རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་ཞེས་བྱ་བ
Sanskrit title (Tibetan script, as in the text) བཻ་རོ་ཙ་ནཱ་བྷི་སཾ་བོ་དྷི་ཏནྟྲ་སྱ་སད་བྲྀཏྟི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 69 · folio 287a
གསུམ་གྱིས་རྫོགས་པར་འགྱུར་རོ། །ཕུང་པོ་དག་ལ་འདོད་ཆགས་དང་བྲལ་བ་བསྐྱེད་པ་ཞེས་པ་ནས་རྣལ་འབྱོར་པ་དག་བསྐལ་པ་གཅིག་གིས་འདའ་བར་བྱེད་དོ་ཞེས་པའི་བར་ནི་དེ་ལྟར་ཕུང་པོ་ལ་སྤྱིར་བརྟགས་ཏེ། བརྟགས་པ་ན་དེ་ལ་དངོས་པོ་ཡོད་དོ་སྙམ་དུ་བློ་སྐྱེས་པ་དེ་
ཕུང་པོ་སོ་སོར་ཕྱེ་སྟེ་སུན་ཕྱུང་བ་ན་གཟུགས་ཀྱི་ཕུང་པོ་ནི་དབུ་བ་རྡོས་པ་འདྲ་སྟེ་ཇི་ལྟར་དབུ་བ་ལ་སོ་སོར་གཞིགས་ན་དབུ་བ་ལ་སྙིང་པོ་མེད་པ་བཞིན་དུ་ཕུང་པོ་དེ་ཡང་བཤིག་སྟེ་སོ་སོར་བརྟགས་ན་ཁ་དོག་དང་དབྱིབས་ལ་སོགས་པ་ཆོས་སོ་སོ་བ་རྣམས་ཀྱི་རང་གི་མཚན་ཉིད་ཙམ་དུ་ཟད་ཀྱི་ཕུང་པོ་
ཞེས་བྱ་བའི་དངོས་པོ་གང་ཡང་མེད་པར་ཤེས་སོ། །དེ་བཞིན་དུ་ཚོར་བ་ནི་ཆུའི་ཆུ་བུར་དང་འདྲ་སྟེ། བྱུང་མ་ཐག་ཏུ་ཞིག་ཅིང་མེད་པར་འགྱུར་བ་མི་རྟག་པས་འདུག་པའི་གནས་མེད་པ་ལ་ཕུང་པོར་བརྟགས་པའི་དངོས་པོ་གང་ཡང་མེད་པར་ཤེས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་
པོ་ཡང་སོ་སོར་གཤིག་ན་རྣམ་པར་ཤེས་པ་ནི་སྒྱུ་མ་དང་འདྲ་སྟེ། ཇི་ལྟར་སྒྱུ་མའི་བལ་གླང་ལ་སོགས་ཏེ། དེ་དག་ལ་བལ་གླང་ཡོད་པ་མ་ཡིན་གྱི། དེ་དག་གི་རང་བཞིན་ནི་སྨན་དང་ཤིང་བུ་ལ་སོགས་པར་ཟད་དོ། །རྣམ་པར་ཤེས་པའི་ཕུང་པོ་ཡང་དེ་དང་འདྲ་སྟེ། ཕུང་པོར་བརྟགས་
པའོ། །དངོས་པོ་ཡོད་པ་མ་ཡིན་གྱི་དེ་ནི་རྣམ་པར་ཤེས་པའི་རང་བཞིན་ཙམ་དུ་ཟད་དོ། །འདུ་ཤེས་ཀྱི་ཕུང་པོ་ཡང་སོ་སོར་གཞིགས་ན་སྨིག་རྒྱུ་དང་འདྲ་སྟེ་ཇི་ལྟར་སྐོམ་པས་གདུངས་པའི་སྐྱེས་བུས་སྨིག་རྒྱུ་ལ་ཆུར་མཐོང་མོད་ཀྱི། དེ་ལ་ཆུའི་དངོས་པོ་ཡོད་པ་མ་ཡིན་ཏེ། སྨིག་རྒྱུའི་རང་
བཞིན་ཙམ་དུ་ཟད་དོ། །འདུ་ཤེས་ཀྱི་ཕུང་པོ་ཡང་དེ་དང་འདྲ་སྟེ། འདུ་ཤེས་ཀྱི་ཕུང་པོར་བརྟགས་པའི་དངོས་པོ་ཡོད་པ་མ་ཡིན་པ་མ་ཡིན་གྱི། དེ་ནི་མཚན་མར་འཛིན་པའི་རང་བཞིན་ཙམ་དུ་ཟད་དོ། །དེ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོ་ཡང་ཆུ་ཤིང་གི་སྙིང་པོ་དང་འདྲ་སྟེ། ཀུན་དུ་གྲགས་པས་
འདིར་མ་སྨོས་སོ། །དེ་ལྟར་ཕུང་པོ་དེ་ཡང་དབུ་བལ་སོགས་པའི་དཔེས་སུན་ཕྱུང་ནས་ཕུང་པོར་བརྟགས་པའི་དངོས་པོ་ཡོད་པར་མི་འགྱུར་ཏེ་སོ་སོའི་མཚན་ཉིད་དུ་ཟད་དོ། །དེ་ལྟར་ཕུང་པོར་ཡོད་པར་མ་གྲུབ་ན་ཁམས་དང་སྐྱེ་མཆེད་རྣམས་ཀྱང་དངོས་པོ་ལས་གཞན་མ་ཡིན་པས་ཁམས་དང་
Vol. 69 · folio 287b
སྐྱེ་མཆེད་དུ་བརྟགས་པའི་དངོས་པོ་ཡོད་པ་མ་ཡིན་གྱི་དེ་རྣམས་ཆོས་སོ་སོ་བའི་རང་བཞིན་ཙམ་དུ་ཟད་དོ། །གཟུང་བ་དང་འཛིན་པ་ཡང་སྟེ། གཟུགས་ཀྱི་ཕུང་པོ་ནི་གཟུང་བའི་དངོས་པོར་བརྟགས། ཚོར་བ་ལ་སོགས་པ་ཕུང་པོ་བཞི་ནི་འཛིན་པར་བརྟགས་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། ཆོས་
སོ་སོ་བའི་རང་བཞིན་ཙམ་དུ་ཟད་དོ། །དེ་ལྟར་ཕུང་པོ་ལ་འདོད་ཆགས་དང་བྲལ་བའི་སེམས་བསྐྱེད་ནས་དབུ་བ་ལ་སོགས་པའི་རང་བཞིན་དུ་བཤིག་ཅིང་བསྒོམས་པས་ཕུང་པོ་ལ་ཡོད་དོ་སྙམ་པའི་ཕུང་པོར་འཛིན་པའི་བློ་སྐྱེས་པ་དེ་ལས་ཀྱང་གྲོལ་བར་འགྱུར་ཏེ་དེ་བས་ན་ནམ་ཕུང་པོ་དག་ལ་
འདོད་ཆགས་དང་བྲལ་བ་བསྐྱེད་པ་དེའི་ཚེ་དབུ་བ་དང་ཆུའི་ཆུ་བུར་དང་། སྒྱུ་མ་དང་སྨིག་རྒྱུ་དང་མཚུངས་པར་བསྒོམས་པས་རྣམ་པར་གྲོལ་བར་འགྱུར་ཏེ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཕུང་པོ་ལས་རྣམ་པར་གྲོལ་ནས་ཕུང་པོ་ལ་སོགས་པར་བརྟགས་པའི་མཚན་ཉིད་ཆོས་རྣམས་ཀྱི་
ངོ་བོའི་རང་བཞིན་ཙམ་འབའ་ཞིག་ཡོད་པར་རྟོག་པ་གཞུང་ལས་གསུངས་པ་འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་ཉིད་ཀྱི་རང་གི་ངོ་བོ་ཞི་བའི་དབྱིངས་རྟོགས་པར་འགྱུར་རོ་ཞེས་པ་སྟེ། དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་
དང་། །གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཞེས་པ་ནི་གོང་དུ་ཕུང་པོ་ལ་སོགས་པར་བརྟགས་པའི་དངོས་པོ་སུན་ཕྱུང་བའི་ཚུལ་གྱིས་ཆོས་ཉིད་ཀྱི་རང་གི་ངོ་བོ་སྔོན་པོ་ལ་སོགས་པའི་རྣམ་པ་ལ་བརྟགས་པའི་དངོས་པོར་ཡོད་པ་མ་ཡིན་པས་རྣམ་པར་སྤངས་པའོ། །དེ་བས་ན་གཟུང་
བ་དང་འཛིན་པ་རྣམ་པར་སྤངས་པ་ཞེས་པ་ཡང་གཟུགས་ཀྱི་ཕུང་པོ་ལ་གཟུང་བར་བརྟགས་པ་དང་། ཚོར་བ་ལ་སོགས་པའི་ཕུང་པོ་བཞི་ལ་འཛིན་པའི་དངོས་པོར་རྣམ་པར་བརྟགས་པ་དེ་རྣམ་པར་སྤངས་པ་ལ་བྱའི། ཆོས་ལ་བདག་མེད་པར་རྟོག་པའི་མཚན་ཉིད་གཟུང་བ་དང་འཛིན་པའི་
རྣམ་པར་སྤངས་པ་ལ་ནི་མི་བྱའོ། །ཆོས་ཉིད་ཀྱི་རང་གི་ངོ་བོ་ཞེས་པ་དེ་ལ་ཆོས་ནི་ཕུང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་ངོ་བོ་ཆོས་ཉིད་ཀྱི་རང་གི་ངོ་བོ་སྟེ། དེ་ཡང་སྔོན་པོ་དང་དམར་པོ་ལ་སོགས་པའི་རང་བཞིན་རྣམས་སོ། །དེ་ལྟར་སྔོན་པོ་དང་དམར་པོ་ལ་སོགས་པའི་རང་བཞིན་ཙམ་
Vol. 69 · folio 288a
འབའ་ཞིག་ཡོད་ཀྱི་ཕུང་པོ་ལ་སོགས་པའི་དངོས་པོར་བརྟགས་པའི་དངོས་པོ་མེད་པར་རྟོག་པ་ནི་ཞི་བའི་དབྱིངས་རྟོགས་པ་ཞེས་བྱ་སྟེ། ཞི་བ་ཞེས་པ་ནི་སེམས་ཀྱི་རྒྱུད་དེ་ལ་ཕུང་པོ་ལ་སོགས་པར་བརྟགས་པའི་འཁྲུལ་པ་མེད་པས་ཞི་བའོ། །དབྱིངས་ནི་རང་བཞིན་ནོ། །རྟོགས་
པ་ནི་དེ་ལྟ་བུའི་ཚུལ་དུ་ཁོང་དུ་ཆུད་པའོ། །གསང་བ་པའི་བདག་པོ། །འཇིག་རྟེན་ལས་འདས་པའི་སེམས་ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པའི་སེམས་ཀྱིས་ཁྱད་པར་བརྒྱད་དང་འབྲེལ་པ། ལས་དང་ཉོན་མོངས་པའི་དྲ་བ་དང་བྲལ་བ་འདི་ནི་རྣལ་འབྱོར་པ་དག་བསྐལ་པ་གཅིག་གིས་
འདའ་བར་བྱེད་དོ་ཞེས་པ་ནི་ཕུང་པོར་བརྟགས་པའི་དངོས་པོ་ཡོད་པར་འཛིན་པ་ལས་གྲོལ་ནས་ཆོས་རྣམས་ཀྱི་སོ་སོའི་རང་བཞིན་ཙམ་འབའ་ཞིག་ཡོད་པར་རྟོག་པའི་སེམས་ཞི་བ་དེ། ཕུང་པོ་ལ་དངོས་པོ་མེད་པ་ནས་བརྩམས་ཏེ་ཆོས་རྣམས་ཀྱི་སོ་སོའི་རང་བཞིན་སྔོན་པོ་ལ་སོགས་པ་
འབའ་ཞིག་ཏུ་ཟད་པར་རྟོག་པ་ལ་ཞུགས་ནས་བསྐལ་པ་གཅིག་གིས་སེམས་དེ་ཉིད་ལས་འདས་ཏེ་ཆོས་ལ་བདག་མེད་པར་རྟོགས་པ་མོས་པས་སྤྱོད་པའི་ས་ལ་འཇུག་པར་འགྱུར་རོ། །དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའི་ཁྱད་པར་བརྒྱད་དང་
ཞེས་པ་ནི་རྒྱུན་དུ་ཞུགས་པ་ལ་ཞུགས་པ་ནས་དགྲ་བཅོམ་པའི་བར་གྱི་སེམས་བརྒྱད་ལ་བྱ་སྟེ། སེམས་དེ་དག་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་ཡང་ཕུང་པོ་ལ་སོགས་པར་བརྟགས་པའི་དངོས་པོ་ཡོད་པར་འཛིན་པས་ཕྱིན་ཅི་ལོག་པའོ། །ཉོན་མོངས་སྤངས་པས་ཕྱིན་ཅི་མ་ལོག་པའོ། །
ཉོན་མོངས་པའི་བག་ཆགས་དང་བཅས་པས་ན་ལོག་པའོ། །འབྲེལ་པ་ཞེས་པ་ནི་ཕུང་པོ་ལ་བདག་མེད་པར་རྟོགས་པའི་སེམས་ཞི་བ་དེ་ཕུང་པོ་ལ་ཡོད་པར་འཛིན་པའི་སེམས་ཀྱི་རིམ་པ་བརྒྱད་པོ་དེས་བསྐྱེད་པ་ལ་བྱ་སྟེ་དེ་ལྟ་བས་ན། འཇིག་རྟེན་ལས་འདས་པའི་སེམས་དེ་ཕྱིན་ཅི་
ལོག་དང་ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཁྱད་པར་བརྒྱད་དང་འབྲེལ་པ་ཞེས་གསུངས་སོ། །དེ་དག་ནི་སྔགས་ཀྱི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་རྣམས་གང་ཟག་ལ་བདག་མེད་པར་རྟོགས་པའི་རིམ་གྱིས་སེམས་བརྒྱ་དྲུག་ཅུ་ལ་སོགས་པའི་ཉོན་མོངས་པ་རྣམ་སྤོང་
Vol. 69 · folio 288b
བའི་རིམ་པའོ། །ད་ནི་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་ཤེས་རབ་རྣོན་པོ་རྣམས་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་སྒོམ་ཞིང་མོས་པས་སྤྱོད་པའི་ས་ལ་འཇུག་པའི་རིམ་པ་བཤད་དེ། དེ་ཡང་
གསང་བ་པའི་བདག་པོ་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཞུགས་པ་ཐོས་པ་རབ་ཏུ་མང་ཤིང་ཤེས་རབ་མཆོག་ཏུ་རྣོ་བ་གཞན་གྱི་དྲིང་མི་འཇོག་པར་རང་གི་བློས་ཆོས་རྣམས་
སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་མཚན་ཉིད་དུ་ཤེས་ནས་ཆོས་ལ་བདག་མེད་པར་རྟོགས་པར་འགྱུར་བ་ལ་བྱའོ། །དེ་ལ་གང་ཟག་ལ་བདག་མེད་པར་རྟོགས་པའི་རིམ་པ་བསྐལ་པ་གསུམ་གྱིས་འདའ་བར་བྱ་བ་དང་། གང་ཟག་ལ་བདག་མེད་ཀྱང་ཕུང་པོ་ཙམ་ཡོད་པར་འདུ་ཤེས་པ་ཡང་བསྐལ་
པ་གཅིག་གིས་སྤང་པར་བྱ་དགོས་ན། དེ་དག་གི་བྱ་བ་མ་བྱས་པར་ཇི་ལྟར་ཆོས་ལ་བདག་མེད་པ་རྟོགས་པར་འགྱུར་ཞེ་ན། ལན་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་འཇིག་པ་ན་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སྒྱུ་མ་དང་། སྨིག་རྒྱུ་དང་།
གཟུགས་བརྙན་དང་། བྲག་ཅ་དང་། མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུའི་འདུ་ཤེས་སྐྱེས་སོ་ཞེས་པ་ནི་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་བཤིག་ནས་སྒྱུ་མ་དང་སྨིག་རྒྱུ་ཞེས་པ་ནི་དང་པོར་དད་པས་རྩོལ་ཞིང་འཇུག་པའི་སྤྱོད་པ་སྤྱད་པ་ན་ཕུང་པོའི་རང་བཞིན་སྒྱུ་མ་
ལ་སོགས་པ་ལྟ་བུར་ཤེས་ཤིང་གོམས་པར་བྱས་པས་གང་ཟག་ལ་བདག་མེད་པར་རྟོགས་པའི་རིམ་པ་མ་སྤྱད་ཀྱང་ཆོས་ལ་བདག་མེད་པར་རྟོགས་པར་འགྱུར་རོ་ཞེས་པའོ། །དེ་ལ་སྒྱུ་མ་ཞེས་པ་ནི་ཆོས་རྣམས་ལ་སྒྱུ་མ་ལྟ་བུར་འདུ་ཤེས་སྐྱེས་ཏེ་སྒྱུ་མའི་བལ་གླང་དང་རྟ་ལ་སོགས་པ་རྡོ་དང་
ཤིང་ལ་སོགས་པ་ལས་བྱས་ཀྱང་རྡོ་ཤིང་རྣམས་སུ་མི་མངོན་པར་བལ་གླང་དང་རྟ་ལ་སོགས་པའི་གཟུགས་སུ་སྣང་མོད་ཀྱི་ཡང་དག་པར་ན་བལ་གླང་དང་རྟ་ལ་སོགས་པའི་དངོས་པོ་ཡོད་པ་མ་མིན་ཏེ་རྡོ་ཤིང་ལ་སོགས་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པའི་ཆོས་རྣམས་སྣང་ཡང་རྣམ་
Vol. 69 · folio 289a
པར་ཤེས་པར་འཁྲུལ་པའི་དབང་གིས་སྣང་སྟེ། ཡང་དག་པར་ན་ཆོས་ཀྱི་ངོ་བོ་སྒྱུ་མའི་བལ་གླང་དང་འདྲ་སྟེ་སྣང་དུ་ཟིན་ཀྱང་ཡོད་པ་མ་ཡིན་ནོ། །རྣམ་པར་ཤེས་པ་དེ་ནི་རྡོ་དང་ཤིང་ལ་སོགས་པ་དང་འདྲ་སྟེ་མི་མངོན་ཡང་གཟུགས་ལ་སོགས་པར་སྣང་བའི་ཆོས་རྣམས་ནི་ཡོད་པ་མ་ཡིན་
གྱི་རྣམ་པར་ཤེས་པ་འཁྲུལ་པའི་རྣམ་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་སྨིག་རྒྱུ་ཡང་འབྲོག་དགོན་པ་ན་སྐྱེས་བུ་སྐོམ་གྱིས་གདུངས་པས་སྨིག་རྒྱུ་ལ་ཆུར་མཐོང་སྟེ་ཆུའི་དངོས་པོ་ཡོད་པ་མ་ཡིན་ན་སྨིག་རྒྱུ་ཙམ་དུ་ཟད་དོ། །དེ་བཞིན་དུ་ཕུང་པོ་ལ་སོགས་པའི་ཆོས་རྣམས་སང་ཡང་ཡོད་པ་ནི་མ་ཡིན་གྱི་རྣམ་པར་
ཤེས་པ་འཁྲུལ་པའི་རྣམ་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་གཟུགས་བརྙན་དང་། བྲག་ཅ་དང་། མགལ་མེ་བསྐོར་བ་དང་། དྲི་ཟའི་གྲོང་ཁྱེར་རྣམས་ཀྱང་གོང་དུ་སྒྱུ་མ་ལ་སོགས་པ་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། མདོར་ན་ཕུང་པོ་ལ་སོགས་པའི་ཆོས་རྣམས་སྣང་བ་ནི་རྣམ་པར་ཤེས་པ་འཁྲུལ་པའི་
སྣང་བ་ཙམ་དུ་ཟད་དོ། །རྨི་ལམ་ན་གཟུགས་ལ་སོགས་པའི་ཡུལ་མེད་ན་ཡང་གཟུགས་ལ་སོགས་པར་མཐོང་བ་དེ་དག་གི་བྱ་བ་བྱེད་མོད་ཀྱི། རྨི་ལམ་གྱི་ཚེ་ན་གཟུགས་ལ་སོགས་པ་མེད་པར་གསལ་བར་མངོན་ཏེ། དེ་དག་ཐམས་ཅད་རྣམ་པར་ཤེས་པའི་དབང་གིས་གྱུར་པ་ཙམ་དུ་ཟད་དོ་སྙམ་
ནས་དེ་ལྟར་མོས་པས་སྤྱོད་པའི་ས་ལ་ཞུགས་ནས་ཕུང་པོ་ལ་སོགས་པའི་ཆོས་རྣམས་ལ་བདག་མེད་པར་རྟོགས་པ་ནི་སྒྱུ་མ་ལ་སོགས་པ་ནས་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟ་བུའི་འདུ་ཤེས་སྐྱེས་ཏེ། ཆོས་རྣམས་ནི་ཡང་དག་པར་ཡོད་པ་མ་ཡིན་མོད་ཀྱི་རྣམ་པར་ཤེས་པ་ཙམ་ཡོད་
པར་འཛིན་ཏེ། དེ་ལྟ་བུར་ཆོས་ལ་བདག་མེད་པར་རྟོགས་པ་མོས་པས་སྤྱོད་པའི་ས་དེ་ལ་ཡང་དེ་ལྟ་བུར་ཆོས་རྣམས་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ཚུལ་དུ་འཇིག་ཅིང་འཇུག་པའི་སེམས་དང་། ཆོས་རྣམས་དེ་ལྟ་བུར་བཤིག་ནས་དེའི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ལ་གནས་པའི་སེམས་
དང་། དེ་ནས་སྙིང་རྗེའི་དབང་གིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་སྤྱོད་ཅིང་ས་བཅུ་ལ་སོགས་པའི་ཡོན་ཏན་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱིས་ཤེས་ནས་དེ་དག་ལ་རབ་ཏུ་མོས་པར་བྱེད་ཅིང་འཇུག་པ་དང་གནས་པ་དང་ལྡང་བའི་སེམས་དེ་གསུམ་རྣམ་པར་
Vol. 69 · folio 289b
བསྒོམས་པས་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལ་སོགས་པ་རྣམས་ཡོངས་སུ་མི་ཤེས་པ་ནི་ཡོངས་སུ་མི་ཤེས་ཤིང་མངོན་དུ་མ་བྱས་པ་མཉན་པ་དང་བསམས་པ་དང་བསྒོམས་པའི་ཤེས་རབ་ཀྱིས་ཆོས་ལ་བདག་མེད་པར་རྟོགས་ཤིང་རྣམ་པར་ཤེས་པ་ཙམ་ཡོད་པར་འཛིན་པ་དེ་ནི་མོས་པས་སྤྱོད་
པའི་སའི་མཚན་ཉིད་དེ་མོས་པས་སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་རྫོགས་པར་འགྱུར་རོ། །དེ་ནས་བསྐལ་པའི་བཞི་ཆ་གཅིག་གིས་མོས་པས་སྤྱོད་པའི་ས་དེ་ནས་འཕར་ཏེ། ཡེ་ཤེས་ཀྱི་ས་དེ་ལ་འཇུག་པའི་རིམ་པ་གསུངས་པ། གསང་བ་པའི་བདག་པོ་དེའི་ཕྱིར་དེ་དག་གི་སེམས་
ཀྱི་དབང་དུ་བྱས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་བར་བྱ་བ་སྟེ། རང་གི་སེམས་ནི་གཟོད་མ་ནས་མ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་དམིགས་ཏེ་རྣལ་འབྱོར་པ་དག་འདི་ཡང་
བསྐལ་པ་གཉིས་ཀྱིས་འདའ་བར་བྱེད་དོ་ཞེས་པའོ། །དེ་ལ་དེ་དག་གི་སེམས་ཀྱི་དབང་དུ་བྱས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་བར་བྱ་བ་སྟེ་རང་གི་སེམས་ནི་གཟོད་མ་ནས་མ་སྐྱེས་པའོ་ཞེས་པ་ནི་སྔར་ཆོས་ལ་བདག་མེད་པར་རྟོགས་ཏེ་རྣམ་པར་ཤེས་པ་འབའ་ཞིག་གཟུང་བ་
དང་འཛིན་པའི་རྣམ་པ་ཡོད་པར་སེམས་པ་དེ་ཡང་རང་གི་དབང་དུ་གྱུར་པས་རྣམ་པར་ཤེས་པ་དེ་གཟོད་མ་ནས་མ་སྐྱེས་པར་རྟོགས་པས་རྣམ་པར་ཤེས་པ་ཙམ་དུ་ཡོད་པར་འདུ་ཤེས་པ་དེ་ཡང་སྤངས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤངས་སོ། །ཅིའི་ཕྱིར་རྣམ་པར་ཤེས་པ་ཙམ་དུ་
འདུ་ཤེས་པ་དེ་སྤངས་པས་ཆོས་ལ་བདག་མེད་པ་སྤངས་ཞེས་བྱ་ཞེ་ན་ཕུང་པོ་ལ་སོགས་པ་རྣམས་བདག་མེད་པར་རྟོགས་པའི་རྒྱུས་རྣམ་པར་ཤེས་པ་ཙམ་དུ་ཡོད་པར་འདུ་ཤེས་སྐྱེས་ཏེ། དེ་བས་ན་རྣམ་པར་ཤེས་པ་ཙམ་ཡོད་པར་འདུ་ཤེས་པ་དེ་སྤངས་ན་ཆོས་ལ་བདག་མེད་པ་ཉིད་སྤངས་
པ་ཡིན་ཏེ་འབྲས་བུ་ལ་རྒྱུས་བཏགས་པའོ། །རྣམ་པར་ཤེས་པ་ཙམ་ཡོད་པར་འདུ་ཤེས་པ་དེ་ཡང་ཇི་ལྟར་སྤོང་ཞེ་ན། དེ་ཅིའི་ཕྱིར་ཞེ་ན་གསང་བ་པའི་བདག་པོ། །ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་དམིགས་ཏེ་ཞེས་གསུངས་པ་ཡིན་
Vol. 69 · folio 290a
ཏེ། །དེ་ལྟར་རང་གི་སེམས་དེ་ཐོག་མ་གང་ནས་སྐྱེས་པའི་མཐའ་བཙལ་ན་མཐའ་དེ་མི་རྙེད་ལ། དེ་ལྟར་ཐོག་མའི་མཐའ་མེད་པས་ཐ་མ་འགག་པའི་མཐའ་ཡང་རྙེད་པར་མི་འགྱུར་ཏེ་ཐོག་མ་དང་ཐ་མའི་མཐའ་མི་རྙེད་དོ། །དེ་ལྟར་ཐོག་མའི་མཐའ་མེད་པས་སེམས་དེ་མ་སྐྱེས་
པར་མངོན་ཏེ་དེ་ལྟར་ཐོག་མ་ནས་མ་སྐྱེས་ན་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བའི་ཤེས་པ་དེ་གང་ན་ཅི་ཞིག་ཡོད་སྙམ་ནས་རྣམ་པར་ཤེས་པ་ཙམ་ཡོད་པར་འདུ་ཤེས་པ་དེ་སྤངས་པས་ཆོས་ལ་བདག་མེད་པ་ཡང་སྤངས་ཞེས་བྱའོ། །དེ་ལྟ་བུའི་ཚུལ་དུ་སྒོམ་ཞིང་ཆོས་ལ་བདག་མེད་པ་སྤོང་པ་
ཡང་བསྐལ་པ་གཉིས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་རོ། །ད་ནི་རབ་ཏུ་དགའ་བའི་ས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རིམ་པ་བཤད་པར་བྱ་སྟེ། དེ་ཡང་གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་བསྐལ་པ་བྱེ་
བ་ཁྲིག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ཞེས་པ་ནས་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་སྐྱེ་སྟེ། གསང་བ་པའི་བདག་པོ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོའོ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས་སོ་ཞེས་པའི་བར་གྱིས་ས་དང་པོའི་
བྱང་ཆུབ་ཀྱི་སེམས་དེའི་རྒྱུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། མཚན་ཉིད་ཕུན་སུམ་ཚོགས་པ་དང་། མཚན་ཉིད་དེའི་སྒྲུབ་པ་ཕུན་སུམ་ཚོགས་པ་རྣམས་བཤད་པར་རིག་པར་བྱ་སྟེ་དེ་ལ་རྒྱུ་ཕུན་སུམ་ཚོགས་པ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་
མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ཞེས་བྱའོ། །རང་བཞིན་ཕུན་སུམ་ཚོགས་པ་ནི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་ཡོངས་སུ་གཟུང་བ་ཞེས་པ་ནས་དབང་པོ་དང་ཉེ་བའི་དབང་པོ་ལ་སོགས་པས་ཕྱག་བྱས་པ་ཞེས་པའི་བར་ཏེ། རང་བཞིན་ཕུན་
སུམ་ཚོགས་པ་དེས་སྤོང་བ་ཕུན་སུམ་ཚོགས་པ་དང་མཐུ་ཕུན་སུམ་ཚོགས་པ་ཡང་བསྡུས་ཏེ་སྤོང་བ་ཕུན་སུམ་ཚོགས་པ་ནི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་ཡོངས་སུ་གཟུང་བ་ཞེས་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ལས་ཡང་དག་པར་འདས་པ་ཞེས་པའོ། །མཐུ་ཕུན་
Vol. 69 · folio 290b
སུམ་ཚོགས་པ་ནི་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱས་པ་ཞེས་དང་། བརྒྱ་བྱིན་དང་ཚངས་པ་དང་དབང་པོ་དང་ཉེ་བའི་དབང་པོ་ལ་སོགས་པས་ཕྱག་བྱས་པ་ཞེས་པའོ། །མཚན་ཉིད་ཕུན་སུམ་ཚོགས་པ་ནི་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་སྐྱེ་ཞེས་པའོ། །མཚན་
ཉིད་དེའི་སྒྲུབ་པ་ཕུན་སུམ་ཚོགས་པ་ནི་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་རྫས་མེད་པ་ཞེས་པ་ནས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་བྲལ་བ་ཞེས་པའི་བར་རོ། །དེ་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་
པ་བསགས་པ་ཞེས་པ་ལ། བསྐལ་པ་བྱེ་བ་ནི་འབུམ་ཕྲག་བརྒྱ་ལ་བྱའོ། །བརྒྱ་སྟོང་ནི་བསྐལ་པ་བྱེ་བ་ཁྲིག་ཕྲག་འབུམ་ལ་བྱ་སྟེ་དཔག་ཏུ་མེད་ཅེས་པ་ནི་བསྐལ་པ་བྱེ་བ་ཕྲག་འབུམ་དེ་ཡང་ཚད་ཀྱིས་གཞལ་དུ་མེད་གྲངས་ཀྱིས་བགྲང་དུ་མེད་པར་སེམས་དང་པོ་བསྐྱེད་པའམ། གང་ཟག་
ལ་བདག་མེད་པར་བསྒོམ་པ་ནས་བརྩམས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུས། ས་དང་པོ་རབ་ཏུ་དགའ་བའི་སེམས་ཤིན་ཏུ་དགའ་བའི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་དང་ཐབས་དཔག་ཏུ་མེད་པས་
ཡོངས་སུ་གཟུང་བ་ཞེས་པ། ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཀུན་ཆུབ་པར་བྱེད་པ་ཡིན་ལ། ཐབས་ནི་སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་གྲོལ་བར་བྱེད་པ་སྟེ། དཔག་ཏུ་མེད་པ་ནི་ཤེས་རབ་དང་ཐབས་དེ་དག་ཉིད་འདི་ཙམ་ཞེས་དཔག་ཏུ་མེད་དོ། །
དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་ཉོན་མོངས་པ་ལ་སོགས་པ་སྤངས་པ་དང་ཐབས་ཀྱིས་སེམས་ཅན་སྨིན་ཅིང་གྲོལ་བར་བྱས་པས་ངན་སོང་ལ་སོགས་པ་སྤངས་པའི་ཡོན་ཏན་དང་ལྡན་པས་དེའི་སྤོང་བ་ཕུན་སུམ་ཚོགས་པའོ། །ཡོངས་སུ་གཟུང་བ་
ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་དེ་ལྟ་བུའི་ཤེས་རབ་དང་ཐབས་དཔག་ཏུ་མེད་པ་སྤོང་པ་ཕུན་སུམ་ཚོགས་པ་དེས་ཡོངས་སུ་གཟུང་བ་ལ་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་ཤིན་ཏུ་འདས་པ་དང་ཞེས་པ་ཡང་དེ་ལྟ་བུའི་ཤེས་རབ་དང་དཔག་ཏུ་མེད་པ་དང་ལྡན་
Vol. 69 · folio 291a
པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་ལས་འདས་ཏེ་འཕགས་པའམ་དེ་དག་གི་སྤྱོད་ཡུལ་མ་ཡིན་པ་ལ་བྱ་སྟེ། དེ་ཡང་སྤོང་བ་ཕུན་སུམ་ཚོགས་པའོ། །ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱས་པ། བརྒྱ་བྱིན་དང་ཚངས་པ་དང་དབང་པོ་དང་ཉེ་བའི་
དབང་པོ་ལ་སོགས་པས་ཕྱག་བྱས་པ་ཞེས་པ་ནི་དེ་ལྟ་བུའི་འཇིག་རྟེན་གྱི་དབང་པོ་ལ་སོགས་པ་སེམས་ཅན་མཐུ་ཆེན་རྣམས་ཀྱིས་མཆོད་ཅིང་ཕྱག་བྱས་པའི་མཐུ་དང་ལྡན་པས་མཐུ་ཕུན་སུམ་ཚོགས་པའོ། །བྱང་ཆུབ་ཀྱི་སེམས་དེ་ལ་གཟུགས་མེད་ན་ཇི་ལྟར་དེ་དག་གིས་ཕྱག་བྱ་ཞེ་ན་གཟུགས་
མེད་ཀྱང་དེའི་ཡོན་ཏན་དང་རྫུ་འཕྲུལ་ཆེན་པོ་དག་ཐོས་ནས་འདུད་ཅིང་ཕྱག་འཚལ་བར་འགྱུར་རོ། །ཡང་ན་དེ་ལྟ་བུའི་སེམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བ་ལ་ཡང་བྱའོ། །འདི་ལྟ་སྟེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་གཟུང་བ་དང་
འཛིན་པའི་རང་བཞིན་མེད་དེ། ནམ་མཁའ་དང་འདྲ་བས་སྟོང་པའི་རང་བཞིན་ནོ། །རྫས་མེད་པ་ཞེས་པ་ནི་དེ་ལྟར་སྟོང་པའི་རང་བཞིན་ཡིན་པས་རྡུལ་ཕྲ་མོ་ལ་སོགས་པའི་རྫས་ཀྱི་རང་བཞིན་མ་ཡིན་པའོ། །མཚན་ཉིད་མེད་པ་ཞེས་པ་ནི་མུ་སྟེགས་ཅན་ལ་སོགས་པས་བརྟགས་པའི་
བདག་ལ་སོགས་པ་ཁམས་གསུམ་ཐམས་ཅད་སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པའི་མཚན་ཉིད་མ་ཡིན་པའོ། །མཚན་མ་མེད་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པའི་མཚན་མ་མེད་པའོ། །སྤྲོས་པ་ཐམས་ཅད་ལས་འདས་པ་ཞེས་པ་ནི་
སྤྲོས་པ་ནི་རྣམ་པར་རྟོག་པ་ལ་བྱ་སྟེ་རྣམ་པར་རྟོག་པ་མེད་པའོ། །ནམ་མཁའ་ལྟར་དཔག་ཏུ་མེད་པ་ཞེས་པ་ནི་དེ་ལྟར་རྣམ་པར་རྟོག་པ་མེད་པས་ན་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་ཚད་འདི་ཙམ་ཞེས་དཔག་ཏུ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དེའི་ཡོན་
ཏན་ཡང་ཚད་གཟུང་དུ་མེད་དོ། །ཆོས་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པ་ཞེས་པ་ལས་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་ཆོས་ལ་བྱ་སྟེ། འདུས་བྱས་ཀྱི་ཆོས་དེ་རྣམས་རྡུལ་ཕྲན་གྱི་ཕྱོགས་ཆ་ལ་སོགས་པར་བཤིག་གམ། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ཚུལ་དུ་བཤིག་ན་
Vol. 69 · folio 291b
སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་ཏེ། དེ་དང་བྱང་ཆུབ་ཀྱི་སེམས་རོ་གཅིག་པས་ཆོས་དེ་དག་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པའོ། །གཉིས་སུ་ཆོས་ཐམས་ཅད་ཅེས་བྱ་བ་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་
ཀྱི་ཡོན་ཏན་གྱི་ཆོས་རྣམས་བྱང་ཆུབ་ཀྱི་སེམས་དེ་ལ་གནས་པས་ན་ཆོས་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པའོ་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དང་བྲལ་བ་ཞེས་པ་ལ། འདུས་བྱས་དང་བྲལ་བ་ནི་ས་དང་པོའི་སེམས་ཐོབ་པའི་མི་མཐུན་པའི་གཉེན་པོར་གྱུར་པས་དེ་རྣམས་
དང་བྲལ་བའོ། །འདུས་མ་བྱས་དང་བྲལ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་མ་སྤངས་པས་མྱ་ངན་ལས་འདས་པའི་ཁམས་ལ་མི་གནས་པའོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་བྲལ་བ་ཞེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྟར་
མིག་ལ་སོགས་པས་རྒྱུ་བྱས་ནས་སྐྱེད་པ་མ་ཡིན་པས་དེ་རྣམས་དང་བྲལ་བའོ། །ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་ཞེས་པ་ནི་དེ་ལྟར་གོང་དུ་སྨོས་པའི་ཆོས་རྣམས་གང་དང་ཡང་མི་ལྡན་པས་དེ་རྣམས་ཀྱི་རྣམ་པའམ་རང་བཞིན་མེད་པ་སྟེ། དེ་བས་ན་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་
སོ། །སྐྱེ་སྟེ་ཞེས་པ་ནི་དེ་ལྟར་ངོ་བོ་ཉིད་མེད་པའི་སེམས་ཀྱི་མཚན་ཉིད་དེ་གོང་དུ་སྨོས་པའི་བསྐལ་པ་སྙེད་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་རྒྱུས་ས་དང་པོའི་ཡོན་ཏན་རྣམས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་སེམས་དེ་སྐྱེ་བར་རིག་པར་བྱའོ། །དེ་དག་ཉོན་མོངས་
ལས་ལས་གྲོལ། །ལས་དང་ཉོན་མོངས་ལྡན་པའང་ཡིན། །དེ་དག་འཇིག་རྟེན་སྦྱིན་གནས་ཏེ། །དེ་དག་རྟག་མཆོད་རི་མོར་བྱ། །ཞེས་པ་ལ། ཉོན་མོངས་ལས་ལས་གྲོལ་ཞེས་པ་ནི་ངན་སོང་ལ་སོགས་པའི་ལས་དང་ས་དང་པོའི་མི་མཐུན་པའི་ཕྱོགས་དང་བྲལ་བའོ། །
ལས་དང་ཉོན་མོངས་ལྡན་པའང་ཡིན། །ཞེས་པ་ལ་གོང་མ་རྣམས་ཐོབ་པར་བྱེད་པའི་ལས་དང་དེ་དག་ལས་སྒྲིབ་པའི་ཉོན་མོངས་པ་དང་ལྡན་པའོ། །དེ་དག་འཇིག་རྟེན་སྦྱིན་གནས་ཏེ། །ཞེས་པ་ནི། དེ་ལྟ་བུའི་སེམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནོར་
Vol. 69 · folio 292a
དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་ཡོན་དབུལ་བའི་སྣོད་དུ་གྱུར་པའོ། །མཆོད་ཅེས་པ་ནི་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པའི་གནས་སོ། །རི་མོར་བྱ་ཞེས་པ་ནི་ཕྱག་བྱ་ཞིང་ཐལ་མོ་སྦྱར་བ་དང་། བསུ་ཞིང་བསྐྱལ་བ་ལ་སོགས་པའི་བཀུར་
སྟིའི་གནས་སོ། །དེ་ལ་རྟག་མཆོད་ནི་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ལ་འཇིག་རྟེན་པ་རྣམས་ཀྱིས་མཆོད་པ་དང་བཀུར་སྟི་ལ་སོགས་པ་བྱའོ། །ད་ནི་ཉོན་མོངས་པས་སྤྱོད་པའི་སའི་མཚན་ཉིད་དང་ཡོན་ཏན་ཡང་བཤད་དེ་གསང་བ་པའི་བདག་པོ་གཞན་ཡང་། མོས་
པ་ཡིས་ནི་སྤྱོད་པའི་ས། །ཞེས་པ་ནས། བློ་ལྡན་བསྐལ་པ་གཅིག་གིས་ནི། །ས་ལས་ཡང་དག་འདའ་བར་འགྱུར། །ཞེས་པའི་བར་རོ། །དེ་ལ་མོས་པ་ཡིས་ནི་ཞེས་པ་མཉན་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་
པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤེས་ན་དེ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ་སྙམ་དུ་དེ་ལ་ཤིན་ཏུ་མོས་པ་སྐྱེ་བའོ། །དེ་ལ། སེམས་གསུམ་རྣམ་པར་སྒོམ་པ་སྟེ། །ཞེས་པ་ནི་འཇུག་པ་དང་། གནས་པ་དང་། ལྡང་བའི་སེམས་ཏེ་དེ་དག་རྣམ་པར་སྒོམ་པའི་ཐབས་ནི་སྔར་ཆོས་ལ་བདག་མེད་
པའི་སྐབས་སུ་བཤད་ཟིན་ཏོ། །མོས་པས་སྤྱོད་པ་ཞེས་པ་ནི་ཆོས་དེ་ལ་མོས་པ་ཙམ་མ་ཡིན་གྱི། དེ་རྣམས་ཀྱི་ཡོན་ཏན་གོམས་པར་བྱ་བ་ལ་ནན་ཏན་བྱེད་པ་སྟེ། དེ་བས་ན། ཕ་རོལ་ཕྱིན་རྣམས་སྤྱོད་པ་དང་། །བསྡུ་བ་དག་ནི་བཞི་པོ་ཡིས། །ཞེས་གསུངས་པ་ཡིན་ནོ། །དེ་ལ། ཕ་རོལ་ཕྱིན་
རྣམས་སྤྱོད་པ་དང་། །ཞེས་པ་ནི་ས་དང་པོ་ནས་བརྩམས་ཏེ་བཅུ་པའི་བར་དུ་ས་རེ་རེ་ལ་ཕྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རེ་རེ་སྤྱོད་དེ། བདག་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་བཞིན་དུ། སེམས་ཅན་གཞན་རྣམས་ཀྱང་བསྡུ་བ་རྣམ་པ་བཞིའི་སྒོ་ནས་བསྡུས་ཏེ་སྤྱོད་དུ་འཇུག་གོ། །དེ་
ལ་རབ་ཏུ་དགའ་བའི་ཡོན་ཏན་སེམས་དགའ་བཞིན་དུ་ཆོས་དང་ཟང་ཟིང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་སྟེ། མོས་པས་སྤྱོད་པའི་ས་ལ་གནས་པ་ན་བདག་ཀྱང་སྤྱོད་ལ། སེམས་ཅན་གཞན་རྣམས་ཀྱང་བསྡུ་བ་རྣམ་པ་བཞིའི་སྒོ་ནས་བསྡུས་ཏེ་སྤྱོད་དུ་འཇུག་གོ། །ས་གཉིས་པ་དྲི་མ་
Vol. 69 · folio 292b
མེད་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲི་མ་མེད་པ་ལ་སྤྱོད་པ་ཡང་། མོས་པས་སྤྱོད་པའི་ཚེ་བདག་ཀྱང་སྤྱོད་ལ་གཞན་རྣམས་ཀྱང་སྤྱོད་དུ་འཇུག་གོ། །ས་གསུམ་པ་འོད་བྱེད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་དེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ཡང་མོས་པས་སྤྱོད་པའི་ཚེ་བདག་
ཀྱང་སྤྱོད་ལ་གཞན་ཡང་སྤྱོད་དུ་འཇུག་གོ། །ས་བཞི་པ་འོད་འཕྲོ་བ་ཅན་ལ་ཡེ་ཤེས་ཀྱི་འོད་འཕྲོ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་ལྔ་པ་སྦྱང་དཀའ་བ་ལ་བདུད་ལ་སོགས་པས་ཤིན་ཏུ་རྒྱལ་བར་དཀའ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་
དྲུག་པ་མངོན་དུ་གྱུར་པ་ཤེས་རབ་མངོན་དུ་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་བདུན་པ་རིང་དུ་སོང་བ་ལ་སེམས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱེད་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ས་བརྒྱད་པ་མི་གཡོ་བ་ལ་སྨོན་ལམ་གྱི་དབང་ཐོབ་ནས་ས་གོང་
མ་རྣམས་ཐོབ་པའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་དགུ་པ་ལེགས་པའི་བློ་གྲོས་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་དང་། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མངོན་སུམ་དུ་ཡེ་ཤེས་ཀྱི་ཆོས་འདྲི་ཞིང་། སྤྱོད་ཡུལ་དུ་གྱུར་
པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་རྣམས་མོས་པས་སྤྱོད་པའི་ཚེ་ཉིད་ན་བདག་ཀྱང་སྤྱོད་པ་ལ་གོམས་པར་བྱེད་ལ་སེམས་ཅན་གཞན་རྣམས་ཀྱང་བསྡུ་བ་རྣམས་བཞིའི་སྒོ་ནས་བསྡུས་ཏེ་སྤྱོད་དུ་འཇུག་པའོ། །བསྡུ་བ་རྣམ་པ་བཞི་ཞེས་པ་ནི་སྦྱིན་པ་དང་སྙན་པར་སྨྲ་བ་དང་། དོན་སྤྱོད་པ་
དང་། དོན་མཐུན་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་དུ་འཇུག་པའོ། །ས་དེ་རྣམས་ཀྱི་མཚན་ཉིད་དང་ཡོན་ཏན་རྒྱ་ཆེར་ནི་ས་བཅུ་པའི་མདོ་སྡེ་ལ་སོགས་པར་ཤེས་པར་བྱའོ། །མོས་པའི་ས་ནི་མཚུངས་པ་མེད། །ཅེས་པ་ནི་མོས་པས་སྤྱོད་པའི་ས་དེ་འཇིག་རྟེན་ཕལ་པ་རྣམས་དང་མི་
མཉམ་པའོ། །དཔག་ཏུ་མེད་ཅིང་ཞེས་པ་དེའི་ཡོན་ཏན་གྱི་སྤྱི་གྲངས་ཀྱིས་གཞལ་བ་ལས་འདས་པའོ། །བསམ་མི་ཁྱབ་ཅེས་པ་ནི་སེམས་ཀྱིས་བསམས་ཤིང་དཔག་པ་ལས་འདས་པའོ། །དཔག་མེད་ཡེ་ཤེས་འབྱུང་བ་ཞེས་པ་ནི་མོས་པས་སྤྱོད་པའི་ས་དེ་ལ་བྱ་སྟེ། དཔག་མེད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །
Vol. 69 · folio 293a
སེམས་བཅུ་དག་གིས་ཐོབ་པར་འགྱུར། །ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་སྤྱོད་པའི་སེམས་ཀྱི་རིམ་པས་སོ། །ངས་གང་ཅུང་ཟད་བརྗོད་པ་ནི། །ཐམས་ཅད་འདི་ཡིས་ཐོབ་པར་འགྱུར། །ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་
བཅོ་བརྒྱད་ལ་སོགས་པའི་ཆོས་གང་ཅུང་ཟད་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཐམས་ཅད་ནི་མོས་པས་སྤྱོད་པ་དེས་འཐོབ་པར་འགྱུར་རོ། །དེ་ཕྱིར་ཐམས་ཅད་མཁྱེན་པའི་ས། །མོས་པ་ཞེས་ནི་བྱ་བར་བཤད། །ཅེས་པ་ནི་དེ་ལྟར་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་མོས་པས་འཐོབ་
པས་ན་མོས་པས་སྤྱོད་པའི་ས་དེ་ཐམས་ཅད་མཁྱེན་པའི་ས་དེའི་རྒྱུ་སྟེ་དེ་བས་ན་རྒྱུ་ལ་འབྲས་བུར་བཏགས་ཏེ། མོས་པ་ཞེས་ནི་བྱ་བར་བཤད། །ཅེས་གསུངས་པ་ཡིན་ནོ། །བློ་ལྡན་བསྐལ་པ་གཅིག་གིས་ནི། །ས་ལས་ཡང་དག་འདའ་བར་འགྱུར། །ཞེས་པ་ནི་ཤེས་རབ་ཅན་གྱིས་མོས་པས་
སྤྱོད་པའི་ས་དེ་བསྐལ་པ་གཅིག་གིས་ཡོངས་སུ་རྫོགས་པར་འགྱུར་ཞེས་པའོ། །འདི་ཡི་ཡང་ནི་བཞི་ཆ་ཡིས། །མོས་པའི་ས་ལས་འདའ་བར་འགྱུར། །ཞེས་པ་ནི་བསྐལ་པ་དེའི་བཞི་ཆ་གཅིག་གིས་མོས་པས་སྤྱོད་པའི་ས་ཆོས་བདག་མེད་པར་ཆུད་པའི་ས་དེ་ལས་འཕར་ཏེ་ཡེ་ཤེས་ཀྱི་ས་ལ་འཇུག་
པའི་སྟེགས་སུ་གྱུར་པའི་ཆོས་ལ་བདག་མེད་པ་ཡང་སྤངས་ནས་རང་གི་སེམས་གཟོད་མ་ནས་མ་སྐྱེས་ཤིང་མ་བྱུང་བར་བསྒོམ་པར་ཞུགས་པ་ལ་བྱའོ། །མོས་པས་སྤྱོད་པའི་སའི་རིམ་པ་དང་། ཡོན་ཏན་དེ་དག་སྔར་མོས་པས་སྤྱོད་པའི་ས་བདག་མེད་པ་ལ་འཇུག་པའི་སྐབས་སུ་མི་བཤད་པར་རབ་
ཏུ་དགའ་བའི་ས་བཤད་པའི་འོག་ཏུ་ཅིའི་ཕྱིར་བཤད་ཅེ་ན། རབ་ཏུ་དགའ་བའི་ས་ནི་མོས་པས་སྤྱོད་པའི་སའི་འབྲས་བུ་སྟེ། དེ་ལྟར་འབྲས་བུ་དེ་ཅི་འདྲ་བ་ཤེས་ནས་དེའི་རྒྱུ་གང་ཡིན་པ་དེ་གདོད་བརྟག་པར་བྱ་སྟེ། དེ་བས་ན་མོས་པས་སྤྱོད་པའི་ས་དེའི་རྗེས་སུ་བཤད་དོ། །དེ་དག་གིས་ནི་
རྣམ་པར་སྣང་མཛད་ཀྱི་རྒྱུ་སྦྱིན་པ་ལ་སོགས་པ་སེམས་བརྒྱད་པོ་བཤད་པ་དང་། སོ་སོའི་བདག་ཏུ་བརྟག་པ་ལ་བརྟེན་ནས་འབའ་ཞིག་པའི་བློ་སྐྱེ་བ་བཤད་པ་དང་། དེ་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེས་ཏེ། བདག་ཏུ་བརྟགས་པ་རྣམས་མེད་པར་རྟོགས་ནས་ཕུང་པོ་ཙམ་དུ་
Vol. 69 · folio 293b
འཛིན་པ་གང་ཟག་ལ་བདག་མེད་པར་རྟོགས་པ་བཤད་པ་དང་། ཕུང་པོ་ཙམ་པོ་དེ་ལ་ཡང་དབུ་བ་དང་ཆུའི་ཆུ་བུར་ལ་སོགས་པའི་ཚུལ་དུ་བཤིག་ནས་ཆོས་རྣམས་སོ་སོའི་རང་བཞིན་སྔོན་པོ་ལ་སོགས་པ་ཙམ་དུ་ཟད་པར་རྟོགས་པ་བཤད་པ་དང་། ཆོས་ལ་བདག་མེད་པར་རྟོགས་ནས་རང་གི་སེམས་
གཟོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་རྟོགས་པར་བཤད་པ་དང་། ས་དང་པོའི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་དེ་ཡང་ངོ་བོ་ཉིད་མེད་པར་མཉམ་པ་ཉིད་དུ་རྟོགས་པ་རྣམས་རྒྱ་ཆེར་བཤད་དོ། །ད་ནི་འདིར་དེ་རྣམས་ཉིད་དབུགས་པའི་སྒོ་ནས་མདོར་བསྡུས་ཏེ་ཕྱག་ན་རྡོ་རྗེས་གསོལ་པ་
དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཀྱང་མདོར་བསྡུས་ཏེ་གསུངས་པ་དེ་བཤད་པར་བྱ་སྟེ། དེ་རྣམས་ལན་གཉིས་སུ་འདས་ཏེ་བཤད་ཅི་དགོས་ཤེ་ན། སྔར་བཤད་པས་གསལ་བར་མ་གོ་ན་ཕྱིས་བཟླས་ཏེ་བཤད་པས་གསལ་ཞིང་བརྟན་པར་འགྱུར་བའི་ཕྱིར་ཏེ། དེ་བས་ན་
ཕལ་ཆེར་ཡང་སྔར་རྒྱ་ཆེར་བཤད་པ་དེ་མ་གོ་ན་ཕྱིས་མདོར་བསྡུས་ཏེ་བཤད་པས་གོ་བ་ཡང་ཡོད་ལ། སྔར་ཚིག་རྐྱང་བས་བཤད་པ་དེ་མ་གོ་བ་ལ་ཕྱིས་ཚིགས་སུ་བཤད་དེ་གོ་བ་ཡང་སྲིད་པའི་ཕྱིར་རོ། །མདོ་སྡེ་ལ་སོགས་པ་གཞན་དག་ནས་ཀྱང་སྔར་སྤྲོས་ཏེ་བཤད་པའི་དོན་དེ་ཉིད་ཚིགས་
སུ་བཅད་པས་བསྡུས་ཏེ་བཤད་པ་དེ་དག་སྲིད་དེ། དེ་བས་ན་འདིར་ཡང་སྔར་རྒྱས་པར་བཤད་པའི་དོན་དེ་ཉིད་ཕྱིས་བསྡུས་ཏེ་བཤད་དོ། །དེ་ཡང་དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། མཆོག་སྐྱེས་དེ་དག་དབུགས་ཕྱིན་འགྱུར། །ཞེས་པའི་
བར་དུ་ཕྱག་ན་རྡོ་རྗེས་གསོལ་བའི་ཚིག་སྟེ། མགོན་པོ་ཁྱབ་བདག་ཁྱོད་ཀྱིས་ནི། །སེམས་ཀྱི་མཚན་ཉིད་བསྟན་ལགས་ན། །ཞེས་པ་ནི་སྔར་སེམས་རྣམས་ཀྱི་མཚན་ཉིད་བཤད་པ་དེ་དབུགས་དབྱུང་བ་རྣམ་པ་དུས་ཐོབ་པར་འགྱུར་ཞེས་ཞུས་པའོ། །དབུགས་འབྱིན་རྣམ་པ་དུ་
ཐོབ་ནས། །ཞེས་པ་ལ་ཕྱི་ནས་དབུགས་དབྱུང་བ་ཞེས་པ་ནི། ཇི་ལྟར་འཇིག་རྟེན་ན་གྲགས་པ་ལམ་འཕྲང་འཇིགས་པའི་ས་ནས་རྐུན་པོ་ལ་སོགས་པའི་འཚེ་བ་ལས་ཐར་ན་དབུགས་དབྱུང་བ་ཞེས་བྱ་བ་དེ་བཞིན་དུ། འདིར་ཡང་འཁོར་བའི་དགོན་པ་ན་རྣམ་པར་འཁྱམས་པའི་སེམས་ཅན་
Vol. 69 · folio 294a
ལས་དང་ཉོན་མོངས་པའི་རྐུན་པོས་འཚེ་བའི་འཇིགས་པ་ལས་ཐར་བ་ན་དབུགས་དབྱུང་བ་ཞེས་བྱའོ། །དེ་ལས་ཐར་ན་གཞན་དབུགས་དབྱུང་བར་བྱ་བའི་ས་མེད་དེ་དབུགས་དབྱུང་བ་གཅིག་ཏུ་ཟད་ན། ཅིའི་ཕྱིར་དབུགས་དབྱུང་བ་དུས་ཐོབ་ཅེས་མང་པོའི་ཚིག་ཏུ་སྨོས་ཤེ་ན།
ཇི་ལྟར་འཇིག་རྟེན་པ་རྣམས་འཇིགས་པ་གཅིག་ལ་ཐར་ནས་འཇིགས་པ་དེ་ལས་དབུགས་ཕྱུང་མོད་ཀྱི། དེ་ལས་གཞན་པའི་འཇིགས་པ་རྣམས་ལས་མ་ཐར་ན་དབུགས་མ་ཕྱུང་བའོ། །དེ་བཞིན་དུ་འདིར་ཡང་མི་དགེ་བ་གང་མི་མཐུན་པ་གེགས་སུ་གྱུར་པ་དེ་ལས་ཐར་ཏེ་དབུགས་ཕྱུང་ཡང་དེ་ལས་
གཞན་པའི་གེགས་སུ་གྱུར་པ་རྣམས་མ་ཐར་ན་དེ་ལ་དབུགས་མ་ཕྱུང་བ་ཞེས་བྱ་སྟེ། དེ་བས་ན་དབུགས་དབྱུང་རྣམ་པ་དུས་ཞེས་སྨོས་སོ། །མཆོག་སྐྱེས་ནི་སྲས་རྣམས་ཏེ། མཆོག་ནི་ཆོས་ཀྱི་དབྱིངས་ཏེ་དེ་བཞིན་ཉིད་ཡིན་ལ་དེ་ལས་སྐྱེས་པ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་དག་དབུགས་ཕྱིན་པར་
གྱུར་པའོ། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །དེ་ཚེ་ཕྱག་ན་རྡོ་རྗེ་ལ། །ཡིད་བསྡུས་དེ་ནི་ཉོན་ཞེས་གསུངས། །ཞེས་པ་ནས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ་ཞེས་སྟོང་པའི་ཡེ་ཤེས་སྐྱེས་པ་དེའི་ཚེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མཉམ་པ་ཉིད་
ཀྱིས་དབུགས་ཕྱིན་པ་ཡིན་ནོ་ཞེས་པའི་བར་དུ་ཕྱག་ན་རྡོ་རྗེས་གསོལ་པ་རྣམས་ཀྱི་ལན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ་ཡིན་ནོ། །ཡིད་བསྡུས་དེ་ནི་ཉོན་ཞེས་པ་ནི་སྣོད་རྣམ་པ་བཞིའི་གཉེན་པོར་གསུངས་པ་སྟེ་སྔར་བཤད་དོ། །ནམ་བྱིས་པ་སོ་སོའི་སྐྱེ་བོ་དེ་དག་མི་དགེ་བའི་ལས་
སྤངས་ཏེ་དགེ་བའི་ལས་བྱེད་པ་དེའི་ཚེ་དགེ་བས་དབུགས་ཕྱིན་པ་ཡིན་ནོ་ཞེས་པ་ནི་བྱིས་པ་ཕྱུགས་དང་འདྲ་བ་རྣམས་འཁོར་བ་ན་འཁྱམས་པ་ལས་འཁོར་བ་ལས་སྐྱོ་སྟེ་བསོད་ནམས་ཀྱི་འདུ་ཤེས་སྐྱེས་ན་སྨྱུང་བར་འདུག་ཅིང་སྦྱིན་པ་ལ་སོགས་པ་བྱེད་པ་ནི་དགེ་བས་དབུགས་ཕྱིན་པ་ཞེས་བྱའོ། །དེ་ལ་དགེ་བ་ཞེས་
པ་ནི་དབུགས་དབྱུང་བ་གཞན་ཡང་དགེ་བ་ཡིན་ན། ཅིའི་ཕྱིར་འབའ་ཞིག་ལ་དགེ་བ་ཞེས་བྱ་ཞེ་ན། གཞན་ཡང་དགེ་བ་ཡིན་མོད་ཀྱི་འོན་ཀྱང་གཞན་རྣམས་ལ་སོ་སོའི་མིང་ཡོད་པས་འདི་ལ་དགེ་བ་ཞེས་བྱའོ། །ནམ་བདག་གི་ཁོ་ན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དེའི་ཚེ་བདག་ལ་
Vol. 69 · folio 294b
བརྟེན་ནས་དབུགས་ཕྱིན་པ་ཡིན་ནོ་ཞེས་པ་ནི། སྦྱིན་པ་ལ་སོགས་པའི་སེམས་བརྒྱད་སྤྱོད་པ་ན་དགེ་བའི་བཤེས་གཉེན་དང་ཕྲད་དེ་འཇིག་རྟེན་པ་རྣམས་ཀྱིས་བདག་ཏུ་བརྟགས་པའི་དངོས་པོ་ཇི་ལྟ་བུ་ཉིད་དུ་ཤེས་ནས། བདག་ལ་བརྟེན་ཞིང་འཇིག་རྟེན་པའི་ལས་རྣམས་གོམས་པར་བྱེད་པ་ནི་
བདག་ལ་བརྟེན་ནས་དབུགས་ཕྱིན་པ་ཞེས་བྱའོ། །བདག་གི་དེ་ཁོ་ན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་པ་ནི། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་ཤེས་པ་ལ་ནི་མི་བྱའི་འཇིག་རྟེན་པའི་གཞུང་བཞིན་དུ་བདག་གིས་ངོ་བོར་བརྟགས་པ་དེ་ཕྱིན་ཅི་མ་ལོག་པར་ཤེས་
པ་ལ་བྱའོ། །ནམ་ཕུང་པོ་ཡོངས་སུ་གཟུང་བ་བྱས་ཏེ། རང་གི་ངོ་བོ་ལ་རྣམ་པར་དཔྱད་ནས་བདག་ལ་བརྟེན་པ་ཡོངས་སུ་གཏོང་བ་དེའི་ཚེ་བདག་མེད་པས་དབུགས་ཕྱིན་པ་ཡིན་ནོ་ཞེས་པ་ནི། གང་ཟག་གི་བདག་མེད་པར་རྟོགས་ལ་ཕུང་པོར་བརྟགས་པ་ཡོད་པར་འཛིན་པ་དེ་ནི་བདག་མེད་པས་
དབུགས་ཕྱིན་པ་ཞེས་བྱའོ། །ནམ་ཕུང་པོ་རྣམས་སྤངས་ནས་ཆོས་ཀྱི་དམིགས་པ་ལ་གནས་པ་དེའི་ཚེ་ཆོས་ཀྱིས་དབུགས་ཕྱིན་པ་ཡིན་ནོ་ཞེས་པ་ནི། ཕུང་པོར་བརྟགས་པ་ཡོད་པར་འཛིན་པ་དེ་ནི་དབུ་བ་དང་ཆུ་བུར་ལ་སོགས་པའི་ཚུལ་དུ་བཤིག་ན། ཕུང་པོར་བརྟགས་པའི་དངོས་
པོ་ཡོད་པ་མ་ཡིན་གྱི་ཆོས་རྣམས་སོ་སོའི་མཚན་ཉིད་ཙམ་འབའ་ཞིག་ཡོད་པར་རྟོགས་པ་ནི་ཆོས་ཀྱི་དབུགས་ཕྱིན་པ་ཞེས་བྱའོ། །ནམ་ཆོས་རྣམས་སྤངས་མི་སྐྱེ་བ་ལ་གནས་པ་དེའི་ཚེ་ཆོས་ལ་བདག་མེད་པས་དབུགས་ཕྱིན་པ་ཡིན་ནོ་ཞེས་པ་ནི། ཕུང་པོ་ལ་སོགས་པའི་ཆོས་
རྣམས་སྒྱུ་མ་དང་སྨིག་རྒྱུའི་ཚུལ་དུ་བཤིག་ན་ཡོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཙམ་དུ་ཟད་པར་རྟོགས་ལ་རྣམ་པར་ཤེས་པ་དེ་ཉིད་ཀྱང་ཐོག་མ་དང་ཐ་མའི་མཐའ་རྙེད་དེ་རང་བཞིན་མེད་པ་གཟོད་མ་ནས་མ་སྐྱེས་པར་རྟོགས་པ་དེ་ནི་ཆོས་ལ་བདག་མེད་པས་
དབུགས་ཕྱིན་པ་ཞེས་བྱའོ། །ནམ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་དང་། གཟུང་བ་དང་། འཛིན་པ་དང་། བདག་དང་། སྲོག་ལ་སོགས་པ་དང་། ཆོས་དང་། མི་སྐྱེ་བ་དག་ཀྱང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་
Vol. 69 · folio 295a
ཡང་ངོ་བོ་ཉིད་མེད་དོ་ཞེས་སྟོང་པའི་ཡེ་ཤེས་སྐྱེས་པ་དེའི་ཚེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མཉམ་པ་ཉིད་ཀྱིས་དབུགས་ཕྱིན་པ་ཡིན་ནོ་ཞེས་པ་ནི། ཕུང་པོ་ལ་སོགས་པའི་ཆོས་རྣམས་བདག་མེད་པར་རྟོགས་ཏེ་རྣམ་པར་ཤེས་པ་ཙམ་
དུ་ཟད་པར་ཤེས་པ་དང་། རྣམ་པར་ཤེས་པ་དེ་ཡང་གཟོད་མ་ནས་མ་སྐྱེས་པར་རྟོགས་ཏེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤེས་པའི་སྟོང་པའི་རང་བཞིན་དེ་ཡང་ངོ་བོ་ཉིད་མེད་པར་རྟོགས་པ་ནི་སྟོང་པ་ས་དང་པོའི་སེམས་ཀྱི་མཚན་ཉིད་སྟོང་པའི་ཡང་སྟོང་པ་སྟེ་མཉམ་པ་ཉིད་ཀྱིས་དབུགས་
ཕྱིན་པ་ཞེས་བྱའོ། །དེ་རྣམས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་བཤད་པ་ལ་བྱ་སྟེ། རྒྱུ་ཕུན་སུམ་ཚོགས་པ་བཤད་པ་ཡང་དེ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་རྒྱུའི་གནས་སྐབས་ནས་འབྱུང་བ། བྱང་ཆུབ་ནམ་མཁའི་མཚན་
ཉིད་དེ། །རྟོག་པ་ཐམས་ཅད་སྤངས་པ་ཡིན། །གང་ཞིག་དེ་རྟོགས་འདོད་པ་དེས། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་པ་སྟེ་བླ་ན་མེད་པའི་བྱང་ཆུབ་དེ་རྟོགས་པར་འདོད་པ་དེ་ནི། ས་དང་པོ་མན་ཆད་རྣམས་འབའ་ཞིག་ལ་མི་བྱའི། ས་བཅུ་
དང་ཀུན་དུ་བཟང་པོའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་བླ་ན་མེད་པའི་བྱང་ཆུབ་རྟོགས་པར་འདོད་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སྤྱོད་པ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུར་རིག་པར་བྱའོ། །ད་ནི་འདི་དཔྱད་པར་
བྱ་སྟེ། སྔགས་རྣམས་ཀྱི་སྤྱིའི་མཚན་ཉིད་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་གཞུང་ལས་གསུངས་ན། བྱང་ཆུབ་ཀྱི་སེམས་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་དང་། ལས་དང་། བྱ་བའི་རྣམ་པ་དང་བྲལ་
བ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡང་ངོ་བོ་ཉིད་མེད་པ་ཡིན་ལ། སྔགས་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་སྟོན་པར་བྱེད་པའི་སྒྲ་དང་ཡིག་འབྲུ་རྣམས་ཏེ། དེ་རྣམས་ཀྱང་མཆོག་དང་། འབྲིང་དང་། ཐ་མའི་ཐ་གྲུབ་པ་དང་། ཞི་བ་
Vol. 69 · folio 295b
དང་། རྒྱས་པ་དང་། མངོན་སྤྱོད་ལ་སོགས་པའི་ལས་རྣམས་ཀྱི་བྱ་བ་བྱེད་དེ། དེ་ལྟར་མི་མཐུན་ན་དེ་རྣམས་ཇི་ལྟར་རིག་པར་བྱ་ཞེ་ན། དེའི་ཕྱིར་དེ་ནི། གསང་བ་པའི་བདག་པོ། དེའི་ཚེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་
པ་བཞི་བཅུས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་བསྒོམས་ཏེ་གསང་སྔགས་ཀྱི་ཚུལ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གསུངས་པ་སྟེ། ཡོད་ཀྱང་ཀུན་རྫོབ་ཀྱི་ཆོས་རྣམས་ནི་རིགས་པས་བརྟག་མི་བཟོད་དེ། དོན་དམ་པར་ན་སྟོང་པའི་རང་བཞིན་ཡིན་མོད་ཀྱི་འོན་ཀྱང་ཀུན་
རྫོབ་ཏུ་སོ་སོའི་རྒྱུ་དང་འབྲས་བུ་ངེས་པའི་བྱ་བ་རྣམས་ཀྱང་བྱེད་པར་འགྱུར་ཏེ་མེད་ཅེས་བྱར་མི་རུང་ངོ་། །དེ་ལྟར་སྟོང་པའི་རང་བཞིན་ལས་ཀུན་རྫོབ་ཏུ་ཡོད་པར་སྣང་བ་ནི་སྒྱུ་མ་ལ་སོགས་པ་དང་འདྲའོ། །དེ་བཞིན་དུ་སྔགས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་ཡང་དོན་དམ་པར་སྟོང་པ་ཡིན་
མོད་ཀྱི་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་དང་། སྒྲུབ་པ་པོའི་སྦྱོར་བའི་མཐུས་གྲུབ་པའི་འབྲས་བུ་རྣམ་པ་སྣ་ཚོགས་ཀུན་རྫོབ་ཏུ་སྣང་ཞིང་མྱོང་བར་འགྱུར་ཏེ། དེ་རྣམས་ཀྱང་སྒྱུ་མ་ལ་སོགས་པའི་དཔེས་བཤད་པ་ནི། འདི་ལྟ་སྟེ། སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་
ཞེས་པ་ལ་སོགས་པ་ནས། གསང་བ་པའི་བདག་པོ་གཞན་ཡང་། །ཇི་ལྟར་འགའ་ཞིག་བདག་ཉིད་ཀྱི། །ལག་ན་མགལ་མེ་ཐོགས་ནས་ནི། །བསྐོར་ན་འཁོར་ལོ་ལྟར་སྣང་བ། །དེ་བཞིན་སྟོང་པ་དག་ལས་འབྱུང་། །ཞེས་པའི་བར་དུའོ། །དེ་ལ་སྒྱུ་མ་གང་ཞེ་ན།
འདི་ལྟ་སྟེ། སྨན་དང་སྔགས་ཀྱིས་སྦྱོར་བ་བྱེད་པ་དག་གི་སྦྱོར་བ་ལས་དངོས་པོ་རྣམ་པ་ཐ་དད་པ་སྣ་ཚོགས་མིག་དང་ཡིད་འཕྲོག་པ་སྔོན་མ་མཐོང་བ་དག་ཀྱང་སྟོན་ཏེ། དེ་དག་ནི་ཕན་ཚུན་ཕྱོགས་བཅུར་འགྲོ་བ་དང་འོང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་ནི་རང་བཞིན་
གྱིས་སྟོང་པའི་ཕྱིར་ཏེ། དེ་བཞིན་དུ་གསང་སྔགས་སྦྱོར་བ་བྱེད་པ་དག་གི་སྦྱོར་བ་ལས་ཐམས་ཅད་འབྱུང་ངོ་ཞེས་པ་ནི། ཇི་ལྟར་སྒྱུ་མ་མཁན་གྱིས་གསང་སྔགས་དང་སྨན་གྱི་སྦྱོར་བ་ལས་བ་ལང་དང་རྟ་ལ་སོགས་པའི་དངོས་པོ་རྣམ་པ་མང་པོས་ཡིད་དང་མི་ཆགས་པར་བྱེད་པར་སྣང་སྟེ།
Vol. 69 · folio 296a
དེ་རྣམས་ཀྱང་བ་གླང་རྟ་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་པས་ན་ཕྱོགས་བཅུར་འགྲོ་བ་དང་འོང་བ་མེད་དེ། འོན་ཀྱང་དེ་དག་བ་གླང་ལ་སོགས་པའི་བྱ་བ་ཡང་བྱེད་དོ། །དེ་བཞིན་དུ་སྔགས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དེ་སྟོང་པ་ཉིད་ཡིན་ཀྱང་སྦྱོར་
བ་ལས་སྔགས་ཀྱི་དངོས་གྲུབ་ཀྱི་སྦྱོར་བ་སྦྱར་ན་རབ་དང་འབྲིང་ལ་སོགས་པའི་གྲུབ་པའི་འབྲས་བུ་རིག་འཛིན་དང་། ནམ་མཁའ་ལ་འགྲོ་བ་དང་མི་སྣང་བར་འགྲོ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་སྣང་ཞིང་མྱོང་བར་བྱེད་དོ། །གསང་བ་པའི་བདག་པོ་གཞན་ཡང་། སྨིག་རྒྱུ་ནི་རང་བཞིན་གྱིས་
སྟོང་པ་སྟེ་དེ་ཡང་འདུ་ཤེས་ཀྱིས་ཐ་སྙད་ཙམ་དུ་འདོགས་ཤིང་ཐ་སྙད་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་འདུ་ཤེས་འདི་ཡང་གསང་སྔགས་སོ་ཞེས་ཐ་སྙད་དུ་འདོགས་ཤིང་ཐ་སྙད་ཀྱང་སྒྲུབ་པར་བྱེད་དོ་ཞེས་པ་ནི། དེ་ལྟར་སྔགས་ཀྱི་འབྲས་བུ་སྒྱུ་མ་དང་འདྲ་ན་སྔགས་ཀྱི་དངོས་པོ་ཅི་ཞིག་ཅེ་ན། སྨིག་རྒྱུ་
ལྟ་བུ་སྟེ། ཇི་ལྟར་འབྲོག་དགོན་པར་སྨིག་རྒྱུ་ལ་མིའམ། རི་དགས་རྣམས་ཀྱིས་ཆུར་འདུ་ཤེས་ཏེ། དེ་ན་ཆུ་ཡོད་པ་མ་ཡིན་ཡང་སྨིག་རྒྱུ་དེའི་རྣམ་པའི་རྣམ་པར་ཤེས་པ་བསྐྱེད་ཅིང་སྐོམ་པ་ཡང་ཆུས་ངོམས་པའི་བྱ་བ་བྱེད་དེ་དེ་བཞིན་དུ་སྔགས་དེ་ཡང་དངོས་པོ་ཡོད་པ་མ་ཡིན་པས་འདུ་ཤེས་
ཙམ་དུ་ཟད་མོད་ཀྱི། འོན་ཀྱང་སྔགས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་བསྐྲུན་པའི་བྱ་བ་བྱེད་དོ། །དེ་བཞིན་དུ་ཡང་། གསང་བ་པའི་བདག་པོ་གཞན་ཡང་། རྨི་ལམ་ན་བདག་ཉིད་ཉིན་གཅིག་དང་། ཐང་ཅིག་དང་། སྐད་ཅིག་དང་། ཡུད་ཙམ་དང་། ལོ་ལ་སོགས་པར་འདུག་ཅིང་
བདེ་བ་དང་སྡུག་བསྔལ་རྣམ་པ་མང་པོ་མྱོང་བར་མཐོང་ལ། སད་ན་ཅི་ཡང་མི་མཐོང་བ་དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་འདི་ཡང་རྨི་ལམ་ལྟ་བུར་ཁོང་དུ་ཆུད་པར་བྱའོ་ཞེས་པ་ནི། སྔར་སྔགས་བསྒྲུབས་པའི་འབྲས་བུའི་དཔེ་སྒྱུ་མ་ལས་བླངས་པ་དེ་སྒྱུ་མ་ནི་ཡུན་རིང་དུ་འདུག་པ་མ་ཡིན་
གྱི་སྐད་ཅིག་ཡུད་ཙམ་དག་ཏུ་ཟད་ལ་སྔགས་ཀྱི་འབྲས་བུ་ནི་བསྐལ་པ་ལ་སོགས་པར་ཡུན་རིང་དུ་འདུག་ན་ཇི་ལྟར་དཔེར་རུང་ཞེ་ན། རྨི་ལམ་གྱི་དཔེས་ཡུན་རིང་དུ་གནས་པར་བསྟན་པ་སྟེ། ཇི་ལྟར་རྨི་ལམ་ན་ཡུལ་གྱི་དངོས་པོ་མེད་པར་སྐད་ཅིག་དང་། ཉི་མ་དང་། ཞག་དང་། ལོ་ལ་
Vol. 69 · folio 296b
སོགས་པར་ཡུལ་རྣམས་སྤྱོད་ཅིང་བདེ་བ་དང་སྡུག་བསྔལ་རྣམ་པ་མང་པོ་མྱོང་ཞིང་རིགས་པར་མཐོང་སྟེ་དེ་ལས་སད་ན་དངོས་པོ་གང་ཡང་མེད་དོ། །དེ་ལྟར་ཡང་ཅིས་མངོན་ཞེ་ན། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་གསུངས་པ། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་
ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཞེས་པ་སྟེ་དེ་ལྟར་རྨི་ལམ་ན་ཡུན་རིང་པོར་སྲིད་དོ། །དེ་བཞིན་དུ་སྔགས་བསྒྲུབས་པའི་འབྲས་བུ་ཡང་རང་བཞིན་མེད་པ་ལས་རྣལ་འབྱོར་པས་བསྒྲུབས་ན་གྲུབ་པའི་འབྲས་བུ་རྣམ་པ་སྣ་ཚོགས་ཚེ་རབས་དང་བསྐལ་པ་ལ་སོགས་
པར་གནས་པར་འགྱུར་རོ། །གསང་བ་པའི་བདག་པོ་གཞན་ཡང་། གསང་སྔགས་ཀྱི་དངོས་གྲུབ་འབྱུང་བ་ནི་གཟུགས་བརྙན་ལྟ་བུར་འགྱུར་བར་རིག་པར་བྱ་སྟེ་ཞེས་པ་ནི། དེ་ལྟར་སྔགས་གྲུབ་པ་དེ་རྣམས་དངོས་པོ་མེད་པར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་བྱུང་ན་སྒྲུབ་པ་པོ་
ཐམས་ཅད་ཀྱིས་གྲུབ་པ་ཅིའི་ཕྱིར་མི་འཐོབ་ཅེ་ན། ཇི་ལྟར་གཟུགས་བརྙན་དེ་རྡོ་དང་ཤིང་གཞན་ལས་མི་འབྱུང་གི། མེ་ལོང་གི་དཀྱིལ་འཁོར་དག་པ་ལས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྔགས་ཀྱི་གྲུབ་པ་དེ་ཡང་སྒྲུབ་པ་པོ་ཐམས་ཅད་ལ་མི་འབྱུང་གི། གང་བྱང་ཆུབ་ཀྱི་སེམས་
བསྒོམས་ཤིང་རྒྱུད་དག་པར་གྱུར་པ་དེ་ལ་འབྱུང་བར་བསྟན་པའོ། །གསང་བ་པའི་བདག་པོ་གཞན་ཡང་། གྲུབ་པའི་གྲུབ་གནས་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུར་བལྟའོ་ཞེས་པ་ནི། ཇི་ལྟར་དྲི་ཟ་རྣམས་ཀྱི་གྲོང་ཁྱེར་དྲི་ཟ་དེ་རྣམས་ཀྱིས་གང་དུ་བསམས་པ་དེར་གྲོང་ཐལ་བྱུང་དུ་འབྱུང་བར་
འགྱུར་ཏེ། དེ་བཞིན་དུ་གསང་སྔགས་གྲུབ་པ་དེ་ཡང་བདག་ཉིད་ཀྱི་ལུས་རིག་འཛིན་ལ་སོགས་པར་གྲུབ་པའི་ཕྱིར་བསྒྲུབས་ཀྱི་གཞན་གྱི་ཕྱིར་མ་བསྒྲུབས་ཀྱང་ནམ་རིག་འཛིན་ལ་སོགས་པ་གྲུབ་ན་ལྷའི་གཞལ་མེད་ཁང་དཔག་བསམ་གྱི་ཤིང་དང་། གྲིབ་མ་དང་། ཤེལ་གྱི་བྲག་ལས་བདུད་
རྩིའི་ཆུ་འབབ་པ་དང་། རིན་པོ་ཆེའི་གསིང་མ་ལ་སོགས་པའི་གནས་རྣམས་བསམས་པ་ཙམ་གྱིས་འགྲུབ་པར་འགྱུར་བ་བསྟན་པའོ། །གསང་བ་པའི་བདག་པོ་གཞན་ཡང་གསང་སྔགས་ཀྱི་སྒྲ་ནི་བྲག་ཅ་ལྟ་བུར་རིག་པར་བྱ་སྟེ། དཔེར་ན་སྒྲ་ལ་བརྟེན་ནས་བྲག་ཅ་འབྱུང་བ་ལྟར་གསང་སྔགས་
Vol. 69 · folio 297a
ཀྱི་ཚུལ་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ་ཞེས་པ་ནི། ཇི་ལྟར་སྒྲའི་རྐྱེན་གྱིས་བྲག་ཅ་འབྱུང་བས་དངོས་པོ་ཡོད་པ་མ་ཡིན་ཡང་སྒྲར་འབྱུང་བ་དེ་བཞིན་དུ་གསང་སྔགས་ཀྱི་སྒྲ་ཡང་སྔགས་ཀྱི་རང་བཞིན་གྱིས་སྟོང་མོད་ཀྱི། སྒྲུབ་པའི་རྐྱེན་གྱིས་སྒྲ་དེ་འབྱུང་བ་ནི་དཔེར་
ན་བྲག་ཅ་དང་འདྲ་བར་བསྟན་པའོ། །གསང་བ་པའི་བདག་པོ་གཞན་ཡང་། ཟླ་བ་ཤར་ན་ཆུའི་ནང་དུ་གཟུགས་བརྙན་མཐོང་ནས་ཆུ་ཟླ་ཞེས་བརྗོད་པ་དེ་བཞིན་དུ། སྔགས་པ་དེ་ཉིད་ཀྱང་ཆུ་ཟླ་བཞིན་དུ་རིག་སྔགས་འཆང་ཞེས་བརྗོད་དོ་ཞེས་པ་ནི། ཟླ་བ་ཤར་བའི་གཟུགས་བརྙན་ཆུའི་ནང་དུ་འབྱུང་
བ་དེ་ནི་ཟླ་བའི་རང་བཞིན་དེ་ལས་མི་གཞན་ནོ། །དེ་བཞིན་དུ་སྔགས་གྲུབ་པའི་རིག་འཛིན་དེ་ཡང་རིག་འཛིན་གྱི་ལུས་བཟང་པོ་ལ་སོགས་པ་ནི་སྒྲུབ་པའི་གཟུགས་དེ་ལས་གཞན་མ་ཡིན་ཏེ། གཟུགས་དེ་ཉིད་ལས་འགྱུར་མོད་ཀྱི། འོན་ཀྱང་རིག་འཛིན་ཞེས་བརྗོད་དོ་ཞེས་པའོ། །གསང་བ་པའི་བདག་
པོ་གཞན་ཡང་། ཇི་ལྟར་ཆར་པ་བབ་པ་ན། །ཆུ་ཡི་ཆུ་བུར་རྣམས་འབྱུང་བ། །དེ་བཞིན་གསང་སྔགས་གྲུབ་པ་ཡི། །སྤྲུལ་པ་རྣམ་པ་སྣ་ཚོགས་འདོད། །ཅེས་པ་ནི་སྔགས་གཅིག་པུ་ལས་གྲུབ་པའི་འབྲས་བུ་རྣམ་པ་མང་པོར་ཇི་ལྟར་འགྱུར་ཞེ་ན། ཆུའི་ཆུ་བུར་གྱི་དཔེས་སྔགས་དེ་
གཅིག་པུ་ཡིན་ཡང་གྲུབ་པའི་འབྲས་བུ་རྣམ་པ་མང་པོ་འབྱུང་བར་བསྟན་པ་སྟེ། ཇི་ལྟར་ཆར་པ་བབ་པ་ན་ཆུ་གཅིག་པུ་དེ་ལས་ཆུའི་ཆུ་བུར་ཆེ་ཕྲ་ལ་སོགས་པ་རྣམ་པ་མང་པོ་འབྱུང་བ་དེ་བཞིན་དུ་སྔགས་གཅིག་པུ་ལས་ཀྱང་གྲུབ་པའི་འབྲས་བུ་རྣམ་པ་དུ་མ་འབྱུང་ངོ་། །གསང་བ་པའི་བདག་པོ་
གཞན་ཡང་། སེམས་ཅན་མེད་ཅིང་སྲོག་དང་ནི། །བྱེད་པ་པོ་ཡང་མེད་པ་སྟེ། །དངོས་པོ་ཐམས་ཅད་སྟོང་ཉིད་ལ། །འཁྲུལ་པ་ཁོ་ན་སྣང་བར་ཟད། །ཅེས་པ་ནི། དེ་ལྟར་སྔགས་ཀྱི་རང་བཞིན་སྟོང་པ་ཉིད་དེ་སེམས་ཅན་ནམ་སྲོག་གམ་བྱེད་པའི་མཁན་པོ་མེད་དེ། སྟོང་པ་ཉིད་ཡིན་ཀྱང་གྲུབ་
པའི་འབྲས་བུ་ལ་སོགས་པ་ཀུན་དུ་སྣང་བ་ནི་འཁྲུལ་པ་སྣང་བར་བསྟན་པའོ། །གསང་བ་པའི་བདག་པོ་གཞན་ཡང་། ཇི་ལྟར་འགའ་ཞིག་བདག་ཉིད་ཀྱི། །ལག་ན་མགལ་མེ་ཐོགས་ནས་ནི། །བསྐོར་ན་འཁོར་ལོ་ལྟར་སྣང་བ། །དེ་བཞིན་སྟོང་པ་དག་ལས་འབྱུང་། །ཞེས་པ་ནི་འཁྲུལ་པ་ལ་སྣང་
Vol. 69 · folio 297b
བའི་དཔེའོ། །གསང་བ་པའི་བདག་པོ། འདི་ནི་ཐེག་པ་ཆེན་པོའི་གཞི། །ཞེས་པ་ནས། ཡེ་ཤེས་སྣ་ཚོགས་ཆེར་འབྱུང་བ། །ནོར་གྱི་དབྱིག་འདི་ཤེས་ན་ནི། །ཀུན་གྱི་སེམས་ཀྱི་བྱེ་བྲག་ཀྱང་། །ཇི་བཞིན་ཡང་དག་རབ་ཏུ་ཤེས། །ཞེས་པའི་བར་དུ་ས་དང་པོའི་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་རྟོགས་
པ་དེའི་རྗེས་སུ་སྔགས་པ་བཤད་པ་སྟེ། ཐེག་པ་ཆེན་པོའི་གཞི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དེ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། །བྱང་ཆུབ་ཀྱི་སེམས་དེ་ཤེས་ན་འཇིག་རྟེན་པའི་སེམས་བརྒྱད་ནས་ས་རབ་ཏུ་དགའ་བའི་བར་གྱི་རིམ་པ་དེ་
རྣམས་རབ་ཏུ་ཤེས་པས་ན་དེའི་གནས་སོ་ཞེས་པའོ། །མི་མཉམ་པ་དང་མཉམ་པའི་གཞི། །ཞེས་པ་ལ་མི་མཉམ་པ་ནི་ནམ་མཁའ་སྟེ་ནམ་མཁའ་ལ་མཐའ་མེད་པས་གང་དང་ཡང་མི་མཉམ་ལ་དེ་དང་མཉམ་པ་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ། སྟོང་པ་ཉིད་ཀྱི་རང་བཞིན་དེ་ཤེས་པ་ནི་མི་མཉམ་པ་དང་
མཉམ་པའི་གནས་སོ། །ངེས་པའི་གཞི་ཞེས་པ་ནི་ཆོས་རྣམས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཕྱིན་ཅི་མ་ལོག་པར་ངེས་པར་ཤེས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཞི་ཞེས་པ་ནི་ས་དང་པོའི་བྱང་ཆུབ་ཀྱི་སེམས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་དེ་བླ་ན་མེད་པའི་བྱང་ཆུབ་དང་ཐ་མི་དད་དེ་རོ་གཅིག་
པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་པའོ། །མཐར་གྱིས་ཐེག་པ་ཆེན་པོ་ལ་འཛེག་པའི་གཞི་སྟེ་ཞེས་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སེམས་འོག་མ་རྣམས་ཀྱང་ས་དང་པོའི་བྱང་ཆུབ་ཀྱི་སེམས་འདིའི་ནང་དུ་འདུས་ལ་
ས་དང་པོ་ནས་ཀུན་དུ་བཟང་པོའི་ས་མན་ཆད་ཀྱི་སེམས་ཀྱང་འདི་ལས་ཐ་མི་དད་པའི་ཕྱིར་དེ་རྣམས་ཀྱི་གནས་སུ་གྱུར་པས་ན་མཐར་གྱིས་ཐེག་པ་ཆེན་པོ་ལ་འཛེག་པའི་གཞི་ཞེས་པའོ། །ཡེ་ཤེས་སྣ་ཚོགས་ཆེར་འབྱུང་བ། །ནོར་གྱི་དབྱིག་འདི་ཤེས་ན་ནི། །ཀུན་གྱི་སེམས་ཀྱི་བྱེ་བྲག་ཀྱང་། །ཇི་བཞིན་
ཡང་དག་རབ་ཏུ་ཤེས། །ཞེས་པ་ནི་ས་དང་པོའི་བྱང་ཆུབ་ཀྱི་སེམས་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་གཙོ་བོ་ཡིན་པས་ཡེ་ཤེས་སྣ་ཚོགས་ཆེར་འབྱུང་བ་ཡིན་ལ། དེ་ལེགས་པར་ཤེས་ན་རྣམ་པར་སྣང་མཛད་ཀྱི་རྒྱུ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ཁྱད་པར་ཐམས་
Vol. 69 · folio 298a
ཅད་རབ་ཏུ་ཤེས་པར་གྱུར་པ་བསྟན་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས་སེམས་ཀྱི་ཁྱད་པར་རིམ་པར་ཕྱེ་བ་དང་པོའོ།། །།ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་
ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་མཐའ་ཡས་པའི་སེམས་ཅན་གྱི་ཁམས་རྣམས་ཚུལ་སྣ་ཚོགས་དང་བསམ་པ་སྣ་ཚོགས་དང་ཐབས་སྣ་ཚོགས་ཀྱིས་བླ་ན་མེད་པར་བསྒྲལ་བའི་ཕྱིར་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ལྷུན་གྱིས་གྲུབ་པ་ཉིད་དུ་སྐུ་མཉམ་པ་ཉིད་མི་
ཟད་པའི་རྒྱན་གྱི་འཁོར་ལོས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པར་མཛད་པ། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་དུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་ཡོངས་སུ་དག་པ་རྣམས་ཀྱིས་མངོན་སུམ་དུ་མཐོང་
ཞིང་སྤྱོད་ཡུལ་དུ་འགྱུར་ན། འགྲོ་བ་འོག་མ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་སོགས་པའི་འཁོར་ལོ་དེ་སྤྱོད་ཡུལ་དུ་མ་གྱུར་ཏེ། སེམས་ཅན་དེ་རྣམས་ཀྱི་དོན་དུ་སྐུ་ལ་སོགས་པའི་འཁོར་ལོ་དེ་རྣམས་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་ལ་སོགས་པར་བྱིན་གྱིས་བརླབ་པར་བཅོམ་ལྡན་
འདས་ལ་ཕྱག་ན་རྡོ་རྗེས་གསོལ་བ་འཆད་དེ། གསོལ་བ་དེ་ཡང་དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བཅོམ་ལྡན་འདས་གསང་སྔགས་སྤྱོད་པའི་ཚུལ་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་
ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བཤད་དུ་གསོལ། དེ་ནི་མ་འོངས་པའི་དུས་ན་སེམས་ཅན་མང་པོ་དག་གི་དོན་དང་ཕན་པ་དང་བདེ་བར་འགྱུར་ལགས་སོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་
སེམས་ཀྱི་ས་ལས་འདས་པ་དེ་ཐུགས་སུ་ཆུད་ནས་སེམས་ཅན་རྣམས་སོ་སོའི་དད་པ་དང་རྗེས་སུ་མཐུན་ལ། སོ་སོའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་སྐུ་ལ་སོགས་པའི་འཁོར་ལོས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་རྣམ་པར་སྤྲུལ་པ་ཕྱག་ན་རྡོ་རྗེས་ཇི་
Vol. 69 · folio 298b
ལྟར་མཐོང་ཞིང་རྟོགས་པ་དེ་བཅོམ་ལྡན་འདས་ལ་སླར་བཟླས་ཏེ་གསོལ་བ་ཡིན་ནོ། །དེ་ལྟར་སླར་གསོལ་བ་ཡང་སྟོན་པས་ཅི་བཤད་པ་རྣམས་ཉན་པ་པོས་ཁོང་དུ་ཆུད་པའི་ཚུལ་གྱིས་སླར་མཉན་ན་སྟོན་པ་པོ་སྤྲོ་བ་དང་སྐབས་འོག་མ་དང་མཚམས་སྦྱར་བ་ལ་ཡང་བདེ་བའི་ཕྱིར་རོ། །ངོ་མཚར་
ལགས་སོ་ཞེས་པ་ནི་དེ་ལྟར་སྟོང་པ་ཉིད་བརྗོད་པ་དང་རྟོགས་པ་ལས་འདས་པ་ཐུགས་སུ་ཆུད་ཀྱང་སྐུ་ལ་སོགས་པའི་རྒྱན་གྱིས་ཚུལ་སྣ་ཚོགས་དང་བསམ་པ་སྣ་ཚོགས་དང་ཐབས་སྣ་ཚོགས་ཀྱིས་སྤྲུལ་པ་དེ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཞེས་
པ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་དེ་གཞན་ལས་མཉན་ནས་ཐུགས་སུ་ཆུད་པ་མ་ཡིན་གྱི་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་སུ་ཆུད་པ་ལ་བྱའོ། །བཅོམ་ལྡན་འདས་ཀྱང་གསང་སྔགས་ཀྱི་སྤྱོད་པའི་ཚུལ་སྙིང་རྗེ་ཆེན་པོ་སྙིང་པོ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་པར་
བགྱི་བའི་སླད་དུ་བཤད་དུ་གསོལ་དེ་ནི་མ་འོངས་པའི་དུས་ན་སེམས་ཅན་མང་པོ་དག་གི་དོན་དང་ཕན་པ་དང་བདེ་བར་འགྱུར་ལགས་སོ་ཞེས་པ་ནི་རང་བཞིན་གྱི་དཀྱིལ་འཁོར་སྐུ་ལ་སོགས་པའི་འཁོར་ལོ་དེ་བདག་ཅག་གིས་རྟོགས་ཤིང་སྤྱོད་ཡུལ་དུ་གྱུར་ན་ཡང་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྐུ་ལ་
སོགས་པའི་འཁོར་ལོ་དེ་རྣམས་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱའི་སྒོ་ནས་འགྲོ་བ་དེ་རྣམས་ཀྱི་སྤྱོད་ཡུལ་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ་བའོ། །སྙིང་རྗེ་ཆེན་པོ་འབྱུང་བ་ཞེས་པ་ནི་དཀྱིལ་འཁོར་དེ་སྙིང་རྗེ་ཆེན་པོ་ལས་འབྱུང་བ་ལ་བྱའོ། །དཀྱིལ་འཁོར་ཞེས་པ་ནི་འོག་ནས་གཞུང་ཉིད་
ལས་འཆད་དོ། །རྒྱལ་པོ་ཞེས་པ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ཀུན་ཀྱང་དཀྱིལ་འཁོར་ཆེན་པོ་འདིའི་ནང་དུ་འདུས་པས་ན་རྒྱལ་པོ་ཞེས་བྱའོ། །ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་ཞེས་པ་ནི་དཀྱིལ་འཁོར་གྱི་སྒོ་ནས་སྒྲུབ་ཅིང་ལྷ་མཉེས་པར་བྱའི་
སྤྱོད་པ་རྣམ་པ་བཅུ་དྲུག་གིས་ལྷ་མཉེས་པར་བྱ་བ་ཡང་སྒྲུབ་པའི་སྒོ་ནས་བཟླས་པའི་ཡན་ལག་བཞི་དང་རང་གི་སེམས་ཡོངས་སུ་སྦྱང་བ་ལ་སོགས་པའི་སྤྱོད་པས་ལྷ་མཉེས་པར་བྱས་ཏེ། རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་ནས་རིམ་གྱིས་སངས་རྒྱས་སུ་འགྲུབ་པ་དང་། རང་གི་སེམས་ཡོངས་
Vol. 69 · folio 299a
སུ་སྦྱངས་པས་མངོན་པར་ཤེས་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་རྫོགས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྙེད་པར་གྱུར་པ་ནི་དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །མ་འོངས་པའི་དུས་ན་སེམས་ཅན་མང་པོ་དག་གི་དོན་དང་ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་གསང་སྔགས་
སྤྱོད་པའི་ཚུལ་དེ་བཤད་དུ་གསོལ་ཞེས་སྦྱར་ཏེ་མ་འོངས་པའི་སེམས་ཅན་དེ་རྣམས་ཀྱིས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དེ་བཤད་དུ་གསོལ་ཞེས་པ་སྟེ་དོན་དང་ཞེས་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་དོན་གྱི་ཕྱིར་
རོ། །ཕན་པ་དང་ཞེས་པ་ནི་ཚེ་ཕྱི་མ་ལ་ཕན་པའི་ཕྱིར་རོ། །བདེ་བར་འགྱུར་ཞེས་པ་ནི་ཚེ་འདི་ལ་བདེ་བའི་ཕྱིར་རོ། །ཡང་ན་དོན་དང་ཞེས་པ་ནི་ཕན་པ་དང་བདེ་པའི་དོན་ལ་བྱའོ། །གསང་སྔགས་སྤྱོད་པའི་ཚུལ་ཞེས་པ་ལ་གསང་སྔགས་ཀྱི་སྤྱོད་པ་ནི་དཀྱིལ་འཁོར་དང་བསྒྲུབ་པ་ལ་སོགས་པའོ། །དེ་
དག་ཉིད་ཚུལ་ཏེ་ཚུལ་ཞེས་པ་ནི་རྒྱ་གར་སྐད་ཀྱི་གཞུང་དང་སྦྱར་ན་འགྲོ་བའམ་ཐོབ་པ་ལ་བྱ་སྟེ་གསང་སྔགས་ཀྱི་སྤྱོད་པ་དེས་བླ་ན་མེད་པའི་སངས་རྒྱས་སུ་འགྲོ་བའམ་ཐོབ་པ་དེ་བཤད་དུ་གསོལ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་
ནག་པ་ཞེས་པ་ལ་ནི་ནི་ངེས་པ་ཨ་འཐོམ་པའམ་འགྲོ་བའོ། །འཁོར་ལ་གཟིགས་ནས་ཞེས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་དེ་དག་གི་ནང་ན་གཡེང་བ་ཡོད་དམ་མེད་པ་དང་། ཉན་པ་པོ་སྣོད་དུ་མ་གྱུར་པ་ཡོད་དམ་མེད་བརྟགས་པའི་ཕྱིར་གཟིགས་པ་ལ་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་
སེམས་དཔའི་འཁོར་ནི་ཡོངས་སུ་དག་པ་ཤ་སྟག་ཡིན་ན་ཅིའི་ཕྱིར་གཡེང་བ་དང་སྣོད་དུ་མ་གྱུར་པ་སྲིད་ཅེ་ན། དེའི་དགོངས་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འཁོར་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་གཡེང་བ་དང་སྣོད་དུ་མ་གྱུར་པ་མེད་མོད་ཀྱི། མ་འོངས་པའི་དུས་ན་ཉན་པ་
རྣམས་ལ་དེ་ལྟ་བུ་སྲིད་པས་དེ་དག་ལ་བརྟག་པའི་ཚུལ་བསྟན་པའི་ཕྱིར་རོ། །ལག་ན་རྡོ་རྗེ་དཀྱིལ་འཁོར་སྤྱད་པའི་ཚུལ་བསྟན་པའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཉོན་ཅིག་ཅེས་པ་ནི་དཀྱིལ་འཁོར་གྱི་སྒོ་ནས་ལྷ་མཉེས་པར་བྱ་བའི་སྤྱོད་པ་རྣམ་པ་
Vol. 69 · folio 299b
བཅུ་དྲུག་བཤད་པ་དང་། དེ་བཞིན་དུ་རིམ་གྱིས་གྲུབ་པའི་སྒོ་ནས་ལྷ་མཉེས་པར་བྱ་བའི་སྤྱོད་པ་བཟླས་པ་ཡན་ལག་བཞི་དང་རང་གི་སེམས་ཡོངས་སུ་སྦྱང་བར་བྱས་པས་ལྷ་མཉེས་པར་འགྱུར་ཏེ། རིག་འཛིན་ལ་སོགས་པའི་གྲུབ་པ་མངོན་དུ་ཐོབ་ནས་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་
རྫོགས་པར་གྱུར་པས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཞེས་བྱའོ། །དཀྱིལ་འཁོར་སྤྱད་པ་ཞེས་པ་ནི་དཀྱིལ་འཁོར་བྲི་བ་ལ་སོགས་པ་སྤྱོད་པ་རྣམ་པ་བཅུ་དྲུག་ལ་སོགས་པའོ། །ཚུལ་ནི་སྔར་བཤད་དོ། །ཆོས་ཀྱི་རྣམ་གྲངས་ཞེས་པ་ནི་དོན་གྱི་དངོས་པོ་གཅིག་ལ་ཚིག་
མང་པོའི་སྒོ་ནས་དོན་གྱི་དམིགས་བསྟན་པ་ལ་བྱ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྒོ་ནས་ཀྱང་འགྱུར། སྔགས་སྤྱད་པའི་སྒོ་ནས་ཀྱང་འགྱུར་ཏེ། དེ་ཡང་སྐབས་འདིར་སྔགས་ཀྱི་སྟེ། དེ་བས་ན་དཀྱིལ་འཁོར་སྤྱད་པའི་ཚུལ་བསྟན་པའི་ཆོས་ཀྱི་རྣམ་
གྲངས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་དགོངས་པ་མ་རྫོགས་ཤིང་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་དམ་བཅའ་བ་མཛད་པས་ཞེས་པ་བྱུང་ནས་ཀྱང་ཕྱོགས་བཅུ་ཀུན་དུ་བསྐོར་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་སྐུའི་ནང་རང་གི་གནས་རྣམས་
སུ་ཞུགས་སོ་ཞེས་པའི་བར་དུ་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བྲི་བའི་ཕྱིར་རང་བཞིན་གྱི་དཀྱིལ་འཁོར་འབྱུང་བའི་ཏིང་ངེ་འཛིན་བསྟན་པ་ལ་བྱ་སྟེ། ཏིང་ངེ་འཛིན་བསྟན་པ་ཡང་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་བྲི་བའི་སློབ་དཔོན་གྱིས་
ཏིང་ངེ་འཛིན་འདི་ལྟ་བུ་མངོན་དུ་བྱས་ཏེ། དེ་ནས་ས་ཚོན་གྱིས་སྐུའི་ཆ་ལུགས་ལ་སོགས་པའི་དཀྱིལ་འཁོར་བྲི་བའི་ཚུལ་བསྟན་པའོ། །དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་དགོས་པ་མ་རྫོགས་ཞེས་པ་ཆོས་ཀྱི་དབྱིངས་ནི། སྟོང་པ་ཉིད་
དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་སྟེ། དེའི་དགོས་པ་ནི་སྐུ་ལ་སོགས་པ་མི་ཟད་པའི་རྒྱན་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ཀུན་དུ་ཁྱབ་པར་བསྟན་ནས་སེམས་ཅན་དེ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་བ་ལ་བྱ་སྟེ། སེམས་ཅན་དེ་རྣམས་
Vol. 69 · folio 300a
ཀྱང་ད་དུང་མ་ལུས་པར་མ་བསྒྲལ་བས་དགོས་པ་མ་རྫོགས་ཞེས་བྱའོ། །སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་དམ་བཅའ་བ་མཛད་པས་ཞེས་པ་ནི། དེ་ལྟར་ཆོས་ཀྱི་དགོས་པ་དེ་མ་རྫོགས་པ་ཡང་རྫོགས་ཤིང་ཟད་པ་མ་ཡིན་གྱི་བཅོམ་ལྡན་འདས་སྔོན་
བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཐུགས་ཀྱི་ཡི་དམ་མཛད་པ་ནི། བདག་གིས་བྱང་ཆུབ་ཐོབ་ནས་སེམས་ཅན་མ་ལུས་པ་ཡང་བསྒྲལ་བར་བྱའོ་ཞེས་པའོ། །དེ་བས་ན་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་དམ་བཅའ་བ་མཛད་ཅེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་ཐབས་
ཅིག་ཡང་དག་པར་མོལ་ནས་ཞེས་པ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་ཚོགས་དང་ཆོས་ཀྱི་སྐུ་དང་འགྲོ་བའི་དོན་མཛད་པས་མཉམ་པ་ཉིད་དེ། དེ་བས་ན་སངས་རྒྱས་ཐམས་ཅད་གསུང་གཅིག་ཏུ་འཆད་པར་བསྟན་པའོ། །གཉིས་སུ་ན་དེ་བཞིན་གཤེགས་
པ་ཐམས་ཅད་དང་ཐབས་ཅིག་ཡང་དག་པར་མོལ་ནས་ཞེས་པ་ནི། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་མངོན་དུ་བྱས་ནས་ཞེས་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་ཐབས་ཅིག་མོལ་ནས་ཞེས་པ་ནི། མ་འོངས་པའི་འགྲོ་བ་ང་རྒྱལ་ཅན་རྣམས་ང་རྒྱལ་གཅག་པ་དང་ཞུ་གཏུག་མི་
བྱེད་པ་རྣམས་བླ་མ་དང་གྲོགས་པོ་ལ་དྲི་ཞིང་ཞུ་གཏུག་བྱེད་པ་ལ་བརྩོན་པ་བསྐྱེད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཡང་གཞན་དང་བཀའ་གྲོས་མཛད་ཅིང་ཆོས་སྟོན་ན། བདག་ཅག་ཆོད་ལྟ་ཅི་ཞིག་སྙམ་ནས་གཞན་ལ་འདྲི་བ་ལ་བརྩོན་པར་འགྱུར་རོ། །སྙིང་རྗེ་ཆེན་པོའི་
སྙིང་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི། ཏིང་ངེ་འཛིན་དེ་ལས་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའམ། སྙིང་རྗེ་ཆེན་པོ་ལས་ཏིང་ངེ་འཛིན་འབྱུང་བ་ལ་བྱའོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་ཡན་ལག་ཐམས་ཅད་
ནས་དེ་བཞིན་གཤེགས་པའི་སྐུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་བཅུའི་བར་དུ་སེམས་ཅན་ལ་ཕན་པའི་དོན་མཛད་པ་རྣམས་བྱུང་ངོ་། །བྱུང་ནས་ཀྱང་ཕྱོགས་བཅུ་ཀུན་དུ་བསྐོར་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་སྐུའི་ནང་རང་གི་གནས་རྣམས་སུ་ཞུགས་སོ་ཞེས་པ་ནི་
Vol. 69 · folio 300b
བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་ཞུགས་པ་དེའི་ཚེ་བ་སྤུའི་བུ་ག་རེ་རེ་ནས་ཀྱང་དེ་བཞིན་གཤེགས་པའི་སྐུ་འདྲ་བ་རྣམ་པར་སྤྲུལ་པ་བྱུང་སྟེ་སེམས་ཅན་གྱི་དོན་བྱེད་པ་ནི་ས་དང་པོ་ནས་བརྩམས་ནས་ས་བཅུ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེ་དག་སླར་བཅོམ་ལྡན་འདས་ཀྱི་སྐུ་
ལ་སོ་སོའི་གནས་སུ་ཞུགས་པ་ཡང་ཏིང་ངེ་འཛིན་བརྟན་པའི་མཐུས་བ་སྤུའི་བུ་ག་གང་ནས་བྱུང་བ་དེ་ཉིད་དུ་སླར་མ་འཁྲུལ་བར་ཞུགས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་དཀྱིལ་འཁོར་རྣམ་པར་དགོད་
པ་ཉོན་ཅིག་ཅེས་པ་ནི། ཏིང་ངེ་འཛིན་དེ་ལས་བཞེངས་ནས་ཕྱག་ན་རྡོ་རྗེ་ལ་དཀྱིལ་འཁོར་བཤད་པ་ལ་བྱ་སྟེ། དཀྱིལ་འཁོར་བྲི་བ་བཤད་པ་དེ་ཡང་རྒྱུ་དང་རང་བཞིན་དང་འབྲས་བུ་རྣམ་པ་གསུམ་དུ་བལྟ་སྟེ། དེ་ལ་རྒྱུ་ནི་སློབ་དཔོན་ནོ། །རང་བཞིན་ནི་དཀྱིལ་འཁོར་ས་བཅད་ཅིང་བྲི་བ་ལ་
སོགས་པའོ། །འབྲས་བུ་ནི་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་སོགས་པའོ། །དེ་ལ་དཀྱིལ་འཁོར་བྲི་བའི་རྒྱུའི་གཙོ་བོ་ནི་སློབ་དཔོན་ཡིན་ཏེ། དེ་བས་ན་སློབ་དཔོན་གྱི་མཚན་ཉིད་ཐོག་མར་བཤད་དོ། །སློབ་དཔོན་གྱི་མཚན་ཉིད་བཤད་པ་ཡང་སློབ་དཔོན་དུ་འཇུག་པའི་ཡོན་ཏན་གྱི་མཚན་
ཉིད་དང་། སློབ་དཔོན་དུ་གྲུབ་པའི་ཡོན་ཏན་གྱི་མཚན་ཉིད་དང་དེའི་རབ་ཏུ་དབྱེ་བའི་མཚན་ཉིད་དོ། །དེ་ལ་སློབ་དཔོན་དུ་འཇུག་པའི་མཚན་ཉིད་ནི་ཡིད་བྱང་ཆུབ་ཀྱི་སེམས་ལ་ཞུགས་པ་ལ་སོགས་པའོ། །སློབ་དཔོན་དུ་གྲུབ་པའི་མཚན་ཉིད་ནི་དཀྱིལ་འཁོར་འདྲི་བའི་ལས་བྱེད་པར་གནང་ཞིང་དབང་
བསྐུར་བ་ཞེས་བྱའོ། །རབ་ཏུ་དབྱེ་བའི་མཚན་ཉིད་ནི། །བྱང་ཆུབ་སེམས་ལ་རྣམ་པར་གནས། །ཞེས་པའོ། །དེ་དག་ཀྱང་ལུས་ཀྱི་ཡོན་ཏན་དང་ངག་གི་ཡོན་ཏན་དང་ཡིད་ཀྱི་ཡོན་ཏན་གསུམ་སྟེ། ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ཡིད་བྱང་ཆུབ་ཀྱི་སེམས་ལ་ཞུགས་པ་ཞེས་པ་ནི།
ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་སྟོང་པར་འཇིག་པ་དང་འཇུག་པ་དང་ལྡན་པའོ། །ཤེས་རབ་དང་ལྡན་པ་ཞེས་པ་ལ་ཤེས་རབ་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ཤེས་རབ་རྣོ་བ་དང་ཐོས་པ་དང་བསམ་པ་ལ་སོགས་པའི་ཤེས་རབ་སྟེ། དེ་དག་གང་ཡང་རུང་བ་དང་ལྡན་པའོ། །
Vol. 69 · folio 301a
སྙིང་རྗེ་ཅན་ཞེས་པ་སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་ལས་འདོན་པར་འདོད་པ་སྟེ། དེ་ཡང་རང་བཞིན་གྱི་སྙིང་རྗེ་ཅན་དང་མངོན་པར་འདུས་བྱས་པའི་སྙིང་རྗེ་སྟེ་དེ་དག་དང་ལྡན་པའོ། །སྒྱུ་རྩལ་དག་ལ་མཁས་པ་ཞེས་པ་ནི་སྤྱིར་འཇིག་རྟེན་གྱི་དགྲ་ཐབས་ལ་སོགས་པ་རྣམ་པ་
མང་མོད་ཀྱི་སྐབས་འདིར་ནི་དཀྱིལ་འཁོར་བྲི་བ་དང་མཆོད་པའི་ཡན་ལག་རྣམས་ལ་མཁས་པ་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་རྟག་ཏུ་མཁས་པ་ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་རྣམ་པ་གཉིས་ཀྱི་ཚུལ་གྱིས་མཁས་པ་སྟེ། དོན་དམ་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
ཚུལ་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་པ་ལ་མཁས་པའོ། །ཀུན་རྫོབ་ཏུ་ནི་དེ་ལྟར་སྟོང་པ་ཉིད་བསྒོམ་པ་ལས་ལངས་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱད་ནས་དེ་ལ་ཡང་མི་ཆགས་པར་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་
དུ་སྦྱོར་བ་ལ་མཁས་པའོ། །ཐེག་པ་གསུམ་གྱི་ཁྱད་པར་ཤེས་པ་ཞེས་པ་ནི་ཉན་ཐོས་ཀྱི་ཐེག་པ་གང་ཟག་ལ་བདག་མེད་པར་རྟོགས་ནས་ཕུང་པོ་དང་ཁམས་ལ་སོགས་པ་ལ་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པར་རྟོགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཕུང་པོ་ལ་སོགས་པ་དེ་
རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་དུ་རྟོགས་པ་དང་། ཐེག་པ་ཆེན་པོ་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་མ་སྐྱེས་པར་རྟོག་པ་རྣམས་ཀྱི་མཚན་ཉིད་བྱེ་བྲག་ཏུ་འབྱེད་མཁས་པ་ལ་བྱའོ། །དེ་ལ་ཅིར་ཐེག་པ་གཅིག་ལ་གསུམ་དུ་དབྱེར་ཅི་ཡོད་ཅེ་ན་ཐེག་པ་ཉིད་གསུམ་དུ་དབྱེ་བ་
ལ་ནི་མི་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སོ་སོའི་ཇི་ལྟར་རྟོགས་པའི་མཚན་ཉིད་འབྱེད་མཁས་པ་ལ་བྱའོ། །གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་ཞེས་པ་ནི་སྔགས་རྣམས་ཀྱི་སྤྱིའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་མཁས་པ་དང་། སྔགས་དང་།
ཡི་གེ་ས་བོན་དང་། ཏིང་ངེ་འཛིན་རྣམས་ལ་མཁས་པ་སྟེ། སྔགས་ལ་མཁས་པ་ནི་སྔགས་ཀྱི་ཚིག་རྣམས་བསྐུལ་བ་དང་ཕྱག་རྒྱའི་རང་བཞིན་འབྱེད་མཁས་པའོ། །ཡི་གེ་ས་བོན་ལ་མཁས་པ་ནི་ལྷ་རྣམས་སོ་སོའི་ས་བོན་སྙིང་པོ་གང་ཡིན་པ་དང་། དེ་རྣམས་ཀྱི་ཏིང་ངེ་འཛིན་གྱི་
Vol. 69 · folio 301b
སྒོ་དང་། ལས་གང་ཡིན་པ་ལ་མཁས་པའོ། །ཏིང་ངེ་འཛིན་ལ་མཁས་པ་ནི་ཏིང་ངེ་འཛིན་དུ་ཞུགས་པ་ལས་དབང་ཆེན་དང་ཆུ་ལ་སོགས་པའི་དཀྱིལ་འཁོར་བཀོད་ཅིང་དེ་རྣམས་ཀྱི་ལས་སྒྲུབ་པ་ལ་མཁས་པའོ། །བསམ་པ་ཤེས་པ་ནི་སློབ་མ་རྣམས་ཀྱི་བསམ་པ་ཤེས་པ་སྟེ་དེ་ཡང་གཞན་
གྱི་སེམས་ཤེས་པའི་ཚུལ་གྱིས་ཤེས་པ་ལ་ནི་མི་བྱའི། །སྔགས་ཀྱི་ཆ་བརྟག་པའི་ཚུལ་གྱིས་སློབ་མ་རྣམས་ཀྱི་སྤྱོད་པ་དང་ཚུལ་ལ་བརྟགས་ནས་ལྷ་ཞི་བ་དང་ཁྲོ་བོ་རྣམས་གང་བསྙེན་པར་འོས་པ་དང་། གྲུབ་པ་རབ་འབྲིང་གསུམ་ལས་གང་བསྒྲུབ་པར་འོས་པ་ལ་སོགས་པའི་ཚུལ་ལ་
མཁས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་ཞེས་པ་ནི་དེ་རྣམས་ཀྱི་ཡོན་ཏན་བཤད་པ་ལ་ཡིད་ཆེས་པའོ། །དཀྱིལ་འཁོར་བྲི་བའི་ལས་བྱེད་པར་གནང་ཞིང་དབང་བསྐུར་བ་ཞེས་པ་ལ་དབང་བསྐུར་བ་ནི་དབང་བསྐུར་བའི་དཀྱིལ་འཁོར་དུ་དྲི་དང་མེ་ཏོག་དང་སྨན་དང་
རིན་པོ་ཆེ་ལ་སོགས་པས་བརྒྱན་པའི་བུམ་པར་ཆུ་བླུགས་ཏེ་དབང་བསྐུར་བ་ལ་བྱའོ། །གནང་བ་ནི་དེ་ལྟར་དབང་བསྐུར་ནས་ཁྱོད་ཀྱིས་དཀྱིལ་འཁོར་བྲི་བ་དང་སྒྲུབ་པ་ལ་སྤྱོད་པར་གྱིས་ཤིག་ཅེས་ཚིག་གིས་གནང་བའོ། །དེ་ལ་གནང་ཞིང་དབང་བསྐུར་བ་ཞེས་པ་དབང་མ་བསྐུར་བར་ནི་གནང་བ་
མི་འཐོབ་སྟེ། གནང་བ་སྨོས་པས་དབང་བསྐུར་བ་མ་སྨོས་ཀྱང་ཞར་ལ་གོ་བར་འགྱུར་ན་གཉིས་ཀ་ཅིའི་ཕྱིར་སྨོས་ཤེ་ན། གདོན་སེལ་བ་ལ་སོགས་པའི་ལས་ཕྲན་ཚེགས་ལ་དབང་མ་བསྐུར་ཀྱང་བྱོས་ཤིག་པའི་གནང་བ་ཐོབ་པ་སྲིད་དེ། དེ་བས་ན་གནང་བ་ཐོབ་ཅིང་དབང་བསྐུར་བ་ཞེས་སྨོས་སོ། །
བརྟན་པ་ནི་ཤེས་པ་དང་ལོངས་སྤྱོད་ལ་སོགས་པ་དང་ལྡན་པ་ཡང་དེ་དག་གིས་དྲེགས་པར་མི་འགྱུར་ལ་དེ་དག་དང་མི་ལྡན་ན་ཡང་ཞུམ་པར་མི་འགྱུར་བའོ། །སྦྱོར་བ་ལ་མཁས་ཞེས་པ་ནི་སྒྲུབ་པ་དང་ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་ལ་མཁས་པའོ། །བྱང་ཆུབ་སེམས་ལ་རྣམ་པར་གནས། །
ཞེས་པ་ནི་སྟོང་པ་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ནུས་པའོ། །གསང་བ་པའི་བདག་པོ་སློབ་དཔོན་དེ་ལྟ་བུ་རྒྱལ་བའི་སྲས་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་སོ་ཞེས་པ་ལ་སློབ་དཔོན་དེ་ལྟ་བུ་ནི་གོང་དུ་སྨོས་པའི་ཡོན་ཏན་རྣམས་དང་ལྡན་
Vol. 69 · folio 302a
པའོ། །རྒྱལ་བའི་སྲས་ཞེས་པ་ནི་རྒྱལ་བའི་བདག་ཉིད་ལས་སྐྱེས་པ་སྟེ་རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། དེའི་བདག་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་མོས་པ་ལས་བྱུང་བ་ནི་རྒྱལ་བའི་བདག་ཉིད་ལས་སྐྱེས་པ་ཞེས་བྱའོ། །སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་སོ་ཞེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་སོ། །དེ་ལྟ་བུའི་སློབ་དཔོན་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་ན། མི་བསྔགས་
པའི་སློབ་དཔོན་ཡང་ཡོད་དམ་ཞེ་ན་ཡོད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་སོ་ཞེས་པའི་ཚིག་དེས་སློབ་དཔོན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དང་དམིགས་པ་ཅན་ནོ། །དེ་ལ་སྐབས་འདིར་སློབ་དཔོན་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ་ནི་ཟབ་ཅིང་རྒྱ་ཆེ་བའི་སློབ་དཔོན་ལ་བྱའོ། །དམིགས་པ་ཅན་གྱི་སློབ་དཔོན་གྱི་མཚན་ཉིད་ནི་འོག་ནས་སློབ་དཔོན་གཉི་གའི་མཚན་ཉིད་བཤད་པའི་སྐབས་སུ་ཤེས་པར་བྱའོ། །ད་ནི་སློབ་དཔོན་དེ་ལྟ་བུས་དཀྱིལ་འཁོར་དུ་གཟུང་བའི་
སློབ་མ་རྣམས་བརྟག་པར་བྱ་སྟེ། སློབ་མ་དེ་རྣམས་བརྟག་པ་ཡང་རང་བཞིན་གྱི་ཡོན་ཏན་དང་། མངོན་པར་འདུས་བྱས་པའི་ཡོན་ཏན་གྱི་སྒོ་ནས་སོ། །དེ་ལྟ་བས་ན་གསང་བ་པའི་བདག་པོ་དེ་ལ་སློབ་དཔོན་ལ་གཞན་གྱིས་གསོལ་བ་བཏབ་ཀྱང་རུང་ཞེས་པ་ནི་འོག་ནས་འབྱུང་བའི་མཚན་ཉིད་
དང་ལྡན་པའི་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་ཀྱང་རུང་ཞེས་པའོ། །ཡང་ན་བདག་གིས་སེམས་ཅན་དག །སྣོད་དུ་རུང་ཞིང་ཉེས་བྲལ་བ། །དེ་མཐོང་ནས་ནི་བདག་ཉིད་ཀྱིས། །མ་གསོལ་བར་ནི་དེ་བོས་ཏེ། །ཞེས་སྦྱར་ཏེ་སྣོད་དུ་རུང་ཞིང་ཞེས་པ་ནི་སྔགས་བཤད་པའི་སྣོད་དུ་འགྱུར་བའོ། །
ཉེས་བྲལ་བ་ཞེས་པ་ནི་སྡིག་པ་མེད་པ་སྟེ་དེ་ལ་སྡིག་པ་ནི་སེམས་ཀྱི་རྒྱུད་ལ་ཡོད་ན་ཇི་ལྟར་སློབ་དཔོན་དེས་མཐོང་བར་འགྱུར་ཞེ་ན། སེམས་ཀྱི་རྒྱུད་ལ་གནས་པའི་སྡིག་པ་མེད་པར་མཐོང་བ་ལ་ནི་མི་བྱའི། སྡིག་པའི་རྒྱུ་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་སྤྱོད་པར་མཐོང་བ་ནི་སྡིག་པ་མེད་པར་
Vol. 69 · folio 302b
མཐོང་བའོ། །དེ་ལྟ་བུའི་སློབ་མ་མཐོང་ན་ཕས་མ་གསོལ་ཀྱང་སློབ་མ་དེ་སྣོད་དུ་འགྱུར་བ་ཡིན་པས་འོག་ནས་འབྱུང་བའི་ཚིགས་སུ་བཅད་པས་ཆོས་བཤད་ཅིང་སྔགས་ཀྱི་ཚུལ་ལ་གཞག་པར་བྱའོ། །མོས་མང་ཞེས་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་
ཡོན་ཏན་གྱི་ཆོས་རྣམས་མ་རྟོགས་ཤིང་མངོན་དུ་བྱས་ཀྱང་ཐོས་པ་དང་བསམ་པ་དང་སྒོམ་པའི་སྒོ་ནས་འདི་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་པ་ནི་མོས་པ་མང་བའོ། །བརྟན་ཞེས་པ་ནི་གོང་དུ་སློབ་དཔོན་གྱི་བརྟན་པ་ཉིད་བཤད་པ་དང་མཐུན་ནོ། །དད་པ་ཞེས་པ་ནི་དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་རྣམ་པ་དང་
སྔགས་ཀྱི་ཚུལ་ལ་ཡིད་ཆེས་པའི་དད་པའོ། །གཞན་ལ་ཕན་དགའ་ཞེས་པ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ། གཞན་སྡུག་བསྔལ་དང་བྲལ་བར་དགའ་བའོ། །སློབ་མ་དེ་ལྟ་བུ་དང་ལྡན་པར་ཤེས་ཤིང་མཐོང་ནས་བདག་ཉིད་ཀྱིས་མ་གསོལ་བར་ནི་དེ་བོས་ཏེ་ཞེས་གོང་དུ་སྨོས་པའི་ཡོན་ཏན་
གྱི་མཚན་ཉིད་དང་ལྡན་པར་མཐོང་ནས་ཤེས་པའོ། །འདི་སྐད་བྱ་ཞེས་པ་ནི་གལ་ཏེ་སློབ་མ་དེ་བདག་ཅག་སྔགས་གྲུབ་པའི་འབྲས་བུ་རིག་འཛིན་ལ་སོགས་པ་འདོད་པ་མ་ཡིན་གྱི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་དོ་སྙམ་དུ་སེམས་པ་ལ། སྔགས་ཀྱི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་
མཚན་ཉིད་ཀྱི་ཆོས་ཤོད་ཅིག་ཅེས་པའོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཞེས་པ་ནི་སྔགས་སྤྱད་པའི་ཚུལ་འདི་ཐེག་པ་ཆེན་པོ་ཡིན་ལ། དེ་ཡང་སློབ་མ་སྣོད་དུ་གྱུར་པའི་ཕྱིར་
བཤད་པས་ན་ཡང་དག་པར་བཤད་པ་ཡིན་གྱི། ཁེ་དང་བཀུར་སྟིའི་ཕྱིར་བཤད་པ་ནི་མ་ཡིན་ནོ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །ཅེས་པ་ནི་འདས་པ་དང་
ད་ལྟར་དང་མ་བྱོན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་གསང་སྔགས་ཀྱི་སྤྱད་པའི་ཆོ་ག་མཆོག་འདི་ལས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་རྣམ་པ་བཞི་བཅོམ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཏེ། དེ་བས་ན་སློབ་མ་ཁྱེད་རྣམས་ཀྱིས་ཀྱང་ཆོ་ག་མཆོག་འདི་ལས་
Vol. 69 · folio 303a
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བསྟན་པ་སྟེ་དེ་བས་ན། དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་
མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་གསུངས་པ་ཡིན་ནོ། །དེ་དག་ཀུན་གྱིས་ཞེས་པ་ནི་འདས་པ་དང་ད་ལྟར་དང་མ་བྱོན་པའི་སངས་རྒྱས་ཀུན་
གྱིས་ཞེས་པའོ། །བྱང་ཆུབ་ཤིང་དྲུང་དུ་ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །ཞེས་པ་ནི་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་ཐམས་ཅད་མཁྱེན་པ་མཚན་མ་མེད་པ་ཐོབ་པའོ། །སྔགས་ཀྱི་སྦྱོར་བ་མཉམ་མེད་དེ། །ཞེས་པ་ནི་གང་དང་ཡང་མི་མཉམ་པའི་སྔགས་ཀྱི་སྦྱོར་བ་དེས་ཐམས་ཅད་མཁྱེན་པ་ཐོབ་པར་
ཤེས་པར་བྱའོ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པ་ནི་དེ་ལྟར་ཤཱཀྱ་སེང་གེས་ཀྱང་སྔགས་ཀྱི་སྤྱོད་པའི་སྒོ་ནས་ཐམས་ཅད་མཁྱེན་པ་བརྙེས་པས་ན་ཁྱོད་ཀྱིས་ཀྱང་འདིའི་སྒོ་ནས་ཐམས་ཅད་མཁྱེན་པ་ཐོབ་པར་གྱིས་ཤིག་ཅེས་བཤད་པའོ། །དེ་ལྟར་ཐམས་ཅད་མཁྱེན་པ་
ཐོབ་པ་ཡང་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་གནས་ལ་སོགས་པར་མངོན་པར་བྱང་ཆུབ་པའི་རིམ་པ་གཞན་ཡང་ཡོད་མོད་ཀྱི། སྐབས་འདིར་མི་རྣམས་ལ་བཤད་པའི་ཕྱིར་སྤྲུལ་པའི་སྐུས་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ཏོ། །དེ་ལྟར་ལན་མང་གཟེངས་བསྟོད་དེ། །ཞེས་པ་
ནི་གོང་དུ་སྨོས་པའི་ཚུལ་གྱིས་སློབ་མ་དེ་མང་དུ་སྤྲོ་བ་བསྐྱེད་ཅིག་ཅེས་པའོ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་ནི། ཞེས་པ་ཁེ་དང་བཀུར་སྟིའི་ཕྱིར་མ་ཡིན་གྱི་སློབ་མ་དེ་དག་ལ་སྙིང་རྗེ་བའི་ཕྱིར་རོ། །སློབ་མ་དེ་བརྟན་ཤེས་ནས་ནི། །ཞེས་པ་ནི་སློབ་མ་དེ་རྣམས་དེ་ལྟར་གོང་དུ་སྨོས་པའི་ཚུལ་གྱིས་ཡིད་ཆེས་ཏེ་
གཞན་དུ་མི་འགྱུར་བར་གྱུར་ན་སློབ་མ་དེ་དག་གི་ཆེད་དུ་དཀྱིལ་འཁོར་བྲི་བའི་ས་རྣམས་བརྟག་པར་བྱ་སྟེ། དེ་ཡང་ས་ཉིད་ཀྱི་ཡོན་ཏན་གྱིས་དགའ་བ་དང་། །འཕགས་པ་རྣམས་ཀྱིས་བཅགས་པས་དང་། ལྷ་དང་མི་རྣམས་ཀྱིས་བསྙེན་པས་དགའ་བ་དང་། སྔགས་མཁན་ཉིད་གང་དུ་དད་པས་དགའ་བའོ། །
Vol. 69 · folio 303b
དེ་ལས་ཉིད་ཀྱི་ཡོན་ཏན་གྱིས་དགའ་བའི་གནས་ནི། མེ་ཏོག་འབྲས་བུ་ལྡན་པའི་རི། །གཙང་ཞིང་ཡིད་འོང་ཆུ་ཡི་གནས། །ཞེས་པ་ནས། གང་ན་འབབ་ཆུ་མང་པོ་དག །ངང་པ་བཞད་ཀྱིས་བརྒྱན་ཡོད་པ། །དེར་ནི་སྔགས་པ་བློ་ཅན་གྱིས། །སྙིང་རྗེ་འབྱུང་བའི་དཀྱིལ་འཁོར་བྲི། །ཞེས་པའི་
བར་དུའོ། །སངས་རྒྱས་རྣམས་དང་རང་མགོན་དང་། །དེ་བཞིན་རྒྱལ་བའི་ཉན་ཐོས་ཀྱིས། །ས་ཕྱོགས་གང་དག་བསྟེན་པ་ནི། །དེ་དག་ཐུབ་པས་རྟག་ཏུ་བསྔགས། །ཞེས་པའི་བར་གྱིས་ནི་འཕགས་པ་རྣམས་ཀྱིས་ཞབས་ཀྱིས་བཅགས་པས་དགའ་བའོ། །ཕྱོགས་གཞན་རྣམ་པ་སྣ་ཚོགས་པ། །
ལྷ་ཁང་ཀུན་དགའ་བཟང་པོ་དང་། །ཁྱིམ་དང་ཡང་ཏོག་ཉམས་དགའ་དང་། །ཞེས་པ་ནས། ལྷ་ཡི་གནས་རྣམས་ཐམས་ཅད་དང་། །དེ་བཞིན་ཁང་པ་སྟོང་པར་ཡང་། །སློབ་མ་དག་ལ་ཕན་འདོད་ཕྱིར། །ནན་ཏན་དུ་ནི་དཀྱིལ་འཁོར་བྲི། །ཞེས་པའི་བར་གྱིས་ནི་ལྷ་དང་མི་རྣམས་ཀྱིས་བསྙེན་
པས་དགའ་བའོ། །ཡང་ན་ཡིད་དུ་འོང་བའི་ས། །གང་ཡང་རུང་བར་བྲི་བར་བྱ། །ཞེས་པ་ནི་གོང་དུ་སྨོས་པ་རྣམ་པ་གསུམ་ལས་གཞན་སྔགས་པ་ཉིད་གང་དུ་དད་པའི་ས་དེར་དཀྱིལ་འཁོར་བྲི་བ་གསུངས་པ་ཡིན་ནོ། །དེ་ལ་ས་གཞི་ཡོངས་སུ་སྦྱང་བར་བྱ་བ་ནི་ཞེས་པ་སྦྱང་བ་རྣམ་པ་གཉིས་ཏེ་ཕྱི་དང་ནང་
གིའོ། །དེ་བས་ན་སློབ་དཔོན་ཡང་རྣམ་པ་གཉིས་ཏེ། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དང་དམིགས་པ་ཅན་ནོ། །དེ་ལ་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སློབ་དཔོན་གྱིས་ནི་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཕྱིའི་ཉེས་པ་རྣམས་ཀྱི་དངོས་པོ་གཟོད་མ་ནས་མ་བྱུང་མ་སྐྱེས་པར་རྟོགས་ཏེ་ནང་གི་སེམས་སྦྱངས་
པས་དག་པར་འགྱུར་བའི་ཕྱིར་ཕྱིའི་ཟུག་རྔུ་བསལ་བ་ལ་སོགས་པ་མི་དགོས་མོད་ཀྱི་སློབ་མ་རྣམས་ཀྱི་ཡིད་དང་སྦྱར་བའི་ཕྱིར་ཕྱིའི་ས་རྣམས་བརྟག་པ་ཡང་དེ་རྣམས་ལ་མ་ཞེན་པར་བྱ་སྟེ། དེ་བས་ན་སློབ་དཔོན་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པས་ནི་ཕྱི་ནང་གཉིས་ཀའི་ས་སྦྱང་བར་བྱའོ། །དམིགས་
པ་ཅན་གྱི་སློབ་དཔོན་གྱིས་ནི་བྱང་ཆུབ་ཀྱི་སེམས་གོམས་པར་མ་བྱས་པས་ཕྱིའི་ས་རྣམས་སྦྱང་བར་བྱའོ། །དེ་ལ་ནང་གི་སྦྱང་བ་ནི་བྱང་ཆུབ་ཀྱི་སེམས་གོམས་པར་བྱེད་པའོ། །ཕྱིའི་ས་སྦྱང་བ་ནི་རྡོ་དང་བོང་བ་དང་། གྱོ་མོ་དང་གསེག་མ་མེད་ཅིང་ཞེས་པ་ནས་ཉེས་པ་ཐམས་ཅད་སྤངས་པའི་
Vol. 69 · folio 304a
གནས་ནི་ལྷ་རྣམས་ལ་རབ་ཏུ་ཤིས་སོ་ཞེས་པའི་བར་དུའོ། །དེ་ལ་ཚེས་གྲངས་དང་ཞེས་པ་ནས་སྔ་དྲོའི་དུས་ཀྱི་ཚེས་ལྟས་བཟང་པོས་མཚོན་པ་ལ་ཞེས་པའི་བར་དུ་ནི་དཀྱིལ་འཁོར་བྲི་བའི་ས་བརྟག་པ་ཚར་ནས། ཡོངས་སུ་གཟུང་བ་རྩོམ་པའི་ཚེས་གྲངས་དང་སྐར་མ་
བརྟག་པ་ལ་བྱ་སྟེ། རྒྱུ་སྐར་ཤིས་པ་ནི་སྐར་མ་འབའ་ཞིག་ཤིས་པ་ལ་མི་བྱའི། ཉི་མ་དང་ཚེས་གྲངས་ཀུན་ཀྱང་སྟེ་ཤིས་པ་ཞེས་པ་སོ་སོ་ལ་སྦྱར་བར་བྱའོ། །སྔ་དྲོའི་དུས་ཀྱི་ཚེ་ལྟས་བཟང་པོས་མཚོན་པ་ལ་ཞེས་པ་ལྟས་བཟང་པོ་བརྟགས་པ་རབ་འབྲིང་རྣམ་པ་གསུམ་སྟེ། ལྷའི་དང་བར་སྣང་གི་དང་ས་
ལས་བྱུང་བའོ། །དེ་ལ་ལྷའི་ནི་ནམ་མཁའ་ལས་སྒྲ་སྙན་པ་ལ་སོགས་པ་འབྱུང་བ་སྟེ་མཆོག་གོ། །བར་སྣང་གི་ནི་བཀྲ་ཤིས་པའི་ཚིག་དང་བྲམ་ཟེའི་རིག་བྱེད་ལ་སོགས་པ་ཐོབ་པ་སྟེ་འབྲིང་ངོ་། །ས་ལས་བྱུང་བ་ནི་ས་ལ་དུང་ལ་སོགས་པ་འདུག་པར་མཐོང་བ་སྟེ་ཐ་མའོ། །དེ་ལྟར་ཐོག་མར་རྩོམ་པའི་
སྔ་དྲོའི་དུས་ན་ལྟས་དེ་རྣམས་ལས་གང་ཡང་རུང་བ་ཞིག་བྱུང་ན་བཟང་སྟེ། ས་ཡོངས་སུ་གཟུང་བ་ལ་སོགས་པའི་ལས་རྣམས་བརྩམ་པར་བྱའོ། །སའི་ལྷ་མོ་སྦྲན་པའི་ཚིགས་སུ་བཅད་པ་གཉིས་བསྒྲག་པར་བྱའོ་ཞེས་པ་ནི་སྔ་དྲོའི་དུས་ན་ལྟས་བཟང་པོ་དང་ལྡན་ན་དཀྱིལ་འཁོར་གང་དུ་བྲི་བར་བྱ་བའི་ས་
གཞི་དེར་སའི་ལྷ་མོ་ལ་ཁྱོད་ཀྱི་སྟེང་དུ་དཀྱིལ་འཁོར་བྲིའོ་ཞེས་གསོལ་བ་བཏབ་སྟེ། བསྟོད་པའི་ཚིགས་སུ་བཅད་པའི་སྒོ་ནས་སོ། །སངས་རྒྱས་ཐོབ་པ་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱིས་ཁྱད་པར་ནི། །ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་
དཔའི་སྤྱད་པ་སྤྱོད་པ་ན་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཚུལ་ཁྱད་པར་དུ་སྤྱད་པ་དང་། དེ་ལྟར་སྤྱད་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་རྣམ་པ་བཞི་བཅོམ་སྟེ་མངོན་པར་སངས་རྒྱས་པ་ཡང་ས་ཁྱོད་ཀྱི་སྟེང་དུ་ཡིན་པས་ན་ལྷ་མོ་ཁྱོད་ཀྱིས་ཇི་ལྟ་བ་བཞིན་དུ་ཤེས་ཏེ་དབང་དུ་གྱུར་ཏོ་ཞེས་པ་སྟེ། དེ་བས་ན།
སྤྱོད་པའི་ཚུལ་གྱི་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་དག་ལ། །ཞེས་དང་། ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །ཞེས་གསུངས་སོ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ས་
Vol. 69 · folio 304b
དང་ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱད་དེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་རྣམ་པ་བཞི་བཏུལ་ནས་མངོན་པར་བྱང་ཆུབ་པར་བྱས་པ་དེ་བཞིན་དུ་བདག་ཀྱང་མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་བསྒྲལ་བའི་ཕྱིར་ས་ཁྱོད་ཀྱི་སྟེང་དུ་དཀྱིལ་འཁོར་བྲི་སྟེ། རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་
རྒྱ་བར་བགྱིའོ་ཞེས་པའོ། །ས་ལ་ལག་པ་རེག་བྱས་ཤིང་། །དེ་ལྟར་ལན་མང་སྦྲན་ནས་ནི། །པུས་མོ་གཉིས་ནི་དེར་བཙུགས་ནས། །མེ་ཏོག་སྤོས་ཀྱིས་མཆོད་པར་བྱ། །མཆོད་ནས་སྔགས་པས་དེ་ནས་ནི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ཏེ། །ཞེས་པ་སའི་ལྷ་མོ་ལ་ཚིགས་སུ་
བཅད་པས་བསྐུལ་ཏེ་གསོལ་བ་གདབ་པ་ལ་ཡང་སྔར་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་དེ་ལ་མཆོད་ཅིང་ཕྱག་བྱས་ལ་ལག་པ་ས་ལ་བཞག་ནས། གདོད་གོང་དུ་སྨོས་པའི་ཚིགས་སུ་བཅད་པས་བསྐུལ་ཏེ་གསོལ་བ་གདབ་པོ། །དེ་ནས་ཆོ་ག་འདི་དག་གིས། །མཁས་པས་ས་གཞི་སྦྱང་བར་
བྱ། །ཞེས་པ་ནི་འོག་ནས་འབྱུང་བའི་ཚུལ་གྱིས་སྦྱང་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། འདི་ལྟའི་ཚུལ་ནི་མི་ཤེས་པས། །ཡུལ་དང་དུས་དང་བྱ་བ་ལས། །དགེ་དང་མི་དགེའི་མཚན་མ་
ཡིས། །རྨོངས་པ་འབྲས་བུ་འདོད་བྱེད་དེ། །སེམས་དཔའ་ཆེན་པོ་དེ་དག་ཕྱིར། །ཆོ་ག་འདི་ནི་བརྗོད་པ་ཡིན། །ཞེས་པའི་བར་ནི་གོང་དུ་ཉི་མ་དང་ཚེས་གྲངས་དང་། སྐར་མ་ལ་སོགས་པའི་ལྟས་རྣམས་ནི་བཤད་ན་སྔགས་རྣམས་ཀྱི་རང་བཞིན་ནི་དོན་དམ་པར་བྱང་ཆུབ་ཀྱི་སེམས་ཡིན་ཏེ།
མཚན་མ་མེད་པ་དེ་དག་ལས་འདས་པའོ། །ཀུན་རྫོབ་ཏུ་ཡང་དཀྱིལ་འཁོར་དང་སྒྲུབ་པ་དང་སྔགས་སྤྱད་པའི་ཡན་ལག་རྣམས་མཚན་མ་ཅན་ཡིན་མོད་ཀྱི། དོན་གྱི་བྱ་བ་བྱེད་ལ་སྐར་མ་དང་ཚེས་གྲངས་ལ་སོགས་པའི་མཚན་མ་འདི་རྣམས་ནི་དོན་དམ་པ་དང་ཡང་འགལ་ལ་ཀུན་
རྫོབ་ཏུ་ཡང་དོན་གྱི་བྱ་བ་བྱེད་པ་མ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་མཚན་མ་དེ་དག་བཤད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དོན་དམ་པའི་མཚན་ཉིད་བསྟན་ནས་དོན་དམ་པའི་མཚན་ཉིད་དེ་ལྟ་བུ་ཡིན་མོད་ཀྱི་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དམ་པའི་ཚུལ་དེ་མི་ཤེས་
Vol. 69 · folio 305a
པས་འགྲོ་བ་དེ་རྣམས་དྲང་བའི་ཕྱིར་མཚན་མ་རྣམས་བཤད་པའི་རིགས་པ་བསྟན་པ་སྟེ། འགྲོ་བ་དེ་རྣམས་ཀྱང་རྣམ་པ་གཉིས་ཏེ། དངོས་པོ་ལ་ཆགས་པ་དང་། དངོས་པོ་མེད་པ་ལ་ཆགས་པའོ། །དངོས་པོ་ལ་ཆགས་པ་རྣམས་ལ་ཡང་ཚེས་གྲངས་དང་དུས་དང་
ཡུལ་ལ་སོགས་པ་དངོས་པོ་དང་རྗེས་སུ་མཐུན་པར་བཤད་ཅིང་དྲང་བ་དང་དངོས་པོ་མེད་པ་ལ་ཆགས་པ་རྣམས་ཀྱང་དེ་ལས་བཟློག་སྟེ་དངོས་པོའི་སྒོ་ནས་དྲང་བའི་ཕྱིར་རོ། །སངས་རྒྱས་མཚན་མ་མི་མངའ་སྟེ། །ཞེས་པ་ནི་གཟུང་བ་དང་འཛིན་པའི་མཚན་མ་མི་མངའ་བའོ། །ཆོས་ཀྱི་སྐུ་ལ་རྣམ་
པར་བཞུགས། །ཞེས་པ་ནི་དེ་ལྟར་གཟུང་བ་དང་འཛིན་པའི་མཚན་མ་མི་མངའ་བས་དམིགས་སུ་མེད་པ་སྟེ། དམིགས་སུ་མེད་པའི་སྐུའོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་སྐུའི་རང་བཞིན་དུ་གྱུར་པ་ནི་ཆོས་ཀྱི་སྐུ་ལ་རྣམ་པར་བཞུགས་པ་ཤེས་པའོ། །གསང་བ་པའི་བདག་པོ་དེ་
ལ་ཇི་སྐད་བསྟན་པའི་གནས་གང་ཡང་རུང་བར་ས་གཞི་རབ་ཏུ་འཐས་པར་བཅགས་ཏེ་ཞེས་པ་ནས། བདག་ཉིད་ལ་ནི་འདི་སྐད་དུ། །སེམས་ཅན་ཆེན་པོ་བུ་ཁྱོད་ལེགས། །དཀྱིལ་འཁོར་མྱུར་དུ་བྲིས་ཤིག་ཅེས། །སྤྲོ་བ་བསྐྱེད་པ་མཐོང་ཡང་རུང་། །ཞེས་པའི་བར་ཞག་བདུན་གྱི་
སྔོན་རོལ་དུ་སྣང་བ་དང་། མི་སྣང་བ་ལ་དཀྱིལ་འཁོར་ས་བླང་སྟེ་དེ་ལ་སྣང་བ་ནི་རྒྱལ་པོ་ལ་སོགས་པའི་མི་རྣམས་སོ། །མི་སྣང་བ་ནི་འཇིག་རྟེན་པའི་ལྷ་དང་གནོད་སྦྱིན་དང་ཤ་ཟ་ལ་སོགས་པ་སྟེ། ལྷ་ལ་སོགས་པ་ལ་མ་བླངས་པར་དཀྱིལ་འཁོར་བྲིས་ན་དཀྱིལ་འཁོར་གྱི་ལྷ་ཁྲོ་བོ་ལ་
སོགས་པའི་ཟེར་གྱིས་འཇིག་རྟེན་པའི་ལྷ་དེ་རྣམས་ལ་གནོད་པར་འགྱུར་ཏེ། དེ་ལྟར་གནོད་པར་འགྱུར་ན་ལྷ་དེ་དག་སྒྲུབ་པ་ལ་བགེགས་ཀྱིས་སྐབས་འཚོལ་བར་འགྱུར་རོ། །གཉིས་སུ་ན་དེ་དག་ལ་གནོད་བཞིན་དུ་དཀྱིལ་འཁོར་བྲིས་ན་སྒྲུབ་པ་པོ་སྙིང་རྗེ་མེད་པར་འགྱུར་ཏེ། དེ་བས་ན་དེ་
དག་གིས་སྦྱིན་པའི་ཆེད་དུ་སྔར་ལྷ་ལ་སོགས་པ་རྣམས་སྦྲན་ཞིང་ས་བསླངས་ན་ལྷ་ལ་སོགས་པ་དེ་རྣམས་ཀྱང་བག་བྱེད་ཅིང་དེ་ནས་གཞན་དུ་འདོང་སྟེ་ཉེས་པ་མེད་པར་འགྱུར་ལ། རྒྱལ་པོ་ལ་སོགས་པ་མི་རྣམས་ལ་ཡང་སྔར་ས་བླངས་ན་ཕྱིས་བརྩད་པར་མི་འགྱུར་པའི་ཕྱིར་རོ། །དེར་སྔར་བསླངས་
Vol. 69 · folio 305b
ནས་ཕྱིས་དཀྱིལ་འཁོར་བྲི་བ་ལས་ཞག་གསུམ་གྱི་སྔོན་རོལ་དུ་ཇི་སྐད་དུ་སྨོས་པའི་ས་དེར་ཇི་ལྟར་རིགས་པར་བརྟགས་ནས་ས་ཡོངས་སུ་གཟུང་བའི་རིམ་པ་འདི་ལྟར་བྱའོ། །ཐོག་མར་བའི་ལྕི་བས་ལ་མ་ལྷུང་བ་དང་བའི་གཅིན་དུ་བསྲེས་པས་དཀྱིལ་འཁོར་བྱའོ། །དེ་ནས་ས་དེ་སྔགས་ཀྱིས་བསྲུང་བར་བྱའོ། །
དེ་ནས་ཕྱོགས་མཚམས་ཀུན་དུ་བགེགས་བསལ་བར་བྱའོ། །དེའི་འོག་ཏུ་དྲིའི་དཀྱིལ་འཁོར་སོར་བཅུ་གཉིས་པ་གྲུ་བཞི་རྣམས་བྱའོ། །དེ་ནས་སྔགས་པ་འགྲེངས་ཏེ་དཀྱིལ་འཁོར་དེའི་དབུས་ཀྱི་ནམ་མཁའ་ལ་སངས་རྒྱས་རྣམས་བསམ་པར་བྱ་སྟེ། དེ་ཡང་རང་བཞིན་གྱི་དཀྱིལ་འཁོར་རྣམས་སྡུད་པར་གྱུར་པ་
དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ནས་བསམ་མོ། །སྔགས་པ་འགྲེངས་ཏེ་སངས་རྒྱས་ལྔ་པོ་རྣམས་ནམ་མཁའ་ལ་བསམ་པ་ནི་མི་གནས་པའི་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ནས་དེར་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་སངས་རྒྱས་རྣམས་ཀྱི་སྤྱན་སྔར་འཕགས་པ་མི་གཡོ་བའམ། ཁམས་
གསུམ་རྣམ་པར་རྒྱལ་བའམ། གང་ཡང་རུང་བའི་སྔགས་ཀྱིས་ས་དེ་ཡོངས་སུ་གཟུང་བར་བྱའོ། །དེས་ན་སངས་རྒྱས་སྲས་དང་བཅས་པ་སློབ་མ་རྣམས་དཀྱིལ་འཁོར་དུ་གཟུད་པའི་ནུབ་མོ་གཤེགས་སུ་གསོལ་ལོ། །དེ་ནས་སྔགས་པ་དེ་ནུབ་ཕྱོགས་ཀྱི་ངོས་སུ་ཉལ་ལ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་དང་ལྡན་
པར་བྱ་སྟེ་རྨི་ལམ་བལྟ་བར་བྱའོ། །དེ་ཡང་རབ་འབྲིང་གསུམ་དུ་ཤེས་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་མཐོང་ན་རྨི་ལམ་ཐ་མའོ། །སངས་རྒྱས་རྣམས་མཐོང་ན་འབྲིང་ངོ་། །སངས་རྒྱས་དེ་རྣམས་ཤིན་ཏུ་དགྱེས་ཤིང་སྔགས་པ་ལ་བུ་ཁྱོད་ལེགས་སོ་དཀྱིལ་འཁོར་མྱུར་དུ་བྲིས་ཤིག་ཅེས་
བསྐུལ་མ་འདེབས་པར་མཐོང་ན་རྨི་ལམ་རབ་ཏུ་ཤེས་པར་བྱའོ། །འདི་རྣམས་རྒྱུད་ཉིད་ཀྱི་ནང་ནས་ཞིབ་ཏུ་འབྱུང་སྟེ། རྒྱུད་ཀྱི་ནང་ན་ལྟག་འོག་འཁྲུགས་པར་འབྱུང་བས་འདིར་ལས་སུ་བྱ་བའི་རིམ་པ་བཞིན་དུ་བཀོད་དོ། །དེ་ནས་དེ་ཡི་ཕྱི་དེའི་ཉིན། །ཞེས་པ་ནས། གཅིག་གཉིས་བཞི་ལས་ལྷག་
ཀྱང་རུང་། དཔྱད་མི་དགོས་པར་གཟུང་བར་བྱ། །ཞེས་པའི་བར་དུ་སློབ་མ་རྣམས་བརྟག་པ་སྟེ། །དེ་ཡང་བྱེ་བྲག་གི་མཚན་ཉིད་དང་རབ་ཏུ་དབྱེ་བའི་མཚན་ཉིད་དང་། ཕལ་པའི་མཚན་ཉིད་དོ། །དེ་ལ་འདིར། སློབ་མ་དད་ཅིང་རིགས་བཙུན་པ། །ཞེས་པ་ལ་སོགས་པའི་མཚན་ཉིད་ཇི་སྐད་དུ་
Vol. 69 · folio 306a
བཤད་པ་རྣམས་ནི་བྱེ་བྲག་གི་མཚན་ཉིད་དོ། །རབ་ཏུ་དབྱེ་བའི་མཚན་ཉིད་ནི་འོག་ནས་འཆད་ལ། །ཕལ་པའི་མཚན་ཉིད་དེ་སྔར་ཇི་སྐད་དུ་བཤད་པ་དང་གྲངས་སུ་བཅད་པ་གཞན་པ་སྟེ། འོག་ནས་འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་
བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་གཟུང་བར་བྱའོ་ཞེས་འབྱུང་བ་ཡིན་ནོ། །སློབ་མ་དེ་རྣམས་ལས་ཀྱང་རྒྱུད་ལ་སོགས་པ་ལ་མཁས་ཤིང་བྱང་ཆུབ་ཀྱི་སེམས་གོམས་པ་ནི་དཀྱིལ་འཁོར་དུ་བཅུག་
པ་དེ་ཉིད་ཀྱི་ཚེ་ན་དེ་སློབ་དཔོན་ནམ་སྒྲུབ་པར་དབང་བསྐུར་བར་བྱའོ། །རྒྱུད་ལ་སོགས་པ་རྣམས་ལ་ནི་མཁས་ཀྱང་བྱང་ཆུབ་ཀྱི་སེམས་མ་བསྒོམས་ན་བྱང་ཆུབ་ཀྱི་སེམས་སྒོམ་དུ་བཅུག་སྟེ་ཕྱིས་དབང་བསྐུར་བར་བྱའོ། །དེ་ལས་གཞན་སྔ་ནས་ཀྱང་རྒྱུད་མི་ཤེས་བྱང་ཆུབ་ཀྱི་སེམས་ཀྱང་མ་བསྒོམས། ཕྱིས་
ཀྱང་རྒྱུད་ཤེས་པར་མི་འགྱུར་ལ་བྱང་ཆུབ་ཀྱི་སེམས་ཀྱང་སྒོམ་པར་མི་འགྱུར་བ་ནི་ཕལ་པ་སྟེ། དུས་གཉིས་གར་ཡང་དབང་མི་བསྐུར་གྱི། །བྱང་ཆུབ་ཀྱི་ས་བོན་དུ་འགྱུར་བའི་ཕྱིར་དཀྱིལ་འཁོར་དུ་གཟུད་དོ། །དེ་ལ། སློབ་མ་དད་ཅིང་རིགས་བཙུན་པ། །ཞེས་པ་ལ་སོགས་པའི་མཚན་ཉིད་ནི་
གང་དུ་སློབ་མའི་མཚན་ཉིད་བརྗོད་པ་ནི་བཤད་ཟིན་པས་འདིར་མ་བཤད་དོ། །བཅུའམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། །ཞེས་པ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་ནི་ཤིན་ཏུ་དཀོན་པས་གྲངས་ཉུང་ངུ་གསུངས་པ་ཡིན་ལ། ལྷག་ཀྱང་རུང་ཞེས་
པ་ནི་མཚན་ཉིད་དེ་ལྟ་བུ་དང་ལྡན་པ་མང་བ་དཀོན་པ་སྟེ། བརྒྱ་ལ་དེ་ལྟ་བུའི་མཚན་ཉིད་དང་ལྡན་ན་དེ་ལས་ལྷག་སྟེ་གྲངས་མེད་པ་ཡོད་ན་ཡང་ཉེས་པ་མེད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཞུས་པ་ཞེས་པ་ནས། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་གྱུར་པར་བྱ་བའི་ཕྱིར་སེམས་ཅན་ཚད་
མེད་པ་རྣམས་ཡོངས་སུ་གཟུང་བར་བྱའོ་ཞེས་པའི་བར་ནི་གོང་དུ་སློབ་མའི་གྲངས་ངེས་པར་གསུངས་ན་ཅི་ལས་ཡིན་ཞེས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་གསོལ་པ་དང་། དེའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཏེ། སློབ་མ་རྣམས་ཀྱི་གྲངས་ངེས་པར་གསུངས་པ་ཅི་ལས་ཡིན་
Vol. 69 · folio 306b
ཞེས་དྲི་དགོས་པ་ལས། །དཀྱིལ་འཁོར་འདིའི་མིང་ཅི་ལགས་ཅིའི་སླད་དུ་དཀྱིལ་འཁོར་ཞེས་བགྱི་ཞེས་བྱ་བ་དྲིས་ཤེ་ན། དེའི་དགོངས་པ་ནི་འདི་ལྟ་སྟེ། དེ་སྐད་དྲིས་ན་དཀྱིལ་འཁོར་གྱི་ངེས་པའི་ཚིག་དང་དམིགས་སུ་བབ་བར་བྱ་བ་དང་། སློབ་མའི་གྲངས་ངེས་པ་གསུམ་ཆར་དྲིས་པར་འགྱུར་ཏེ།
དེ་ལ་དཀྱིལ་འཁོར་འདིའི་མིང་ཅི་ལགས་ཞེས་པ་ནི་དམིགས་སུ་བབ་ཅིང་བསྟན་པར་བྱ་བའི་དཀྱིལ་འཁོར་དྲིས་པའོ། །ཅིའི་སླད་དུ་དཀྱིལ་འཁོར་ཞེས་བགྱི་ཞེས་པ་ནི་ངེས་པའི་ཚིག་དྲིས་པའོ། །དཀྱིལ་འཁོར་འདི་ནི་སངས་རྒྱས་འབྱུང་བ་སྟེ། །ཞེས་པ་ནི་དཀྱིལ་འཁོར་འདི་སངས་རྒྱས་འབྱུང་བ་དང་འདྲ་
བའི་ཕྱིར་ཏེ། སངས་རྒྱས་བྱུང་ན་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་ཀྱང་འབྱུང་ལ། སེམས་ཅན་གྱི་དོན་མཛད་པ་ཡང་ཡོད་དོ། དེ་བཞིན་དུ་དཀྱིལ་འཁོར་འདི་ལས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་འབྱུང་ཞིང་སེམས་ཅན་གྱི་དོན་བྱ་བ་ཡང་ཡོད་དེ། འཕྲལ་དུ་བྱང་ཆུབ་ཀྱི་སེམས་
བསྐྱེད་པ་དང་རིམ་གྱིས་མཆོག་ལ་སོགས་པའི་གྲུབ་པ་དང་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པ་ཡོད་ཅིང་། མཐར་སངས་རྒྱས་སུ་འགྱུར་བར་བྱེད་པའི་ཕྱིར་རོ། །དཀྱིལ་ནི་སྙིང་པོ་ཞེས་བྱའོ། །འཁོར་ནི་རྫོགས་པ་སྟེ་ཞེས་པ་ནི་མར་གྱི་སྙིང་པོའམ། ཙནྡན་གྱི་སྙིང་པོ་དང་འདྲ་སྟེ་མཆོག་
གམ་དམ་པ་ལ་བྱའོ། །མར་དང་ཙནྡན་གྱི་སྙིང་པོ་དག་ལ་ནི་མི་ཆོག་པ་དང་མ་རྫོགས་པ་ཡང་སྲིད་ན་དེ་དག་དང་འདྲ་བ་ཡིན་ནམ་ཞེ་ན། །སྙིང་པོར་འདྲ་མོད་ཀྱང་དེ་ལས་ཁྱད་པར་དུ་ཁྱབ་པ་ཞེས་གསུངས་ཏེ། ཁྱབ་པ་ནི་ཆོག་པ་དང་། ཡོངས་སུ་རྫོགས་པའི་དོན་ཏོ། །དཀྱིལ་འཁོར་འདིའི་
སྙིང་པོ་ནི་ཇི་ལྟར་ཆོག་པ་དང་རྫོགས་པ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡོངས་སུ་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་
རྒྱས་པ་ནི་སྙིང་པོར་གྱུར་པ་ཆོག་པ་དང་དམ་པ་སྟེ། ཆོག་པ་ནི་དེ་ལས་གཞན་པ་བཙལ་མི་དགོས་པར་དེས་ཆོག་པས་མི་འགྱུར་བར་ཡོངས་སུ་གྲུབ་པའོ། །གང་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་མི་འགྱུར་བར་ཡོངས་སུ་གྲུབ་པ་དེ་ཉིད་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་ལ་སོགས་
Vol. 69 · folio 307a
པ་མི་ཟད་པའི་རྒྱན་གྱི་འཁོར་ལོར་གྱུར་པ་ནི་དཀྱིལ་འཁོར་འདིར་བྱིན་གྱིས་བརླབས་པས་ན་དཀྱིལ་འཁོར་འདིའི་སྙིང་པོས་ཆོག་པ་ཞེས་བྱའོ། །གསང་བ་པའི་བདག་པོ་འོན་ཀྱང་དཀྱིལ་འཁོར་རྒྱས་པ་འདི་ནི་སེམས་ཅན་གྱི་ཁམས་མ་ངེས་པ་ཡོངས་སུ་བསྐྱབ་པའི་ཕྱིར་སྙིང་རྗེ་ཆེན་
པོའི་སྙིང་པོ་འབྱུང་བ་ཞེས་བྱ་བ་ཞེས་པ་ལ། སེམས་ཅན་གྱི་ཁམས་མ་ངེས་པ་ཡོངས་སུ་བསྐྱབ་པའི་ཕྱིར་ཞེས་པ་ནི་སྙིང་རྗེ་ཆེན་པོའི་དབང་གིས་ཚད་མེད་པའི་སེམས་ཅན་གྱི་ཁམས་རྣམས་དཀྱིལ་འཁོར་འདིར་བཙུད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བས་ཡོངས་སུ་བསྐྱབ་པའི་ཕྱིར་ཞེས་གསུངས་
སོ། །སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་པ་ན་དཀྱིལ་འཁོར་འདི་སྙིང་རྗེ་ཆེན་པོ་ལས་འབྱུང་བ་སྟེ་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་སྙིང་རྗེ་ཆེན་པོའི་དབང་གིས་སྐུ་ལ་སོགས་པ་མི་ཟད་པའི་རྒྱན་གྱི་དཀྱིལ་འཁོར་འདི་འབྱུང་བས་ན་སྙིང་རྗེ་ཆེན་པོ་ལས་འབྱུང་བ་ཞེས་བྱའོ། །
སྙིང་པོ་ཞེས་པ་ནི་འབྱུང་ཁུངས་ཏེ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་འདི་འབྱུང་བའི་གནས་སོ། །ཡང་ན་དཀྱིལ་འཁོར་འདི་ལས་སྙིང་རྗེ་ཆེན་པོ་འབྱུང་བ་ལ་ཡང་བྱ་སྟེ། དཀྱིལ་འཁོར་འདིའི་སྒོ་ནས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆོས་སྙིང་རྗེ་ཆེན་པོ་ལ་སོགས་པ་འབྱུང་སྟེ་ཐམས་ཅད་མཁྱེན་
པའི་ཡེ་ཤེས་ཐོབ་པར་འགྱུར་བའི་ཕྱིར་རོ། །དཀྱིལ་འཁོར་རྒྱས་པ་ཞེས་པ་ནི་དཀྱིལ་འཁོར་འདིར་བཙུད་པའི་སེམས་ཅན་རྣམས་བསོད་ནམས་རྒྱས་པའི་ཕྱིར་རོ། །གཉིས་སུ་ན་དཀྱིལ་འཁོར་ཉིད་ཀྱི་སྣམ་བུ་ལ་སོགས་པའི་རིམ་པ་འཕེལ་བའམ། རྒྱས་པ་ལ་ཡང་བྱའོ། །འོན་ཀྱང་ཞེས་པ་ནི་སངས་
རྒྱས་འབྱུང་བས་དཀྱིལ་འཁོར་ཞེས་བྱ་མོད་ཀྱི། འདི་རྣམས་དང་ལྡན་པའི་ཕྱིར་མིང་ཡང་འདི་སྐད་ཅེས་བྱའོ། །དེར་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པ་བྱིན་གྱིས་བརླབས་སོ་ཞེས་པ་ནི་དཀྱིལ་འཁོར་འདི་
ནི་གཞན་མ་ཡིན་གྱི། གང་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དེ་ཉིད་སྔགས་ཀྱི་ལྷ་དང་ཕྱག་རྒྱ་དང་སྔགས་ཀྱི་ཡི་གེ་རྣམས་སུ་ལྷག་པར་བཀོད་དེ་བྱིན་གྱིས་བརླབས་སོ་ཞེས་བསྟན་པའོ། །གསང་བ་པའི་བདག་
Vol. 69 · folio 307b
པོ། དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ་ཞེས་སྦྱར་ཏེ། དེ་བཞིན་གཤེགས་པ་རྣམས་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་ཐམས་ཅད་མཁྱེན་པ་བརྙེས་ནས་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་ལ་སོགས་པ་མི་ཟད་པའི་རྒྱན་སེམས་
ཅན་གྱི་ཁམས་མ་ལུས་པའི་ཕྱིར་བྱིན་གྱིས་རློབ་སྟེ་སེམས་ཅན་གྱི་ཁམས་གཅིག་གམ། གཉིས་ཀྱི་ཕྱིར་མ་ཡིན་ཏེ་རྣམ་གྲངས་དེས་ན་དེ་བཞིན་གཤེགས་པ་གང་དུ་འཚང་རྒྱ་བ་ནི་སེམས་ཅན་གཅིག་གམ་གཉིས་ཀྱི་ཕྱིར་མ་ཡིན་ཏེ། མཐའ་ཡས་པའི་སེམས་ཅན་གྱི་དོན་གྱི་ཕྱིར་མངོན་པར་འཚང་རྒྱ་བར་རིག་
པར་བྱ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གཅིག་གི་ཕྱིར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། གཉིས་ཀྱི་ཕྱིར་མ་ཡིན། གསུམ་གྱི་ཕྱིར་མ་ཡིན་གྱི་འོན་ཀྱང་ཐུགས་རྗེ་ཆེན་པོའི་དབང་དུ་གྱུར་པ་དག་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་བསྐྱབ་པའི་
ཕྱིར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་གསུངས་པ་ཡིན་ནོ། །བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་འཆད་ཅེས་པ་ནི་དེ་ལྟར་དེ་བཞིན་གཤེགས་པ་མ་ལུས་པའི་སེམས་ཅན་རྣམས་ཀྱི་དོན་དུ་མངོན་པར་སངས་རྒྱས་མོད་ཀྱི། མ་ལུས་པའི་སེམས་ཅན་ཐམས་ཅད་
དེ་བཞིན་གཤེགས་པས་ཆོས་བཤད་པའི་སྣོད་དུ་མི་འགྱུར་ཏེ། སོ་སོའི་དད་པ་དང་རྗེས་སུ་མཐུན་པར་དེ་བཞིན་གཤེགས་པས་ཆོས་འཆད་པ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་འཆད་པའོ་ཞེས་སོ། །གསང་བ་པའི་བདག་པོ་ཐེག་པ་ཆེན་པོ་ལ་སྔོན་གོམས་པར་མ་བྱས་པ་རྣམས་ནི་གསང་སྔགས་སྤྱད་
པའི་ཚུལ་མཐོང་ངམ་ཐོས་ན་སེམས་ལ་དགའ་བ་འམ་དད་པ་ཅུང་ཟད་ཀྱང་ཡང་དག་པར་མི་སྐྱེའི། གསང་བ་པའི་བདག་པོ་གང་དག་གིས་སྔོན་ཐེག་པ་ཆེན་པོའི་གསང་སྔགས་སྤྱོད་པའི་ཚུལ་སྒོ་མཐའ་ཡས་པ་སྒྲུབ་པ་ལ་གོམས་པར་བྱས་པ་ཞེས་པ་ལ་བྱང་ཆུབ་སེམས་དཔའ་ལའང་རྣམ་པ་གཉིས་ཏེ།
ཕ་རོལ་ཏུ་ཕྱིན་པའི་སྤྱད་པ་སྤྱོད་པ་དང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་སྔགས་ཀྱི་སྤྱད་པ་སྤྱོད། སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ལ་ཡང་ཁྱད་པར་ནི་གཅིག་ནི་
Vol. 69 · folio 308a
སྔགས་གཙོ་བོར་སྒྲུབ་ཅིང་ཕ་རོལ་ཏུ་ཕྱིན་པ་ཞར་ལ་སྤྱོད་ལ། གཅིག་ནི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་བསྒྲུབ་ཅིང་སྔགས་ཞར་ལ་སྤྱོད་དེ། དེ་ལྟར་སྤྱོད་པ་གཉིས་ཀ་ཡང་ཆེན་པོའི་མཚན་ཉིད་དུ་གཅིག་སྟེ། སེམས་ཅན་གང་དེ་ལྟ་བུའི་ཐེག་པ་ཆེན་པོ་ལ་ཚེ་རབས་སྔ་མ་རྣམས་སུ་
ཐོས་པ་དང་བསམ་པ་དང་བསྒོམ་པའི་སྒོ་ནས་མ་ཞུགས་ཤིང་ནན་ཏན་དུ་མ་བྱས་པས་ནི་གསང་སྔགས་སྤྱད་པའི་ཚུལ་གྱིས་ཆོས་རྣམས་ཐོས་སམ། དཀྱིལ་འཁོར་ལ་སོགས་པ་མཐོང་ན་ཡང་དད་པ་དང་དགའ་བ་མི་སྐྱེ་བའོ། །སྔགས་ཀྱི་སྤྱོད་པ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དག་སྔོན་གོམས་
པར་བྱས་པ་ནི་གཉིས་ཀ་ལ་ཡང་དད་པ་སྐྱེ་སྟེ་སྔགས་སྤྱོད་པ་ལ་གོམས་པར་བྱས་པས་ཀྱང་ཕ་རོལ་ཕྱིན་པ་མཐོང་ངམ་ཐོས་ན་དགའ་ཞིང་དད་པ་སྐྱེ་ལ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་གོམས་པས་ཀྱང་སྔགས་ཀྱི་སྤྱོད་པ་མཐོང་ངམ་ཐོས་ན་དགའ་ཞིང་དད་པ་སྐྱེའོ། །དེ་བས་ན་གང་དག་གིས་ཐེག་པ་ཆེན་
པོའི་གསང་སྔགས་སྤྱོད་པའི་ཚུལ་སྒོ་མཐའ་ཡས་པ་སྒྲུབ་པ་ལ་གོམས་པར་བྱས་པ་ཞེས་གསུངས་པ་ཡིན་ཏེ། དེ་བས་ན། ཐེག་པ་ཆེན་པོ་གསང་སྔགས་སྤྱོད་པའི་ཚུལ་འདི་ལྟ་བུ་ལ་གོམས་པར་བྱས་པ་ནི་གསང་སྔགས་སྤྱད་པའི་ཚུལ་འདི་ལ་དད་ཅིང་སྣོད་དུ་འགྱུར་གྱི་གཞན་རྣམས་
ནི་མ་ཡིན་ན་ཞེས་པའོ། །སྒོ་མཐའ་ཡས་པ་སྒྲུབ་པ་ཞེས་པ་ནི་ཐེག་པ་ཆེན་པོ་དེ་ཉིད་ཀྱི་ཡོན་ཏན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་སྒྲུབ་པ་དང་། རིག་པའི་རྒྱལ་པོ་དང་། ཁྲོ་བོ་དང་། ཕོ་ཉ་ལ་སོགས་པའི་སྒོ་རྣམ་པ་མང་པོ་
སྒྲུབ་པའི་ཕྱིར་རོ། །དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ་ཞེས་པ་ནི་དེ་ལྟ་བུའི་ཐེག་པ་ཆེན་པོ་ལ་གོམས་པར་བྱས་པའི་སེམས་ཅན་དེ་དག་གི་སེམས་ཤིན་ཏུ་བརྟན་ཏེ། མུ་སྟེགས་དང་བདུད་ལ་སོགས་པས་མི་བཟློག་པས་དེ་དག་གི་སེམས་རྡོ་རྗེ་དང་འདྲ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་པའོ། །
དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ཚད་འདི་བྱས་སོ་ཞེས་པ་ནི་དེ་ལྟ་བུའི་སེམས་ཅན་ཤིན་ཏུ་དཀོན་པས་ན་གྲངས་ཀྱི་ཚད་མཛད་པ་ཡིན་ནོ། །འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་
Vol. 69 · folio 308b
ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་གཟུང་བར་བྱའོ་ཞེས་པ་ནི་གོང་དུ་གྲངས་སུ་བཅས་པ་ནི་སྒྲུབ་པའམ་སློབ་དཔོན་དུ་སྨིན་པར་བྱ་བའི་སློབ་མ་སྟེ། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་བསྐྱེད་དེ་དཀྱིལ་འཁོར་དེར་
བཙུད་ན་སློབ་དཔོན་ནམ་སྒྲུབ་པ་པོར་མི་འགྱུར་ཡང་དཀྱིལ་འཁོར་དུ་བཙུད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ན་བྱང་ཆུབ་ཀྱི་རྒྱུ་ས་བོན་དུ་འགྱུར་བའི་ཕྱིར་ཚད་དང་གྲངས་ཚད་མེད་པར་གཟུང་ངོ་། །དེ་ནས་དེ་དག་བོས་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་གཏང་བར་ཡང་བྱའོ། །སྡིག་པ་མི་བྱ་
བ་རྣམས་ཀྱང་བསྒོ་བར་བྱའོ་ཞེས་པ་ནས། བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །ཞེས་པའི་བར་དུ་དཀྱིལ་འཁོར་བྲི་བའི་སྔ་དེ་ནུབ་སློབ་མ་རྣམས་ཡོངས་སུ་གཟུང་བའི་རིམ་པ་བཤད་པ་སྟེ་དེ་ཡང་རྣམ་པ་དགུའོ། །དགུ་
གང་ཞེ་ན། སྡིག་པ་བཤགས་པ་དང་། སྐྱབས་སུ་གཏོང་བ་དང་། དུས་གསུམ་གྱི་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་དུ་གཞུག་པ་དང་། དྲི་དང་མེ་ཏོག་སྦྱིན་པ་དང་། སོ་ཤིང་འཆར་གཞུག་པ་དང་། སྐུད་པས་དཔུང་པ་བཅིངས་ཏེ་སྲུང་བ་དང་། སྤྲོ་བ་སྐྱེད་པ་དང་། རྨི་ལམ་བལྟར་
གཞུག་པ་དང་ཆོས་བཤད་པ་རྣམས་སོ། །དེ་རྣམས་ཀྱང་རྒྱུད་ལས་ནི་ཁ་ཅིག་ལྟག་འོག་ཏུ་འབྱུང་མོད་ཀྱི་ལས་སུ་བྱ་བའི་རིམ་པ་ལྟ་བུར་བལྟའོ། །དེ་ལས་གསུམ་ལ་སྐྱབས་སུ་འགྲོ་བ་སྦྱིན་པ་སྟོན་ཏེ། གསུམ་ནི་སངས་རྒྱས་དང་ཆོས་དང་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
རྣམས་སོ། །བརྒྱ་ལ་སྔོན་སོ་སོར་ཐར་པ་ལ་སོགས་པའི་སྡོམ་པའི་སྐབས་སུ་སོང་ཟིན་པ་ཡང་སླར་ཡང་འདིར་སྐྱབས་སུ་གཏང་བར་བྱའོ། །སྔོན་སོང་བ་ན་དགེ་འདུན་འཕགས་པའི་གང་ཟག་བརྒྱད་ལ་སྐྱབས་སུ་སོང་གི་འདིར་སངས་རྒྱས་དང་ཆོས་ལ་སྐྱབས་སུ་སོང་བ་སྔ་མ་དང་མཐུན་དུ་ཟིན་ཀྱང་
དགེ་འདུན་ལ་མི་མཐུན་ཏེ། འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱེ་བྲག་ཏུ་སྐྱབས་སུ་སོང་བའི་ཕྱིར་དང་། དེ་ལས་གཞན་པ་སྐྱབས་སུ་མ་སོང་བ་རྣམས་ནི་གདོང་སྐྱབས་སུ་གཏང་བར་བྱ་བའི་ཕྱིར་རོ། །དེ་སྟེ་འདིར་སྔོན་སྐྱབས་སུ་སོང་ཟིན་པ་ཡང་བརྟན་པར་བྱ་བའི་ཕྱིར་
Vol. 69 · folio 309a
སླར་ཡང་འདིར་སྐྱབས་སུ་གཏང་བར་བྱའོ། །སྡིག་པ་མི་བྱ་བ་རྣམས་ཀྱང་བསྒོ་བར་བྱའོ་ཞེས་པ་ནི་སྔོན་ཆད་བྱས་པའི་སྡིག་པ་སྔར་བཤགས་པ་དང་ད་ལྟར་མི་བྱེད་ཅིང་ཕྱིས་མི་བྱ་བར་ཁས་བླང་བའི་ཕྱིར་རོ། །དེ་ལ་ད་ལྟར་མི་བྱེད་ཅིང་ཕྱིས་མི་བྱ་བར་ཁས་བླང་བ་ནི་རིགས་ན་སྔོན་བྱས་
ཟིན་པ་སླར་བཤགས་པ་ལ་དོན་ཅི་ཡོད་ཅེ་ན། སྡིག་པ་སྔོན་བྱས་པ་ལ་ཡོན་ཏན་དུ་མི་བལྟ་ཞིང་། འཆགས་ན་འཆི་འཕོ་བའི་ཚེ་སྡིག་པ་བྱས་པའི་དངོས་པོ་དེ་མངོན་དུ་མི་འགྱུར་བར་བྱ་བའི་ཕྱིར་རོ། །དེ་ལ་སྡིག་པ་བཤགས་པ་ཡང་གསུམ་ལ་སྐྱབས་སུ་འགྲོ་བའི་སྔོན་རོལ་དུ་བྱ་སྟེ་དེ་ཅིའི་ཕྱིར་ཞེ་ན། སྡིག་
པ་བཤགས་ཤིང་གཙང་མར་བྱས་པའི་ལུས་ཅན་དེ་སྐྱབས་སུ་གཏང་བའི་འོས་ཡིན་པའི་ཕྱིར་རོ། །དེ་ནས་དེ་དག་ལ་སྤོས་དང་མེ་ཏོག་ལ་སོགས་པ་སྦྱིན་ནོ་ཞེས་པ་ནི། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་གཟུང་ཟིན་པའི་འོག་ཏུ་བྱ་སྟེ་དེ་ཅིའི་ཕྱིར་ཞེ་ན། དེ་ལ་སྡིག་པ་བཤགས་ཤིང་
སྐྱབས་སུ་སོང་ལ་སྡོམ་པ་བཟུང་བས་སློབ་མ་དེ་སྣོད་དུ་གྱུར་ཅིང་སྦྱིན་པའི་གནས་ཡིན་པས་དྲི་དང་མེ་ཏོག་སྦྱིན་ནོ། །དེ་དག་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཡང་འཛིན་དུ་གཞུག་གོ་ཞེས་པ་ལ་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཐམས་
ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་མཚན་ཉིད་ཡིན་པས་འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་ཐམས་ཅད་དུ་ཡང་དག་པ་ཉིད་ཀྱི་དངོས་པོ་སྒྲིབ་པ་མེད་ཅིང་ཐོགས་པ་མེད་པར་མཐོང་བས་ན་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་སོ། །ཡེ་ཤེས་དེ་ཐོབ་
པར་བྱ་བའི་ཕྱིར། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བའི་སྡོམ་པ་ནི། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཞེས་བྱ་ལ་སྡོམ་པ་དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བྱེ་བྲག་གིས་ཞིབ་ཏུ་འོག་ནས་འཆད་དོ། །འཛིན་དུ་བཅུག་ནས་སྔགས་པ་ཡིས། །དེ་ནས་
སོ་ཤིང་དག་ཀྱང་སྦྱིན། །རྩེ་གཅིག་མཉམ་པར་གཞག་པ་དག །ཤར་རམ་བྱང་དུ་ཁ་བསྟན་ཏེ། །ཨུ་དུམྦ་ར་ཨ་ཤྭཏྠ། །ཤིན་ཏུ་བཟང་པོ་བསྲུང་བྱས་ཤིང་། །མེ་ཏོག་དྲི་ལ་སོགས་བསྐུས་པའི། །སོ་ཤིང་དག་ནི་འཆར་གཞུག་གོ །སེམས་ཅན་སྣོད་རུང་སྣོད་མི་རུང་། །བོར་བ་ཉིད་
Vol. 69 · folio 309b
ལས་བརྟག་པར་བྱ། །ཞེས་པ་ནི་གཙང་ཞིང་དག་པར་བྱ་བའི་ཕྱིར་དང་། འཇིག་རྟེན་པའི་ཚུལ་དུ་ཡང་སང་ལྟ་བུ་ནས་སྨྱུང་བར་འདུག་པར་བྱ་ན་དོ་ནུབ་སོ་ཤིང་བཅའ་བར་སྲིད་དེ། དེ་དག་དང་མཐུན་པར་བྱ་ཞིང་གཟུད་པའི་ཕྱིར་དང་། སོ་ཤིང་དེ་བོར་ནས་ཁ་གང་དུ་བལྟས་པ་ལས་སློབ་མ་རྣམས་གྲུབ་
པ་ལ་སོགས་པ་གང་གི་སྣོད་དུ་གྱུར་པའི་ལྟས་བལྟ་བའི་ཕྱིར་རོ། །རྩེ་གཅིག་མཉམ་པར་གཞག་པ་དག །ཤར་རམ་བྱང་དུ་ཁ་བསྟན་ཏེ། །ཞེས་བྱ་བ་དག་སོ་ཤིང་དག་ནི་འཆར་བཞུག་གོ། །སེམས་ཅན་སྣོད་རུང་སྣོད་མི་རུང་། །བོར་བ་ཉིད་ལས་བརྟག་པར་བྱ། །ཞེས་པ་ནི་ཁ་ཕྱོགས་སུ་
བལྟས་པ་ལས་སོ་ཤིང་གི་ཁ་བདག་ལ་བལྟས་པར་གྱུར་ན་གྲུབ་པ་མཆོག་མྱུར་དུ་འཐོབ་པའི་སྣོད་དུ་ཡང་འགྱུར་ཞིང་། སོ་ཤིང་གི་ཁ་ནུབ་ཕྱོགས་སུ་བལྟས་པའི་ཞར་གྱིས་དབང་དུ་བྱ་བའི་ལས་ཀྱང་འགྲུབ་པར་འགྱུར་རོ། །སོ་ཤིང་གི་རྩེ་མོ་ཤར་ཕྱོགས་སུ་བལྟས་ན་གྲུབ་པ་མཆོག་དང་རྒྱས་
པའི་ལས་ཀྱི་སྣོད་དུ་འགྱུར་རོ། །སོ་ཤིང་གི་ཁ་ལྷོ་ཕྱོགས་སུ་བལྟས་ན་མངོན་པར་སྤྱོད་པའི་ལས་གྲུབ་པའི་སྣོད་དུ་འགྱུར་རོ། །བདག་ཉིད་ཁ་བྱང་ཕྱོགས་སུ་བལྟས་ལ་སོ་ཤིང་གི་ཁ་བདག་ལ་བལྟས་ན་གྲུབ་པ་འབྲིང་པོ་མྱུར་དུ་འཐོབ་པའི་སྣོད་དུ་འགྱུར་རོ། །སོ་ཤིང་གི་ཁ་བྱང་ཕྱོགས་
སུ་བལྟས་ན་ཞི་བའི་ལས་འགྲུབ་པར་འགྱུར་ལ། བྱང་ཤར་གྱི་མཚམས་སུ་བལྟས་ན་ཞི་དང་རྒྱས་པ་གཉིས་ཀ་འགྲུབ་པར་འགྱུར་ཞིང་ཤར་ལྷོའི་མཚམས་སུ་བལྟས་ན་མངོན་པར་སྤྱོད་པ་འགྲུབ་ལ། ལྷོ་ནུབ་ཀྱི་མཚམས་སུ་བལྟས་ན་བསྐྲད་པ་དང་སྐམ་པ་ལ་སོགས་པའི་ལས་
འགྲུབ་ཅིང་ནུབ་བྱང་གི་མཚམས་སུ་བལྟས་ན་གནོད་སྦྱིན་མོ་ལ་སོགས་པ་འགྲུབ་པོ། །སོ་ཤིང་འོག་གཞི་ལ་ཟུགས་ཏེ་རྩེ་མོ་བར་སྣང་ལ་བལྟས་ན་བར་སྣང་ལ་འགྲོ་བ་འགྲུབ་པར་འགྱུར་ལ། གྱེན་དུ་བལྟས་ན་རིག་པ་འཛིན་པ་ལ་སོགས་པ་འགྲུབ་ཅིང་ཁ་ཐུར་དུ་བལྟས་ནས་འོག་ཏུ་འགྲོ་
བ་གྲུབ་པའི་སྣོད་དུ་འགྱུར་ཏེ་ཞིབ་ཏུ་ནི་གསང་བ་སྤྱིའི་རྒྱུད་ལ་སོགས་པར་བལྟའོ། །སོ་ཤིང་གི་ལྟས་བལྟ་བ་ཡང་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ལ་བལྟ་བར་བྱ་བ་ཡིན་གྱི། སློབ་མ་ཕལ་པ་རྣམས་ལ་ནི་སོ་ཤིང་གི་ལྟས་དེ་དག་དང་ལྡན་དུ་ཟིན་ཀྱང་གྲུབ་པ་ལ་
Vol. 69 · folio 310a
སོགས་པ་ལ་དེ་ལྟ་བུའི་ནན་ཏན་མི་བྱེད་པས་ལྟས་དེ་རྣམས་ཅི་ནས་ཀྱང་བརྟག་དགོས་པ་མ་ཡིན་ནོ། །དེ་ནས་ལག་པ་གཡོན་པ་ལ། །སྐུད་པ་མདུད་པ་གསུམ་ལྡན་པ། །བདག་ཉིད་མཉམ་པར་གཞག་པ་ཡིས། །ལེགས་པ་རུ་ནི་བཅིང་བར་བྱ། །ཞེས་པ་ནི་འཕགས་
པ་མི་གཡོ་བ་འམ། ཁམས་གསུམ་རྣམ་པར་རྒྱལ་བ་གང་ཡང་རུང་བའི་སྔགས་ཀྱིས་མདུད་པ་རེ་རེ་ཞིང་ལན་རེ་གདབ་སྟེ། སློབ་མ་དེ་རྣམས་བསྲུང་བའི་ཕྱིར་དཔུང་པ་གཡོན་པ་ལ་སློབ་དཔོན་ཉིད་ཀྱིས་བཅིང་ངོ་། །དེ་ལྟར་ཡོངས་སུ་གཟུང་ལྡན་པའི། །སློབ་མ་ཉེས་པ་མེད་རྣམས་ལ། །བསམ་པ་
བརྟན་པར་བྱ་བའི་ཕྱིར། །འདི་ལྟར་སྤྲོ་བ་བསྐྱེད་པར་བྱ། །ཞེས་པ་ནི་འོག་ནས་འབྱུང་བའི་ཚིགས་སུ་བཅད་པས་གཟེངས་བསྟོད་ན་སློབ་མ་རྣམས་དགའ་ཞིང་སྤྲོ་བས་སེམས་བརྟན་པར་འགྱུར་རོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་
སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་པ་སྟེ། དེ་ལྟར་ཁྱེད་ཀྱིས་སྡིག་པ་བཤགས་ཤིང་སྐྱབས་སུ་འགྲོ་བ་དང་སྡོམ་པ་
བཟུང་བས་མཉམ་པ་མེད་པའི་རྙེད་པ་བླ་ན་མེད་པའི་བྱང་ཆུབ་དེ་ཡང་རྙེད་དོ་ཞེས་པ་སྟེ་དེ་ཅིའི་ཕྱིར་ཞེ་ན། རྒྱལ་བ་སྲས་དང་བཅས་པས་བསྟན་པ་འདི་ལ་ཁྱེད་རྣམས་ཡོངས་སུ་བཟུང་བའི་ཕྱིར་རོ། །དེ་བས་ན་ཁྱེད་རྣམས་དེ་རིང་ནི་ཐེག་པ་ཆེན་པོ་ལ་སྐྱེ་བཞིན་པ་ཡིན་ལ་སང་ནི་ཐེག་པ་ཆེན་པོ་ལ་སྐྱེ་
བར་འགྱུར་རོ་ཞེས་པའོ། །དེ་ལ་རྙེད་པ་མཉམ་མེད་ཅེས་པ་ནི་སྔགས་ཀྱི་ཚུལ་ལ་སྤྱོད་པ་དག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ཡང་མི་མཉམ་པ་ཡིན་ནམ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྤྱོད་པར་འདྲ་ཡང་འདིར་སྔགས་ཀྱི་
བཟླས་པ་ལ་སོགས་པ་ལ་ཁྱད་པར་དུ་ལྷག་པར་སྤྱོད་པས་རྙེད་པ་མཉམ་པར་མེད་པ་སྟེ་རྙེད་ཅེས་པ་དེ་ལྟ་བུ་ཐོབ་ཅེས་པའོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །ཞེས་པ་ནི་སློབ་མ་རྣམས་ལ་བསྟོད་པའི་ཚིག་སྟེ། དེ་ལྟ་བུའི་མཐུ་ཆེན་པོ་ཞུགས་པས་བཙུན་པ་ཞེས་པའི་དོན་ཏོ། །རྒྱལ་
Vol. 69 · folio 310b
བ་སྲས་བཅས་པ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྲས་དང་བཅས་པ་སྟེ། གང་ཕྱིར་རྒྱལ་བ་ཀུན་གྱིས་ཁྱེད་རྣམས་ཞེས་སྦྲེལ་ལོ། །བསྟན་པ་འདི་ལ་ཀུན་ཡོངས་སུ་གཟུང་ཞེས་ཀྱང་སྦྱར་ཏེ། རྒྱལ་བ་སྲས་དང་བཅས་པས་སྔགས་སྤྱད་པའི་བསྟན་པ་འདིར་
ཡོངས་སུ་བཟུང་བས་ན་ཁྱེད་རྣམས་ཀྱིས་མཉམ་པ་མེད་པའི་རྙེད་པ་ཐོབ་པོ་ཞེས་པར་འབྲེལ་ལོ། །སྐྱེ་བཞིན་པ་ནི་ཐེག་པ་ཆེན་པོ་སྐྱེ་བཞིན་པ་སྟེ། དེ་བས་ན། དེ་ཕྱིར་དེ་རྣམས་ཐེག་ཆེན་ལ། །སངས་ནི་རབ་ཏུ་སྐྱེ་བར་འགྱུར། །ཞེས་པ་སྟེ་སང་ལྟ་བུ་དཀྱིལ་འཁོར་དུ་འཇུག་པའི་ཚེ་ཐེག་པ་ཆེན་པོའི་
བྱང་ཆུབ་ཏུ་སེམས་བསྐྱེད་པ་སྐྱེས་ཟིན་ཞེས་པའི་དོན་ཏོ། །གལ་ཏེ་རྨི་ལམ་དག་ཏུ། གཙུག་ལག་ཁང་དང་ཀུན་དགའ་བཟང་། །ཞེས་པ་ནས། བརྟུལ་ཞུགས་བཟང་པོ་ཁྱེད་རྣམས་ཀྱིས། །ནང་པར་ཐམས་ཅད་ང་ལ་ཟློས། །སློབ་མ་དེ་དག་རྣམས་ལ་ནི། །དེ་སྐད་བསྒོ་ནས་ཆོས་ཀྱང་བཤད། །
ཅེས་པའི་བར་དག་གིས་ནི་དེ་ལྟར་སྤྲོ་བ་བསྐྱེད་པ་ལ་སོགས་པ་བྱས་ནས་སློབ་མ་རྣམས་ལ་རྨི་ལམ་གྱི་ལྟས་འདི་རྣམས་བསྟན་ཏེ་འདི་རྣམས་ལས་གང་མཐོང་བ་དེ་སློབ་དཔོན་ལ་ཟློས་སུ་གཞུག་པ་སྟེ། རྨི་ལམ་གྱི་ལྟས་དེ་རྣམས་ཀྱང་ས་ལས་བྱུང་བ་དང་བར་སྣང་གི་དང་འཕགས་པའི་དང་རྣམ་པ་གསུམ་
སྟེ་རབ་དང་འབྲིང་དང་ཐ་མར་བལྟའོ། །གསུམ་པོ་དེ་རེ་རེ་ལ་ཡང་། རབ་དང་འབྲིང་དང་ཐ་མ་སྟེ་གསུམ་དུ་དབྱེ་བར་བྱའོ། །དེ་ལ་གཙུག་ལག་ཁང་ཞེས་པ་ནས་བྲམ་ཟེ་དང་ཞེས་པའི་བར་ནི་ས་ལས་བྱུང་བའོ། །སངས་རྒྱས་དང་ནི་རང་སངས་རྒྱས། །དེ་བཞིན་རྒྱལ་བའི་ཉན་ཐོས་དང་། བྱང་
ཆུབ་སེམས་དཔའ་བདག་ཉིད་ཆེ། །ཞེས་པ་ནི་འཕགས་པའིའོ། །གལ་ཏེ་འབྲས་བུ་ཐོབ་པ་དང་། །ཞེས་པ་ནས། བཀྲ་ཤིས་ཡིད་དུ་འོང་བའི་ཚིག །འདོད་པའི་འབྲས་བུ་འབྱུང་བར་གྲགས། །ཞེས་པའི་བར་ནི་བར་སྣང་ལས་བྱུང་བའི་ལྟས་སོ། །དེ་ལ་གཙུག་ལག་ཁང་ནས་ཡང་ཐོག་
ཅེས་པའི་བར་དུ་ཐ་མའོ། །རལ་གྲི་དང་ཡིད་བཞིན་ནོར་བུ་ནི་ས་ལས་བྱུང་བའི་རབ་པོ། །གདུགས་དང་མེ་ཏོག་སྣ་ཚོགས་དང་། །བུད་མེད་བཟང་མོ་གོས་དཀར་ཅན། །སྡུག་པའི་གཉེན་དང་བཤེས་དག་དང་། །གླེགས་བམ་དེ་བཞིན་བྲམ་ཟེ་དང་། །ཞེས་པ་ནི་ས་ལས་བྱུང་བའི་ལྟས་འབྲིང་ངོ་། །
Vol. 69 · folio 311a
སངས་རྒྱས་ནི་འཕགས་པའི་ལྟས་རབ་པོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ་དང་། རང་སངས་རྒྱས་ནི་འཕགས་པའི་འབྲིང་ངོ་། །ཉན་ཐོས་ནི་འཕགས་པའི་ཐ་མའོ། །འབྲས་བུ་ཐོབ་པ་ནི་བར་སྣང་གི་ཐ་མའོ། །མཚོ་དང་རྒྱ་མཚོ་ལ་བརྐྱལ་ཞིང་བརྒལ་བ་ནི་བར་སྣང་གི་
འབྲིང་ངོ་། །དེ་བཞིན་དུ་བཀྲ་ཤིས་ཡིད་དུ་འོང་བའི་ཚིག་འདོད་པའི་འབྲས་བུ་འབྱུང་བ་གང་ལས་ཐོས་ན་བར་སྣང་གི་རྨི་ལམ་གྱི་ལྟས་རབ་ཏུ་ཤེས་པར་བྱ་སྟེ། རྨི་ལམ་དེ་རྣམས་བལྟ་བ་ཡང་ཁྱད་པར་གྱི་སློབ་མ་རྣམས་གང་དུ་དཀྱིལ་འཁོར་བྲི་བའི་ས་དེའི་ཉེ་འཁོར་དུ་ཉལ་བར་རིགས་སོ། །ཐེག་པ་ཆེན་པོ་
ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཞེས་པ་ནས། ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །ཞེས་པའི་བར་གྱིས་ནི་སློབ་མ་དེ་རྣམས་སྤྲོ་བ་བྱ་བའི་ཕྱིར་ཐེག་པ་ཆེན་པོ་ལ་སྐྱེ་བར་འགྱུར་རོ་ཞེས་བཤད་པའི་ཐེག་པ་ཆེན་པོ་ཉིད་རྒྱུ་དང་འབྲས་
བུའི་ཡོན་ཏན་གྱི་ཡང་འདིར་བཤད་དེ། དེ་ལྟ་བུའི་ཐེག་པ་ཁྱེད་ཀྱིས་ཐོབ་པ་ཡིན་ནོ་ཞེས་པ་བསྟན་ཏོ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲོ་བའི་ལམ་སྟེ་དེ་ཡང་སྔགས་ཀྱི་ཚུལ་ལ་སྤྱོད་པའི་ལམ་མོ། །ལམ་མཆོག་ཅེས་པ་ནི་ཉན་ཐོས་དང་
རང་སངས་རྒྱས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལས་འཕགས་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ལམ་ལས་ཅིའི་ཕྱིར་འཕགས་ཤེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྤྱོད་པར་འདྲ་ཡང་ལྷ་རྣམས་
མཉས་པར་བྱ་བའི་ཕྱིར་ཡན་ལག་བཞི་ལ་སོགས་པའི་སྔགས་བཟླས་པ་དང་མཆོད་པ་དང་སྦྱིན་སྲེག་ལ་སོགས་པའི་སྒོ་ནས་སྦྱིན་པ་ལ་སོགས་པ་ལ་ཕ་རོལ་ཏུ་ཕྱིན་པ་རྒྱུན་མི་འཆད་པར་སྤྱོད་པས་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་མཆོག་གོ། །དཔལ་དང་ལྡན་ཞེས་པ་ནི་མངོན་པར་མཐོ་
བའི་མཚན་ཉིད་ལྷ་དང་མིའི་ལོངས་སྤྱོད་ཀྱི་བདེ་བ་དང་རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་པ་དང་། ངེས་པར་ལེགས་པའི་མཚན་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་རིམ་གྱིས་ཐོབ་པར་འགྱུར་བས་ན་དཔལ་དང་ལྡན་པའོ། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ཞེས་པ་ནི་
Vol. 69 · folio 311b
སྔགས་སྤྱོད་པའི་ཚུལ་གྱི་ཐེག་པ་ཆེན་པོ་ནི་བླ་ན་མེད་པའི་བྱང་ཆུབ་འབྱུང་བའི་རྒྱུའི་གཙོ་བོ་ཡིན་པས་ན་ཆེར་འབྱུང་བ་ཞེས་བྱའོ། །གང་གི་ཕྱིར། ཁྱེད་རྣམས་དེར་ནི་དོང་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར་བར་འོས་སོ་ཞེས་པ་སྟེ། དེ་ལྟར་ཐེག་པ་ཆེན་པོ་ལ་ཞུགས་ན་དེ་ཡི་འབྲས་བུ་
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ཐོབ་པར་འགྱུར་རོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་འཛིན་པ་སྤྲོས་པ་མེད་པར་གནས་པས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ངག་དང་ཡིད་ཡོངས་སུ་མ་
བཏང་བར་བསླབ་པ་འཛིན་པར་མི་བྱེད་དོ་ཞེས་པའི་བར་གྱིས་ནི་སྔར་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་གསུངས་པ་དེ་ཉིད་ཞིབ་ཏུ་བཤད་པ་སྟེ། བཅོམ་ལྡན་འདས་དུས་གསུམ་དུ་སྒྲིབ་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྡོམ་པ་གང་ལ་བྱང་ཆུབ་སེམས་དཔའ་རྣམས་གནས་ན་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་འགྱུར་བར་བཤད་དུ་གསོལ་ཞེས་པ་ནི། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་དེ་ལ་གནས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་ཏེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པར་ཐོབ་པར་འགྱུར་བ་དེ་ལྟ་བུ་
བཤད་དུ་གསོལ་ཞེས་པའོ། །དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ནི་བཤད་ཟིན་ཏོ། །ལུས་དང་ངག་དང་ཡིད་གཅིག་ཏུ་འཇུག་ཅིང་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་དུས་གཅིག་ཏུ་སྟོང་པ་ཉིད་ལ་འཇུག་པ་སྟེ། དེ་ལྟར་ལུས་དང་ངག་དང་ཡིད་གསུམ་སྟོང་པ་ཉིད་ཀྱི་རང་
བཞིན་དུ་གྱུར་ཅིང་དམིགས་སུ་མེད་པས་ཆགས་པར་བྱ་དང་ཆགས་པ་ཉིད་དང་ཆགས་པར་བྱེད་པ་ལ་སོགས་པ་ཡང་དམིགས་སུ་མེད་དེ། དེ་ལྟར་དམིགས་སུ་མེད་པ་ན་ལུས་དང་ངག་དང་ཡིད་རྣམས་སྡིག་པ་ལ་སོགས་པ་མི་བྱེད་པ་དེ་ནི་སྡོམ་པའོ། །ཆོས་ཐམས་ཅད་ལ་རྩོམ་པ་མེད་ཅེས་
པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་སྐྱེ་བར་བྱེད་པའི་རྒྱུ་ལུས་དང་ངག་དང་ཡིད་གསུམ་གྱིས་མི་བྱེད་པ་སྟེ། དེ་ལྟར་དེ་དག་སྐྱེད་པའི་རྒྱུ་མ་བྱས་པས་ན་སྡོམ་པ་ཡིན་ཏེ། དེ་དག་གིས་ནི་དོན་དམ་པའི་སྡོམ་པ་བསྟན་པའོ། །དེ་ཡང་གང་ཞེ་ན། སངས་རྒྱས་
Vol. 69 · folio 312a
དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གིས་ལུས་ཡོངས་སུ་གཏོང་བ་གང་ཡིན་པའོ་ཞེས་པ་ནི་དུས་གསུམ་སྒྲིབ་པ་མེད་པའི་སྡོམ་པ་དེ་གཞན་མ་ཡིན་གྱི་བདག་གི་ལུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕུལ་བ་ལུས་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་དབང་བ་ཡིན་གྱི་བདག་ལ་དབང་མེད་དོ། །དེ་ལྟར་བདག་ལ་དབང་མེད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དབང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་སྤྱོད་དོ། །དེ་བས་ན་གང་གིས་ལུས་ཕུལ་བ་དེས་ཀྱང་ཆོས་བཞིན་དུ་བྱ་དགོས་
ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་མི་སྤྱོད་པས་ན་སྡོམ་པ་ཞེས་བྱའོ། །དེ་བས་ན་དེ་ཅིའི་ཕྱིར་ཞེ་ན། གང་གིས་བདག་གི་ལུས་ཡོངས་སུ་གཏང་བ་དེས་ནི་དངོས་པོ་གསུམ་ཡོངས་སུ་བཏང་བ་ཡིན་ཏེ། དངོས་པོ་གསུམ་ཡོངས་སུ་གཏང་བ་དེ་ཡང་གང་ཞེ་ན་འདི་ལྟ་
སྟེ་ལུས་དང་ངག་དང་ཡིད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལུས་དང་ངག་དང་ཡིད་གསུམ་གྱི་སྡོམ་པས་བསྡམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ངག་དང་ཡིད་ཡོངས་སུ་མ་བཏང་བར་བསླབ་པ་འཛིན་པ་
མི་བྱེད་དོ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ཕུལ་བས་ལུས་དང་ངག་དང་ཡིད་གསུམ་ཆར་ཕུལ་བར་འགྱུར་ཏེ། ལུས་དང་ངག་དང་ཡིད་གསུམ་ལ་བདག་མི་དབང་ན་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་མི་སྤྱོད་པས་དེ་ཉིད་
སྡོམ་པ་སྟེ། ལུས་དང་ངག་དང་ཡིད་གསུམ་ལྷས་ལྷག་པའི་སྡོམ་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །མདོར་ན་གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གི་ལུས་ཕུལ་བ་དེས་ལུས་དང་ངག་དང་ཡིད་གསུམ་ཆར་ཕུལ་བས་ན་གསུམ་པོ་དེ་དག་
གི་སྒོ་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་སྤྱོད་པ་དེ་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་བྱེད་པའི་རྒྱུར་འགྱུར་བར་བསྟན་པ་ཡིན་ནོ། །དེ་ནས་ཕྱིས་དེ་ཉིན་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་བྱས་ཏེ་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་
Vol. 69 · folio 312b
བརླབས་ལ་ཞེས་པ་ནས། དེ་ནས་སེམས་སྦྱང་བའི་ཕྱིར་སྤོས་ཆུ་གཙང་མ་བླུད་དོ་ཞེས་པའི་བར་གྱིས་ནང་པར་དཀྱིལ་འཁོར་འདྲི་བའི་སློབ་དཔོན་གྱི་ལས་སུ་བྱ་བ་རྣམས་བཤད་པ་སྟེ། ནང་པར་ཉི་མ་འཆར་ཀར་བརྟགས་ན་ལྷོ་བྱང་དང་ཤར་ནུབ་ལ་སོགས་པ་གསལ་བར་མངོན་ཏེ། དེ་བས་
ན་ནང་པར་ཁྲུས་ལ་སོགས་པ་བྱས་ནས་དཀྱིལ་འཁོར་བྲི་བའི་ས་དེའི་དབུས་སུ་ཞུགས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིད་ལ་བྱས་ནས་ཕྱག་བྱས་ལ་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ཏེ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བདག་ཉིད་སྟོང་པར་བྱིན་གྱིས་བརླབས་ལ། ཆོས་ཀྱི་འཁོར་ལོའི་
ཕྱག་རྒྱ་བཅིངས་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པོ། །དེ་ནས་རྡོ་རྗེ་གོ་ཆའི་ཕྱག་རྒྱ་བཅིངས་ནས་གོ་ཆ་བགོ་བ་དེ་ནི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་སྟེ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སེམས་ཤིན་ཏུ་བརྟན་པ་རྡོ་རྗེ་དང་འདྲ་བ་ལ་བྱ་སྟེ། དེ་ཡང་གང་ཞེ་ན་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་
པའི་མཚན་ཉིད་བྱང་ཆུབ་ཀྱི་སྙིང་པོའི་སེམས་ཏེ། དེ་ཉིད་དཔལ་རྡོ་རྗེ་སེམས་དཔའི་བྱང་ཆུབ་སེམས་དཔའི་སྐུར་བྱིན་གྱིས་བརླབ་པའོ། །དེ་ལྟར་སློབ་དཔོན་དེ་རྡོ་རྗེ་སེམས་པའི་སྐུར་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་གྱི་སའི་ལྷོ་བྱང་དང་ཤར་ནུབ་ལ་སོགས་པ་བརྟགས་ཏེ་གཏན་ལ་དབབ་པ་དང་
ལྷ་རྣམས་གང་དུ་འགོད་པའི་གནས་ཀྱང་ཡིད་ཀྱིས་གཏན་ལ་དབབ་པར་བྱའོ། །ཡང་བུམ་པ་སྤོས་ཆུས་བཀང་བ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་མངོན་པར་བསྔགས་ཏེ་སྒོ་དང་པོར་གཞག་ལ་མཁས་པས་སྐྱེ་བོ་ཀུན་ལ་དེས་བསང་གཏོར་བྱའོ་ཞེས་པ་ནི་གཞུང་ལས་འབྱུང་བའི་མཚན་
ཉིད་དང་ལྡན་པའི་བུམ་པ་སྤོས་ཆུས་བཀང་བ་ལ་རིན་པོ་ཆེ་དང་སྨན་དང་། འབྲུ་ལྔ་རྣམས་བླུགས་ཏེ་དཀྱིལ་འཁོར་གྱི་ཁང་པའི་སྒོར་བཞག་སྟེ་སློབ་མ་རྣམས་ནང་དུ་འོང་བའི་ཚེ་བགེགས་བསལ་བའི་ཕྱིར་གཏོར་རོ། །ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཀྱིས་བུམ་པ་དེ་ལ་གདབ་པ་དེ་ཡང་
སྙིང་པོའི་སྔགས་ཀྱིས་གདབ་ན་བརྒྱ་རྩ་བརྒྱད་དུ་གདབ་ལ། རྩ་བའི་སྔགས་ཀྱིས་གདབ་ན་བདུན་ནམ་ཉི་ཤུ་རྩ་གཅིག་གདབ་བོ། །དེ་ནས་སེམས་སྦྱང་བའི་ཕྱིར་སྤོས་ཆུ་གཙང་མ་བླུད་པ་ནི་སློབ་མ་རྣམས་ཀྱི་སྔགས་སྤྱོད་པ་དང་འགལ་བའི་ཁ་ཟས་ཟོས་པའི་རྣམ་པར་རྟོག་པ་མེད་ན་ཡང་སྤོས་ཀྱི་
Vol. 69 · folio 313a
ཆུ་གཙང་མ་དེ་བླུད་དོ། །གཙང་མ་ཞེས་པ་ནི་སྲོག་ཆགས་ཀྱི་ཡན་ལག་ལ་སོགས་པ་མེད་པའོ། །སྔགས་དང་འགལ་བའི་ཁ་ཟས་ཟོས་པའི་རྣམ་པར་རྟོག་པ་མེད་ན་ཡང་སྤོས་ཀྱི་ཆུ་གཙང་མ་འཐུངས་པས་བདག་གི་རྒྱུད་གཙང་མར་གྱུར་ཏོ་སྙམ་པའི་འདུ་ཤེས་སྐྱེ་སྟེ་མི་གཙང་བ་ལ་
སོགས་པའི་དོགས་པ་མེད་པར་འགྱུར་བའི་ཕྱིར་སྤོས་ཆུ་བླུད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། རྟག་ཏུ་མཚན་མོ་བྲི་བར་བྱ། །ཞེས་པའི་བར་གྱིས་དུས་ཇི་ཙམ་ན་དཀྱིལ་འཁོར་དྲི་བ་ཞུས་ཤིང་བཤད་པ་ཡིན་ཏེ། དུས་དང་ཚོད་ཅེས་པ་ནི་དཀྱིལ་
འཁོར་འདྲི་བའི་དུས་ནམ་ཉིད་ཀྱི་ཚེ་ན་ཡིན་པ་དེ་བཤད་དུ་གསོལ་ཞེས་པའོ། །ཀུན་མཁྱེན་པ་ནི་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའོ། །སྨྲ་བའི་མཆོག་གིས་བཀའ་སྩོལ་ཅིག །ཅེས་པ་ནི་སྨྲ་བ་ཐམས་ཅད་ཀྱི་མཆོག་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དཀྱིལ་འཁོར་གྱི་ནི་སློབ་
དཔོན་དག །གསང་སྔགས་སྒྲུབ་ལ་འབད་པ་ན། །གང་གི་དུས་སུ་དཀྱིལ་འཁོར་དུ། །སེམས་དཔའ་ཆེན་པོར་བྱིན་རློབ་པའི། །ཞེས་པ་ནི་དཀྱིལ་འཁོར་གྱི་སློབ་དཔོན་དམ་ཚིག་གི་དཀྱིལ་འཁོར་འདྲི་བ་དང་། སྒྲུབ་པའི་དཀྱིལ་འཁོར་འདྲི་བ་ན་བྱང་ཆུབ་སེམས་དཔའ་རྣམས་དེར་གཤེགས་ནས་བྱིན་
གྱིས་རློབ་པར་འགྱུར་བའི་དུས་གང་ལགས་ཞེས་ཞུས་པ་སྟེ། སེམས་དཔའ་ཆེན་པོ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་མི་བྱའི་ཕ་རོལ་ཏུ་ཕྱིན་པའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་ནི་དུས་ཐམས་ཅད་དུ་བྱིན་གྱིས་
རློབ་པས་ཞུ་མི་དགོས་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཏིང་ངེ་འཛིན་ལས་བཞེངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་རྟོག་པ་སྔོན་དུ་བཏང་སྟེ་གཤེགས་པས་དུས་ཐམས་ཅད་དུ་བྱིན་གྱིས་མི་རློབ་པོ། །དེ་བས་ན་དཀྱིལ་འཁོར་འདྲི་བ་ལ་བྱང་ཆུབ་སེམས་དཔའ་རྣམས་གཤེགས་པར་འགྱུར་
བའི་དུས་གང་ཡིན་ཞེས་ཞུས་པའོ། །གཉིས་སུ་ན་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དཔའ་ཆེན་པོ་ཞེས་ནམ་ཡང་མི་བརྗོད་དེ། བྱང་ཆུབ་སེམས་དཔའ་རྣམས་སེམས་དཔའ་ཆེན་པོ་ཞེས་བརྗོད་པར་གྲགས་སོ། །དེ་བས་ན་སེམས་དཔའ་ཆེན་པོ་ཞེས་པ་ནི་བྱང་ཆུབ་སེམས་
Vol. 69 · folio 313b
དཔའ་ཆེན་པོ་རྣམས་ལ་བྱའོ། །དཀྱིལ་འཁོར་དོན་དུ་གཉེར་བ་ལ། །རྟག་ཏུ་མཚན་མོ་བྲི་བར་བྱ། །ཞེས་པ་ནི་དཀྱིལ་འཁོར་འདྲི་བར་འདོད་པ་རྣམས་ཀྱིས་དུས་ཐམས་ཅད་དུ་དཀྱིལ་འཁོར་ཐམས་ཅད་མཚན་མོ་བྲིའོ་ཞེས་བཀའ་སྩལ་པ་སྟེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་མཚན་
མོའི་དུས་དེར་གཤེགས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་འདིས་ནི་དམ་ཚིག་གི་དཀྱིལ་འཁོར་དང་སྒྲུབ་པའི་དཀྱིལ་འཁོར་གཉི་ག་ཡང་དུས་ཐམས་ཅད་དུ་མཚན་མོ་བྲི་བར་ཤེས་པར་བྱའོ། །དེ་ལ་གསང་བའི་རྒྱུད་ལ་སོགས་པར་སྒྲུབ་པའི་དཀྱིལ་འཁོར་མ་གཏོགས་པར་གཞན་
ཐམས་ཅད་མཚན་མོ་བྲིའོ་ཞེས་འབྱུང་སྟེ་དེ་བས་ན་སྒྲུབ་པའི་དཀྱིལ་འཁོར་ནི་ཉིན་པར་བྲི་བར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་ནི་ནམ་སྲོད་ནས་ནམ་ལངས་ཀྱི་བར་ཚན་རངས་པར་བསྒྲུབ་དགོས་ཏེ། དེ་བས་ན་སྒྲུབ་པའི་དཀྱིལ་འཁོར་མཚན་མོ་བྲི་བའི་སྐབས་མེད་དེ་ཉིན་པར་
བྲི་བར་གསུངས་སོ། །འདིར་ནི་གཉི་ག་ཡང་མཚན་མོ་བྲི་བར་གསུངས་པས་དམ་ཚིག་གི་དཀྱིལ་འཁོར་ནི་དེ་ཉིད་ཀྱི་མཚན་མོ་བྲི་བར་བྱ་ལ། སྒྲུབ་པའི་དཀྱིལ་འཁོར་ནི་རྒྱུད་འདི་ལས་མཚན་མོ་བྲི་བར་གསུངས་པས་གསང་བའི་རྒྱུད་ལས་འབྱུང་བ་ལྟར་ཉིན་པར་བྲིར་མེད་ལ། སྒྲུབ་པ་ཉིད་ཀྱི་
མཚན་མོ་ཡང་བྲི་བའི་སྐབས་མེད་དེ་ནུབ་དེ་ཉིད་ལ་བྲིས་ན་མཚན་མོའི་མེལ་ཚེ་ཐུན་འགའ་དཀྱིལ་འཁོར་བྲི་བ་ལ་ཟད་པས་སྒྲུབ་པ་མཚན་རངས་པར་མི་འགྱུར་རོ། །དེ་བས་ན་སྔ་དེ་ནུབ་མོ་དཀྱིལ་འཁོར་བྲིས་ལ་ཕྱི་དེ་ནུབ་མོ་བསྒྲུབ་པར་ཤེས་པར་བྱའོ། །དཀྱིལ་འཁོར་ཆེན་པོ་དག་ནུབ་གཅིག་
གིས་མི་རྫོགས་པ་ཡང་གཞུང་དེ་ལྟར་ཤེས་པར་བྱའོ། །ད་ནི་དཀྱིལ་འཁོར་བའི་དོན་དུ་སྲད་བུ་བྲེ་བ་ལ་སོགས་པ་བཤད་པར་བྱ་སྟེ། དཀྱིལ་འཁོར་བྲི་བ་དེ་ཡང་དོན་རྣམ་པ་དྲུག་གིས་ཡོངས་སུ་རྫོགས་པར་འགྱུར་རོ། །དྲུག་གང་ཞེ་ན། དཀྱིལ་འཁོར་གྱི་སྲད་བུ་བྲེ་བའི་ཏིང་ངེ་འཛིན་བཤད་
པ་དང་། སྲད་བུ་བྲེ་བ་བཤད་པ་དང་། དཀྱིལ་འཁོར་གྱི་ཚད་བཤད་པ་དང་། སྣམ་བུའི་རིམ་པ་དབྱེ་བ་དང་། སྒོ་ཁྱུད་དང་རྟ་བབས་རྣམས་རྣམ་པར་དབྱེ་བ་དང་། ལྷ་རྣམས་ཀྱི་གནས་ཀྱི་ངེས་པ་བཤད་པའོ། །དེ་ལ་སློབ་དཔོན་གྱིས་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ལ་ཚོན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words