ཡིག་བཅུ་གཉིས་དང་། སརྦ་བིཏ་བཅུ་

Vol. 68 · folio 18a

གཉིས་སོ། །དེ་ལ་སྒྲ་ཡིག་བཅུ་གཉིས་སངས་རྒྱས་ཀྱི་ས་བཅུ་གཉིས་ཀྱི་རང་བཞིན་ཏེ། དེ་ཡང་དཔལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས་དེ་བཞིན་གཤེགས་པས་ས་བཅུ་གཉིས་གསུངས་ཏེ། ཀུན་དུ་འོད་ཀྱི་ས་ཆེན་པོ། །དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་

ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་སོ་སོར་གནས། །རྡོ་རྗེ་འདི་ནི་ཞི་བ་སྟེ། །ས་དེ་ཉིད་ནི་ཡིད་དགའ་བའོ། །བསམ་པ་ནང་གི་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་

བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ཅེས་དྲུག་པ་ལ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པ་ཆོས་ཉིད་ཕྱིར། །དྲི་མ་མེད་པ་ཡོངས་སུ་བཟུང་། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་བྱ་བ་ནི། །དེ་ལ་

དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་འབིགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་རང་རིག་པ། །རྣལ་འབྱོར་ཡེ་

ཤེས་རབ་ཏུ་རྫོགས། །ཞེས་སོ། །དེ་ཡང་ཨ་ལ་སོགས་པས་བསྐྱེད་པའོ། །བཛྲ་སཏྭ་ཞེས་པ་སྔགས་བཅུ་དྲུག་དང་། བིཏ་བཅུ་གཉིས་དང་། སྟོང་པ་བཅུ་དྲུག་ནི་ཐ་དད་པ་མ་ཡིན་ཏེ་ཡེ་ཤེས་བཅུ་དྲུག་གོ། །ཡེ་ཤེས་དེའི་རང་བཞིན་སེམས་དཔའ་བཅུ་དྲུག་གོ། །དེ་ལ་སྒྲ་ཡིག་བཅུ་གཉིས་དང་།

སརྦ་བིཏ་བཅུ་གཉིས་དང་། །ཨོཾ་བཛྲ་སཏྭ་ཞེས་པའི་སྔགས་བཅུ་དྲུག་དང་། རྩ་བའི་སྙིང་པོ་འབྲུ་རེ་བ་ལས་ཡེ་ཤེས་ཀྱི་སེམས་དཔའ་བསྐྱེད་དོ། །དེ་ཡང་ཡེ་ཤེས་ལས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ལས་བསྐྱེད་པའོ། །ཡེ་ཤེས་ཀྱི་ཆ་ལས་སྐྱེས་པ་ནི་རྡོ་རྗེ་སེམས་དཔའ་ལ་

སོགས་པའོ། །ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་བྱམས་པ་ལ་སོགས་པའོ། །དེ་ལ་ཡེ་ཤེས་སེམས་དཔའ་རྣམས་ནི་སྒྲ་ཡིག་ལ་སོགས་པ་ལས་སྐྱེས་པའོ། །དེ་ལ་ཡང་སྒྲ་ཡིག་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨཽ་ཨཽ་ཨཾ་ཨཿཞེས་པ་ལ་སོགས་པའི་སྔགས་དང་། ཨོཾ་སརྦ་བིཏ་སརྦ་ཨཱ་བ་ར་

Vol. 68 · folio 18b

ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ་ཅེས་པ་ལ་སོགས་པ་དཀྱུས་ན་ཡོད་པ་རྣམས་སོ། །དེ་ཡང་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྒྲ་ཡིག་དང་པོ་ཨ་དེའི་མཐའ་མ་ན་ཚུར་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པའི་སྔགས་ཀྱི་ཕྲེང་བས་བསྐོར་བའོ། །དེའི་ཕྱི་རིམ་ན་ཚུར་ཨོཾ་སརྦ་

བིཏ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱི་ཕྲེང་བའི་ཚུལ་དུ་བསྐོར་བ་སྟེ། དེ་རྣམས་ཀྱང་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ་དང་གཡོ་འགུལ་ལ་སོགས་པ་ནི་སྔ་མ་བཞིན་དུ་ཕྱི་མ་རྣམས་ཀྱང་དེ་ལྟར་རོ། །དེ་ནས་སྔགས་ཀྱི་ཡི་གེའི་ཕྲེང་བ་དེ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་

ཤིང་འདུས་པ་ལས་རིམ་པ་བཞིན་དུ་ཨ་ལ་ཐིམ། ཨ་འོད་དུ་ཞུ་སྟེ་ཧཱུཾ་དུ་གྱུར་ཏོ། །ཧཱུཾ་འཕྲོས་ཤིང་འདུས་པ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་ཏོ། །དེའི་བུམ་པ་ལ་ཡང་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པའོ། །དེ་ལ་ཡེ་ཤེས་ཀྱི་འོད་འཕྲོས་པས་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་

དང་། ལས་ཀྱི་རིགས་སུ་བཞུགས་པ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དབྱིངས་ཇི་སྙེད་པ་ཐམས་ཅད་བསྡུས་ནས་སླར་རྡོ་རྗེ་ལ་ཐིམ་པ་ལས་ཤིན་ཏུ་བརྟན་ཞིང་མི་འགྱུར་བའམ་མི་གཡོ་བར་གྱུར་ཏོ། །དེ་ནས་ཡང་རྡོ་རྗེ་ལས་དེ་བཞིན་གཤེགས་པའི་སྐུ་ཕྲ་མོ་མང་པོ་འཕྲོས་པས་གདུལ་བྱའི་སྣོད་ཇི་ལྟ་བ་བཞིན་

དུ་སངས་རྒྱས་ཀྱི་མཛད་པས་འགྲོ་བའི་དོན་མཛད་ནས་སླར་འདུས་ཏེ་རྡོ་རྗེ་ལ་ཐིམ་པ་ལས་རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ན་བཞུགས་སོ། །ཡང་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སྔགས་སྔ་མ་བཞིན་དུ་བཀོད་དེ། སྔགས་དེ་བརྗོད་དེ་བསྐུལ་

བའི་ཚུལ་གྱིས་ཐུགས་ཀ་ནས་བཏོན་ཏེ། ཕྱོགས་བཅུར་འཕྲོས་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ལྷུམས་ནས་བལྟམས་པ་དང་། གཞོན་ནུ་རོལ་རྩེད་མཛད་པ་ལ་སོགས་པ། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འགྲོ་བའི་དོན་མཛད་ནས་སླར་འདུས་ཏེ། བདག་གི་

མདུན་ན་བཀའ་སྡོད་པའི་ཚུལ་དུ་གནས་པ་ལས་གནས་བཞིར་རང་གི་ཕྱག་རྒྱར་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། ལག་ཏུ་རྡོ་རྗེ་བྱིན་པ་དང་། རྡོ་རྗེ་སེམས་དཔའ་ཞེས་མིང་གི་དབང་བསྐུར་བ་དང་། རང་གི་ལས་ལ་བཀོད་དེ་འཁོར་ལོ་ཆེན་པོ་རྩིབས་བཅུ་དྲུག་ཤར་ཕྱོགས་ཀྱི་རྩིབས་དང་པོ་

Vol. 68 · folio 19a

ལ་གདན་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་སུ་གསོལ་ལོ། །དེ་བཞིན་དུ་འོག་མ་རྣམས་ཀྱང་ཤེས་པར་བྱ་སྟེ། ཛཿདང་ཧོཿལ་སོགས་པ་སྔགས་ཀྱི་ཡི་གེ་འབྲུ་རེ་རེ་བ་དང་། ཨ་ལ་སོགས་པ་བཅུ་གཅིག་དང་། །དེའི་ཕྱི་རིམ་ནས། ཨོཾ་བཛྲ་རཱ་ཛཱ་ཞེས་བྱ་

བ་དང་། ཨོཾ་སརྦ་བིཏ་ཧཱུཾ་ཞེས་བྱ་བ་ལས་སྔགས་ཀྱི་འོད་འཕྲོས་པ་ལས་སངས་རྒྱས་ཀྱི་མཛད་པ་བྱས་ནས་སླར་ཟླ་བ་ལ་འཁོད་དེ་དམ་ཚིག་གི་ཕྱག་རྒྱར་གྱུར་པ་དང་། དེ་དག་ཡང་འཕྲོ་བ་དང་འདུ་བ་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས་ཐམས་ཅད་ཞུགས་པས་བརྟན་པར་གྱུར་པ་དང་། ཡང་དེ་ལས་

སོ་སོའི་སྐུར་གྱུར་ཏེ། དེའི་ཐུགས་ཀར་ཡང་མཚན་གྱི་སྔགས་ཀྱི་དབུས་སུ་རང་བཞིན་ཛ་དང་ཧོ་ལ་སོགས་པ་སྔགས་ཀྱི་ཡི་གེ་འབྲུ་རེ་རེ་བའམ། རིགས་ཀྱི་ཡི་གེ་བཀོད་པ་ལས་སྔགས་བརྗོད་པས་སྤྱན་དྲངས་པས་ཕྱིར་བྱུང་ནས་སངས་རྒྱས་ཀྱི་མཛད་པ་བྱས་ནས་སླར་བྱོན་པ་ལས་ཕྱིར་འཁོར་

ལོའི་རྩིབས་གཉིས་ལ་སོགས་པ་ཀུན་བཞག་ལ། དེ་ལ་བྱིན་གྱིས་བརླབས་པ་དང་། དབང་དང་། མིང་གདགས་པ་དང་། ལག་ཏུ་དམ་ཚིག་སྦྱིན་པ་ལ་སོགས་ཀུན་ལ་ཤེས་པར་བྱའོ། །སྒྲ་ཡིག་གང་དང་གང་ལས་སེམས་དཔའ་གང་དང་གང་བསྐྱེད་པ་ནི་ཨ་ལས་རྡོ་རྗེ་སེམས་དཔའོ། །ཨཱ་ལས་

རྡོ་རྗེ་རྒྱལ་པོའོ། །ཨི་ལས་རྡོ་རྗེ་ཆགས་པའོ། །ཨཱི་ལས་རྡོ་རྗེ་ལེགས་པའོ། །ཨུ་ལས་རྡོ་རྗེ་རིན་ཆེན་ནོ། །ཨཱུ་ལས་རྡོ་རྗེ་གཟི་བརྗིད་དོ། །ཨེ་ལས་རྡོ་རྗེ་རྒྱལ་མཚན་ནོ། །ཨཻ་ལས་རྡོ་རྗེ་བཞད་པའོ། །ཨོ་ལས་རྡོ་རྗེ་ཆོས་སོ། །ཨཽ་ལས་རྡོ་རྗེ་རྣོན་པོའོ། །ཨཾ་ལས་རྡོ་རྗེ་འཁོར་ལོའོ། །

ཨཿལས་རྡོ་རྗེ་སྨྲ་བའོ། །ཨུ་ལས་རྡོ་རྗེ་ལས་སོ། །ཨཱུ་ལས་རྡོ་རྗེ་བསྲུང་བའོ། །ཨེ་ལས་རྡོ་རྗེ་གནོད་སྦྱིན་ནོ། །ཨཻ་ལས་རྡོ་རྗེ་ཁུ་ཚུར་རོ། །རིན་པོ་ཆེའི་རིགས་དང་ལས་ཀྱི་རིགས་ནི་བསྐྱེད་པའི་ཡི་གེ་འདྲ་སྟེ། ཡོ་ག་ལ་རིགས་བཞིར་འདོད་དེ། ཅིའི་ཕྱིར་ཞེ་ན། ལས་དང་བྱེད་པ་གཉིས་གཅིག་པའི་

ཕྱིར་རོ། །ལ་ལ་དག་ནི་འདི་བཅུ་གཉིས་ལས་ཟླ་བ་བསྐྱེད་ལ། ཨཱ་ལི་བཅུ་གཉིས་ལས་སེམས་དཔའ་བཅུ་དྲུག་བསྐྱེད་ལ། རྩ་བའི་རིག་སྔགས་ནི་དཀྱིལ་འཁོར་དུ་དགོད་ལ། ཡི་གེ་འབྲུ་རེ་ལ་ནི་དེ་དག་གི་སྙིང་གར་ཟླ་བའི་སྟེང་དུ་བསམ་མོ་ཞེས་སོ། །ལ་ལ་དག་ནི་ཨཱ་ལི་སྟོང་པ་བཅུ་དྲུག་

Vol. 68 · folio 19b

གི་རང་བཞིན་བས་ཟླ་བའི་དཀྱིལ་འཁོར་ལ། ཡི་གེ་འབྲུ་རེ་བ་ནི་རང་རང་གི་མཚན་མ་རྡོ་རྗེ་ལ་སོགས་པ་བསྐྱེད་ལ། རྩ་བའི་སྔགས་བཛྲ་སཏྭ་ལ་སོགས་པས་ནི་སྐུར་གྱུར་ལ། བཏི་བཅུ་གཉིས་ཀྱིས་ནི་ལྷ་དེ་དག་གི་ཐུགས་ཀར་ཟླ་བའི་སྟེང་ན་གནས་ནས་ངན་སོང་ལ་སོགས་པ་སྦྱོང་ངོ་ཞེས་

གསུངས་སོ། །སྟོང་པ་བཅུ་དྲུག་དང་སེམས་དཔའ་དང་། དབྱངས་ཡིག་ཏུ་སྦྱར་བ་ནི་འོག་ནས་འབྱུང་བས་འདིར་མ་བྲིས་ཏེ། ཅིའི་ཕྱིར་ཞེ་ན། མངས་པས་སྐྲག་པའི་ཕྱིར་རོ། །བིཏ་ནི་རིག་པ་ཡིན་ལ་རིག་པ་ནི་ཡེ་ཤེས་ཏེ། ཡེ་ཤེས་ལས་བསྐྱེད་པ་ནི་སེམས་དཔའ་བཅུ་དྲུག་གོ། །དེ་ཡང་རྒྱུའི་སྒོ་

ནས་འབྲས་བུ་ཡང་དེ་བཞིན་ཏེ། སེམས་དཔའ་བསྐྱེད་པའི་སྔགས་ལ་ཡང་བིཏ་རིག་པ་ཞེས་གདགས་སོ། །འོ་ན་བསྐལ་བཟང་ནས་འགྲོ་བ་རིགས་དྲུག་ཡན་ཆད་ཀུན་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ལས་སྐྱེ་ན་ཞེའོ། དེ་ཡང་བདེན་ཏེ་ཐུགས་ཡེ་ཤེས་ལས་སྐྱེས་པ་ཡང་འདིར་དཀྱིལ་

འཁོར་གྱི་དབང་དུ་བྱ་སྟེ་ཐམས་ཅད་འབྱུང་དུ་འདྲ་ན་ཡང་སེམས་དཔའ་ལ་གཉིས་ཏེ། སྔགས་ཀྱི་ཡེ་ཤེས་ལས་སྐྱེས་པའི་ཡེ་ཤེས་སེམས་དཔའ་དང་། ཕ་རོལ་ཏུ་ཕྱིན་པའི་སེམས་དཔའོ། །འོན་ཀྱང་བིཏ་བཅུ་གཉིས་ནི་སྔགས་ཀྱི་སེམས་དཔར་ངེས་སོ། །སྔགས་ཀྱི་སེམས་དཔའ་དེ་དག་

ལ་གནས་བཞིར་བྱིན་གྱིས་བརླབ་ཅིང་། ཡེ་ཤེས་ཆེན་པོ་ལྔའི་དབུ་རྒྱན་གྱི་དབང་བསྐུར་བར་བྱའོ། །ད་ནི་ཡུམ་བཞི་བསྐྱེད་པར་བྱ་སྟེ། དེ་ཡང་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཡ་ར་ལ་ཝ་བཞི་བཀོད་པའི་མཐའ་མན་ཚུར་སཏྭ་བཛྲི། རཏྣ་བཛྲི།

དྷརྨ་བཛྲི། ཀརྨ་བཛྲི། ཞེས་སྔགས་ཀྱི་ཕྲེང་བ་བཀོད་པའི་འཕྲོ་འདུ་ལས་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་དང་བཞིར་གྱུར་ཏོ། །དེའི་འཕྲོ་འདུ་ལས་ཡུམ་བཞིའི་སྐུ་བསྐྱེད་དེ། སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་བཞིར་གྱུར་ཏེ་

ཐུགས་ཀ་ན་གནས་སོ། །ཡང་དེ་དག་གི་སོ་སོའི་ཐུགས་ཀར་རང་རང་གི་སྔགས་ཀྱི་ཡི་གེའི་ཕྲེང་བ་བཀོད་ནས་སྔགས་བརྗོད་དེ་བསྐུལ་བའི་ཚུལ་གྱིས་ཕྱི་རོལ་དུ་འཕྲོས་ཏེ། སངས་རྒྱས་ཀྱི་མཛད་པ་མཛད་ནས་སླར་འདུས་པ་ཉིད་ལ་བྱིན་གྱིས་བརླབས་པ་དང་། དབང་བསྐུར། དམ་ཚིག་གི་ཕྱག་རྒྱ་ལག་

Vol. 68 · folio 20a

ཏུ་བྱིན་ཏེ། མིང་གི་དབང་བསྐུར་ནས་ལས་ལ་བཞག་སྟེ་ནང་གི་རེའུ་མིག་གི་གྲ་བཞིར་བཞུགས་སོ། །ཁ་ཅིག་ན་རེ་ཡུམ་བཞི་པོ་འདི་དག་ནི་རྩ་བའི་རྒྱུད་ཆེན་པོ་ལས་ཀྱང་སྐུའི་ཕྱག་རྒྱ་མ་བྱུང་སྟེ། དམ་ཚིག་གི་ཕྱག་རྒྱར་རམ། རང་གི་རིགས་ཀྱི་མཚན་མར་ཏེ། །འདི་

ཉིད་ལས་ཀྱང་། །སངས་རྒྱས་སྤྱན་དང་མཱ་མ་ཀཱི། །དེ་བཞིན་གོས་དཀར་སྒྲོལ་མ་རྣམས། །རང་གི་རིགས་ཀྱི་མཚན་མ་བཞིན། །གྲྭ་ཡི་ཕྱོགས་ནི་ཀུན་དུ་བྲི། །ཞེས་གསུངས་སོ། །ནང་གི་ལྷ་མོ་རྣམས་ནི་ཡི་གེ་ཤ་ལས་ནི་སྒེག་མོ་མའོ། །ཡི་གེ་ཥ་ལས་ནི་ཕྲེང་བ་མའོ། །ཡི་གེ་ས་ཡིས་

ནི་དབྱངས་མཁན་མའོ། །ཡི་གེ་ཧ་ཡིས་ནི་གར་མཁན་མའོ། །ཡི་གེ་ཀྵ་ཡིས་ནི་སྤོས་མེ་མའོ། །ཡི་གེ་ར་ཡིས་ནི་མེ་ཏོག་མའོ། །ཡི་གེ་ལ་ཡིས་ནི་མར་མེ་མའོ། །ཡི་གེ་ཝ་ཡིས་ནི་དྲི་ཆབ་མའོ། །ཡི་གེ་ཙ་ཡིས་ནི་ལྕགས་ཀྱུ་མའོ། །ཡི་གེ་ཚ་ཡིས་ནི་ཞགས་པ་མའོ། །ཡི་གེ་ཛ་

ཡིས་ནི་ལྕགས་སྒྲོག་མའོ། །ཡི་གེ་ཛྷ་ཡིས་ནི་དྲིལ་བུ་མའོ། །ངན་སོང་སྦྱོང་བའི་སྔགས་རིང་ལས་ནི་བྱམས་པ་ནས། འགྲོ་བ་རིགས་དྲུག་ཡན་ཆད་བསྐྱེད་པར་བྱ་སྟེ་རང་གི་རྩ་བའི་སྔགས་དབུས་སོ། །དེ་རྣམས་ལས་ཇི་ལྟ་བར་དབྱིབས་དང་ཁ་དོག་བསྐྱེད་པར་བྱ་སྟེ་རྡུལ་ཚོན་དུའོ། །དེས་ནི་དཀྱིལ་

འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །ད་ནི་ཕན་ཡོན་བསྟན་ཏེ། དེ་ལ་གཉིས་ཏེ། གསོན་པོ་ལ་ཇི་ལྟར་བྱས་ན་ཕན་ཡོན་ཆེ་བ་དང་། ཚའི་དུས་བྱས་པ་ལ་ཇི་ལྟར་བྱས་ན་ཕན་ཡོན་ཆེ་བ་བསྟན་ཏེ། ལྷའི་དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་མ་དཀྱུས་ན་གསལ་

བས་མ་བྲིས་སོ། །དུས་མ་ཡིན་པར་འཆི་བ་བརྒྱད་ནི་ས་གཉན་དྲལ་བ་དང་། བུད་མེད་རྒན་མོ་དང་ཉལ་བ་དང་། མི་ན་བཞིན་དུ་སྨན་ཟ་བ་དང་། ཁོང་སྟེང་ན་ཉལ་བ་དང་། གདོན་འབྱུང་པོ་ཡོད་པའི་ས་ཕྱོགས་སུ་གཅིག་པུར་འགྲོ་བ་དང་། ནད་པས་སྨན་པའི་ངག་མི་ཉན་པ་དང་།

འཐབ་མོའི་གཡུལ་དུ་འཇུག་པ་དང་། མི་ཐུབ་པ་ལ་སོགས་པ་དགྲར་ལེན་པ་ནི་དུས་མ་ཡིན་པར་འཆི་བའོ། །དུས་མ་ཡིན་པར་འཆི་བ་དང་འབྲེལ་པ་ནི། ཆུ་ཆེན་པོ་བརྒལ་བ་དང་། རྦབ་སར་འདུག་པ་དང་། མཚོན་ལ་རྩེ་བ་དང་། དུག་འཐུང་བ་རྣམས་ནི་འཆི་བ་དང་འབྲེལ་པའོ། །

Vol. 68 · folio 20b

རྨི་ལམ་གྱི་རྣམ་པ་ནི་སུམ་ཅུ་རྩ་གཅིག་སྟེ། གང་ཞེ་ན། དགྲས་དེད་པ་དང་། སྐྱབས་དང་བྲལ་བ་དང་། སྡུག་བསྔལ་གྱིས་གཟིར་བ་དང་། ཡི་དགས་གྱིས་མཐུ་འཕྲོགས་པ་དང་། མིག་ཕྱུང་བ་དང་། ཁ་ནས་ལྕེ་འཕྲོགས་པ་དང་། ཉི་ཟླ་ལྷུང་བ་དང་། ས་གཞི་མི་གཙང་བས་གང་བ་དང་།

སྐྲ་བྱི་བ་དང་། སྒྲེན་མོར་འདམ་དུ་འདས་པ་དང་། གཞན་གྱིས་མགོར་ཕོག་པ་དང་། ལྕགས་སུ་བཅུག་པ་དང་། དུག་འཐུང་བ་དང་། མི་གཙང་བས་ལུས་བྱུགས་པ་དང་། ཁྱིམ་ལ་མེ་ཤོར་བ་དང་། མི་གཙང་བའི་སྦུབས་སུ་ལྷུང་བ་དང་། མི་བསྔགས་པའི་ཞལ་ལྕེས་འདེབས་པ་དང་། སྒྲ་མི་སྙན་པ་

གྲགས་པ་དང་། གྲོགས་དང་བྲལ་བ་དང་། ཆུས་ཁྱེར་བ་དང་། མགོ་ལ་མེ་ཤོར་བ་དང་། རྒྱལ་པོའི་ཆད་པས་གོ་རར་བཅུག་པ་དང་། བདོག་པ་གཞན་གྱིས་ཕྲོགས་པ་དང་། གཅན་གཟན་མཆུ་ཅན་གྱིས་ཤ་ཟ་བ་དང་། དམྱལ་བར་ལྷུང་བ་དང་། མུན་ནག་ལ་འདུག་པ་དང་། ངོ་ཚ་བ་དང་།

མྱ་ངན་གྱི་ནང་ན་འདུག་པ་དང་། བདུད་ཀྱི་ཞགས་པས་བཟུང་བ་དང་། སྲིན་པོས་ཁྱེར་བ་དང་། ཕོངས་པའི་མི་རྣམས་ཤི་བ་དང་། གཞན་གྱི་འཚེ་བས་འདེགས་པའོ། །ཕྱི་མ་དཀྱུས་ལ་གསལ། ད་ནི་སེམས་ཅན་ཚེའི་དུས་བྱས་པ་ངན་སོང་དུ་སྐྱེས་ན། དཀྱིལ་འཁོར་དུ་བཅུག་ནས་

དབང་བསྐུར་ན་ཐར་པའི་ཐབས་སྟོན་ཏེ། སྐྱེས་པའམ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། ཤི་བའི་ལུས་ལ་གནས་ཉི་ཤུ་རུ་གོང་གི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་དབང་བསྐུར་ན་ཡོན་ཏན་འདི་རྣམས་ཐོབ་པར་འགྱུར་རོ་ཞེས་ཏེ། དཀྱུས་ན་གསལ་ལོ། །ད་ནི་རང་བཞིན་གྱི་དཀྱིལ་འཁོར་

བསྟན་ཏེ། དེ་ལ་ཡང་ཞུས་པ་དང་། ཞུས་པའི་ལན་གཉིས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་ཞེས་བྱ་བ་ནས་བཤད་དུ་གསོལ་ཞེས་བྱ་བའི་བར་གྱིས་ཞུས་པ་སྟོན་ཏེ། དཀྱུས་གསལ་ལོ། །དེ་ནས་ཞུས་པའི་ལན་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་

ཞེས་བྱ་བ་ནི་དཀྱིལ་འཁོར་བཤད་པའི་རྗེས་ཐོགས་ལ་བྱའོ། །བཅོམ་ལྡན་འདས་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་བཅོམ་ལྡན་འདས་སོ། །ཤཱཀྱ་ནི་དེའི་རིགས་སུ་སྐྱེས་ཤིང་སྐུ་གསུང་ཐུགས་བསྲུང་བ་གསུམ་དང་ལྡན་པས་ཐུབ་པ་སྟེ། དྲན་པ་ཉེ་བར་གཞག་པ་གསུམ་གྱི་ཕྱིར་རོ། །

Vol. 68 · folio 21a

ཇི་ལྟར་སོང་བ་དེ་བཞིན་གཤེགས་པས་ན། དེ་བཞིན་གཤེགས་པའོ། །ངན་སོང་ནི་བཤད་ཟིན། ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའོ། །དེ་ལས་བྱུང་བའི་ཡེ་ཤེས་ཆེན་པོ་ལྔ་ལ་ནི་རྡོ་རྗེ་ཞེས་བྱའོ། །དེ་བས་ནི་དེ་བཞིན་གཤེགས་པ་དེ་དག་གི་ནང་སེམས་

ཀྱི་དཀྱིལ་འཁོར་རང་བཞིན་མེད་པ་དེ་ལ་ནི་ཆེན་པོ་ཞེས་བྱའོ། །འདི་ནི་བློ་ལ་གནས་པ་གསུངས་སོ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་བདེ་བར་གཤེགས་པ་རྣམས་ཀྱི་བདག་

པོ་བདེ་བར་གཤེགས་པ་ལྔ་རྣམས་གཅིག་ཏུ་གྱུར་པ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་རྟག་པ་དང་། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་མི་འཁྲུགས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་

བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་སོ་སོར་ཀུན་རྟོག་པའི་ཡེ་ཤེས་འོད་དཔག་ཏུ་མེད་པ་དང་། སྒོ་ལྔའི་རྣམ་པར་ཤེས་པ་རྣམ་པར་དག་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་དོན་ཡོད་གྲུབ་པ་རྣམས་སོ། །འོ་ན་བདེ་བར་གཤེགས་པ་ནི་མཐའ་ཡས་པའི་གྲངས་ཡོད་ན། འདི་ལྔ་

ལ་ཀུན་ཞེས་བྱ་བ་མི་འགལ་ལམ་ཞེ་ན། དེ་བདེན་ཏེ། དེ་བཞིན་གཤེགས་པ་མཐའ་ཡས་པའི་ཕྱིར་དེའི་རིགས་ཀྱང་མཐའ་ཡས་པ་སྟེ། དེ་དག་ཀྱང་བསྡུ་ན་རིགས་ལྔར་འདུས་ཏེ། དེ་ལ་རྒྱུད་ལས་གསུངས་པ། མཐའ་ཡས་རིགས་རྣམས་ཐམས་ཅད་ཀྱང་། །རིགས་ནི་རྣམ་པ་

བརྒྱར་བཤད་པ། །དེ་བཞིན་གཤེགས་དང་རྡོ་རྗེ་དང་། །པདྨ་རིན་ཆེན་ལས་ཀྱི་རིགས། །མདོར་བསྡུས་ན་ནི་རྣམ་པ་ལྔ། །ཞེས་གསུངས་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ལྔ་ཁོ་ན་དབང་གིས་བསྡུས་ན་རྒྱལ་བ་ཡང་རིགས་ལྔ་ཁོ་ནའོ། །དེ་ལྟར་སངས་རྒྱས་མ་ལུས་པ་དེ་

དག་གི་བྱང་ཆུབ་སེམས་ནི་གང་ཞེ་ན། དེ་ནི་སྦྱོང་བའི་རྒྱུད་འདི་ལས་རྒྱུའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་། འབྲས་བུ་གསུམ་སྟེ་ལྔ་ཡིན་པས། དེ་ནི་གཞན་གྱི་བྱང་ཆུབ་ལས་མཆོག་ཏུ་གྱུར་པའི་ཕྱིར་ན་བླ་ན་མེད་པ་ཞེས་བྱའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་སུའི་ཡུལ་ཡིན་

Vol. 68 · folio 21b

ཞེ་ན། རྟོག་གྱུར་པ་ཞེས་བྱ་སྟེ། བླ་ཞེས་བྱ་བ་ནི་མདུན་དུའམ་སྔོན་དུ་ཞེས་ཐལ་བ་ལ་བསྙག་པར་བྱའོ། །དེ་ཡང་རྒྱུད་འདིའི་སྔོན་དུ་ནི་རྩ་བའི་རྒྱུད་དེ་ཁོ་ན་ཉིད་བསྡུས་པ་བྱུང་བ་ལས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པས་རྟོགས་པར་གྱུར་པ་གང་ཡིན་པའོ། །གང་

རྟོགས་པར་གྱུར་ན་བྱང་ཆུབ་ཀྱི་སེམས་ལྔའོ། །གང་གིས་རྟོགས་པར་བྱས་ཤེ་ན། རྒྱལ་བས་ཞེས་བྱ་སྟེ། སྔོན་དུ་སངས་རྒྱས་པའི་རྒྱལ་བ་དེ་རྣམས་ཀྱིས་སོ། །གང་དུ་རྟོགས་པར་བྱས་ན་བྱང་ཆུབ་ཀྱི་སྙིང་པོར་རོ། །དེ་ཡང་སྔགས་ཀྱི་སྒོར་སྤྱོད་པའི་སེམས་དཔའ་རྣམས་ནི་སྔགས་ཀྱི་

དོན་སློབ་དཔོན་ལ་རག་ལས་པ་ཡིན་གྱིས། རང་གི་ཐུག་ཐུབ་ཏུ་སྤྱད་པ་ནི་མི་རུང་བའི་ཕྱིར་དོན་ཐམས་ཅད་གྲུབ་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི་སངས་རྒྱས་སྔ་མ་ལ་རག་ལས་པ་ལྟར་སྣང་ངོ་། །དེའི་ཕྱིར་རིགས་བཞིའི་སངས་རྒྱས་དེ་དག་གིས་བཏུལ་ཞིང་དགེ་བའི་བཤེས་གཉེན་མཛད་

པ་ལས་དགོངས་ཏེ། འདིར་ཡང་བྱང་ཆུབ་ཀྱི་སེམས་དེ་བརྟན་པར་བྱ་བའི་ཕྱིར་གསུངས་ཞེས་བྱའོ། །པའི་ཞེས་བྱ་བའི་དོན་ཡང་སྔོན་དུ་སོང་བ་ལ་སྙེགས་པའི་དོན་ཏེ། འདི་ཡང་སྔོན་དུ་དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དུ་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་སྟུག་པོ་བཀོད་པའི་སངས་རྒྱས་ཀྱི་ཞིང་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པ་ལས་སྔོན་གྱི་སངས་རྒྱས་ཀྱིས་མངོན་པར་བྱང་ཆུབ་པ་ལྔ་བསྔགས་ཤིང་ཕུལ་བ་ཞེས་བྱའོ། །ཡེ་ཤེས་གང་ཞེས་བྱ་བ་ནི་མ་ལོག་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྦྱོར་བ་ལས། ཡུལ་སོ་སོར་རྟོག་པར་རིག་པས་

རང་གི་སེམས་རིག་པ་སྟོང་པ་ཆེན་པོ་དང་། གཉིས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་མེ་ལོང་ཡེ་ཤེས་དང་། གསུམ་པ་ཆོས་ཀྱི་སྐུར་གནས་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། བཞི་པ་བརྟན་པར་བྱས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ལྔ་པ་སྐུར་གྱུར་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཞེས་བྱའོ། །

ཡང་སློབ་དཔོན་ལ་ལ་དག་གི་བཞེད་ལུགས་ཀྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔ་ལས་རང་གི་སེམས་སོ་སོར་རིག་པ་དང་། བྱང་ཆུབ་ཀྱི་སེམས་སྐྱེས་པ་ཟླ་བའི་དཀྱིལ་འཁོར་གཉིས་རྒྱུའི་ཡེ་ཤེས་ཞེས་བྱ་སྟེ། དེ་ལ་ཅིའི་ཕྱིར་རྒྱུའི་ཡེ་ཤེས་ཞེས་བྱ་ཞེ་ན། བྱང་ཆུབ་ཀྱི་སེམས་དང་པོ་ནི་ས་དང་པོ་རབ་ཏུ་དགའ་བའི་

Vol. 68 · folio 22a

མཚན་ཉིད་དེ། མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་འོག་མ་བྱང་ཆུབ་ཀྱི་སེམས་ནི་ས་གཉིས་པ་ནས་ས་བཅུ་པའི་བར་གྱི་ཡེ་ཤེས་ཏེ། བསྒོམ་པའི་ལམ་མོ། །དེའི་ཕྱིར་དེ་གཉིས་ནི་རྒྱུའི་ཡེ་ཤེས་འཕགས་པའི་ལམ་གྱི་རང་བཞིན་ནོ། །དེ་ལྟར་རྒྱུའི་ཡེ་ཤེས་

ཏེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འབྲས་བུའི་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ་བསྒོམས་ཏེ། ཅིའི་ཕྱིར་ཡེ་ཤེས་ལྔ་ལ་འབྲས་བུ་ཞེས་བྱ་ཞེ་ན། ཡེ་ཤེས་ལྔ་ནི་ཆོས་ཀྱི་སྐུ། ཆོས་ཀྱི་སྐུ་དེ་ཡང་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་དོན་དང་། སྐུ་གཉིས་འབྱུང་བ་ལ་མཐུ་ཡོད་པར་བྱ་བའི་ཕྱིར་བརྟག་པར་བྱའོ། །

གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པར་བྱ་བའི་ཕྱིར་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཐམས་ཅད་ནི་ཡོངས་སུ་རྫོགས་པའི་འབྲས་བུ་དཔག་བསམ་གྱི་ཤིང་དང་། ཡིད་

བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ངོ་བོ་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་རྡོ་རྗེ་ལྟར་སྲ་ཞིང་བརྟན་པ། ཅིས་ཀྱང་མི་ཤིག་ཅིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སེམས་ཀྱི་རྒྱལ་པོ་རང་གི་སེམས་བྱིན་གྱིས་བརླབས་

ནས་བརྟན་པའི་ཡེ་ཤེས་གང་ཡིན་པ་དེ་ནི་སྦྱོར་བའི་རྒྱུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཡང་སྙིང་པོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུངས་ཞེས་བྱའོ། །རང་བཞིན་གྱི་དཀྱིལ་འཁོར་དེའི་དོན་ཡང་འདི་ལྟར་སྙེགས་ཏེ། དང་པོར་ཡོན་ཏན་བཅུ་དང་ལྡན་པས་གནས་ཡིད་དུ་འོང་བར་

ཁྲུས་ལ་སོགས་པ་བྱ་སྟེ། སྟན་བདེ་བ་ལ་འདུག་ནས་སྔོན་དུ་འགྲོ་བའི་ཡན་ལག་བྱས་ནས། རྡོ་རྗེ་སེམས་དཔའི་སྐུར་བདག་ཉིད། །ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱི་བསྒོམ་པར་བྱས་པས་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །ཞེས་བྱ་བ་ལ་སོགས་

པ་གསུངས་པའི་དོན་གྱིས་བསམས་ལ། དེ་ལ་བྱིན་གྱིས་བརླབས་པ་དང་། དབང་དང་མཆོད་པ་ཡན་ཆད་བྱས་ནས། ནང་སེམས་ཀྱི་དཀྱིལ་འཁོར་སྐད་ཅིག་མས་བསྐྱེད་ནས་ངན་སོང་ནས་དྲང་ཞིང་འགུགས་པ་ལ་ཡན་མན་གྱི་དབང་གིས་རྣམ་པར་གྲོལ་བའི་ལམ་ལ་བཞག་ནས། དེས་ངོ་

Vol. 68 · folio 22b

མཚར་གྱི་སྟོང་པ་ཉིད་གཞལ་ཡས་ཁང་བསྐྱེད་པ་དང་གདན་བསམས་ནས་གོང་གི་མངོན་པར་བྱང་ཆུབ་པ་ལྔས་བདག་རྣམ་པར་སྣང་མཛད་དུ་འོག་མིན་དུ་སངས་རྒྱས་པའི་ཚུལ་གྱིས་སངས་རྒྱས་ནས་རིན་པོ་ཆེ་དབང་བསྐུར་བ་དང་། སྤྱན་རས་གཟིགས་ཀྱི་ཆོས་ཀྱི་ཡེ་ཤེས་བསྐྱེད་ནས་དེ་བཞིན་གཤེགས་པའི་

ཕྲིན་ལས་ལ་བཞག་སྟེ། སེང་གེའི་ཁྲིའི་སྟེང་དུ་འདུག་སྟེ། དཀྱིལ་འཁོར་རྒྱལ་པོ་མཆོག་ལྟར་ལྷ་རྣམས་སྐུ་བསྐྱེད་པ་དང་། འོག་ནས་འབྱུང་བའི་ལས་རྒྱལ་མཆོག་ལྟར་ལས་རྣམས་བྱས་ནས། དེ་ནས་ལས་ལ་རྗེས་སུ་སྦྱོར་བའི་སྤྱན་དྲང་བ་དང་། བཞུགས་སུ་གསོལ་བ་དང་། ཕྱག་རྒྱ་བཞིས་

རྒྱས་གདབ་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབས་ཤིང་མཆོད་པ་དང་། སྔགས་ཀྱི་དོན་ལ་གནས་པ་ཡན་ཆད་བྱས་ནས་རྡོ་རྗེའི་བཟླས་པ་བྱ་སྟེ། བདག་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྐུར་གསལ་བར་བྱས་པ་ལས། དེའི་ཐུགས་ཀར་རྣམ་པར་སྣང་མཛད་ཆེན་པོ་བསམས་ཏེ།

སངས་རྒྱས་དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་སྟེ། ཅི་འདྲ་བ་ཞེ་ན། རྡོ་རྗེ་རྩེ་མོའི་རྒྱུད་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གསུངས་པ། རྩིབས་ཀྱི་ལྟེ་བ་ཡང་དག་འཛིན། །རྩིབས་རྣམས་ལྟེ་བ་ལ་གནས་པ། །རྟེན་ཅིང་འབྲེལ་བར་འབྱུང་སྦྱོར་བས། །

འཁོར་ལོར་འདི་ནི་གྱུར་པ་ཡིན། །ཞེས་སོ། །ཡི་གེ་བྷྲཱུཾ་ལས་བསྐྱེད་པའི་འཁོར་ལོ་རྩིབས་བཅུ་དྲུག་པ་མུ་ཁྱུད་བཞི་དང་ལྡན་པ་ཤིན་ཏུ་བཀོད་པའི་ལྟེ་བ་དེའི་དཀྱིལ་དུ་ཡི་གེ་ཧཱུཾ་བསམས་ཏེ། བཅོམ་ལྡན་འདས་ཀུན་རིག་གི་རྩ་བའི་སྔགས་ལ་སོགས་པ་བསམ་པར་བྱ་སྟེ། ཡི་གེའི་ཁ་

དོག་ནི་དཀར་བ་བསམ་མོ། །དེ་ལ་འཁོར་ལོའི་ལྟེ་བ་ལ་རེའུ་མིག་དགུར་བྱས་པ་ལ་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་དང་། ཡུམ་གྱི་སྔགས་རྣམས་དགོད་དོ། །དེ་ནས་དང་པོའི་མུ་ཁྱུད་ལ་ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་

བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་པའོ། །དེའི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ། དེ་བཞིན་གཤེགས་པའི་ས་བཅུ་གཉིས་བརྗོད་པ་སྒྲའི་ཡི་གེ་བཅུ་གཉིས་བསྒོམ་པར་བྱའོ། །དེ་ནས་དང་པོ་ལྕེ་ནས་བརྩམས་ནས་ཇི་ཙམ་དུ་བིཏ་བཅུ་གཉིས་བཀོད་པ་ནི་རིགས་ཀྱི་མདོག་དང་སྦྱར་རོ། །

Vol. 68 · folio 23a

དེའི་ཕྱི་རིམ་གྱི་མུ་ཁྱུད་ལ་རྩ་བའི་སྔགས་ཨོཾ་ན་མོ་བྷ་ག་བ་ཏི་སརྦ་དུརྒ་ཏི་ཞེས་བྱ་བའི་སྔགས་རིང་པོས་བསྐོར་བའོ། །ཕྱི་རོལ་གྱི་མུ་ཁྱུད་གཉིས་པ་ལ་ཀ་ཁ་ལ་སོགས་པ་ནས་ཧའི་མཐར་ཐུག་པའི་ཡི་གེ་དགོད་པར་བྱའོ། །དེ་ནི་འཁོར་ལོའི་སྔགས་དགོད་པའི་རིམ་

པའོ། །འཁོར་ལོའི་དབུས་ན་གནས་པའི་ཡི་གེ་ཧཱུཾ་ལས་རྡོ་རྗེ། རྡོ་རྗེའི་ལྟེ་བ་ལ་ཐམས་ཅད་མཁྱེན་པའི་རང་བཞིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་རྐྱེན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་སྐྱེད་པའི་དངོས་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་

ཡེ་ཤེས་ཀྱི་དངོས་པོའོ། །དོན་དམ་པའི་ཡིག་འབྲུ་ཚིག་འབྲུ་ཐམས་ཅད་ཀྱི་རྐྱེན་གྱི་དངོས་པོ་ཡི་གེ་ཧཱུཾ་དགོད་དོ། །དེ་ནས་དེ་ལས་འོད་བྱུང་བས་ནང་གི་སེམས་ཀྱི་དཀྱིལ་འཁོར་གསལ་ལོ། །དེ་ནས་མི་མངེད་ཀྱི་འཇིག་རྟེན་གྱི་ཁམས་གསལ་ལོ། དེ་ནས་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་

པར་སངས་རྒྱས་ཀྱི་ཞིང་རྣམ་པ་སྣ་ཚོགས་པ་རྣམས་སུ་སོང་ནས་མ་ལུས་པའི་སེམས་ཅན་གྱི་དོན་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་འཁོར་ཡང་སྣང་བར་བྱས་ཏེ། སླར་ཡེ་ཤེས་ཀྱི་རྡོ་རྗེ་ལན་གསུམ་བསྐོར་ནས་

ཤེས་རབ་ཀྱི་ཡེ་ཤེས་དེ་དྲངས་ཏེ་ཆོས་བདག་མེད་པ་ཉིད་ཀྱིས་རང་གི་སྒོ་ནས་བཙུད་ནས་རང་གི་སྙིང་གའི་ཟླ་བའི་དཀྱིལ་ན་གནས་པའི་རྡོ་རྗེ་དང་ཧཱུཾ་ལ་ཐིམ་ནས་གནས་པར་བསྒོམ་པར་བྱའོ། །དེ་ལྟར་རྒྱུན་དུ་བསྒོམས་པ་ལ་ཆགས་པའི་རྣལ་འབྱོར་པ་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་

བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྐུའི་སྒོ་ནས་དམིགས་སོ་ཞེས་པ་དང་། ཟླ་བའི་དཀྱིལ་འཁོར་གྱི་དབྱིབས་ཀྱི་སྒོ་ནས་དེའི་གཟུགས་རྗེས་སུ་བསམ་མོ་ཞེས་པ་དང་། ཡི་གེ་ཧཱུཾ་གི་གཟུགས་ཀྱི་སྒོ་ནས་དེའི་གཟུགས་རྗེས་སུ་བསྒོམ་མོ་ཞེས་སོ། །

དེ་ལྟར་རྣམ་པ་གསུམ་གྱི་ཚུལ་གྱིས་བསྒོམས་པས་དེ་ཉིད་སྤྲུལ་པའི་གཟུགས་ཀྱི་སྐུས་དུས་རིང་མོ་མ་ཡིན་པ་ཁནར་འདུལ་བའི་དབང་ཉེ་བར་བཟུང་སྟེ་མངོན་དུ་བྱས་སོ། །ནམ་མཁའ་བཞི་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྲུལ་པའི་གཟུགས་ཀྱི་སྐུ་

Vol. 68 · folio 23b

དང་ལྷན་ཅིག་ཏུ་གནས་པ་ཡང་མངོན་དུ་བྱའོ་ཞེས་སོ། །དེ་ལྟར་བསྒོམ་པའི་དབང་དེ་ལས་ཚེ་འདི་ཁོ་ན་ལ་སངས་རྒྱས་ཉིད་ཀྱི་རྡོ་རྗེ་འཛིན་པ་ཉིད་འཐོབ་བོ་ཞེས་སོ། །དེ་ལྟར་རིམ་པ་འདིས་ངན་སོང་སྦྱོང་བའི་རྫོགས་པའི་རིམ་པ་གསུངས་པ་ཡིན་ནོ། །དེ་ནས་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པའི་སངས་

རྒྱས་ཀུན་གྱིས་བྱང་ཆུབ་ཀྱི་སེམས་གསུངས་ཏེ། དེ་ལ་རེ་ཞིག་དང་པོའི་སྦྱོར་བ་ཀུན་སྔོན་དུ་བྱས་ནས། ཤཱཀྱ་ཐུབ་པའི་ཐུགས་ཀར་ཡི་གེ་ཧྲཱིཿལས་བསྐྱེད་པའི་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པ་བསྒོམས་ཏེ་དེའི་ཐུགས་ཀར་ལྕེ་བརྒྱད་པའི་འཁོར་ལོའི་མུ་

ཁྱུད་བཞི་དང་ལྡན་པ་རྩ་བའི་སྔགས་ལ་སོགས་པས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །དེ་ནས་ལྕེ་བརྒྱད་པ་ལ་ས་བོན་རྣམས་ནི་ཨོཾ་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པ་བཀོད་དེ། འཁོར་ལོའི་ལྟེ་བའི་དབུས་ན་ཡི་གེ་ཧྲཱིཿལས་གྱུར་པའི་པདྨ་རྡོ་རྗེས་མཚན་པ་

བསམ་མོ། །དེ་ལ་ཡི་གེ་ཧྲཱིཿས་མཚན་པའོ། །སྤྲོ་བ་དང་བསྡུ་བ་གོང་མ་བཞིན་དུ་རིམ་པས་བྱས་ནས་བསྒོམ་པར་བྱའོ། །དེ་ཁོ་ན་བཞིན་དང་པོའི་སྦྱོར་བ་བྱས་ནས་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་དེའི་ཐུགས་ཀར་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་

ཅན་བསྒོམས་ནས། དེའི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པ་མུ་ཁྱུད་བཞི་དང་ལྡན་པ་བསམས་ལ། མུ་ཁྱུད་དང་པོ་ལ་ཨོཾ་པུཎྱེ་པུཎྱེ་ཞེས་བྱ་བ་ལ་སོགས་པའོ། །ལྕེ་བཞི་ལ། ཨོཾ་ཨ་མི་ཏེ་ཨ་མི་ཏ་ཨ་མི་ཏོད་བྷ་བེ་ཞེས་བྱ་བ་ལ་སོགས་པའོ། །དེའི་ལྟེ་བར་རྡོ་རྗེ་ཧཱུཾ་གིས་མཚན་པའོ། །

དེ་ཁོ་ན་བཞིན་དུ་སྤྲོ་བ་ལ་སོགས་པ་བྱའོ། །ཡང་དེ་ཁོ་ན་བཞིན་དུ་ཡི་གེ་བྷྲཱུཾ་ལས་བསྐྱེད་པའི་རྣམ་པར་སྣང་མཛད་དེའི་ཐུགས་ཀར་རྣམ་པར་སྣང་མཛད་ཆེན་པོ་བསམས་ཏེ། དེའི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པ་ཅིག་བསམས་ཏེ། ཨོཾ་ཏྲཱཾ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་བཀོད་

ལ་དེའི་ལྟེ་བ་ལ་བྷྲཱུཾ་ལས་འཁོར་ལོ་བྷྲཱུཾ་གྱིས་མཚན་པ་བསམ་མོ། །དེ་ཁོ་ན་ཉིད་སྤྲོ་བ་དང་བསྡུ་བ་བྱའོ། །དེ་ཁོ་ན་བཞིན་དུ་སྔོན་དུ་འགྲོ་བ་བྱས་ནས་རྡོ་རྗེ་སེམས་དཔའ་འམ། ཀུན་དུ་བཟང་པོའམ། བདེ་བ་ཆན་པོ་གང་ཡང་རུང་བ་བསྒོམས་པའི་ཐུགས་ཀར་རིགས་ཀྱི་བདག་པོ་མི་བསྐྱོད་པའམ།

Vol. 68 · folio 24a

རིན་ཆེན་འབྱུང་བའམ། རྣམ་པར་སྣང་མཛད་གང་ཡང་རུང་བ་བསྒོམས་ལ། དེའི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པ་བཀོད་ལ། འཁོར་ལོ་ལ་བཛྲ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པ་བཀོད་ལ། དབུས་སུ་རིགས་ཀྱི་ཕྱག་རྒྱ་གང་ཡིན་པ་བསམས་ལ། དེ་ལས་འོད་

ཟེར་སྤྲོ་བ་དང་བསྡུ་བ་གོང་མ་ལྟར་རོ། །རྡོ་རྗེ་ཉི་མའི་ནི་ལོགས་ནའོ། །དེ་ཡན་ཆད་ཀྱིས་ནི། སངས་རྒྱས་ཀུན་གྱིས་བྱང་ཆུབ་སེམས། །ཞེས་བྱ་བ་ལ་སོགས་པའི་བསྐྱེད་པ་དང་རྫོགས་པའི་རང་བཞིན་གྱི་དཀྱིལ་འཁོར་བསྟན་ཏོ། །ད་འདི་ཡན་ཆད་ནི་སློབ་དཔོན་གྱི་ལས་ཀྱི་རིམ་པའི་ཆོ་ག་རྒྱས་པ་བཤད་

དེ། དེ་ལ་ཡང་དཀྱིལ་འཁོར་བྲི་བ་དང་། ལྷ་ལ་སོགས་པ་དགོད་པ་དང་། མཆོད་པ་གསུམ་གྱིས་བསྟན་པ་སྟེ། དེ་ལ་ཡང་དཀྱིལ་འཁོར་བྲི་བ་སྟོན་ཏེ། དེ་ལ་ཡང་ཚོན་དགྱེ་བ་དང་། བྱིན་གྱིས་བརླབས་པའོ། །དེ་ཡང་བྱིན་གྱིས་བརླབས་པ་སྟོན་ཏེ། དེ་ལ་ཡང་སྔོན་དུ་འགྲོ་བའི་

ཡན་ལག་བསྙེན་པ་བསྟན་ཏེ། དམ་ཚིག་དང་། དབང་བསྐུར་བ་ཐོབ་པས་ཟླ་བ་གཅིག་གམ་ལོ་གཅིག་གི་བར་དུ་རིག་པའི་བརྟུལ་ཞུགས་སྤྱད་པར་བྱའོ། །དེ་ལ་དང་པོར་ཁྲུས་བྱས་ལ་དེ་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཉི་མ་རེ་རེ་ཞིང་སྡོམ་པ་བཟུང་བ་ཡང་ལན་དྲུག་

ཏུ་བྱའོ། །དེ་ནས་སྡིག་པ་དྲལ་བ་དང་། ཕྱག་རྒྱ་ཐམས་ཅད་འགྲོལ་བ་ཇི་ལྟ་བ་བཞིན་དུ་བྱས་ལ་རྣལ་འབྱོར་ཆེན་པོ་བྱའོ། །དེ་ནས་སྙིང་གར་དཀྱིལ་འཁོར་ཇི་ལྟ་བ་བཞིན་བསྒོམ་པར་བྱའོ། །ཡང་ན་རྣལ་འབྱོར་ཆེན་པོ་དང་། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་པོ་

མཆོག་རྣམ་པར་བསྒོམས་ནས། བསྡུ་བ་བྱ་བ་དང་། ཕྱག་འཚལ་བ་དང་། ཆེད་དུ་བརྗོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྲེང་བའི་དབང་བསྐུར་བ་ལ་སོགས་པ་ཐམས་ཅད་བླངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་།

གཞུག་པ་དང་། བཅིང་པ་དང་། དབང་དུ་བྱས་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་པ་དང་དབང་བསྐུར་ཏེ་ལས་རྣམས་ལ་ངེས་པར་སྦྱར་བར་བྱའོ། །དེ་ལ་དང་པོ་རེ་ཞིག་ཀུན་རིག་རྣམ་པར་སྣང་མཛད་ཀྱི་

Vol. 68 · folio 24b

ཕྱག་རྒྱ་ཆེན་པོ་བཅིངས་ལ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པར་མཛོད་ཅིག་ཅེས་རང་གི་ལས་ལ་ངེས་པར་སྦྱར་བར་བྱའོ་ཞེས་པ་ནས། བྱམས་པ་ལ་སོགས་པ་ལ་དམ་པའི་ཆོས་ཀྱི་གྲོང་ཁྱེར་ཡོངས་སུ་སྐྱོངས་ཤིག་ཅེས་བྱ་བ་ཡན་ཆད་ཀྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཕྱག་རྒྱ་ཆེན་

པོ་བཅིངས་ལ་རང་གི་ལས་ལ་མངོན་པར་སྦྱར་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ལས་ཀྱི་མཆོག་ངེས་པར་བསྒོམས་ནས། ཡང་རྡོ་རྗེ་སེམས་དཔའི་སྦྱོར་བས་བསྡུ་བ་བྱས་ནས་བསྟོད་པ་དང་དགུག་གཞུག་བཅིང་བ་ལ་སོགས་པ་བྱ་བ་དང་། ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་

དབང་བསྐུར་བ་དང་། མཆོད་ཡོན་སྔོན་དུ་འགྲོ་བ་དང་། ཕྱིའི་ཡོ་བྱད་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པ་དང་། སྒེག་མོ་ལ་སོགས་པ་དང་། ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་མཆོད་པ་བཅུ་དྲུག་དང་། ཡིད་ཀྱིས་མཆོད་པ་སྟེ། མཆོད་པའི་ཁྱད་པར་ཐམས་ཅད་ཀྱིས་

ཀྱང་ལེགས་པར་མཆོད་ལ་ཕྱག་བཞི་བྱས་ནས་སྔགས་གསུམ་གྱི་དོན་གྱིས་ཐམས་ཅད་ཀྱང་བདག་ཉིད་དོ་ཞེས་བསྒོམ་མོ། །དེ་ནས་མཆོད་ཅིང་བསྟོད་དེ་ནང་སེམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ལ་གནས་ཏེ། ཡང་མཆོད་ཅིང་བསྟོད་ལ་ཕྱག་རྒྱ་བཀྲོལ་ལ་དབང་བསྐུར་ཏེ། གོ་ཆ་

བགོས་ནས་མཉམ་པའི་ཐལ་མོས་མཉེས་པར་བྱས་ལ། དགེ་བའི་རྩ་བ་ཡོངས་སུ་བསྔོས་ནས་མཆོད་ཡོན་ཕུལ་ཏེ། སླར་བྱོན་པའི་ཕྱིར་བསྐུལ་ཏེ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་རྡོ་རྗེ་བསྲུང་བ་དང་། །རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་གྱིས་བདག་ཉིད་བསྲུང་བ་

བྱས་ནས་མཆོད་རྟེན་གྱི་ལས་ལ་སོགས་པའི་བྱ་བ་བྱའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་རིག་པའི་བརྟུལ་ཞུགས་རྟོགས་པར་བྱའོ། །དེ་ལྟར་རྫོགས་ནས་དཀྱིལ་འཁོར་བྲི་བ་ནི་གཙུག་ལག་ཁང་ངམ། སྐྱེད་མོས་ཚལ་ལམ། མཆོད་རྟེན་ནམ། ལྷ་ཁང་ངམ། ཀུན་

དགའ་ར་བའམ། གྲོང་ངམ། གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་ཆར་ཡིད་དང་རྗེས་སུ་མཐུན་པ་ཤིན་ཏུ་མཉམ་ཞིང་སྣུམ་པ། ཤར་དུ་གཞོལ་བ་ཤིན་ཏུ་ཚད་དང་ལྡན་པ། ཚ་སྒོ་མེད་པའི་སའི་ཆ་དེར། །ཇི་བཞིན་པ་ཡི་ཆོ་ག་ཡིས། །གནས་ནི་བྱིན་གྱིས་བརླབ་པ་བརྩམས། །བྱིན་གྱིས་བརླབ་པའི་

Vol. 68 · folio 25a

གནས་དེར་ནི། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་ལ། ཇི་བཞིན་པའི་ཆོ་ག་ཡིས་ཞེས་བྱ་བས་ནི་རྒྱལ་པོས་ཁྲུ་གང་ལྔ་བཅུའམ་བརྒྱའོ། །བློན་པོ་དང་བློན་པོ་ཆེན་པོས་ནི་ཁྲུ་གང་ལྔ་བཅུ་འམ་ཉི་ཤུ་རྩ་ལྔའོ། །ཚོང་དཔོན་ནམ་སྡེ་དཔོན་གྱིས་ཁྲུ་ཉི་ཤུ་རྩ་

ལྔའམ་དེའི་ཕྱེད་དོ། །སྒྲུབ་པ་པོས་ནི་བཅུ་གཉིས་སམ་དྲུག་པར་བྱའོ། །དེ་ལ་དང་པོར་རེ་ཞིག་མངོན་པར་འདོད་པའི་དཀྱིལ་འཁོར་གྱི་དབུས་སུ་མི་རུས་ཀྱི་ཕྱེ་མ་དང་། ཁྲག་དང་དུག་དང་བཅས་པ་དང་། མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གས་དཀྱིལ་འཁོར་གྱི་བགེགས་བཟློག་ནས་བདག་དང་

སློབ་མ་དང་ས་བདག་ལ་སོགས་པ་ཞི་བར་བྱེད་པའི་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་ས་སྦྱོང་བ་བྱེད་དུ་གཞུག་སྟེ། འདོམ་གང་ཙམ་མམ། ལྐོག་མའམ། ལྟེ་བའམ། པུས་མོ་ནུབ་པ་ཙམ་དུ་བརྐོས་ལ་གྱོ་མོ་ལ་སོགས་པ་བསལ་ལ། སྤོས་ཆུ་དྲི་ཞིམ་པས་

བྲན་པའི་སས་བཀང་ནས་རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་ཆག་ཆག་བཏབ་སྟེ། འཐས་པར་བཅགས་ལ་ཤིན་ཏུ་མཉམ་པར་བྱས་ལ། ཁང་པ་བརྩེགས་པའི་ནང་དུ་ཆུད་པ་རྟ་བབས་བཞིས་མཛེས་པར་བྱས་ལ། སྒོ་བཞི་དང་སྐར་ཁུང་གིས་ཡོངས་སུ་བསྐོར་བ།

མཐའ་མ་དྲིལ་བུས་གཏམས་པའི་རྒྱལ་མཚན་དང་བླ་རེ་ལ་སོགས་པ་བྲེས་པས་ཉེ་བར་མཛེས་པར་བྱས་ལ། སངས་རྒྱས་རིན་པོ་ཆེ་ལ་སོགས་པའི་རས་རིས་དང་། སྐུ་གཟུགས་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་གྲྭ་བཞིར་གཞག་པའི་སྤོས་སྣོད་རྣམས་ལེགས་པར་བཏུལ་ལ།

མེ་ཏོག་དང་། མར་མེ་དང་། དགོས་པའི་ཡོ་བྱད་རྣམས་ཀྱིས་མཛེས་པར་བྱས་པའི་ས་དྲིས་ཉེ་བར་བྱུགས་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སྤོས་ཆུས་ཡོངས་སུ་བསངས་ལ། ས་ལ་ལག་པ་བཞག་སྟེ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་བདུན་བཟླས་པར་བྱའོ། །ས་སྦྱོང་

པ་དང་ཡོངས་སུ་བཟུང་བའི་ཆོ་གའོ། །དེ་ནས་རང་ཉིད་ཁྲུས་བྱས་ཤིང་ལུས་དྲི་ཞིམ་པོས་བྱུགས་ལ། ཇི་སྙེད་པའི་གོས་དང་རྒྱན་གདགས་ཤིང་ཤིན་ཏུ་དམར་བའི་གོས་བགོ་བ་དང་། མེ་ཏོག་གི་ཕྲེང་བ་གདགས་པ་དང་། ཤིང་ཐོག་དྲི་ཞིམ་པོ་བཅའ་བ་བྱས་ལ་ཡར་གྱི་ཚེས་བརྒྱད་ནས་

Vol. 68 · folio 25b

བརྩམས་ཏེ། ཚེས་བཅུའམ། བཅུ་གསུམ་མམ། ཚེས་བཅུ་བཞི་ནས་བརྩམས་ཏེ་བཅོ་ལྔའི་བར་དུའམ། ཚེས་བཅོ་ལྔའི་ཐུན་མཚམས་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ལས་བྱའོ། །དེ་ལ་སྨྱུང་བར་གནས་པའི་སའི་ཆར་ནི་ཕྱག་དར་དང་སྐྱོང་ནུལ་ལ་སོགས་པ་བྱས་ལ། དེ་བཞིན་དུ་

ལག་པས་རེག་པ་ལ་སོགས་པ་བྱས་ནས་རྡོ་རྗེ་སེམས་དཔའ་དང་། ཡི་གེ་བརྒྱ་པ་བཟླ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་འཇུག་ལ། བདག་ཉིད་སྨྱུང་བ་དང་། བགེགས་གཞོམ་པ་ལ་སོགས་པ་བྱའོ། །དེ་ནས་འཁོར་ལོའི་ཕྱག་རྒྱ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་

སྤྲུལ་ལ། ཕྱག་བཙལ་བ་སྔོན་དུ་འགྲོ་བ་དང་། སྡོམ་པ་བཟུང་ལ་རྣལ་འབྱོར་ཆེན་པོ་དང་། གཞལ་ཡས་ཁང་གདན་དང་བཅས་པ་ཡང་བསྐྱེད་ལ། སེམས་དཔའི་སྐྱིལ་ཀྲུང་དུ་འདུག་སྟེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །ཅེས་བྱ་བ་ནས། དིང་བདག་འདུས་པ་མཆོག་ཡིན་ནོ། །ཞེས་བྱ་

བའི་བར་གྱིས་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ་སྤོས་སྣོད་ལག་ཏུ་ཐོགས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཐམས་ཅད་སྤྱན་དྲང་ངོ་། །དེ་ནས་ཡང་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་

པོ་མཆོག་རྣམ་པར་བསྒོམས་ལ། རྡོ་རྗེ་སེམས་དཔའི་གནས་ལ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་གནས་ཤིང་ཨོཾ་སརྦ་བིཏ་བཛྲ་སཏྭ་ཧཱུཾ་ཞེས་ཟློས་པ་བརྩོན་པའི་རྣལ་འབྱོར་པ་ལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བའི་ཕྱིར་སྒྲུབ་པའི་གྲོགས་མཆོག་དེ་བཞིན་གཤེགས་པའི་ང་

རྒྱལ་དང་ལྡན་པས་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་གདབ་བོ། །དེ་ནས་སེམས་དཔའི་སྐྱིལ་མོ་ཀྲུང་འདུག་པ་ལས་ལངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་གང་བར་བསམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལ་འདི་སྐད་བརྗོད་

པར་བྱའོ། །བདག་ནི་རང་ཉིད་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་བརྗོད་ལ། དཀྱིལ་འཁོར་ནམ་མཁའ་ལ་བཏེག་སྟེ་ནམ་མཁའ་ལ་བཞག་ལ། བདག་ཉིད་ཡང་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་བིཏ་དྲྀཥྚ་མ་ཊ། ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། ཨ་ཞེས་བྱ་བ་ལས་རྐང་པ་གཉིས་སུ་སྣ་ཚོགས་

Vol. 68 · folio 26a

རྡོ་རྗེ་བསྐྱེད་ལ། གཡས་བརྐྱད་་ལ་སོགས་པ་དང་། དཀྱིལ་འཁོར་དང་། ནམ་མཁའ་དང་། ས་བཅིངས་པ་དང་། ར་བ་དང་། དྲ་བ་དང་། ས་གཞི་རྡོ་རྗེ་རྒྱ་གྲམ་ཡན་ཆད་བྱས་ནས་ཕུར་བུའི་བསྲུང་བ་ཡང་བྱའོ། །ཡང་དཀྱིལ་འཁོར་ཆོ་ག་ལས་བཤད་པའི་ཚུལ་གྱིས་

ལྷག་པར་གནས་པའི་ཆོ་ག་རྣམས་རྗེས་སུ་སྤྱད་པར་བྱའོ། །དེ་ལ་ནི་གནས་ནི་བྱིན་གྱིས་བརླབས་པ་ཙམ་ཞེས་བྱའོ། །དེ་ནས་བྱིན་གྱིས་བརླབས་པའི་གནས་དེར་ནི་ནང་པར་ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་དེའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་ནམ་མཁའ་ལ་བཏེགས་ལ་ཐིག་གདབ་པར་

བྱའོ། །དེ་ཡང་། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་རས་བལ་རིན་མི་བརྩེག་པར་ཉོས་ལ། བུ་མོ་གཙང་མས་བཀལ་བའི་སྲད་བུ་ཚོན་རྩི་དྲི་ཞིམ་པོ་སྔོན་པོ། དམར་པོ་ལྗང་གུ་སེར་པོ། དཀར་པོས་སོ་སོར་ཁ་དོག་བསྒྱུར་ལ་གོ་རིམས་འདི་ཉིད་ཀྱིས་གཞག་

པ་ལ། ཧཱུྃ་ཏྲཱྃ་ཧྲཱིཿཨྃཿཨ་ཞེས་བྱ་བའི་རང་གི་ས་བོན་གྱིས་མི་བསྐྱོད་པ་ལ་སོགས་པ་སྲད་བུ་ལ་བཀོད་དེ། དཱིཔྟ་དྲྀཥྚཱཾ་ཀུ་ཤི་ཛ་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། །རབ་ཏུ་གཡོ་ཞིང་འབར་པའི་མིག །མིག་གི་རྫི་མ་འདྲེན་པ་ནི། །ཞེས་བྱ་བ་འབར་བའི་ལྟ་བ་དང་། བཅོམ་ལྡན་འདས་དཀྱིལ་

འཁོར་ཆེན་པོ་ཐིག་གདབ་པར་བྱ་བའི་ཕྱིར་རྡོ་རྗེའི་ཐིག་གདབ་པ་བདག་ལ་སྩོལ་ཅིག་ཅེས་བརྗོད་པས་མི་བསྐྱོད་པ་ལ་སོགས་པ་ཡང་དག་པར་བསྐུལ་བར་བྱའོ། །དེ་ནས་མི་བསྐྱོད་པ་ལ་སོགས་པས་རང་རང་གི་ས་བོན་གྱི་འོད་ཀྱིས་སྲད་བུ་བཏང་བ་འབར་བའི་ལྟ་བས་བསྐུལ་ལ་རང་གི་ལག་ན་གནས་

པའི་སྲད་བུ་བཀལ་ལ། ཨོཾ་ཨ་ནྱོ་ནྱཱ་ནུ་ཞེས་བྱ་བ་ལ་སོགས་པས་བསྒྲིལ་བར་བྱའོ། །མ་དང་ཊ་གཉིས་ཀྱི་གཡས་པ་དང་གཡོན་པ་ཉི་མ་དང་ཟླ་བར་བསྐྱེད་ལ། །བཛྲ་དྲྀཥྚ་མ་ཊ་ཞེས་བྱ་བས་བརྟན་པར་བྱས་ནས་ཐིག་སྐུད་དེ་གསེར་ལ་སོགས་པའི་སྣོད་དྲིས་བྱུགས་པར་བཞག་ལ། དྲི་དང་

མེ་ཏོག་ལ་སོགས་པས་མཆོད་ལ། རྡོ་རྗེ་བསྡམས་པས་བཟུང་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་སརྦ་བིཏ་བཅུ་གཉིས་བཟླས་པའི་དྲིས་དཀྱིལ་འཁོར་ཉེ་བར་བྱུགས་ལ་མེ་ཏོག་གིས་ཀུན་ནས་མཛེས་པར་བྱས་ལ། བར་

Vol. 68 · folio 26b

སྣང་ལ་བཞུགས་པའི་རིགས་ཐམས་ཅད་ལ་མཆོད་པ་བྱས་ཏེ་དཀྱིལ་འཁོར་བཏེག་པར་བྱའོ། །དེ་ནས་ལས་ཀྱི་ཐིག་གདབ་པར་བྱ་སྟེ། དེ་ལ་རེ་ཞིག་ཚོན་དཀར་པོ་ལས་ཐིག་སྦྱར་བར་བྱའོ། །དེ་ནས་ཆོ་ག་ལས་འབྱུང་བ་བཞིན་ཐིག་གདབ་པར་བྱའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་འབྱུང་

བས། གྲུ་བཞི་པ་ནི་ཤར་དང་ནུབ་དང་བྱང་དང་ལྷོའི་ཐིག་གདབ་པའོ། །དེ་བཞིན་དུ་ཁ་ཁྱེར་གྱི་ཐིག་དག་ཀྱང་ཕྱི་དང་ནང་གི་དཀྱིལ་འཁོར་ཀུན་གྱིས་གདབ་པའོ། །དེ་ལ་ཤར་ལ་སོགས་པའི་སྒོ་བཞིའི་ཐིག་ལ་བྱ་བས་ན། སྒོ་བཞི་པ་ཞེས་བྱ་སྟེ། ནང་གི་སྒོ་ནི་ཕྱིའི་དང་འདྲ་བ་ལ་རྟ་བབས་མེད་པའོ། །

ཕྱིའི་ནི་རྟ་བབས་དང་བཅས་པའོ། །རྟ་བབས་བཞི་དང་བཅས་པའོ་ཞེས་པ་ནི་གོ་སླའོ། །ཐེམ་སྐས་ནི་རྟ་བབས་བཞིའོ། །སེང་གེ་ནི་མི་འཇིགས་པ་དང་། སྟོབས་བཅུ་རྣམ་པར་དག་པའི་གླང་པོ་ཆེས་སྒོའི་གློ་གཉིས་སུ་བརྒྱན་པའོ། །རྣམས་ནི་རྫུ་འཕྲུལ་བཞི་རྣམ་པར་དག་པ་དང་། ཐོགས་

པ་མེད་པ་ནམ་མཁའ་ལྡིང་ངོ་། །རྟ་བབས་འདེགས་པའི་ཀ་བ་རྣམས་ཀྱི་མགུལ་དང་རྟ་བབས་ཀྱི་སྟེང་དུ་རྡོ་རྗེ་རིན་ཆེན་གྱི་མགུལ་དུ་དར་ཏེ་བ་དན་དང་དོ་ཤལ་གྱི་ཕྲེང་བ་དང་། དྲིལ་བུ་དང་རྔ་མས་བརྒྱན་པའོ། །རྡོ་རྗེ་རིན་ཆེན་པདྨ་དང་། རྒྱ་གྲམ་པའི་ཕྱག་རྒྱས་བཅིངས་པ་ནི་ཟླ་བ་ཕྱེད་པ་ལ་གནས་པའི་

རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་གྱིས་བརྒྱན་པའི་རྒྱན་གྱིས་དཀྱིལ་འཁོར་གྱི་གྲྭ་དང་། །སྒོ་དང་སྒོ་ཁྱུད་རྣམས་སུ་བརྒྱན་པར་ཐིག་གདབ་བོ། །སྲད་བུ་བརྒྱད་དང་ལྡན་པ་ལ། །ཞེས་བྱ་བ་ནི་ཕྱོགས་ཐིག་བཞི་ཚངས་པའི་ཐིག་བཞི་སྟེ། བརྒྱད་དང་ལྡན་པར་བྱས་སོ། །ཕྱིའི་རྟ་

བབས་དང་བཅས་པའི་སྒོའོ། །ལ་ལ་དག་སྒོ་གསུམ་པའོ་ཞེས་གསུངས་ཏེ། བདག་གིས་དཀྱུས་ཀྱིས་ཀྱང་སྒོ་གསུམ་པར་མ་མཐོང་སྟེ། སྒོ་གཉིས་པར་བཞེད་དོ། །དགུ་ཡི་ཆར་ནི་བགོས་པ་ལས། །ཞེས་པ་ནི་དཀྱིལ་འཁོར་ཆ་དགུར་བགོས་པ་ལ་ཕྱིའི་སྒོ་ཁྱུད་ལ་སུམ་ཆ་གཅིག་གཏད་

ཅེས་འབྱུང་ངོ་། །དེ་ལྟར་རྡོ་རྗེ་སྲད་བུས་ཕྱིའི་དཀྱིལ་འཁོར་གྱི་ཐིག་གདབ་བོ་ཞེས་གསུངས་སོ། །ད་ནི་དབུས་ཀྱི་རྡོ་རྗེའི་ཐིག་གིས་དཀྱིལ་འཁོར་གྱི་ཐིག་གདབ་པ་སྟོན་ཏེ། དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། །ཞེས་བྱ་བས་ནི་སེང་ལྡེང་གི་ཕུར་བུ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་སྟོད་རྡོ་རྗེ་རྩེ་

Vol. 68 · folio 27a

ལྔ་པ་ལྟ་བུ་བྱས་ལ། རྡོ་རྗེ་ཕུར་བུའི་སྔགས་ཡོངས་སུ་བཟླས་ལ། རྡོ་རྗེས་བརྡུངས་པ་དེ་ལ་བརྟོད་པའི་སྲད་བུས་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རྡོ་རྗེ་ཕྲེང་བའི་དབང་ལྡན་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཐིག་གདབ་པར་བྱའོ། །དེ་ནས་ཕོ་བྲང་གི་རིམ་པ་

གསུམ་དུ་བསྐོར་ཕྱོགས་སུ་ཐིག་གདབ་པར་བྱའོ། །ཆོས་ཀྱི་འཁོར་ལོ་ཟླུམ་པོར་བསྐོར་བ་ལ་བྱའོ། །ལྟེ་བ་ནི་རིམ་པ་དགུར་བྱས་པའོ། །བཅས་པ་ནི་རེའུ་མིག་དང་བཅས་པའོ། །རྩིབས་བཅུ་དྲུག་འཁོར་ལོ་རྡོ་རྗེ་འབེབས་པ་ལ་སོགས་པའི་གནས་རྩིབས་བཅུ་དྲུག་ཏུ་བྱས་པའོ། །རིམ་པ་

གསུམ་ནི་ཕྱི་རོལ་གྱི་རྡོ་རྗེ་ར་བ་དང་། འཁོར་ལོ་དང་ལྟེ་བའོ། །འཁོར་ལོའི་རྩིབས་ལ་ནི་རྣམ་པར་སྣང་མཛད་དང་། ངན་སོང་སྦྱོང་བའི་གནས་ཀྱི་ཉིས་འགྱུར་རོ། །དེ་ལྟར་ཐིག་གདབ་པ་ཡང་རྡོ་རྗེ་རྩེ་མོ་ལས། གྲུ་བཞི་པ་ལ་སྒོ་བཞི་པ། །འཁོར་ལོ་རིམ་པ་རྩིབས་བཅུ་དྲུག །རྡོ་རྗེ་ཕྲེང་

བས་ཡོངས་བསྐོར་བར། །དཀྱིལ་འཁོར་དབུས་མ་བྲི་བར་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བས་ན་འདི་ལ་ཐེ་ཚོམ་མི་བྱའོ། །དེ་ཡང་འཁོར་ལོ་ལྟར་བསྐོར་བ་ཁོ་ན་ལ་ཡང་མི་བྱ་སྟེ། སཾ་གྲ་ཧ་ལས། དཀྱིལ་འཁོར་འཁོར་ལོ་ཡིན་པར་བཤད། །ཅེས་གསུངས་པ་ན་སྤྱིར་

བཤད་ཀྱི་གཅིག་ཏུ་ནི་ངེས་པ་མེད་དོ། །དེ་ཡང་དེ་ཉིད་ལས། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བ། །ཞེས་གསུངས་པ་འདིས་ཀྱང་འདི་ཐ་དད་པར་གྱུར་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བ་ན་གནས་པའི་ཕུར་བུ་ཡི་གེ་ཧཱུཾ་བཞིས་བཏོན་ལ་འོག་ནས་བཤད་པའི་ཚོན་

སྣ་ལྔས་ཕུར་བུའི་བུ་ག་བཀང་ལ་མཉམ་པོར་བྱས་ནས་ཧི་ཞེས་བྱ་བས་མིག་གཡས་དང་། གཡོན་ཉི་མ་དང་ཟླ་བར་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་ལ་སྒོ་རྣམས་དབྱེ་བར་བྱའོ། །ཐིག་གདབ་པའི་ཆོ་གའོ། །ཐིག་ལེ་ཚོན་གྱིས་དགང་བ་དང་། ཚོན་གྱི་རིམ་པ་འདི་ལྟར་ཤེས་

པར་བྱའོ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པས་ཕྱག་རྒྱ་དང་ལྡན་པས་ཚོན་ཐམས་ཅད་ལ་ལན་བདུན་བཟླས་ན་རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ལ་ནི། །མཛུབ་མོའི་རྩེ་མོ་མཉམ་སྦྱར་བས། །བྱས་ན་ཚོན་རྩི་ཐམས་

Vol. 68 · folio 27b

ཅད་ནི། །འབར་བའི་ལྟ་བས་དགུག་པར་བྱ། །ཧི་ཞེས་བྱ་བའི་མཐར་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ་སྦར་བར་བྱའོ། །དེ་ལ་ཚོན་རྩི་དཀར་པོ་ནི་དེ་བཞིན་གཤེགས་པ་དཀར་པོའི་རྡུལ་ཕྲ་རབ་རྣམས་གཞུག་པར་བྱའོ། །སེར་པོ་ལ་ནི་སེར་པོའོ། །སྔོན་པོ་ལ་ནི་སྔོན་པོའོ། །ལྗང་གུ་

ལ་ནི་ལྗང་གུའོ། །དམར་པོ་ལ་ནི་དམར་པོ་བཅུག་ནས་ཇི་སྐད་དུ་བཤད་པའི་འབར་བའི་ལྟ་བས་མངོན་པར་སྦྱང་བའི་དུས་སུ་ཡང་དང་པོའི་རྡོ་རྗེ་ཐོག་མར་ཚོན་དགྱེ་བ་བརྩམས་པར་བྱས་ལ། ཚོན་ཐམས་ཅད་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཨོཾ་སརྦ་བིཏ་ཀྱི་

སྔགས་ཟློས་ཤིང་དགྱེ་ལ། དེའི་འོག་ཏུ་ཇི་ལྟར་དགའ་བར་ཚོན་དགྱེ་བར་བྱའོ། །ཚོན་དགྱེ་བའི་རིམ་པ་ནི་འདི་ཡིན་ཏེ། དང་པོར་དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོ་ནི་ཐམས་ཅད་ཀྱི་ནང་དུའོ། །དབུས་ཀྱི་སའི་ཆ་གཉིས་ནི་དཀར་པོའོ། །ཤར་དུ་དམར་པོའོ། །

ལྷོ་རུ་སྔོན་པོའོ། །ནུབ་ཏུ་སེར་པོའོ། །བྱང་དུ་ལྗང་གུའོ། །འཁོར་ལོའི་རྩིབས་ནི་རིགས་ཀྱི་ཁ་དོག་གོ། །སྒོ་ཁྱམས་ནི་ཤར་དང་ལྷོ་དང་ནུབ་དང་བྱང་དུ་དཀར་བ་དང་། སྔོ་བ་དང་། སེར་བ་དང་། ལྗང་གུའོ། །ཚོན་གྱི་རིམ་པའོ། །དེས་ནི་དཀྱིལ་འཁོར་བྲི་བའི་རིམ་པ་བསྟན་ཏོ། །ད་ནི་ལྷ་རྣམས་དགོད་པ་

བསྟན་ཏེ། དབུས་སུ་མཁས་པས་ཀུན་རིག་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུས་སུ་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་དུང་དང་ཀུན་ད་ལྟར་དཀར་ཞིང་སྣུམ་པ་ཞལ་བཞི་པ་ནི་ཡེ་ཤེས་བཞི་དང་། སྐུ་བཞིས་བརྒྱན་པའི་རྟགས་སུ་བསྟན་ཡང་སྐུ་བཞི་ནི་ངོ་བོ་ཉིད་ཀྱི་སྐུ་དང་།

རྣམ་པར་སྨིན་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །དེ་ཡང་དུས་གསུམ་དུ་ཀུན་རྫོབ་ཏུ་གཟུགས་སུ་བཞུགས་ཀྱིས་དོན་དམ་པར་ཡོད་པ་མ་ཡིན་ནོ། །དེ་ཡང་། །གང་འདི་རྒྱ་ཆེན་དུ་མ་ཡི། །ཁ་དོག་དབྱིབས་དང་གདན་རྣམས་དང་། །ཕྱག་མཚན་བརྒྱད་སོགས་

དབྱེ་བ་ནི། །སྐུ་ཡི་གསང་བར་འདི་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་དང་རྡོ་རྗེའི་རིགས་ནི་ངོ་བོ་ཉིད་ཀྱི་སྐུའོ། །རིན་པོ་ཆེའི་རིགས་ནི་རྣམ་པར་སྨིན་པའི་སྐུའོ། །པདྨའི་རིགས་ཐམས་ཅད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོའོ། །ལས་ཀྱི་རིགས་ཐམས་ཅད་ནི་

Vol. 68 · folio 28a

སྤྲུལ་པའི་སྐུའི་ངོ་བོ་ཉིད་དོ། །རྒྱུ་དང་ཡེ་ཤེས་དང་སྐུ་བཞིར་སྦྱར་བ་ནི་འདིར་མ་བྲིས་སོ། །དེ་ལ་རྣམ་པར་སྣང་མཛད་ནི་ངོ་བོ་ཉིད་ཀྱི་སྐུའོ། །ངན་སོང་སྦྱོང་བ་ལ་སོགས་པ་ནི་ལོངས་སྤྱོད་རྫོགས་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་རྣམ་པར་སྨིན་པའི་སྐུའོ། །གཞན་རྡོ་རྗེའི་

རིགས་ལ་སོགས་པ་ཐམས་ཅད་ནི་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་སྐད་དུ་ཚོགས་མཐོ་བ་ལས། རྡོ་རྗེ་སེམས་དཔའི་དབང་བསྐུར་བས། །ཀུན་རིག་ཉིད་ནི་ངོ་བོའི་སྐུ། །རྡོ་རྗེ་རིགས་ཀྱི་དབང་བསྐུར་བས། །ངན་སོང་སྦྱོང་བ་ལོངས་སྤྱོད་རྫོགས། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །རྡོ་རྗེ་སེམས་སོགས་རྣམ་

པར་སྨིན། །རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པའི་སྐུ་ནི་སྐུ་ཞེས་ནི། །རྡོ་རྗེ་རིགས་ནི་འདོད་པར་གྲགས། །ཞེས་སོ། །དེ་ཐམས་ཅད་ཀྱི་རང་བཞིན་ནི་ཀུན་རིག་རྣམ་པར་སྣང་མཛད་དེ་རྡོ་རྗེ་ཞེས་བྱའོ། །དེ་ལ་ནི་རྒྱལ་མཆོག་སྐྱེས་བུས་གང་བ་ཞེས་བྱའོ། །མི་འཇིགས་པ་སེང་གེའི་གདན་སྟེང་ན་

ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བཞུགས་སོ། །དེ་ནས་བར་སྣང་གི་ཕྱོགས་ནས་སྤྱན་དྲངས་ལ་གཟུགས་དང་གཅིག་ཏུ་བསྲེ་བར་བྱའོ། །དེ་བཞིན་དུ་ཐམས་ཅད་ལ་ཤེས་པར་བྱའོ། །ཤར་ཕྱོགས་སུ་སེང་གེའི་གདན་ལ་ངན་སོང་སྦྱོང་བ་སྐུ་མདོག་ཟླ་བ་རྒྱས་པ་

དང་འདྲ་ཞིང་འཇམ་པ་རྒྱན་ཆ་ལ་སོགས་པས་བརྒྱན་པ་ཕྱག་གཉིས་བསམ་གཏན་གྱི་ཕྱག་རྒྱ་སྟེང་ན་རྡོ་རྗེ་བསྣམས་པའོ། །རྒྱབ་ཏུ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ལ་ཕྱག་རྒྱ་བསམ་གཏན་གྱི་ཕྱག་རྒྱ་པདྨ་རྡོ་རྗེས་མཚན་པ་བསྣམས་ཏེ། གདན་སེང་གེ་ལ་བཞུགས་པའོ། །

གཡས་ཀྱི་རེའུ་མིག་ལ་རིན་ཆེན་དཔལ་སྐུ་མདོག་སྔོན་པོ་བསམ་གཏན་གྱི་ཕྱག་རྒྱ་རིན་པོ་ཆེའི་མྱུ་གུ་བསྣམས་པ། གདན་སེང་གེའི་ཁྲི་ལ་བཞུགས་པ་བསམ་མོ། །བྱང་ཕྱོགས་སུ་མེ་ཏོག་ཆེར་རྒྱས་སྐུ་མདོག་ལྗང་གུ་ཕྱག་གཉིས་བསམ་གཏན་གྱི་ཕྱག་རྒྱའི་སྟེང་དུ་སྣ་ཚོགས་རྡོ་རྗེ་

བསྣམས་པ། གདན་སེང་གེའི་ཁྲི་ལ་བཞུགས་པའོ། །རེའུ་མིག་གི་གྲྭ་རྣམས་སུ་ལོ་ཙ་ན་དང་མཱ་མ་ཀཱི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་སྤྱན་ལ་ལོ་ཙ་ན་ཞེས་བྱ་བ་སྟེ། སྐུའི་རྣམ་པར་རམ་རང་གི་རིགས་ཀྱི་མཚན་མ་ཞེས་འབྱུང་བས་ན། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་

Vol. 68 · folio 28b

ཚོགས་རྡོ་རྗེ་རྣམས་བཀོད་ཀྱང་རུང་ངོ་། །དེ་ཡང་། མུ་སྟེགས་ཅན་ལ་ཕན་གདགས་ཕྱིར། །སངས་རྒྱས་བཙུན་མོ་རབ་ཏུ་གསང་། །ཞེས་སོ། །ད་ནི་ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དགོད་པ་སྟོན་ཏེ། རྩིབས་ཀྱི་ནང་ནི་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

རྩིབས་ཀྱི་ནང་ནི་འཁོར་ལོ་རྩིབས་བཅུ་དྲུག་གི་ནང་ངོ་། །རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག་གི་རྡོ་རྗེ་སེམས་དཔའ་ལ་སོགས་བཅུ་དྲུག་སྟེ། བིཏ་ལས་བསྐྱེད་པས་ན་མཆོག་གོ། །མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འགྲོ་བའི་དོན་མཛད་པས་ན་རྫུ་འཕྲུལ་ཆེ་བའོ། །གོ་རིམས་བཞིན་དུ་བྲི་བར་བྱ། །

ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་བསྐལ་པ་བཟང་པོའི་བར་དག་ཀྱང་པདྨ་དང་ཟླ་བའི་དཀྱིལ་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡིན་ཏེ། དེ་ཡང་། རྡོ་རྗེ་སེམས་སོགས་སེམས་དཔའི་མགོན། །རྡོ་རྗེ་ཕྱེད་པའི་གདན་ལ་བཞུགས། །ཞེས་བཤད་པའི་ཕྱིར་རོ། །དེ་ལ་རྡོ་

རྗེ་སེམས་དཔའ་ནི་སྐུ་མདོག་དཀར་པོ་གཡོན་པ་རྡོ་རྗེ་ཁུ་ཚུར་དྲིལ་བུ་དང་བཅས་པའི་བསྙེམས་པའི་ཚུལ་གྱིས་དཀུར་བརྟེན་པ་ཕྱག་གཡས་པས་སྙིང་གར་བསྟོད་པའི་ཚུལ་གྱིས་བཞག་པའི་གུང་མོ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པ་བསྟོད་པའི་ཚུལ་གྱིས་བསྣམས་པ་ཤར་གྱི་འཁོར་ལོའི་རྩིབས་ལ་བཞུགས་སོ། །

དེ་ནས་རིམ་པ་བཞིན་དུ་ཐམས་ཅད་དེ་ལྟར་གནས་སོ། །རྡོ་རྗེ་རྒྱལ་པོ་ནི་གསེར་གྱི་མདོག་ཅན་རྡོ་རྗེ་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་མཛད་ཅིང་བཞུགས་པའོ། །རྡོ་རྗེ་ཆགས་པ་ནི་སྐུ་མདོག་དམར་པོ་མདའ་དང་གཞུས་དེ་བཞིན་གཤེགས་པ་ཐམས་ཅད་འབིགས་པའི་

ཚུལ་དུ་མཛད་པའོ། །རྡོ་རྗེ་ལེགས་པ་ནི་མར་གད་ཀྱི་མདོག་ཅན་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་དང་བཅས་པས་ལེགས་སོ་ཞེས་བྱ་བ་སྦྱིན་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་ཅིང་བཞུགས་པའོ། །རྡོ་རྗེ་རིན་ཆེན་ནི་སྐུ་མདོག་སེར་པོ་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་རིན་པོ་ཆེའི་དྲིལ་

བུ་བསྣམས་ཤིང་མཉེས་པའི་ཚུལ་གྱིས་བཞུགས་པ་གཡས་པ་ཁུ་ཚུར་གྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྩེ་མོ་རྡོ་རྗེ་རྩེ་ལྔ་པས་མཚན་པ་དཔྲལ་བའི་སྟེང་ན་བསྣམས་པའོ། །རྡོ་རྗེ་ཉི་མ་ནི་ཉི་མའི་མདོག་ཅན་ཕྱག་གཡས་ན་ཉི་མའི་དཀྱིལ་འཁོར་བསྣམས་ཏེ། དེ་བཞིན་གཤེགས་པ་རྣམས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words