No title in the text — opening words: རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་བཞུགས
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 69 · folio 65a
༄། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་བཞུགས། ༄༅༅། །ནཱ་མ་སིདྡྷི་རཱ་ཛ། སིདྡྷི་སིདྡྷ། བཅོམ་ལྡན་འདས་ཀྱིས་ཐོག་མ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་འདུལ་བའི་
འགྲོ་བ་རྣམ་པ་གཉིས་སུ་གཟིགས་པ་ནི། དམིགས་པ་དང་བཅས་པ་ལ་མོས་པ་གཙོར་གྱུར་པ་རྣམས་དང་། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་གཙོར་གྱུར་པ་རྣམས་སོ། །འདུལ་བའི་འགྲོ་བ་དེ་རྣམས་ལ་ཡང་སྤྱོད་པ་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་སྤྱོད་པ་དང་།
སྔགས་ཀྱི་སྒོ་ནས་འཇུག་ཅིང་སྤྱོད་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་སྤྱོད་པ་ལ་ཡང་རྣམ་པ་གཉིས་ཏེ། དམིགས་པ་དང་བཅས་པ་ལ་མོས་པ་གཙོར་གྱུར་པ་དང་། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་གཙོར་གྱུར་པ་སྟེ། དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་། སྤྱོད་པའི་
འདུལ་བའི་འགྲོ་བ་དམིགས་པ་དང་བཅས་པ་ལ་མོས་པ་གཙོར་གྱུར་པ་རྣམས་ཀྱི་དོན་དུ་འདུལ་བ་དང་། མདོ་སྡེ་དང་། མངོན་པའི་ཆོས་རྣམས་དང་། དེ་བཞིན་དུ་གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ཁྱིམ་བདག་དཔའ་བོ་ལ་སོགས་པ་རྣམས་བསྟན་ཏོ། །དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་
འདུལ་བའི་འགྲོ་བ་རྣམས་ཀྱི་དོན་དུ་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་སྡོང་པོས་བརྒྱན་པ་དང་། ས་བཅུ་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པ་རྣམས་བསྟན་ཏོ། །དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བ་སྔགས་ཀྱི་སྒོ་ནས་འཇུག་ཅིང་སྤྱོད་པའི་གདུལ་བྱའི་འགྲོ་བ་རྣམས་ལ་ཡང་རྣམ་པ་གཉིས་ཏེ། དམིགས་
Vol. 69 · folio 65b
པ་དང་བཅས་པ་ལ་མོས་པ་གཙོར་གྱུར་པ་དང་། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་གཙོར་གྱུར་པ་སྟེ། དེ་ལ་དམིགས་པ་དང་བཅས་པ་ལ་མོས་པ་གཙོར་གྱུར་པ་རྣམས་ཀྱི་དོན་དུ་འཕགས་པ་རབ་ཏུ་གྲུབ་པའི་རྒྱུད་དང་། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་བྱ་བའི་རྒྱུད་རྣམས་བསྟན་ཏོ། །དེ་
བཞིན་དུ་ཟབ་ཅིང་རྒྱ་ཆེ་བས་འདུལ་བའི་འགྲོ་བ་རྣམས་ཀྱི་དོན་དུ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལ་སོགས་པ་བསྟན་ཏེ། དམིགས་པ་དང་བཅས་པ་ལ་གཙོར་གྱུར་ཆེས་པ་ཡང་ཟབ་ཅིང་རྒྱ་ཆེ་བ་ལ་མོས་ཤིང་མི་སྤྱད་པ་མ་ཡིན་མོད་ཀྱི། དམིགས་པ་དང་བཅས་པ་ལ་སྤྱོད་པར་མོས་པའི་
ཤས་ཆེ་བ་ལ་བྱའོ། །ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་ལ་གཙོར་གྱུར་པ་རྣམས་ལ་དམིགས་པ་དང་བཅས་པའི་སྤྱོད་པ་ལ་མ་མོས་ཤིང་མི་སྤྱོད་པ་མ་ཡིན་མོད་ཀྱི། ཟབ་ཅིང་རྒྱ་ཆེ་བ་ལ་སྤྱོད་པའི་ཤས་ཆེ་བ་སྟེ། དེ་ལྟར་མངོན་པ་ནི་འཕགས་པ་དེ་ཉིད་བསྡུས་པ་ལ་སོགས་པ་ནང་གི་སྦྱོར་བ་གཙོར་
གྱུར་པ་ཡིན་མོད་ཀྱི། ཕྱིའི་སྤྱོད་པ་རྣམས་ཀྱང་མེད་པ་མ་ཡིན་ནོ། །དེ་བཞིན་དུ་བྱ་བའི་རྒྱུད་རྣམས་ཀྱང་ཕྱིའི་སྤྱོད་པ་གཙོར་གྱུར་པ་ཡིན་མོད་ཀྱི། ནང་གི་སྤྱོད་པ་ཡང་མེད་པ་མ་ཡིན་ཏེ། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པར་གསུངས་པ་རྣམ་པར་ཐར་པའི་སྒོ་གསུམ་ལ་གཞོལ་བ་ལ་སོགས་
པ་སྟེ། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་འཇུག་ཅིང་སྤྱོད་པ་རྣམས་ལ་ཡང་ཇི་ལྟར་རིགས་པར་སྤྱད་པར་ཤེས་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་ཀྱི་རྒྱུད་འདི་ཡང་ཐབས་དང་ཤེས་རབ་གཙོར་གྱུར་པ་སྦྱོར་བའི་རྒྱུད་ཡིན་
མོད་ཀྱི། བྱ་བ་ལ་མོས་པའི་གདུལ་བྱའི་འགྲོ་བ་རྣམས་ལ་གཟུང་བའི་ཕྱིར་བྱ་བའི་རྒྱུད་ཀྱི་རྗེས་སུ་མཐུན་པའི་སྤྱོད་པ་དག་ཀྱང་བསྟན་པས། བྱ་བའི་རྒྱུད་དམ་གཉིས་ཀའི་རྒྱུད་ལྟ་བུར་སོ་སོར་བརྟགས་ཤིང་གྲགས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་རྒྱུད་འདི་ཡང་གདུལ་བྱའི་འགྲོ་བ་རབ་
འབྲིང་ཐ་མ་གསུམ་གྱི་དོན་དུ་བསྟན་པ་ནི། མགོ་གླེངས་པས་ཤེས་པ་དང་། དོན་རྣམ་པར་ཕྱེ་བས་ཤེས་པ་དང་། ཚིག་གི་མཐར་གྱུར་པའི་གདུལ་བའི་འགྲོ་བ་རྣམས་ལའོ། །དེ་ལ་མགོ་གླེངས་པས་ཤེས་པ་ནི་ཤེས་རབ་མཆོག་ཏུ་རྣོ་ཞིང་ཐོས་པ་མང་བ་དང་ལྡན་པས་རྒྱུད་འདིའི་མིང་དོན་གྱི་རྗེས་
Vol. 69 · folio 66a
སུ་མཐུན་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་ཞེས་པའི་མིང་ཙམ་ཐོས་པས། རྒྱུད་འདིའི་དོན་ཐམས་ཅད་གོ་བར་གྱུར་པ་ནི་རྣམ་པར་སྣང་མཛད་ཅེས་བྱ་བའི་ཚིག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་
སྐུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ། ཐམས་ཅད་མཁྱེན་པའི་རང་བཞིན་དུ་ཤེས་སོ། །མངོན་པར་བྱང་ཆུབ་པའི་ཚེ་ཞེས་པའི་ཚིག་ཀྱང་མངོན་པར་བྱང་ཆུབ་པ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་དུ་ཤེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་
མཁའ་ལྟ་བུའི་མཚན་ཉིད་དུ་ཆུད་པའོ། །རྣམ་པར་སྤྲུལ་པའི་ཞེས་པའི་ཚིག་གིས་ཀྱང་དེ་ལྟར་མངོན་པར་བྱང་ཆུབ་པ་ཉིད་ཀྱི་ཚེ་ན། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ཆོས་ཉིད་རབ་ཏུ་ཐོབ་པས་ལྷུན་གྱིས་གྲུབ་པ་ཉིད་དུ་སྐུ་མི་ཟད་པའི་རྒྱན་གྱིས་སུས་ཀྱང་ཟིལ་གྱིས་མི་ནོན་པ་ཉིད་དུ་ཁམས་
གསུམ་ཐམས་ཅད་ཁྱབ་པ། རྫོགས་ལོངས་སྤྱོད་པ་དང་སྤྲུལ་པའི་སྐུ་ལ་སོགས་པས་ཇི་ལྟར་སྣོད་དུ་གྱུར་པའི་སེམས་ཅན་ལ་གང་གིས་འདུལ་བའི་སྐུས་དོན་མཛད་པ་ནི། སངས་རྒྱས་ཀྱི་སྐུས་འདུལ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྐུར་སྟོན་པ་ནས། ཉན་ཐོས་དང་། རང་སངས་རྒྱས་དང་། བརྒྱ་
བྱིན་དང་ཚངས་པ་ལ་སོགས་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་དེ་རྣམས་ཀྱི་ཚུལ་བསྟན་ཅིང་དོན་མཛད་པ་དང་། དེ་བཞིན་དུ་གསུང་མི་ཟད་པའི་རྒྱན་གྱིས་ཀྱང་ཁམས་གསུམ་ཐམས་ཅད་དུ་སངས་རྒྱས་ཀྱི་གསུང་དམ་པས་ཁྱབ་པར་ཆོས་སྟོན་པ་དེ་བཞིན་དུ་ཐུགས་མི་ཟད་པའི་
རྒྱན་གྱིས་ཀྱང་། ཇི་བཞིན་པ་དང་བཅས་པའི་ཡིད་ལས་བྱུང་བའི་དབང་ཆེན་དང་ཆུའི་དཀྱིལ་འཁོར་ལ་སོགས་པ་ཇི་བཞིན་པར་བསྟན་པར་གོའམ། དེ་བཞིན་དུ་བྱིན་གྱི་རླབས་ཞེས་བྱ་བའི་ཚིག་གིས་ཀྱང་དེ་ལྟར་རྣམ་པར་སྤྲུལ་པ་སྐུ་གསུང་ཐུགས་མི་ཟད་པའི་རྒྱན་གྱིས་ཁམས་ཐམས་ཅད་དུ་
ཁྱབ་པར་བསྟན་པ་འདི་ནི་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་གྱི། གདུལ་བའི་འགྲོ་བ་འོག་མ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་སྐུ་ལ་སོགས་པ་མི་ཟད་པའི་རྒྱན་དེ་ཉིད་གདུལ་བའི་འགྲོ་བ་དེ་རྣམས་ཀྱི་དོན་དུ་རྒྱུད་འདིར་དཀྱིལ་འཁོར་
Vol. 69 · folio 66b
དང་། སྔགས་དང་ཕྱག་རྒྱའི་སྒོ་ནས་ལུས་ངག་ཡིད་ཀྱི་མཚན་མར་གྱུར་པ་བསྟན་པ་སྟེ། བྱིན་གྱི་རླབས་ཞེས་པ་ནི་དཀྱིལ་འཁོར་དང་། སྔགས་དང་ཕྱག་རྒྱའི་སྒོ་ནས་ལུས་ངག་གསུམ་གྱི་ཆ་ལུགས་དང་། རང་བཞིན་དུ་ལྷག་པར་གནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པར་སྣང་མཛད་
མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་ཞེས་པ་དོན་གྱི་རྗེས་སུ་མཐུན་པའི་མིང་ཙམ་གྱིས་དོན་འདི་ལྟ་བུར་གོ་བ་ནི་གླེངས་པས་ཤེས་པའི་གདུལ་བའི་འགྲོ་བ་རྣམས་ཏེ། དེ་དག་གི་དོན་དུ་རྒྱུད་འདི་མིང་ཙམ་སྨོས་པས་ཤེས་པར་བྱའོ། །དེ་ལྟར་ཤེས་པ་འགའ་ཞིག་མ་ཡིན་
གྱི། གཞན་ཡང་རྒྱུད་འདིའི་འགྲེལ་པ་དང་། དམིགས་པ་བསྟན་པར་བྱ་བ་དང་། དགོས་པ་ཡང་བསྟན་པར་ཤེས་པར་བྱ་བ་ནི། རྒྱུད་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་སྐུ་མི་ཟད་པ་ལ་སོགས་པའི་རྒྱུད་དང་འབྲེལ་པར་བལྟ་སྟེ། རང་
བཞིན་གྱི་དཀྱིལ་འཁོར་འདི་ནི་རྒྱུད་འདིའི་རྒྱུ་ཡིན་ནོ། །རྒྱུད་འདི་ནི་དེའི་འབྲས་བུར་ཤེས་པར་བྱ་སྟེ་དེ་ནི་འབྲེལ་པའོ། །དེ་བཞིན་དུ་རྒྱུད་འདིར་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱའི་སྒོ་ནས་ལུས་དང་ངག་དང་ཡིད་ཇི་བཞིན་པས་བསྟན་པས། རང་བཞིན་གྱི་དཀྱིལ་འཁོར་གྱི་ཚུལ་ཅི་འདྲ་བ་
རྒྱུད་འདིས་མཚོན་ནས་ཤེས་པར་བྱ་སྟེ། དེ་བས་རྒྱུད་འདི་ནི་དམིགས་པ་སྟོན་པའོ། །བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ནི་དམིགས་པ་སྟོན་པར་བྱའོ། །དེ་ལ་དགོས་པ་ནི་རྒྱུད་འདིར་བསྒྲུབ་པའི་སྤྱོད་པ་ཇི་སྐད་དུ་བཤད་པའི་རིམ་གྱིས་རང་གི་ལྷག་པའི་ལྷ་མཉེས་པར་བྱས་
ནས་ལྷ་དང་མིའི་ལོངས་སྤྱོད་དང་རལ་གྲི་དང་། རིག་འཛིན་ལ་སོགས་པ་མངོན་པར་འབྱུང་བའི་མཚན་ཉིད་མངོན་སུམ་དུ་ཐོབ་པ་ཉིད་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཁྱེན་རབ་དམ་པས་བླ་ན་མེད་པ་ཐམས་ཅད་མཁྱེན་པ་དང་ལྡན་པ་ཐོབ་པར་དགོངས་པ་ནི་དེའི་དགོས་པར་ཤེས་
པར་བྱའོ། །དོན་རྣམ་པར་ཕྱེ་བས་ཤེས་པའི་གདུལ་བའི་འགྲོ་བ་ནི། དེའི་དོན་གྱི་རྗེས་སུ་མཐུན་པའི་མིང་ཙམ་སྨོས་པས་རྒྱུད་ཀྱི་དོན་ཀུན་ཤེས་པར་མི་ནུས་ཏེ་དེ་བས་ན་དེ་དག་གི་དོན་དུ་རྒྱུད་ཀྱི་དོན་རྣམ་པར་ཕྱེ་སྟེ་བཤད་པ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུ་དང་རང་བཞིན་དང་འབྲས་བུ་དང་། དེའི་
Vol. 69 · folio 67a
མངོན་པར་བྱང་ཆུབ་པའི་རྒྱུ་དང་རང་བཞིན་དང་འབྲས་བུ་ལ་སོགས་པའི་བཤད་པ་སྟེ། དེ་ལ་རྣམ་པར་སྣང་མཛད་ཀྱི་རྒྱུ་བཤད་པ་ནི། འཇིག་རྟེན་གྱི་སེམས་ཀྱིས་རིམ་པ་བརྒྱ་ལ་སོགས་པ་དང་། དད་པ་སྤྱོད་པ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་ས་རིམ་པ་
ནས་ཀུན་དུ་སངས་རྒྱས་པའི་སོ་སོའི་བར་དུ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུ་བཤད་པའོ། །རང་བཞིན་བཤད་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་རྣམ་པ་བཞིའི་མཚན་ཉིད་གང་གི་ཕྱིར་རྒྱུད་འདིར་སྤྲུལ་པའི་སྐུ་རྣམ་པ་གཉིས་སུ་བཏགས་ནས་སྐུ་བཞིར་བཤད་དེ། བཅོམ་ལྡན་
འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་བཤད་པའོ། །ལུས་དང་ངག་ཡིད་མི་ཟད་པའི་རྒྱན་རྣམ་པར་སྤྲུལ་པས་ཁམས་གསུམ་ཐམས་ཅད་ཁྱབ་པ་ནི། སེམས་ཅན་དང་སེམས་ཅན་མ་ཡིན་པའི་ལུས་ལ་སོགས་པ་ཇི་ལྟར་སྣོད་དུ་གྱུར་པ་ལ་སྣང་བ་དེ་ནི་དེའི་འབྲས་བུ་བཤད་པའོ། །མངོན་
པར་བྱང་ཆུབ་བའི་རྒྱུ་ཡང་བྱང་ཆུབ་ཀྱི་སེམས་ནི་རྒྱུ། སྙིང་རྗེ་ནི་རྩ་བ། ཐབས་ནི་མཐར་གྱུར་ཞེས་པ་ལ་སོགས་པའོ། །རང་བཞིན་ཇི་སྲིད་ཇི་སྐད་དུ་གསུངས་པ་དེ་ལ། བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཉིད་ཇི་ལྟ་བར་ཤེས་པའོ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་དེའི་རྣམ་པར་
སྤྲུལ་པ་དང་། བྱིན་གྱི་རླབས་དག་ཀྱང་བཤད་པ་སྟེ། ཞིབ་ཏུ་ནི་བསྡུས་པའི་དོན་ཉིད་དུ་བཤད་པས་འདིར་མ་སྨོས་སོ། །ཚིག་གི་མཐར་གྱུར་པས་འདུལ་བའི་འགྲོ་བ་རྣམས་ལ་ནི་དེ་ལྟར་རྒྱུ་དང་རང་བཞིན་དང་འབྲས་བུ་ལ་སོགས་པ་རྣམ་པར་ཕྱེ་སྟེ་བཤད་ཀྱང་ཚིག་དང་དོན་རྣམས་ཞིབ་ཏུ་མི་གོ་སྟེ།
དེ་བས་ན་དེ་དག་གི་དོན་དུ་ཚིག་རེ་རེ་ནས་སྤྲོས་ཤིང་རྒྱས་པར་བཤད་པ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱིས་རློབ་པ་ཞེས་པ་ལ་སོགས་པ་རྒྱུད་འདི་མགོ་མཇུག་ཏུ་སྤྲོས་ཏེ་བཤད་པའོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱིས་རློབ་པ་རྡོ་རྗེ་ཆེན་པོ་ཞེས་པ་ལ་སོགས་པ་
རྒྱུད་འདི་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་བཅུ་གཅིག་བསྟན་པ་ནི་འདི་ལྟ་སྟེ། སྤོང་བ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་དང་། མཐུ་ཕུན་སུམ་ཚོགས་པ་
Vol. 69 · folio 67b
དང་། ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པའི་བྱིན་གྱིས་བརླབས་པ་ཕུན་སུམ་ཚོགས་པ་སྟེ། དེ་
ལ་སྤོང་བ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཞེས་པའི་ཚིག་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོང་བའི་མཚན་ཉིད་དོ། །གནས་ཕུན་སུམ་ཚོགས་པ་ནི་ཡོན་ཏན་རྣམ་པ་བརྒྱད་དང་ལྡན་པ་སྟེ། དེ་ལ་འདིར་གནས་ཕུན་སུམ་ཚོགས་པ་བརྒྱད་ནི་འདི་ལྟ་སྟེ། དེ་བཞིན་
གཤེགས་པ་ཐམས་ཅད་ལྷག་པར་གནས་པ་ཕུན་སུམ་ཚོགས་པ་དང་། སྲ་ཞིང་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཆེན་པོར་ཆུད་པའི་གནས་ཕུན་སུམ་ཚོགས་པ་དང་། རྡོ་རྗེ་འཛིན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མངོན་པར་འདུ་བ་ཕུན་སུམ་ཚོགས་པ་དང་། སྔ་ཁང་
གི་རྩེ་མོ་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་དང་། ཁ་དོག་ཕུན་སུམ་ཚོགས་པ་དང་། དབྱིབས་ཕུན་སུམ་ཚོགས་པ་དང་། གདན་ཕུན་སུམ་ཚོགས་པ་རྣམས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷག་པར་གནས་པ་ཕུན་སུམ་ཚོགས་པ་ནི། དེ་བཞིན་གཤེགས་པའི་བྱིན་གྱིས་རློབ་
པ་ཞེས་བྱ་བའི་ཚིག་གིས་བསྟན་ཏོ། །སྲ་ཞིང་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་ནི་རྡོ་རྗེ་རྒྱ་ཆེ་བ་ཞེས་པའི་ཚིག་གིས་སོ། །བྱང་ཆུབ་ཆེན་པོར་ཆུད་པའི་གནས་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་དབྱིངས་འབྱུང་བ་ཞེས་བྱའོ། །རྡོ་རྗེ་འཛིན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མངོན་པར་འདུ་
བ་ཕུན་སུམ་ཚོགས་པ་ནི་རྡོ་རྗེ་འཆང་ཀུན་འདུ་བ་ཞེས་པའོ། །སྔ་ཁང་གི་རྩེ་མོ་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་ནི་དེ་བཞིན་གཤེགས་པའི་མོས་པས་རྣམ་པར་རོལ་པ་མཐའ་དང་དབུང་མེད་ཅིང་རྩེ་མོ་མཐོ་བ་ཞེས་པའོ། །ཁ་དོག་ཕུན་སུམ་ཚོགས་པ་ནི་རིན་པོ་ཆེ་ཆེན་པོའི་རྒྱལ་པོས་རྣམ་པར་
བརྒྱན་པ་འབྱུང་བ་ཞེས་པས་སོ། །དབྱིབས་ཕུན་སུམ་ཚོགས་པ་ནི་རིན་པོ་ཆེའི་རྒྱལ་པོའི་སྔ་ཁང་ཆེན་པོ་ཞེས་པས་སོ། །གདན་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སེང་གེའི་གདན་ལ་བཞུགས་པ་ཞེས་པ་སྟེ། དེ་རྣམས་ནི་ཕུན་སུམ་ཚོགས་པ་རྣམ་པ་བརྒྱད་དང་
Vol. 69 · folio 68a
ལྡན་ཏེ་གཉིས་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་ནམ་མཁའ་དྲི་མ་མེད་པའི་རྡོ་རྗེ་འཛིན་ཞེས་པ་ནས་ཀུན་དུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། འཇམ་དཔལ་ཞེས་པ་ལ་སོགས་པ་རིག་པར་བྱའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་
ལུང་དང་ཐོབ་པའི་ཆོས་སྟོན་པ་སྟེ། དེ་ཡང་ཀུན་དུ་བསྐོར་ནས་མདུན་དུ་བྱས་ཏེ། དུས་གསུམ་གྱི་དུས་ལས་འདས་པ་དེ་བཞིན་གཤེགས་པ་ཉི་མས་བྱིན་གྱིས་བརླབས་ཏེ། ལུས་དང་ངག་དང་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་བཤད་དོ་ཞེས་པའི་ཚིག་གིས་སོ། །
མཐུ་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྦྱོར་བའི་གཙོ་བོས་མ་ཐོབ་བའི་སྤྲུལ་པ་ཐོབ་པ་སྟེ། དེའི་སྐབས་སུ་གསུངས་པ་དེ་ནས་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་ཀྱིས་ལུས་
དང་ངག་དང་ཡིད་མཉམ་པ་ཉིད་མི་ཟད་པའི་རྒྱན་གྱི་མཛོད་རབ་ཏུ་སྤྱོད་པ་ལ་འཇུག་ཅེས་པས་སོ། །ཕ་རོལ་གྱི་དོན་གྱི་ཐབས་ཕུན་སུམ་ཚོགས་པ་ནི་དེའི་སྐབས་སུ་གསུངས་པ་ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་ཀྱིས་ལུས་ཀྱི་ལས་ཐམས་ཅད་དང་། ངག་གི་ལས་
ཐམས་ཅད་དང་། ཡིད་ཀྱི་ལས་ཐམས་ཅད་ཀྱི་སྔགས་ཀྱི་ཚུལ་གྱིས་ཚིག་ཆོས་འཆད་པར་མཐོང་ངོ་ཞེས་པ་ནས་འདི་ལྟ་སྟེ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རབ་ཏུ་རངས་པ་སྟེ། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་འཇིག་རྟེན་དང་ལྷར་བཅས་པ་ལ་རབ་ཏུ་
རངས་པར་བྱེད་དོ་ཞེས་པས་སོ། །གཞན་ཡང་རྒྱུད་འདི་བཤད་པ་ཐམས་ཅད་ཀྱིས་ཇི་ལྟར་རིགས་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། དེའི་བྱང་ཆུབ་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་།
བྱང་ཆུབ་ཀྱི་རྣམ་པར་སྤྲུལ་པའི་བྱིན་གྱི་རླབས་ཀྱི་རང་བཞིན་ཕུན་སུམ་ཚོགས་པ་སྟེ། སྔར་བཤད་ཟིན་པས་འདིར་མ་བཤད་དོ། །དེ་ལྟ་བས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་བཅུ་གཅིག་གིས་རྒྱུད་འདི་ཐམས་ཅད་བསྡུས་པར་བལྟའོ། །མདོ་སྡེ་དང་རྒྱུད་
Vol. 69 · folio 68b
གཞན་དག་ཏུ་འདི་སྐད་བདག་གིས་ཐོས་པ་འབྱུང་ལ། རྒྱུད་འདིར་མ་སྨོས་པ་ནི་སྟོན་པ་དང་། དུས་དང་། གནས་ངེས་པ་དང་། ཉན་པ་དང་སྡུད་པར་མཛད་པའི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་ཆུད་པ་གཙོ་བོར་གྱུར་པའི་ཕྱིར་འདི་སྐད་བདག་གིས་ཐོས་
པ་མ་སྨོས་ཏེ། རྒྱུད་འདི་བཤད་པ་ཡང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ་མངོན་པར་བྱང་ཆུབ་པའི་སྐུའི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ན་རྟག་ཏུ་བཞུགས་པས་བཤད་དེ། དུས་དང་གནས་དེ་ཉིད་ན་ངེས་པར་བཞུགས་པས་དུས་གཅིག་གི་ཚེ་ཞེས་པ་མ་
སྨོས་སོ། །ཉན་པ་ཡང་ཀུན་དུ་བཟང་པོ་ལ་སོགས་པ་དེ་རྣམས་ཐོས་པ་སྙིང་པོར་གྱུར་པ་མ་ཡིན་གྱི་ཆུད་པ་གཙོར་གྱུར་པས་འདི་སྐད་བདག་གིས་ཐོས་ཞེས་མ་སྨོས་སོ། །མདོ་སྡེ་དང་གཞུང་གཞན་དག་ཏུ་སྨོས་པ་ནི། བཅོམ་ལྡན་འདས་རྫོགས་ལོངས་སྤྱོད་པའི་སྐུ། དུས་དང་གནས་མ་ངེས་པར་ཡང་
བཞུགས་ཏེ། བར་བར་ནི་འོག་མིན་གྱི་གནས་ན་བཞུགས་ཤིང་ཆོས་འཆད། བར་བར་ནི་རི་རབ་ཀྱི་རྩེ་མོ་ན་བཞུགས་ཤིང་ཆོས་འཆད་པ་དང་། དེ་བཞིན་དུ་སྤྲུལ་པའི་སྐུ་ཡང་བར་བར་ནི་རྒྱལ་པོའི་ཁབ་ན་བཞུགས། བར་བར་ནི་མཉན་དུ་ཡོད་པ་ལ་སོགས་པའི་གནས་ན་བཞུགས་ཤིང་ཆོས་
འཆད་དེ་དེ་ལྟར་དུས་དང་གནས་མ་ངེས་པས་དུས་གཅིག་གི་ཚེ་ན་ཞེས་པ་ལ་སོགས་པའོ། །ཉན་པ་ཡང་འཕགས་པ་ཉན་ཐོས་ལ་སོགས་པ་ཐོས་པ་སྙིང་པོར་གྱུར་པ་སྟེ། ཆུད་པ་གཙོ་བོར་གྱུར་པ་མ་ཡིན་པས་འདི་སྐད་བདག་གིས་ཐོས་པ་ཞེས་སྨོས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་
ཕུན་སུམ་ཚོགས་པ་རྣམ་པ་བཅུ་གཅིག་གིས་ཀྱང་རྣམ་པ་བཞིར་བསྡུས་ཏེ། བཞི་གང་ཞེ་ན། སྐྱེས་བུ་དང་གནས་དང་འཁོར་དང་དགོས་པའོ། །དེ་ལ་བཅོམ་ལྡན་འདས་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་ཡན་ཆད་དཔྱིས་ཕྱིན་པར་ཤེས་རབ་ཀྱིས་དབྲལ་དེ་མེད་པར་བྱས་པ་ནི་བཅོམ་
པའོ། །གཉིས་སུ་བདུད་རྣམས་བཅོམ་པ་ལ་ཡང་བྱ་སྟེ། མདོར་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ཡང་མངོན་པར་བྱང་ཆུབ་པའི་སྐུ་ལ་བྱ་སྟེ། དེས་ནི་སྐྱེས་བུའི་ཆེ་བའི་བདག་ཉིད་བསྟན་པ་སྟེ། སྐྱེས་བུ་ཆེ་བ་དེ་བསྟན་པ་ཡང་ཆོས་ཉན་པའི་སེམས་ཅན་རྣམ་པ་གཉིས་ཏེ། ཆོས་ཀྱི་
Vol. 69 · folio 69a
རྗེས་སུ་འཇུག་པ་དང་དད་པའི་རྗེས་སུ་འཇུག་པའོ། །དེ་ལ་ཆོས་ཀྱི་རྗེས་སུ་འཇུག་པ་ནི་འཆད་པའི་སྐྱེས་བུ་ལ་མི་རྟོག་གི་ཆོས་བཟང་ངན་ལ་རྟོག་པ་དེར་ཟད། དད་པའི་རྗེས་སུ་འཇུག་པ་ནི་འཆད་པའི་སྐྱེས་བུ་བཙན་པ་དེ་འདི་ལ་ཡིད་ཆེས་ཤིང་དགོས་པའི་སྐྱེས་བུ་བཙན་པ་དེ་བསྟན་ཏོ། །
གནས་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་གནས་དེ་ལྟ་བུ་ན་བཞུགས་པས་ཆེ་བའམ། བཙུན་པ་བསྟན་པས་དད་པའི་རྗེས་སུ་འཇུག་པའི་འགྲོ་བ་བཟུང་བའི་ཕྱིར་རོ། །འཁོར་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་གཅིག་པུ་མི་བཞུགས་ཀྱི། འཁོར་དེ་ལྟ་བུས་བསྐོར་ཅིང་
བཞུགས་པས་ཆེ་བའམ་བཙུན་པར་བསྟན་ཏེ། དེའི་སྐྱེས་བུ་བཙན་པར་བསྟན་པས་དད་པས་རྗེས་སུ་འཇུག་པའི་འགྲོ་བ་ལ་དགོས་པ་མེད་པར་སྐྱེས་བུ་དེ་ལྟ་བུ་ལ་ཉན་པར་སྤྲོ་བས་དད་པའི་རྗེས་སུ་འཇུག་པའི་སེམས་ཅན་གཟུང་བའི་ཕྱིར་བསྟན་ཏོ། །གནས་བཤད་པ་ཡང་རྣམ་པ་གསུམ་གྱི་ཕྱིར་
དེ་སྐྱེས་བུ་བཙན་པ་དང་། གནས་དེ་ལྟ་བུའི་ཡོན་ཏན་བསྒྲུབ་པས་རྗེས་སུ་དྲན་པར་བྱས་ན་འགྲུབ་པའི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བཅགས་པའི་གནས་ཏེ། མཆོད་རྟེན་དུ་འགྱུར་བའི་ཕྱིར་རོ། །སྐྱེས་བུ་བཙན་པ་ནི་གོང་དུ་བཤད་པའོ། །འཁོར་ཕུན་སུམ་ཚོགས་པ་ཡང་རྣམ་
པ་གསུམ་སྟེ། སྐྱེས་བུ་བཙན་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་ནམ་མཁའ་དྲི་མ་མེད་པ་ལ་སོགས་པ་ཆོས་ཉན་པས་འཛིན་པའི་མཆོག་བསྟན་པ་དང་། ཉན་པ་མཆོག་དེ་དག་བཞུགས་པས་སྡུད་པར་མཛད་པའི་བྱང་ཆུབ་སེམས་དཔའི་དབང་དུ་གྱུར་པ་བསྟན་པའོ། །སྐྱེས་བུ་ནི་སྔར་སྨོས་
པའོ། །དགོས་པ་ནི་རྒྱུད་འདི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་། རང་བཞིན་དང་། དབང་ཆེན་དང་། ཆུ་ལ་སོགས་པའི་དཀྱིལ་འཁོར་དུ་བསྒྲུབ་པ་དང་། ལས་བཤད་པའི་རིམ་བཞིན་དུ་བསྒྲུབས་ན་མངོན་པར་འཆད་པ་དང་མ་ལུས་པའི་བདེ་བ་ཐོབ་པ་དགོས་པའི་ཕྱིར་རོ། །
དེ་ལྟར་ཕུན་སུམ་ཚོགས་པ་རྣམ་པ་བཅུ་གཅིག་འདི་བཞིན་བསྡུས་སོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱིས་རློབ་པ་ཞེས་པ་ནི། འདས་པ་དང་མ་འོངས་པ་དང་ད་ལྟའི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པ་ལ་བྱ་སྟེ། བྱིན་གྱིས་རློབ་པ་ཞེས་པའི་
Vol. 69 · folio 69b
ཚིག་ནི་གནས་པའི་དོན་ཏོ། །སྐབས་འདིར་བྱང་ཆུབ་ཀྱི་སྙིང་པོ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་སངས་རྒྱས་ཐམས་ཅད་པས་སངས་རྒྱས་མང་པོ་གནས་པར་འགྱུར་བའི་དོགས་པ་བསལ་བ་ལ་སོགས་པ་ནི་བསྡུས་པའི་དོན་ཉིད་དུ་ཞིབ་ཏུ་བཤད་པས་འདར་མ་སྨོས་སོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་དེ་ཉིད་
ཕལ་པ་མ་ཡིན་གྱི་མཆོག་གམ་དམ་པའམ་ཆེན་པོ་ཞེས་བྱའོ། །རྒྱ་ཆེ་བ་ནི་རྡོ་རྗེ་དང་ལྡན་པའི་ཁང་པ་དེ་ནི་ཡངས་ཤིང་རྒྱ་ཆེ་བའམ། རྡོ་རྗེ་དེ་དག་ཉིད་གྲངས་མང་བ་ལ་བྱའོ། །ཆོས་ཀྱི་དབྱིངས་འབྱུང་བ་ཞེས་བྱ་བ་ནི་དེ་ལ་ཆོས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ། །དབྱིངས་ནི་རང་
བཞིན་ཕུང་པོ་ལ་སོགས་པའི་ཆོས་དེ་རྣམས་ཀྱི་ཀུན་རྫོབ་ཀྱི་མཚན་ཉིད་ནི་རིགས་པས་བརྟག་མི་བཟོད་པ་སྟེ། དེ་དག་གི་རང་བཞིན་ནི་སྟོང་པ་ཉིད་དོ། །སྟོང་པའི་རང་བཞིན་ཆུད་པ་ནི་འབྱུང་བ་ཞེས་བྱའོ། །རྡོ་རྗེ་འཛིན་པ་ཀུན་འདུ་བ། །ཞེས་པ་ནི་དེ་ལ་རྡོ་རྗེ་ནི་ཡང་དག་པ་མ་ཡིན་པའི་ལྟ་
བ་འཇོམས་པའི་ཤེས་རབ་སྟེ། ཤེས་རབ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་འཛིན་པའོ། །འདུ་བའི་ཚིག་ནི་གནས་ཕུན་སུམ་ཚོགས་པའི་སྐབས་སུ་བཤད་པའོ། །རྡོ་རྗེ་འཛིན་པ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ཡང་དེར་མི་འདུ་བ་མ་ཡིན་མོད་ཀྱི། འདིར་སྔགས་
བཤད་པའི་སྐབས་ལས་རྡོ་རྗེ་འཛིན་གཙོ་བོར་སྨོས་སོ། །རྡོ་རྗེ་འཛིན་པ་ཡང་རྣམ་པ་གསུམ་གྱི་ཕྱིར་འཛིན་ཏེ། སོ་སོའི་རྣམ་པར་གྲོལ་བའི་སྒོ་སྟོན་པ་དང་། རིག་པའི་བརྟུལ་ཞུགས་དང་། མཆོད་པའི་ཡན་ལག་ཏུ་འགྱུར་པའི་ཕྱིར་འཛིན་པའོ། །ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ཨུཏྤ་ལ་དང་། པདྨོ་ལ་སོགས་པ་འཛིན་པ་ཡང་སོ་སོར་རྣམ་པར་གྲོལ་བའི་སྟོན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཤིན་ཏུ་མོས་ཤིང་རྣམ་པར་རོལ་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེ་ལྟ་བུའི་གནས་ལ་སོགས་པར་མོས་ཤིང་
སྨོན་པ་ལས་ཇི་ལྟར་སྨོན་པ་བཞིན་དུ་ཐོབ་ནས་སྤྱོད་པ་ནི་རོལ་པའོ། །མཐའ་དང་དབུས་མེད་ཅིང་རྩེ་མོ་མཐོ་བ་ནི་མཐའ་དམིགས་སུ་མེད་པས་ན་དབུས་ཀྱང་དམིགས་སུ་མེད་པའོ། །རྩེ་མོ་མཐོ་བ་ནི་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་དང་འདྲ་སྟེ་རྩེ་མོ་བལྟར་མི་སྣང་བ་ལ་བྱའོ། །
Vol. 69 · folio 70a
རིན་པོ་ཆེ་ཆེན་པོའི་རྒྱལ་པོས་བརྒྱན་ཅིང་འབྱུང་བས་ཞེས་པ་ནི་ཁ་དོག་ཕུན་སུམ་ཚོགས་པའི་སྐབས་བཤད་དེ། སྔ་ཁང་དེ་ཉིད་ནི་རིན་པོ་ཆེས་སྤྲས་པ་ལ་བྱའོ། །བྱང་ཆུབ་སེམས་དཔའི་ལུས་ཀྱི་སེང་གེའི་གདན་ལ་བཞུགས་ཞེས་པ་ནི་སྔོན་གྱི་སྨོན་ལམ་གྱིས་སེང་གེའི་
ལུས་སུ་གྱུར་ཅིང་སེང་གེའི་གདན་བྱེད་པའམ། བྱང་ཆུབ་སེམས་དཔའི་ལུས་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་གདན་དུ་བྱེད་དེ་སེང་གེའི་བྱ་བ་བྱེད་པ་ལ་བྱའོ། །བཅོམ་ལྡན་འདས་གནས་དེ་ལྟ་བུ་ན་བཞུགས་པ་ཡང་འཁོར་བྱང་ཆུབ་སེམས་དཔའ་འདི་རྣམས་དང་བཞུགས་ཏེ་བྱང་ཆུབ་
སེམས་དཔའ་དེ་རྣམས་ཀྱང་དོན་གྱི་རྗེས་སུ་མཐུན་པའི་མཚན་ཅན་ཤ་སྟག་སྟེ། རྡོ་རྗེ་འཛིན་ནམ་མཁའ་དྲི་མ་མེད་ཅེས་པ་ལ་སོགས་པའོ། །གཞུང་ལས་འབྱུང་བས་བསྐོར་ཏེ་མདུན་དུ་བྱས་ནས་ཆོས་འཆད་དོ། །འདི་ལྟ་སྟེ། དུས་གསུམ་གྱི་དུས་ལས་འདས་པ། དེ་བཞིན་གཤེགས་
པ་ཉི་མའི་བྱིན་གྱི་རླབས་ཀྱིས་ལུས་དང་ངག་དང་ཡིད་མཉམ་པའི་གནས་ཤེས་བྱའི་ཆོས་ཀྱི་སྒོ་མོའི་ཆོས་འཆད་དོ་ཞེས་པ་ཆོས་ལ་ཡང་རྣམ་པ་གཉིས་ཏེ། ཐོབ་པའི་ཆོས་དང་ལུགས་ཀྱི་ཆོས་སོ། །དེ་ལ་ཐོབ་པའི་ཆོས་ལ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་བོ། །དོན་དམ་པ་
ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་སྟོང་པའི་རང་བཞིན་ནོ། །ཀུན་རྫོབ་ཀྱི་ཆོས་ནི་དེ་བཞིན་གཤེགས་པའི་ལུས་ངག་ཡིད་མི་ཟད་པའི་རྒྱན་གྱིས་ཁམས་གསུམ་བྱ་བ་བར་སྟོན་པའོ། །ལུགས་ཀྱི་ཆོས་ནི་མདོ་སྡེ་དང་ཚིགས་སུ་བཅད་པ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེ་རྣམས་ལས་
གང་བཤད་ཅེ་ན། སྐབས་འདིར་ལུགས་ཀྱི་ཆོས་རྒྱུད་འདི་ཉིད་བཤད་པ་སྟེ། དེ་ཡང་གང་ཞེ་ན། གསུངས་པ་ལུས་དང་ངག་དང་ཡིད་མཉམ་པ་ཉིད་ཀྱི་ཤེས་གནས་ཞེས་བྱ་བའི་ཆོས་ཀྱི་སྒོ་མོ་བཤད་དོ་ཞེས་པ་སྟེ། དེ་ལ་ལུས་དང་ངག་ཡིད་མཉམ་པ་ཉིད་ཅེས་པ་ནི། མཉམ་པ་གསུམ་གྱིས་རིག་པར་
བྱ་སྟེ། བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོས་སེམས་ཅན་གྱི་ལུས་དང་ངག་དང་ཡིད་ཇི་སྙེད་པ་དེ་སྙེད་དུ་ཁྱབ་པར་མཉམ་པ་ཉིད་དོ། །གཉིས་སུ་ན་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་འཁོར་ལོས་སེམས་ཅན་གྱི་དོན་དུ་སྦྱོར་བ་ལས། དེ་བཞིན་གཤེགས་པའི་
Vol. 69 · folio 70b
སྐུའི་འཁོར་ལོས་གསུང་དང་ཐུགས་ཀྱི་བྱ་བ་ཡང་བྱེད། གསུང་གི་འཁོར་ལོས་ཀྱང་སྐུ་དང་ཐུགས་ཀྱི་བྱ་བ་ཡང་བྱེད། ཐུགས་ཀྱི་འཁོར་ལོས་ཀྱང་སྐུ་དང་གསུང་གི་བྱ་བ་ཡང་བྱེད་དོ། །དེ་ལྟར་མཚུངས་པར་བྱེད་པ་ན་མཉམ་པ་ཉིད་དོ། །གསུམ་དུ་ན་དེ་བཞིན་གཤེགས་པའི་སྐུ་
ལ་སོགས་པ་དང་། སེམས་ཅན་གྱི་ལུས་དང་ངག་དང་ཡིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་དབྱེར་མེད་ཅིང་རོ་གཅིག་པས་ན་མཉམ་པ་ཉིད་དོ། །ཆོས་ཀྱི་སྒོ་མོ་ཞེས་པ་ནི། དེ་ལྟ་བུའི་ལུས་དང་ངག་དང་ཡིད་ཀྱི་མཉམ་པ་ཉིད་ཀྱི་ཤེས་གནས་དེ་བཤད་པས། ཐོབ་པའི་ཆོས་ལ་འཇུག་པར་
འགྱུར་བའི་སྒོ་ནས་སྒོ་མོ་ཞེས་གསུངས་སོ། །དེ་བཞིན་དུ་གཞན་ཡང་ལུགས་ཀྱི་ཆོས་རྣམས་ནི་ཐོབ་པའི་ཆོས་ལ་འཇུག་པའི་སྒོ་ལྟ་བུར་རིག་པར་བྱའོ། །དེ་ལ་ཆོས་འཆད་པ་ཡང་སྐུ་བཞི་གང་གིས་འཆད་ཅེ་ན། ཆོས་ཀྱི་སྐུ་དང་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པའི་སྐུ་ནི་མི་གཡོ་བ་ཉིད་
ཚིག་ཏུ་བརྗོད་པ་ལས་འདས་པས་ན་ཚིག་གིས་ཆོས་མི་འཆད། དེའི་བྱིན་གྱི་རླབས་ཀྱིས་རྫོགས་ལོངས་སྤྱོད་པ་དང་སྤྲུལ་པའི་སྐུས་འཆད་དོ། །དེ་ལ་སྐབས་འདིར་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྫོགས་ལོངས་སྤྱོད་པའི་སྐུས་ལུས་དང་ངག་དང་ཡིད་དང་མཉམ་པ་ཉིད་ཀྱི་ཤེས་གནས་
ཀྱི་ཆོས་ཀྱི་སྒོ་འཆད་དེ་དེ་ཡང་འདི་ལྟ་སྟེ། དུས་གསུམ་གྱི་དུས་ལས་འདས་པ་དེ་བཞིན་གཤེགས་པ་ཉི་མའི་བྱིན་གྱི་རླབས་ཀྱིས་འཆད་དེ། ཆོས་ཀྱི་སྐུ་དེ་ཉི་མ་ལྟ་བུར་སྣང་བའི་རང་བཞིན་བས་ན། དེ་བཞིན་གཤེགས་པའི་ཉི་མ་ཞེས་བྱ་བ་སྟེ། ཆོས་ཀྱི་སྐུ་ཉི་མ་དང་ཟླ་བ་ལ་སོགས་པའི་དུས་ལས་
འདས་པ་སྟེ། དེ་བས་ན་དུས་གསུམ་གྱི་དུས་ལས་འདས་པ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དུས་གསུམ་གྱི་དུས་ལས་འདས་པ་ཞེས་པ་ནི། འདས་པའི་དུས་དང་ད་ལྟར་གྱི་དུས་དང་མ་འོངས་པའི་དུས་ལས་འདས་པའོ། །དེ་དག་ནི་སྟོན་པ་ཕུན་སུམ་ཚོགས་པ་བཤད་པ་ལ་བྱའོ། །མཐུ་ཕུན་སུམ་
ཚོགས་པ་བཤད་པ་ནི་གཞུང་ལས་འབྱུང་བ་དེ་ནས་ཀུན་དུ་བཟང་པོ་ལ་སོགས་པ་དང་། གསང་བའི་བདག་པོ་རྡོ་རྗེ་འཛིན་ལ་སོགས་པའི་རྣམས་ཞེས་པ་ནས། སྔགས་ཀྱི་ཚུལ་གྱི་ཚིག་གིས་ཆོས་འཆད་པར་མཐོང་ངོ་ཞེས་པའི་བར་དུ་སྟེ། དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་
Vol. 69 · folio 71a
རླབས་ཀྱིས་ལུས་མཉམ་པ་ཉིད་མི་ཟད་པའི་རྒྱན་གྱི་མཛོད་རྣམ་པར་སྤྲུལ་པ་ལ་འཇུག་གོ་ཞེས་པ་ནི། དེ་ལ་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ས་བཅུ་ལ་སོགས་པ་རབ་ཏུ་ཐོབ་པ་ན། རང་གི་ཏིང་ངེ་འཛིན་དང་རྣམ་པར་གྲོལ་བའི་སྒོ་ནས་མཐུ་དང་རྫུ་
འཕྲུལ་འབྱིན་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་བརྒྱན་པ་ལ་སོགས་པ་བྱས་པས་མགུ་ཞིང་དེ་ལས་གཞན་བྱ་བ་མེད་སྙམ་པའི་བློ་སྐྱེ་བ་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཔལ་གྱི་བེའུའི་འོད་མཆོག་སྦྱིན་པ་བཏང་བས། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་གཙུག་ཏུ་
ཕོག་སྟེ། དེའི་བྱིན་གྱི་རླབས་ཀྱིས་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མཉམ་པ་ཉིད་མི་ཟད་པའི་རྒྱན་གྱི་མཛོད་རྣམ་པར་སྤྲུལ་པ་ལ་འཇུག་པར་གྱུར་ཏོ། །དེ་བཞིན་དུ་གསུང་དང་ཐུགས་མི་ཟད་པའི་རྒྱན་གྱི་མཛོད་རྣམ་
པར་སྤྲུལ་པ་ལ་ཡང་དག་པར་འཇུག་པར་གྱུར་ཏོ། །དེ་ལ་མཉམ་པ་ཉིད་རྣམ་པ་གསུམ་གོང་དུ་བཤད་པའོ། །མི་ཟད་པ་ནི་ཆོས་ཀྱི་སྐུའི་བྱིན་གྱི་རླབས་ཀྱིས་སྐུ་ལ་སོགས་པ་དེ་དག་ནམ་འཁོར་བ་ཡོད་ཀྱི་བར་དུ་གནས་པའོ། །རྒྱན་ཞེས་པ་ནི་སྐབས་འདིར་རྣམ་པ་སྣ་ཚོགས་སུ་བལྟའོ། །མཛོད་ཅེས་
པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཉིད་ལ་བྱ་སྟེ། སྐུ་དེ་ལས་ཇི་ལྟར་འདུལ་བ་དང་རྗེས་སུ་མཐུན་པའི་སྐུ་ལ་སོགས་པ་མི་ཟད་པའི་འཁོར་ལོ་འབྱུང་བའི་ཕྱིར་རོ། །རྣམ་པར་སྤྲུལ་པ་ནི་སྐུ་ལ་སོགས་པའི་འཁོར་ལོ་དེ་དག་ཉིད་གང་གིས་ཀྱང་ཟིལ་གྱིས་མི་ནོན་པར་རང་གི་བྱ་བ་ལ་འཇུག་
པའོ། །འོན་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའམ་གསུང་ངམ་ཐུགས་ལས་ཕྱིར་བྱུང་བའམ་ལྡོག་པར་མི་མངོན་ཞེས་པ་ལས་འགའ་ཞིག་རྟོག་པ་སྐྱེ་བ་གདུལ་བར་བྱ་བའི་འགྲོ་བ་རྣམ་པ་བཞི་སྟེ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་རྣམ་པར་རྟོག་པ་དར་ལྭ་ཙམ་གྱིས་
བསྒྲིབས་པའི་ལྷག་མ་མ་ལུས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། མོས་པ་རྣམ་པར་དག་པ་སྤྱོད་པའི་ས་མངོན་དུ་བྱས་པ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཉོན་མོངས་པའི་སྒྲིབ་པ་ནི་བྱང་། ཤེས་བྱའི་སྒྲིབ་པ་མ་བྱང་བ་ཕྱོགས་གཅིག་པ་རྣམས་དང་། འགྲོ་བ་ཐ་དད་པ་ཉོན་
Vol. 69 · folio 71b
མོངས་པ་རྣམས་དང་། ཤེས་བྱའི་སྒྲིབ་པ་མ་སྤངས་པ་རྣམས་ཏེ་དེ་བས་ན་བཅོམ་ལྡན་འདས་ཀྱི་སྐུ་ལས་ཕྱིར་འབྱུང་བའམ་ལྡོག་པར་མི་མངོན་ཏེ་རྣམ་པར་མི་རྟོག་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་གྱི། འོག་མ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་སྙམ་དུ་
དོགས་པ་སྐྱེ་བ་ལ་དེའི་ལན་དུ་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པ་ཉིད་ཀྱི་ཚེ་ན། རྣམ་པར་མི་རྟོག་པར་སྔོན་གྱི་སྨོན་ལམ་གྱི་ཤུགས་དང་ཆོས་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་ཉིད་དུ་རྫོགས་ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་སྐུས་ཇི་ལྟར་སྣོད་དུ་གྱུར་པའི་སེམས་ཅན་གྱི་དོན་ཐམས་ཅད་དུ་
མཛད་དེ། དེ་བས་ན་གཞུང་ལས་གསུངས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་ལས་ཀུན་དང་། གསུང་གི་ལས་ཀུན་དང་། ཐུགས་ཀྱི་ལས་ཀུན་ཐམས་ཅད་དུ་སེམས་ཅན་གྱི་ཁམས་ཐམས་ཅད། སྔགས་ཀྱི་ཚུལ་གྱི་ཚིག་གིས་ཆོས་འཆད་པར་མཐོང་ངོ་ཞེས་པའོ། །དེ་ལ་མཐོང་
བ་ནི་ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྤྱོད་ཡུལ་དུ་གྱུར་པ་སྟེ། དེ་ཡང་རྣམ་པ་ཐམས་ཅད་དུ་མཐོང་བ་ནི་མ་ཡིན་མོད་ཀྱི། རང་གི་མཐུ་དང་སྤྱོད་ཡུལ་ཤས་ཆེ་ཆུང་བཅོམ་ལྡན་འདས་སྐུ་ལ་སོགས་པའི་འཁོར་ལོ་མཐོང་བའམ་ཆུད་པ་ལ་བྱ་སྟེ། རྣམ་པ་ཐམས་ཅད་ཆུད་ཅིང་
མཐོང་ན་དེ་བཞིན་གཤེགས་པ་དང་བྱེ་བྲག་མེད་པའི་ཕྱིར་རོ། །རྡོ་རྗེ་འཛིན་པ་དང་། ཀུན་དུ་བཟང་པོ་དང་ཕྱག་ན་པདྨའི་ལུས་དང་འདྲ་བ་ཞེས་པ་ནས་ལས་ཀྱི་ཚེ་འགགས་པ་ཡང་འབྱུང་བའི་མྱུ་གུ་མཐོང་བར་སྐྱེ་ཞེས་པའི་བར་དུ་བཤད་པར་བྱ་བ་དེ་ལ་རྡོ་རྗེ་འཛིན་པ་དང་ཀུན་དུ་བཟང་པོ་དང་། ཕྱག་ན་
པདྨོའི་ལུས་དང་འདྲ། །ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་བྱིན་གྱི་རླབས་ཀྱིས་དེ་ལྟ་བུའི་ལུས་དང་འདྲ་བས་ཆོས་འཆད་པ་ནི་ལས་ཀྱི་ཚེ་ལས་སྐྱེས་པའི་སེམས་དཔའ་རྣམས་དང་། ལས་ཀྱི་ཚེ་འགགས་པའི་སེམས་ཅན་རྣམས་སླར་འབྱུང་བའི་མྱུ་གུ་མངོན་
པར་སྐྱེ་བྲི་བྱ་བའི་ཕྱིར་ཏེ། དེ་ལ་ལས་ཀྱི་ཚེ་ལས་སྐྱེས་པ་ནི་མོས་པ་སྤྱོད་པའི་ས་ན་གནས་པ་ན་སེམས་གསུམ་སྦྱོང་བ་དང་། ས་བཅུ་ལ་སོགས་པའི་ཡོན་ཏན་ཅི་འདྲ་བ་དེ་ངེས་པར་ཤེས་ཤིང་། དེ་ལ་མོས་པས་ཉོན་མོངས་པ་ཀུན་ནས་མི་ལྡང་བར་རྣམ་པ་ཀུན་མནན་ཏེ། སེམས་སྦྱོང་བ་ལ་སོགས་
Vol. 69 · folio 72a
པའི་དགེ་བའི་ལས་ཀྱི་དབང་གིས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པར་ཇི་ལྟར་སྨོན་པ་བཞིན་དུ་གར་འདོད་པར་སྐྱེ་བ་ནི་ལས་ཀྱི་ཚེ་ལས་སྐྱེས་པ་རྣམས་ཏེ། དེ་ཡང་སེམས་དང་པོ་བསྐྱེད་པ་ནས་ས་བཅུ་པའི་བར་དུའོ། །དེ་ལ་སེམས་དང་པོ་བསྐྱེད་པ་ཞེས་པ་ནི་ས་དང་པོ་རབ་ཏུ་དགའ་བ་
ལ་བྱའོ། །ལས་ཀྱི་ཚེ་བགགས་པ་ཞེས་པ་ནི་འཕགས་པ་ཉན་ཐོས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་རྣམས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་ཚེ། པདྨོ་དམ་པའི་སྙིང་པོ་ལ་བསྐལ་པ་བརྒྱད་ཅུར་གནས་ནས། ཚེ་དེ་འགོག་པར་བྱེད་པ་དེ་ལ་བྱང་ཆུབ་སེམས་དཔའ་དེ་རྣམས་
ཀྱིས་ཚེ་འགོག་པ་དེ་ལས་བཟློག་སྟེ་སླར་འབྱུང་བའི་མྱུ་གུ་བསྐྱེད་ནས་ས་བཅུ་ལ་འཇུག་པ་དང་། རྫོགས་པར་བྱ་བའི་ཕྱིར་ཆོས་འཆད་དོ། །འདི་ཉིད་ཀྱིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་པའི་སྔགས་ཀྱི་ཚིག་རྣམ་པར་དག་པ་འདི་ཉིད་ཀྱིས་ཞེས་པར་དགོངས་པའོ། །སྔགས་ཀྱི་ཚིག་རྣམ་
པར་དག་པ་ཞེས་པ་ནི་ཕྱག་ན་པདྨོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བདག་གི་ངོ་བོ་ལས་ཀྱི་ཚེ་ལས་སྐྱེས་པའི་སེམས་དཔའ་རྣམས་དང་། ལས་ཀྱི་ཚེ་བགགས་པའི་སེམས་ཅན་རྣམས་སེམས་ཅན་ཕལ་དང་འདྲ་བར་ཉོན་མོངས་པའི་དབང་དུ་མི་འགྲོ་བ་སྟེ། དེ་རྣམས་ལ་ཆོས་བཤད་པ་ཡངས་དང་པོ་
ནས་བརྩམས་ནས་ས་བཅུ་རྫོགས་པར་བྱ་བའི་ཕྱིར། རྣམ་པར་དཀར་བའི་ཆོས་ཤ་སྟག་པས་སྔགས་ཀྱི་ཚིག་རྣམ་པར་དག་པའོ་ཞེས་པའོ། །ད་ནི་འཕགས་པ་ཀུན་དུ་བཟང་པོ་ལ་སོགས་པ་དེ་རྣམས་ཉིད་བཤད་པའི་ཆོས་ལ་འཇུག་པའི་ཞར་ལ་སྔགས་རྒྱུད་དང་རྟོག་པ་ལ་སོགས་པའི་ཆོས་ཀྱི་
བདག་ཉིད་རྣམས་ལ་འཇུག་སྟེ། བཤད་པའི་ཆོས་ཀྱི་རིམ་པ་བསྡུས་པར་མཛད་པས་ཇི་ལྟར་རྗེས་སུ་ཆུད་པ་སྟེ་བསྟན་པར་གསུངས་པ་སྟེ་ཐམས་ཅད་དུ་ཡང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལུས་ཀྱི་ལས་ཐམས་ཅད་དང་། ངག་གི་ལས་ཐམས་ཅད་དང་། ཡིད་ཀྱི་ལས་ཐམས་ཅད་
དུ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་སྔགས་སྨྲ་བར་བྱ་སྟེ། ཐམས་ཅད་དུ་ཞེས་པ་ནི་དུས་ཐམས་ཅད་དུ་ཞེས་པ་ཁོ་ནས་དབྱུང་ངོ་། །ངེས་ཚིག་གི་དོན་ལ་འདི་ལྟ་སྟེ། ས་དང་པོ་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་དུས་དང་། བྱང་ཆུབ་ཐོབ་པའི་དུས་སུ་ཞེས་པ་སྟེ། དེ་ཇི་ལྟ་ཞེ་ན། གསུངས་པ་བཅོམ་
Vol. 69 · folio 72b
ལྡན་འདས་རྣམ་པར་སྣང་མཛད་ལུས་ཀྱི་ལས་ཐམས་ཅད་དང་། ངག་གི་ལས་ཐམས་ཅད་དང་ཡིད་ཀྱི་ལས་ཐམས་ཅད་དོ་ཞེས་སོ། །དེ་ལ་འདིར་ལུས་ཀྱི་ལས་ལ་སོགས་པའི་ཚིག་གིས་བཅོམ་ལྡན་འདས་དང་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པ་དང་། དེ་བཞིན་དུ་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་
པའི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ནན་ཏན་དེས་གང་མཐུའི་ཁྱད་པར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ལ་བསགས་པ་དེ་ལས་ཀྱི་ཚིག་ཏུ་གསུངས་སོ། །དེ་ལྟ་བུའི་མཐུའི་མཚན་ཉིད་ཀྱི་ལས་ཀྱང་དཀྱིལ་འཁོར་གྱི་ལྷའི་གཟུགས་སུ་གྱུར་པའི་སྤྱོད་པ་གསུངས་པ་ཐམས་ཅད་དུ་ཡང་སེམས་ཅན་གྱི་ཁམས་
ཐམས་ཅད་ལ་སྔགས་ཀྱི་ཚིག་གིས་ཆོས་འཆད་པར་མཐོང་ངོ་ཞེས་པའོ། །དེ་ལས་ཐམས་ཅད་དུ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་རྒྱས་པ་ཐམས་ཅད་པར་ཤེས་པར་བྱའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཞེས་པ་ནི་དེ་འཇིག་རྟེན་གྱི་ཁམས་རྒྱས་པར་འགྲོ་བ་རྒྱུད་དྲུག་ཏུ་གཏོགས་པའི་སེམས་
ཅན་རྣམས་ལས་དང་ཉོན་མོངས་པའི་དབང་གིས་ཚེ་ཐོབ་པ་རྣམས་ཤེས་པར་དགོངས་ཏེ། སྔགས་ཀྱི་ཚུལ་གྱི་ཚིག་གི་ཆོས་འཆད་པ་ཞེས་པ་ནི། དེ་ལ་ཤེས་པ་དང་དཔུང་གཉེན་དུ་སྦྱོར་བས་ན། སྔགས་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་རྣམས་སུ་གསུངས་ཏེ།
དེའི་རྣམ་པར་ཐར་པའི་སྒོ་ལ་སོགས་པའི་ཚིག་རྣམས་དང་། དེར་བྱིན་གྱིས་བརླབས་པ་ཉིད་ཡི་གེ་དང་ཚིག་བྱེད་པ་རྣམས་ཀྱང་སྔགས་ཀྱི་ཚིག་ཏུ་གསུངས་སོ། །སྔགས་དེ་རྣམས་ཀྱི་རྒྱུ་དང་རང་བཞིན་དང་། འབྲས་བུ་ཐོབ་པའི་ཐབས་ཀྱི་ལམ་ནི་ཚུལ་ཏེ་དེ་ཤེས་ཤིང་ཐོབ་པ་ནི་ཆོས་ཀྱི་ཚིག་དེ་རྣམས་ཀྱི་
སྟེ་དེ་རྣམས་ནི་སྔགས་ཀྱི་ཚིག་ཅེས་གསུངས་སོ། །ཚིག་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ལས་ཏེ་སྔགས་ལ་སོགས་པའི་ལྷར་སྣང་བར་འགྱུར་ཏེ། སྔགས་ཀྱི་ཚུལ་གྱིས་མཚན་ཉིད་བཤད་པའི་ཆོས་སྟོན་པར་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་མཐོང་ངོ་ཞེས་
པ་འདིས་རྣམ་པ་གསུམ་གསུངས་ཏེ། དེ་བཞིན་གཤེགས་པའི་ལུས་ལ་སོགས་པའི་ལམ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷའི་གཟུགས་སུ་གྱུར་པ་དང་། དེ་ཡང་ཇི་ལྟར་སྣོད་དུ་གྱུར་པའི་གདུལ་བའི་འགྲོ་བ་འདུལ་ནུས་པའི་རྗེས་སུ་མཐུན་པ་དང་། དེ་བཤད་པའི་ཆོས་སྔགས་ཀྱི་ཚིག་ཏུའོ། །
Vol. 69 · folio 73a
དོན་འདི་ཡང་བཅོམ་ལྡན་འདས་ཀྱིས་ཡང་རྒྱུད་འདིར་གཞུང་འདི་གསལ་བར་བསྟན་ཏེ། དེ་གསུངས་པ་བཅོམ་ལྡན་འདས་ཀྱིས་རང་གི་ལུས་ལ་སོགས་པའི་ལས་ཀྱི་ལྷའི་གཟུགས་སུ་གྱུར་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཐོགས་པ་མེད་པའི་སྟོབས་བཅུ་ལ་མོས་པ་
ལས་དུ་མའི་ཁ་དོག་དང་དབྱིབས་སུ་བཀོད་པའི་བདག་གི་ངོ་བོ་བསྐལ་པ་དུ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསོད་ནམས་བསྐྱེད་པའི་ལུས་འབྱུང་ངོ་ཞེས་པ་ལ་
སོགས་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱི་ལུས་ལ་སོགས་པའི་ལས་རྣམས་ལྷ་ལ་སོགས་པའི་གཟུགས་སུ་གྱུར་པ་དེ་ནི་ཅི་ཡང་རུང་བ་མ་ཡིན་གྱི། སེམས་ཅན་འདུལ་བར་སྣང་བའི་རང་བཞིན་དུ་བས་ཏེ། གང་གསུངས་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་མཉམ་པར་ཞུགས་མ་
ཐག་ཏུ་ཡང་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་ལས་དང་ཚེའི་རྣམ་པར་སྨིན་པ་དང་། འབྲས་བུ་ཟ་བ་དང་། བར་འཇུག་པའི་གཟུགས་དང་། ཁ་དོག་དང་། དབྱིབས་དང་། སྤྱོད་པ་དང་། ཚིག་དང་བརྗོད་པ་རྣམས་སེམས་ཅན་སོ་སོར་མགུ་བར་བྱེད་པ། བ་སྤུའི་བུ་ག་ཐམས་ཅད་ནས་ཆོས་ཀྱི་
དབྱིངས་ལས་སྐྱེས་པ་རྟག་ཏུ་འབྱུང་སྟེ། བྱུང་ནས་ཀྱང་ནམ་མཁའི་ཁམས་ཀུན་དུ་རྒྱས་པ། འཇིག་རྟེན་གྱི་ཁམས་སུ་རྒྱས་པར་སྒྲའི་དབྱངས་གཅིག་གིས་ཆོས་ཀྱི་དབྱིངས་ཆུད་པར་བྱེད་པ། དེ་བཞིན་གཤེགས་པ་འབྱུང་བར་སྲིད་པའི་ཚིགས་སུ་བཅད་པ་འདི་འབྱུང་ངོ་ཞེས་པ་ལ་སོགས་པ་
དང་། དེ་བཞིན་དུ་དེ་དག་གིས་བཤད་པའི་སྔགས་ལ་སོགས་པའི་ཚིག་ཏུ་བྱ་བའི་དོན་དང་། དེའི་བྱིན་གྱིས་བརླབས་ཀྱི་ཕྱིར་གསུངས་པ་དང་། ཇི་ལྟར་ཡང་དེ་བཞིན་གཤེགས་པའི་སྔགས་ཀྱི་ཚུལ་ཡི་གེའི་འབྲུར་གནས་པ་དེ་དག་ལ། གསང་བའི་བདག་པོ་དེ་དག་ནི་དེ་བཞིན་གཤེགས་པས་
བསྐལ་པ་བརྒྱ་སྟོང་ཁྲག་ཁྲིག་དུ་མར་བསགས་པའི་བདེན་པའི་ཚིག་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། གང་འཕགས་པའི་བདེན་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་
Vol. 69 · folio 73b
ཡན་ལག་བདུན་རྣམས་དང་། ཚངས་པའི་སྤྱོད་པ་རྣམ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ནི་མདོར་ན་གསང་བ་པའི་བདག་པོ་གང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ། དེ་ཐམས་ཅད་དེ་བཞིན་གཤེགས་པའི་རང་གི་སྨོན་ལམ་
དང་ཡེ་ཤེས་ཀྱི་སྟོབས་དང་། ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ཏེ། ཇི་ལྟར་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་སྔགས་ཀྱི་ཆོས་སྟོན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཇི་ལྟར་རྟོག་པ་ཐམས་ཅད་རབ་ཏུ་མེད་པ་ཆོས་ཀྱི་སྐུ་གནས་པ་དེ་བཞིན་གཤེགས་པ་དེ་ལྟ་བུའི་
སྔགས་ཀྱི་ལྷ་ལ་སོགས་པ་འབྱུང་ཞེས་གང་གིས་གླེངས་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་གསུངས་ཏེ། ཇི་ལྟར་ལུས་ཀྱི་བྱེ་བྲག་གི་དམིགས་སྟོན་པ་རྣམ་པ་མང་དུ་གནས་པ་དེ་བཞིན་དུ་སྔགས་ཀྱི་མགོན་པོ་གསུངས་པ་གྲངས་མེད་པའོ། །ཇི་ལྟར། ཡིད་བཞིན་ནོར་བུ་དཔལ་ལྡན་
པ། །འདོད་པའི་དོན་ནི་རབ་བསྒྲུབ་པ། །དེ་ལྟར་འཇིག་རྟེན་སྒྲོན་མ་ཡི། །ལུས་ནི་ཐམས་ཅད་དོན་སྒྲུབ་པའོ། །ཇི་ལྟར་ན་ཡང་གསང་བའི་བདག་པོ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་དགོས་པ་ཐམས་ཅད་མངོན་པར་བྱེད་ཅེས་པ་ནི་འདི་ལྟ་སྟེ། གསང་བའི་བདག་པོ་ནམ་མཁའི་ཁམས་ནི་
སེམས་ཅན་མ་ཡིན། སྲོག་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། བྱེད་པ་པོ་མ་ཡིན། ཚོར་བ་པོ་མ་ཡིན། གཟུང་བ་མ་ཡིན། འཛིན་པ་མ་ཡིན། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཏེ། འོན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པའི་འགྲོ་བ་དང་འོང་བ་ལ་སོགས་པར་བྱེད་
དོ། །དེ་ལ་དགོས་པ་མེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་གནས་མེད་པ་འདི་རྣམ་པར་མི་རྟོག་ཀྱང་འགྲོ་བ་ཐམས་ཅད་ཀྱི་ཕྱི་ནང་གི་བྱ་བ་བྱེད་དོ་ཞེས་སོ། །བཤད་པ་འདི་ཡང་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་པ་ནི་འདི་ལྟ་སྟེ། ཆོས་ཀྱི་སྐུ་ལ་རྣམ་པར་གནས་པ་དེ་བཞིན་གཤེགས་
པ་ལ་རྣམ་པར་རྟོག་པ་མེད་ཀྱང་། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ལྷའི་ལུས་ལ་སོགས་པ་ཐམས་ཅད་དུ་རབ་ཏུ་སྣང་བ་དེ་ལ་རྣམ་པར་རྟོག་པའི་སྐབས་ཀྱིས་ཅི་ཞིག་བྱ་ཞེས་པའོ། །གཞུང་ལས་འབྱུང་བ་དེ་ནས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་འཁོར་འདུས་པ་ན་བཞུགས་པ་ལས་ལངས་
Vol. 69 · folio 74a
ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་བཅོམ་ལྡན་འདས་དེ་ལྟ་བས་ན་ཡེ་ཤེས་དེའི་རྒྱུ་ནི་གང་ལགས། རྩ་བ་ནི་གང་མཐར་ཐུག་པ་ནི་གང་ལགས་ཞེས་པའི་བར་དུ། བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལས་ལས་ཐམས་ཅད་
མཁྱེན་པའི་ཡེ་ཤེས་ལས་འབྱུང་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་ལ་སོ་སོར་ཕྱེ་སྟེ། ཚུལ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་དང་། ཐབས་སྣ་ཚོགས་སུ་འཆད་པ་དེ་དག་ཇི་ལྟར་མཐོང་བ་བཅོམ་ལྡན་འདས་ལ་སླར་བཟླས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་
རྒྱུ་དང་རྩ་བ་དང་མཐར་ཐུག་པ་དྲིས་པ་ལ་བྱ་སྟེ། ཇི་ལྟར་བྱ་ཞེས་པ་ནི་འོག་ནས་འབྱུང་བའི་ཚིག་རྣམས་འདྲི་བ་ལ་མི་བྱའི། དེ་རྣམས་བདག་གི་ཇི་ལྟར་ཆུད་པ་རྣམས་གསོལ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་དང་རྩ་བ་དང་མཐར་ཐུག་པ་དྲིས་པའི་ཚིག་སྦྱོར་སྨོས་པའོ། །དེ་ལ་
བཅོམ་ལྡན་འདས་དང་དེ་བཞིན་གཤེགས་པ་ནི་གོང་དུ་བཤད་པའོ། །དགྲ་བཅོམ་པ་ནི་ཉོན་མོངས་པའི་དགྲ་བཅོམ་པའམ་བཀུར་སྟིའི་གནས་སུ་རིགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ནས་ཞེས་པ་ནི་སྙིང་པོ་བྱང་ཆུབ་ན་ཡང་དག་པར་བཞུགས་
པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཀུན་རྫོབ་དང་དོན་དམ་པ་རྣམ་པ་གཉིས་ཏེ། ཀུན་རྫོབ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པའོ། །དོན་དམ་པར་ནི་སྟོང་པ་ཉིད་དུ་མཁྱེན་པའོ། །སོ་སོར་ཕྱེ་སྟེ་
ཞེས་པ་ནི་སོ་སོར་བཤད་པའི་དོན་ཏེ། ཐམས་ཅད་མཁྱེན་པར་རོ་གཅིག་ཏུ་གྱུར་ཅིང་རྫོགས་པའི་མཚན་ནི་འོག་ནས་འཆད། མི་དང་ལྷར་སྐྱེ་བ་ལ་སོགས་ཏེ། འཇིག་རྟེན་གྱི་དགེ་བ་བཅུ་གྲུབ་པ་དང་ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱང་མཁྱེན་པའི་ཆ་སྟེ། ཇི་ལྟར་ཞེ་ན། འཇིག་རྟེན་གྱི་བསོད་
ནམས་ཐམས་ཅད་མཁྱེན་པ་ཉིད་ནས་འབྱུང་བའི་རྒྱུ་སྟེ། ཐམས་ཅད་མཁྱེན་པའི་ཆ་ཤས་ཡོད་པས་ན་རྒྱུར་འགྱུར། གཞན་ཡང་མངོན་དུ་དང་ཉིང་ནས་ཉིང་གི་རྒྱུ་དང་རང་བཞིན་པར་རིག་པར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་ཚོགས་རྣམས་ཐམས་ཅད་མཁྱེན་པའི་ཡེ་
Vol. 69 · folio 74b
ཤེས་ལ་བསགས་པ་དེ་ལྷུན་གྱིས་གྲུབ་པ་ཉིད་དུ་སེམས་ཅན་རྣམས་ལ་སོ་སོར་ཕྱེ་བའི་ཚུལ་ལ་སོགས་པ་སྣ་ཚོགས་སུ་བསྟན་པ་སྟེ། དེ་ལ་ཚུལ་སྣ་ཚོགས་ཞེས་པ་ནི། ཁ་ཅིག་ལ་ཉན་ཐོས་ཀྱི་ཐེག་པའི་ཚུལ་ཞེས་པ་ནས་ལྔ་མངོན་པར་ཤེས་པའི་ཚུལ་དུ་ཞེས་པའི་བར་དུ་སྟེ། དེ་རྣམས་སོ་
སོར་རྣམ་པར་གྲོལ་བའི་ལས་ལ་བྱའོ། །བསམ་པ་སྣ་ཚོགས་ཞེས་པ་ནི་ཁ་ཅིག་ལ་ལྷར་སྐྱེ་བའི་ཕྱིར་ཉན་པ་དང་། མིའམ་ཅིར་སྐྱེ་བའི་བར་དུ་ཆོས་འཆད་པ་ཞེས་པའི་བར་དུ་སྟེ། དེ་རྣམས་སུ་སྐྱེ་བར་འདོད་པའི་བསམ་པ་དང་རྗེས་སུ་མཐུན་པར་ཆོས་འཆད་པ་ལ་བྱའོ། །ཐབས་སྣ་ཚོགས་སུ་
འཆད་ཅེས་པ་ནི། དེ་ལ་སེམས་ཅན་ལ་ལ་ཡང་སངས་རྒྱས་ཀྱིས་འདུལ་བ་རྣམས་ཀྱི་ནི་སངས་རྒྱས་ཀྱི་གཟུགས་སུ་མཐོང་ངོ་ཞེས་པ་ནས། སོ་སོའི་སྤྱོད་ལམ་དུ་རྣམ་པར་འདུག་པར་མཐོང་ངོ་ཞེས་པ་སྟེ། ཚུལ་སྣ་ཚོགས་དང་བསམ་པ་སྣ་ཚོགས་འཆད་པ་ཡང་ཐབས་ཡིན་མོད་ཀྱི། དེ་དག་ཉིད་
སངས་རྒྱས་ལ་སོགས་པའི་སྐུས་སེམས་ཅན་དེ་དག་གི་རང་རང་གི་སྐད་ཀྱི་ཚུལ་དུ་སྨྲ་ཞིང་། སོ་སོའི་སྤྱོད་ལམ་དུ་རྣམ་པར་འཇུག་པར་སྟོན་པ་ནས་ཐབས་ཀྱི་ཡང་ཐབས་སུ་བལྟའོ། །སོ་སོའི་སྤྱོད་ལམ་དུ་ཞེས་པ་ནི་སངས་རྒྱས་དང་ཉན་ཐོས་ལ་སོགས་པས་འདུལ་བ་སེམས་ཅན་དེ་དག་གི་སྤྱོད་
ལམ་དང་རྗེས་སུ་མཐུན་པའི་གཟུགས་སུ་འགྱུར་ཞིང་སྟོན་པ་ལ་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་རོ་གཅིག་སྟེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོ་ལགས་སོ་ཞེས་པ་ནི་དེ་ལྟར་ཚུལ་སྣ་ཚོགས་དང་། བསམ་པ་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྣམ་པ་ཐ་དད་པ་དུ་མར་སྤྲོས་
པ་ཡང་། སྤྱིའི་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་རྟོག་པའི་བག་ཆགས་ཀྱི་གནས་ལས་ཤིན་ཏུ་འདས་པའི་མཚན་ཉིད་དུ་རོ་གཅིག་ཏུ་འགྱུར་བ་ནི། དཔེར་ན་བུ་རམ་ཤིང་རྣམ་པ་མང་པོའི་ཁུ་བ་ལས་བུ་རམ་དུ་བྱས་ན། བུ་རམ་ཤིང་དེ་
རྣམས་ཀྱི་སོ་སོའི་རོ་དབྱེར་མེད་དེ་རོ་གཅིག་པ་དང་འདྲའོ། །དེ་ནི་འདི་ལྟ་སྟེ་དཔེར་ན་བཅོམ་ལྡན་འདས་ནམ་མཁའི་ཁམས་ནི་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ་ཞེས་པ་ནས་དེ་ནས་ལྷ་དང་འཇིག་རྟེན་དུ་བཅས་པ་ལ་ཚིམ་པར་བྱེད་དོ་ཞེས་པའི་བར་དུ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རང་
Vol. 69 · folio 75a
བཞིན་ཕུན་སུམ་ཚོགས་པ་དང་། མངོན་པར་འཚང་རྒྱ་བའི་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པ་དང་། སྤོང་བ་ཕུན་སུམ་ཚོགས་པ་དང་། མ་ལུས་པའི་བདེ་བ་ཐོབ་པའི་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པར་བསྟན་པའི་དཔེ་སྟེ། དཔེ་དེ་དག་གིས་
ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ལྷུན་གྱིས་གྲུབ་པ་ཉིད་དུ་རྣམ་པར་མི་རྟོག་མི་དཔྱོད་པར་ཚུལ་སྣ་ཚོགས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་བྱེད་པར་ཡང་བསྟན་པ་སྟེ། དེ་ལ་ནམ་མཁའི་དཔེས་ནི་རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏེ། ནམ་
མཁའ་ཇི་ལྟར་རྟོག་པ་དང་དཔྱོད་པའི་བག་ཆགས་ཀྱི་གནས་མེད་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་རྟོག་པ་མེད་དོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་མེད་ཅེས་པའི་དོན་ཏོ། །དེ་ལ་ཐེ་ཚོམ་དོགས་པ་དེ་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་སྟེ། སེམས་
པ་མེད་ན་ལུས་ལ་སོགས་པའི་རྒྱུན་འབྱུང་ཞིང་སེམས་ཅན་གྱི་དོན་བྱེད་པ་སེམས་པ་མེད་པར་ཇི་ལྟར་འབྱུང་ཞིང་བྱེད་སྙམ་པ་ལ། སའི་དཔེས་རྣམ་པར་མི་རྟོག་བཞིན་དུ་མངོན་པར་འཆར་བའི་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པ་བྱེད་པར་བསྟན་ཏེ། དེ་ལས་ནི་རྟོག་པ་དང་རྣམ་པར་རྟོག་པ་མེད་བཞིན་རྩ་
བ་དང་འབྲས་བུ་དང་མེ་ཏོག་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་གསོས་སུ་འགྱུར་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་རྟོག་པ་དང་རྣམ་པར་རྟོག་པ་མེད་བཞིན་སྔགས་ཀྱི་ལྷ་ལ་སོགས་པའི་སྒོར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་ཀྱང་སྔགས་ཀྱི་ལྷ་ལ་སོགས་པ་
བསྙེན་ཅིང་བཟླས་པ་ལ་སོགས་པའི་སྒོ་ནས་མཉེས་པར་བྱས་ཏེ། མངོན་པར་འཆར་བའི་མཚན་ཉིད་མི་དང་ལྷའི་ལོངས་སྤྱོད་ལ་སོགས་པ་ཐོབ་པར་འགྱུར་རོ། །མེའི་དཔེས་ནི་སྤོང་བ་ཕུན་སུམ་ཚོགས་པ་བསྟན་ཏེ། ཇི་ལྟར་མེས་རྩི་ཤིང་ལ་སོགས་པ་ཐམས་ཅད་བསྲེགས་ཀྱང་སྲེག་པར་འགྱུར་བའི་
མཐུ་མི་ཟད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་མི་ཤེས་པའི་བུད་ཤིང་ཐམས་ཅད་སྲེག་པ་ནི། །རྒྱུའི་ཚེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རིམ་གྱིས་མི་ཤེས་པ་ལ་སོགས་པ་ཉོན་མོངས་པ་མི་མཐུན་པ་ལ་སོགས་པའི་ཕྱོགས་རྣམས་
Vol. 69 · folio 75b
སེལ་ཅིང་མེད་པར་བྱེད་པ་ནི་བུད་ཤིང་སྲེག་པའོ། །གཉིས་སུ་ན་འབྲས་བུའི་ཚེ་ཐམས་ཅད་མཁྱེན་པ་ཉིད་མི་ཤེས་པ་མེད་པའི་མཚན་ཉིད་པས་ན་མི་ཤེས་པའི་བུད་ཤིང་སྲེག་པའི་རང་བཞིན་ནོ། །རླུང་གི་དཔེས་ཀྱང་སྤོང་བ་ཕུན་སུམ་ཚོགས་པ་དེ་ཉིད་སྤོང་བ་གོང་མ་དེས་ཀྱང་བག་ཆགས་
ཐམས་ཅད་མ་ལུས་པར་སྤོང་བའི་དཔེ་འོག་མས་བསྟན་ཏེ། དེ་བས་ན་གསུངས་པ་རླུང་གི་ཁམས་ནི་རྡུལ་ཐམས་ཅད་འཕྱག་གོ་ཞེས་པ་སྟེ། དེ་ལ་རྡུལ་ནི་ཕྲ་བའི་མཚན་ཉིད་དེ། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་ཤེས་པའི་བག་ཆགས་ཕྲ་མོ་ཡན་ཆད་སྤངས་པ་ལ་བྱའོ། །ཆུའི་
དཔེས་ནི་མ་ལུས་པའི་བདེ་བའི་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། ཇི་ལྟར་ཆུ་དེས་ཚ་བ་ལ་སོགས་པས་གདུངས་པའི་སེམས་ཅན་གྱི་ལུས་སིམ་པར་བྱེད་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་འདོད་ཆགས་ལ་སོགས་
པའི་ཉོན་མོངས་པ་རྣམས་ཀྱིས་གདུངས་པ་ཞི་བར་བྱེད་པ་མ་ལུས་པའི་བདེ་བའི་མཚན་ཉིད་མྱ་ངན་ལས་འདས་པ་ལ་སྦྱོར་ཞིང་རྫོགས་པས་ན། ལྷ་དང་འཇིག་རྟེན་དུ་བཅས་པ་ལ་ཚིམ་པར་བྱེད་དོ་ཞེས་པ་དེ་དག་ནི། ཕྱག་ན་རྡོ་རྗེ་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཚུལ་སྔོན་ཆད་བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ་ལས། བདག་རང་གི་འདི་ལྟར་རྟོགས་ཞེས་གསོལ་བ་སྟེ། བདག་རང་ཆུང་བར་བསྟན་པ་དང་ཆོས་འཆད་པ་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །དེ་དག་གི་རང་བཞིན་དེ་ལྟར་ཆུང་མོད་ཀྱི་དེ་དག་གི་རྒྱུ་གཙོ་བོའི་རྒྱུ་དང་། རྒྱུའི་རྒྱུ་དང་། མཐར་རྫོགས་པར་བྱེད་པའི་རྒྱུ་གང་ལགས་
ཞེས་དྲིས་པ། དེ་དག་གི་རྒྱུ་ནི་གང་། རྩ་བ་ནི་གང་། མཐར་གྱུར་པ་ནི་གང་ཞེས་སོ། །དེ་ལ་འཕགས་པ་ཕྱག་ན་རྡོ་རྗེ་ཚུལ་སྣ་ཚོགས་ལ་སོགས་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོ་གཅིག་པར་ཆུད་པའི་ཤེས་རབ་ཀྱིས་སམ། ཐོས་པའི་ཤེས་རབ་ཀྱིས་ཤེས། དེ་
སྟེ་ཆུད་པའི་ཤེས་རབ་ཀྱིས་ཤེས་ན་དེ་བཞིན་གཤེགས་པ་དང་ཁྱད་པར་མེད། ཐོས་པའི་ཤེས་རབ་ཀྱིས་ཆུད་ན་སེམས་ཅན་ཕལ་དང་འདྲ་བར་དོགས་པ་ལ་ལན་དུ་བྱ་བ། ཤེས་རབ་དེ་གཉིས་ཀས་ཤེས་པ་ལ་ཉེས་པ་མེད་དེ། བཅོམ་ལྡན་འདས་ཀྱིས་སྐུ་མི་ཟད་པའི་རྒྱན་ལ་སོགས་པར་
Vol. 69 · folio 76a
འཇུག་པ་རང་གི་མཐུ་ཇི་ཙམ་པའི་སྤྱོད་ཡུལ་ཆུད་ཀྱི། བཅོམ་ལྡན་འདས་ལྟར་རྣམ་པ་ཐམས་ཅད་དུ་ཆུད་པ་ནི་མ་ཡིན་ཏེ་ཁྱད་པར་མེད་པར་མི་འགྱུར། ཐོས་པ་ཡང་ཆུད་པ་གཙོ་བོ་ཡིན་པར་གྱུར་གྱི། སེམས་ཅན་ཕལ་ལྟར་ཐོས་པ་ཙམ་གཙོར་གྱུར་པ་མ་ཡིན་པས་སེམས་
ཅན་ཕལ་དང་ཁྱད་པར་མེད་པར་མི་འགྱུར་རོ། །གཉིས་སུ་ནི་ཆུད་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་ཆུད་པ་ལ་ཉེས་པ་མེད་དེ། བཅོམ་ལྡན་འདས་ཀྱིས་བྱིན་གྱི་རླབས་ཀྱིས་ཕ་རོལ་གྱི་སེམས་ཤེས་པ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པ་ཐམས་ཅད་དུ་ཆུད་པར་
འགྱུར་རོ། །དེ་ལ་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའི་རྒྱུ་དང་རྩ་བ་དང་མཐར་གྱུར་པ་དྲིས་པ་ལ། དགེའོ་དགེའོ་ཚིག་ལན་གསུམ་གསུངས་པ། གོང་མ་གཉིས་ནི་དྲིས་པའི་དངོས་པོ་བཟང་བས་མཉེས་ཏེ། བསྟོད་པའི་ཚིག་ཏུ་ལན་གཉིས་བཟླས་པ་ནི་
དྲིས་པའི་ཚིག་དེ་ཉིད་དགེ་བ་ལ་བྱ། འོག་མ་གཅིག་ནི་ཕྱག་ན་རྡོ་རྗེ་ལ་བྱ་སྟེ། དེ་ལྟ་བུའི་དོན་བཟང་པོ་འདྲི་ཞིང་སེམས་ཅན་ལ་ཕན་གདགས་པའི་ཕྱིར་དྲིས་པ་དགེའོ་ཞེས་གསུངས་པའོ། །དགེ་བར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་ཅེས་པས་སྣོད་བཞི་ལས་བཟློག་པར་གསུངས་ཏེ། ཉོན་ཅིག་
ཅེས་པ་ནི་སྣོད་ཁས་ཕུབ་པ་ལས་བཟློག་པའོ། །དགེ་བར་ཞེས་པ་ནི་སྣོད་གྱོ་མོ་ལས་བཟློག་པའོ། །ཤིན་ཏུ་ཞེས་པ་ནི་སྣོད་མི་གཙང་བས་གང་བ་ལས་བཟློག་པའོ། །ཡིད་ལ་ཟུང་ཤིག་ཅེས་པས་ནི་སྣོད་ཞབས་རྡོལ་ལས་བཟློག་པའོ། །བྱང་ཆུབ་ཀྱི་སེམས་ནི་རྒྱུའོ། །སྙིང་རྗེ་ནི་རྩ་བའོ། །ཐབས་ནི་
མཐར་གྱུར་པ་ཞེས་པ་ལ་དེ་ལ་བྱང་ཆུབ་ཀྱི་སེམས་ལ་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་ཀྱི་ཕྱིར་སེམས་དཔའ་དང་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་སོ། །བྱང་ཆུབ་ཀྱི་ཕྱིར་སེམས་དཔའ་ནི་སྨོན་པ་དང་འཇུག་པའི་སེམས་དག་ཀྱང་ཡིན་མོད་ཀྱི། སྐབས་འདིར་ས་དང་པོའི་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ།
ས་དང་པོའི་སེམས་དེ་མངོན་པར་བྱང་ཆུབ་པའི་སྙིང་པོར་སྦྱོར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་ཀྱང་འདི་ལྟ་སྟེ། ས་དང་པོ་བྱང་ཆུབ་ཀྱི་སེམས་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཆུད་པའི་རང་བཞིན་ཏེ། མངོན་པར་བྱང་ཆུབ་པ་དང་རང་བཞིན་གཅིག་པའི་ཕྱིར་རོ། །དེ་ལྟ་བུའི་
Vol. 69 · folio 76b
བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུའི་གཙོ་བོར་རིག་པར་བྱའོ། །སྙིང་རྗེ་ནི་རྩ་བ་སྟེ་སེམས་ཅན་སྡུག་བསྔལ་བས་གདུངས་པ་ལས་བྲལ་བའི་ཕྱིར། སྙིང་རྗེའི་སྒོ་ནས་སྨོན་ལམ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། དེ་བས་ན་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྩ་
བར་གྱུར་པས་ན་རྒྱུའི་ཡང་རྒྱུར་བལྟའོ། །གཉིས་སུ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྟན་པར་གནས་པའི་ཕྱིར་རྩ་བ་ཞེས་བྱ་སྟེ། ཐུགས་རྗེའི་གཟུངས་ཀྱིས་ལྷག་མ་མ་ལུས་པའི་མྱ་ངན་ལས་མི་འདའ་བར་དུས་ཐམས་ཅད་དུ་མི་གནས་པའི་མྱ་ངན་ལས་འདས་པར་གནས་ཤིང་། ཀུན་རྫོབ་
དང་དོན་དམ་པའི་ཡེ་ཤེས་བརྟན་པ་སྟེ། སྡོང་པོའི་རྩ་བ་ལྟར་བརྟན་པར་བྱེད་པ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩ་བའོ། །ཐབས་ནི་མཐར་གྱུར་ཞེས་པ་ལས། ཐབས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་སྦྱོར་བའི་མཐའ་དེ་
དག་གིས་བརྟན་པས་ན་མཐར་གྱུར་པར་བལྟའོ། །དེ་ལ་ཐམས་ཅད་མཁྱེན་པའི་རྒྱུ་བྱང་ཆུབ་ཀྱི་སེམས་སོ་ཞེས་བྱ་བ་བྱང་ཆུབ་ཉིད་གང་ཡིན་མི་ཤེས་པ་བསྟན་པ་གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན་འདི་ལྟ་སྟེ། འདི་ནི་ནམ་མཁའི་མཚན་ཉིད་དོ་ཞེས་གསུངས་པའི་བར་དུའོ། །གོང་དུ་བྱང་
ཆུབ་ཀྱི་སེམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུར་བཤད་པ་དེའི་བྱང་ཆུབ་ཀྱི་རང་བཞིན་བཤད་པ་ལ་བྱ་སྟེ། གསང་བའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཉིད་ཇི་ལྟ་བ་ཉིད་དུ་ཤེས་པ་ཞེས་པ་ལ་གང་ཞེ་ན་ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་བྱང་
ཆུབ་རྣམས་ལས་གང་ཡིན་ཞེས་པ་ལ་མི་བྱའི་བྱང་ཆུབ་དེ་ཅི་འདྲ་བ་ཞེས་པ་ལ་བྱའོ། །རང་གི་སེམས་ཇི་ལྟ་བ་ཉིད་དུ་ཤེས་པ་ནི་སྦྱོར་བའི་སེམས་ཀྱིས་བུམ་པ་ལ་སོགས་པ་ཇི་བཞིན་པར་མཐོང་བ་དེ་སྐད་ཅིག་མ་ཕྱི་མའི་སེམས་ཀྱི་བུམ་པ་ལ་སོགས་པའི་ཇི་བཞིན་པ་དེ་ཡང་དག་པ་མ་ཡིན་པར་སུན་ཕྱུང་
ནས་དེ་ལྟར་གཟུང་བའི་ཆ་སུན་ཕྱུང་སྟེ། མེད་ན་འཛིན་པའི་ཆ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་གཟུང་བ་དང་འཛིན་པའི་རང་བཞིན་དང་བྲལ་བ་ཡོངས་སུ་དག་པར་ཇི་བཞིན་མེད་པར་རང་བཞིན་གྱིས་དག་པར་ཤེས་པ་ནི་རང་གི་སེམས་ཡང་དག་པར་ཇི་ལྟ་བ་ཉིད་དུ་ཤེས་པའོ། །དེ་བཞིན་དུ་གཞུང་
Vol. 69 · folio 77a
གཞན་ལས་ཀྱང་། ཡེ་ཤེས་བཞི་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་སུ་བཤད། མེ་ལོང་ལྟ་བུའི་ཡེ་ཤེས་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བཤད་པར་རིག་པར་བྱའོ། །དེ་ནི་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་པ་ལ། བླ་ན་མེད་པ་ནི་བྱང་ཆུབ་དེའི་གོང་ན་དེ་ལས་ལྷག་པའི་བྱང་ཆུབ་གཞན་མེད་པའོ། །ཡང་དག་པར་བྱང་ཆུབ་པ་ནི་ཕྱིན་ཅི་མ་ལོག་པར་བྱང་ཆུབ་པ་ལ་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་ཀྱང་། ཤེས་བྱའི་སྒྲིབ་
པ་མ་སྤངས་པས་ཕྱོགས་གཅིག་ཕྱིན་ཅི་ལོག་པ་ནི་མ་ཡིན་གྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤངས་པས་ཡང་དག་པར་བྱང་ཆུབ་པའོ། །རྫོགས་པར་བྱང་ཆུབ་པ་ནི་ཀུན་དུ་བྱང་ཆུབ་པ་ཞེས་བྱ་སྟེ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའི་བག་ཆགས་ཡན་ཆད་མ་ལུས་པར་སྤངས་པས་
ན་ཀུན་དུ་བྱང་ཆུབ་པ་ཞེས་བྱའོ། །གཉིས་སུ་ན་རང་གི་སེམས་ཇི་ལྟ་བ་ཉིད་ཀུན་རྫོབ་དང་དོན་དམ་པའི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་སྟོང་པར་ཤེས་པར་བྱའོ། །གསང་བའི་བདག་པོ་དེ་ལ་ནི་ཆོས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞིང་དམིགས་པ་མེད་དོ་ཞེས་པ་ནི། བྱང་ཆུབ་དེ་ལ་ཕུང་པོ་དང་
ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པ་ནི་ཆོས་ཀྱི་རང་བཞིན་བག་ཆགས་ཙམ་ཡང་མེད་པས་བྱང་ཆུབ་དེ་ཉིད་འཛིན་པའི་རང་བཞིན་དུ་ཡོད་པ་མ་ཡིན་ནོ། །དམིགས་སུ་མེད་དོ་ཞེས་པ་ནི་དམིགས་པའི་ཡུལ་མ་ཡིན་པས་གཟུང་བའི་རང་བཞིན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་
དེ་ནི་ནམ་མཁའི་མཚན་ཉིད་དོ་ཞེས་པ་ནི་དེ་ལ་ནམ་མཁའི་མཚན་ཉིད་རྟག་པ་དང་མི་འགྱུར་བ་དང་སྟོང་པ་ལ་སོགས་པའི་མཚན་ཉིད་ཀྱང་ཡིན་མོད་ཀྱི། སྐབས་འདིར་གཟུང་བ་དང་འཛིན་པ་རང་བཞིན་མེད་པ་ལ་བྱ་སྟེ། དེ་བས་ན་དེ་ལྟར་བསྟན་པས་གསུངས་པ་དེ་ལ་ཤེས་བྱ་དང་ཤེས་པར་བྱ་བ་
གང་ཡང་མེད་དོ་ཞེས་སོ། །ཤེས་པ་ནི་འཛིན་པའོ། །ཤེས་པར་བྱ་བ་ནི་གཟུང་བར་བྱ་བ་སྟེ། བྱང་ཆུབ་དེ་ལ་གཟུང་བ་དང་འཛིན་པ་གང་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་བྱང་ཆུབ་ལ་མཚན་མ་མེད་པས་སོ་ཞེས་པས་ནི་བྱང་ཆུབ་དེ་ལ་ཁ་དོག་སྔོན་པོ་དང་སེར་པོ་ཇི་
Vol. 69 · folio 77b
བཞིན་པ་དང་ཁ་དོག་དབྱིབས་ལ་སོགས་པ་ཇི་བཞིན་པའི་མཚན་མ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་ཅེས་པ་ལ་སོགས་པའི་སེམས་ཇི་བཞིན་པར་ཤེས་པ་དེ་བྱང་ཆུབ་ཅས་བཤད་ན། སེམས་ལས་གཞན་པའི་ཆོས་དེ་དག་ཇི་བཞིན་པར་ཤེས་པ་ནི་མ་ཡིན་ནམ་ཞེ་ན། ཇི་
ལྟར་སེམས་ཇི་བཞིན་པར་ཤེས་ཤིང་མཚན་མ་མེད་པ་ལ་སོགས་པ་བཤད་པ་བཞིན་ནོ། །ཆོས་ཐམས་ཅད་ཀྱང་མཚན་མ་མེད་དེ་ནམ་མཁའ་བཞིན་ཞེས་པའོ། །ཡང་ན་བྱང་ཆུབ་མཚན་མ་མེད་པ་ནི་ཆོས་ཐམས་ཅད་མཚན་མ་མེད་དེ་ནམ་མཁའི་མཚན་ཉིད་དོ་ཞེས་པར་ཡང་བཤད་དོ། །དེ་ལ་ཆོས་
ནི་སེམས་ལས་གཞན་པའི་ཕུང་པོ་ལ་སོགས་པའོ། །འདི་ལྟ་སྟེ་ནམ་མཁའི་མཚན་ཉིད་དོ་ཞེས་པ་ནི་ནམ་མཁའ་ལ་མཚན་ཉིད་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ནས་བཙལ་
བར་བགྱི། བྱང་ཆུབ་མངོན་པར་རྫོགས་པ་ཡང་གང་ནས་བཙལ་བར་བགྱི་ཞེས་པ་ནས། གསང་བའི་བདག་པོ་དེ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཆོས་སྣང་བའི་སྒོ་མོ་སྟེ་ཆོས་སྣང་བའི་ཚུལ་དང་པོའོ་ཞེས་པའི་བར་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་
དང་། བྱང་ཆུབ་མངོན་པར་རྫོགས་པར་བྱ་བའི་ཕྱིར། འཇུག་པའི་ཐབས་དྲིས་པ་དང་། དེ་གཉིས་རང་གི་སེམས་ལས་བཙལ་བའི་ཐབས་བསྟན་པ་ལ་བྱའོ། །དེ་ལ་ཐམས་ཅད་མཁྱེན་པའི་བྱང་ཆུབ་མངོན་པར་རྫོགས་པ་གང་ནས་བཙལ་ཞེས་པ་ནི་དེ་ལ་ཇི་ལྟར་འཇུག་ཅེས་དྲིས་པའོ། །བྱང་ཆུབ་
དེ་དང་ཐམས་ཅད་མཁྱེན་པ་ཉིད་རང་གི་སེམས་ལས་བཙལ་བར་བྱའོ་ཞེས་པ་ནས་རང་གི་སེམས་ཉིད་གཟུང་བ་དང་འཛིན་པའི་ཕྱིར་རང་བཞིན་རྣམ་པར་རྟོག་པའི་བག་ཆགས་སྤངས་ཏེ། རྣམ་པར་དག་པ་ན་རང་བཞིན་གྱིས་འོད་གསལ་བ། སོ་སོ་རང་གི་རིག་པ་མི་གཡོ་བ་ཡེ་ཤེས་ཀྱི་སྣང་བའི་
མཚན་ཉིད་བྱང་ཆུབ་དང་། ཐམས་ཅད་མཁྱེན་པའི་རང་བཞིན་དུ་འགྱུར་ཞེས་པའི་དོན་ཏོ། །སེམས་ལ་ཇི་ལྟར་བརྟགས་པས་དོན་དེ་ཤེས་པར་འགྱུར་ཞེ་ན། དེ་རྟོག་པའི་གང་ཟག་ཀྱང་རྣམ་པ་གཉིས་ཏེ། དབང་པོ་ལས་འདས་པའི་ཡེ་ཤེས་དང་ལྡན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
Vol. 69 · folio 78a
དང་། འོག་མའི་ལྟ་བ་ཅན་འགྲོ་བ་ཐ་དད་པ་རྣམས་ཀྱིས་སོ། །དེ་ལ་འགྲོ་བ་ཐ་དད་པས་བརྟག་པར་གསུངས་པ། སེམས་ཕྱི་ནང་དང་བར་ནས་མི་དམིགས་སོ་ཞེས་སོ། །ཕྱི་ནི་གཟུང་བ་ནང་ནི་འཛིན་པ། བར་ནི་དེ་གཉིས་གའི་བར་ནས་ཀྱང་སེམས་མི་དམིགས་སོ་ཞེས་པའོ། །
དབང་པོ་ལས་འདས་པའི་ཡེ་ཤེས་དང་ལྡན་པ་རྣམས་ཀྱིས་ཀྱང་རྣམ་པ་ལྔའི་དངོས་པོར་སེམས་མ་དམིགས་པ་ནི། ཁ་དོག་དང་དབྱིབས་དང་ཁམས་དང་རྒྱུད་དང་གནས་པར་ཏེ། དེ་བས་ན་ཁ་དོག་སྔོན་པོར་ཡང་མ་ཡིན་ཞེས་པ་ནས་ལུས་ལ་མི་གནས་ཡིད་ལ་མིག་ནས། མཐོང་བ་ཡང་མེད། མཐོང་
བར་འགྱུར་བ་ཡང་མ་ཡིན་ཞེས་པའི་བར་དུ་གསུངས་པ་སྟེ། མཐོང་བ་མེད་ཅེས་པ་ནི་འདས་པ་དང་ད་ལྟར་གྱི་དུས་ན་ཡང་མ་མཐོང་བའོ། །མཐོང་བར་འགྱུར་བ་ཡང་མ་ཡིན་ནོ་ཞེས་པ་ནི་མ་འོངས་པའི་དུས་ན་ཡང་མཐོང་བར་མི་འགྱུར་བའོ། །ཁ་དོག་སྔོན་པོ་ཡང་མ་ཡིན་ཞེས་པ་ནས་ཁ་དོག་ཤེལ་
ལྟ་བུའི་བར་ཡང་མ་ཡིན་ཞེས་པའི་བར་དུ་ནི་སེམས་དེ་ཁ་དོག་ཇི་བཞིན་པར་མཐོང་བའི་ཡུལ་མ་ཡིན་པ་ལ་བྱའོ། །ཐུང་ངུ་མ་ཡིན་ཞེས་པ་ནས་མ་ནིང་དུ་ཡང་མ་ཡིན་ཞེས་པའི་བར་དུ་དབྱིབས་ཇི་བཞིན་པར་མ་ཡིན་པ་ལ་བྱའོ། །འདོད་པའི་ཁམས་ཀྱི་རང་བཞིན་མ་ཡིན་གཟུགས་དང་གཟུགས་མེད་
པའི་ཁམས་ཀྱི་རང་བཞིན་ཡང་མ་ཡིན་ཞེས་པ་ནི་ཁམས་ཀྱི་ཇི་བཞིན་པར་མཐོང་བ་མེད་པ་ལ་བྱའོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་ཞེས་པ་ནས་སེམས་ཅན་གྱི་རིས་མཐུན་པའི་རང་བཞིན་མ་ཡིན་ཞེས་པའི་བར་དུ་རྒྱུད་ཇི་བཞིན་མཐོང་བ་མེད་པ་ལ་བྱའོ། །སེམས་ནི་མིག་ལའང་མི་གནས་ཞེས་པ་ནས་
ཡིད་ལ་མི་གནས་ཞེས་པའི་བར་དུ་དབང་པོ་དྲུག་ལ་སེམས་གནས་པར་མཐོང་བ་མེད་པ་ལ་བྱའོ། །ཁ་དོག་དང་དབྱིབས་ལ་སོགས་པ་དེ་རྣམས་ཀྱི་ཇི་བཞིན་པར་སྣང་བ་ནི། སེམས་དེ་གཟུང་བ་དང་འཛིན་པའི་རང་བཞིན་དང་མ་བྲལ་བས་དྲི་མ་དང་བཅས་པར་འགྱུར། དེ་ལྟར་དྲི་མ་དང་བཅས་པས་ན་
ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་ཏེ། དེ་བས་ན་དྲི་མ་དེ་དག་ཐམས་ཅད་ཡོངས་སུ་དག་པའི་སེམས་དེ་ནི་ཐམས་ཅད་མཁྱེན་པ་སྟེ། དེའི་ཕྱིར་གསུངས་པ། ཅིའི་ཕྱིར་ཞེ་ན། སེམས་ནི་ནམ་མཁའི་མཚན་ཉིད་དེ། །ཞེས་པ་སྟེ་ནམ་མཁའི་མཚན་ཉིད་ནི་རྟོག་པ་དང་རྣམ་པར་རྟོག་པ་
Vol. 69 · folio 78b
སྤངས་པ་སྟེ། ནམ་མཁའི་མཚན་ཉིད་དེ་དང་འདྲ་བའི་ཕྱིར་གསུངས་པ་དེ་བས་ན་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ་ཞེས་པ་སྟེ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་སྤངས་པ་ཞེས་པའི་དོན་ཏོ། །དེ་ལྟར་སེམས་ནི་ནམ་མཁའི་མཚན་ཉིད་དང་འདྲ་བས་བྱང་ཆུབ་ཀྱང་
དེ་ཡིན། གསུངས་པ་གང་ནམ་མཁའི་རང་བཞིན་པ་དེ་སེམས་ཀྱི་རང་བཞིན་པས་དེ་བྱང་ཆུབ་ཀྱི་རང་བཞིན་ཞེས་པའོ། །དེ་ལྟར་སེམས་དང་ནམ་མཁའ་དང་བྱང་ཆུབ་རྣམས་གཟུང་བ་དང་འཛིན་པའི་རང་བཞིན་གཉིས་སུ་མེད་པར་གསུངས་པ། དེ་ལྟར་ན་གསང་བའི་བདག་པོ་སེམས་དང་
ནམ་མཁའི་དབྱིངས་དང་། བྱང་ཆུབ་མི་གཉིས་ཏེ་དེ་དག་ལ་གཉིས་སུ་མེད་ཅེས་པའོ། །དེ་ནི་སྙིང་རྗེའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པའོ་ཞེས་པ་ནི་དེ་ལྟ་བུའི་སེམས་རང་བཞིན་གྱིས་གཟུང་བ་དང་འཛིན་པའི་བག་ཆགས་ཀྱང་མེད་པ་བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་མཚན་ཉིད་དེའི་
རྩ་བ་ནི་སྙིང་རྗེ་སྟེ་བརྟན་པར་བྱེད་པའོ། །དེ་ལ་སྦྱོར་བར་བྱེད་པའི་ཐབས་ནི་ཕ་རོལ་ཏུ་ཕྱིན་པ་སྟེ། ཡོངས་སུ་ཟིན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་སྐྱོང་བའི་རྒྱུར་ཤེས་པར་བྱའོ། །གསང་བའི་བདག་པོ་དེ་གཞུང་འདིས་འདི་ལྟར་རིག་པར་བྱའོ་ཞེས་པ་ནི་གོང་དུ་བྱང་ཆུབ་གང་ཞེ་ན་རང་གི་སེམས་
ཇི་ལྟ་བ་ཉིད་དོ་ཞེས་པ་དང་། ཐམས་ཅད་མཁྱེན་པ་དང་བྱང་ཆུབ་མངོན་པར་རྫོགས་པར་རང་གི་སེམས་ལས་བཙལ་བར་བྱའོ་ཞེས་གསུངས་པ་དང་། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་རང་གི་སེམས་ལས་བཅོལ་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཞེས་པ་ལ་སོགས་པ་གསུངས་པ་དེ་
གཞུང་གཅིག་སྟེ། གཉི་ག་ཡང་བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བའི་ཚིག་གི་གཞུང་དུ་རིག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆུད་པའི་ཆོས་དང་། ལུགས་ཀྱི་ཆོས་བྱང་ཆུབ་སེམས་དཔའི་འཁོར་ལ་གང་དང་གང་བཤད་པ། ཚིག་ལ་སོགས་པའི་སྒོ་ཐ་དད་
ཀྱང་གཞན་གྱི་ཕྱིར་མ་ཡིན་གྱི། དོན་རྣམ་པ་གཉིས་ཀྱི་ཕྱིར་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་དང་། རང་གི་སེམས་ཀུན་དུ་ཤེས་པར་བྱ་བའི་ཕྱིར། དེ་བས་ན་གསུངས་པ། ངས་བྱང་ཆུབ་སེམས་དཔའི་འཁོར་ལ་ཆོས་གང་དང་གང་བཤད་པ་དེ་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་རྣམ་
Vol. 69 · folio 79a
པར་དག་པ་དང་སེམས་ཡོངས་སུ་ཤེས་པའི་ཕྱིར་ཞེས་པ་དེ་ལ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་བྱང་ཆུབ་ཀྱི་སེམས་ཆུད་པ་དེ་གཟུང་པ་དང་འཛིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་དག་པའོ། །སེམས་ཞེས་པ་ནི་གང་སེམས་ཀྱི་ངོ་
བོ་ཤེས་པ་དེའི་རྒྱུས་ས་དང་པོ་ཐོབ་པར་བྱེད་པ་དེ་ལ་བྱ་སྟེ། མོས་པ་སྤྱོད་པའི་ཚེ་སེམས་བསྐྱེད་དེ། དེ་དག་གི་ཕྱིར་ཆོས་བཤད་ཅེས་པའི་དོན་ཏེ་བྱང་ཆུབ་ཀྱི་སེམས་ཉིད་ལ་སྦྱོར་བར་བྱེད་པའོ། །དེ་ལྟར་སེམས་ཡོངས་སུ་གཟུང་བར་བྱ་བ་ཡང་ཁ་དོག་ཇི་བཞིན་པ་ལ་སོགས་པར་ཤེས་པར་བྱ་བ་
མ་ཡིན་གྱི་ཇི་བཞིན་པའི་རང་བཞིན་ཐམས་ཅད་ལས་འདས་པའི་རང་བཞིན་དུ་སྟེ། བྱང་ཆུབ་ནི་གཟུང་བ་དང་འཛིན་པའི་ཆ་དང་བྲལ་བ་རྣམ་པར་དག་པ་ཙམ་གྱི་རང་བཞིན་དུ་ཡང་མ་ཡིན་ཏེ། ཇི་ཙམ་དུ་མཚན་མར་གྱུར་པ་དེ་དག་ཐམས་ཅད་དུ་རང་གི་སེམས་དེ་ཤེས་པར་མི་བྱ་ཞིང་བཙལ་དུ་མི་
རྙེད་པ་གསུངས་པ་འདི་ལྟ་སྟེ། ཇི་བཞིན་དུ་དབྱིབས་སམ་ཁ་དོག་ཏུའམ་ཞེས་པ་ནས་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ཀྱང་མི་རྙེད་དོ་ཞེས་པའི་བར་དུ་སྟེ་ཁ་དོག་དང་དབྱི་བས་ལ་སོགས་པའི་རྣམ་པ་དེ་དག་རེ་རེ་ནས་སྨོས་པ་ཡང་གང་དང་གང་དུ་ཆགས་པའི་གནས་རྣམས་སུ་རིག་པའི་གཞུང་
གིས་བརྟགས་ན་དངོས་པོ་ཡོད་པ་མ་ཡིན་ཏེ། ཁ་དོག་དང་གཟུགས་ལ་སོགས་པའི་དེ་དག་བརྟགས་པ་ཡང་ཁ་དོག་དང་གཟུགས་ལ་སོགས་པ་དེ་དག་སེམས་ལས་ཐ་མི་དད་དེ། སེམས་ཀྱི་སྣང་བ་ཡིན་ན་ནི་སེམས་ཉིད་ཀྱང་གཟུགས་ཅན་དུ་འགྱུར་བ་ཇི་ཙམ་དུ་གཟུགས་དང་ལྡན་པ་དེ་ཐམས་ཅད་
རྡུལ་ཕྲན་གྱི་ཆས་གཞིགས་ན་ཡོད་པར་མི་འགྱུར་ཏེ། ཁ་དོག་ལ་སོགས་པ་དེ་དག་སེམས་ལ་ཐ་དད་ཀྱང་དེ་དག་རྡུལ་ཕྲན་གྱི་ཆས་གཞིགས་ན་ཡོད་པར་མ་གྲུབ་པས་གཟུགས་མེད་ན་གཟུགས་ཀྱི་ཇི་བཞིན་པར་སྐྱེ་བའི་རྣམ་པར་ཤེས་པ་མི་སྐྱེ་སྟེ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ལ་
སོགས་གཞན་ཡང་ཕྱི་རོལ་གྱི་ཡུལ་སུན་ཕྱུང་སྟེ། དམིགས་སུ་མེད་པས་ན་ཡུལ་ཅན་མེད་པར་སེམས་དང་སེམས་ལས་བྱུང་བ་མི་སྲིད་པས་མི་དམིགས་སོ། །གསང་བའི་བདག་པོ་དེ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཆོས་སྣང་བའི་ཚུལ་ལོ་
Vol. 69 · folio 79b
ཞེས་པ་ནི་དེ་ལྟ་བུའི་ཚུལ་དུ་མོས་པ་སྤྱོད་པའི་ས་ན་སེམས་ཡོངས་སུ་ཤེས་པ་དེ་ནི་རྣམ་པ་གསུམ་གྱི་རྒྱུ་ཡིན་པར་བཤད་པ་ནི་ས་དང་པོའི་བྱང་ཆུབ་ཀྱི་སེམས་དང་། མངོན་པར་བྱང་ཆུབ་པ་དང་ཐམས་ཅད་མཁྱེན་པའོ། །དེ་ལ་ས་དང་པོའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་མཚན་ཉིད་ལ་འཇུག་
པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ཞེས་གསུངས་སོ། །ཆོས་སྣང་བའི་སྒོ་ཞེས་པ་ནི་མྱ་ངན་ལས་འདས་པའི་ཆོས་གཟུང་བ་དང་འཛིན་པ་དང་བྲལ་བ་སྟེ། སྣང་བ་ནི་མཁྱེན་ཞེས་པའི་དོན་ཏོ། །སྙིང་པོ་བྱང་ཆུབ་ཉིད་དོ། །དེ་ཐོབ་པའི་རྒྱུའམ་སྒོ་ནི་སེམས་ཞེས་པའོ། །ཆོས་སྣང་བའི་
ཚུལ་ཞེས་པ་ནི། སྐད་ཅིག་མ་དང་པོ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་མངོན་པར་བྱང་ཆུབ་ནས། ཐམས་ཅད་མཁྱེན་པའི་མཚན་ཉིད་མེ་ལོང་ལྟ་བུ་དང་སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་སྐད་ཅིག་མ་གཉིས་པ་ལ་ཐོབ་སྟེ། མྱ་ངན་ལས་འདས་པའི་ཆོས་ཀུན་རྫོབ་དང་དོན་
དམ་པའི་ཚུལ་དུ་ཐམས་ཅད་མཁྱེན་པའོ། །དང་པོ་ཞེས་པ་ནི་སྐད་ཅིག་མ་དང་པོ་ལ་བྱང་ཆུབ་ཐོབ་པ་ལ་བྱའོ། །དེ་དག་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་བོ་ཞེས་པའི་བར་དུ་དེ་ལྟ་བུར་རང་གི་སེམས་ཇི་ལྟ་བ་ཉིད་ཤེས་
པར་བྱེད་པ་ལ་གནས་པའི་རྗེས་སུ་བསྔགས་པ་བཤད་པ་ལ་བྱ་སྟེ། དེ་དག་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནི་རང་གི་སེམས་གཟུང་བ་དང་འཛིན་པ་ལ་སོགས་པའི་ཇི་བཞིན་པར་མི་ལྟ་བར་གནས་པ་ལ་བྱ་སྟེ། དེ་ལྟར་གཟུང་བ་དང་འཛིན་པའི་རང་བཞིན་མ་མཐོང་བའི་སེམས་
ནི་རྣམ་པར་དག་པ་སྟེ། དེ་ལྟར་སེམས་རྣམ་པར་དག་པ་ན། ལྷུན་གྱིས་གྲུབ་པ་ཉིད་དུ་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། ཚེའི་སྒྲིབ་པ་ལ་སོགས་པ་ཐམས་ཅད་སྤང་བའི་གཉེན་པོར་གྱུར་པའོ། །ཏིང་ངེ་འཛིན་རབ་ཏུ་འཐོབ་པར་གྱུར་ཏེ། དེ་བས་ན་གསུངས་པ། ཉོན་མོངས་
པའི་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་རབ་ཏུ་འཐོབ་ཅེས་སོ། །དེ་ལྟ་བུའི་སེམས་རྣམ་པར་དག་པ་ལ་རབ་ཏུ་གནས་པར་གྱུར་པ་ནི་སྒྲིབ་པ་ཐམས་ཅད་བསལ་བས་སངས་རྒྱས་ཐམས་ཅད་ལ་མངོན་སུམ་དུ་ཆོས་ཉན་ཅིང་བསྙེན་བཀུར་བྱེད་པ་དང་ལྔ་མངོན་པར་ཤེས་པ་འཐོབ་སྟེ། འཕྲུལ་གྱི་
Vol. 69 · folio 80a
མིག་གིས་ལམ་རིང་པོ་ན་འདུག་པའི་གཟུགས་ཀྱང་རི་དང་རྩིག་པ་ལ་སོགས་པ་ལ་ཐོགས་པ་མེད་པར་མཐོང་། རྫུ་འཕྲུལ་གྱི་རྣ་བས་ལམ་རིང་པོ་ན་འདུག་པའི་སྒྲ་ཡང་རི་དང་རྩིག་པ་ལ་སོགས་པས་བར་མི་ཆོད་པར་ཐོས། ཕ་རོལ་གྱི་སེམས་འདོད་ཆགས་དང་བཅས་པའམ།
འདོད་ཆགས་དང་བྲལ་བ་ལ་སོགས་པ་ཤེས། ཚེ་རབས་སྔ་མ་ལ་ཡང་ཅི་བྱེད་པ་དང་། གནས་གང་ན་གནས་པ་རྗེས་སུ་དྲན། རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པ་འཐོབ་སྟེ། མཐའ་ཡས་པའི་མི་དང་ལྷ་ལ་སོགས་པའི་ཚིག་ཤེས་པ་གཟུངས་མཐའ་ཡས་པའི་བྱ་བ་ལ་སོགས་པའི་དབྱངས་
ཀྱི་ང་རོ་ལས་དོན་ཆུང་བའི་གཟུགས་དང་འབྲུག་གི་སྒྲ་དང་། སེམས་ཅན་མ་ཡིན་པའི་སྒྲས་ས་གཡོ་བ་དང་ཆུ་ལ་སོགས་པའི་སྒྲ་མཐའ་ཡས་པ་ལ་སོགས་པ་ལས། སྒྲ་དེ་དག་གི་དོན་ཅི་ཟེར་བ་རྟོགས་པའི་གཟུངས་ཐོབ་སྟེ། སེམས་ཅན་རྣམས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་འགྱུར་
རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས་ཁམས་གསུམ་ན་འཁོར་བ་ན་ཡང་འཐོབ་པའི་ཆོས་ཉམས་པར་མི་འགྱུར་བ་དང་། མ་ཐོབ་པ་ཡང་མི་ཐོབ་པར་མི་འགྱུར་ཞིང་སེམས་ཅན་གྱི་དོན་བྱ་བ་ལ་ནམ་འཁོར་བ་ཡོད་ཀྱི་བར་དུ་སྐྱོ་བར་མི་འགྱུར་ཏེ། དེ་བས་ན་
གསུངས་པ། སངས་རྒྱས་ཐམས་ཅད་གནས་པར་རབ་ཏུ་འཐོབ། ལྔ་མངོན་པར་ཤེས་པ་ཡང་རབ་ཏུ་འཐོབ། མཐའ་ཡས་པའི་ཚིག་དང་དབྱངས་དང་སྒྲའི་གཟུངས་རབ་ཏུ་འཐོབ། སེམས་ཅན་རྣམས་ཀྱི་བསམ་པ་བཞིན་དུ་འཇུག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་
བྱིན་གྱིས་བརླབས་ནས་འཁོར་བ་ན་ཡང་ཆོས་མི་ཉམས་པས་སེམས་ཅན་གྱི་དོན་བྱ་བ་ལ་མི་སྐྱོ་བ་ཡིན་ཞེས་པའོ། །འདུས་མ་བྱས་ཀྱི་ཚུལ་ཁྲིམས་ལ་རབ་ཏུ་གནས་ཞེས་པ་ནི། སྟོང་པ་ཉིད་རབ་ཏུ་རྟོགས་པ་ལ་གནས་པས་སྟོང་པ་ཉིད་ཀྱི་ངང་ཚུལ་དུ་གྱུར་པ་ཡིན་གྱི། སེམས་ཅན་གྱི་དོན་
གྱི་ཚུལ་ཁྲིམས་དང་། དགེ་བ་ལ་སོགས་པའི་ཚུལ་ཁྲིམས་དང་སྒོམ་པ་ལ་སོགས་པ་ཀུན་རྫོབ་ཀྱི་ཚུལ་ཁྲིམས་ལ་ནི་མི་བྱའོ། །ལོག་པར་ལྟ་བ་སྤངས་པ་ཞེས་པ་ནི། མུ་སྟེགས་ལ་སོགས་པའི་ལྟ་བ་རྣམས་དང་བྲལ་བ་ལ་བྱའོ། །ཡང་དག་པར་རྒྱུན་དུ་ཞུགས་ཞེས་པ་ནི་འདི་ལྟར་ལོག་
Vol. 69 · folio 80b
པའི་ལྟ་བ་སྤངས་བས་ཡང་དག་པའི་ལྟ་བ་རྟོགས་པ་ཞེའོ། །གཞན་ཡང་གསང་བའི་བདག་པོ་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནི་དེ་ལྟ་བུའི་ཏིང་ངེ་འཛིན་སྔར་ཐོབ་ནས་ཐོབ་པ་ཙམ་དུ་མ་ཟད་ཀྱི་ཏིང་ངེ་འཛིན་ཉིད་དང་ལྡན་པར་
གནས་པ་ལ་བྱའོ། །ཤིན་ཏུ་དད་པའི་མཐུས་སངས་རྒྱས་ཀྱི་ཆོས་ཉོན་མི་མོངས་པར་ཡོངས་སུ་རྫོགས་པར་འགྱུར་ཏེ་ཞེས་པ་ནི་གཟུང་བ་དང་འཛིན་པ་རབ་ཏུ་སྤངས་པ། རང་བཞིན་གྱིས་འོད་གསལ་བའི་སེམས་བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་ལ་ལྷག་པར་མོས་པའི་མཐུས་བསགས་པས་
སངས་རྒྱས་ཀྱི་ཆོས་ཆུད་པ་དང་། ལུགས་ཀྱི་མཚན་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་། སྐུའི་འཁོར་ལོ་ལ་སོགས་པའི་ཆོས་རྣམས་མ་བསྒྲུབས་ཀྱང་ཐོབ་པར་འགྱུར་བའོ། །མདོར་ན་གསང་བའི་བདག་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡང་རུང་སྟེ། དེ་ནི་ཡོན་ཏན་
ཚད་མེད་པ་དང་ལྡན་པར་འགྱུར་ཏེ་ཞེས་པ་ནི། དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་སོ་སོའི་ཡོན་ཏན་བརྗོད་ན་བསྐལ་པར་ཡང་མི་རྫོགས་ཏེ། བརྗོད་ཀྱིས་མི་ལང་བས་ཚད་འདི་ཙམ་མོ་ཞེས་གཟུང་དུ་མེད་དེ། མདོར་སྨྲས་པ་ཚད་མེད་པའི་ཡོན་ཏན་དང་
ལྡན་ནོ་ཞེས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། ཐུབ་པ་ཆེན་པོས་བཤད་དུ་གསོལ། །ཞེས་པའི་བར་དུ་ནི་གོང་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་དང་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཞིབ་ཏུ་བཤད་དེ། བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་ལ་གནས་པའི་
ཏིང་ངེ་འཛིན་ཐོབ་པའི་ཡོན་ཏན་གྱི་ཚད་ཀྱང་ཚད་མེད་པའི་ཡོན་ཏན་དང་ལྡན་པ་ཞེས་གསུངས་ཏེ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཇི་ལྟར་སྐྱེ་བར་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་དེའི་མཚན་ཉིད་ཅི་འདྲ་བར་ཤེས་པར་བྱ་བ་ལ་སོགས་པ་དྲིས་པ་སྟེ། དེ་ཇི་ལྟར་སེམས་ན་བཅོམ་ལྡན་
འདས་བྱང་ཆུབ་ཏུ་ནི་སྐྱེ་ཞེས་བགྱི་ཞེས་པ་ནི་སྤྱིར་ན་སྐྱེས་ཞེས་པ་དང་། སྐྱེ་ཞེས་བགྱི་ཞེས་པ་གཉིས་ཏེ། དེ་ལ་སྐྱེ་ཞེས་པ་ནི་མིང་ཙམ་སྟེ། དཔེར་ན་བུ་མངལ་དུ་ཞུགས་པ་ལྟ་བུའོ། །སྐྱེ་ཞེས་བགྱི་ཞེས་པ་ནི་སྐྱེས་པར་གདགས་པའི་དོན་ཏོ། །དཔེར་ན་བུ་བཙས་པ་དངོས་ལྟ་བུའོ། །དེ་བས་ན་
Vol. 69 · folio 81a
བྱང་ཆུབ་ཀྱི་སེམས་སྐྱེ་བ་ཙམ་དྲིས་པ་མ་ཡིན་གྱི་ས་དང་པོའི་སེམས་བྱང་ཆུབ་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པར་སྐྱེས་པ་དྲིས་པ་ལ་བྱའོ། །བྱང་ཆུབ་ཏུ་ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་སྐྱེ་བ་ལ་བྱ་སྟེ། དེ་ཡང་ས་དང་པོའི་སེམས་ཀྱི་མཚན་ཉིད་བླ་ན་མེད་པའི་
བྱང་ཆུབ་དང་རང་བཞིན་གཅིག་པའོ། །བླ་ན་མེད་པའི་བྱང་ཆུབ་ལ་སོགས་པ་རིམ་གྱིས་རྫོགས་པར་བྱེད་པ་ཡང་རང་བཞིན་དེ་ལ་ཐ་དད་པ་མ་ཡིན་གྱི་རང་བཞིན་དེ་ཉིད་ལས། མི་མཐུན་པའི་གཉེན་པོ་ལ་སོགས་པ་སེལ་བའི་སྒོ་ནས་མིང་གཞན་དུ་བཏགས་པ་ཙམ་དུ་ཟད་དོ། །དཔེར་ན་
གསེར་ཉིད་ལས་རྒྱན་ལ་སོགས་པར་བྱས་ན་རང་བཞིན་གཅིག་ཀྱང་མིང་གི་རྣམ་གྲངས་མང་པོར་ཐོགས་པ་དང་འདྲ་སྟེ། དེ་བས་ན་ས་དང་པོའི་བྱང་ཆུབ་ཀྱི་སེམས་དེ་བྱང་ཆུབ་ཀྱི་རང་བཞིན་ལ་ཡང་བྱ་སྟེ། སྨོན་པ་དང་འཇུག་པའི་སེམས་ཀྱང་བྱང་ཆུབ་ཀྱི་ཕྱིར་སེམས་པ་ཡིན་མོད་ཀྱི། ས་དང་
པོའི་བྱང་ཆུབ་ཀྱི་སེམས་ལྟར་བླ་ན་མེད་པའི་བྱང་ཆུབ་དང་རང་བཞིན་མི་གཅིག་པས་དེ་ལ་མི་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་ལན་བཀའ་སྩལ་པ། བྱང་ཆུབ་ཀྱིས་དང་པོའི་མཚན་ཉིད་གསུངས་པས་ན་གཞན་མ་ཡིན་པར་མངོན་ནོ། །ཇི་ལྟར་ན་མཚན་ཉིད་ཤེས་པར་བགྱི། བྱང་ཆུབ་འབྱུང་བ་
སྐྱེས་པའི་སེམས། །ཞེས་པ་ནི་ས་དང་པོའི་བྱང་ཆུབ་ཀྱི་སེམས་དེ་ལས་བླ་ན་མེད་པའི་བྱང་ཆུབ་འབྱུང་བས་དེ་ནི་བྱང་ཆུབ་འབྱུང་བ་ཞེས་བྱ་སྟེ། བྱང་ཆུབ་འབྱུང་བའི་སེམས་དེ་སྐྱེས་པའི་མཚན་ཉིད་བསོད་ནམས་ཆེན་པོའི་སྙིང་པོ་ནམ་མཁའ་བཞིན་དུ་ཚད་མེད་པ་ལ་སོགས་པ་དྲིས་པ་ལ་བྱའོ། །
སེམས་རིག་པའི་མཆོག་ཡེ་ཤེས་འབྱུང་བས་གསུངས་ཞེས་པ་ནི་བཅོམ་ལྡན་འདས་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ལ་བྱ་སྟེ། བཅོམ་ལྡན་འདས་ནི་འཇིག་རྟེན་དང་ཉན་ཐོས་དང་རང་སངས་རྒྱས་སུ་སེམས་རིག་པ་མཆོག་གི་ཕྱིར་བྱ་བ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དེ་ཐམས་ཅད་མཁྱེན་
པའི་ཡེ་ཤེས་ལས་བྱུང་བས་ཡེ་ཤེས་འབྱུང་ཞེས་གསུངས་སོ། །དཔའ་བོ་ཆེན་པོ་ཇི་སྙེད་ཅིག །ཤིན་ཏུ་འདས་ནས་གདོད་སྐྱེ་བ། །ཞེས་པ་ནི་འཇིག་རྟེན་པའི་སེམས་གྲངས་དུ་ཞིག་འདས་ནས་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བ་དྲིས་པ་སྟེ། སེམས་བརྒྱ་དྲུག་ཅུ་པོ་འདས་ནས་སྐྱེ་བ་ལ་བྱ་སྟེ།
Vol. 69 · folio 81b
སེམས་སྐྱེས་ཞེས་པ་མ་ཡིན་གྱི་སྐྱེ་བ་ཙམ་ལ་བྱའོ། །མགོན་པོ་སེམས་རྣམས་མཚན་ཉིད་དང་། །དུས་ཀྱང་རྒྱས་པར་བཤད་དུ་གསོལ། །ཞེས་པ་ནི་སེམས་བརྒྱ་དྲུག་ཅུ་པོ་དེ་དག་གི་མཚན་ཉིད་འདོད་ཆགས་ཀྱི་སེམས་ཞེ་སྡང་གི་སེམས་ཞེས་པ་ལ་སོགས་པ་དང་། སེམས་བརྒྱ་དྲུག་ཅུ་པོ་དེ་
དག་འདས་ནས་ཀྱང་བསྐལ་པ་ལ་སོགས་པ་ཇི་སྲིད་ཅིག་ན་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བར་འགྱུར་ཞེས་པའི་དུས་དྲིས་པའོ། །དེའི་བསོད་ནམས་ཅི་འདྲ་བ་དང་སྤྱོད་པ་ཅི་འདྲ་བ་ཞིག་ཅེས་པ་ནི་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེའི་བསོད་ནམས་ཇི་ལྟ་བུ་དང་། སྤྱོད་པ་ཅི་འདྲ་བ་ཞིག་སྤྱད་པས་ན་བྱང་
ཆུབ་ཀྱི་སེམས་དེ་ཐོབ་ཅེས་པའོ། །སེམས་ལ་སེམས་ཀྱི་ཁྱད་པར་ཡང་། །ཐེག་པ་ཆེན་པོ་བཤད་དུ་གསོལ། །ཞེས་པ་ནི་སེམས་ཅན་དབང་པོ་རྣོན་པོ་ཆོས་ལ་བདག་མེད་པར་རྟོགས་ནས་འཇུག་པ་དང་། འཕགས་པ་ཉན་ཐོས་ལ་སོགས་པ་དབང་པོ་རྟུལ་པོ་རྒྱུན་དུ་ཞུགས་པ་ལ་སོགས་པའི་ས་
བརྒྱད་བསྒོམས་ནས་འཇུག་པའི་ཁྱད་པར་དྲིས་པ་ལ་བྱའོ། །དེ་ལ་སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྤྱིར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱིས་ཞེས་པ་ནས། བྱང་ཆུབ་དང་པོ་ཞེས་ཀྱང་བྱ། །ཞེས་པའི་བར་དུ་གོང་དུ་ཕྱག་ན་རྡོ་རྗེས་དྲིས་པའི་ལན་བཀའ་སྩལ་པ་ལ་བྱ་སྟེ། བུ་ཁྱོད་ཅེས་པ་
ནི་ཕྱག་ན་རྡོ་རྗེ་ཆོས་ཀྱི་དབྱིངས་ལས་སྐྱེས་པས་ན་བཅོམ་ལྡན་འདས་ཀྱི་སྲས་སོ། །ཆེན་པོ་འབྱུང་བ་ཞེས་པ་ནི་སེམས་ཀྱི་རྒྱུད་ཀྱི་མཚན་ཉིད་ལ་བྱ་སྟེ། སེམས་ཀྱི་རྒྱུད་དེ་ལས་བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་འབྱུང་བའི་ཕྱིར་རོ། །དགེའོ་ཞེས་པ་ནི་དེ་ལྟ་བུའི་དོན་བཟང་པོ་དྲིས་པ་ཉིད་
དགེ་བ་དང་ཕྱག་ན་རྡོ་རྗེ་དགའ་བ་བསྐྱེད་པའི་ཕྱིར་གསུངས་སོ། །ཐེག་ཆེན་གནས་ནི་མཆོག་ཡིན་ཞེས་པ་ནི་སེམས་ཀྱི་རྒྱུད་དེ། ཐེག་པ་གསུམ་གྱི་ནང་ན་མཆོག་དམ་པ་ལ་བྱའོ། །སེམས་ཀྱི་རྒྱུད་ཀྱི་མཚན་ཉིད་དོ་ཞེས་པ་ནི་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་སེམས་ཀྱི་མཚན་ཉིད་བཤད་ཀྱིས་
ཉོན་ཅིག་པ་དང་སྦྱར་རོ། །སངས་རྒྱས་རྣམས་ཀྱི་གསང་མཆོག་ཅེས་པ་ནི་དེ་ལྟ་བུའི་སེམས་རྣམ་པར་དག་པ་ཐམས་ཅད་མཁྱེན་པ་དང་མངོན་པར་བྱང་ཆུབ་པའི་རང་བཞིན་ཏེ། སེམས་ཅན་ཕལ་གྱི་སྤྱོད་ཡུལ་མ་ཡིན་པ་དང་། སྣོད་མ་ཡིན་པ་ལ་མི་བསྟན་པའི་ཕྱིར་གསང་བ་ཞེས་བྱའོ། །རྟོག་པ་
Vol. 69 · folio 82a
ཀུན་གྱིས་རིག་མི་ནུས། །ཞེས་པ་ནི་སྟོང་པའི་མཚན་ཉིད་ཀྱི་སེམས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའི་སྒོ་ནས་དེ་ཇི་བཞིན་པ་མི་རྟོགས་པའོ། །ཡིད་ལ་བསྡུས་ལ་ཉོན་ཅིག་པ་ནི་མ་ཡེངས་པར་ཉོན་ཅིག་པའོ། །སེམས་བརྒྱ་དྲུག་ཅུ་ལས་འདས་པའི་སྐྱེ་བོའི་འོག་ཏུ་ཞེས་པ་ནི་
འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ལས་འདས་ནས་ཆོས་ལ་བདག་མེད་པར་རྟོགས་ཏེ་མོས་པས་སྤྱོད་པའི་ས་ལ་སེམས་གསུམ་རྣམ་པར་བསྒོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་རྣམ་པར་སྤྱད་པ་དང་། བསྡུ་བའི་དངོས་པོ་རྣམ་བཞི་བྱས་ནས་མོས་པ་སྤྱོད་པའི་ས་ལས་འཕར་ཏེ། ས་རབ་ཏུ་
དགའ་བའི་སེམས་ཡེ་ཤེས་ཀྱི་ས་ལ་ཞུགས་པ་ལ་བྱ་སྟེ། ཇི་སྙེད་ཅིག་ཏུ་འདས་ནས་སྐྱེ་ཞིང་དྲིས་པའི་ལན་ཏོ། །བསོད་ནམས་ཆེན་པོ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསོད་ནམས་ཆེན་པོའི་རྒྱུ་ལས་སྐྱེས་པའོ། །སྙིང་པོ་ཞེས་པ་ནི་ཕྱིན་ཅི་མ་ལོག་པ་ཡོངས་སུ་རྫོགས་པ་སྟེ། དཔེར་ན་ཙནྡན་
དང་སེང་ལྡེང་གི་སྙིང་པོ་ལྟར་མཆོག་དམ་པ་ལ་བྱའོ། །བྱང་ཆུབ་ཕྱིར་དུ་བྱང་ཆུབ་འབྱུང་། །ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ལས་སེམས་འབྱུང་བ་ལ་བྱའོ། །ཚད་མེད་པ་ནི་ནམ་མཁའ་བཞིན། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེའི་ཡོན་ཏན་ལ་སོགས་པ་ཚད་
གཟུང་ཞིང་དཔག་ཏུ་མེད་པའམ། དེ་བཞིན་དཔག་ཏུ་མེད་པས་འདི་ཙམ་མོ་ཞེས་ཚད་གཟུང་དུ་མེད་དེ་ནམ་མཁའ་དང་འདྲ་བ་ལ་བྱའོ། །གོས་པ་མེད་པ་ཇི་བཞིན་གནས། །ཞེས་པ་ནི་དེ་ལྟ་བུའི་སེམས་ནམ་མཁའི་མཚན་ཉིད་ལ་གློ་བུར་གྱི་ཉོན་མོངས་པའི་བག་ཆགས་ཀྱིས་མ་གོས་པ་སྟེ། དེ་ལྟར་
གློ་བུར་གྱི་ཉོན་མོངས་པ་ཇི་བཞིན་པའི་དབང་དུ་མ་གྱུར་པས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་གནས་པ་ལ་བྱའོ། །ཆོས་ཀུན་གྱིས་ནི་ཡོངས་མི་གཡོས། །ཚད་མེད་ཡེ་ཤེས་ཀྱིས་བསྒྲུབས་པ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་ཚད་མེད་པའི་ཡེ་ཤེས་ལས་འབྱུང་བ་ལ་བྱའོ། །ཡང་དག་
པར་རྫོགས་པའི་སངས་རྒྱས་མཐོང་ངོ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱས་པ་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྤྱད་པ་ལས་བྱུང་སྟེ། དེ་ནི། དེ་ཡི་སྤྱད་པ་ཅི་འདྲ་བ། །ཞེས་དྲིས་པའི་ལན་ཏོ། །བྱང་ཆུབ་དང་པོ་ཞེས་ཀྱང་བྱ། །ཞེས་པ་ནི་ས་དང་པོའི་བྱང་
Vol. 69 · folio 82b
ཆུབ་ཀྱི་སེམས་ལ་བྱ་སྟེ། དེ་རྣམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་དང་རང་བཞིན་བཤད་པའོ། །དེ་ལྟ་བས་ན་གསང་བའི་བདག་པོ་འཁོར་བ་ཐོག་མ་མེད་པ་ནས་བུས་པ་སོ་སོར་འགྲོ་བ་རྣམས་ཞེས་པ་ནས་ཞེས་རྟོག་གོ་ཞེས་པའི་བར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་བཤད་པ་ལ་བྱ་སྟེ།
རྒྱུ་དེ་ཡང་རྣམ་པ་གཉིས་སོ། །དེ་ལ་ཡང་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཀྱི་རྒྱུ་ལེན་པའི་རྒྱུའོ། །ས་དང་ཕ་རོལ་ཏུ་ཕྱིན་པ་གཞན་ནི་ལྷན་ཅིག་པའི་རྒྱུའོ། །དེ་བས་ན་སོ་སོར་འགྲོ་བ་ལ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་གཞུང་ལུགས་ཤེས་པ་
དང་མི་ཤེས་པའོ། །དེ་ལ་བྱིས་པས་ནི་ངན་པར་སྨྲ་བ་དང་། ངན་པར་བྱེད་པ་དང་། ངན་པར་སེམས་པ་སྟེ། དེ་དག་ནི་རང་གི་གཞུང་ལུགས་ཀྱང་མི་ཤེས་པའོ། །དེ་ལས་གཞན་པ་ནི་རང་རང་གི་གཞུང་ལུགས་ཤེས་པ་འཕགས་པའི་ལམ་ཐོབ་པ་ལ་བྱ་སྟེ། དེ་དག་འཁོར་བ་ན་སྡུག་
བསྔལ་གསུམ་གྱིས་གདུངས་ནས་གདུངས་པ་དེ་ལས་ཐར་པའི་ཕྱིར། བདག་དང་བདག་གིར་བརྟགས་པ་དེ་དག་ལ་བརྟན་ནས་སྦྱིན་པ་ལ་སོགས་པ་བྱས་ནས་ཐར་པར་རེ་བའོ། །བདག་དང་བདག་གི་བ་ལ་མངོན་པར་ཆགས་ནས་བདག་ཏུ་འཛིན་པ་གྲངས་མེད་པ་ལ་རྟོག་པ་དེ་དག་ཀྱང་བདག་ཅེས་
པའི་རང་བཞིན་ཅི་འདྲ་བར་མ་སྤྱད་པར་ཆགས་པ་སྐྱེ་བ་ནི་རང་གི་གཞུང་ལུགས་མི་ཤེས་པའི་བྱིས་པ་རྣམས་སོ། །རང་རང་གི་ལུགས་ཤེས་པ་དེ་རྣམས་ཀྱང་སོ་སོའི་བདག་ཏུ་བརྟགས་པ་དེ་ལ་བརྟེན་པ་ནི་ཁ་ཅིག་ནི་དུས་ལས་བྱུང་ངོ་ཞེས་པ་ནས་སྨྲ་བའོ་མི་སྨྲ་བའོ་ཞེས་པའི་བར་དུ་སྟེ། དེ་དག་ནི་
འཇིག་རྟེན་པ་རྣམས་ཀྱིས་སོ་སོའི་བདག་ཏུ་བརྟགས་པ་སྟེ། ཇི་སྐད་དུ་སྨོས་པའི་བདག་དང་བདག་གི་ངོ་བོ་དེ་དག་གིས་བདག་ཅག་འགྲོ་བ་རྣམས་བསྐྱེད་དེ། འཇིག་པར་བྱེད་པ་ཡང་དེ་དག་ཉིད་པར་རྟོག་པས། གསང་བའི་བདག་པོ་དེ་ལྟ་བུ་ལ་སོགས་པ་ཞེས་པ་ནི་གོང་དུ་སྨོས་པའི་བདག་གི་དངོས་
པོ་རྣམས་ལ་བྱའོ། །ཐར་པར་རེ་བའི་ཕྱིར་ཞེས་པ་ནི་དེ་ལྟ་བུ་བདག་ཏུ་བརྟགས་པ་ཉིད་ལ་བརྟེན་ནས་ཐར་པར་རེ་བའོ། །སྦྱོར་བས་སྦྱོར་བར་འདོད་པ་རྣམས་ཀྱི་ཞེས་པ་ནི་འཇིག་རྟེན་པའི་ཚུལ་དུ་ལུས་ངག་ཡིད་གསུམ་ཡུལ་ལ་འཇུག་པ་ལ་འགོག་པ་དང་དངོས་པོ་གང་ལ་དམིགས་པ་དེ་ལ་སེམས་རྩེ་
Vol. 69 · folio 83a
གཅིག་ཏུ་དམིགས་པའམ་འཇོག་པ་ནི་སྦྱོར་བ་སྟེ་ལུས་ངག་ཡིད་གསུམ་ཡུལ་ལ་མི་འཇུག་པར་འགོག་པའི་སྦྱོར་བར་འདོད་པ་རྣམས་ཀྱིས་དེ་ལྟ་བུའི་བདག་རྣམས་རབ་ཏུ་རྟོག་པ་ལ་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཕྱུགས་དང་འདྲ་ཞེས་པ་ནི་རང་གི་ལུགས་མི་ཤེས་པ་ལ་
བྱ་སྟེ། ཕྱུགས་དང་འདྲ་ཞེས་པ་ནི་ངན་དུ་སྨྲ་བ་དང་ངན་དུ་སེམས་པ་དང་། ངན་དུ་བྱེད་པའི་དཔེ་སྟེ། ཕྱུགས་ནི་ཟ་བ་དང་། གཡེམ་པ་དང་འཇིགས་པ་ལས་བསམ་པ་གཞན་མེད་དེ། བྱིས་པ་རྣམས་ཀྱང་དེ་ལྟ་བུའི་མཚན་ཉིད་དང་ལྡན་པས་ཕྱུགས་དང་འདྲ་ཞེས་པའོ། །བརྒྱ་ལ་གལ་ཏེ་ཁ་ཅིག་
ཅེས་པ་དེ་ལྟ་བུའི་བྱིས་པ་ཕྱུགས་དང་འདྲ་བ་འཁོར་བ་ན་འཁྱམ་པ་ན་ཆོས་ཀྱི་འདུ་ཤེས་སྐྱེས་པ་ནི་ཤིན་ཏུ་དཀོན་པའི་མཆོག་སྟེ། ཆོས་ཀྱི་འདུ་ཤེས་སྐྱེ་བ་ཡང་སྨྱུང་བར་འདུག་ནས་བསོད་ནམས་སུ་འགྱུར་བ་ལ་བྱ་སྟེ། སྨྱུང་བར་འདུག་པ་དེ་ཙམ་གྱིས་སེམས་མགུ་སྟེ། སྨྱུང་བར་འདུག་པ་དེ་ཉིད་ལ་ཡང་
དང་ཡང་དུ་དུས་སུ་གོམས་པར་བྱེད་དེ། དེ་བས་ན་གསུངས་པ་འདི་ལྟ་སྟེ། སྨྱུང་བར་འདུག་གོ་ཞེས་པ་ནས། དེ་ཙམ་གྱིས་སེམས་མགུ་བ་སྐྱེས་ཏེ། དེའི་ཕྱིར་དེ་དག་ལ་གོམས་པར་བྱེད་དོ་ཞེས་སོ། །གསང་བའི་བདག་པོ་དེ་ནི་དགེ་བ་ལས་བྱུང་བའི་ཕྱིར་སེམས་དང་པོ་སྟེ། ས་བོན་དུ་གྱུར་
པའོ་ཞེས་པ་ནི་སེམས། བདུན་པོའི་ཚེ་ཚུལ་ཁྲིམས་བསྲུངས་པའི་དགེ་བ་ལས་བྱུང་བའི་ས་བོན་དུ་གྱུར་པ་ལ་བྱའོ། །དེ་ལ་འགའ་ཞིག་དོགས་པ་སྐྱེ་བ་སྟེ། སྨྱུང་བར་འདུག་པ་ནི་བརྟུལ་ཞུགས་ཀྱི་མཚན་ཉིད་དེ་ཉོན་མོངས་པའི་ཕྱོགས་གཅིག་ཡིན་ན། ཇི་ལྟར་དགེ་བའི་ས་བོན་དུ་འགྱུར་སྙམ་
པ་ལ་དོགས་པ་བསལ་བ་སྨྱུང་བར་བྱས་པའི་འོག་ཏུ་མཆོད་པ་དང་སྦྱིན་པའི་སེམས་འབྱུང་སྟེ། སྨྱུང་བ་དེ་ནི་སྦྱིན་པ་ལ་སོགས་པའི་དགེ་བའི་དེ་མ་ཐག་པའི་རྐྱེན་པས་ཉེས་པ་མེད་དོ། །སྦྱིན་པ་ལ་སོགས་པ་དེ་དག་ཀྱང་ཟག་པ་དང་བཅས་པའི་དགེ་བ་ལ་བྱའོ། །དེའི་རྒྱུས་ནི་སྦྱིན་པ་བྱིན་པ་སྟེ།
ལྟས་དང་སྦྱོར་བ་ཉིད་པས་ཞེས་པ་ནི། སྨྱུང་བར་བྱེད་པ་དེ་ཉིད་ལས་གོམས་པར་བྱེད་པའི་རྒྱུས་ཟླ་བ་དང་སྐར་མ་དང་། ཉི་མ་ལ་སོགས་པ་བཟང་པོའི་ཉིན་པར་ཕ་མ་ལ་སོགས་པའི་གཉེན་རྣམས་ལ་སྦྱིན་པར་བྱེད་པ་ནི་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་ལས་ལས་བྱུང་བའི་མྱུ་གུར་བལྟའོ། །
Vol. 69 · folio 83b
དེ་ནས་ཡང་སྦྱིན་པ་དེ་ནི་མ་འདྲིས་པ་ལ་སྦྱིན་པ་ཞེས་པ་ནི། སྦྱིན་པ་སྔ་མ་ལ་གོམས་པའི་མཐུས་གཉེན་མ་ཡིན་པ་གཞན་ལ་ཡང་སྦྱིན་པ་སྟེ། དེ་ཡང་དགེ་བ་བཅུའི་ལས་འབྱུང་བའི་རྒྱུ་སྟེ་སྡོང་བུ་ལྟ་བུའོ། །དེ་ནས་ཡང་སྦྱིན་པའི་སྣོད་ཚོལ་ཞིང་སྦྱིན་ནོ་ཞེས་པ་ནི་པ་དང་མ་དང་མཁན་པོ་དང་སློབ་
དཔོན་དང་། བྲམ་ཟེ་སྨྲང་བཞི་རྫོགས་པར་ཤེས་པ་ལ་སྦྱིན་ན། དེ་དག་ནི་སྦྱིན་གནས་ཏེ་བསོད་ནམས་མཐའ་མེད་པར་འགྱུར་ཏེ། དེ་དག་ནི་སྦྱིན་པའི་སྣོད་དོ་སྙམ་ནས་སྦྱིན་པར་བྱེད་པ་དེ་ཡང་དགེ་བ་འབྱུང་བའི་རྒྱུ་སྟེ་འདབ་མ་ལྟ་བུར་བལྟའོ། །དེ་ནས་ཡང་སྦྱིན་པ་དེ་སྤྱོད་པའི་གནས་དང་བླ་མ་ལ་དགའ་
བཞིན་དུ་སྦྱིན་པ་ཞེས་པ་ནི་སྦྱིན་པ་དེ་ནི་སྔ་མ་ལས་རྒྱ་ཆེ་སྟེ། སྣོད་ལ་ཡང་མི་རྟོག་པར་བླ་མ་དང་རོལ་མོ་མཁན་ལ་སོགས་པ་སེམས་དགའ་བར་སྦྱིན་པའི་དངོས་པོ་ལ་མ་ཆགས་པར་སྦྱིན་པ་སྟེ། དེ་ཡང་དགེ་བའི་ལས་འབྱུང་བའི་རྒྱུ་སྟེ་མེ་ཏོག་ལྟ་བུར་བལྟའོ། །དེ་ནས་སྦྱིན་པ་དེ་འདོད་པ་རྣམས་ལ་སྦྱིན་
པ་ནི་ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས་ལ་སོགས་པ་ཅི་འདོད་པ་རྣམས་སྦྱིན་པ་ལ་བྱ་སྟེ། དེ་ཡང་དགེ་བའི་ལས་བྱུང་བའི་རྒྱུ་སྟེ་འབྲས་བུ་ལྟ་བུར་བལྟའོ། །དེ་ནས་ཡང་གསང་བའི་བདག་པོ་མཐོ་རིས་སུ་སྐྱེ་བའི་ཕྱིར་ཚུལ་ཁྲིམས་བསྲུང་ཞེས་པ་ནི། དེ་ལྟ་བུའི་སྦྱིན་པ་རྣམས་བྱས་ནས་
ལུས་ཀྱི་ལས་གསུམ་དང་། ངག་གི་ལས་བཞི་དང་། ཡིད་ཀྱི་ལས་གསུམ་གྱི་སྒོ་ནས་མི་དགེ་བ་འབྱུང་བ་སྤོང་བའི་མཚན་ཉིད་ཚུལ་ཁྲིམས་བསྲུངས་ནས། དེའི་འབྲས་བུ་མངོན་པར་འཆད་པའི་མཚན་ཉིད་ལྷ་ལ་སོགས་པའི་ལོངས་སྤྱོད་མཐོ་རིས་སུ་སྐྱེ་བའི་ཕྱིར་ཏེ། ལོངས་སྤྱོད་དེ་ཉིད་གསོགས་སུ་
འགྱུར་བ་ལ་བྱའོ། །དེ་ནས་ཡང་གསང་བའི་བདག་པོ་དེ་འདྲ་བའི་སེམས་སུ་འཁོར་བ་ན་རྒྱུ་བས། དགེ་བའི་གྲོགས་པོ་ལ་ལས་ཚིག་འདི་སྐད་ཅེས་ཐོས་སོ། །དེ་ལྟ་བུར་སྦྱིན་པ་བྱེད་ཅིང་ཚུལ་ཁྲིམས་བསྲུངས་ལ། མཁན་པོ་འཇིག་རྟེན་པའི་གཞུང་ལུགས་ཤེས་པ་འགའ་ཞིག་གིས་དགེ་བའི་བཤེས་
གཉེན་བྱ་སྟེ་རང་གི་སྟོན་པའི་ལྷ་ལ་བསྟེན་དུ་བཅུག་པ་སྟེ། དགེ་བའི་བཤེས་གཉེན་དེས་ཀྱང་ལྷ་རྣམས་ཀྱི་དངོས་པོ་བསྟན་པ། ལྷ་ཆེན་འདི་ནི་ལྷ་འདི་ཡིན། །དགེ་བ་ཀུན་ཀྱང་སྦྱིན་པར་བྱེད། །ཁྱོད་ཀྱིས་འདི་མཆོད་དད་བྱས་ན། །ཐམས་ཅད་ཀྱང་ནི་འབྱོར་པར་འགྱུར། །ལྷ་རྣམས་ཀུན་གྱི་དྲང་སྲོང་མཆོག །
Vol. 69 · folio 84a
དེ་བཞིན། སྨྲང་དང་སྨྲང་གི་མིང་རྣམས་ལ། །ཞེས་པའི་བར་དུའོ། །མཁས་པ་ཁྱོད་ཀྱིས་མཆོད་པ་བྱོས། །ཞེས་པ་ནི་དེ་ལྟར་གོང་དུ་མིང་གིས་སྨོས་པའི་ལྷ་དེ་རྣམས་ལ་གང་ལ་དད་པ་སྟོན་པ་མཆོད་ཅིག་དང་། ལྷ་དེ་རྣམས་ནི་བདེ་བ་སྟེར་བ་དང་། བསམ་པ་ཐམས་ཅད་འབྱོར་
བར་བྱེད་པའོ་ཞེས་བསྟན་པའོ། །དེ་སྐད་དུ་ནི་སྒྲ་བཞིན་རྣམས། །ཐོས་ནས་སུ་ནི་ཡིད་མགུ་སྟེ། །དེ་ནས་དེ་ལ་ནན་ཏན་བྱེད། །རབ་ལྡན་གྱུར་ཏོ་ཞེས་པ་ནི་དེ་ལྟར་དགེ་བའི་བཤེས་གཉེན་གྱིས་ལྷ་རྣམས་བསྟན་པ་ཐོས་ནས་བྱིས་པ་དེ་ལ་ཡིད་མགུ་བ་སྐྱེས་ཏེ། དེ་ནས་ལྷ་དེ་དག་ལ་བརྟེན་པ་དང་མཆོད་པ་
ནན་ཏན་བྱེད་ཅིང་ལྷ་དེ་རྣམས་ལ་རབ་ཏུ་དད་པ་དང་ལྡན་པར་གྱུར་པའོ། །གསང་བའི་བདག་པོ་དེ་ནི་བྱིས་པ་སོ་སོར་འགྲོ་བ་རྣམས་འཁོར་བ་ན་འཁྱམ་པ་ན། མཆོག་ཏུ་དབུགས་དབྱུང་བ་དེ་ནི་བརྒྱད་དེ། སེམས་ཀྱི་སྟོབས་སུ་གྱུར་པའོ་ཞེས་སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས་སོ་ཞེས་པ་ནི་དེ་ལྟ་
བུའི་བྱིས་པ་སོ་སོར་འགྲོ་བའི་ཐ་དད་པ་རྣམས་འཁོར་བ་ན་རྟེན་དང་མགོན་མེད་པར་འཁྱམས་པ་དགེ་བའི་བཤེས་གཉེན་གྱིས་རྟེན་དང་མགོན་དེ་དག་བསྟན་པས་བྱིས་པ་དེ་རྣམས་རྟེན་དང་མགོན་རྙེད་དེ་དབུགས་བྱུང་བར་གྱུར་པ་ནི་བསྟན་པར་གྱུར་པས་དགེ་བའི་སྟོབས་སུ་གྱུར་པའོ། །དེ་ནས་ཡང་
གསང་བའི་བདག་པོ་དེ་དག་གི་རིམ་པ་ཇི་ལྟ་བུར་ཁྱད་པར་སྨྲས་པ་ལ། རྟོགས་ཤིང་བཞུགས་པ་དང་ཁྱད་པར་དེ་རྣམས་ལ་རིམ་པར་གནས་ནས་མྱ་ངན་ལས་འདས་པའི་ཕྱིར་བློ་སྐྱེས་པ་ནི་སྟོང་པ་ཉིད་དེ་ལ་ཡོད་སྙམ་སེམས་སོ་ཞེས་པ་ནི་སྔར་བདག་གི་ངོ་བོ་སྨོས་པ་རྣམས་དང་། སྟོན་པའི་ལྷ་
རྣམས་ཇི་སྐད་དུ་སྨོས་པའི་རང་བཞིན་ཤེས་ནས་བདག་ཏུ་བརྟགས་པ་དང་། ལྷ་དེ་རྣམས་ལ་བརྟེན་ཏེ། ལྷ་དེ་རྣམས་བསྟན་པའི་གཞུང་གིས་ལས་དང་ཉོན་མོངས་པ་སྤངས་ནས་བདག་ཏུ་བརྟགས་པ་དེ་དག་པར་འགྱུར་ཏེ། དག་པ་དེ་ནི་སྟོང་པ་ཉིད་མྱ་ངན་ལས་འདས་པ་ཡིན་སྙམ་དུ་བློ་སྐྱེ་སྟེ།
སྟོང་པ་ཉིད་ལ་བདག་ཅེས་པའི་དངོས་པོ་རྣམས་ཀྱི་འབྲུ་ཙམ་མམ། སྤུའི་ཉག་མ་ལ་སོགས་པ་བདེ་བ་དང་སྡུག་བསྔལ་མྱོང་བར་བྱེད་པའི་རང་བཞིན་དེ་ཡོད་པར་རྟོག་སྟེ། དེ་དག་ནི་བྱིས་པ་སོ་སོར་འགྲོ་བ་རྣམས་ཀྱིས་བདག་དང་ལྷ་རྣམས་ལ་བརྟེན་ནས་བདག་ཅག་གི་རྣམ་པར་གྲོལ་བ་བཙལ་
Vol. 69 · folio 84b
བ་སྟེ། རྣམ་པར་གྲོལ་བའི་བདེ་བ་དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་གནས་པའི་རྒྱུར་བལྟའོ། །དབང་པོ་ཆེན་པོ་དང་ཚངས་པ་ལ་སོགས་པའི་ལྷ་དེ་རྣམས་ཀྱང་སྤྱིར་སེམས་ཅན་རྣམ་པ་གཉིས་ཏེ། ལས་ལ་སྐྱེས་པ་དང་། ཡེ་ཤེས་ཀྱི་སེམས་ཅན་དེ་ལ་སྐབས་འདིར་ལྷ་
རྣམས་ཀྱང་བྱིས་པ་སོ་སོར་འགྲོ་བ་འཁྱམས་པ་རྣམས་སོ་སོའི་མྱ་ངན་ལས་འདས་པའི་ལམ་སྟོན་པ་སྟེ། ལམ་དེ་སྟོན་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཤེས་ནས་ཐོབ་པའི་རྒྱུར་སྦྱོར་བ་ཡིན་པས། དབང་པོ་དང་བརྒྱ་བྱིན་ལ་སོགས་ཏེ་ལྷ་དེ་རྣམས་བཅོམ་ལྡན་འདས་རྣམ་པར་
སྣང་མཛད་ཀྱི་སྐུ་ལས་སྤྲུལ་པའི་ཡེ་ཤེས་ཀྱི་སེམས་ཅན་དུ་བལྟའོ། །གསང་བའི་བདག་པོ་དེ་དག་གིས་ནི་སྟོང་པ་ཉིད་དུ་མ་ཤེས་ཏེ་ཞེས་པ་ནི་སྟོང་པ་ཉིད་ལས་འབའ་ཞིག་ཅེས་པ་བདག་གིས་ངོ་བོར་བརྟགས་པས་སྟོང་པར་མི་འགྱུར་ཏེ། ཇི་ཙམ་དུ་དངོས་པོར་བརྟགས་པ་དེ་ཙམ་དུ་ཡོད་
པའི་མཐའ་འཛིན་པས་སྟོང་པ་ཉིད་ཤེས་པར་མི་འགྱུར་ཞེས་པའོ། །དེ་ལྟ་བས་ན་སྟོང་པའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གསུངས་པ་སྟོང་པ་ཉིད་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མ་ཡིན་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། དེ་ལྟར་བརྟག་པ་ཡང་མ་ཡིན། མི་
བརྟག་པ་ཡང་མ་ཡིན། དེ་ལ་སྟོང་པ་ཉིད་དུ་ཇི་ལྟར་བརྟག་ཅེས་པ་སྟེ། དེ་ལ་དངོས་པོ་ཡང་མ་ཡིན་ཞེས་པ་ནི་ཇི་ལྟར་བྱིས་པ་རྣམས་ཀྱིས་བདག་ཏུ་བརྟགས་པའི་དངོས་པོ་མ་ཡིན། དངོས་པོ་མ་ཡིན་པ་ཡང་མ་ཡིན་ཞེས་པ་ནི་དེ་ལྟ་བུ་ཡོད་པའི་དངོས་པོ་ལས་གཞན་པ་ཡང་སྤོང་བ་དེ་མ་ཡིན་པའོ། །
ཡོད་པ་ཡང་མ་ཡིན་ཞེས་པ་ནི་སྟོང་པ་ཉིད་ལ་དེ་ལྟ་བུའི་དངོས་པོ་མེད་པའོ། །མེད་པ་ཡང་མ་ཡིན་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་མེད་པ་མ་ཡིན་པའོ། །གཉིས་ཀ་མ་ཡིན་ཞེས་པ་ནི་ཡོད་མེད་གཉིས་ལས་གཞན་མེད་པའོ། །དེ་ནི་བརྟག་པ་ཡང་མ་ཡིན་མི་བརྟག་པ་ཡང་མ་ཡིན། དེ་ལ་
སྟོང་པ་ཉིད་དུ་ཇི་ལྟར་བརྟག་ཅེས་པ་ནི། དེ་ལྟར་ཡོད་པ་དང་མེད་པ་མ་ཡིན་པས་སྟོང་པ་ཉིད་ལ་དངོས་པོར་བརྟག་ཏུ་མེད་ཅེས་པ་སྟེ། དེ་གཉིས་ཀྱི་དོན་ཚིགས་སུ་བཅད་དེ་གསུངས་པ། གང་གིས་སྟོང་ཉིད་མི་ཤེས་པ། །དེ་ཡིས་མྱ་ངན་འདའ་མི་ཤེས། །དེ་བས་སྟོང་ཉིད་ཤེས་བྱ་བ། །
Vol. 69 · folio 85a
དངོས་དང་དངོས་མིན་རྣམ་པར་བསྒོམ། །ཞེས་པ་སྟེ། གང་གིས་སྟོང་ཉིད་མི་ཤེས་པ། །ཞེས་པ་ནི་སྟོང་ཉིད་ལ་དངོས་པོར་བརྟགས་པ། སྟོང་པ་ཉིད་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་མི་ཤེས་པ་སྟེ། དེས་ནི་ཆོས་ཀྱི་དབྱིངས་ཞི་བ་མྱ་ངན་ལས་འདས་པ་རྣམས་ཀྱང་ཤེས་
པར་མི་ནུས་པ་ལ་བྱའོ། །སྟོང་པ་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། དངོས་པོ་དང་དངོས་པོ་མེད་པར་ཟིན་པའི་དངོས་པོ་དང་བྲལ་བས་ཤེས་པར་ནུས་ཏེ། དེ་བས་ན་གསུངས་པ། དངོས་དང་དངོས་མིན་རྣམ་པར་བསྒོམ། །ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་སེམས་ཀྱི་རྒྱུད་དེ་དག་བཤད་དུ་གསོལ་ཞེས་པ་ནི། སྔར་སེམས་ཀྱི་རྒྱུད་བརྒྱ་དྲུག་ཅུ་འདས་ནས་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་གསུངས་པ། སེམས་ཀྱི་རྒྱུད་དེ་རྣམས་ཀྱི་མཚན་ཉིད་ཅི་འདྲ་བ་ལགས་བཤད་དུ་གསོལ་ཞེས་པ་ལ་བྱའོ། །དེ་སྐད་ཅེས་གསོལ་
པ་ནས་བཤད་ཀྱིས་ཉོན་ཅིག་པའི་བར་དུ་གསོལ་བ་བཤད་དུ་གནང་བ་ལ་བྱ་སྟེ། དེ་དག་བཤད་པ་ཡང་གསང་བའི་བདག་པོ་འདི་ནི་འདོད་ཆགས་ཀྱི་སེམས་འདོད་ཆགས་མེད་པའི་སེམས་ཞེས་པ་ནས། ཕུལ་དུ་གྱུར་པའི་སེམས་ཆེར་གྱུར་པའི་སེམས་ཞེས་པའི་བར། སེམས་དེ་རྣམས་
བཤད་པ་ཡང་མིང་དང་མཚན་ཉིད་སྤོང་བ་དང་ལམ་གྱི་སྒོ་བཤད་པར་ཤེས་པར་བྱ་སྟེ། སེམས་དེ་རྣམས་ཀྱི་རང་བཞིན་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་དང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །དེ་ལ་སེམས་དེ་རྣམས་ལས་འདས་པར་བྱ་བ་ཡང་། སྤྱིར་སྔགས་ཀྱི་སྒོ་ནས་
སྤྱོད་པ་རྣམ་པ་གཉིས་ཏེ་གྲུབ་པ་དང་དམ་ཚིག་ཅན་ནོ། །དེ་ལ་གྲུབ་པ་ནི་མོས་པ་སྤྱོད་པའི་ས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་གང་དུ་འདོད་པ་འཕར་བས་རིམ་པ་དང་བསྐལ་པའི་ཚིག་ཀྱང་མེད་དོ། །དམ་ཚིག་ལ་ཡང་རྣམ་པ་གཉིས་ཏེ། དབང་པོ་རྟུལ་པོ་དང་རྣོན་པོའོ། །དེ་ལ་དབང་པོ་
རྟུལ་པོ་ནི་ཐོག་མ་འཇིག་རྟེན་པའི་ལམ་སྟོང་པ་ཉིད་ལ་ལམ་འབའ་ཞིག་པར་བློ་སྐྱེས་པ་ལས་འཕར་ནས་གང་ཟག་ལ་བདག་མེད་པར་ཆུད་དེ། སེམས་འདི་རྣམས་ཀྱང་སྡུག་བསྔལ་བ་ཉིད་དང་། མི་རྟག་པ་ཉིད་དང་། སྟོང་པ་ཉིད་དང་བདག་མེད་པར་རྟོགས་ཏེ། སྤོང་བ་གོམས་པར་བྱེད་
Vol. 69 · folio 85b
པ་ནི་འཇིག་རྟེན་པའི་ལམ་ནས་བརྩམས་ཏེ་བསྐལ་པ་གསུམ་གྱི་བར་དུ་གང་ཟག་ལ་བདག་མེད་པར་བསྒོམས་ཏེ། དེ་ནས་ཕུང་པོ་ལ་ཡང་སྙམ་པའི་བློ་སྐྱེ་བ་དེ་ཡང་སུན་ཕྱིན་ནས་ཕུང་པོ་ལ་སོགས་པ་དང་། སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་ཆོས་ལ་བདག་མེད་པར་ཆུད་དེ་སེམས་གསུམ་བསྒོམ་
པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་དཔྱོད་པའི་མཚན་ཉིད་མོས་པ་སྤྱོད་པའི་ས་ལ་འཇུག་གོ། །དབང་པོ་རྣོན་པོ་ནི་ཐོག་མ་ཉིད་ནས་གང་ཟག་དང་ཆོས་གཉིས་ཀ་ལ་བདག་མེད་པར་ཆུད་པས། སེམས་དེ་རྣམས་ཀྱང་སྒྱུ་མ་དང་སྨིག་རྒྱུའི་ཚུལ་གྱིས་སྤོང་ཞིང་སེམས་གསུམ་པོ་སྒོམ་
པ་ཕ་རོལ་ཏུ་ཕྱིན་པ་རྣམས་རྣམ་པར་དཔྱོད་པའི་རིམ་གྱིས་མོས་པ་སྤྱོད་པའི་ས་ལ་བསྐལ་པ་གཅིག་གིས་རྫོགས་ནས་བསྐལ་པ་དེའི་བཞི་ཆ་གཅིག་གིས་ཡེ་ཤེས་ཀྱི་ས་ལ་འཇུག་གོ། །མོས་པ་སྤྱོད་པའི་ས་ལ་ཞུགས་ནས་ནི་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་མོས་པ་སྤྱོད་པའི་ས་ལ་དེ་བསྐལ་པ་གཅིག་
གིས་རྫོགས་པར་བྱེད་པ་དང་། ཡེ་ཤེས་ཀྱི་ས་ལ་བསྐལ་པ་བཞི་ཆ་གཅིག་གིས་འཇུག་པར་འདྲའོ། །སེམས་ཀྱི་དངོས་པོ་དྲུག་ཅུ་རྣམས་ལས་བརྒྱ་དྲུག་ཅུར་འབྲེལ་པ་ཡང་། སྒྲིབ་པའི་ཆ་སྦོམ་ཕྲ་གསུམ་དུ་ཕྱེ་སྟེ། གསུམ་པོ་དེ་རྣམས་ལས་གཅིག་ཅིང་ཡང་གསུམ་གསུམ་དུ་བསྒོ་སྟེ་རྣམ་དགུར་
བལྟའོ། །དེ་ལ་སྒྲིབ་པ་ཆེན་པོའི་ཆེན་པོ་ལ་སེམས་གཅིག་སྤོང་། ཆེན་པོའི་འབྲིང་པོ་ལ་གཉིས་སྤོང་། ཆེན་པོའི་ཆུང་ངུ་ལ་གསུམ་སྤོང་། འབྲིང་པོའི་ཆེན་པོ་ལ་བཞི་སྤོང་། འབྲིང་པོའི་འབྲིང་པོ་ལ་ལྔ་སྤོང་། འབྲིང་པོའི་ཆུང་ངུ་ལ་དྲུག་སྤོང་། ཆུང་ངུའི་ཆེན་པོ་ལ་བདུན་སྤོང་། ཆུང་ངུའི་འབྲིང་
པོ་ལ་བརྒྱད་སྤོང་། འོག་ནས་འབྱུང་བའི་ཚུལ་གྱིས་དེ་ལྟར་སེམས་བརྒྱ་དྲུག་ཅུ་མོས་པ་སྤྱོད་པའི་ས་ནས་སྤོང་ཞིང་མོས་པ་སྤྱོད་པའི་ས་དེ་རྫོགས་པར་བྱེད་དོ། །དེ་ལ་དགུ་རྣམས་ཀྱི་མཐར་ཆུང་ངུའི་ཡང་ཆུང་ངུ་ནི་མོས་པ་སྤྱོད་པའི་ས་ནས་སྤོང་སྟེ། ཡེ་ཤེས་ཀྱི་ས་ལ་འཇུག་པར་ཤེས་པར་བྱའོ། །དེ་
ལ་འདོད་ཆགས་ཀྱི་སེམས་གང་ཞེ་ན། འདོད་ཆགས་ཀྱི་ཆོས་བསྟོན་པའོ་ཞེས་པ་ལ་འདོད་ཆགས་ཀྱི་སེམས་ཞེས་པ་ནི་འདོད་ཆགས་དང་ལྡན་པའི་སེམས་ལ་བྱ་སྟེ། དེ་ཡང་དགེ་བ་དང་མི་དགེ་བ་དང་། ཉོན་མོངས་པ་དང་། ལུང་དུ་མི་སྟོན་པའི་ཆོས་རྣམ་པ་བཞི་ལས་ཇི་ལྟར་རིགས་པ་ཆགས་
Vol. 69 · folio 86a
པས་བསྙེན་པར་ཤེས་པར་བྱ་སྟེ། ལྷ་ལ་སོགས་པ་ལ་དད་ཅིང་མཆོད་པར་བྱ་བ་ལ་ཞེན་ནས་མཆོད་པ་ལ་སོགས་པའི་ལས་དེ་དག་བྱེད་པ་ནི་འདོད་ཆགས་ཀྱི་ཆོས་བསྙེན་པར་བྱེད་པ་ལ་བྱ་སྟེ་དགེ་བའོ། །དེ་བཞིན་དུ་བུད་མེད་ལ་སོགས་པ་ལ་ཞེན་ནས་དེའི་བྱ་བ་བྱེད་པ་ནི་
འདོད་ཆགས་ཀྱི་ཆོས་བསྙེན་པ་སྟེ། ཉོན་མོངས་པའི་སེམས་སོ། །མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་ལ་སོགས་པའི་ཆོས་ལ་ཞེན་ནས་དེ་དག་གི་བྱ་བ་བྱེད་པ་ནི་འདོད་ཆགས་ཀྱི་ཆོས་བསྙེན་པ་སྟེ་མི་དགེ་བའི་སེམས་སོ། །བཟོ་ལ་སོགས་པའི་ཆོས་ལ་ཞེན་ནས་དེ་དག་གི་བྱ་བ་བྱེད་པ་
ནི་འདོད་ཆགས་ཀྱི་ཆོས་བསྙེན་པ་སྟེ་ལུང་དུ་མི་སྟོན་པའོ། །དེ་ལྟར་སེམས་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་དགེ་བ་དང་མི་དགེ་བ་དང་ཉོན་མོངས་པ་དང་ལུང་དུ་མ་བསྟན་པ་འདིའི་ཚུལ་གྱིས་སྦྱར་བར་བྱའོ། །འདོད་ཆགས་མེད་པའི་སེམས་གང་ཞེ་ན། མ་ཆགས་པར་ཆོས་བསྙེན་པ་
སྟེ་གོང་དུ་སྨོས་པའི་ཆོས་རྣམ་བཞི་ལ་མ་ཆགས་པའམ། མ་མོས་ཀྱང་ཆོས་ཉིད་ཀྱིས་སྤྱོད་པའམ། གཞན་གྱི་དབང་དུ་མི་སྤྱོད་བཞིན་དུ་དེ་དག་གི་བྱ་བ་བྱེད་པ་འདོད་མི་ཆགས་པའི་ཆོས་བསྙེན་པའོ། །ཞེ་སྡང་གི་སེམས་གང་ཞེ་ན། ཞེ་སྡང་གི་ཆོས་བསྙེན་པ་ཞེས་པ་ནི་ཞེ་སྡང་དང་ལྡན་པའི་
སེམས་དེ་གོང་དུ་སྨོས་པའི་ཚུལ་གྱིས་དགེ་བ་དང་མི་དགེ་བ་ལ་སོགས་པར་རིག་པར་བྱའོ། །བྱམས་པའི་སེམས་གང་ཞེ་ན། བྱམས་པའི་རྗེས་སུ་འགྲོ་བའི་ཆོས་བསྙེན་པ་སྟེ་ཞེས་པ་ནི་བྱམས་པ་དང་ལྡན་པའི་སེམས་དེ་དགེ་བ་དང་མི་དགེ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གཏི་མུག་གི་
སེམས་གང་ཞེ་ན། མི་དཔྱོད་པར་ཆོས་བསྙེན་པའོ་ཞེས་པ་ནི་གཏི་མུག་དང་ལྡན་པའི་སེམས་སོ། །ཤེས་རབ་ཀྱི་སེམས་གང་ཞེ་ན། ཁྱད་པར་ལས་ཁྱད་པར་དུ་ཆུད་པའི་ཆོས་བསྙེན་པའོ་ཞེས་པ་ནི་ཤེས་པ་དང་ལྡན་པའི་སེམས་དེ་ཁྱད་པར་ཞེས་པ་ནི་ཤེས་རབ་མ་ཐོབ་པ་ལས་ཤེས་རབ་
ཐོབ་པར་འགྱུར་རོ། །ཁྱད་པར་གཞན་དུ་ཞེས་པ་ནི་ཤེས་རབ་དེ་ཐོབ་པ་ལས་ཤེས་རབ་དམ་པའི་ཁྱད་པར་དུ་ཆུད་པ་ལ་བྱའོ། །གདོན་མི་ཟ་བའི་སེམས་གང་ཞེ་ན། བཀའ་དང་བླ་མའི་ཚིག་བཞིན་བྱེད་པ་ཞེས་པ་ནི་རྒྱལ་པོ་ལ་སོགས་པའི་བཀའ་དང་སློབ་དཔོན་ལ་སོགས་པའི་ལུང་མི་
Vol. 69 · folio 86b
བྱར་མི་རུང་སྟེ་ངེས་པར་བྱ་བའི་ཆོས་དེ་བྱེད་པའོ། །ཐེ་ཚོམ་གྱི་སེམས་གང་ཞེ་ན། ཇི་ལྟར་གདོན་མི་ཟ་བ་ཉིད་ལ་དོགས་པས་བསྙེན་པའོ་ཞེས་པ་ནི་ཐེ་ཚོམ་དང་ལྡན་པའི་སེམས་དེ་སྔར་ཕྱིན་ཅི་མ་ལོག་པར་ཟིན་པ་ལ་ཕྱིས་བདག་ཉིད་ཀྱིས་ཐེ་ཚོམ་བསླང་སྟེ། དོགས་པ་སྐྱེ་བར་བྱེད་པ་ནི་དེའི་
ཆོས་ལ་བསྙེན་པའོ་ཞེས་བྱའོ། །མུན་པར་གྱུར་པའི་སེམས་གང་ཞེ་ན། མི་དོགས་པ་ལ་དོགས་པར་ཤེས་པའོ་ཞེས་པ་ནི་མུན་པ་ལྟ་བུའི་སེམས་ཏེ། ཇི་ལྟར་མུན་པའི་ནང་ན་བུམ་པ་ལ་སོགས་པ་ཡོད་ཀྱང་གསལ་བར་མི་སྣང་བས་ཡོད་དམ་མེད་དོགས་པ་སྟེ། དེ་བཞིན་དུ་སེམས་
མུན་པ་དང་འདྲ་བ་ཡང་དངོས་པོ་ཕྱིན་ཅི་མ་ལོག་པ་ལ་མ་རིག་པའི་མུན་པས་བསྒྲིབས་པས་དོགས་པ་སྐྱེ་བའོ། །སྣང་བར་གྱུར་པའི་སེམས་གང་ཞེ་ན། ཐེ་ཚོམ་མེད་པ་ལ་ཐེ་ཚོམ་མེད་པར་བསྙེན་པའོ་ཞེས་པ་ནི་སྣང་བའི་རང་བཞིན་དུ་གྱུར་པའི་སེམས་ཏེ། ཇི་ལྟར་ནམ་མཁའ་སྣང་བ་ལ་
རྫས་ཀྱི་དངོས་པོ་སྣང་བར་གསལ་བ་བཞིན་དུ་སྣང་བའི་རང་བཞིན་གྱི་གཟུགས་དེ་ཡང་སེམས་དེས་ཀྱང་ཤེས་པར་བྱའི་དངོས་པོ་ཐེ་ཚོམ་མེད་པར་ཤེས་ནས། དེ་ཉིད་ལ་ཐེ་ཚོམ་མེད་བཞིན་དུ་སྤྱོད་པ་ནི་ཐེ་ཚོམ་མེད་པའི་ཆོས་ལ་བསྙེན་པའོ། །སྡུད་པའི་སེམས་གང་ཞེ་ན། གང་དུ་མ་ལས་གཅིག་
ཏུ་སྡུད་པ་ཞེས་པ་ནི་སྡུད་པའི་རང་བཞིན་གྱི་སེམས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རང་གི་མཚན་ཉིད་སོ་སོ་པ་ལས་སྟོང་པ་དང་བདག་མེད་པ་ལ་སོགས་པའི་སྤྱིའི་མཚན་ཉིད་དུ་གཅིག་ཏུ་སྡུད་པའོ། །འཐབ་མོའི་སེམས་གང་ཞེ་ན། ཕན་ཚུན་རྩོད་པའོ་ཞེས་པ་ནི་འཐབ་མོ་
ཅན་གྱི་སེམས་ཏེ་མི་མཐུན་པའི་མུ་རེ་རེ་བཟུང་ཞིང་རྩོད་པའི་ཆོས་བསྙེན་པའོ། །རྩོད་པ་དང་བྲལ་བའི་སེམས་གང་ཞེ་ན། གང་བདག་ཉིད་ལ་བདག་གིས་རྩོད་པའོ་ཞེས་པ་ནི་རྩོད་པ་མེད་པའི་རང་བཞིན་གྱི་སེམས་ཏེ། གཞན་ཡང་ཕན་ཚུན་དུ་མི་མཐུན་པའི་ཕྱོགས་བཟུང་ཞིང་མི་རྩོད་པར་བདག་
རང་གི་སེམས་ལ་སུན་འབྱིན་པའམ། དཔྱོད་པ་ལྟ་བུའོ། །མི་རྩོད་པའི་སེམས་གང་ཞེ་ན། མཉམ་པར་སྙོམས་པར་རྟོག་པའོ་ཞེས་པ་ནི་རྩོད་པ་མེད་པའི་རང་བཞིན་གྱི་སེམས་ཏེ། དངོས་པོ་གང་ཡང་རུང་བ་ལ་གཞན་དང་ལྟ་བ་མཐུན་པས་མཚུངས་པར་སྤྱོད་དེ། རྩོད་པ་མེད་པའི་ཆོས་བསྙེན་
Vol. 69 · folio 87a
པར་བྱེད་པའོ། །ལྷའི་སེམས་གང་ཞེ་ན། ཡིད་ལ་ཡིད་ཀྱིས་རྟོག་པའོ་ཞེས་པ་ནི་ལྷ་ལྟ་བུའི་སེམས་སམ་ལྷའི་ཕྱིར་སེམས་པ་སྟེ། ལྷ་ལྟ་བུར་སེམས་པ་ནི་ཇི་ལྟར་ལྷ་རྣམས་བདག་ནི་ལྷ་ཡིན་ནོ་སྙམ་དུ་སེམས་པ་བཞིན་དུ་སེམས་དེ་ཡང་བདག་ཉིད་གང་ཡིན་པ་དེ་ཡིན་ནོ་སྙམ་
དུ་སེམས་པའོ། །ལྷའི་ཕྱིར་སེམས་པ་ནི་བདག་གི་ལྷར་གྱུར་པར་བྱའོ་སྙམ་དུ་སེམས་པའོ། །ལྷ་མ་ཡིན་གྱི་སེམས་གང་ཞེ་ན། གང་འཁོར་བ་ལ་སྨོན་པའོ་ཞེས་པ་ནི་ལྷ་མ་ཡིན་ལྟ་བུའི་སེམས་ཏེ། དེ་ལྟར་ལྷ་མ་ཡིན་དེ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་སྨོན་པར་བྱེད་པ་དེ་བཞིན་དུ་སེམས་
དེ་ཡང་འཁོར་བ་ལ་སྨོན་པར་བྱེད་པའི་ཆོས་བསྟེན་པའོ། །ཀླུའི་སེམས་གང་ཞེ་ན། སྤྱོད་པ་ཆེན་པོར་སེམས་པའོ་ཞེས་པ་ནི་ཀླུ་ལྟ་བུའི་སེམས་ཏེ། ཇི་ལྟར་ཀླུ་ཕྱུག་པོ་ལ་མགོ་མང་པོ་ཡོད་དེ། མགོ་མང་པོ་དེས་ལོངས་སྤྱོད་ཆེ་བར་ཤེས་པ་བཞིན་དུ་སེམས་དེ་ཡང་ལོངས་སྤྱོད་ཆེན་པོ་སྤྱོད་
པའི་ཆོས་བསྙེན་པའོ། །དེ་ལ་ཀླུ་མགོ་མང་པོ་ལ་ཇི་ལྟར་ལོངས་སྤྱོད་ཀྱི་དཔེར་གྱུར་ཞེ་ན། རྒྱ་གར་གྱི་སྐད་དུ། ལོངས་སྤྱོད་ལ་བྷོ་ག །ཀླུའི་མགོ་ལ་ཡང་བྷོ་ག་ཞེས་བྱ་སྟེ་སྐད་ཀྱི་གཞུང་དུ་མཐུན། དོན་དུ་ཡང་ཀླུ་མགོ་མང་པོ་དེ་ཕྱུག་པས་ལོངས་སྤྱོད་ཆེན་པོ་སྤྱོད་དོ། །དེ་བཞིན་དུ་སེམས་དེ་
ཡང་ལོངས་སྤྱོད་ཆེན་པོའི་ཆོས་ལ་བསྙེན་པར་བྱེད་པས་ཀླུ་ལྟ་བུའི་སེམས་ཞེས་བྱའོ། །མིའི་སེམས་གང་ཞེ་ན། དེ་ཉིད་ཀྱི་དོན་ལ་སེམས་པ་ཞེས་པ་ནི། མིའི་ལོངས་སྤྱོད་འདོད་པའི་ཡོན་ཏན་གྱི་ཆོས་ལ་བསྙེན་པར་བྱེད་པའོ། །བུད་མེད་ཀྱི་སེམས་གང་ཞེ་ན། འདོད་པའི་ཕྱིར་དེའི་ཆོས་
ལ་བསྙེན་པའོ་ཞེས་པ་ནི་བུད་མེད་ལྟ་བུའི་སེམས་ཏེ་བུད་མེད་ནི་འདོད་ཆགས་ཀྱི་ཡུལ་དུ་གྱུར་པའི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་ཆོས་དེ་དག་གི་བྱ་བ་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་འདོད་པའི་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར་ཆོས་དེ་དག་ལ་བསྙེན་པར་བྱེད་དོ། །དབང་པོའི་སེམས་
གང་ཞེ་ན། གང་ངས་བསམ་མོ་སྙམ་མོ་ཞེས་པ་ནི་དབང་པོ་ལྟ་བུའི་སེམས་ཏེ། དབང་པོའི་འཇིག་རྟེན་ཐམས་ཅད་སྐྱེ་བ་དང་འཇིག་པར་ངས་བྱ་བར་སེམས་སོ། །དེ་བཞིན་དུ་སེམས་དེ་ཡང་བདག་གིས་མ་བྱས་པ་རྣམས་ཀྱང་བདག་གིས་བྱས་སོ་སྙམ་པའི་ཆོས་བསྙེན་པར་བྱེད་པའོ། །དབང་
Vol. 69 · folio 87b
པོ་ནི་ལྷ་ཆེན་པོ་ལ་བྱའོ། །ཚོང་པའི་སེམས་གང་ཞེ་ན། གང་བསྡུས་ནས་སོ་སོར་སྤེལ་བའི་ཆོས་བསྙེན་པའོ་ཞེས་པ་ནི་ཚོང་པ་ལྟ་བུའི་སེམས་ཏེ། ཚོང་པ་ནི་འཚོང་ཞིང་ཉོ་བའི་ཆོས་རྣམས་རིན་ཆུང་བའི་དུས་ན་ཀུན་བསྡུས་ནས་ནམ་རིན་ཆེ་བ་ནི་རིན་ཆེ་བ་དེ་དག་ཐམས་ཅད་སླར་སྤེལ་
ཞིང་འཚོང་བར་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་སྔར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་ཆོས་དེ་རྣམས་ཉིད་ཇི་ལྟར་རིགས་པར་སྤང་བར་བྱ་བའི་ཆོས་བསྙེན་པར་བྱེད་པའོ། །ཆུན་པའི་སེམས་གང་ཞེ་ན། མང་དུ་ཐོས་པ་བཙལ་ནས་
ཕྱིས་བསྙེན་པའོ་ཞེས་པ་ནི་ཆུན་པ་ལྟ་བུའི་སེམས་ཏེ་སྔར་ཞིང་ཐོག་རྣམས་བསྡུས་ནས། ཕྱིས་ཞིང་ཐོག་དེ་རྣམས་ཉིད་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་སྔར་ཆོས་རྣམས་མང་དུ་ཐོས་པར་བྱས་ཏེ། བསགས་ནས་ཇི་ལྟར་ཐོས་པའི་ཆོས་དེ་
རྣམས་ཕྱིས་སེམས་པ་དང་བསྒོམ་པ་ལ་སོགས་པའི་ཆོས་བསྙེན་པར་བྱེད་པའོ། །ཆུ་བོའི་སེམས་གང་ཞེ་ན། གང་དག་མཐའ་གཉིས་མི་རྟོག་པར་བསྙེན་པའོ་ཞེས་པ་ནི་ཆུ་བོ་ལྟ་བུའི་སེམས་ཏེ། ཆུ་བོ་ནི་མཐའ་གཉིས་སུ་མི་མཐོ་བར་དབུས་ཀྱི་གཞུང་བཞིན་ལས་འབབ་བོ། །དེ་
བཞིན་དུ་སེམས་དེ་ཡང་རྟག་པ་དང་ཆད་པའི་མཐའ་གཉིས་སྤོང་བར་བྱེད་པའི་ཆོས་བསྙེན་པའོ། །ཡང་ན་ཆུ་བོ་མཐའ་གཉིས་ལ་རྟོག་ཅིང་འབབ་པ་དེ་བཞིན་དུ་སེམས་དེ་ཡང་རྟག་པ་དང་ཆད་པའི་མཐའ་གཟུང་ཞིང་དེའི་ཆོས་བསྙེན་པར་བྱེད་པ་ལ་ཡང་བྱའོ། །མཚེའུའི་སེམས་གང་ཞེ་
ན། བདག་བསྙེན་པའོ་ཞེས་པ་ནི་མཚེའུ་ལྟ་བུའི་སེམས་ཏེ་མཚེའུ་དེ་ནི་གཞན་ལས་འབབ་པའི་ཆུ་རྣམས་བསོགས་ལ། བདག་ལས་གར་ཡང་མི་འཛག་སྟེ། དེ་བཞིན་དུ་སེམས་དེ་ཡང་གཞན་གྱི་ཐམས་ཅད་ནི་བསྡུས་ལ་བདག་ལས་གང་སུ་ཡང་མི་གཏོང་བའི་ཆོས་བསྙེན་པའོ། །
རྫིང་བུ་ལྟ་བུའི་སེམས་གང་ཞེ་ན། གང་གིས་མི་ཟབ་པ་ལས་ཟབ་པར་ཤེས་པའོ་ཞེས་པ་ནི་རྫིང་བུ་ལྟ་བུའི་སེམས་ཏེ། རྫིང་བུ་ཆུས་གང་བ་མི་ཟབ་ཀྱང་གཏིང་དཔག་ཏུ་མི་མངོན་པས་ཟབ་པ་འདྲ། དེ་བཞིན་དུ་སེམས་དེ་ཡང་ཟབ་མོའི་བློ་མ་ཡིན་པ་ལ་ཟབ་སྙམ་དུ་སེམས་པའི་ཆོས་
Vol. 69 · folio 88a
བསྙེན་པའོ། །བསྲུང་བའི་སེམས་གང་ཞེ་ན། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་པ་ནི་བསྲུང་བར་གྱུར་པའི་སེམས་ཏེ། བདག་གིས་ཇི་ལྟར་ཐོས་ཤིང་ཟིན་པ་དེ་ཉིད་མ་ནོར་བའོ་སྙམ་ནས་བརྟན་པར་བཟུང་སྟེ། གཞན་གྱིས་ཟིན་ཅིང་རྟོག་པ་དེ་མ་ཡིན་པ་སྙམ་
དུ་ཆོས་བསྙེན་པའོ། །སེར་སྣའི་སེམས་གང་ཞེ་ན། བདག་ལ་བསྙེན་ཅིང་གཞན་ལ་མི་གཏོང་བའོ་ཞེས་པ་ནི་སེར་སྣ་ཅན་གྱི་སེམས་ལ་བྱ་སྟེ། ཇི་ལྟར་གྲགས་པའོ། །བྱི་ལའི་སེམས་གང་ཞེ་ན། གང་འཕར་བའི་གླགས་ཚོལ་བའོ་ཞེས་པ་ནི་བྱི་ལ་ལྟ་བུའི་སེམས་ཏེ། བྱི་བ་ལ་སོགས་
པ་འཛིན་པ་འཕར་བས་འཕར་ཞིང་འཛིན་ཏེ། དེ་བཞིན་དུ་སེམས་དེ་ཡང་འཕགས་པའི་ལམ་ལ་སོགས་པ་ཐོབ་པར་བྱེད་ན་འཇུག་པའི་དུས་ཀྱི་རིམ་གྱིས་འཕར་བ་ཡང་། དེའི་རིམ་གྱིས་འཕར་བའོ། །ཁྱིའི་སེམས་གང་ཞེ་ན། གང་ཆུང་ངུས་ཀྱང་མགུ་བར་གྱུར་པའོ་ཞེས་པ་ནི་ཁྱི་ལྟ་
བུའི་སེམས་ཏེ་ཁྱི་ནི་ཆུང་ངུས་ཀྱང་མགུའོ། །དེ་བཞིན་དུ་སེམས་དེ་ཡང་གང་ཡང་རུང་བའི་དངོས་པོ་ཆུང་ངུ་ལ་མགུ་བར་བྱེད་པའི་ཆོས་བསྙེན་པར་བྱེད་པའོ། །ནམ་མཁའ་ལྡིང་གི་སེམས་གང་ཞེ་ན། གང་སྐྱབས་སུ་གྱུར་པའི་ཆོས་བསྙེན་པའོ་ཞེས་པ་ནི་ནམ་མཁའ་ལྡིང་ལྟ་བུའི་སེམས་
ཏེ། ནམ་མཁའ་ལྡིང་ནི་ཀླུ་ལ་སོགས་པ་ལ་འཛིན་ལ་འདབ་མས་རྡོབ་ཅིང་འཛིན་ཏེ། དེ་བཞིན་དུ་སེམས་དེ་ཡང་གང་བདག་གི་ཡིན་པ་དེ་ནི་ཕྱོགས་འཛིན་པའི་བསྙེན་པར་བྱེད་དོ། །ནམ་མཁའ་ལྡིང་དེ་འདབ་མས་རྡོབ་ཅིང་སྦྲུལ་འཛིན་པ་དེ་ཇི་ལྟར་ཕྱོགས་འཛིན་པའི་དཔེར་འགྱུར་ཞེ་
ན། རྒྱ་གར་གྱི་སྐད་དུ། འདབ་མ་ལ་པཀྵ་ཤ་ཞེས་བྱ་ཕྱོགས་ལ་ཡང་པཀྵ་ཞེས་བྱ་སྟེ། དེ་ལྟར་སྐད་ཀྱི་གཞུང་ལས་གཅིག་ལ་དོན་དུ་ཡང་ནམ་མཁའ་ལྡིང་ནི་ཀླུ་དེ་བདག་གིར་བྱེད་པའི་ཕྱིར་འཛིན། ཕྱོགས་སུ་གྱུར་པ་ཡང་བདག་གིར་བྱ་བའི་དངོས་པོའི་དོན་ལ་ཕྱོགས་འཛིན་
པས་མཐུན་ནོ། །བྱི་བའི་སེམས་གང་ཞེ་ན། གང་བཅིངས་པ་ཐམས་ཅད་གཅོད་པར་བྱེད་པར་སེམས་པའོ་ཞེས་པ་ནི་བྱི་བ་ལྟ་བུའི་སེམས་ཏེ། བྱི་བ་ནི་བཅིངས་པ་ཐམས་ཅད་གཅོད་ཅིང་གྲོལ་བར་བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་འདོད་ཆགས་ཞེ་སྡང་གཏི་མུག་གིས་བཅིངས་
Vol. 69 · folio 88b
པ་ལས་བཀྲོལ་བའི་ཆོས་བསྙེན་པར་བྱེད་པའོ། །གླུའི་སེམས་གང་ཞེ་ན། བདག་གིས་དབྱངས་སྣ་མང་པོའི་གླུའི་ཚིག་གིས་སེམས་ཅན་རྣམས་གཟུང་ངོ་སྙམ་པ་ནི་གླུ་ལྟ་བུའི་སེམས་ཏེ། ཇི་ལྟར་གླུ་དེས་སེམས་ཅན་རྣམས་དགའ་ཞིང་འདུ་བ་དེ་བཞིན་དུ་སེམས་དེ་ཡང་བདག་
གིས་གང་གི་རྗེས་སུ་མཐུན་པའི་སྒྲ་སྐད་ཀྱིས་དབྱངས་མང་པོས་སེམས་ཅན་རྣམས་གང་དུ་དད་པར་གཟུང་ངོ་སྙམ་པའི་ཆོས་བསྙེན་པར་བྱེད་པའོ། །གར་གྱི་སེམས་གང་ཞེ་ན། བདག་གིས་འཕྲུལ་སྣང་མང་པོས་ཕ་རོལ་པོ་རྣམས་ལ་བྱེད་དུ་གཞུག་གོ་སྙམ་དུ་སེམས་ཞེས་པ་ནི་གར་
བྱ་བའི་ཕྱིར་སེམས་ཏེ། གར་ཞེས་བྱ་བའི་ཚིག་ནི་ལུས་གཡོ་བའི་དོན་ཏོ། །ལུས་གཡོ་བ་ནི་གར་གཅིག་པུར་མ་ཟད་ཀྱི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ལུས་ཀྱི་རྫུ་འཕྲུལ་ཐམས་ཅད་ལ་བྱ་སྟེ། དེ་ལྟ་བས་ན་ལུས་ཀྱི་རྫུ་འཕྲུལ་དེ་དག་གིས་སེམས་ཅན་རྣམས་རྫུ་འཕྲུལ་སྣ་
ཚོགས་ལ་སྦྱོར་བར་བྱེད་པའི་ཆོས་བསྙེན་པའོ། །རྔའི་སེམས་གང་ཞེ་ན། བདག་གིས་ཆོས་ཀྱི་རྔ་བརྡུང་ངོ་སྙམ་པའོ་ཞེས་པ་ནི་རྔའི་སེམས་ཏེ། ཆོས་ཀྱི་རྔ་བསྒྲགས་ཤིང་འཆད་པར་བྱ་བའི་ཆོས་བསྙེན་པར་བྱེད་པའི་སེམས་སོ། །ཁྱིམ་གྱི་སེམས་གང་ཞེ་ན། གང་བདག་གིས་
ལུས་བསྲུང་བའི་ཆོས་བསྙེན་པའོ་ཞེས་པ་ནི་ཁྱིམ་ལྟ་བུའི་སེམས་ཏེ་ཁྱིམ་ནི་རྫས་ལ་སོགས་པ་ཆུད་མི་ཟ་བར་སྲུང་སྐྱོང་བར་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་བདག་གིས་ལུས་སྲུང་བའི་ཆོས་བསྙེན་པར་བྱེད་པའོ། །སེང་གེའི་སེམས་གང་ཞེ་ན། གང་ཐམས་ཅད་ཟིལ་གྱིས་མནན་པར་
སེམས་པའོ་ཞེས་པ་ནི་སེང་གེ་ལྟ་བུའི་སེམས་ཏེ། སེང་གེ་ནི་བདག་གི་སྒྱུ་རྩལ་གྱིས་བྱོལ་སོང་ཐམས་ཅད་ཟིལ་གྱིས་གནོན་པ་དེ་བཞིན་དུ། སེམས་དེ་ཡང་བདག་གིས་ཀྱང་ཤེས་ཤིང་གྲགས་པའི་ཕྱོགས་ཀྱིས་གཞན་རྣམས་ཟིལ་གྱིས་མནན་པའི་ཆོས་བསྙེན་པར་བྱེད་པའོ། །འུག་
པའི་སེམས་གང་ཞེ་ན། གང་མཚན་མོ་ལ་སེམས་པའོ་ཞེས་པ་ནི་འུག་པ་ལྟ་བུའི་སེམས་ཏེ། འུག་པ་ནི་བདག་གིས་ཟས་ཚོལ་བ་ལ་སོགས་པ་བྱ་བ་ཐམས་ཅད་མཚན་མོ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་བདག་གི་བྱ་བ་རྣམས་མཚན་མོ་བྱེད་པའི་ཆོས་བསྟེན་པའོ། །བྱ་རོག་
Vol. 69 · folio 89a
གི་སེམས་གང་ཞེ་ན། གང་བས་ཐམས་ཅད་སེམས་པའོ་ཞེས་པ་ནི་བྱ་རོག་ལྟ་བུའི་སེམས་ཏེ། བྱ་རོག་ནི་ཀུན་གྱིས་འཇིགས་ཤིང་བརྡབས་བཞིན་དུ་རང་གི་བྱ་བ་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་གང་གིས་དངོས་པོ་སྤྱད་པ་ཐམས་ཅད་བག་ཚ་ཞིང་བརྡབས་པས་
བརྡབས་པའི་ཆོས་བསྙེན་པར་བྱེད་པའོ། །འབར་བའི་སེམས་གང་ཞེ་ན། གང་དགེ་བ་རྣམས་མི་དགེ་བར་བཟློག་པའོ་ཞེས་པ་ནི་འབར་བ་ལྟ་བུའི་སེམས་ཏེ་འབར་བ་སྔོན་དགེ་བ་ལ་སོགས་པ་སྤྱད་པའི་རྒྱུས་བདག་མཐུ་དང་ལྡན་པར་གྱུར་པས་མཐུ་དེས་གསོད་པ་ལ་སོགས་པ་མི་དགེ་
བའི་ཆོས་རྣམས་སྤྱོད་དེ་སེམས་དེ་ཡང་དེ་ལྟ་བུའི་ཆོས་བསྙེན་པར་བྱེད་པའོ། །ཚེར་མའི་སེམས་གང་ཞེ་ན། གང་ཐམས་ཅད་འགྱོད་པ་སྒོམ་པའོ་ཞེས་པ་ནི་ཚེར་མ་ལྟ་བུའི་སེམས་ཏེ། ཚེར་མ་ནི་འཛུགས་ཤིང་གནོད་པར་བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་གང་བྱས་པའི་དངོས་པོ་
ལ་འགྱོད་པ་སྐྱེའོ། །འགྱོད་པ་དེ་ཉིད་ཡང་དང་ཡང་དུ་ཡིད་ལ་བྱེད་ཅིང་ཟུག་རྔུར་གྱུར་པའི་ཆོས་བསྙེན་པའོ། །ས་འོག་གི་སེམས་གང་ཞེ་ན། གང་ས་འོག་གི་དོན་ལ་སེམས་པའོ་ཞེས་པ་ནི་ས་འོག་གི་ཕྱིར་སེམས་པ་སྟེ། ས་འོག་ཏུ་སོང་ནས་དེའི་བྱ་བ་བྱེད་པའི་ཆོས་བསྙེན་པར་བྱེད་པའོ། །
རླུང་གི་སེམས་གང་ཞེ་ན། གང་ཐམས་ཅད་དུ་ཐམས་ཅད་ལ་རྒྱུ་བའོ་ཞེས་པ་ནི་རླུང་ལྟ་བུའི་སེམས་ཏེ། རླུང་ནི་བར་བར་མེའི་ནང་དུ་ཞུགས། བར་བར་ཆུ་ལ་སོགས་པའི་ནང་དུ་ཞུགས་པ་དེ་བཞིན་དུ་སེམས་དེ་ཡང་བར་བར་དགེ་བའི་ནང་དུ་ཞུགས་ཏེ་མི་དགེ་བར་བྱེད། བར་བར་མི་དགེ་བའི་
ནང་དུ་ཞུགས་ཏེ་དགེ་བར་བྱེད་དེ། མདོར་ན་ཀུན་གྱི་ནང་དུ་འཇུག་ལ་ཡང་མི་གནས་པར་བྱེད་པའི་ཆོས་བསྙེན་པར་བྱེད་པའོ། །མེའི་སེམས་གང་ཞེ་ན། གང་ཚ་བའི་མཚན་ཉིད་ཀྱིས་གདུངས་པ་ཞེས་པའོ། །མེ་ལྟ་བུའི་སེམས་ཏེ། མེ་ནི་རང་གི་ཚ་བས་གདུང་བར་བྱེད་དེ། དེ་བཞིན་དུ་
སེམས་དེ་ཡང་རང་གི་དཀའ་ཐུབ་ཀྱིས་ལུས་དང་སེམས་གདུངས་ཤིང་སྨ་འབབ་པར་བྱེད་པའི་ཆོས་བསྙེན་པའོ། །མེ་དཀའ་ཐུབ་ཀྱི་དཔེར་ཇི་ལྟར་འགྱུར་ཞེ་ན། རྒྱ་གར་སྐད་དུ། ཚ་བ་ལ་ཏ་པ་ཞེས་བྱ། དཀའ་ཐུབ་ལ་ཡང་ཏ་པ་ཞེས་བྱ་སྟེ། དེ་ལྟར་སྐད་དང་གཞུང་མཐུན་པས་དཔེར་བྱའོ། །
Vol. 69 · folio 89b
འདམ་གྱི་སེམས་གང་ཞེ་ན། བདག་ཉིད་ཀྱི་ཉེས་པ་ཕ་རོལ་ལ་གོས་པར་བྱེད་པའོ་ཞེས་པ་ནི་འདམ་གྱི་སེམས་ཏེ། འདམ་ནི་བདག་གི་ངོ་བོ་ངན་པ་དེ་གཞན་ལ་གོས་ཤིང་ཆགས་པར་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་རང་གི་ཉེས་པ་གཞན་ལ་གོས་པར་བྱེད་པའི་ཆོས་བསྙེན་པར་བྱེད་དོ། །
རྙོག་པའི་སེམས་གང་ཞེ་ན། གང་ཕ་རོལ་གྱི་ཉེས་པ་བྱུང་བས་བདག་གི་སེམས་འཁྲུགས་པར་བསྙེན་པའོ་ཞེས་པ་ནི་རྙོག་པ་ལྟ་བུའི་སེམས་ཏེ། གཞན་གྱི་ཉེས་པས་བདག་གི་སེམས་འཁྲུགས་པར་བྱེད་པའོ། །ཁ་དོག་གི་སེམས་གང་ཞེ་ན། གང་དེ་ཉིད་ཀྱིས་ཆོས་བསྙེན་པའོ་ཞེས་པ་
ནི་ཁ་དོག་ལྟ་བུའི་སེམས་ཏེ། ཚོན་དཀར་པོའམ་དམར་པོ་ལ་སོགས་པའི་ཁ་དོག་ནི་གང་ལ་བསྐུས་པ་དེ་ཚོན་དེ་ཉིད་ཀྱི་རང་བཞིན་དུ་འགྱུར་ཏེ། དེ་བཞིན་དུ་སེམས་དེ་ཡང་གང་གི་དངོས་པོ་བསམས་པ་དེ་ལ་ཞེན་ན་ཇི་ལྟར་བསམས་པ་དེའི་རང་བཞིན་དུ་འགྱུར་བའི་ཆོས་བསྙེན་པའོ། །ཕུབ་
ཀྱི་སེམས་གང་ཞེ་ན། གང་དགེ་བ་གཞན་སྤོང་བའི་ཆོས་བསྙེན་པའོ་ཞེས་པ་ནི་ཕུབ་ལྟ་བུའི་སེམས་ཏེ། ཕུབ་ནི་མཚོན་ལ་སོགས་པ་གཞན་རྣམས་ཀྱིས་མི་ཕིགས་པར་སྐྱོབ་པའི་བྱ་བ་བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་དགེ་བ་གཅིག་སྤྱད་པས་དགེ་བ་གཞན་སྒྲིབ་པར་བྱེད་པའི་ཆོས་
བསྙེན་པར་བྱེད་པའོ། །འཁྲུལ་པའི་སེམས་གང་ཞེ་ན། གང་གཞན་གཟུང་ཞིང་གཞན་སེམས་པའོ་ཞེས་པ་ནི་འཁྲུལ་པའི་རང་བཞིན་གྱི་སེམས་ཏེ། གང་གིས་དངོས་པོ་ཟིན་ཏེ་འཁྲུལ་ནས་གཞན་ཡིན་སྙམ་དུ་སེམས་པའོ། །དུག་གི་སེམས་གང་ཞེ་ན། གང་ཤིན་ཏུ་དངོས་པོ་མེད་
པར་སེམས་པའོ་ཞེས་པ་ནི་དུག་གི་སེམས་ཏེ། དུག་ནི་གང་གིས་ཟིན་ན་ཤི་སྟེ་མེད་པར་འགྱུར་བའོ། །དེ་བཞིན་དུ་སེམས་དེ་གང་ཡང་ལྟ་བ་ལ་སོགས་པའི་ཉོན་མོངས་པ་རྣམས་སྤངས་ནས་ཕྱིར་མི་སྐྱེ་བར་མེད་པར་བྱེད་པའོ། །ཞགས་པའི་སེམས་གང་ཞེ་ན། གང་ཐམས་ཅད་རང་འཆིང་
ཞིང་འདུག་པའོ་ཞེས་པ་ནི་ཞགས་པ་ལྟ་བུའི་སེམས་ཏེ། ཞགས་པ་ནི་འཆིང་བའི་བྱ་བ་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་བདག་ཉིད་བཅིང་བར་བྱེད་པའི་ཆོས་བསྙེན་པར་བྱེད་པའོ། །ལྕགས་སྒྲོག་གི་སེམས་གང་ཞེ་ན། གང་རྐང་པ་གཉིས་ལ་འདུག་པར་སེམས་པའོ་ཞེས་པ་ནི་ལྕགས་
Vol. 69 · folio 90a
སྒྲོག་ལྟ་བུའི་སེམས་ཏེ། ལྕགས་སྒྲོག་ནི་རྐང་པ་གཉིས་འཛིན་པར་བྱེད་དེ་དེ་བཞིན་དུ་སེམས་དེ་ཡང་ཡོད་པ་དང་མེད་པའི་ཚིག་གི་མཐའ་གཉིས་འཛིན་པའི་ཆོས་བསྙེན་པའོ། །དེ་ལ་ལྕགས་སྒྲོག་རྐང་གཉིས་འཛིན་པ་དང་སེམས་ཀྱི་མཐའ་གཉིས་སུ་འཛིན་པ་ཇི་
ལྟར་དཔེར་འགྱུར་ཞེ་ན། རྒྱ་གར་སྐད་དུ། རྐང་པ་ལ་ཡང་པ་ད་ཞེས་བྱ། ཚིག་ལ་ཡང་པ་ད་ཞེས་བྱ་སྟེ་མཐུན་ནོ། །སྤྲིན་གྱི་སེམས་གང་ཞེ་ན། གང་དབྱར་དུ་སེམས་པའོ་ཞེས་པ་ནི་སྤྲིན་ལྟ་བུའི་སེམས་ཏེ། སྤྲིན་ནི་དབྱར་འདུ་ཞིང་དབྱར་གྱི་བྱ་བ་བྱེད་དེ། དེ་བཞིན་དུ་སེམས་དེ་ཡང་དབྱར་
གྱི་བྱ་བ་བྱེད་པའི་ཆོས་བསྙེན་པའོ། །ཞིང་གི་སེམས་གང་ཞེ་ན། བདག་གི་ལུས་ལ་ཡོངས་སུ་ལས་བྱེད་པའོ་ཞེས་པ་ནི་ཞིང་ལྟ་བུའི་སེམས་ཏེ། ཞིང་ནི་འབྲུ་ལ་སོགས་པ་སྐྱེ་བར་བྱེད་པའི་ཕྱིར་རྨོས་པ་ལ་སོགས་པའི་ལས་བྱི་དོར་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་བདག་གི་ལུས་བཟང་
པོར་བྱ་བའི་ཕྱིར་ཁྲུས་དང་བྱུག་པ་དང་རྒྱན་ལ་སོགས་པས་བདག་གི་ལུས་ལ་བརྒྱན་པར་བྱེད་པའི་ཆོས་བསྙེན་པའོ། །ལན་ཚྭའི་སེམས་གང་ཞེ་ན། གང་ལ་གང་གིས་བསམ་པ་དེ་ཉིད་སེམས་པའོ་ཞེས་པ་ནི་ལན་ཚྭའི་སེམས་ཏེ། ལན་ཚྭ་ནི་བུམ་པ་ལ་སོགས་པ་སྣོད་ཀྱི་ནང་དུ་གཞག་ན་
སྣོད་དེ་ཡང་ལན་ཚྭས་ཟོས་ནས་བྱང་སྟེ་རྡོལ་པ་དང་ལན་ཚྭའི་རོར་འགྱུར་རོ། །དེ་བཞིན་དུ་སེམས་དེས་ཀྱང་གང་གི་དངོས་པོ་ལ་དམིགས་ཤིང་རྟོག་པ་ལ་རྟོག་པའི་སེམས་དེ་ཉིད་ཀྱིས་སྐད་ཅིག་མ་ཕྱི་མའི་ཆ་ལ་རྟོག་པ་དེ་སུན་ཕྱུང་ནས་མེད་པར་བྱེད་པའི་ཆོས་བསྙེན་པར་བྱེད་པའོ། །སྤུ་གྲིའི་
སེམས་གང་ཞེ་ན། གང་རབ་ཏུ་བྱུང་བ་ཙམ་ལ་གནས་པའོ་ཞེས་པ་ནི་སྤུ་གྲི་ལྟ་བུའི་སེམས་ཏེ། སྤུ་གྲི་ནི་རབ་ཏུ་བྱུང་བའི་སྐྲ་འདྲེག་པ་ཙམ་གྱི་བྱ་བ་བྱེད་པ་དེ་རབ་ཏུ་བྱུང་བ་ནི་ནན་ཏན་གྱིས་གཞན་མི་བྱེད་དོ། །དེ་བཞིན་དུ་སེམས་དེ་ཡང་རབ་ཏུ་བྱུང་སྟེ་སྐྲ་འདྲེག་ནས་རབ་ཏུ་བྱུང་བ་ཙམ་ལ་
གནས་ཀྱི། རབ་ཏུ་བྱུང་བའི་བསླབ་པའི་ནན་ཏན་ཚུལ་ཁྲིམས་སྲུང་བ་ལ་སོགས་པ་མི་བྱེད་པའོ། །རི་རབ་ཏུ་གྱུར་པའི་སེམས་གང་ཞེ་ན། གང་ཆེ་བར་གྱུར་པའི་སེམས་པ་ནི་རི་རབ་ལྟ་བུའི་སེམས་ཏེ། རི་རབ་ནི་དཔག་ཚད་སྟོང་ཕྲག་བརྒྱད་ཅུར་གྱེན་དུ་མཐོ་ཞིང་འཕགས་པར་གྱུར་ཏོ།
Vol. 69 · folio 90b
དེ་བཞིན་དུ་སེམས་དེ་ཡང་བདག་གི་ཡོན་ཏན་གྱིས་ཀུན་ནས་འཕགས་སོ་སྙམ་ནས་འགྱིང་ཞིང་ཆེ་བར་བྱེད་པའི་ཆོས་བསྙེན་པར་བྱེད་པའོ། །རྒྱ་མཚོར་གྱུར་པའི་སེམས་གང་ཞེ་ན། རང་གི་ལུས་ལ་རྟོག་ཅིང་འདུག་པའོ་ཞེས་པ་ནི། རྒྱ་མཚོ་ལྟ་བུའི་སེམས་ཏེ། རྒྱ་མཚོ་ནི་རང་གི་
རླབས་ཀྱིས་བདག་ཉིད་ལ་རློབ་ཅིང་རེག་པར་བྱེད་པའོ། །དེ་བཞིན་དུ་སེམས་དེ་ཡང་བདག་ཉིད་ཀྱི་ལུས་ལ་མི་རྟག་པ་དང་སྟོང་པ་ལ་སོགས་པར་རྟོག་གོ། །ཕུག་ཏུ་གྱུར་པའི་སེམས་གང་ཞེ་ན། སྔོན་ངེས་པར་གྱུར་པ་ལས་ཕྱིས་དེ་ཉིད་དུ་འགྱུར་བ་སྟོན་པའོ་ཞེས་བྱ་བ་ནི་ཕུག་ལྟ་
བུའི་སེམས་ཏེ། སེམས་དེ་ཕུག་ནི་སྒོར་ཆུང་ངུར་ངེས་པ་ལས་གྱུར་པ། ཕུག་དེ་སྒོ་ལས་རྣམ་པ་དུ་མར་ཆེ་བར་འགྱུར་རོ། །དེ་བཞིན་དུ་སེམས་དེ་ཡང་སྔར་བདག་དང་ཚུལ་ཁྲིམས་དང་ཡོན་ཏན་དང་ལྡན་པས་ངེས་པར་འཇུག་པ་ལས་ཚུལ་ཁྲིམས་དང་ཡོན་ཏན་དང་དེ་ཉིད་ཀྱིས་
དྲེགས་ནས་དེའི་གཞིས་ང་རྒྱལ་བྱེད་ཅིང་འགྱུར་བའོ། །ཚེར་འགྱུར་བའི་སེམས་གང་ཞེ་ན། གང་གི་སེམས་བསྐྱེད་པ་དེ་བཞིན་དུ་འགྲོ་བའོ་ཞེས་པ་ནི། །ཚེར་གྱུར་པའི་རང་བཞིན་གྱི་སེམས་ཏེ། སྔོན་དགེ་བ་དང་མི་དགེ་བ་གང་ཡང་རུང་བ་ལ་སྤྱད་པའི་བག་ཆགས་ཡོད་པས་
གང་དུ་སྐྱེས་ན་ཡང་བག་ཆགས་དེ་ཉིད་ལྷན་ཅིག་ཏུ་སྐྱེ་བའོ། །ཡང་ན་སྔོན་གྱི་དགེ་བ་དང་མི་དགེ་བའི་ལས་གང་ཡང་རུང་བའི་རྣམ་པར་སྨིན་པའི་འབྲས་བུ་མི་འདྲ་བའི་ཚེ་ཐོབ་ནས་དེ་ལྟ་བུ་དང་ལྷན་ཅིག་ཏུ་སྐྱེ་བ་སྟེ། དཔེར་ན་ཚེ་རབས་སྔ་མ་ལ་སྲོག་གཅོད་པ་གོམས་ཤིང་མང་དུ་བྱས་པས་
ཚེ་ཕྱི་མ་ལ་ནད་མང་ཞིང་ཚེ་ཐུང་བར་འགྱུར་བ་སྟེ། དེ་བཞིན་དུ་དགེ་བ་ཡང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །འཇིག་རྟེན་ལས་འདས་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་འདས་པ་དང་འཇིག་རྟེན་ལས་འདས་པའི་སེམས་སྐྱེའོ་ཞེས་པ་འཇིག་རྟེན་ལས་འདས་པའི་སེམས་ཀྱང་
རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པར་ཆུད་པའི་སེམས་ཟག་པ་མེད་པ་ཇི་བཞིན་པ་དང་བཅས་པའི་སེམས་དང་། ཆོས་ལ་བདག་མེད་པར་ཆུད་པའི་སེམས་ཟག་པ་མེད་པར་ཇི་བཞིན་པ་མེད་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལ་སྐབས་འདིར་འཇིག་རྟེན་ལས་མ་
Vol. 69 · folio 91a
འདས་པའི་སེམས་ཤེས་པ་ནི་གང་ཟག་རྣམས་ཀྱིས་ཤེས་པར་ནུས་སམ་ཞེ་ན། དེ་ནས་རྟོག་པ་ཅན་དེ་དག་གིས་མི་ནུས་ཏེ། དེ་བས་ན་གསུངས་པ། རྟོག་པ་ཀུན་གྱི་རིག་དཀའ་སྟེ། །ཞེས་པའོ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་པ་ནི་དེ་ལྟར་རྟོག་པ་
རྣམས་ཀྱིས་ཀྱང་ཤེས་པར་མི་ནུས་ན་སུས་ཤེས་པར་ནུས་ཤེ་ན། རྟོག་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་ཏེ་གསུངས་པའོ་ཞེས་པའོ། །སྔོན་གྱི་སངས་རྒྱས་རྣམས་ཞེས་པ་ནི་དེ་ལྟ་བུ་འབའ་ཞིག་གིས་བཤད་པ་མ་ཡིན་གྱི། སྔོན་གྱི་སངས་རྒྱས་
རྣམས་ཀྱིས་ཀྱང་ཚུལ་འདི་ལྟར་མཁྱེན་ནས་བཤད་པའོ་ཞེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་མཁྱེན་པ་གཅིག་པར་བསྟན་པའོ། །ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ཆོས་ཀྱི་སྐུ་དང་འགྲོ་བའི་དོན་མཛད་པར་གཅིག་པས་མཉམ་པ་ཉིད་ཀྱི་ཕྱིར་རོ། །
ཉེས་པ་ཀུན་དང་བྲལ་བའོ་ཞེས་པ་ནི་དེ་ལྟ་བུའི་ཟབ་ཅིང་ཞི་བ་གང་ཟག་ལ་བདག་མེད་པར་ཆུད་པ་དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བའོ་ཞེས་པའོ། །གསང་བའི་བདག་པོ་འཇིག་རྟེན་ལས་འདས་པའི་སེམས་དེ་ལ་གནས་ནས་ཕུང་པོ་ལ་སོགས་པ་ཡོད་སྙམ་པའི་བློ་སྐྱེ་བའོ་ཞེས་
པ་ནི་དེ་ལྟར་གང་ཟག་ལ་བདག་མེད་པ་ཇི་བཞིན་པ་དང་བཅས་པ། ཟབ་ཅིང་ཞི་བ་འཇིག་རྟེན་ལས་འདས་པའི་སེམས་དེ་ལ་གནས་ན། གོང་དུ་སྨོས་པའི་ཚུལ་དུ་ཕུང་པོ་ཙམ་སྟེ། ཡོད་པར་རྟོག་གི་གང་ཟག་ལ་ནི་བདག་མེད་པར་ཆུད་དེ་དེ་ནི་བསྐལ་པ་གསུམ་གྱི་ས་རྫོགས་པར་འགྱུར་རོ། །
ནམ་ཕུང་པོ་ལ་སྐྱོ་བ་སྐྱེ་བ་ནས་ཞེས་པ་ནས་སྦྱོར་བའི་ལམ་རྣམས་བསྐལ་པ་གཅིག་གིས་འདས་པར་འགྱུར་རོ་ཞེས་པའི་བར་དུ་ནི། དེ་ལྟར་ཕུང་པོ་ལ་སྤྱིར་བརྟགས་ཏེ། བརྟགས་པ་དེ་ལ་དངོས་པོ་ཡོད་སྙམ་དུ་བློ་སྐྱེས་པའོ། །ཕུང་པོ་སོ་སོར་བཤིག་སྟེ་སུན་ཕྱུང་ན་གཟུགས་ཀྱི་ཕུང་པོ་ནི་
དབུ་བ་རྡོས་པ་འདྲ། ཇི་ལྟར་དབུ་བ་ལ་སོ་སོར་གཞིག་ན། དབུ་བ་ལ་སྙིང་པོ་མེད་པ་བཞིན་དུ་ཕུང་པོ་དེ་ཡང་བཤིག་སྟེ་སོ་སོར་བརྟགས་ན། ཁ་དོག་དང་དབྱིབས་ལ་སོགས་པ་སོ་སོར་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཙམ་དུ་ཟད་ཀྱི་ཕུང་པོ་ཞེས་པའི་དངོས་པོ་གང་ཡང་མེད་པར་ཤེས་
Vol. 69 · folio 91b
སོ། །དེ་བཞིན་དུ་ཚོར་བ་ནི་ཆུའི་ཆུ་བུར་དང་འདྲ་སྟེ་བྱུང་མ་ཐག་ཏུ་ཞིག་ཅིང་མེད་པར་བྱེད་པར་འགྱུར་ཏེ། མི་རྟག་པས་འདུག་པའི་གནས་མེད་པ་ལ་ཕུང་པོར་བརྟགས་པའི་དངོས་པོ་གང་ཡང་མེད་པར་ཤེས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་ཡང་སོ་སོར་བཤིག་ན་རྣམ་པར་
ཤེས་པ་ནི་སྒྱུ་མ་དང་འདྲ་སྟེ། ཇི་ལྟར་སྒྱུ་མའི་བ་ལང་ལ་སོགས་ཏེ། དེ་དག་ལ་བ་ལང་ཡོད་པ་མ་ཡིན་གྱི། རྩི་ཤིང་ལ་སོགས་པ་དེ་རྣམས་ཀྱི་རང་བཞིན་དུ་ཟད་དོ། །རྣམ་པར་ཤེས་པའི་ཕུང་པོ་ཡང་དེ་འདྲ་སྟེ། ཕུང་པོ་བརྟགས་པའི་དངོས་པོ་ཡོད་པ་མ་ཡིན་གྱི་རྣམ་པར་ཤེས་པའི་རང་
བཞིན་དེ་ཙམ་དུ་ཟད་དོ། །འདུ་ཤེས་ཀྱི་ཕུང་པོ་ལྔ་ཡང་སོ་སོར་གཞིག་ན་སྨིག་རྒྱུ་བ་འདྲ་སྟེ། ཇི་ལྟར་སྨིག་རྒྱུ་བ་ལ་སྐོམ་པས་གདུངས་པའི་སྐྱེས་བུས་ཆུར་མཐོང་མོད་ཀྱི་དེ་ལ་ཆུའི་དངོས་པོ་ཡོད་པ་མ་ཡིན་ཏེ། སྨིག་རྒྱུ་བའི་རང་བཞིན་ཙམ་དུ་ཟད་དོ། །འདུ་ཤེས་ཀྱི་ཕུང་པོ་ཡང་དེ་དང་འདྲ་
སྟེ། འདུ་ཤེས་ཀྱི་ཕུང་པོ་བརྟགས་པའི་དངོས་པོ་ནི་ཡོད་པ་མ་ཡིན་གྱི་དེ་ལ་མཚན་མར་འཛིན་པའི་རང་བཞིན་ཙམ་དུ་ཟད་དོ། །དེ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོ་ཡང་ཆུ་ཤིང་གི་ཕུང་པོ་དང་འདྲ་སྟེ། ཀུན་དུ་གྲགས་པས་འདིར་མ་སྨོས་སོ། །དེ་ལྟར་ཕུང་པོ་དེ་ཡང་དབུ་བ་ལ་སོགས་པའི་
དཔེས་སུན་ཕྱུང་ནས་ཕུང་པོར་བརྟགས་པའི་དངོས་པོ་ཡོད་པར་མི་འགྱུར་ཏེ་སོ་སོའི་མཚན་ཉིད་དུ་ཟད་དོ། །དེ་ལྟར་ཕུང་པོ་ཡོད་པར་མ་གྲུབ་ན་ཁམས་དང་སྐྱེ་མཆེད་རྣམས་ཀྱང་ཕུང་པོ་ལས་མི་གཞན་པས་ན་ཁམས་དང་སྐྱེ་མཆེད་དུ་བརྟགས་པའི་དངོས་པོ་ཡོད་པ་མ་ཡིན་གྱི། དེ་རྣམས་ཀྱི་སོ་
སོའི་རང་བཞིན་ཙམ་དུ་ཟད་དོ། །གཟུང་བ་དང་འཛིན་པ་ཡང་གཟུགས་ཀྱི་ཕུང་པོ་ནི་གཟུང་བའི་དངོས་པོར་བརྟགས། ཚོར་བ་ལ་སོགས་པ་ཕུང་པོ་བཞི་ནི་འཛིན་པར་བརྟགས་པའི་དངོས་པོ་ཡང་བརྟགས་པའི་དངོས་པོ་ཡོད་པ་མ་ཡིན་ཏེ་ཆོས་རྣམས་སོ་སོའི་རང་བཞིན་ཙམ་དུ་ཟད་དོ། །དེ་
ལྟར་ཕུང་པོ་ལ་སྐྱོ་བའི་སེམས་སྐྱེས་པས་དབུ་བ་ལ་སོགས་པའི་རང་བཞིན་དུ་བཤིག་ཅིང་བསྒོམས་ནས་ཕུང་པོ་ལ་ཡོད་དོ་སྙམ་དུ་བློ་སྐྱེས་ནས་ཕུང་པོར་འཛིན་པ་དེ་ལས་ཀྱང་གྲོལ་བར་འགྱུར་ཏེ། ནམ་ཕུང་པོ་ལ་སྐྱོ་བའི་སེམས་སྐྱེས་ནས་དེ་ནི་དབུ་བ་དང་ཆུ་བུར་དང་སྒྱུ་མ་དང་། སྨིག་རྒྱུ་དང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words