དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་བརྟག་པའི་བཤད་པ

Sanskrit title (Tibetan script, as in the text) སརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ་ཀལྤ་ནཱ་མ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 68 · folio 82a

ཀྱང་སྙིང་པོ་ཕུལ་ཞིང་དཀྱིལ་འཁོར་བཤད་དོ། །བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་སྙིང་པོ་ཕུལ་ཅིག་ཅེས་བྱ་བའི་བར་ནི་གསོལ་བ་གདབ་པ་དང་རྗེས་སུ་གནང་བའོ། །སྙིང་པོ་ཕུལ་བ་ཡང་འདིར་གོ་སླའོ། །དེའི་དོན་

ཡང་འདི་ལྟར་ཤེས་པར་བྱ་སྟེ། ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། གཙོ་བོའི་བསྐྱེད་ཐབས་སྔོན་དུ་འགྲོ་བའི་ཆོ་ག་དང་སྡིག་པ་དྲལ་བ་དང་། ཡེ་ཤེས་དབབ་པ་དང་། མངོན་པར་བྱང་ཆུབ་པས་དབུས་ཀྱི་གཙོ་བོ་ཕྱག་ན་རྡོ་རྗེའི་སྐུ་བསྐྱེད་པ་དང་། བྱིན་གྱིས་བརླབས་པ་དང་།

དབང་བསྐུར་བ་བྱས་ལ། སྟོང་པ་ཉིད་ཀྱི་རང་བཞིན་ལས་འབྱུང་བ་རིམ་གྱིས་བསྐྱེད་དེ། དེའི་སྟེང་དུ་ཡི་གེ་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་པ་ནི་གྲུ་བཞི་པ་ལ་སྒོ་བཞི་པ་ནང་རེའུ་མིག་དགུ་རུ་བྱས་ལ། ལྷའི་སྣམ་བུ་དང་ལྡན་པ། རྟ་བབས་བཞིས་བརྒྱན་པ་བསྐྱེད་པར་བྱའོ། །དེའི་

དབུས་སུ་ཕྱག་ན་རྡོ་རྗེ་ཉིད་གནས་པར་བྱས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་པར་བྱའོ། །དེ་ལ་དབུས་ཀྱི་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཨཱི་ཞེས་པའོ། །དེའི་ཕྱི་རིམ་དུ་ཨོཾ་ཨཱི་ཤྭ་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་རྣམས་ཕྲེང་བའི་ཚུལ་དུ་བསྐོར་བར་བྱའོ། །དེ་ནས་

སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཏྲི་ཤཱུ་ལ་རྩེ་གསུམ་དུ་གྱུར་ཏོ། །དེ་སྤྲོ་བ་དང་བསྡུ་བས་བརྟན་པར་བྱའོ། །དེ་འཕྲོ་ཞིང་འདུ་བའི་ཚུལ་གྱིས་སྐུར་གྱུར་ཏེ། བྱང་ཤར་གྱི་རེའུ་མིག་ལ་གདན་གླང་ཁྱུ་བའི་སྟེང་དུ་བཞུགས་སོ། །དེ་བཞིན་དུ་ཨོཾ་ཨིཿཨོཾ་ཨ། ཨོཾ་ཡ། ཨོཾ་རཾ། ཨོཾ་བཾ། ཨོཾ་ཡཾ།

ཨོཾ་ཨ། ཨོཾ་ཀུཿ། ཨོཾ་བྲ་ཞེས་པའི་སྙིང་པོ་ལ་སོ་སོའི་སྔགས་ཀྱིས་བསྐོར་བ་དེའི་འཕྲོ་འདུ་ལས་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་གདེངས་པ་དང་། བགྲང་ཕྲེང་དང་། ཐོད་དབྱུག་དང་། རལ་གྲི་དང་། ཞགས་པ་དང་། བ་དན་དང་། དབྱུག་ཏོ་དང་། བུམ་པ་དང་། པདྨར་གྱུར་ཏོ། །དེ་དག་གི་འཕྲོ་

འདུ་ལས་བརྟན་པར་གྱུར་ཏོ། །དེ་ཉིད་ཀྱི་འཕྲོ་འདུ་ལས་སྐུར་གྱུར་ཏེ། ཤར་ཕྱོགས་སུ་བརྒྱ་བྱིན་མདོག་སེར་པོ་གླང་པོ་ཆེའི་གདན་ལ་བཞུགས་པ་ཕྱག་ན་རྡོ་རྗེ་གདེངས་པ་བསྣམས་པའོ། །ཤར་ལྷོར་མེ་ལྷ་དམར་སེར་ར་སྐྱེས་ཀྱི་གདན་ལ་བཞུགས་པ་ཕྱག་བཞི་ན་སྐྱབས་སྦྱིན་དང་། བགྲང་ཕྲེང་དང་།

Vol. 68 · folio 82b

གུནྡྷེ་དང་། ཞུགས་གླིང་བསྣམས་པའོ། །ལྷོར་གཤིན་རྗེ་ནག་པོ་མ་ཧེའི་གདན་ལ་བཞུགས་པ་ཕྱག་ན་ཐོད་དབྱུག་བསྣམས་པའོ། །ལྷོ་ནུབ་ཏུ་བདེན་བྲལ་དམར་ནག་ཡི་དགས་ཀྱི་གདན་ལ་བཞུགས་པ་རལ་གྲི་ཐོགས་པའོ། །ནུབ་ཏུ་ཆུ་བདག་མདོག་དམར་སྦྲུལ་གྱི་གདེངས་ཀ་ཅན་སྦྲུལ་ཞགས་

བསྣམས་པ་ཆུ་སྲིན་གྱི་གདན་ཅན་ནོ། །ནུབ་བྱང་དུ་རླུང་ལྷ་ཐལ་བའི་མདོག་ཅན་ཤ་བའི་གདན་ཅན་བ་དན་བསྣམས་པའོ། །བྱང་དུ་ནོར་སྦྱིན་མདོག་ལྗང་གུ་དབྱུག་ཏོ་བསྣམས་པ་རྟའི་གདན་ཅན་ནོ། །གཙོ་བོའི་མདུན་དུ་ཉི་མ་མདོག་དམར་རྟ་བདུན་གྱིས་འདྲེན་པའི་ཁྲི་ལ་བཞུགས་པ་ཕྱག་ན་པདྨ་

བསྣམས་པའོ། །རྒྱབ་ཏུ་ཕག་གི་གཟུགས་ཅན་མདོག་སེར་པོ་བྱི་བའི་ཁྲི་ལ་འདུག་པ་བུམ་པ་བསྣམས་པའོ། །གཞན་ཡང་སྒོ་བ་ལ་སོགས་པ་རྣམས་ནི་སྔ་མ་བཞིན་ནོ། །དེ་ནས་སྤྱན་དྲངས་ཏེ་ཀུན་ལ་ཞེས་པ་ནི་རང་རང་གི་རྩ་བའི་སྔགས་དང་ཕྱག་རྒྱས་སྤྱན་དྲང་ངོ་། །མཆོད་པ་ཀུན་གྱིས་མཆོད་

པར་བྱ། །ཞེས་པ་ནི་མཆོད་པ་ལྔ་ལ་སོགས་པ་སྟེ། དེ་ནས་བསྟོད་པར་བྱ་ཞིང་རང་གི་སྔགས་ཀྱང་བཟླ་བར་བྱའོ། །དེ་ནས་དཀྱིལ་འཁོར་ཡང་ཇི་ལྟར་གྲགས་པ་བཞིན་དུ་བྲིས་ལ་དབུས་སུ་ཕྱག་ན་རྡོ་རྗེའོ། །དཀྱིལ་འཁོར་དེར་དབང་བསྐུར་ནས་སྙིང་པོ་བྱིན་ན་འཇིག་རྟེན་འདིའི་དགོས་པ་རྣམས་འགྲུབ་

པར་འགྱུར་རོ། །བསྲུང་ཞིང་བསྐྱབ་པ་དང་། དམ་བཅས་པ་ནི། །དེ་ནས་དེ་དག་མགུ་ནས་ནི། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དཀྱུས་གསལ་ལོ། །ཕྱོགས་སྐྱོང་བའི་བཤད་པའི་འགྲེལ་པའོ། །དཀྱིལ་འཁོར་དེ་ནི་གདོན་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱ་བའི་ཕྱིར་གསུངས་སོ། །ད་

ནི་འདི་ནས་གཟའ་བརྒྱད་ཀྱི་དཀྱིལ་འཁོར་གསུངས་ཏེ། དེ་ཡང་གཟའ་དང་དུས་ཚིགས་དང་སྐར་མའི་སླུང་ཞི་བར་བྱ་བའི་ཕྱིར་བཤད་དོ། །དེ་ནས་གཟའ་ཆེན་པོ་བརྒྱད་དང་འཁོར་རྒྱུ་སྐར་དུ་བཅས་པ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་དེ་ནས་ཞེས་བྱ་བ་ནི་ཕྱོགས་སྐྱོང་བའི་

དཀྱིལ་འཁོར་བཤད་པའི་རྟིང་ཐོགས་ནས་སོ། །ཕྱི་མ་དཀྱུས་གསལ་ལོ། །བྱིན་གྱིས་བརླབས་པ་ནི་དབང་བསྐུར་བ་དང་མིང་བཏགས་པར་རོ། །ཤོད་ཅིག་པ་ནི་གནང་བའོ། །དེ་ནས་སྙིང་པོ་རྣམས་ཕུལ་ལོ། །དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། འདིར་ཡང་གནས་ཡིད་དང་མཐུན་

Vol. 68 · folio 83a

པར་བདེ་བའི་སྟན་ནང་ཚངས་ཅན་ལ་འདུག་སྟེ། དང་པོར་བགེགས་བསྐྲད་པ་དང་། །རྡོ་རྗེ་སེམས་དཔའ་འམ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མདུན་དུ་དམིགས་ནས་མཆོད་པ་དང་། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བ་དང་། །

གསོལ་བ་གདབ་པ་ལ་སོགས་པ་བྱས་ནས། དེ་ནས་སྡིག་པ་དྲལ་བ་དང་ཡེ་ཤེས་དབབ་པ་བྱས་ཏེ། དེ་ནས་སེམས་སོ་སོར་རིག་པ་ལ་སོགས་པའི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ཕྱག་རྒྱ་སྐུ་མདོག་དང་ཕྱག་མཚན་གོང་དུ་བསྟན་པ་ལྟ་བུའམ། ཡང་ན་ཨོཾ་བཛྲ་སཏྭ་ཀྲོ་དྷཱ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་

བི་དྲ་བ་བི་དྲ་བ། སརྦ་ཨ་བ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲཱ་ཎཱཾ་ཧཱུྃ་ཞེས་བརྗོད་པས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་སྐུར་གྱུར་ཏེ། སྐུ་མདོག་སྔོན་པོ་ཞལ་བགྲད་ཅིང་མཆེ་བ་གཙིགས་པ་ཕྱག་ན་རྡོ་རྗེ་དང་། པདྨ་དང་། རལ་གྲི་དང་། བེ་ཅོན་བསྣམས་པ། སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་

སྨད་བརྒྱན་པ། འཁོར་ཁྲོ་བོ་མང་པོས་བསྐོར་བ། རིགས་ལྔས་དབུ་བརྒྱན་པ། ཞབས་པདྨ་ལྟ་བུས་རོ་མནན་ནས། ཐབས་མཁས་པའི་ཐུགས་རྗེས་ངན་སོང་སྦྱང་བར་མཛད་པ་བསམ་མོ། །དེ་ནས་གཞལ་ཡས་ཁང་ནི་གྲུ་བཞི་པ་སྒོ་བཞི་པ། རྟ་བབས་དང་མུ་ཁྱུད་དུ་བཅས་པ་ནང་དཀྱིལ་འཁོར་དགུ་པ་

སྣམ་བུ་རིམ་པ་གཉིས་པ་བསྒོམ་མོ། །དེའི་དབུས་སུ་གནས་པར་བྱ་སྟེ། འཁོར་གཟའ་ཆེན་པོ་རྣམས་རིམ་པར་བསྐྱེད་པར་བྱའོ། །དེ་ལ་དབུས་ཀྱི་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཨཱ་ཞེས་པས་སྔགས་བསྐྱེད་པར་བྱའོ། །དེའི་འཕྲོ་འདུ་ལས་པདྨར་གྱུར་ཏེ། དེའི་འཕྲོ་འདུ་ལས་

གཟའ་ཉི་མའི་སྐུར་བསྐྱེད་དེ། སྐུ་མདོག་དམར་སེར་ལ་གསེར་གྱི་ཡ་ལད་དམ་འཐབ་བེར་གསོལ་བ་ཕྱག་ན་པདྨ་བསྣམས་པའོ། །དེའི་སྙིང་གར་ཨོཾ་ཨཱ་དི་ཏྱ་སྭཱ་ཧཱ། ཞེས་བཀོད་པ་དེ་བརྗོད་པའི་ཚུལ་གྱིས་ཕྱིར་ཕྱུང་སྟེ། རླུང་གི་ཕྱོགས་སུ་རྟའི་སྟེང་དུ་བྱའོ། །ཡང་དབུས་ཀྱི་གཙོ་བོའི་ཐུགས་ཀར་ཟླ་

བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་སྭ། ཨོཾ་ཨཾ། ཨོཾ་བུ། ཨོཾ་བྲི། ཨོཾ་ཤུ། ཨོཾ་ས། ཨོཾ་ར། ཞེས་པས་སོ་སོའི་སྔགས་རྣམས་རིམ་པ་བཞིན་བཀོད་ལ། དེ་རྣམས་འཕྲོ་ཞིང་འདུ་བའི་ཚུལ་གྱིས་རང་རང་གི་དམ་ཚིག་གི་ཕྱག་རྒྱ་མེ་ཏོག་ཀུ་མུ་ད་དང་། མགལ་མེ་དང་། ཨུཏྤལ་དང་། པོ་ཏི་དང་། ཤིང་ཐོག་དང་

Vol. 68 · folio 83b

དབྱུག་པ་དང་། སྡིགས་མཛུབ་བམ་ཟླ་བ་རྣམས་སུ་གྱུར་ཏོ། །དེ་རྣམས་ཀྱི་འཕྲོ་འདུ་ལས་སོ་སོར་སྐུ་རྣམས་སུ་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་ཐུགས་ཀར་ཨོཾ་སྭ་མོཾ་སྭཱ་ཧཱ། ཨོཾ་བུ་དྷ་སྭཱ་ཧཱ། ཨོཾ་བྲི་ཧ་ཡ་སྭཱ་ཧཱ། ཨོཾ་ཤཱུ་རཾ་ག་མེ་སྭཱ་ཧཱ། ཨོཾ་ས་ནཻཤྩ་ར་སྭཱ་ཧཱ། ཨོཾ་རཱ་ཧུ་ལ་སྭཱ་ཧཱ། ཞེས་པ་བསམས་

ལ། རང་རང་གི་སྔགས་བརྗོད་པས་སོ་སོའི་གདན་སྟེངས་སུ་གཞག་པར་བྱ་སྟེ། ཟླ་བ་ནི་མདོག་དཀར་པོ་ཕྱག་ན་ཀུ་མུ་ད་བསྣམས་པ་ནུབ་ཏུ་ངང་པའི་སྟེང་དུའོ། །མིག་དམར་ནི་མདོག་དམར་པོ་བྱིས་པའི་གཟུགས་འདྲ་བ་ཕྱག་ན་མགལ་མེ་བསྣམས་པ་མེའི་ཕྱོགས་སུའོ། །གཟའ་ལག་པ་ནི་

མདོག་སེར་པོ། གཡས་དམ་ཚིག་སྦྱིན་པ། གཡོན་ཨུཏྤ་ལ་བསྣམས་པ་བྱང་དུ་བསམ་མོ། །དེ་ཡང་སྟན་ནང་ཚངས་ཅན་ནམ་པདྨའི་གདན་ལའོ། །ཕུར་བུ་ནི་མདོག་དཀར་བ་གཡས་པ་པོ་ཏི། གཡོན་པ་ཆོས་འཆད་པའམ། ཚིག་འདྲེན་པའི་ཚུལ། བ་ཏི་སེར་པོའི་སྟོད་གཡོགས་

མནབས་པ། ཟླ་བའི་དཀྱིལ་འཁོར་ལ་བསམས་ཏེ་ལྷོ་ན་བཞུགས་སོ། །པ་བ་སངས་ནི་མདོག་དཀར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་ན་ཤིང་ཐོག་བསྣམས་པ་སྟེ། མདུན་དུ་སྟན་ནང་ཚངས་ཅན་གྱི་སྟེང་དུའོ། །སྤེན་པ་མདོག་གནག་ལ་རྒྱན་མེད་པ་སྐྲ་བཤིག་པ། ལག་ན་དབྱུག་པ་

བསྣམས་པ། དབང་ལྡན་གྱི་མཚམས་སུ་སྟན་ནང་ཚངས་ཅན་ལ་གནས་པའོ། །སྒྲ་གཅན་མདོག་དུང་ཁ་མིའི་མགོ་ཅན་ཡིད་ཙམ་ཁྲོས་པ་མཆེ་བ་གཙིགས་པ་སྐྲ་སེར་པོ་གྱེན་དུ་འགྲེང་བ། མགྲིན་པ་མན་ཆད་སྦྲུལ་གྱིས་དཀྲིས་པའམ། རྣམ་པ་གཅིག་ཏུ་ན་སྤྲིན་གྱི་ནང་ན་འདུག་པ་

སྡིགས་མཛུབ་བསྒྲེང་བ་སྟེ། །སྲིན་པོའི་ཕྱོགས་སུ་དགོད་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རིམ་གྱི་ཁོར་ཡུག་ཏུ་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགོད་དོ། །དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་ཤར་དུ་དགོད་པར་བྱ་བ་ནི་སྨིན་དྲུག་མདོག་དམར་བུམ་པའི་སྟེང་ན་འདུག་པ་མེ་ལྕེ་འབར་བས་འཁོར་བ་བྲི།

སྣར་མ་ནི་མདོག་ལྗང་གུ་གླང་ཁྱུ་བ་དཀར་པོ་ལ་ཞོན་པ། མགོ་ནི་མདོག་སེར་པོ་ཤ་བ་ལ་ཞོན་པ་བྲི། །ལག་པ་མདོག་དམར་སྦྲུལ་འཁྱིལ་བ་ལ་ཞོན་པ། ནབ་སོ་ནི་མདོག་སེར་པོ་པདྨ་ལ་འདུག་པ། རྒྱལ་ནི་མདོག་ལྗང་གུ་བུམ་པའི་སྟེང་ནའོ། །སྐག་ནི་མདོག་ལྗང་གུ་བྱ་རོག་ལ་འདུག་པའོ། །

Vol. 68 · folio 84a

ལྷོ་ཕྱོགས་སུ་བྲི་བ་ནི་མཆུ་མདོག་སེར་མ་ཧེ་ལ་ཞོན་པ། གྲེ་ནི་མདོག་དཀར་པདྨ་ལ་འདུག་པ། སྦོ་ནི་ལྗང་གུ་གསེར་གྱི་ཁྲི་ལ་འདུག་པ། མེ་བཞི་ནི་མདོག་སེར་པོ་གླང་པོ་ཆེ་ལ་འདུག་པ། ནག་པ་ནི་མདོག་ལྗང་གུ་རྨ་བྱ་ལ་ཞོན་པ། ས་རི་ནི་མདོག་ལྗང་གུ་སྤྱང་མོ་ཉུག་

པའོ། །ས་ག་ནི་མདོག་ལྗང་གུར་སྐྱེས་ལ་ཞོན་པ་བྲི། བདེན་བྲལ་ནས་བརྩམས་ཏེ་ནུབ་ཏུ་བྲི་བ་ལྷ་མཚམས་ནི་མདོག་སེར་ལག་ན་འབྲས་བུ་ཐོགས་པ་བྱ་དཀར་ལ་ཞོན་པ། སྣྲོན་ནི་མདོག་དམར་སྟན་ནང་ཚངས་ཅན་ལ་འདུག་པ་བྲི། སྣྲུབས་ནི་མདོག་ལྗང་གུ་རུས་སྦལ་ལ་ཞོན་པ་བྲི། ཆུ་སྟོད་ནི་

མདོག་སེར་ལ་ཕུབ་ཀྱི་སྟན་ལ་འདུག་པ། ཆུ་སྨད་མདོག་ལྗང་གུ་མི་ལ་ཞོན་པ། བྱི་བཞིན་ནི་མདོག་སེར་འཁོར་ལོ་ཐོགས་ནས་ནམ་མཁའ་ལྡིང་ལ་འདུག་པ། གྲོ་བཞིན་ནི་མདོག་སེར་པོ་ཀུར་མ་ལ་འདུག་པའོ། །རླུང་གི་ཕྱོགས་ནས་བརྩམས་ཏེ་བྱང་དུ་བྲི་བ། མོན་གྲུ་ནི་མདོག་དམར་

སྟན་ནང་ཚངས་ཅན་ལ་འདུག་པའོ། །མོན་དྲེ་ནི་མདོག་ལྗང་གུ་གླང་ཁྱུ་བ་ལ་འདུག་པ་བྲི། ཁྲུམས་སྟོད་ནི་མདོག་ལྗང་གུ་གསེར་གྱི་ཁྲི་ལ་འདུག་པ་བྲི། ཁྲུམས་སྨད་ནི་མདོག་དམར་པོ་གསེར་ཁྲི་ལ་འདུག་པའོ། །ནམ་གྲུ་ནི་མདོག་དམར་པོ་རྟ་ལ་ཞོན་པ་བྲི། ཐ་སྐར་ནི་མདོག་ལྗང་

གུ་མི་ལ་ཞོན་པ་བྲི། བྲ་ཉེ་ནི་མདོག་སྔོ་ནག་འཁོར་ལོའི་སྟེང་དུ་འདུག་པ་བྲི་བར་བྱའོ། །རྒྱུ་སྐར་དེ་དག་ཀྱང་བུད་མེད་ཀྱི་རྒྱན་གྱིས་བརྒྱན་པའོ། །སྒོ་བཞིར་ཡང་སྒོ་བ་བཞི་བྲི་བར་བྱའོ། །དེ་ནས་ནི་སྤྱན་དྲང་བ་དང་། མཆོད་པ་དང་། ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་། སྔགས་བཟླས་པ་ལ་

བརྩོན་པ་ཐུན་བཞིར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བ་ཡང་བྱ་སྟེ། དབུས་སུ་ཕྱག་ན་རྡོ་རྗེའམ། འཇིག་རྟེན་གསུམ་རྒྱལ་བྲིའོ། །གཞན་གོང་མ་ལྟར་རོ། །དེ་ནས་རྣལ་འབྱོར་པ་བདག་རྡོ་རྗེ་འཛིན་པའི་ཕྱག་ཏུ། མེ་ཏོག་ཐོགས་ལ་འདུག་པའི་རིམ་པས་འཇུག་པར་བྱའོ། །དེ་ནས་དཀྱིལ་

འཁོར་མཆོད་དེ། སློབ་མ་གཞུག་པར་བྱའོ། །དེ་ཡང་དང་པོར་སློབ་མ་བྱིན་གྱིས་བརླབ་པ་ནི་ཨོཾ་བཛྲ་གྲ་ཧ་ཎ་ཧཱུྃ་ཕཊ་ཅེས་བྱ་བས་ཕྱག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ། དེ་ནས་སྡིག་པ་ལ་སོགས་པ་འཆགས་སུ་གཞུག་གོ། །དེ་ནས་ཨོཾ་བཛྲ་གྲཱ་ཧཱ་ས་མ་ཡེ་ཧཱུྃ་ཞེས་པས་དཀྱིལ་འཁོར་དུ་དྲངས་ཏེ། དབབ་པ་དང་སྣང་བ་

Vol. 68 · folio 84b

དྲིས་ནས། ཨོཾ་བཛྲ་གྲ་ཧ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ་ཞེས་པས་མེ་ཏོག་དོར་བར་བྱའོ། །དེ་ནས་གཟའ་བརྒྱད་ཀྱི་བུམ་པས་དབང་བསྐུར་རོ། །དེ་ནས་འཇིག་རྟེན་ལས་འདས་པའི་དབང་ཡང་བསྐུར་རོ། །དེ་ནས་གཟའ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་ནས་

བརྩམས་ཏེ། དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་ལ་བདག་ཉིད་ཀྱིས་གང་དང་གང་བསྒྲུབས་པའི་རྫས་ཀྱིས་མཆོད་པར་བྱ་སྟེ། དེ་ཡང་ཉི་མ་དང་། མིག་དམར་དང་། གཟའ་ལག་པ་དང་། སྒྲ་གཅན་སྒྲུབ་ན་ནི་མེ་ཏོག་དམར་པོ་དང་བུ་རམ་གྱི་ཆུ་ལ་སོགས་པས་མཆོད་ལ། སྔགས་

རྫས་དེ་ཉིད་ལ་འབུམ་ལ་སོགས་པ་མཚན་མ་བྱུང་བྱུང་དུ་བཟླས་པར་བྱའོ། །དེ་ནས་ཙནྡན་དམར་པོའི་ཤིང་གི་མེ་སྦར་ལ་འབྲས་ཐུག་དང་། ནས་དང་། སྟར་ཀའི་ཤིང་དང་། སྦྲང་རྩི་དང་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་ཏུ་དབུལ་བར་བྱའོ། །འབྲས་སཱ་ལུ་དམར་པོ་དང་། བུ་རམ་དང་།

རྒུན་འབྲུམ་ཡང་དབུལ་ལོ། །ལྕེ་པོག་གི་བདུག་པས་བདུག་གོ། །ལས་གང་འདོད་པའི་དངོས་གྲུབ་བླང་ངོ་། །ཟླ་བ་དང་། པ་བ་སངས་དང་། ཕུར་བུ་བསྒྲུབ་པར་འདོད་པ་དེས། དུས་དང་སྐར་མ་གོང་མ་དང་འདྲ་བ་ལ་དཀྱིལ་འཁོར་གོང་མ་ལྟ་བུ་ལ། དབུས་དཀར་པོ་ཙནྡན་དཀར་པོས་བྲིས་ལ་

མེ་ཏོག་དཀར་པོ་དང་། རྫས་དཀར་པོས་མཆོད་ལ་བཟླས་པ་མཚན་མ་བྱུང་བྱུང་དུ་བྱའོ། །དེ་ནས་མཚན་མ་བྱུང་བ་དང་སྦྱིན་སྲེག་གི་དངོས་གྲུབ་བླང་བར་བྱའོ། །དེ་ཡང་ཙནྡན་དཀར་པོའི་ཤིང་ལ་མེ་སྦར་ཏེ་འབྲས་ཐུག་དང་ཏིལ་བསྲེས་ལ་ཏིལ་དེས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །གཟའ་བརྒྱད་ཀྱི་མཐུན་

པའི་རྫས་ནི་རིན་པོ་ཆེ་དང་། ཏིལ་དང་། སྦྲང་རྩི་དང་། སཱ་ལུ་དཀར་པོ་དང་། བུ་རམ་དང་། གུ་གུལ་དང་། སྤོས་དང་། གུར་གུམ་བསྲེས་ལ་སྒྲུབ་པའམ་ཡང་ན་སོ་སོར་བསྒྲུབ་པར་བྱའོ། །དམ་བཅའ་ནི་དཀྱུས་གསལ་ལོ། །སྐད་ཅིག་དང་། ཡུད་ཙམ་ལ་སོགས་པ་ནི་གནས་སྐབས་དེ་ལ་

དབང་བྱེད་པའི་གཟའ་དང་སྐར་མའོ། །ཡང་ན་གཟའ་བརྒྱད་དང་། སྐད་ཅིག་མ་བརྒྱད་རིམ་གྱིས་སྦྱར་བར་བྱའོ། །གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་བཤད་པའོ།། །།ད་ནི་ཀླུ་གདོན་ཞི་བར་བྱ་བའི་ཕྱིར་ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་བཤད་པར་བྱ་སྟེ། དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱིས་ཕུཊ་

Vol. 68 · folio 85a

ཅེས་བྱ་བའི་སྒྲས་ཞེས་པས་ནི་དེ་ནས་ཞེས་བྱ་བ་ནི་གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་བསྟན་པ་དེ་ནས་སོ། །ཀླུ་ཆེན་པོ་བརྒྱད་ནི་འོག་ནས་འབྱུང་བའི་གྲངས་སོ། །ཕུཊ་ཅེས་བྱ་བའི་སྒྲས་ཞེས་པ་ནི་ཀླུ་ཆེན་པོ་བརྒྱད་ཀྱི་སྙིང་པོ་སྤྱིར་དྲིལ་བ་སྟེ། ཀླུ་ཐམས་ཅད་དེ་ལས་མི་འདའ་

བས་དེ་སྐད་ཅེས་བྱའོ། །དེ་ཡང་གསོལ་བ་གདབ་པ་དང་། རྗེས་སུ་གནང་བ་དང་། སྙིང་པོ་ཕུལ་བ་ནི་དཀྱུས་གསལ་ལོ། །ད་ནི་དེའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་མཆོག་བསྟན་ཏེ། དེ་ཡང་སྔོན་དུ་འགྲོ་བ་ནས་མངོན་པར་བྱང་ཆུབ་པས་ཕྱག་ན་རྡོ་རྗེའི་སྐུ་ཕྱག་རྒྱ་

ཆེན་པོར་ཡོངས་སུ་རྫོགས་པར་བསྐྱེད་དེ། སྐུ་མདོག་ལྗང་གུ་ཡིད་ཙམ་ཁྲོས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཕྱག་གཡས་ན་རྡོ་རྗེ་གསོར་བ། གཡོན་ཁྲོ་བོའི་ཁུ་ཚུར་སྙིང་གར་བསྟན་པ། དབུ་ལ་སྦྲུལ་མགོ་བརྒྱད་ཀྱི་གདེངས་ཀས་འོད་ཀྱི་ཕྲེང་བའི་ཚུལ་དུ་བརྒྱན་པར་བྱ་སྟེ།

དེ་ལ་ཡང་བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་བྱས་ནས། དེ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ། འབྱུང་བ་རིམ་གྱིས་བསྐྱེད་དེ། བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། དབུས་པདྨ་དཀར་པོ་འདབ་མ་བརྒྱད་པ་ལ། དེའི་དབུས་སུ་བདག་ཉིད་གནས་པར་བསམ་མོ། །དེ་ལྟར་

ཡང་གསུངས་པ། པདྨ་ཆེན་པོ་འདབ་བརྒྱད་པ། །ཁ་དོག་དཀར་པོ་བྲི་བར་བྱ། །དེ་ཡི་དབུས་སུ་གཙོ་བོ་ཡི། །ཕྱག་ན་རྡོ་རྗེ་རབ་གནས་པ། །སྦྲུལ་མགོ་མཐའ་ཡས་གདེངས་པ་ཡི། །ལྟོས་འགྲོ་ཆེན་པོ་སྡིགས་པ་བྲི། །ཞེས་པས་དེ་ལྟར་གསུངས་ཏེ། གཟུགས་བརྙན་གྱི་

དཀྱིལ་འཁོར་ལ་ཡང་དེ་ལྟར་ཤེས་པར་བྱ་སྟེ། དེ་ནས་དབུས་ཀྱི་གཙོ་བོ་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རྩ་བའི་སྔགས་ཀྱི་ཡི་གེ་ཨོཾ་ཕུ་དེའི་མཐའ་མ་ན་ཕར་ཨོཾ་ཨ་ནནྡ་སྭཱ་ཧཱ་ཞེས་པས་བསྐོར་བ་བཀོད་ལ་དེའི་འཕྲོ་བ་དང་འདུ་བས་རིན་པོ་ཆེ་འབར་བར་འགྱུར་ཏེ། དེའི་འཕྲོ་འདུ་

ལས་ཀླུའི་རྒྱལ་པོ་མཐའ་ཡས་སྐུ་མདོག་སེར་པོ་ལ་ཕྱག་ན་རིན་པོ་ཆེ་འབར་བ་བསྣམས་པར་གྱུར་ཏེ་ཐུགས་ཀ་ན་གནས་སོ། །ཡང་དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རིན་པོ་ཆེ་འབར་བ་ལ་ཡི་གེ་ཕུས་བྱིན་གྱིས་བརླབས་པར་བསྒོམས་ནས་དེ་ལས་སྔགས་བརྗོད་པ་ཙམ་གྱིས་ཕྱིར་སྟོན་ཏེ། ཤར་ཕྱོགས་

Vol. 68 · folio 85b

ཀྱི་པདྨའི་འདབ་མ་ལ་བཀོད་དོ། །དེ་ཡང་དབུས་ཀྱི་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྩ་བའི་སྔགས། ཨོཾ་ཕཱུ། ཨོཾ་ཕཱུ། ཨོཾ་ཕོ། ཨོཾ་ཕཱི། ཨོཾ་ཕཻ། ཨོཾ་ཕཻ། ཨོཾ་ཕཻ། ཞེས་པ་ལ། ཨོཾ་ཏཀྵ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་ཀི་ཡེ་

སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡ་སྭཱ་ཧཱ། ཨོཾ་པདྨཱ་ཡ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཞེས་པས་བསྐོར་བའོ། །དེ་དག་རིམ་པར་བཀོད་ལ་དེ་རྣམས་ཀྱི་འཕྲོ་འདུ་ལས་སོ་སོའི་ཕྱག་མཚན་ཨུཏྤལ་དང་། སྤྲིན་དང་རིན་པོ་ཆེའི་སྡོང་བུ་དང་། རིན་པོ་ཆེའི་ཕྲེང་བ་དང་། དུང་དང་། པདྨ་དང་། ཞགས་པ་

རྣམས་སུ་གྱུར་ཏེ། དེ་འཕྲོས་ཤིང་འདུས་པ་ལས། ཀླུ་ཆེན་པོ་བརྒྱད་ཀྱི་སོ་སོའི་སྐུར་གྱུར་ཏེ། ཐུགས་ཀ་ན་གནས་པ་ལས། རང་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སོ་སོའི་སྔགས་ཀྱི་ཡིག་འབྲུ་རྣམས་བཀོད་ལ། དེ་ཉིད་བརྗོད་པའི་ཚུལ་གྱིས་ཐུགས་ཀ་ནས་བཏོན་ནས་རང་རང་གི་གནས་པདྨོ་

རྣམས་ལ་རིམ་པར་བཞུགས་སུ་གསོལ་ཏེ། འཇོག་པོ་མདོག་དམར་སྐྱ་ཕྱག་ན་ཨུཏྤལ་བསྣམས་པ། སྟོབས་ཀྱི་རྒྱུ་མདོག་སྔོན་པོ་ཕྱག་ན་སྤྲིན་བསྣམས་པ། རིགས་ལྡན་མདོག་དཀར་པོ་ཕྱག་ན་རིན་པོ་ཆེའི་སྡོང་བུ་བསྣམས་པ། ནོར་རྒྱས་མདོག་སེར་པོ་ཕྱག་ན་རིན་པོ་ཆེའི་ཕྲེང་བ་བསྣམས་པ། དུང་སྐྱོང་མདོག་

ལྗང་གུ་ཕྱག་ན་དུང་བསྣམས་པ། པདྨ་མདོག་དཀར་པོ་ཕྱག་ན་པདྨ་བསྣམས་པ། ཆུ་ལྷ་མདོག་དཀར་པོ་ཕྱག་ན་ཞགས་པ་བསྣམས་པ། ཀླུའི་རྒྱལ་པོ་འདི་དག་རྣམས་སོ་སོའི་བཙུན་མོ་རྣམས་ཀྱི་མགུལ་ནས་འཁྱུད་པ་སྦྲུལ་མགོ་བདུན་བདུན་གྱི་གདེངས་ཀས་བརྒྱན་པའོ། །རིན་པོ་ཆེའི་

རྒྱན་སྣ་ཚོགས་པ་དང་ལྡན་པ། གདན་པདྨའི་སྟེང་ན་བཞུགས་པར་བསམ་མོ། །དེ་ལྟར་དཀྱིལ་འཁོར་བསྐྱེད་ནས་མཆོད་པ་བྱ་སྟེ། ཀླུའི་རྒྱལ་པོ་རྣམས་མཆོད་པ་དང་། །འཁོར་རིགས་བཞི་མཆོད་པའོ། །རྒྱལ་པོ་ཆེན་པོ་མཆོད་པ་ནི་མཆོད་པ་ལྔ་ལ་སོགས་པས་མཆོད་པའོ། །འཁོར་རིགས་

བཞི་ནི་གཟུགས་སྣ་ཚོགས་ལ་མངར་གསུམ་དང་། ཀླུ་སྨན་སྣ་ཚོགས་ཀྱིས་མཆོད་པའོ། །དེ་ཡང་སྦྲུལ་མགོའི་ཕྱག་རྒྱ་དང་། ཛཿཧཱུྃ་བཾ་ཧོཿཞེས་པས་སྤྱན་དྲང་ངོ་། །དེ་ནས་ཕྱག་རྒྱ་བསྟན་ནས་དམ་ལ་གནས་པར་བྱས་ཏེ་མཆོད། དེ་ནས་བསྟོད་པས་བསྟོད་དོ། །ཕུཊ་ཅེས་པའི་སྙིང་པོ་ནུས་

Vol. 68 · folio 86a

ཚད་དུ་བཟླས་སོ། །དེ་ནས་འཁོར་རིགས་བཞི་སྤྱན་དྲངས་ལ་གཟུགས་ལ་བསྟིམས་ཏེ། བྱ་ཁྱུང་གི་ཕྱག་རྒྱས་བསྡིགས་ལ་གདན་ལ་ཕབ་སྟེ། མངར་གསུམ་དང་ཀླུ་སྨན་སྣ་ཚོགས་པས་མཆོད་དོ། །དེ་ནས་དཀྱིལ་འཁོར་དུ་ཀླུའི་རྒྱལ་པོ་ལ་སོགས་པ་བཅུག་ནས་ཕུཊ་

ཅེས་བྱ་བ་བཟླས་པའི་བུམ་པས་དབང་བསྐུར་རོ། །དེ་ནས་ཀླུའི་སྙིང་པོ་ལ་སོགས་པ་བྱིན་ན་དུག་གིས་ཟིན་པའི་མི་དེ་དུག་གི་ཉེས་པའི་སྐྱོན་སྤངས་པར་འགྱུར་རོ། །དེ་ནས་དུག་གིས་ཟིན་པའི་དུག་གི་རིམ་པ་བརྟགས་ཏེ། འོག་ནས་འབྱུང་བ་བཞིན་བསྒྲུབ་པར་བྱས་ན་དུག་ནད་ཞི་བར་

འགྱུར་རོ། །ཀླུ་རྣམས་དམ་བཅའ་བ་ནི་དཀྱུས་གསལ་ལོ། །དེ་ནས་སྒྲུབ་པ་བཤད་དེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མའི་མཇུག་བསྡུ་བ་སྟེ། གོང་གི་དཀྱིལ་འཁོར་ལ་གནས་པའི་རྣལ་འབྱོར་པ་དེས་ཕུཊ་ཅེས་བྱ་བ་སྔོན་དུ་འབུམ་བཟླས་སོ། །དེ་ལ་མཚན་མ་བྱུང་བ་དང་། དེ་ནས་དུག་

བླང་ཕུཊ་ཅེས་བྱ་བ་ལ་སོགས་པ་ནི་བདག་གིས་ལག་གཡོན་པར་ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གསལ་བར་བསམས་ལ། ནད་པ་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་ལག་མཐིལ་གྱི་དཀྱིལ་འཁོར་ལ་འོད་བྱུང་བས་ནད་པའི་དུག་གི་ཉེས་པ་ཐམས་ཅད་དྲངས་ནས་ཕུཊ་ཅེས་བྱ་བ་ལས་རླུང་བྱུང་

ནས་གཏོར་བར་བསམ་མོ། །གཡས་སྦྲུལ་མགོའི་ཕྱག་རྒྱས་ཀྱང་དྲངས་ཤིང་གཏོར་བར་བསམ་མོ། །དེ་ལྟར་བྱས་ན་པགས་པ་དང་། ཤ་དང་། རུས་པ་ལ་གནས་པའི་དུག་རྣམས་ཀྱང་དྲངས་ལ་འཁོར་རིགས་བཞིས་བྱིན་པར་བསམ་མོ། །དུག་རྣམས་ཐམས་ཅད་མ་ལུས་པར། །ཞེས་བྱ་བ་

ནི་དེ་ལ་རྣམས་ཀྱི་སྒྲ་ནི་མང་པོ་ལ་བྱ་སྟེ། དང་པོར་རྣལ་འབྱོར་པས་དུག་བརྟག་པར་བྱ་སྟེ། དེ་ལ་འདུས་པའི་ནད་ནི་ལྕི་སྟེ། སའི་ཁམས་ཀྱི་ནད་ཡིན་པས་དེ་ལ་དཀྱིལ་འཁོར་ཡང་དམར་པོར་བསམ། འོད་ཀྱང་དམར་པོར་གཏོར་རོ། །སྤུ་ཟིང་བྱེད་དང་། ཁ་ཆུ་འཛག་ཅིང་ལྐོག་མ་

འཛག་པ་ནི་ཆུའི་ཁམས་ཤས་ཆེ་བའི་དུག་ཡིན་པས་དཀྱིལ་འཁོར་དང་འོད་དཀར་པོར་གཏོར་རོ། །ཁ་སྐམས་པ་དང་ཁྲག་འབྲོས་པ་ནི་མེའི་ཁམས་ཀྱི་ཤས་ཆེ་བའི་དུག་ཡིན་པས་སྦྲུལ་དང་འོད་ནག་པོས་བྱའོ། །སྐམ་ཞིང་ལྕེ་བསྐྱོད་པ་དང་། མདོག་ངན་པར་འདུག་པ་དང་། ནག་པོར་

Vol. 68 · folio 86b

འཇུག་པ་ནི་རླུང་གི་ཁམས་ཀྱི་དུག་ཡིན་པས་ལག་པའི་དཀྱིལ་འཁོར་ཡང་སེར་པོར་བསམས་ནས་འོད་ཀྱང་སེར་པོས་དུག་གཏོར་ཞིང་རིགས་བཞིའི་གཟུགས་སྣ་ཚོགས་ལ་འཕང་བར་བྱའོ། །རིགས་བཞིས་ཀྱང་རང་རང་གི་དུག་རྣམས་བླངས་པར་བསམ་མོ། །ཕུཊ་ཅེས་བྱ་བའི་ལག་པས་བླང་། །

ཞེས་པ་ནི་བླངས་པ་ནི་འཕང་པའི་དོན་ཏེ་གཏོར་བའོ། །དེ་ནས་ལས་རྣམས་ཀུན་བྱེད་ཅིང་། །ཞེས་པ་ནི་ཀླུ་རིགས་བཞིའི་གཟུགས་སྣ་ཚོགས་པས་རང་རང་གི་དུག་ལེན་པའོ། །གཞན་ཡང་རིགས་ལས་གྱུར་པ་དང་། དབྱིག་དུག་དང་། སྦྱར་བ་ལ་སོགས་པ་ཀུན་ཁུ་ཚུར་གྱིས་ཀྱང་འབྱིན་ན། སྦྲུལ་

མགོའི་ཕྱག་རྒྱས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་བཤད་པའོ། །ད་ནི་འཇིགས་བྱེད་བརྒྱད་ཀྱི་དཀྱིལ་འཁོར་བཤད་དེ། དེ་ཡང་ལྷ་གདོན་ལ་སོགས་པ་ཞི་བར་བྱ་བའི་ཕྱིར་བཤད་དོ། །དེ་ནས་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འཇིགས་པར་བྱེད་པ་

ཆེན་པོ་བརྒྱད་བུད་མེད་ཆེན་པོ་བརྒྱད་ཀྱིས་བསྐོར་བས་ཞེས་གསུངས་ཏེ། ད་ནི་གོང་གི་ཀླུ་ཆེན་པོ་བརྒྱད་ཀྱི་མཇུག་སྡུད་པའོ། །ནས་ནི་འཇིགས་བྱེད་ཆེན་པོ་བརྒྱད་ཀྱི་མགོ་འདྲེན་པའོ། །ལྷ་ཆེན་པོ་རྣམས་ཀྱིས་ཞེས་པ་ནི། །ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་རྣམས་སོ། །དེ་ལ་གཙོ་བོ་

སྨོས་པ་ནི་བརྒྱད་དོ། །བུད་མེད་ནི་རང་གི་བཙུན་མོ་ཆེན་མོ་བརྒྱད་ནི་མ་ཧཱ་དེ་བའི་ཆུང་མ་བྷཻ་ར་མ་དང་། ཚངས་པའི་ཆུང་མ་རུག་མིག་དང་། བིཥྞུའི་ཆུང་མ་ཀུ་བེ་ར་མ་དང་། བརྒྱ་བྱིན་གྱི་ཆུང་མ་བི་ར་བི་དང་། ཀཱ་མ་དེ་བའི་ཆུང་མ་བ་ཀ་ར་མི་ཀི་ཏ་དང་། ཀ་ལ་བེ་རའི་ཆུང་མ་ཙཱ་མུཎྜཱི་དང་།

བྷྲྀངྒི་རི་ཏིའི་ཆུང་མ་ཧ་རི་ཀ་དང་། ངལ་བསོས་པོའི་ཆུང་མ་ཀུ་བེ་ར་མ་དང་། ག་ཎ་པ་ཏིའི་ཆུང་མ་རེ་བ་ཏི་རྣམས་སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་རང་རང་གི་འཇིགས་པའི་ཚུལ་གྱིས་སེམས་ཅན་སྐྲག་པ་ལ་ཕན་གདགས་པའི་ཕྱིར་སྙིང་པོ་འབུལ་བར་ཞུ་བ་དང་རྗེས་སུ་གནང་བ་

དཀྱུས་གསལ་ལོ། །དེ་ནས་དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། འཇིགས་བྱེད་ཆེན་པོ་བརྒྱད་པོ་འདི་དག་ཀྱང་ལྷ་ཆེན་པོ་བརྒྱད་ཁྲོ་བོའི་ཆ་བྱད་དུ་བྱས་པ་ཡིན་ཏེ། དེ་ཡང་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་

Vol. 68 · folio 87a

པའི་རིམ་པར་ཤེས་པར་བྱ་སྟེ། དེ་ཡང་དང་པོ་སྦྱོར་བ་དགོས། །སྔོན་དུ་འགྲོ་བའི་ལས་རྣམས་བྱས་ནས་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བཅིངས་པ་དང་། ཡེ་ཤེས་དབབ་པ་དང་། བརྟན་པ་ལ་སོགས་པ་བྱས་ནས། དེ་ནས་རང་གི་སེམས་སོ་སོར་བརྟག་པ་དང་། ཅིར་ཡང་

མི་རྟོག་པའི་ངང་ལས་ཟླ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་དང་། ཟླ་བའི་དཀྱིལ་འཁོར་དེ་ལ་དབུས་ཀྱི་གཙོ་བོའི་ཆོས་ཀྱི་ཡི་གེ་བཞག་པ་ལས། ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་རྩེ་ལྔ་པར་བསམ་པ་དང་། དེ་ལས་བྱིན་གྱིས་བརླབས་པའི་ཚུལ་གྱིས་བརྟན་པར་བྱ་བ་དང་། དེ་ལས་འོད་ཟེར་

འཕྲོས་ཤིང་འདུས་པ་ལས་ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་བསྐྱེད་དེ། ཕྱག་གཉིས་ཧཱུྃ་གི་ཕྱག་རྒྱ་བཅིངས་ལ་མཛུབ་མོ་བསྒྲེང་སྟེ། གཡས་རྡོ་རྗེ་མདའ་གཞུ། ཞབས་གཡས་བསྐུམ། གཡོན་བརྐྱང་བ། དབུ་ལ་རིགས་ལྔའི་སངས་རྒྱས་བཞུགས་པ། དར་ལའི་

སྟོད་གཡོགས་པ་དང་། བ་ཏའི་སྨད་གཡོགས་ཅན་རྒྱན་ཀུན་གྱིས་བརྒྱན་པ། ཞལ་གསུམ་པ། གཡས་ཞི་བ། གཡོན་ཁྲོ་བོ། དབུས་མ་ཡང་ཕྱེད་ཁྲོ་བོ་ཕྱེད་ཞི་བ། ཁྲོ་འཛུམ་མཆེ་བ་ལྷག་གེ་བྱུང་བ་བསྒོམས་ལ། དེ་ཉིད་ལ་ཆོ་འཕྲུལ་ཆེན་པོ་བཞི་དང་ལྡན་པར་བྱིན་གྱིས་བརླབས་ནས་

གནས་སོ། །དེའི་བྱིན་གྱི་རླབས་ཀྱིས་འོག་གི་ཕྱོགས་ནས་དབང་ཆེན་གྱི་དཀྱིལ་འཁོར་རི་རབ་གླིང་བཞི་དང་བཅས་པ་རིམ་གྱིས་བསྐྱེད་པའི་སྟེང་དུ་དཀྱིལ་འཁོར་གྲུ་བཞི་པ་ལ་ནང་འཁོར་ལོ་རྩིབས་བརྒྱད་པ་སྒོ་བཞི་ཡོད་པ་ལ་རྟ་བབས་ལ་སོགས་པས་བརྒྱན་པ་གསལ་བར་བསྒོམས་ལ་དེའི་དབུས་

སུ་ལྷ་ཆེན་པོ་མ་ཧཱ་དེ་བ་དང་། ཨུ་མ་དེ་བ་གཉིས་བསྣོལ་བའི་སྟེང་དུ་བདག་ཉིད་བརྐྱང་བསྐུམ་དུ་བཞུགས་པར་བསམས་ལ། འཁོར་འཇིགས་བྱེད་ཆེན་པོ་བརྒྱད་གཙོ་བོ་དང་དགུ་པོ་དག་བསྐྱེད་ཅིང་། དཀྱིལ་འཁོར་དུ་དགོད་པར་བྱའོ། །དེ་ལ་བསྐྱེད་ཐབས་ནི་ཁྲོ་བོ་ཆེན་པོའི་ཐུགས་ཀར་ཟླ་

བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་བྷཻ་ར་བ་སྭཱ་ཧཱ། ཨོཾ་བྷ་བི་སྭཱ་ཧཱ། ཨོཾ་བྷ་སྭཱ་ཧཱ། ཨོཾ་བྷི་སྭཱ་ཧཱ། ཨོཾ་བྷུ་སྭཱ་ཧཱ། ཨོཾ་བྷཻ་སྭཱ་ཧཱ། ཨོཾ་བྷཻ་སྭཱ་ཧཱ། ཨོཾ་བྷོ་སྭཱ་ཧཱ། ཨོཾ་བྷཾ་སྭཱ་ཧཱ། ཨོཾ་བྷཿསྭཱ་ཧཱ། ཞེས་བྱ་བའི་སྔགས་རྣམས་རིམ་གྱིས་བཀོད་པ་ལ། ཕྱག་མཚན་ཁ་ཊྭཱཾ་ག་དང་། པདྨ་དང་། །

Vol. 68 · folio 87b

འཁོར་ལོ་དང་། མདུང་རྩེ་གསུམ་པ་དང་། རྡོ་རྗེ་གདེངས་པ་དང་། མདའ་གཞུ་དང་། དགྲ་སྟ་དང་། སྙིམ་པ་བཀན་ཏེ་བརྐྱང་བ་དང་། མདུང་ཐུང་རྣམས་སུ་གྱུར་ཏོ། །དེ་ལས་སྤྲོ་བ་དང་། བསྡུ་བས་སྐུ་ཕྱག་རྒྱར་གྱུར་ཏེ་གནས་པ་ལས་རང་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་

དུ་རང་རང་གི་སྔགས་བཀོད་པ་ལས་སྔགས་བརྗོད་པ་ཙམ་གྱིས་འགྲོ་བའི་དོན་ལ་སྤྲོས་ནས་ལྷར་འདུས་པ་དག་རང་རང་གི་གནས་སུ་དགོད་པར་བྱའོ། །དེ་ལ་དགོད་པའི་ཐབས་ནི་འཇིགས་བྱེད་ཆེན་པོའི་གཙོ་བོ་ཁྲོ་བོ་ཆེན་པོ་ནི་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དྲུང་དུ་འཁོར་

ལོའི་དབུས་སུ་དགོད་དེ། མདོག་ནག་པོ་མིག་གསུམ་པ། མཆེ་བ་གཙིགས་ཤིང་ཕོ་མཚན་བསྒྲེང་བ་བཙུན་མོ་ལ་སྟོན་པ། གླང་པོ་ཆེའི་ཀོ་རློན་རྐང་ལག་བཞི་བརྒྱངས་ཏེ་གྱོན་པ། མགོ་ལ་ཐོད་པ་དང་ཟླ་ཚེས་ཀྱིས་བརྒྱན་པ། བཙུན་མོ་དང་ལྷན་ཅིག་གནས་པར་བརྟག་གོ། །

གཞན་ཡང་ཤར་གྱི་རྩིབས་ལ་འཇིགས་བྱེད་བྲི་མི་ཏ་སྐུ་མདོག་དཀར་པོ་ཕྱག་ན་འཁོར་ལོ་བསྣམས་པ་བཙུན་མོ་ཚངས་མ་དང་ལྷན་ཅིག་པའོ། །ལྷོའི་རྩིབས་ལ་འཇིགས་བྱེད་བྷཻ་ར་བ་སྟེ་སྐུ་མདོག་སེར་པོ་ཕྱག་ན་རྩེ་གསུམ་གདེངས་པ་བསྣམས་པ། བཙུན་མོ་བདེ་སྩོལ་མ་དང་ལྡན་པའོ། །

ནུབ་ཀྱི་རྩིབས་ལ་འཇིགས་བྱེད་ཀ་ལ་བེ་ར་བ་སྟེ། སྐུ་མདོག་དམར་ནག་ཕྱག་ན་མདའ་གཞུ་བསྣམས་པ་ཆུང་མ་རཽ་དྲ་དང་ལྡན་པའོ། །བྱང་གི་རྩིབས་ལ་འཇིགས་བྱེད་ཡ་ཤེ་བྷཻ་ར་བ་སྟེ། སྐུ་མདོག་ལྗང་ནག་ཕྱག་ན་འཁོར་ལོའམ་དགྲ་སྟ་བསྣམས་པ་བཙུན་མོ་ཀུ་མཱ་རི་དང་ལྡན་པའོ། །

ཤར་ལྷོའི་རྩིབས་ལ་འཇིགས་བྱེད་བྷི་ཤཱནྟ་བྷཻ་ར་བ་སྟེ་སྐུ་མདོག་དམར་པོ་ཕྱག་ན་འཁོར་ལོའམ་མདའ་གཞུ་བསྣམས་པ་བཙུན་མོ་བཻཥྞ་བེ་དང་ལྷན་ཅིག་པའོ། །ལྷོ་ནུབ་ཀྱི་རྩིབས་ལ་འཇིགས་བྱེད་བི་ཏི་བྷཻ་ར་བ་སྟེ། སྐུ་མདོག་སྔོ་ནག་ཕྱག་ན་དགྲ་སྟ་བསྣམས་པ་བཙུན་མོ་མ་ཧཱ་རི་ཀེ་དང་ལྷན་ཅིག་པའོ། །ནུབ་

བྱང་གི་རྩིབས་ལ་འཇིགས་བྱེད་ཀཱ་ལ་བྷཻ་ར་བ་སྟེ། མདོག་དུད་ཀ་ཕྱག་ན་རལ་གྲི་བསྣམས་པའམ། སྙིམ་པ་བཀན་ཏེ་བཙུན་མོ་མ་ནུ་ཧ་ར་དང་བཅས་པའོ། །བྱང་ཤར་གྱི་རྩིབས་ལ་འཇིགས་བྱེད་ག་ན་པ་ཏི་སྐུ་མདོག་སྔོ་ནག་ཕྱག་ན་མདུང་ཐུང་ངམ་རྡོ་རྗེ་འབར་བ་བསྣམས་པ། བཙུན་མོ་ཙ་མུཎྜཱི་དང་ལྡན་པར་བསམ་མོ། །ལྷ་

Vol. 68 · folio 88a

དེ་དག་ཀྱང་ཁྲོས་པའི་ཆ་བྱད་དོ། །ཕྱི་རོལ་གྱི་གྲུ་ཆད་ལ་དུས་བཞི་བྲི། སྒོ་བཞིར་ཡང་སྒོ་སྐྱོང་ཁྲོས་པའི་ཆ་བྱད་དུ། ཛཿཧཱུྃ་བཾ་ཧོཿལས་བསྐྱེད་དོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། འཇིགས་བྱེད་ཆེན་པོ་བརྒྱད་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བྱས་ནས་ཕྱག་རྒྱ་རྣམས་

བསྟན་ལ། དེ་ནས་ཐོད་པ་ཁྲག་དང་ཆང་གིས་བཀང་བས་མཆོད་པར་བྱའོ། །དེ་ནས་ལྷ་དེ་དག་གི་སྔགས་སམ་ཁྲོ་བོའི་སྔགས་ཀྱི་བཟླས་པ་ཇི་སྲིད་ནུས་པ་དེ་ཙམ་དུ་བྱའོ། །དེ་ནས་སྐྱོ་ན་ཕྱག་རྒྱ་བཀྲོལ་ལ་གཤེགས་སུ་གསོལ་ལོ། །བསྐྱེད་པ་ལུས་ལ་བསྡུའོ། །དེ་ལྟ་བུའི་བསམ་གཏན་

མཚན་མ་བྱུང་བྱུང་དུ་བྱའོ། །དེ་ནས་གདོད་དཀྱིལ་འཁོར་གྱི་ལས་རྣམས་སོ། །དཀྱིལ་འཁོར་བྲི་བ་དང་། ལྷ་དགོད་པ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལྟར་རོ། །དེ་ནས་སློབ་དཔོན་འཇུག་པའི་རིམ་པས་སློབ་དཔོན་ཞུགས་ནས། སློབ་མ་དབང་བསྐུར་བར་བྱ་སྟེ། མཛེས་པའི་བུམ་པ་བརྒྱད་དམ།

མགོ་ཐོད་ཁྲག་གིས་བཀང་པ་བརྒྱད་ཀྱིས་དབང་བསྐུར་རོ། །དེ་ནས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བས་དབང་བསྐུར་རོ། །དེ་ནས་སྒྲུབ་པ་བཤད་དེ། དེ་ནས་ལས་རྣམས་སྦྱིན་བྱས་ཏེ། །ཞེས་པ་ནི་གོང་དུ་བསྟན་པའི་སྒྲུབ་པའི་ཐབས་སོ། །བུད་མེད་ཁྱིམ་མམ་མཆན་

གཅིག་པར་ཞེས་བྱ་བ་ནི་མ་མོའི་གནས་སམ། མ་ཧཱ་དེ་བའི་རྟེན་ཡོད་པའི་ས་ལ་ནི་གནས་ཞེས་བྱའོ། །ཡང་ན་དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པར་རོ། །འཇིག་རྟེན་གསུམ་ནི་འདུལ་བའི་མཆོག །ཚུལ་བཞིན་དུ་ནི་མཆོད་ནས་ཀྱང་། །ཞེས་པ་ནི་གོང་ལྟར་ཏིང་ངེ་འཛིན་གསུམ་གྱི་རིམ་

པས་བྱེད་པའོ། །འབུམ་ཕྲག་བཞིར་ནི་བཟླས་པར་བྱ། །ཞེས་པ་ནི་སྔགས་ཀྱི་གྲངས་ཏེ་གཙོ་བོ་དང་། འཁོར་གཉིས་ཀ་ཡིའོ། །དེ་ཡང་སྔགས་རེ་རེ་ལ་དེ་ཙམ་རེ་བཟླས་པར་བྱའོ། །དེ་ཙམ་བཟླས་པ་བྱས་ན་ཅི་འདོད་སྙམ་པ་ལ། དེ་ནས་འཇིགས་པར་བྱེད་པ་ཡིས། །བདག་ཉིད་ཆེན་པོའི་སྒྲ་

ཐོས་ནས། །ཞེས་པ་སྟེ། དེ་ཡང་འཇིགས་བྱེད་ཆེན་པོའི་སྐུའམ། སྒྲ་དྲག་པོ་སྒྲོགས་ན་བདག་ཉིད་མི་འཇིགས་པར་ཐོད་པའི་ཁྲག་བཀང་སྟེ། མཆོད་ཅིང་ཨརྒྷ་དབུལ་ལོ། །དེ་ཕུལ་བས་ཅི་སྟོན་སྙམ་པ་ལ། །དེ་ནས་ཁྲོ་བོ་འཇིགས་བྱེད་པ། །མ་རུངས་ཡིད་ཅན་བུད་མེད་ཀྱི། །ཚོགས་ཀྱིས་

Vol. 68 · folio 88b

བསྐོར་ཅིང་འཇིགས་བྱེད་པ། །བརྒྱད་ཀྱིས་བསྐོར་བ་མཐོང་བར་འགྱུར། །ཞེས་སོ། །དེ་མཐོང་འཇིགས་པར་བྱེད་གྱུར་པ། །ཞེས་པ་ནི་ལྷ་ལ་སོགས་པའོ། །ཧཱུྃ་ཞེས་བྱ་བ་དྲན་བྱེད་ཅིང་། །ཞེས་པ་ནི་བདག་ཉིད་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བར་དྲན་པར་

བྱས་ནས། འཇིགས་བྱེད་ཆེན་པོ་ལ་ཆང་དང་ཁྲག་གིས་མཆོད་པར་བྱའོ། །དེ་ནས་དེ་དག་ཀུན་མགུ་ནས། །ཅི་འདོད་ཅེས་ནི་སྨྲས་ནས་ཀྱང་། །མགུ་བའི་ཡིད་ཀྱིས་དེ་སྦྱིན་བྱེད། །ཅེས་པས་ནི་འོག་ནས་འབྱུང་བ་རྣམས་སྟེར་བར་བྱེད་པའོ། །ས་རྣམས་སྦྱིན་པ་མ་གཏོགས་པར། །ཞེས་པ་

ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་གཏོགས་པའོ། །དངོས་གྲུབ་དེ་གང་གིས་སྩོལ་ན། བདེ་ཆེན་ཧཱུྃ་གིས་དངོས་གྲུབ་སྩོལ། །ཞེས་པ་སྟེ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་དེ་ནི་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བས་སྩལ་ལོ། །འཇིག་རྟེན་པའི་དངོས་གྲུབ་

ནི། ཁུ་བ་བྲོ་བཏུང་དངོས་གྲུབ་དང་། །ཞེས་པ་ལ་སོགས་པ་སྟེ། །ཁུ་བ་ནི་དངུལ་ཆུའི་རིགས་གསེར་དུ་སྣང་བ་སྟེ། ལྕགས་སྲང་སྟོང་གསེར་དུ་བསྒྱུར་བ་ལྟར་དངོས་གྲུབ་ཀྱི་རྫས་བྱང་ཆུབ་སེམས་ཀྱི་ཁུ་བ་དང་ལྡན་ཞིང་ཟངས་གསེར་དུ་བྱ་བ་དང་། སྨན་བཅུད་ཀྱིས་ལེན་གྱི་འདེ་གུ་སྟེ་བྲོ་བཏུང་

གི་དངོས་གྲུབ་དང་། སྲོ་ཏ་ཡ་ཛ་ན་ལ་སོགས་པ་གྲུབ་པས་ལིག་བུ་མིག་ཅེས་བྱ་བ་དེ་དག་ཐམས་ཅད་ཐོགས་པ་མེད་པ་དང་། གཞན་ཡང་རལ་གྲི་དང་། འཁོར་ལོ་དང་། རྩེ་གསུམ་པ་ལ་སོགས་པའི་ཕྱག་མཚན་བརྒྱད་ཀྱི་དངོས་གྲུབ་དང་། མི་དང་ས་འོག་གི་རྒྱལ་པོ་ཐོབ་པ་དང་། གཞན་ཡང་གླིང་

གཅིག་པ་ནས། གླིང་བཞི་པ་ལ་དབང་བྱེད་པའི་བར་གྱིས་རྒྱལ་པོ་དང་། གཞན་ཡང་བརྒྱ་བྱིན་དང་། གནོད་སྦྱིན་གྱི་རྒྱལ་པོ་དབང་ཕྱུག་ཆེན་པོ་དང་། སྲིན་པོའི་རྒྱལ་པོ་དང་། རིག་འཛིན་ཏེ་རླུང་ལྷའི་འཁོར་དང་། རིག་འཛིན་གྱི་རྒྱལ་པོ་སྟེ་རླུང་ལྷ་དེ་ཉིད་དང་། འཁོར་ལོས་སྒྱུར་བ་སྟེ་ལྷ་དང་། ཀླུ་

དང་། མིའི་འཁོར་ལོས་སྒྱུར་བ་དང་། འཇིག་རྟེན་གསུམ་གྱི་བདག་པོ་སྟེ་ས་བླ་ས་སྟེང་ས་འོག་གི་བདག་པོར་གྱུར་ནས་བདག་གི་བཀའ་ཉན་པར་བྱེད་པའོ། །དེ་རྣམས་གང་གིས་སྟེར་ན། རང་གི་འཁོར་དང་བུད་མེད་ཀྱི། །དངོས་གྲུབ་གང་ཡང་རུང་བ་ནི། །ཅི་དགའ་བར་ནི་སྦྱིན་པར་བྱེད། །ཅེས་སོ། །

Vol. 68 · folio 89a

དངོས་གྲུབ་དེ་བྱིན་ནས་ཇི་ལྟར་འགྲོ་ན། བྱིན་ནས་དགོད་ཅིང་འགྲོ་བར་བྱེད། །ཅེས་སོ། །གལ་ཏེ་རྣལ་འབྱོར་པ་སྐྲག་ན་ནི་དེ་མ་ཐག་ཏུ་གསོད་པར་བྱེད་དོ། །དེ་བས་ན་མི་སྐྲག་པར་བླང་བར་བྱའོ། །འཇིགས་བྱེད་བརྒྱད་ཀྱི་བཤད་པའོ།། །།ད་འདི་ནས་ལྷ་ཆེན་པོ་བརྒྱད་ཀྱི་

དཀྱིལ་འཁོར་བཤད་དེ། །དེ་ནི་འཇིག་རྟེན་པའི་ལྷ་མི་དགའ་བ་ཞི་བར་བྱ་བའི་ཕྱིར་གསུངས་སོ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གསོལ་བ་གདབ་པ་དང་། གནང་བ་སྦྱིན་པ་སྟེ། དཀྱུས་གསལ་ལོ། །དེ་ནས་ཚངས་པ་ལ་

སོགས་པས་ཀྱང་སྙིང་པོ་ཕུལ་ལོ། །དེའི་དོན་ཡང་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་གསུམ་གྱིས་བསྟན་ཏོ། །དེ་ཡང་དང་པོར་གནས་ཡིད་དུ་འོང་བར་བདེ་བའི་སྟན་ལ་འདུག་སྟེ། བདག་མེད་པས་ནང་གི་ཁྲུས་བྱས་ཏེ། བདག་བསྲུང་བ་བྱས་ནས།

དེ་ནས་སྲུང་བའི་འཁོར་ལོ་རྡོ་རྗེ་ར་བ་དང་དྲ་བ་བྱས་ཏེ། །མདུན་གྱི་དཀྱིལ་འཁོར་གྱི་ལྷ་དམིགས་ཏེ། ཕྱག་བྱ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་གཟུང་བ་དང་། སྡོམ་པ་ལ་གནས་པར་བྱས་ནས། དེ་ནས་

ལག་པ་འོག་ནས་འབྱུང་བས་བྱིན་གྱིས་བརླབས་ཏེ། སྡིག་པ་དྲལ་བ་དང་། ཡེ་ཤེས་དབབ་པ་དང་། དེ་བརྟན་པར་བྱ་བ་དང་། ངན་སོང་གཞོམ་པ་དང་། མངོན་པར་བྱང་ཆུབ་པ་ལྔས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བར་བསྐྱེད་དེ། སྐུ་མདོག་དཀར་ལྗང་ཞལ་གསུམ་པ་ལ་གཡས་ཞི་

བ། གཡོན་ཁྲོ་བོ། དབུས་ཁྲོ་འཛུམ་དུ་འདུག་པ། ཕྱག་གཉིས་ཧཱུྃ་གི་ཕྱག་རྒྱ་བཅིངས་ནས་མཛུབ་མོ་བསྒྲེངས་ཏེ་གཡས་རྡོ་རྗེ། གཡོན་མདའ་གཞུ་བསྣམས་པ། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ། གཡོན་བརྐྱང་དུ་བཞུགས་པ། དར་ལའི་

སྟོད་གཡོགས་དང་། བ་ཏིའི་ཤམ་ཐབས་ཀྱིས་བརྒྱན་པར་བསྒོམས་ལ། དེའི་ཐུགས་ཀྱི་སྤྲུལ་པ་ལས་གཞལ་ཡས་ཁང་གྲུ་བཞི་པ་རྟ་བབས་བཞིས་བརྒྱན་པ། ནང་འཁོར་ལོ་རྩིབས་བརྒྱད་པ་མུ་ཁྱུད་དང་བཅས་པ་བསམ་པར་བྱའོ། །དེའི་དབུས་དང་འཁོར་ལོའི་རྩིབས་ལ་སྣ་ཚོགས་པདྨ་དང་།

Vol. 68 · folio 89b

ཟླ་བའི་དཀྱིལ་འཁོར་བསམ་མོ། །དེའི་དབུས་སུ་བདག་ཉིད་བསམས་ཏེ། །དེ་ནས་བདག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཨོཾ་ཞེས་པའི་སྔགས་བཀོད་ལ། དེའི་མཐའ་མ་ན་ཚུར་ཨོཾ་པྲཧྨཱ་ཡ་སྭཱ་ཧཱ་ཞེས་པས་བསྐོར་བ་དེ་ལས་འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་པདྨར་གྱུར། དེ་འཕྲོ་

འདུས་བརྟན་པར་གྱུར། དེའི་འཕྲོ་འདུས་ཚངས་པ་ཆེན་པོ་མདོག་སེར་པོ་ཕྱག་ན་པདྨ་བསྣམས་པར་གྱུར་ཏེ། ཡང་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སྔགས་གོང་མ་བཀོད་ནས་བརྗོད་པ་ཙམ་གྱིས་བཏོན་ཏེ་དབུས་ཀྱི་གཙོ་བོའི་རྒྱབ་ཀྱི་རྩིབས་ཀྱི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་བཞུགས་སོ། །དེ་

ནས་ཡང་དབུས་ཀྱི་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བི། ཨོཾ་རུ། ཨོཾ་ཨི། ཨོཾ་ཀཾ། ཨོཾ་ག །ཨོཾ་བྷི། ཨོཾ་ཀཱ་ཞེས་པའི་སྔགས་ཀྱི་མཐའ་མ་ན་ཚུར། ཨོཾ་བིཥྞུ་ར་ཛཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་ཌྷ་ཀཱ་ཡཱ་སྭཱ་ཧཱ། ཨོཾ་ཨི་ནྡྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཾ་ཀ་སྭཱ་ཧཱ། ཨོཾ་ག་ཎ་པ་ཏི་སྭཱ་ཧཱ། ཨོཾ་བྷྲྀཾ་གི་རི་

ཏི་སྭཱ་ཧཱ། ཨོཾ་ཀཱརྟི་ཀ་སྭཱ་ཧཱ། ཞེས་པས་བསྐོར་བ་དེ་རྣམས་ཀྱི་འཕྲོ་འདུ་ལས་སོ་སོའི་ཕྱག་མཚན་འཁོར་ལོ་དང་། མདུང་རྩེ་གསུམ་པ་དང་། རྡོ་རྗེ་གདེངས་པ་དང་། མདའ་གཞུ་དང་། དགྲ་སྟ་དང་། རལ་གྲི་དང་། མདུང་ཐུང་རྣམས་སུ་གྱུར་ཏེ་དེ་ལས་འཕྲོས་ཤིང་འདུས་པ་ལས། ལྷ་ཆེན་རྣམས་ཀྱིས་སོ་

སོའི་སྐུར་གྱུར་ཏེ། ཐུགས་ཀ་ན་གནས་སོ། །དེ་དག་སོ་སོའི་ཐུགས་ཀར་རང་རང་གི་སྔགས་བཀོད་ནས་བརྗོད་པ་ཙམ་གྱིས་ཐུགས་ཀ་ནས་བཏོན་ནས་སོ་སོའི་གནས་སུ་འཁོར་ལོ་རྩིབས་བརྒྱད་པོ་རྣམས་ཀྱི་རྩིབས་སྟེང་དུ་རིམ་པར་བཞུགས་སུ་གསོལ་ལོ། །དེ་ལ་གཙོ་བོའི་གཡོན་ཏེ། བྱང་དུ་ཁྱབ་འཇུག་

མདོག་སྔོན་པོ་གཡོན་འཁོར་ལོ། གཡས་དབྱུག་པ་དང་བཅས་པའི་ལག་པ་བརྐྱང་བའོ། །གཙོ་བོའི་མདུན་ཤར་དུ་དྲག་པོ་མ་ཧཱ་དེ་བ་ཁྲོས་པ་སྟེ། མདོག་ནག་པོ་མདུང་རྩེ་གསུམ་ཐོགས་པ། སྟག་ལྤགས་ཀྱི་སྨད་གཡོགས་ཀྱིས་བརྒྱན་པ་མཚན་མ་བསྒྲེང་བའོ། །གཙོ་བོའི་གཡས་ཏེ་ལྷོར་བརྒྱ་བྱིན་མདོག་དཀར་

སེར་རྡོ་རྗེ་གདེངས་པ་ཐོགས་པ་མིག་གསུམ་པའོ། །བྱང་ཤར་དུ་འདོད་པའི་དབང་པོ་མདོག་དམར་པོ་མདའ་གཞུ་ཐོགས་པའོ། །ཤར་ལྷོ་མཚམས་སུ་ནི་ཚོགས་ཀྱི་བདག་པོ་གླང་པོ་ཆེའི་མགོ་ཅན་མདོག་དཀར་པོ་དགྲ་སྟ་ཐོགས་པའོ། །ལྷོ་ནུབ་ཏུ་བྷྲྀདྒི་རི་ཏི་རུས་པའི་མདོག་ཅན་ལ་སྙིམ་པ་བཀན་ཏེ་(གོང་དུ་རལ་གྲི་བྱུང་མཆན་)བརྐྱང་

Vol. 68 · folio 90a

བའོ། །ནུབ་བྱང་དུ་གཞོན་ནུ་སྨིན་དྲུག་བྱིས་པའི་མདོག་ཅན་མགོ་དྲུག་ལག་ན་མདུང་ཐོགས་པ་སྟེ་རྨ་བྱའི་སྟེང་དུའོ། །གཞན་ཡང་དཀྱིལ་འཁོར་གྱི་སྒོ་བཞིར་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་དགོད་དོ། །ཕྱི་རོལ་གྱི་ཁོར་ཡུག་ལ་ཤར་དུ་སྟོབས་བཟངས་མདོག་ལྗང་གུ་ལག་

ན་གཤོལ་བསྣམས་པ། ནུབ་ཏུ་དགའ་བའི་དབང་ཕྱུག་མདོག་དམར་པོ་ཕྱག་ན་གཤོལ་ཐུང་བསྣམས་པའོ། །ནག་པོ་ཆེན་པོ་མདོག་གནག་ཅིང་མི་སྡུག་པ་ཕྱག་ན་མདུང་རྩེ་གསུམ་པ་བསྣམས་པ་རྒྱན་དང་ཆ་ལུགས་ཀྱིས་བརྒྱན་པ་ལྷོར་བྲིའོ། །གཤིན་རྗེ་ནི་མདོག་གནག་ཅིང་སེང་གེའི་ཐོག་ཏུ་ཕྱག་ན་ཐོད་པ་ཁྲག་གིས་

བཀང་བ་ཐོགས་པ་བྱང་དུ་བཞུགས་པའོ། །དེ་ལྟར་དཀྱིལ་འཁོར་བསྐྱེད་ནས། ད་ནི་སྤྱན་དྲང་བར་བྱ་སྟེ། ཛཿཧཱུྃ་བཾ་ཧོཿཞེས་པའི་སྔགས་ཀྱིས་གཙོ་བོ་དང་ལྷ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། དེ་ནས་མདུན་དུ་བསམས་ནས་དམ་ཚིག་གི་ཕྱག་རྒྱས་བརྟན་པར་བྱ་བ་དང་། དབང་བསྐུར་བ་དང་། བྱིན་

གྱིས་བརླབ་པ་ཡང་བྱའོ། །དེ་ནས་མཆོད་པས་མཆོད་དེ་གཙོ་བོའི་སྔགས་ལ་སོགས་པ་རྒྱུད་ལས་གསུངས་པའི་གྲངས་ཚད་ཙམ་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་ལ་བདག་ཉིད་འཇུག་པ་དང་། སློབ་མ་དབང་བསྐུར་བ་དང་། བསྒྲུབ་པ་ལ་སོགས་པ་མཆོད་རྟེན་ནམ་རིང་བསྲེལ་གྱི་དྲུང་དུ་བསྒྲུབ་

པ་བྱ་བ་དང་། འགྲུབ་པའི་མཚན་མ་མཐོང་ནས་དངོས་གྲུབ་བླང་བ་དང་། དམ་བཅའ་བ་ཚང་བ་ལ་སོགས་པ་བྱས་པ་རྣམས་དཀྱུས་གསལ་ལོ། །ལ་ལ་དག་ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་རིམ་པ་ལ་སོགས་པ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་པོ་འདི་དག་བཟླས་པའི་སྔགས་ཀྱི་

ཕྲེང་བ་མི་དགོད་པར་རྩ་བའི་སྔགས་འཕྲོ་འདུ་ལས་སྐུར་བསྐྱེད་ལ་བཟླས་པའི་སྔགས་བརྗོད་པས་ནི་ཕྱིར་བཏོན་ཏེ་རང་རང་གི་གནས་སུ་དགོད་ཅེས་ཟེར་རོ། །ཁ་ཅིག་ནི་སྔགས་རྣམས་ཐུགས་ཀ་ནས་བཏོན་ནས་རང་རང་གི་གནས་སུ་བཀོད་པ་ལས་སྐུར་བསྐྱེད་པ་ཡོད་ཅེས་ཟེར་རོ། །ལ་ལ་ན་རེ་འཇིག་རྟེན་

པའི་ལྷ་འདི་དག་བསྐྱེད་པའི་ཐབས་ཡི་གེ་ཀཱ་ལས་ཁྱབ་འཇུག་གི་གཟུགས་བསྐྱེད་དོ། །ཡི་གེ་ཁ་ལས་ལྷ་གཞོན་ནུའོ། །ཡི་གེ་ག་ལས་ནི་བརྒྱ་བྱིན་ནོ། །ཡི་གེ་གྷ་ཡིས་ནི་ཚངས་པའོ། །ཡི་གེ་ཏ་ཡིས་ཉི་མའོ། །ཐ་ཡིས་ཟླ་བའོ། །ད་ཡིས་སྤེན་པའོ། །དྷ་ཡིས་མིག་དམར་རོ། །ཊ་ཡིས་སྟོབས་བཟངས་སོ། །

Vol. 68 · folio 90b

ཋ་ཡིས་ནི་ལེགས་གནས་སོ། །ཌ་ཡིས་ནི་བརྩོན་པའོ། །ཌྷ་ཡིས་ནི་རྒྱལ་བའོ། །པ་ཡིས་ནི་ནོར་སྦྱིན་ནོ། །ཕ་ཡིས་ནི་ཆུ་ལྷའོ། །བ་ཡིས་ནི་མེའོ། །བྷ་ཡིས་ནི་ཀུ་བེ་རའོ། །ར་ཡིས་ནི་ཕག་མགོ་ཅན་ནོ། །ཟླ་ཚེས་དང་ཐིག་ལེར་ལྡན་པས་ནི་གཤིན་རྗེའོ། །ཀ་ཡིས་ནི་ཆུའོ། །ཁ་ཡིས་ནི་ཚོགས་བདག་

གོ། ཤ་དང་ཙ་དང་ཚ་དང་། ཛ་དང་། ཉ་ཡིས་ནི་ཕྱག་བརྙན་ལྔའོ། །ཏ་ཐ་ད་དྷ་ནས་ཕྱག་བརྙན་མ་ལྔའོ། །མ་ཡིས་ནི་དྲག་མོའོ། །ར་ཡིས་ནི་བདུད་རྩི་མའོ། །ལ་ཡིས་ནི་ཟ་མའོ། །རྡོ་རྗེ་མཆུའི་ཆུང་མ་ཡང་ངེས་སོ། །ཡི་གེ་བ་ཡིས་ནི་ཕོ་ཉ་མོ་ནོར་ལྷའི་ཆུང་མའོ། །ཀྵ་ཡིས་ནི་ཕག་མགོ་མའོ། །ཕ་ཡིས་

ནི་རྒྱལ་བར་བྱེད་མ། ཤ་ཡིས་ནི་སྦྲང་རྩིར་བྱེད་མ། ས་ཡིས་དོན་རྣམས་ཐམས་ཅད་གྲུབ་པར་བྱེད་མ། ཧ་ཡིས་དགའ་བ་མོ། ལ་ཡིས་ལྷ་མོ་འཇོམས་མའོ། །ཟླ་ཚེས་དང་ཐིག་ལེར་ལྡན་པ་རྣམས་ཀྱིས་བསྐྱེད་དོ། །དེ་དག་གི་འཁོར་ནི་གཙོ་བོའི་ཡི་གེ་འབྲུ་ལས་སོ་ཞེས་གླེང་ངོ་། །ལྷ་ཆེན་པོ་བརྒྱད་ཀྱི་

ཁོར་ཡུག་ལའང་དེ་རྣམས་བྲི་བ་འམ། མདའ་འམ་ཐིག་ལེའོ། །ལྷ་ཆེན་པོའི་བཤད་པ་ངེས་པའོ།། །།ད་ནི་འདི་ནས་ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་བཤད་དེ། དེ་ཡང་སེམས་ཅན་དུས་མ་ཡིན་པར་འཆི་བས་འཇིགས་པའི་ཕྱིར་དཀྱིལ་འཁོར་གསུངས་ཏེ། དེ་ནས་བཅོམ་

ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་ཀུན་དུ་གཟིགས་ནས། འཛུམ་པ་མཛད་པ་དང་ཞེས་པ་ནི་ཐུགས་ཡང་དག་པའི་ཡེ་ཤེས་ལས་སྐྱེས་པའི་ཕྱག་ན་རྡོ་རྗེ་ཉིད་ཀྱི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་པ་ལ། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་བཤད་པར་བཞེད་ནས་གླང་པོ་ཆེ་ཆེན་པོའི་སྟ་སྟངས་

ཀྱིས་ཀུན་དུ་གཟིགས་ནས་ཞལ་འཛུམ་པ་གསེར་གྱི་ཁ་དོག་ལྟ་བུ་མཛད་པའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་མཛད། སྣང་བར་མཛད་པ་དེ་ལས་ཅི་བྱས་སྙམ་པ་ལ། འཁོར་གྱི་དཀྱིལ་འཁོར་དེ་དག་གཡོས་ཞེས་གསུངས་ཏེ། འཁོར་གྱི་དཀྱིལ་འཁོར་ནི་ཚངས་པ་ལ་སོགས་པའི་འཇིག་

རྟེན་པའི་འཁོར་ལོ། གཡོས་པ་ནི་དྲོད་དེ་སྔོན་གྱི་དགེ་བའི་རྩ་བའི་ཚོགས་གཡོས་པའོ། །ཡང་དག་པར་གཡོས་ཞེས་པ་ནི་རྩེ་མོ་སྟེ་དགེ་བ་རྣམ་པར་འཕེལ་བའི་རྩེ་མོར་གྱུར་པས། ཕྱི་གཟུང་བའི་ཡུལ་སྤངས་པ་དེ་ཡང་དག་པར་གཡོས་པའོ། །འགུལ་ཡང་དག་པར་འགུལ་ཞེས་པ་ནི་བཟོད་པ་སྟེ། ཕྱི་གཟུང་བར་བྱ་བའི་

Vol. 68 · folio 91a

ཡུལ་སྤངས་པས་འགུལ་བའོ། །ནང་འཛིན་པར་བྱེད་པའི་སེམས་སྤོང་བར་བྱེད་པ་ལ་ཡང་དག་པར་རབ་ཏུ་འགུལ་བའོ། །འབར་རབ་ཏུ་འབར་བ་ཞེས་པ་ནི་འཇིག་རྟེན་ཆོས་ཀྱི་མཆོག་སྟེ། ནང་འཛིན་པའི་སེམས་སྤངས་པས་ནི་འབར་བ་ཞེས་བྱའོ། །ས་དང་པོ་བདེན་པ་མཐོང་བས་ནི་རབ་

ཏུ་འབར་བ་ཞེས་བྱའོ། །ཡང་དག་པར་རབ་ཏུ་འབར་ཞིང་ཞེས་པ་ནི་ས་དང་པོ་མཐོང་བའི་ལམ་སྟེ། འཇིག་རྟེན་པའི་མཚན་མ་རབ་ཏུ་བཅོམ་པས་ཡང་དག་པར་རབ་ཏུ་འབར་བ་ཞེས་བྱའོ། །དགོང་རབ་ཏུ་དགོད་ཡང་དག་པར་རབ་ཏུ་དགོད་ཅེས་པ་ནི་ཡེ་ཤེས་ཀྱི་ས་བསྒོམ་པའི་ལམ་ལ་དགོད་པར་བྱེད་པའོ། །

དེའི་གྲོགས་སུ་གྱུར་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ས་རབ་ཏུ་དགོད་པར་བྱེད་དོ། །སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་བཅུས་ཡང་དག་པར་རབ་ཏུ་དགོད་ཅེས་བྱའོ། །རྩེ་རབ་ཏུ་རྩེ་ཡང་དག་པར་རབ་ཏུ་རྩེ་ཞེས་པ་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་རབ་ཏུ་ཐོབ་པས་ན་རྩེ་ཞིང་རབ་ཏུ་རྩེ་བའོ། །

འབྲས་བུ་སངས་རྒྱས་ཀྱི་ས་རབ་ཏུ་ཐོབ་པར་བྱེད་པའི་མངོན་པར་བྱང་ཆུབ་པ་ལ་རབ་ཏུ་བཞག་པས་ན་ཡང་དག་པར་རབ་ཏུ་རྩེ་ཞེས་བྱའོ། །དེ་ལྟར་སངས་རྒྱས་པས་སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྲས་བུའི་ཆོས་མཐར་ཕྱིན་པས་ན་རྨད་ཀྱི་ཡ་མཚན་དུ་མ་འཇིག་རྟེན་དུ་སྣང་བར་གྱུར་ཏོ་ཞེས་པ་ནི་དགའ་

ལྡན་གྱི་གནས་ནས་མིའི་ཡུལ་དུ་བབས་ཏེ། མཛད་པ་བཅུ་གཉིས་ཀྱི་ཚུལ་མངོན་པར་སངས་རྒྱས་པའི་ཐ་ཚིག་གིས་སེམས་ཅན་གྱི་དོན་བྱས་པའོ། །དེ་དག་ནི་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་བསྟན་པའོ། །ད་ནི་ཞུ་བ་དང་། དམ་པའི་ཚིག་བསྟན་ཏེ། དེ་ཡང་འཛུམ་པའི་རྒྱུའི་ཞུ་བ་དང་། སྔགས་ཀྱི་ཡོན་ཏན་

གསུངས་པ་དང་། བཤད་པར་གསོལ་བ་གདབ་པ་གསུམ་ནི་དཀྱུས་གསལ་བས་མ་བཀྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རིག་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་

པ་ནི་ནང་སེམས་ཀྱི་དཀྱིལ་འཁོར་བསྟན། དེའི་དོན་ཡང་ཕྱག་ན་རྡོ་རྗེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རྡོ་རྗེ་ཆེ། ཕྱག་ན་རྡོ་རྗེའི་གཡོན་དུ་ཁྲོ་བོ་ལས་སྣ་ཚོགས་པ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་ཀྱི་དབང་པོ་ལ་སོགས་པའི་སྐུར་གྱུར་ཏེ། དེ་རྣམས་ཀྱི་ཐུགས་ཀར་ཡང་སྔགས་པུཎྱེ་ཞེས་

Vol. 68 · folio 91b

པ་ལ་སོགས་པའི་རིམ་པ་བཀོད་པ་ལས། འོད་ཟེར་སྤྲོས་པས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས། ཁྱད་པར་དུ་ཡང་སེམས་ཅན་ཚེ་ཟད་པ་ཐམས་ཅད་ཚེ་བསྲིངས་ཏེ། ནང་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བས་

ཚོགས་ཀྱི་ལམ་ལ་སོགས་པ་ལམ་ལྔ་རིམ་གྱིས་ཐོབ་ནས་སངས་རྒྱས་ཀྱི་ས་ལ་བཞག་གོ། །དེ་ནས་མ་འོངས་པའི་སེམས་ཅན་གྱི་དོན་དུ་སྙིང་པོ་དང་སྔགས་གསུངས་སོ། །དེའི་དོན་ཡང་འདི་ལྟར་ཤེས་པར་བྱ་སྟེ། དང་པོར་གནས་ཡིད་དུ་འོང་བར་བདེ་བའི་སྟན་ལ་ཁྲུས་ཀྱི་ཡན་ལག་དང་། རྣལ་འབྱོར་གྱིས་དོན་དུ་གཉེར་

བར་བྱས་ནས་འདུག་སྟེ། སྔོན་དུ་འགྲོ་བའི་ཡན་ལག་བྱས་ནས་གོང་དུ་གསུངས་པ་བཞིན་སྡིག་པ་དྲལ་བ་ལ་སོགས་པ་བྱས་ལ་ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བརྗོད་དེ། ཆོས་རྣམས་རྡུལ་ཕྲ་མོ་བཞིན་བཤིག་པའམ། ཐོག་མ་ནས་མ་བྱུང་མ་སྐྱེས་པས་ན། རང་གི་སེམས་ཇི་བཞིན་པ་ལ་བརྟགས་ཏེ། གློ་བུར་གྱི་བག་

ཆགས་རབ་ཏུ་བསལ་ནས་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་ཟླ་བ་ཚེས་གཅིག་པ་ལྟ་བུར་བསྒོམ་པར་བྱའོ། །དེ་ལས་ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བཟླས་པས་དེ་ལས་འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་ཚོགས་རྣམ་པ་གཉིས་རྫོགས་པའི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་ཞིང་ཡོངས་སུ་རྫོགས་པར་

སྒོམ་མོ། །དེའི་སྟེང་ཨོཾ་བྷྲཱུྃ་སྭཱ་ཧཱ། དེའི་ཕྱི་རིམ་ན་ཚུར་ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་ཨཱ་ཡུ་པུཎྱེ། ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ་ཞེས་པའི་སྔགས་ཀྱི་ཡི་གེ་གཡས་ནས་ཕྲེང་བའི་ཚུལ་དུ་བཀོད་ལ། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་པས། དེ་ལས་འོད་ཟེར་འཕྲོ་བ་དང་འདུ་བའི་ཚུལ་གྱིས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཅིག་ཏུ་གྱུར་ཏོ། །

དེ་ནས་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རིགས་བཞིའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེའི་དབྱིངས་ཇི་སྙེད་པ་ཐམས་ཅད་བསྡུས་ཏེ། སླར་རྡོ་རྗེ་ཉིད་ལ་ཐིམ་པས་མི་གཡོ་བར་གྱུར་པར་བསྒོམ་མོ། །ཨོཾ་ཡ་ཐཱ་བཛྲ་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ་

ཞེས་བརྗོད་པས་བརྟན་པར་གྱུར་པའི་རྡོ་རྗེ་དེ་ལས་སྐུ་ཕྲ་མོ་མང་པོ་འཕྲོས་པས་སངས་རྒྱས་ཀྱི་མཛད་པ་མ་ལུས་པར་མཛད་ནས་ལྷར་འདུས་ཏེ་རྡོ་རྗེ་ལ་ཐིམ་པ་ལས་བཅོམ་ལྡན་འདས་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་གཟི་བརྗིད་ཚད་མེད་པའི་རྒྱལ་པོའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ། སྐུ་མདོག་ནི་གསེར་བསྲེགས་

Vol. 68 · folio 92a

པ་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་གཡས་པས་ཆོས་འཆད་པའི་ཚུལ་ལ་གཡོན་སྐྱབས་སྦྱིན་མཛད་པའོ། །ཡང་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སྔགས་ཀྱི་ཡི་གེ་རྣམས་ཕྲེང་བའི་ཚུལ་དུ་བཀོད་པ་ལས། རྡོ་རྗེ་རྩེ་ལྔ་པ་ཡི་གེ་ཧཱུྃ་གིས་བསྐྱེད་པ་འཕྲོ་བ་དང་

འདུ་བས་བརྟན་པར་བྱས་པར་གྱུར་ཏེ། དེའི་འཕྲོ་འདུ་ལས་རིགས་བཞིའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་འདུས་ནས་རྡོ་རྗེ་ལ་བསྟིམས་པས་ཤིན་ཏུ་མི་གཡོ་ཞིང་བརྟན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་ལ་དབང་བསྐུར་བའི་ཏིང་ངེ་འཛིན་དང་མཆོད་པ་ཡང་བྱས་ནས། ཡང་ཉིད་ཀྱི་ཐུགས་གར་

ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྷ་རྣམས་ཀྱི་སྙིང་པོ་བྷྲཱུཾ་དང་། ཛྲཱིཾ་དང་། ཀྲཾ་དང་། ཏྲཱཾ་དང་། ཧྲཱིཿརྣམས་ལས་རྫོགས་པའི་ཚུལ་གྱིས་དཀྱིལ་འཁོར་གྱི་ལྷ་རྣམས་དང་། ཡོ་བྱད་བཞི་དང་། འཇུག་བྱེད་བཞི་བསྐྱེད་དོ། །ཡང་ལྷ་དེ་དག་གི་ཐུགས་ཀར་རིག་པའི་སྔགས་རྣམས་དང་། རྩ་བའི་སྙིང་པོ་ལས་འོད་

ཟེར་འཕྲོས་པས་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པས་དེ་དག་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་བག་ཆགས་དག་པར་བྱས་ཤིང་ཁྱད་པར་དུ་ཡང་སེམས་ཅན་ཚེ་ཐུང་བའི་བག་ཆགས་ཐམས་ཅད་དག་པར་བྱས་ཏེ། དུས་མ་ཡིན་པར་འཆི་བ་ལ་སོགས་པ་ཐམས་ཅད་

ལས་ཐར་བར་བྱས་ནས་ཉེ་བར་བཀུག་སྟེ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས། ནང་སེམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་ལམ་ལ་བཞག་ནས་རིམ་གྱིས་སངས་རྒྱས་ཀྱི་ས་ཐོབ་པར་བྱས། དེ་ནས་དེ་དག་གི་དྲིན་ལན་གྱི་ཕྱིར་མཆོད་པ་

དང་བསྟོད་པས་ཀྱང་བསྟོད་དེ། དེ་ནས་དེ་ཉིད་ན་གནས་པ་རྣམས་རང་རང་གི་གནས་སུ་དོང་བར་བསམ། དེ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བྱས་ལ་གཞལ་ཡས་ཁང་རིམ་གྱིས་བསྐྱེད་དེ། གྲུ་བཞི་པ་སྒོ་བཞི་པ། རྟ་བབས་བཞིས་མཛེས་པར་བྱས་ལ། ནང་འཁོར་ལོ་རྩིབས་བཞི་པ་མུ་ཁྱུད་དང་བཅས་པའོ། །

དེའི་སྟེང་དུ་སེང་གེའི་གདན། དེའི་སྟེང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བདག་ཉིད་བསམ་སྟེ་གནས་པ་ལས། ཡང་བྱིན་གྱིས་བརླབས་ནས་འཁོར་གྱི་ལྷ་རྣམས་བསྐྱེད་པར་བྱའོ། །དབུས་སུ་གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཛཾ་ཞེས་བྱ་བའི་

Vol. 68 · folio 92b

མཐའ་མ་ནས་ཨོཾ་ཛིཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཕྲེང་བ་བཀོད་ལ། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་ཤིང་འདུས་པའི་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་པར་གྱུར་ཏོ། །དེ་ལས་ཡང་ཡེ་ཤེས་ཀྱི་འོད་འཕྲོས་པས་རིགས་བཞིའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་པདྨ་དང་། ལས་ཀྱི་རིགས་ཀྱི་སྐུ་དང་།

གསུང་དང་ཐུགས་ཇི་སྙེད་ཐམས་ཅད་འདུས་ཏེ་རྡོ་རྗེ་ལ་ཐིམ་པས་བརྟན་པར་བྱས་སོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་ཕྲ་མོ་མང་པོ་འཕྲོས་ཤིང་འདུས་པས་སྐུ་ཡོངས་སུ་རྫོགས་པའོ། །ཡང་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་ཡི་གེའི་ཕྲེང་བ་བཀོད་ནས། ཨོཾ་ཛི་སྭཱ་ཧཱ། ཞེས་བརྗོད་པས་

བསྐུལ་བའི་ཚུལ་གྱིས་ཐུགས་ཀ་ནས་སྤྱན་དྲངས་ཏེ། ཕྱོགས་བཅུར་འཕྲོས་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་འགྲོ་བའི་དོན་མཛད་ནས་སླར་འདུས་ཏེ། བདག་ཉིད་ཀྱི་སྤྱན་སྔ་ནས་བཀའ་ནོད་པའི་ཚུལ་དུ་གནས་པ་ལ་ཆོ་འཕྲུལ་ཆེན་པོ་བཞིས་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་དབུ་རྒྱན་དབུ་ལ་བསྐོན་ཏེ། དམ་ཚིག་

གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་ལག་ཏུ་བྱིན་ཏེ། ཕྱག་ན་རྡོ་རྗེ་ཞེས་མིང་གི་དབང་བསྐུར་ནས་ཉིད་ཀྱི་ལས་ཀྱི་བཞུགས་གནས་ཤར་ཕྱོགས་ཀྱི་རྩིབས་སྟེང་དུ་པདྨ་དང་ཟླ་བའི་སྟེང་དུ་བཞུགས་སུ་གསོལ། ཡང་དབུས་ཀྱི་གཙོ་བོའི་ཐུགས་ཀར་ཀཾ་ཞེས་བྱ་བའི་སྙིང་པོ་དེའི་ཕྱི་རིམ་ན་ཚུར་ཨོཾ་ཀྲཾ་སྭཱ་ཧཱ་ཞེས་པས་བསྐོར་བར་བསམས་

ལ། དེའི་འཕྲོ་འདུ་ལས་རྡོ་རྗེ་རྒྱ་གྲམ་དེའི་འཕྲོ་འདུ་ལས་རྡོ་རྗེ་བརྟན་པར་བྱས་སོ། །དེའི་འཕྲོ་འདུ་ལས་ཁྲོ་བོ་ལས་སྣ་ཚོགས་པ་ཞེས་བྱ་བར་གྱུར་ཏེ། མདོག་ལྗང་གུ་ཁྲོ་གཉེར་ཅན། ཕྱག་གཡོན་པ་སྡིགས་མཛུབ་བསྒྲེང་ནས་སྙིང་ག་ན་གནས་པར་འགྱུར་རོ། །ཡང་དེའི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཡི་གེའི་

ཕྲེང་བ་སྔ་མ་བཞིན་དུ་བཀོད་ལ་བརྗོད་པས་བསྐུལ་བའི་ཚུལ་གྱིས་ཐུགས་ཀ་ནས་སྤྱན་དྲངས་ཏེ། ཕྱོགས་བཅུར་འཕྲོས་ནས་སངས་རྒྱས་ཀྱི་མཛད་པ་མཛད་ནས་སླར་བྱོན་ནས་བདག་གི་མདུན་དུ་བཀའ་ནོད་པའི་ཚུལ་དུ་གནས་པ་ལ་ཆོ་འཕྲུལ་ཆེན་པོས་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་དབུ་རྒྱན་མགོ་ལ་བསྐོན། །

དམ་ཚིག་གི་ཕྱག་རྒྱ་ལག་ཏུ་བྱིན་ནས་སྣ་ཚོགས་རྡོ་རྗེ་ཞེས་མིང་ནས་ལན་གསུམ་བོས་ནས་ལས་ལ་དགོད་པ་ནི་བྱང་གི་རྩིབས་ལ་བཞུགས་སུ་གསོལ་ལོ། །ཡང་གཙོ་བོའི་ཐུགས་ཀར་ཏྲཱཾ་ཞེས་པའི་མཐའ་མར་ཨོཾ་ཏྲཱཾ་སྭཱ་ཧཱ་ཞེས་པས་བསྐོར་བ་དེའི་འཕྲོ་འདུ་ལས་རིན་པོ་ཆེ། དེ་ལས་བརྟན་པ།

Vol. 68 · folio 93a

དེ་ལས་ནམ་མཁའི་སྙིང་པོའི་སྐུར་གྱུར་ཏེ། སྐུ་མདོག་མཐིང་གར་གནས་སོ། །དེའི་ཐུགས་ཀར་སྔ་མ་བཞིན་དུ་སྔགས་ཀྱི་ཡི་གེ་བཀོད་དེ་བརྗོད་པ་དང་འཕྲོས་ཤིང་འདུས་ནས་མདུན་ན་བཞུགས་པ་ལ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། ཕྱག་མཚན་རིན་

པོ་ཆེ་སྦྱིན་པ་དང་། ནམ་མཁའི་སྙིང་པོ་ཞེས་མིང་གི་དབང་བསྐུར་བ་བྱས་ནས། ལས་ལ་དགོད་པ་ནི་བྱང་གི་རྩིབས་ལ་བཞུགས་སུ་གསོལ་ལོ། །དེ་ནས་ཡང་གཙོ་བོའི་ཐུགས་ཀར་ཧྲཱིཿཞེས་པའི་མཐའ་མ་ནས་ཚུར་ལ་ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བསྐོར་བ་བཀོད་ལ། དེ་ལས་པདྨ།

དེ་ལས་བརྟན་པ། དེ་ལས་སྤྱན་རས་གཟིགས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་དམར་པོར་གནས་པའི་ཐུགས་ཀར་ཟླ་བ་ལ་སྔགས་བཀོད་ནས། དེའི་འཕྲོ་འདུ་ལས་མདུན་ན་གནས་པ་ལ་བྱིན་གྱིས་བརླབས་པ་དང་། རིན་པོ་ཆེའི་དབང་དང་། པདྨ་སྦྱིན་པ་དང་། མིང་གདགས་པ་དང་།

ལས་ལ་དགོད་པ་སྟེ་ནུབ་ཕྱོགས་ཀྱི་རྩིབས་ལ་བཞུགས་སོ། །དེ་ལ་ཕྱག་ན་རྡོ་རྗེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་ཉིད་ཀྱིས་བྱིན་གྱིས་བརླབས་པ། ཤེས་རབ་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རང་བཞིན་གྱི་ཡེ་ཤེས་ལྔའི་

མཚན་ཉིད་ཀྱི་རྡོ་རྗེ་ཕྱག་ན་བསྣམས་པས་ཕྱག་ན་རྡོ་རྗེའོ། །རྡོ་རྗེ་སྣ་ཚོགས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པའི་ལས་སྣ་ཚོགས་པ་མཛད་པས་སོ། །ནམ་མཁའི་སྙིང་པོ་ནི་མཉམ་

པ་ཉིད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་ནམ་མཁའི་མཚན་ཉིད་དུ་རྟོགས་པའི་ཆོས་ཉིད་དེ་རྡོ་རྗེ་རིན་ཆེན་མཉེས་པར་མཛད་པའོ། །སྤྱན་རས་གཟིགས་ནི་སོ་སོར་རྟོག་པའི་ཡེ་ཤེས་རྣམ་པར་དག་པ་ལས་ཆོས་ཐམས་ཅད་རྣམ་པར་གཟིགས་པ་དང་། དེའི་དོན་ལ་ཆགས་པ་དང་། སེམས་

ཅན་གྱི་དོན་ལ་རྡོ་རྗེ་ཆོས་མཉེས་པར་བྱས་པ་ལས་ཡོངས་སུ་རྫོགས་པར་བྱང་ཆུབ་པའོ། །གཞན་ཡང་དུས་བཞི་དང་། ལྕགས་ཀྱུ་ལ་སོགས་པ་ཡང་རིམ་བཞིན་དུ་བསམ་མོ། །དེ་ནི་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་གོ། །དེ་ནས་མཆོད་པ་བྱིན་གྱིས་བརླབས་པ་བྱས་

Vol. 68 · folio 93b

ནས་བསང་བ་བྱས་ཏེ། ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་འདིར་ཕྱག་འཚལ་ཏེ་ཞུགས་ན་ངན་སོང་ཐམས་ཅད་ལས་དྲང་བ་དང་། དུས་མ་ཡིན་པར་འཆི་བ་བརྒྱད་ལས་བཟློག་པ་ནི་ལྷའི་ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཡིན་ནོ། །ངན་སོང་སྦྱོང་བའི་ལྷ་ཐམས་ཅད་ལ་ཡང་

ངན་སོང་ལས་སེམས་ཅན་ཐམས་ཅད་དྲང་བ་ལས་གཞན་མི་མངའོ། །དེ་ནི་ལས་རྒྱལ་པོའོ། །ལས་ལ་རྗེས་སུ་སྦྱོར་བ་ནི་འོག་ནས་འབྱུང་བ་ལས་ཤེས་པར་བྱའོ། །བཟླས་པ་ནི་སྔགས་རྩ་བའི་རིགས་སོ། །དེ་ལས་ཐུན་བཞིར་འབུམ་འབུམ་མམ་མཚན་མ་བྱུང་བྱུང་དུའམ། གནང་བ་ཐོབ་

ཐོབ་དུ་འམ། གྲངས་ཀྱི་བསྙེན་པ་བྱའོ། །དེ་ནས་གདོད་དཀྱིལ་འཁོར་གྱི་ལས་ལ་འཇུག་པར་བྱ་སྟེ། གནས་ཡིད་དང་མཐུན་པར་ས་སྦྱང་བ་དང་གཟུང་བ་རིམ་པ་བཞིན་དུ་བྱས་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང་། བསྲུང་བ་དང་། བདག་དབང་ཡོད་པར་བྱ་བ་དང་། དྲིའི་

ཐིག་ལེ་བྱས་ནས་ལྷ་སྟ་གོན་ལ་གནས་པ་དང་། བུམ་པ་བརྒྱད་དམ་ལྔ་བྱིན་གྱིས་བརླབས་པ་དང་། སློབ་མ་སྣོད་དུ་རུང་བར་བྱ་བ་དང་། ནང་པར་ཐིག་བྱིན་གྱིས་བརླབས་པ་དང་། ཚོན་བྱིན་གྱིས་བརླབ་ཅིང་དགྱེ་བ་ནི། གོང་འོག་ནས་ཤེས་པར་བྱའོ། །དེ་ཡང་ཚོན་ནི་དབང་

ལྡན་གྱི་ཕྱོགས་ནས་བརྩམས་ལ་དང་པོ་ནི་དཀར་པོའོ། །དེ་ནས་ནི་སྔོན་པོའོ། །དེ་ནས་ནི་དམར་པོའོ། །དེ་ནས་ནི་ལྗང་གུའོ། །ཀུན་གྱི་ནང་དུ་ནི་སེར་པོར་ཤེས་པར་བྱའོ། །འཁོར་ལོ་ནི་རྩིབས་བཞི་པ། དཀར་པོའམ་ཡང་ན་སེར་པོར་བྱའོ། །དེའི་དབུས་སུ་བཅོམ་

ལྡན་འདས་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་ཚོགས་དང་གཟི་བརྗིད་ཚད་མེད་པ་བཞུགས་སུ་གསོལ་ལོ། །ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་ནི་ཕྱག་ན་རྡོ་རྗེ། གཡོན་པར་ནི་ཁྲོ་བོ་ཆེན་པོ་དགོད་དོ། །གཡས་པར་ནི་ནམ་མཁའི་སྙིང་པོ་དགོད་དོ། །རྒྱབ་ཏུ་ནི་སྤྱན་རས་གཟིགས་

དབང་པོ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་ལ་རིག་པ་རྣམས་བྲིའོ་ཞེས་བྱ་བ་ནི། རྩ་བ་དང་སྙིང་པོ་དགེ་བའི་སྙིང་པོ་རྣམས་བྲི་བར་བྱའོ། །དབང་བསྐུར་བའི་བུམ་པ་ལྔ་དང་། མཆོད་པའི་བུམ་པ་བརྒྱད་ཀྱང་བཞག་གོ། །དབང་གི་བུམ་པ་ནི་འཁོར་ལོས་

Vol. 68 · folio 94a

སྒྱུར་བ་སྟེ། གཙོ་བོ་ལ་སོགས་པའི་སྔགས་ཀྱིས་བཏབ་ལ་བཞག་གོ། །མཆོད་པའི་བུམ་པ་བརྒྱད་ལ་ནི་ལྕགས་ཀྱུ་ལ་སོགས་པའི་སྔགས་ཀྱིས་གདབ་བོ། །བདུག་པ་ལ་སོགས་པའི་མཆོད་པ་ལྔ་དང་། བསང་བའི་བུམ་པ་ལས་ཐམས་ཅད་པའི་སྔགས་

བཛྲ་ཡཀྵ་ཧཱུྃ་ཞེས་པ་བཏབ་པ་དབང་ལྡན་གྱི་མཚམས་སུ་གཞག་པར་བྱའོ། །གཞན་ཡང་མཆོད་པ་ལ་སོགས་པ་བླ་རེ་དང་། བ་དན་དང་། རྒྱལ་མཚན་དང་། རྔ་ཡབ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། རིན་པོ་ཆེ་ལས་བྱས་པའམ། རིས་སུ་བྲིས་པའམ། ཤིང་ལ་

སོགས་པ་ལས་བྱས་པའི་རྟ་བབས་ཁྲུ་དྲུག་གམ་བདུན་པས་བརྒྱན་པར་བྱའོ། །སྒོ་བ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་པའི་སྒོ་བ་རྣམས་དང་། མཚམས་བཞི་རུ་དྷཱུ་པེ་ལ་སོགས་པ་དང་། ཁྱམས་སུ་བྱམས་པ་ལ་སོགས་པ་དང་། རྟ་བབས་ཀྱི་གློ་གཉིས་སུ་བཀྲ་ཤིས་རྫས་

བརྒྱད་དང་། ཁོར་ཡུག་ལ་ཕྱོགས་སྐྱོང་ཀུན་དགོད་པར་བྱའོ། །དེ་ནས་དགོངས་ཀའི་དུས་སུ་རྣལ་འབྱོར་པ་དེ་ཉིད་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ཏེ་མེ་ཏོག་ཐོགས་ནས་དཀྱིལ་འཁོར་དུ་འཇུག་ཅིང་མེ་ཏོག་དོར་བ་བླངས་ཏེ། རང་གི་མགོ་ལ་བཅིང་བ་དང་། ལྷག་ཆད་ཁ་བསྐང་བ་དང་། །

དབང་བླང་བ་བསྟན་པ་ནི་དེ་ནས་སྔགས་མཁན་དེ་ཉིད་ཞུགས་ལ་ཞེས་པའོ། །དེ་ནས་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་བསྐྱེད་དེ། དེ་ཡང་སྒོ་བ་བཞི་ནི་ཛཿཧཱུྃ་བཾ་ཧོཿལས་སོ། །ཧཱུྃ་ཏྲཱཾ་ཧྲཱིཿཨ་ལས་ནི་དྷཱུ་པེ་ལ་སོགས་པའོ། །ཨོཾ་སརྦ་སཾ་སྐཱ་ར་ཞེས་པ་ལ་སོགས་པ་ལ་ལས་ནི་

བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གོ། །ཕྱོགས་སྐྱོང་ལ་སོགས་པ་ནི་རང་རང་གི་རྩ་བའི་སྔགས་ལས་སོ། །དེ་ནས་སྤྱན་དྲང་བ་ནི་དཀྱུས་གསལ་ལོ། །དེ་ནས་མདུན་གྱི་ནམ་མཁའ་ལ་བྱོན་པ་དེ་རང་གི་རྟོག་པ་ཞི་བར་བྱ་བའི་ཕྱིར་བགེགས་བསྐྲད་དོ། །དེ་ནས་མཆོད་

ཡོན་ཕུལ་བ་དང་བསྟོད་པས་བསྟོད་དེ། དེ་ནས་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལ་སོགས་པ་བྱས་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་དབང་བསྐུར་བ་བྱས་ནས་མཆོད་པས་མཆོད་དེ། དེ་ནས་བཟླས་པ་ལ་བརྩོན་པའི་རྣལ་འབྱོར་པས་སློབ་མ་དབང་བསྐུར་བ་ཡང་བྱའོ། །ཡང་ན་བཟླས་པ་

Vol. 68 · folio 94b

ལ་བརྩོན་པས་མཚན་མ་བྱུང་བྱུང་དུ་བསྒྲུབ་པ་ལ་གནས་པར་བྱའོ། །མཚན་མ་ནི་དཀྱུས་གསལ་ལོ། །དེ་ནས་སློབ་མ་དབང་བསྐུར་བར་བྱ་སྟེ། དེ་ཡང་དང་པོར་སློབ་མ་གཞུག་པའི་ལས་བྱ་སྟེ། དེ་ཡང་རྒྱུད་ན་དཀྲུགས་པའི་མཚན་ཉིད་དེ། །ལག་ན་མེ་ཏོག་ཐོགས་པས་དང་པོར་

གསོལ་བ་གདབ་བོ། །དེ་ནས་དམ་ཚིག་དབོག་གོ། །དམ་ཚིག་གིས་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་ནས་དབབ་པའི་སྦྱོར་བ་བྱ་བ་ནས་མིག་གི་སྣང་བ་དྲི་བར་བྱའོ། །དེ་ནས་མེ་ཏོག་དོར་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོཿས་མ་ཡ་

སྟྭཾ་ཞེས་པས་སོ། །དེ་ནས་ཕྲེང་བ་དེ་ཉིད་མགོ་ལ་བཅིངས་ཏེ་དབང་བསྐུར་བར་བྱའོ་ཞེས་པ་ནི། མེ་ཏོག་གང་ལ་བབ་པའི་ཕྲེང་བ་དེ། ལྷ་དེས་དབང་བསྐུར་ནས་མཐར་དེ་ཉིད་ལ་ཐིམ་ནས་བྱིན་གྱིས་བརླབ་བོ། །དེ་ནས་མིག་ཕྱེ་སྟེ། དེའི་སྔགས་དཀྱིལ་འཁོར་གྱི་ལྷ་རྣམས་རྡོ་རྗེ་ལྕགས་ཀྱུ་

ནས་བརྩམས་ཏེ། དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་མེ་ཏོག་གང་ལ་བབས་པ་དེ་སློབ་མ་བསམས་ལ། དང་པོར་བུམ་པའི་དབང་བསྐུར་ཏེ། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར་ཞེས་པ་ལ་སོགས་པའོ། །དེ་ནས་ནི་དབུ་རྒྱན་གྱི་དབང་བསྐུར་རོ། །དེའི་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་

བྷི་ཥིཉྩ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་བྷྲཱུཾ་ཞེས་པ་ལ་སོགས་པས་སོ། །དེ་ནས་བཀའི་དབང་བསྐུར་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཏེ་དཱ་སྱ་མི་གྲི་ཧ་ན་བཛྲ་སུ་སིདྡྷ་ཡེ་ཞེས་པ་ལ་སོགས་པས་ནི་དྲིལ་བུ་སྦྱིན་ནོ། །ཨོཾ་བཛྲ་ཏིཥྛ་ཧཱུྃ་ཞེས་པས་རྡོ་རྗེ་སྦྱིན་ནོ། །དེ་ནས་ལས་རྣམ་བཞིའི་

དབང་བསྐུར་ཏེ། རྡོ་རྗེ་རྒྱ་གྲམ་ལག་ཏུ་བྱིན་ལ་ཨོཾ་སརྦ་ཀརྨ་ཎི་ཀུ་རུ་བུདྡྷ་ནཱཾ་ཧཱུྃ་ཞེས་པས་སོ། །དེ་ནས་ཕྱིར་མི་ལྡོག་པའི་དབང་ཡང་གོང་ནས་འབྱུང་བ་བཞིན་དུ་སྦྱིན་པར་བྱའོ། །དེ་ནས་སློབ་མས་དབང་རྣམས་བརྟན་པར་བྱ་བའི་ཕྱིར་ཡོན་དབུལ་བར་བྱ་སྟེ། དཀྱུས་གསལ་

ལོ། །དེ་ནས་སློབ་དཔོན་གྱིས་བུ་ལ་ཕན་པར་བྱ་བའི་ཕྱིར་སྒྲུབ་པའི་དཀྱིལ་འཁོར་སྦྱིན་པར་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞིག་སྦྱིན་སྙམ་པ་ལ། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པར་བྱ་བ་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །

Vol. 68 · folio 95a

ཞེས་པ་ནི་ཆོས་རྣམས་ནི་རྒྱུ་བ་དང་མི་རྒྱུ་བ་མེད་པའི་ཆོས་རྣམས་སོ། །དངོས་མེད་ཅེས་པ་ནི་ཕྱིའི་དངོས་པོ་མི་རྒྱུ་བ་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ། ནང་གི་རྒྱུ་བའི་དངོས་པོ་འཛིན་མའི་མཚན་ཉིད་ཅན་ཐམས་ཅད་ཀྱང་དུས་རྣམ་པ་

གསུམ་གྱིས་མ་གྲུབ་བོ། །དེ་ལྟར་སེམས་ཀྱིས་བསྒོམ་པར་བྱ་བ་ནི་རྣལ་འབྱོར་པས་སྟོང་པར་བསྒོམ་པའོ། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །ཞེས་པ་ནི་ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་པས་དེ་ལས་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསྒོམས་ནས། རང་གི་ས་བོན་

དེའི་དབུས་སུ། །བསམས་ནས་རང་གི་ཕྱག་རྒྱ་ཡང་། །བསམ་ཞིང་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་པོས་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་རང་གི་ས་བོན་དེའི་དབུས་སུ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་ལྷ་གང་དང་གང་སྒོམ་པ་དེའི་ས་བོན་བསྒོམ་པའོ། །དེའི་

སྤྲོ་བསྡུ་ལས་རང་རང་གི་ཕྱག་མཚན་དུ་གྱུར་ཏེ། དེའི་སྤྲོ་བསྡུ་ལས་ལྷ་གང་དང་གང་བསྒོམ་པར་རྣལ་འབྱོར་པ་སྒྲུབ་པ་པོས་བསྒྱུར་བར་བྱའོ། །དེ་ཡང་ཇི་ལྟར་བསྒྱུར་སྙམ་པ་ལ། ལྷའི་རྣལ་འབྱོར་ཚུལ་དུ་བསྒྱུར་ཞེས་པ་སྟེ། དེ་བཞིན་གཤེགས་པ་དང་། །

བྱང་ཆུབ་སེམས་དཔའ་གང་འདོད་པའི་ལྷའི་རྣམ་པར་བསྒྱུར་རོ། །དེ་ནས་རང་གི་ས་བོན་དང་། །ཞེས་པ་ནི་ལྷ་གང་དང་གང་སྒོམ་པའི་ས་བོན་རང་གི་སྙིང་གར་བསམས་ལ་སྐུ་གསུང་ཐུགས་ཀྱི་སྔགས་དང་ཕྱག་རྒྱས་ལྷའི་སྐུ་ཕྱག་རྒྱ་དེ་བྱིན་གྱིས་བརླབས་སོ། །དེ་ནས་གོང་འོག་ཏུ་

བསྟན་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་དབང་དང་སངས་རྒྱས་ཀྱི་དབང་གཉིས་སུ་ཤེས་པར་བྱ་སྟེ། སེམས་དཔའ་རྣམས་ལ་ནི་རིགས་ལྔའི་དབང་བསྐུར་རོ། །སངས་རྒྱས་རྣམས་ལ་ནི་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་རོ། །

དེ་ནས་ལྷའི་ང་རྒྱལ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །དམ་བཅའ་བ་དང་། རྒྱུད་ཀྱི་ཡོན་ཏན་བསྟན་པ་ནི་དཀྱུས་གསལ་ལོ། །ལྷའི་བུ་རྣམས་ཞེས་པ་ལ་སོགས་པས་ནི་སྦྱིན་སྲེག་གི་ལས་སྟོན་ཏེ། སྦྱིན་པ་ནི་

Vol. 68 · folio 95b

བདེ་བ་དམ་པ་དེའོ། །སྲེག་པ་ནི་ལས་དང་ཉོན་མོངས་པ་རྣམས་སོ། །དེ་ལ་ཡང་དཀྱིལ་འཁོར་སྤྱིའི་དབང་དུ་བྱས་པ་དང་། རིགས་བཞིའི་འཁོར་ལོས་སྒྱུར་བའི་དབང་དུ་བྱས་པ་དང་། ཁྲོ་བོའི་ཉི་མ་མེའི་དབང་དུ་བྱས་པ་རྣམས་སོ། །དེ་ལ་འདི་ནི་

སྤྱིའི་དབང་དུ་བྱས་པ་སྟེ་དེ་ཡང་ལྷའི་བུ་རྣམས་ཞེས་པ་ནི་འཇིག་རྟེན་པའི་འཁོར་རྣམས་ལ་སྤྱིའི་མིང་ནས་བོས་པའོ། །ཞི་བ་ཞེས་པ་ནི་ཕྲིན་ལས་བཞི་ལས་དཀར་བའོ། །ཐུགས་རང་བཞིན་གྱིས་ཉོན་མོངས་པའི་མཚན་མ་འཇོམས་ཤིང་མགོ་གནོན་པས་ནི་ཞི་བའོ། །དེ་ལ་

ཞི་བར་བྱ་བའི་ཐབས་ནི་ཕྲིན་ལས་འདིས་སོ། །དེ་ཡང་ཇི་ལྟ་བུ་ཞིག་སྙམ་པ་ལ། ཧོམ་ཁུང་ཐ་མ་བར་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པ། །ཟླུམ་པོ་ཉིད་དུ་བྱས་ནས་ནི། །ཞེས་པ་ནི་ཐབ་ཁུང་ཐ་མ་ཁྲུ་གང་བ་དང་། འབྲིང་ཁྲུ་དོ་བ་དང་། རབ་ཁྲུ་བཞི་པ་སྟེ། གཟུང་འཛིན་

གཉིས་སྤངས་ནས་གནས་པའི་ཕྱིར་ན་ཁྲུ་གང་པའོ། །ཐབས་དང་ཤེས་རབ་གཉིས་ཀྱི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་ལ་གནས་པའི་རྟགས་སུ་ཁྲུ་དོའོ། །སྦྱོར་བའི་ལམ་གྱི་ཡེ་ཤེས་བཞི་དང་ལྡན་པའི་རྟགས་སུ་ཁྲུ་བཞིའོ། །བདེན་པའི་དོན་དེ་ཉིད་མཐོང་བའི་རྟགས་སུ་ནི་ཟླུམ་པོར་

བྱས་པའོ། །དེ་ལྟ་བུའི་དབུས་སུ་སྦྱིན་སྲེག་མིང་ངམ་ཤ་འམ་རུས་པ་ལས་བྱས་ན་རྣམ་པར་གྲོལ་བ་དབང་དུ་བྱ་བའི་གྲངས་ནི་དཀྱུས་གསལ་ལོ། །ཐབ་ཁུང་གི་དབུས་སུ་ཕྱག་མཚན་དགོད་པ་ནི་དེའི་དབུས་སུ་འཁོར་ལོ་ནི་ཞེས་པ་ལ་སོགས་པ་ནི་ཐབ་དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་

དཀར་པོ་ཅིག་བྲི། ཐབ་ཀྱི་ཁོར་ཡུག་གི་མུ་རན་ལ་ཁ་ཁྱེར་སོར་བཞི་པ་དང་བརྒྱད་པ་དང་བཅུ་དྲུག་པ་བྱའོ། །དེ་ལ་རྡོ་རྗེའི་ར་བ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བྲིའོ། །འཁོར་ལོའི་དབུས་སུ་ཡང་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བྲིའོ། །འཁོར་ལོའི་རྩིབས་ལ་ཤར་ལ་སོགས་པའི་རིམ་པར་རྡོ་རྗེ་དང་།

རིན་པོ་ཆེ་དང་། པདྨ་དང་རྒྱ་གྲམ་བྲིའོ། །ཁ་ཁྱེར་གྱི་ཕྱི་རོལ་གྱི་རིམ་པ་ལ་པདྨ་འདབ་མ་བཅུ་དྲུག་ལ་སྡིག་པ་ཐམས་ཅད་འཇོམས་པར་བྱེད་པའི་མིང་བཅུ་གཉིས་ལས་སེམས་དཔའ་བཅུ་དྲུག་བསྐྱེད་པའི་ཕྱག་རྒྱ་སྣ་ཚོགས་གཞག་པར་བྱའོ། །ཕྱི་ཡི་རྡོ་རྗེ་རིགས་རྣམས་ཀྱི། །ཕྱག་

Vol. 68 · folio 96a

རྒྱ་རྣམས་ནི་ཕྱི་རོལ་བྲི། །ཞེས་པ་ནི་ཕྱི་རོལ་ལྷའི་སྣམ་བུ་རིམ་པ་གཉིས་པར་བྱས་པ་ལ་ཕྱོགས་སྐྱོང་བ་རྣམས་དང་། ལྷ་ཆེན་པོ་བརྒྱད་ལ་སོགས་པ་བྲི། དེའི་ཕྱི་རིམ་གྱི་སྣམ་བུ་ལ་གཟའ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་མིང་ངམ་ཐིག་ལེར་

བྲིའོ། །དེ་ནས་སྒོ་དང་རྟ་བབས་ལ་སོགས་པ་བྲིའོ། །ད་ནི་མཆོད་པའི་ཁྱད་པར་སྟོན་ཏེ། བྱ་དང་བུམ་པ་གང་བ་དང་། ཞེས་པ་ལ་སོགས་པ་གསུངས་ཏེ། སྡིག་པ་བཀྲུ་བའི་བུམ་པ་ཁྲོ་བོ་རྣམ་པར་རྒྱལ་བའི་བུམ་པ་དང་། དབང་བསྐུར་བའི་བུམ་པ་དང་། གཞན་ཡང་

མཆོད་པ་རྣམ་པ་ལྔ་དང་། གཏོར་མ་མང་པོ་དང་། སེམས་ཅན་ཤི་བའི་མིང་གདགས་པའི་གཞི་སྟེ་ཡུངས་ཀར་དང་། འབྲས་ཆེན་དང་། མངར་གསུམ་དང་། མར་དང་། འོ་མ་དང་། ལག་པན་དང་། རྣམ་གཅིག་ཏུ་ཤ་དང་། རུས་པ་དང་། རྐང་ལ་སོགས་པ་དང་།

ཡམ་ཤིང་དང་། དཱུར་བ་དང་། ཀུ་ཤ་ལ་སོགས་པ་ཙནྡན་དཀར་པོས་ཁ་དོག་བསྒྱུར་ལ་སྦྱིན་སྲེག་བྱའོ། །ད་ནི་ཆས་གོས་བསྟན་ཏེ། དཀར་པོའི་གོས་ནི་བགོས་ནས་ཀྱང་། །ཞེས་པས་ནི་ཆས་གོས་རྣམ་པ་ལྔ་དཀར་པོར་བྱ་བའོ། །སངས་རྒྱས་གཟུགས་ཅན་མི་འཇིགས་པས། །

ཞེས་པ་ནི་རྣལ་འབྱོར་པ་རྣམ་པར་སྣང་མཛད་དམ། །བཅོམ་ལྡན་འདས་རྡོ་རྗེ་ཆེར་བསྒོམས་ལ་སྦྱིན་སྲེག་བྱའོ། །ཅིའི་ཕྱིར་སྙམ་པ་ལ། ངན་སོང་རྒྱུད་ན་གནས་པ་ཡི། །ཞེས་པ་ལ་སོགས་པའོ། །ཅིས་བྱ་བ་ནི་མར་དང་། འོ་མས་ཞེས་པ་ལ་སོགས་པས་སོ། །

ཅི་ཙམ་དུ་སྙམ་པ་ལ། དེ་ནི་བདེ་འགྲོར་ཞེས་པའི་བར་དུའོ། །དེ་ནི་ཞི་བའི་ལས་སོ། །ད་ནི་རྒྱས་པའི་ལས་བྱ་སྟེ། ཚེ་འདས་པ་ངན་སོང་ལས་ཐར་ནས་དེའི་བསོད་ནམས་དང་། ཡེ་ཤེས་སྤེལ་པའི་ཕྱིར་རྒྱས་པའི་ལས་བྱའོ། །མཁས་པས་རྒྱས་པ་

བྱ་དགོས་ཏེ། །ཞེས་པས་མཁས་པ་ནི་སྒྲུབ་པ་པོ་ལས་དང་བྱ་བ་ལ་མཁས་པའོ། །རྒྱས་པ་ནི་དཔལ་དང་འབྱོར་པ་འཕེལ་བར་རོ། །ཇི་ལྟར་འཕེལ་བར་བྱ་བ་བསྟན་པའི་ཕྱིར། ཁྲུ་དོའམ་ནི་ཁྲུ་བཞི་པ། །དེ་ལྟར་མཆོག་ནི་ཁྲུ་བརྒྱད་པར། བྱས་ནས་ཞེས་པ་ནི་མེ་

Vol. 68 · folio 96b

ཐབ་ཀྱི་ཚད་དོ། །དཀྱིལ་འཁོར་གྱི་ཕྱིར་ཚད་ནི་རབ་ལ་ཁྲུ་སུམ་ཅུ་རྩ་གཉིས་པའོ། །གཞན་གྱིས་ནི་དེ་ལས་བརྩམས་ནས་ཤེས་པར་བྱའོ། །དབྱིབས་ཇི་ལྟར་སྙམ་པ་ལ། ཧོམ་ཁུང་གྲུ་བཞི་པ། ཀུན་དུ་མུ་རན་ལྡན་པར་བྱ། །ཞེས་པ་ནི་མུ་རན་ནི་ཁ་ཁྱེར་ཏེ། ཐ་མ་ལ་སོར་བརྒྱད་ཕྱིར་བསྐྱེད། སོར་བརྒྱད་

ཁ་ཁྱེར་དུ་ལྷག་པར་བརྩིག །སོར་བརྒྱད་ཕྱིའི་ཁ་ཁྱེར་ལའོ། །དེའི་ཕྱི་རོལ་གྱི་དཀྱིལ་འཁོར་ལ་ལྷའི་སྣམ་བུ་དང་། སྒོ་དང་། རྟ་བབས་དང་བཅས་པར་བྲི་བར་བྱའོ། །འབྲིང་དང་རབ་ཀྱིས་ཉིས་འགྱུར་དུ་བསྐྱེད་པར་བྱའོ། །དེ་དབུས་པདྨ་རིན་ཆེན་ཅན། །འོད་ཟེར་སེར་པོ་ལྡན་པར་བྲི། །

ཞེས་པ་ནི་ནང་དུ་པདྨའི་སྟེང་དུ་རིན་པོ་ཆེ་ཁ་དོག་སེར་པོར་བྲི་བར་བྱའོ། །ནང་གི་ཁ་ཁྱེར་ལ་རིན་པོ་ཆེ། སྟེང་གི་ཁ་ཁྱེར་ལ་པདྨ་བྲི་བར་བྱའོ། །ཕྱི་རོལ་དུ་ནི་རིགས་ལྔ་སོ་སོའི་ཕྱག་མཚན་བྲི་བར་བྱ་ཞེས་པ་ནི་དབུས་ཀྱི་རིན་པོ་ཆེའི་ཕྱི་རོལ་པདྨའི་སྟེང་དུ་རིགས་ལྔའི་ཕྱག་རྒྱ་འཁོར་ལོ།

རྡོ་རྗེ། རིན་པོ་ཆེ། པདྨ། རྒྱ་གྲམ་རྣམས་བྲི་བར་བྱའོ། །དེ་ལྟར་ཕྱི་ཡི་ལྷ་རྣམས་དང་། །ལྕགས་ཀྱུ་ལ་སོགས་བྲི་བར་བྱ། །ཞེས་པ་ནི་གོང་གི་ཞི་བ་ལྟར་ཤེས་པར་བྱའོ། །གོས་རྣམས་སེར་པོར་བསྒྱུར་ནས་ཀྱང་། །ཞེས་པ་ལ་སོགས་པ་གོ་སླའོ། །རྒྱས་པའི་ལས་སོ། །

ད་ནི་མཐོ་རིས་ཐོབ་པ་དེའི་དབང་དུ་ཐམས་ཅད་བསྡུ་ཞིང་དགའ་བར་བྱ་བའི་ཕྱིར་དབང་གི་ལས་བསྟན་ཏེ། ཧོམ་ཁུང་གཞུ་ཡི་དབྱིབས་འདྲ་ལ། །ཁྲུ་གང་བའམ་ཁྲུ་དོ་པ། །ཁྲུ་བཞིར་བྱས་པ་དེ་ཡི་དབུས། །ཞེས་པ་ལ་སོགས་པ་ལ། ཧོམ་ཁུང་ཟླ་བ་ཁམ་པ་ལྟ་བུར་བྱ་སྟེ། ཆུང་བ་

ནི་ཁྲུ་གང་བའོ། །འབྲིང་ནི་ཁྲུ་དོ་པའོ། །རབ་ནི་ཁྲུ་བཞི་པའོ། །དེའི་དབུས་སུ་པདྨ་དམར་པོ་དེའི་དབུས་སུ་མདའ་དང་བཅས་པའི་གཞུ་བྲིའོ། །ཁོར་ཡུག་ལ་ནི་མདའ་དང་བཅས་པའི་གཞུ་ཁ་དོག་དམར་པོ་བྲི་བར་བྱའོ། །སྔགས་རྫོགས་པ་ནི་བརྟན་པར་ཡང་། །ཕྱི་རོལ་དེ་

དང་འདྲ་བར་བྱ། །ཞེས་པ་ནི་ཕྱི་རོལ་ལ་སོགས་པ་དང་། ལྷ་དགོད་པ་ནི་ཞི་བ་ལྟར་བྲི་བར་བྱའོ། །དམར་པོར་བསྒྱུར་བའི་གོས་བགོས་ལ། །ཞེས་པ་ནི་ཆས་གོས་དམར་པོར་བྱའོ། །མེ་ཏོག་དམར་པོའམ་པདྨ་ཞེས་པ་ལ་སོགས་པ་ནི་རྫས་ཏེ་གོ་སླའོ། །དབང་གི་སྦྱིན་སྲེག་བྱའོ།། །།

Vol. 68 · folio 97a

ད་ནི་ཚར་གཅོད་པའི་དྲག་པོའི་ལས་བསྟན་ཏེ། དེ་ལ་གདོན་རྣམས་གཞོམ་པའི་ཕྱིར། དྲག་པོའི་ལས་ནི་བརྩམ་པར་བྱ། །ཞེས་པ་ནི་བར་ཆད་ཀྱི་བགེགས་ཚར་བཅད་པའི་ཕྱིར་ཞེས་པའོ། །ཕྱེད་དམ་གསུམ་མམ་ཁྲུ་གསུམ་མམ། །དེ་ལྟར་དམ་པ་ཁྲུ་དགུ་བྱ། །ཞེས་པ་ནི་རབ་འབྲིང་གི་ཚད་

དོ། ཟུར་གསུམ་དང་ནི་ལྡན་པ་ལ། །ཞེས་པ་ནི་དབྱིབས་ཏེ་གྲུ་གསུམ་དུ་བྱའོ། །དབུས་སུ་རྡོ་རྗེ་རྩེ་དགུ་པ། །རྩེ་གསུམ་པ་དང་རྒྱ་གྲམ་པའི། །ཞེས་པ་ལ་སོགས་པ་ལ། དབུས་སུ་རྡོ་རྗེ་རྩེ་དགུ་པ་དེའི་ཕྱོགས་བཞིར་རྡོ་རྗེ་རྩེ་གསུམ་པ་དང་། རྡོ་རྗེ་རྒྱ་གྲམ་དང་། རྡོ་རྗེ་དབྱུག་པ་དང་། རྩེ་གསུམ་པ་སྟེ། ཏྲི་ཤཱུ་ལའི་མགུལ་དུ་མི་

མགོས་མཚན་པ་རྡོ་རྗེ་དང་ལྡན་པར་བྱས་པའོ། །མུ་ཁྱུད་ལ་ནི་དགྲ་སྟ་དང་། རྡོ་རྗེ་རྩེ་གཅིག་པས་བསྐོར་བའོ། །གཞན་ཡང་ཞི་བ་ལྟར་ཐམས་ཅད་བྲི་བར་བྱའོ། །རྫས་ནི་གོ་སླའོ། །གོས་ནག་བགོས་ཤིང་ཁྲོས་ནས་ཀྱང་། །ཞེས་པ་ནི་ཆས་གོས་བསྟན་པའོ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བསྒྱུར་བ་ཞེས་

པ་ནི་ཏིང་ངེ་འཛིན་བསྟན་པའོ། །དེ་ནས་དེ་ཡི་སྡིག་བཅོམ་ལུས། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །དྲག་པོའི་སྦྱིན་སྲེག་གོ །མཆོད་པ་དང་ཏིང་ངེ་འཛིན་གྱི་རིམ་པ་ནི་འོག་ནས་འབྱུང་བ་ཉི་མ་མེའི་ལས་ཤེས་པར་བྱའོ། །དེ་ནས་ཚངས་པ་ལ་སོགས་པ། །ཞེས་པ་ནས། སྨོས་ཀྱང་ཅི་འཚལ་ཞེས་པའི་བར་གྱིས་ནི་

འཁོར་བསྲུང་བར་དམ་བཅས་པ་སྟོན། གང་གིས་བརྟག་པའི་རྒྱལ་པོ་ཞེས་པ་ནས། དེ་བཞིན་གཤེགས་པ་ལགས་པར་འཚལ་བར་བགྱིའོ་ཞེས་པ་ནི་རྒྱུད་ཀྱི་དོན་འདི་གང་ན་སྤྱོད་པར་བཀུར་བར་བསྟན་པར་བགྱིའོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། ལེགས་པར་སྒྲུབས་ཤིག་

ཅེས་པའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱིས་གཏད་ནས་བསྒྲུབ་པར་བསྟན་ཏོ། །དེ་ནི་རྒྱུད་ཀྱི་ཕན་ཡོན་བསྟན་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་གསུམ་གྱི་གཙུག་ཏོར་གྱི་རྒྱུད་ལས་རྒྱུད་ཕྱི་

མའི་བཤད་པ་གསལ་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང་། བོད་ཀྱི་ལོ་ཙཱ་བ་ཁྱུང་པོ་ཆོས་བརྩོན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words