ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ

Sanskrit title (Tibetan script, as in the text) ཀྲོ་དྷ་བི་ཛ་ཡ་ཀལྤ་གུ་ཧྱ་ཏནྟྲ་སྱ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 70 · folio 209b

བཤད་པའོ། །མེ་ཏོག་དཀར་ལ་ཐལ་ཞེས་པ་ལ་སོགས་པ་ལ། མེ་ཏོག་དཀར་ལ་ཐལ་ཞེས་པ་མེ་ཏོག་དཀར་པོ་གང་ཡང་རུང་ཞེས་པའོ། །ནམ་མཁར་གཏོར་ཞེས་པ་ཐལ་བ་སྐམ་པོས་བསྐུས་ཏེ་ཞེས་སོ། །མེ་ཏོག་སེར་པོ་ལ་བསྐུས་ཏེ་ཞེས་པ་གང་ཡང་རུང་ཞེས་པའོ། །འདོད་

ཆགས་ཞེས་པ་འཕགས་པ་ཉན་ཐོས་ཞེས་སོ། །ཉིད་ཀྱི་གནས་བཅས་སངས་རྒྱས་ཀུན། །ཞེས་པ་ཉིད་ཀྱི་གཞལ་མེད་ཁང་དང་བཅས་པར་སངས་རྒྱས་འཁོར་དང་བཅས་པ་ཀུན་སྟོན་པར་བྱེད་དེ་ཞེས་པའོ། །མེ་ཏོག་དམར་པོ་ཞེས་པ་ནི་གང་ཡང་རུང་སྟེ་ཞེས་པའོ། །ལྷ་རྣམས་

ཀུན་ཀྱང་སྔ་མ་བཞིན། །ཞེས་པ་ལ་སོགས་པ་ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་གྱི་ལྷ་གང་འདོད་པ་ཡིད་ལ་བསམས་ཏེ། མེ་ཏོག་གཏོར་ན་འཇིག་རྟེན་གྱི་ལྷ་དེ་དག་སྟོན་པར་བྱེད་པའོ། །ཡིད་ཀྱི་བསམ་པ་ནི་ཀུན་ལ་སྦྱར་ཞེས་པའོ། །མེ་ཏོག་སྔོན་ཞེས་པ་གང་ཡང་

རུང་ངོ་། །གནོད་སྦྱིན་ཕོ་མོ་གང་ཡང་རུང་། །ཡི་དགས་མཁའ་འགྲོ་གྲུལ་བུམ་དང་། །ཞེས་པ་མེ་ཏོག་སྔོན་པོ་ལ་སྔ་མ་བཞིན་དུ་ཐལ་བས་བསྐུས་ཏེ་ནམ་མཁའ་ལ་གཏོར་ན་གནོད་སྦྱིན་དང་སྲིན་པོ་དག་སྔ་མ་བཞིན་དུ་སྟོན་པར་བྱེད་པའོ་ཞེས་སོ། །ཁ་ཅིག་ན་རེ་ཡི་དགས་ལ་སོགས་པ་

གཟུགས་ཀྱང་ཆོ་ག་དེས་སྦྱར་ན་སྣང་བར་འགྱུར་རོ། །མིག་འཕྲུལ་སླད་དུ་བསྡུ་བར་བྱ། །ཞེས་པ་ལ་སོགས་པ་མིག་འཕྲུལ་དེ་དག་ཀྱང་ཆུ་ལ་ལན་བདུན་བཟླས་པའི་ཆུས་གྱེན་དུ་གཏོར་བ་ལས་མི་འཕྲུལ་དེ་དག་གདོན་མི་ཟ་བར་སླར་བསྡུས་པར་འགྱུར་རོ། །ཡང་ན་ཁུ་ཚུར་གྱིས་སླར་བསྡུ་

བར་བྱའོ། །ཁྭ་ཡི་འདབ་མ་བདུན་དག་ལ། །ཞེས་པ་ལ་སོགས་པ་ཁའི་འདབ་མ་བདུན་བླངས་ནས་མིའི་རུས་པ་རྐང་པའི་རྗེ་ངར་རམ་ལག་ངར་ཡུ་བའང་རུང་བར་བམ་བུར་སྦམས་ནས་བཅིང་བར་བྱ་བ་ནི་རྨ་བྱའི་མཇུག་མ་དང་འདྲའོ་ཞེས་སོ། །དེ་དག་ཐམས་ཅད་ཅེས་བྱའོ། །ཁྭའི་

འདབ་མ་བམ་བུར་སྦམས་ཏེའོ། །དེ་དག་འཕྲུལ་བསམ་ཅི་འདོད་པར། །ཞེས་པ་ལ་སོགས་པ་འོག་ནས་འབྱུང་བའི་མིག་འཕྲུལ་རྣམས་ལས་གང་འདོད་པས་ཡིད་ཀྱིས་བསམས་ཏེ། མིག་འཕྲུལ་ལ་ལྟ་བ་ཚོགས་ཀྱི་ནང་དུ་བདག་གི་ཀླད་པ་གཡས་ལོགས་སུ་བསྐོར་ན་འདི་འདྲ་

Vol. 70 · folio 210a

བ་གང་དང་གང་འདོད་དེ་དག་སྟོན་པར་བྱེད་དོ་ཞེས་པའོ། །གཡུལ་དག་འཁྲུག་ཅིང་འཆིང་བ་དང་། །ཞེས་པ་ནང་འཁྲུག་པ་བྱུང་ན་གཅིག་གིས་གཅིག་གསོད་པར་བྱེད་ཅེས་པའོ། །ལྟད་མོ་ཆེན་པོ་མཆོག་རྣམས་ནི། །ཞེས་པ་གཞན་ཡང་འདི་འདྲ་བ་དག་སྟོན་པར་

བྱེད་དོ། །རབ་ཏུ་སྦྱར་བས་སྟོན་པར་འགྱུར། །ཞེས་པ་དེ་ལྟ་བུ་ལ་སོགས་པའི་མིག་འཕྲུལ་ཁྭའི་འདབ་མའི་ཆོ་ག་སྔར་བཤད་པ་དེ་ལྟར་སྦྱར་བ་ཙམ་གྱིས་སྟོན་པར་བྱེད་པའོ་ཞེས་པའོ། །ཁུ་ཚུར་བཅངས་པས་དེ་བཞིན་དུ། །ཞེས་པ་མིག་འཕྲུལ་དེ་དག་སླར་བསྡུ་བ་ན་ཡང་ལག་པ་གཡས་པའི་

སོར་མོ་རྣམས་ཀྱིས་བྱབ་པའི་ཚུལ་དུ་བྱ་ཞིང་ཁུར་ཚུར་བཅངས་པས་སླར་བསྡུ་བར་བྱའོ་ཞེས་པའོ། །དེ་ཡི་འོག་ཀྱང་སྟོན་པ་དང་། །ཞེས་པ་འོག་གི་ལྷ་མ་ཡིན་རྣམས་ཀྱང་སྟོན་པར་བྱེད་དོ། །ཁྭའི་འདབ་མའི་ཆོ་ག་དེས་གཞན་ཡང་མིག་འཕྲུལ་འདི་འདྲ་བ་དག་སྟོན་པར་བྱེད་དོ་ཞེས་པའོ། །

འདུས་པ་ཞེས་པ་འགྲོ་བ་མང་པོ་འདུས་པ་དག་ཀྱང་སྟོན་ཞེས་པའོ། །གྱེན་དུ་འགྲོ་དང་དེ་བཞིན་འཁྲུག །ཅེས་པ་དེ་དག་ཀྱང་ནམ་མཁའ་ལ་གྱེན་དུ་འགྲོ་བ་དང་། དེ་ནང་འཁྲུག་པ་དག་ཀྱང་སྟོན་པར་འགྱུར་རོ་ཞེས་པའོ། །མཇུག་མ་དག་དང་ཐལ་བ་ཡིས། །ཞེས་པ་མིའི་རུས་པ་

ལ་ཁྭའི་འདབ་མ་བམ་བུར་སྦམས་པ་ལ་ཐལ་བས་བསྐུས་པས་གཞན་ཡང་མིག་འཕྲུལ་གང་དང་གང་སྟོན་པར་འདོད་པ་དེ་དག་ངེས་པར་བྱེད་པར་འགྱུར་རོ་ཞེས་པའོ། །ཁུར་ཚུར་བཅངས་པས་དེ་བཞིན་སྡུད། །ཅེས་པ་མིག་འཕྲུལ་དེ་ལྟར་བསྟན་ནས་སླར་ཡང་བསྡུ་བ་ནི་སྔར་བཤད་པ་

བཞིན་བྱའོ་ཞེས་པའོ། །དེ་ལྟར་མིག་འཕྲུལ་མདོར་བསྡུས་པ། །ཇི་སྐད་གསུངས་པ་བཤད་པ་ཡིན། །ཞེས་པ་རྒྱུད་ཆེན་པོའི་ནང་ནས་མིག་འཕྲུལ་ཕལ་པོ་ཆེ་བཤད་པ་ལས་ཇི་སྐད་གསུངས་པ་མདོར་བྱས་ནས་འདིར་བཤད་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ཞི་བའི་ལས་བཤད་

དོ། །དེ་ནས་ཞི་བའི་ལས་རྣམས་ཀྱང་། །ཞེས་པ་ནས་བསྟན་ཏེ། མདོར་བསྡུས་ནས་ནི་བཤད་པར་བྱ། །ཞེས་པ་རྒྱུད་ཆེན་པོ་ལས་གསུངས་པ་དེ་མདོར་བསྡུས་ནས་ནི་རྒྱུད་འདི་བཤད་དོ་ཞེས་པའི་ཐ་ཚིག་གོ། །རོ་ལངས་དེ་ཡི་ངོ་བོ་ཉིད། །ཞི་བའི་ཕྱིར་ནི་ཚུལ་བཞིན་བཟླས། །ཞེས་པ་

Vol. 70 · folio 210b

རོ་ལངས་ཀྱི་སྔགས་མ་སྤེལ་ཞིང་བསྐུལ་བའི་ཚིག་མ་བཅུག་པར་རོ་ལངས་ཀྱི་སྔགས་ཞི་བའི་རང་བཞིན་དུ་གསུངས་པ་དེའི་ཚུལ་བཞིན་དུ་བཟླས་སོ། །བདག་གམ་འོན་ཏེ་གཞན་ཡང་རུང་། །ཞེས་པ་བདག་གམ་གཞན་ཞི་བ་ལ་ཡང་རུང་སྟེ་ཞེས་སོ། །བསྒྲུབ་བྱ་ཞི་བའི་ཚིག་སྨོས་ཏེ། །ཞེས་པ་ཆེ་

གེ་མོ་ཞིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་སྨོས་ཏེ། སྟོང་རྩ་བརྒྱད་བཟླས་པར་བྱ་བ་ནི་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་བྲིས་ནས་བཟླས་སོ་ཞེས་པའོ། །མེ་ཏོག་དཀར་པོ་བཟང་པོ་ནི། །ཞེས་པ་སྲི་ཤིང་སྣ་མའི་མེ་ཏོག་ཀྱང་རུང་ཞེས་པའོ། །བསྲུང་ཞིང་ཡིད་དུ་འོང་བ་དག །ཅེས་པ་མེ་ཏོག་དཀར་

པོ་དེ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་ལ་བྱ་ཞེས་པའོ། །ཆུས་བཏབ་ནས་ཞེས་པ་མེ་ཏོག་དཀར་པོ་དེ་ལ་ཞེས་པའོ། །རྒྱ་མཚོར་ཞེས་པ་ཆུ་བོའི་ཀླུང་གང་ཡང་རུང་བའོ་ཞེས་པའོ། །ཞུགས་ནས་རེ་རེ་ནས་བཟླས་ཤིང་། །བརྒྱ་རྩ་བརྒྱད་ནི་དོར་བར་བྱ། །ཞེས་པ་རྐེད་པ་མན་ཆོད་ཆུར་ཞུགས་ནས་མེ་ཏོག་རེ་

རེ་ཞིང་སྔགས་རེ་རེ་བཟླས། དེའི་མདུན་དུ་ལྷ་མོ་བེ་ཏ་ལཱི་བཞུགས་པ་ལ་མཆོད་པ་བྱ་ཞིང་། བསྐུལ་ཚིག་དང་ལྡན་པས་སྔགས་བརྗོད་ནས་མེ་ཏོག་གཏོར་བར་བྱའོ། །མེ་ཏོག་ཀྱང་བརྒྱ་རྩ་བརྒྱད་དགོས་སོ། །འོན་ཏམ་ཞེས་པ་ཆོ་ག་དེ་ལྟར་བྱས་པ་དང་ཞེས་པའོ། །རྒྱལ་པོ་ཞེས་པ་

ཡུལ་ཕྱོགས་ཆེན་པོ་ཞེས་པའོ། །གྲོང་ངམ་ཞེས་པ་གྲོང་ཁྱེར་གཅིག་པ་ཞེས་པའོ། །གྲོང་ཁྱེར་དག་ཅེས་པ་མང་པོ་ཞེས་པའོ། །ཞི་བའི་ལས་བྱས་པ་དེ་ཡིས། །ཞི་བར་འགྱུར་བར་གདོན་མི་ཟ། །ཞེས་པ་ཞི་བའི་ཆོ་ག་ལས་དེ་ལྟར་བྱས་པ་དེས་ཐེ་ཚོམ་མེད་པར་ཞི་བར་འགྱུར་ཞེས་བྱ་བའི་

ཐ་ཚིག་གོ། །འདི་མན་ཆད་རྒྱས་པའི་ལས་བཤད་དོ། །དེ་ནས་རྒྱས་པའི་ལས་རྣམས་ཀྱང་། །ཚུལ་བཞིན་དུ་ནི་བཤད་པར་བྱ། །ཞེས་པ་ནས་བསྟན་ཏེ། མཆོད་རྟེན་མཆོད་པ་སྣ་ཚོགས་པས། །བྱས་ནས་དེ་ཡི་མདུན་འདུག་སྟེ། །ཞེས་པ་རྒྱས་པའི་ལས་བྱེད་པར་འདོད་པའི་

སྔགས་པ་དེས་ཐོག་མར་མཆོད་རྟེན་ལ་མཆོད་པ་སྣ་ཚོགས་པས་མཆོད་པ་བྱས་ནས། སྔགས་པ་དེས་མཆོད་རྟེན་དེའི་མདུན་དུ་འདུག་སྟེ། རོ་ལངས་མའི་ཕྱག་རྒྱའི་བཟླས་བརྗོད་བྱའོ་ཞེས་པའོ། །རྫོགས་སངས་རྒྱས་ཀྱིས་མཆོད་པ་བཟླས། །ཞེས་པ་རོ་ལངས་ཀྱི་ལྷ་མོ་དེ་སངས་རྒྱས་

Vol. 70 · folio 211a

རྣམས་ཀྱིས་ཀྱང་ཕུ་དུད་དང་། རིམ་གྲོ་དང་། བཀུར་སྟི་བྱས་ལ་བཟླས་པ་བྱའོ་ཞེས་པའི་དོན་ཏོ། །གལ་ཏེ་མཆོད་རྟེན་རིང་བསྲེལ་ཅན། །ཡིན་ན་དེ་མ་ཐག་ཏུ་འགྱུར། །ཞེས་པ་གལ་ཏེ་མཆོད་རྟེན་རིང་བསྲེལ་ཅན་གྱི་མདུན་དུ་རྒྱས་པའི་ལས་བྱས་ཏེ། བཟླས་བརྗོད་བྱས་ན་མི་

ཐོགས་པར་ཆོ་ག་རྒྱས་པའི་ལས་འགྲུབ་པར་འགྱུར་ཞེས་པའོ། །སྒྲུབ་པའི་མིང་སྨོས་བཟླས་ན་ནི། །སྐྱེས་པའམ་བུད་མེད་རྒྱས་པར་འགྱུར། །ཞེས་པ་ཆོ་ག་ལྟར་བཟླས་པ་གང་ཡང་རྒྱས་པར་བྱ་བའི་མི་དེ་མིང་གི་བསྐུལ་ཚིག་དང་ལྡན་པར་བཟླས་ན་དེ་དག་རྒྱས་པར་འགྱུར་ཞེས་པའོ། །

དམ་ཆོས་མཆོད་རྟེན་མདུན་དུ་ནི། །ཞེས་པ། པྲཛྙཱ་པཱ་ར་མི་ཏའི་གླེགས་བམ་ཡང་རུང་། མཆོད་རྟེན་ཡང་རུང་སྟེ། དེ་གཉིས་གཅིག་ལ་མདུན་ཞེས་པའོ། །ཆོ་ག་བཞིན་དུ་ཁྲི་བཟླས་ཏེ། །ཞེས་པ་ལ་སོགས་པ་དེ་ལྟར་སྔར་བསྒྲུབ་པ་ཁྲི་བྱས་ནས་དེའི་འོག་ཏུ་མཆོད་རྟེན་གྱི་མདུན་དུ་ཇི་སྲིད་

རྒྱས་པར་འགྱུར་གྱི་བར་དེ་སྲིད་དུ་བཟླས་བརྗོད་བྱའོ་ཞེས་པའོ། །དེ་བཞིན་གཤེགས་པའི་མཆོད་པ་དག །ཅེས་པ་ལ་སོགས་པ་རྒྱས་པའི་ལས་བྱེད་འདོད་པའི་སྔགས་པ་དེས། མཆོད་རྟེན་དག་ལ་དང་པོར་དེ་བཞིན་གཤེགས་པའི་མཆོད་པར་འོས་པ་གདུགས་དང་། རྒྱལ་མཚན་

དང་། བླ་རེ་དང་། མེ་ཏོག་བདུག་སྤོས་ལ་སོགས་པ་མཆོད་པ་རྒྱ་ཆེན་པོ་དག་མཆོད་པར་བྱའོ་ཞེས་པའོ། །རིང་བསྲེལ་ཅན་ལ་ཆོ་ག་བཞིན། །ཞེས་པ་ཁྱད་པར་དུ་མཆོད་རྟེན་རིང་བསྲེལ་ཅན་གྱི་དྲུང་དུ་རྒྱས་པའི་ལས་བྱ་བའི་ཆོ་ག་དེ་བཤད་པར་བྱ་ཞེས་སོ། །ཐོག་མར་མཆོད་རྟེན་དྲུང་དུ་ནི། །ཞེས་

པ་དང་པོ་མཆོད་རྟེན་རིང་བསྲེལ་ཅན་གྱི་དྲུང་དུ་སྔགས་པ་དེས་དཀྱིལ་འཁོར་གྱི་ཚད་ཀྱང་གྲུ་བཞི་པ་ཅིག་བྱའོ་ཞེས་པའོ། །དེ་ནས་དེར་ནི་མེ་ཏོག་དག །ཤིན་ཏུ་ཡིད་འོང་དགྲམ་པར་བྱ། །ཞེས་པ་དཀྱིལ་འཁོར་བྱས་པ་དེའི་སྟེང་དུ། མེ་ཏོག་སྦུ་གུ་དྲི་ཞིམ་པོ་ཡིད་དུ་འོང་བ་དག་དགྲམ་

པར་བྱའོ་ཞེས་པའོ། །མེ་མར་རབ་ཏུ་འབར་བ་བརྒྱད། །ཅེས་པ་ཕྱོགས་བཞི་མཚམས་བརྒྱད་དུ་བདག་གིས་མར་མེ་ཁ་བརྒྱད་དབུལ་བར་བྱའོ་ཞེས་པའོ། །མཁས་པས་དེ་ལ་དབུལ་བར་བྱ། །ཞེས་པ་སྔགས་པས་མཆོད་རྟེན་དང་། བེ་ཏ་ལཱི་གཉིས་ལ་དབུལ་བར་བྱ་ཞེས་པའོ། །ཤིན་

Vol. 70 · folio 211b

ཏུ་ཡིད་འོང་ཆུ་དང་བཅས། །ཞེས་པ་ཉ་ཕྱིས་དང་། དུང་ཕོར་དག་གི་ནང་དུ་དྲི་ཆུ་བཟང་པོ་ཡིད་དུ་འོང་བ་དང་བཅས་པ་དག་དབུལ་ལོ། །སྣ་ཚོགས་པ་ཡི་བཤོས་ཕུལ་ནས། །ཞེས་པ་རྒྱས་པའི་ལས་བྱེད་པའི་ཚེ་བཤོས་ཅི་དང་ཅི་དབུལ་བ་སྤྱི་རྒྱུད་དག་ལས་ཇི་སྐད་འབྱུང་བ་བཞིན་དུ་དབུལ་ལོ་

ཞེ་སར་བཅས་ཞེས་པ་ཕུ་དུད་དང་། རིམ་གྲོར་བཅས་པ་ཞེས་པའོ། །མཆོད་རྟེན་ལ་ནི་མངོན་ཕྱོགས་ཏེ། །ཞེས་པ་རྒྱབ་ཀྱིས་མ་འབབ་པར་མངོན་དུ་བལྟས་ཏེ་ཞེས་པའོ། །ཞི་དང་རྒྱས་ཕྱིར་བཟླས་པ་བྱ། །ཞེས་པ་ཞི་བ་དང་། རྒྱས་པའི་ལས་བྱ་བའི་ཕྱིར་ཚུལ་དེ་ལྟར་བཟླས་པར་བྱའོ། །

ལས་སྤྱིའི་མཚན་ཉིད་གཅིག་པས་རྒྱས་པའི་ཚུལ་བཞིན་དུ་ཞི་བའི་ལས་བྱས་ན་ཡང་ཞི་བར་འགྱུར་རོ་ཞེས་པའོ། །དེ་ལྟར་ཉིན་མཚན་ཕྱེད་ན་ནི། །ཞེས་པ་ཚུལ་དེ་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ལན་དྲུག་དུ་ཆོ་ག་བྱས་ཏེ་ཉིན་མཚན་ཕྱེད་ནས་ཞི་བ་དང་རྒྱས་པའི་ལས་འགྲུབ་པར་

འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་མན་ཆད་ནི་དགའ་བར་འགྱུར་བ་བཤད་དོ། །གཞན་ཡང་སྒྲུབ་པ་པོ་ལ་ནི། །ཞེས་པ་ནས་བསྟན་ཏེ། ངེས་པར་འགྱུར་བ་བཤད་པར་བྱ། །སྒྲུབ་པ་པོ་ལ་གདོན་མི་ཟ་བར་དགའ་བར་འགྱུར་བའི་ཆོ་ག་དེ་བཤད་པར་བྱའོ་ཞེས་པའོ། །ཇི་

ལྟར་མ་ལ་བུ་སྡུག་པ། །དེ་འདིར་དེ་བཞིན་གཞན་དུ་མིན། །ཞེས་པ་ཇི་ལྟར་མའི་སྙིང་དུ་བུ་སྡུག་པ་དེ་བཞིན་དུ་ཆོ་ག་འདི་བྱས་ན། འཇིག་རྟེན་ཐམས་ཅད་བདག་ལ་དགའ་བར་འགྱུར་གྱི་གཞན་དུ་ནི་མི་འགྱུར་རོ་ཞེས་པའོ། །ངེས་པར་བདག་གི་ཁྲག་དང་སྦྱར། །ཞེས་པ་ཚད་ཆེ་

ཆུང་ཇི་ཙམ་ཡང་རུང་བ་དང་བདག་གི་ཁྲག་དང་ལན་མང་དུ་སྦྱར་ཏེ་ཐོད་པར་བཅུག་ལ་བསྒྲུབས་ཏེ། གྲུབ་ནས་དཔྲལ་བར་ཐིག་ལེ་བྱས་ན་བུ་སྡུག་བཞིན་དུ་དགའ་བར་འགྱུར་རོ་ཞེས་པའོ། །ལན་གྲངས་མང་དུ་སྦྱར་ནས་ཀྱང་། །ཞེས་པ་དེ་ལྟར་སྦྱར་བ་ཡང་ལན་ཅིག་སྦྱར་ཏེ་སྐམས་ནས་

ཡང་ལན་ཅིག་སྦྱར་ཏེ། དེ་ལྟར་སྦྱར་བའི་བར་ཞག་དེ་ཙམ་གྱིས་ཆོད་པར་བྱའོ། །ཡང་ན་ཉིན་གཅིག་ལ་ལན་བདུན་ཚང་བར་བྱས་ཀྱང་རུང་ངོ་། །ལན་གྲངས་ཉི་ཤུ་རྩ་གཅིག་ཅིག་ཅར་ཡང་རུང་ངོ་ཞེས་སོ། །གཞག་ཅེས་པ་དེ་ལྟར་བྱས་པའི་རྫས་ཐོད་པར་གཞུག་གོ་ཞེས་སོ། །

Vol. 70 · folio 212a

ཟླ་བ་ལ་ནི་མིག་བལྟས་ཤིང་། །བཏང་གི་བར་དུ་ལེགས་པར་བཟླས། །ཞེས་པ་ཁ་ཅིག་བཤད་པ་ནི་ཟླ་བ་ནི་མིག་བལྟ་ཞིང་བཟླས་སོ་ཞེས་པའོ། །ཁ་ཅིག་གི་གཞུང་ལས་ནི་ཟླ་བ་སྒྲ་གཅན་གྱིས་ཟིན་པ་ལ་བལྟ་ཞིང་ནམ་ཞིག་བཏང་གི་བར་དུ་བཟླས་སོ་ཞེའོ། །དེ་ནས་རྒྱལ་པོ་འཁོར་དུ་འགྲོ། །ཞེས་པ་རྒྱལ་པོའི་ཕོ་

བྲང་ནང་དུ་འགྲོ་ཞེས་པའོ། །མདོར་བསྡུས་ཞེས་པ་རྒྱུད་ཆེན་པོ་ལས་ཞེས་སོ། །རྒྱུ་དང་མི་རྒྱུ་འཇིག་རྟེན་དག །ཅེས་པ་སེམས་ཅན་རྣམས་དང་ཆུ་དང་རི་ལ་སོགས་པའི་ལྷ་རྣམས་ལ་བྱ་སྟེ། རྟེན་པའི་གནས་ཀྱི་རྒྱུ་མི་འགྲོ་བ་ལ་གནས་པའི་ལྷ་རྣམས་ནི་རྒྱུ་དང་མི་རྒྱུ་ཞེས་པའོ། །མཐོ་བ་

ཡིས་ནི་ཞེས་པ་ལྷ་དང་མི་དེ་དག་གིས་ཞེས་སོ། །དགའ་བར་འགྱུར་ཞེས་པ་སྔགས་པ་ལ་ཞེས་པའོ། །འདི་ནི་ཞེས་པ་ཆོ་ག་འདི་ཞེས་པའོ། །གསུངས་པ་དག་ཅེས་རྒྱུད་ཆེན་པོ་ལས་ཞེས་སོ། །འདི་མན་ཆད་དགུག་པའི་ཆོ་ག་བཤད་པའོ་ཞེས་པའོ། །བུད་མེད་བུ་མོ་ཤི་བའི་སྐྲ། །

ཞེས་པ་ནི་སྤྱིའི་མིང་ཡིན་ཏེ། བུད་མེད་ཀྱི་མི་རུང་གི། བུ་མོ་གཞོན་ནུ་གཙང་མའི་སྐྲ་ལས་བྱ་ཞེས་པའོ། །མར་གྱི་བརྒྱད་ལ་ནན་ཏན་དུ། །ཞེས་པ་བུད་མེད་གཞོན་ནུ་གཙང་མའི་སྐྲ་ཚེས་ཉི་ཤུ་གསུམ་ལ་བླངས་ལ་ནན་ཏན་དུ་སྲིད་དུ་ཁྲུ་གང་ཙམ་སྦོམས་སུ་མཐེའུ་ཆུང་སུམ་སྒྲིལ་འཇར་འཇུར་

དང་སྦན་སྦུན་མེད་པའི་ལིག་རི་དང་འདྲ་བའི་ལེགས་པར་བཀལ་བའོ། །དེ་ཡང་གཟུང་ལ་རག་པ་ལྟར་ཞགས་པ་མིག་ཅན་དུ་བྱའོ་ཞེས་པའོ། །ཟླ་བ་གཟས་ཟིན་པར་འགྱུར་བའི་བར་དུ་ཉིན་རེ་བཟླས་ཞེས་པ་དེ་ནས་ཟླ་བ་གཟས་ཟིན་པར་འགྱུར་བའི་བར་དུ་ཉིན་རེ་ཞིང་

ཡང་དུས་གསུམ་དུ་བཟླས་སོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་གཟས་ཟིན་གྱུར་པ་དང་། །ཞེས་པ་ནམ་ཟླ་བ་གཟས་ཟིན་པའི་དུས་ཀྱི་ནུབ་མོ་དཀྱིལ་འཁོར་བྲིའོ་ཞེས་པའོ། །ཆུ་འགྲམ་ཞེས་པ་གནས་གཙང་མ་དག་ཏུ་ནི་ཞེས་པའོ། །དཀྱིལ་འཁོར་དེར་བྲིས་མཆོད་པ་བྱས། །ཞེས་

པ་སྔར་བཤད་པ་བཞིན་དུ་མཆོད་པ་བྱའོ་ཞེས་སོ། །རོ་ལངས་ཁྲོ་བོ་ལྡན་པ་ལས། །ཞེས་པ་རོ་ལངས་ཁྲོ་བོ་དང་ལྡན་པའི་སྔགས་མང་པོ་དང་། བེ་ཏ་ལཱི་ལ་མཆོད་པ་དབུལ་ལོ་ཞེས་བྱ་བའི་དོན་ཏོ། །གཏོར་མ་རྒྱ་ཆེར་བྱས་ནས་ནི། །ཞེས་པ་སྔར་ཡི་དགས་ཕལ་པོ་ཆེའི་སྐབས་སུ་བཤད་པ་

Vol. 70 · folio 212b

བཞིན་དུ་མཆོད་པ་དེ་དག་གིས་མཆོད་པར་བྱ་ཞིང་དཀྱིལ་འཁོར་ནང་དུ་དབུལ་ཞེས་པའོ། །འབྱུང་པོ་ལའོ་ཞེས་པ་དབབ་བོ་ཞེས་པའོ། །དེ་ནས་དེ་ལ་ལག་གིས་མནན། །ཞེས་པ་དེ་ཐོད་པ་དེ་ལག་པ་གཡས་པས་མནན་ཞེས་བྱའོ། །ཟླ་བ་ལ་བལྟས་བཟླས་པར་བྱ། །ཞེས་པ་བཤད་པ་རྣམ་

གཉིས་མི་མཐུན་ཏེ། གཅིག་ནི་ཟླ་བ་ལ་མི་བལྟ་བར་བཟླས་ཞེས་སོ། །གཡོའི་བར་ཞེས་བསྒྲུབ་པའི་ཞགས་པ་གཡོན་པའམ་ཞེས་པའོ། །འཕར་ན་ནི་ཞེས་པ་ཐོད་པའི་ནང་ནས་ཞགས་པ་འཕར་བར་གྱུར་ན་ཞེས་སོ། །གྲུབ་པ་ན་ནི་གྲུབ་ཅེས་བྱ། །ཞེས་པ་གྲུབ་པར་བྱའོ་ཞེས་པ་

ནི་དེའི་ཚེ་ཞེས་བསྒྲུབ་པ་དེའི་ཚེ་ཞགས་པ་བླངས་ནས་ཞེས་པའོ། །འཇིག་རྟེན་ལྷ་རྣམས་སྐད་ཅིག་གིས། །ཞེས་པ་ལ་སོགས་པ་འཇིག་རྟེན་པའི་ལྷ་གང་བསྡམ་སྟེ་ཡིད་ལ་བསམས་ན་འགྲུབ་པའི་ཞགས་པ་དེས་དྲངས་པའི་ཚུལ་དུ་བྱས་ཏེ་དྲངས་ནས་སྐད་ཅིག་གིས་ཁུགས་པར་འགྱུར་རོ་

ཞེས་པའི་ཐ་ཚིག་གོ། །སྔགས་པས་ཡིད་ཀྱིས་བསམ་པའམ། །སྔགས་པའི་ཚིག་གིས་ཀྱང་ཞེས་པའོ། །གང་དང་གང་འདོད་ལེགས་པར་བྱེད། །ཅེས་པ་སྒྲུབ་པ་པོ་ཅི་འདོད་པ་དེ་ལ་དེས་ལེགས་པར་བྱེད་དོ། །སོགས་ཞེས་པ་ཚངས་པ་དག་གོ། །དེའི་བཀའ་བཞིན་

ཞེས་པ་སྒྲུབ་པ་པོ་དེའི་ཞེས་སོ། །ངེས་པར་བྱེད་ཅེས་པ་གདོན་མི་ཟ་བར་ཞེས་སོ། །སྐད་ཅིག་གིས་ནི་ནམ་མཁའ་ལས། །ཞེས་པ་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པའི་འཇིག་རྟེན་གྱི་ལྷ་དག་ནམ་མཁའ་ལ་ཞགས་པ་དེས་དྲངས་ན། ཐང་ཅིག་གིས་ཁུགས་པར་འགྱུར་ཏེ།

བདག་གང་འདོད་པའི་མཆོག་དབུལ་བར་བྱེད་དོ་ཞེས་པའི་ཐ་ཚིག་གོ། །གནོད་སྦྱིན་མོ་ཞེས་པ་གླུ་མཁན་མོ་ཞེས་སོ། །བདག་གི་དྲུང་དུ་ཞེས་པ་གྲུབ་པ་དེའི་དྲུང་དུ་ཞེས་པའོ། །ཡིད་དུ་འོང་བའི་ལས་རྣམས་བྱེད། །ཅེས་པ་གྲུབ་པ་བདག་གི་ཡིད་དུ་གང་འཐད་ཅིང་མོས་པའི་ལས་རྣམས་

བྱེད་ཅེས་པའོ། །དམན་པ་དག་ཅེས་པ་སྨད་པ་ཞེས་པའོ། །བསྟེན་པར་བྱ་ཞེས་པ་ཐེ་ཚོམ་མེད་པར་བྱའོ་ཞེས་སོ། །འདོད་པས་གདུངས་པ་མི་ཆོས་མིན། །ཞེས་པ་འདོད་པས་གདུངས་ན་ལྷའི་བུ་མོ་དག་བཀུག་ལ་དེ་དང་ལྷན་ཅིག་བསྟེན་པར་བྱའི་མིའི་བུད་མེད་ནི་ཅི་ལྟར་

Vol. 70 · folio 213a

གདུངས་ཀྱང་བསྟེན་པར་མི་བྱའོ། །རྒ་དང་མྱ་ངན་གྱིས་གདུངས་དམན། །ཞེས་པ་མིའི་བུད་མེད་ཅིའི་ཕྱིར་བསྟེན་པར་མི་བྱ་ཞེ་ན། རྣམ་གྲངས་འདི་ལྟ་བུའི་ཕྱིར་བསྟེན་པར་མི་བྱའོ། །སེར་སྣ་ཅན་འདོད་ཆེན་ཆེར་ཞེས་སོ། །ནད་དང་འཚེ་བས་སྨ་ཕབ་པ། །ཞེས་སོ། །

དེར་ཡང་མ་ཟད་དེ་འདི་ལྟ་བུ་དག་ཡོད་པའི་ཕྱིར། གཅིན་དང་རྡུལ་དང་དྲི་མ་ཅན། །ཞེས་པའོ། །མི་ཡི་བུད་མེད་རྟག་ཏུ་སྤང་། །ཞེས་པ་རྣམ་གྲངས་དེ་ལྟ་བུའི་ཕྱིར་ན། མིའི་བུད་མེད་དུས་ཐམས་ཅད་དུ་སྤང་བར་བྱའོ། །འོན་ཏེ་སེམས་དཔའ་ཆེན་པོ་དེ། །ཞེས་པ་ལ་སོགས་པ་ཆེན་པོ་འགྲུབ་པ་

དང་ཡོན་ཏན་དང་ལྡན་པའི་བདག་ཉིད་ཆེན་པོ་ཞིག་ཡིན་དེ་གྲུབ་པ་དེའི་ཚེ་འདོད་པ་ལ་ཆགས་པ་མ་ཡིན་པ་ཞིག་ན་ལྷའི་ལོངས་སྤྱོད་དང་ལྡན་ཡང་ལྷའི་ལོངས་སྤྱོད་ཀྱི་ནང་ན་དགེ་བའོ་ཞེས་པའོ། །གནོད་སྦྱིན་བཀུག་པའི་ཚོགས་རྣམས་ཀྱིས་ཀྱང་བསྐོར་བའོ་ཞེས་སོ། །རང་གི་གཞལ་ཡས་

ཁང་བཟངས་ན། །ཞེས་པ་གནོད་སྦྱིན་དང་། ལྷ་དང་། རང་རང་གི་ཞེས་སོ། །གདུག་ཅིང་གྲུབ་པ་དེ་གང་དུ་འདོད་པར་འགྲོ་ཞེས་པའོ། །ལྷ་རྣམས་ཀྱིས་སྒྲུབ་པ་པོ་དེ་ལ་རབ་ཏུ་དབུལ་ལོ་ཞེས་པའོ། །ར་ས་ཡ་ན་དུ་མ་ཞེས་པ་ནི་བཅུད་ཀྱིས་ལེན་མང་པོ་ཞེས་པའོ། །དཔག་བསམ་

ཤིང་གི་འབྲས་བུ་ཡང་། །ཞེས་པ་ཅི་འདོད་པ་འབྱུང་བར་འགྱུར་བ་ལྷའི་ལོངས་སྤྱོད་མཉམ་པར་ལྡན་པར་འགྱུར་བའི་འབྲས་བུ་ཐེ་ཚོམ་མེད་པར་འཐོབ་པར་འགྱུར་རོ། །རིག་པ་འཛིན་པ་ཀུན་གྱི་མཆོག །ཅེས་པའོ། །དངོས་གྲུབ་གོང་དུ་སྨོས་པའི་འདི་འདྲ་བ་ཐོབ་པར་འགྱུར་ཞེས་

པའོ། །འགུལ་ཏམ་གཡོས་པར་བཤད་པ་དག །ཅེས་པ་དངོས་གྲུབ་ཀྱི་ལས་གོང་དུ་བཤད་པ་དག་ཞགས་པ་གཡོས་པས་འགུལ་བར་འགྱུར་བས་དངོས་གྲུབ་ཐོབ་པར་གྱུར་པ་བཤད་པ་དེ་དག་ཅེས་པའི་ཐ་ཚིག་གོ། །གལ་ཏེ་འགྲུབ་པར་མ་གྱུར་ན། །ཞེས་པ་ཞགས་པ་འགྲུབ་པར་

མ་གྱུར་ན་ཞེས་སོ། །མ་གྲུབ་པའི་ཞགས་པས་ཀྱང་ཞེས་པ་དེ་ལྟར་སྒྲུབ་པའི་ཞགས་པས་མ་གྲུབ་ཀྱང་ཞེས་སོ། །ཡིད་ལ་འདོད་པ་ཞེས་པ། ཡིད་ལ་གང་འདོད་པ་དེ་བསམས་ནས་ཞེས་སོ། །དེ་ནི་དེ་ལ་ཕྱོགས་ནས་བཟླས། །ཞེས་པ་བསྒྲུབ་པ་དེ་ནི་གང་དགུག་པར་བྱ་བ་

Vol. 70 · folio 213b

དེ་ལ་ཁ་བལྟས་ཏེ། དེ་ལ་ཕྱོགས་སམ་ཞགས་པ་དེ་ལ་བལྟས་ནས་བཟླས་པར་བྱའོ། །བསྒྲུབ་བྱའི་མིང་དང་ཚིག་དང་བཅས། །ཞེས་པ་ཆེ་གེ་མོ་ཞིག་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་སྭཱ་ཧཱ་ཧྲཱི་ཞེས་དེ་ལྟར་སྦྱར་ཏེ་བཟླས་སོ། །ནམ་མཁའ་ནི་གང་དགུག་པར་བྱ་བ་དེ་བཞིན་དུ་ཞེས་པའོ། །

བདག་གི་དྲུང་དུ་ཞེས་པ་བསྒྲུབ་པའི་དྲུང་དུ་ཐང་ཅིག་གིས་ཞེས་པའོ། །མི་དབང་ཞེས་པ་རྒྱལ་པོའོ། །བ་ལང་དང་ནི་ཤིང་རྟའམ། །ཞེས་པ་ནོར་དང་ལྡན་པ་ཞེས་སོ། །དེ་བཞིན་འདོད་པའི་རྫས་དག་ཀྱང་། །ཞེས་པ་བདག་གང་འདོད་པའི་རྫས་ཞེས་སོ། །མཐོང་ངམ་ཡང་ན་ཐོས་ཀྱང་

རུང་། །ཞེས་པ་རྫས་དེ་དག་མ་མཐོང་ངམ་མ་ཐོས་ཀྱང་རུང་སྟེ། ཆེ་གེ་མོ་ཞིག་ཨཱ་ཀཪྵ་ཡ་ཞེས་པའི་ཚིག་དང་ལྡན་པས་སྔགས་བརྗོད་ན་འགུགས་པར་འགྱུར་རོ། །ཡུལ་གཞན་དག་ན་གནས་པ་ནི། །ཞེས་པ་ཉེ་འཁོར་ན་མི་འདུག་སྟེ། གོང་དུ་སྨོས་པ་དང་འདྲ་ཞེས་པའོ། །དམ་

ཚིག་དག་གིས་བསྐུལ་ན་ནི། །ཞེས་པ་བསྐུལ་བའི་ཚིག་དང་ལྡན་པའི་སྔགས་ཉིད་ཀྱིས་བསྐུལ་ན་ཁུགས་པར་འགྱུར་རོ། །གང་དང་གང་དགུག་པ་དེ་དག་གདོན་མི་ཟ་བར་ཁུགས་པར་འགྱུར་རོ། །གྲུབ་པ་དང་ནི་མ་གྲུབ་པ། །ཁྲོ་བོ་རྣམ་རྒྱལ་རྟོག་འདི་ལ། །ཞེས་པ་གོང་དུ་སྨོས་པའི་ལས་

འདི་དག་ནི་ཞགས་པའི་ལས་གང་གྲུབ་པ་དང་མ་གྲུབ་པ་དག་ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་འདི་ལས་ཞེས་པའོ། །ཁྲོ་བོས་གསུངས་པའི་ལས་ཀྱིས་ཞེས་པ་བེ་ཏ་ལཱི་ཡིས་ལྷ་དང་མི་གཉིས་འགུགས་པའི་ཆོ་ག་གསུངས་པའོ། །རོ་ལངས་རྟོག་པ་འདི་དག་ནི། །ཞེས་པ་རོ་ལངས་

ཀྱི་ལེའུར་གཏོགས་པ་འདི་དག་ནི་ཚུལ་བཞིན་རིམ་གྱིས་བཤད་པ་ཡིན་ནོ། །རོ་ལངས་ཞེས་བྱ་བའི་སྒྲ་ནི་ལྷ་ཉིད་རོའི་ནང་དུ་གཤེགས་པ་ལས་རོ་ལངས་པར་གྱུར་པས་ན། རོ་ལངས་ཞེས་བྱའོ། །རོ་ལངས་ཀྱི་རྟོག་པར་གཏོགས་པ་སྟེ། དྲུག་པའི་བཤད་པ་རྫོགས་སོ།། །།

བརྟུལ་ཞུགས་ཀྱི་ལེའུ་འདི་རྣམ་པ་བརྒྱད་ཀྱིས་བཤད་དེ། དེ་ཡང་དང་པོ་སྐབས་དབྱེ་བ་དང་། སྔོན་དུ་བསྙེན་པའི་གྲངས་དང་། ཆོ་ག་བཤད་པ་དང་། སྐུ་གསུམ་གྱི་མཚན་ཉིད་དང་། རི་མོའི་གཟུགས་ཀྱི་མཚན་ཉིད་དང་། བཟླས་བརྗོད་ཀྱི་ཆོ་གའི་མཚན་ཉིད་དང་། བརྟུལ་

Vol. 70 · folio 214a

ཞུགས་དང་བརྟུལ་ཞུགས་སྤྱད་ཟིན་པའི་བསྒྲུབ་པ་ལ་འཇུག་པ་རྣམས་བཤད་དོ། །འདི་ནི་ཞེས་པ་གོང་དུ་གསུངས་པའི་ཆོ་གའོ། །རིག་པ་འཛིན་པ་རྣམས་ལ་ནི། །ཞེས་པ་སྔགས་པ་རྣམས་ལ་ཞེས་སོ། །དངོས་གྲུབ་ཞི་བ་མཆོག་སྟེར་བ། །ཚུལ་བཞིན་མདོར་བསྡུས་

བཤད་པ་བཞིན། །ཞེས་པ་དངོས་གྲུབ་མཆོག་གསོལ་བར་མཛད་པའི་ཆོ་ག་འདི་རྒྱུད་ཆེན་པོ་ལས་ཚུལ་བཞིན་དུ་མདོར་བསྡུས་ནས་བཤད་པ་ཡིན་ནོ་ཞེས་པའི་དོན་ཏེ་འཕྲོ་སྦྱར་བའི་ཚིག་ཏུ་ཟད་དོ། །འདི་མན་ཆད་བརྟུལ་ཞུགས་སུ་གཏོགས་པའི་ལེའུ་སྟེ་དེ་དོན་བརྒྱད་ཀྱིས་བསྟན་པའི་དེ་ལ། དང་པོ་

སྐབས་དབྱེ་བ་ཞེས་བྱ་བའི་དོན་བཤད་དོ། །དེ་ནས་ཁྲོ་བོའི་གཙོ་བོ་ཡི། །ཞེས་པ་ནས། བསྟན་ཏེ་ཁྲོ་བོའི་གཙོ་བོ་ཡི། །ཞེས་པ། ཀྲོ་དྷ་བི་ཛ་ཡ་ཉིད་ལ། །ཞེས་སོ། །རྟོག་པར་རྨད་དུ་བྱུང་བའི་མཆོག །ཅེས་པ་ཡང་མཚན་ཕལ་པོ་ཆེ་འབྱུང་བ་ལ་བྱའོ། །ཁྲོ་བོའི་པདྨོའི་ཞལ་ནས་བྱུང་བ་དེ་ཡང་དག་

པར་རྒྱས་པར་བཤད་པར་བྱའོ་ཞེས་པའི་དོན་ཏོ། །འདི་མན་ཆད་སྔོན་དུ་བསྙེན་པའི་གྲངས་ཞེས་བྱ་བ་བཤད་དོ། །སྔགས་ཀྱི་གྲངས་ནི་བཅུ་བདུན་པོ། །ཞེས་བྱ་བ་ནས་བསྟན་ཏོ། །བཅུ་བདུན་པོ་ཞེས་པ་ལ་རྩ་བའི་སྔགས་ཡི་གེ་བཅུ་བདུན་པོ་ཉིད་དོ། །ཐོས་པ་ཙམ་གྱི་མོད་ལ་ཡང་། །ཞེས་པ་ལྷ་མ་

ཡིན་རྣམས་སོ། །རྨོངས་པར་འགྱུར་བ་ཞེས་པ་འཐོམ་པར་འགྱུར་རོ་ཞེས་པའོ། །འཇམ་དཔལ་དབྱངས་ཀྱིས་རབ་བསྐུལ་བ། །ཞེས་པ་དེ་ལྟར་རྨོངས་པར་འགྱུར་བ་ཡང་། འཇམ་དཔལ་གྱི་མཐུས་བསྐུལ་བར་དེ་ལྟར་འགྱུར་བའོ། །ཁྲོ་བོ་དེ་ཉིད་འབར་བ་དེའི། །ཞེས་པ་ཀྲོ་དྷ་བི་ཛ་

ཡ་ཉིད་ལ་བྱ་སྟེ། དེ་ཉིད་འབར་བ་དང་བཅས་པ་དེའི་ཆོ་ག་འདིར་ལེགས་པར་བཟླས་པའི་གྲངས་བཤད་པར་བྱའོ་ཞེས་སོ། །ཐོག་མར་དྲུག་འབུམ་བཟླས་པ་ནི། །ཞེས་པ་གོང་དུ་རྩ་བའི་སྔགས་ཡི་གེ་བཅུ་བདུན་པོ་དྲུག་འབུམ་བསྙེན་པ་བྱས་ནས། དེའི་འོག་ཏུ་སྐུ་གཟུགས་བྲི་བར་བྱ་

སྟེ། འདི་ནི་སྐུ་གཟུགས་བྲི་བའི་སྔོན་དུ་བསྙེན་པའོ། །དེ་ནས་བུ་དོན་ཆོ་ག་ཡིས། །ཕྱིས་ཀྱང་སུམ་འབུམ་བཟླས་པར་བྱ། །ཞེས་པ་དེ་ལྟར་སྐུ་གཟུགས་བྲིས་པའི་འོག་ཏུ་སྐུ་གཟུགས་ཀྱི་སྤྱན་སྔར་སུམ་འབུམ་བཟླས་པར་བྱའོ། །དེ་བཞིན་རི་རྩེར་འབུམ་བཟླས་ན། །འགྲུབ་པར་

Vol. 70 · folio 214b

འགྱུར་ཏེ་གཞན་དུ་མེད། །ཅེས་པ་དེ་ནས་དེ་བཞིན་དུ་རི་རྩེར་འབུམ་བཟླས་པར་བྱ་སྟེ། དེ་ལྟར་འབུམ་ཕྲག་བཅུ་བཟླས་པས་དངོས་གྲུབ་གང་འདོད་པ་འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །ཕྱིས་ནི་མཁས་པས་ཅི་འདོད་པར། །ཞེས་པ་ཆོ་ག་དེ་ལྟར་བཟླས་པའི་འོག་ཏུ་སྔགས་པས་

དངོས་གྲུབ་གང་དང་གང་འདོད་པའི་དངོས་གྲུབ་བསྒྲུབ་པ་ལ་འཇུག་པར་བྱའོ། །ཆོ་ག་མདོར་བཤད་པར་བྱ་ཞེས་པ་བསྒྲུབ་པ་ལ་ཕན་པའི་ཕྱིར་ཀྲོ་དྷ་བི་ཛའི་སྔོན་དུ་བསྙེན་པ་བྱེད་པའི་བསྒོམ་པའི་ཆོ་ག་ལ་སོགས་པའི་རིམ་པ་མདོར་བཤད་པར་བྱའོ་ཞེས་པའི་དོན་ཏོ། །གཅིག་པུ་དཔའ་བོའི་ཁྲོ་བོ་

ཉིད། །ཅེས་པ་འཁོར་མེད་པའམ། གྲངས་ཉུང་བ་ལ་མི་བྱའི། །ཁྲོ་བོའི་ཡོན་ཏན་ལ་བྱའོ། །བདུན་རྣམས་ཞེས་པ་ཁྲོ་བོའི་ཡོན་ཏན་བཤད་དོ། །ཁྲུས་ཀྱི་ཆོ་ག་ཉིན་རེ་བྱ། །ཞེས་པ་ལ་སོགས་པ་ཁྲུས་བྱས་པ་ལ་ཡང་རྣམ་པ་གཉིས་ཏེ། ཕྱི་ནང་གི་ཁྲུས་སུ་ཉིན་གཅིག་ཀྱང་དུས་

གསུམ་དུ་ཁྲུས་བྱས་ཏེ། ས་ཕུང་དང་། ཆུ་ལ་བགེགས་བསལ་བའི་ཕྱིར་རྩ་བའི་སྔགས་བརྗོད་ལ་སྤྱིའི་ཆོ་ག་དང་སྦྱར་ལ་ཁྲུས་བྱའོ། །ཁྲུས་བྱས་ནས་ཀྱང་བསྲུང་བ་དག་བྱའོ། །ཕྱག་རྒྱ་དང་སྔགས་དག་གིས་བསྲུང་། །བཾ་གི་ས་བོན་ལས་བྱུང་བའི། །ཞེས་པ་བདག་ཉིད་དང་པོ་

ཡི་གེ་ཧཱུཾ་གི་སྒོ་ནས་བཤིག་སྟེ། སྟོང་བར་བསམས་ནས་འོག་གི་རླུང་གི་དཀྱིལ་འཁོར་བསམ། དེ་ནས་དེའི་སྟེང་དུ་མེའི་དཀྱིལ་འཁོར་བསམ། དེ་ནས་དེའི་སྟེང་དུ་ཆུའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཡི་གེ་བཾ་ལས་བསྐྱེད་པའི་ཡིད་ཀྱི་པདྨོའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་

སྟེང་དུ་ས་བོན་ཧཱུཾ་ལས་བྱུང་བའི་བེ་ཅོན་བསྒོམས་པས། དེ་ནས་དེ་ལས་རིམ་གྱིས་ཁྲོ་བོའི་བསྐུར་བསྒྱུར་ཏེ། དེ་ལས་སྐུར་བསྒྱུར་ཟིན་པའི་འོག་ཏུ་ཁྲོ་བོའི་སྐུ་ལ་སྔགས་འདི་རྣམས་སོ་སོར་བཀོད་པས་བསྲུང་བ་དང་། བྱིན་གྱིས་རློབ་པར་འགྱུར་རོ། །ཡི་གེ་འདི་ཀུན་ཀྱང་ཉི་མའི་

དཀྱིལ་འཁོར་ལ་བསམ་མོ། །ཡིད་ཀྱི་པདྨའི་གདན་ལ་འདུག །ཅེས་པ་ཀྲོ་དྷ་བི་ཛ་ཡ་དང་བེ་ཏ་ལཱིར་སྐུར་བསྒོམས་ནས་ཆོ་ག་ལ་བྱའོ། །དེ་ལ་ཁྱད་པར་དུ་སྐུའི་ཆ་ལུགས་དང་། ཕོ་མོའི་བྱེ་བྲག་ཙམ་ཞིག་ཡོད་དོ་ཞེས་པའོ། །བརྟག་པར་བྱ་སྟེ་བསྒོམ་མོ། །བརྟགས་ནས་ཀྱང་

Vol. 70 · folio 215a

བསྒོམ་ཞེས་སོ། །ཡི་གེ་ཨོཾ་ཞེས་པ་སྐུར་བསྒྱུར་བ་ལ་ཞེས་སོ། །མིག་གཉིས་ལ་ཡི་གེ་ཨ་ཞེས་པ་དབུ་དྲུག་ཡོད་པའི་སྤྱན་གཉིས་པོ་ལ་ཡི་གེ་ཨ་བསམ་མོ། །གཉིས་ནི་མིག་ལ་བལྟས་ཏེ་དེ་སྐད་ཅེས་བྱའོ། །དངོས་ནི་ལྷའི་སྐུར་བསྒྱུར་ནས་སྤྱན་གསུམ་ལ་

ཨ་དགོད། སྔགས་ནི་ཡི་གེ་བཅུ་བདུན་པོ། །ཞེས་པ་དེ་ལྟར་བྱས་པའི་འོག་ཏུ་རྩ་བའི་སྔགས་བཟླས་ཤིང་ཁྲོ་བོའི་རྒྱལ་པོ་ཡང་དྲན་པར་བྱའོ། །དྲན་ནས་ཞེས་པ་ཏིང་ངེ་འཛིན་གྱིས་སོ། །རང་གི་ལུས་ལ་སྔར་བཞག་པ། །སྙིང་གར་སྙིང་པོ་གཞག་པར་བྱ། །ཞེས་པ་སྔར་ཁྲོ་བོའི་སྐུར་བསྒྱུར་

བའི་སྙིང་པོ་ཧཱུཾ་དེ་དག་ལྷར་བསྒྱུར་བའི་སྙིང་གར་ཡང་གཞག་པར་བྱའོ། །དེ་ནས་ཁྲོ་བོའི་མཚོག་མ་ཡིས། །ཞེས་པ་དེ་ནས་ཁྲོ་བོའི་མཚོག་མའི་སྔགས་ཀྱིས་བདག་གི་མཚོག་མར་ཡང་བསམ་པར་བྱ་བ་ནི་བདག་གི་ལག་གིས་མཚོག་མར་རེག་པར་བྱས་ནས་མཚོག་མའི་སྔགས་དགོད་པར་

བྱའོ། །ཕྱིས་ནི་གཙུག་ཏུ་གཞག་པར་བྱ། །ཞེས་པ་སྔར་མཚོག་མའི་སྔགས་བཀོད་ནས་དེའི་འོག་ཏུ་སྤྱི་གཙུག་གི་སྔགས་ཀྱང་བདག་གི་སྤྱི་གཙུག་སྔར་གཞག་པ་བཞིན་དུ་དགོད་པར་བྱའོ། །དེ་ནས་ལུས་ལ་ཆོ་ག་ཡང་། །ཞེས་པ་ཆོ་གའི་སྔགས་ཀྱིས་གནས་ལྔར་དགོད་པ་ནི་བདག་གི་

ལག་པས་གནས་གནས་སུ་རེག་པར་བྱ་ཞིང་སྔགས་དགོད་དོ། །མཚོན་ཆའི་སྔགས་ལག་མཐིལ་གཉིས་སུ་དགོད་དེ། ཕྱག་མང་པོ་ཀུན་ལ་ཡང་བསམ་ཞེས་བྱའོ། །རང་གི་དམ་ཚིག་ལྡན་པའི་རྒྱ། །ཞེས་པ་རང་གི་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་སྔར་བཅིངས་ནས། དེའི་

འོག་ཏུ་རོ་ལངས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ཡང་ཐལ་མོ་སྦྱར་བ་སྤྱི་བོར་བཞག་སྟེ། ན་མོ་བུདྡྷ། དྷརྨ། སཾ་གྷ་བྱ་བའི་སྔགས་བརྗོད་པ་ནི། རང་གི་དམ་ཚིག་སྔར་བསྟན་ནས། །ཞེས་པའི་དོན་ཏོ། །དེའི་འོག་ཏུ་རོ་ལངས་ཀྱི་ཕྱག་རྒྱ་དག་བཅིང་བར་བྱའོ་ཞེས་པ་ཁ་ཅིག་འཆད་དོ། །

སྔགས་དང་ཕྱག་རྒྱ་ལྡན་པར་བཅིང་བར་བྱའོ། །རང་གི་དམ་ཚིག་དང་ལྡན་པའི་ཕྱག་རྒྱ་ཞེས་བྱ་སྟེ། དེ་ཡང་བེ་ཅོན་གྱི་ཕྱག་རྒྱ་དང་། བེ་ཏ་ལཱིའི་ཕྱག་རྒྱ་གཉིས་ཆོ་ག་བཞིན་དུ་བཅིང་བར་བྱའོ་ཞེས་པའོ། །ཁྲོ་བོའི་གཙོ་བོ་རོ་ལངས་མ། །ཞེས་པ་རོ་ལངས་ཀྱི་ཕྱག་རྒྱ་དེ་ཡང་རང་གི་

Vol. 70 · folio 215b

སྙིང་གར་བཅིང་བར་བྱའོ། །དེ་ནས་གནས་ལྔར་གཏུགས་ཏེ་དགྲོལ་ལོ། །དེ་བཞིན་བེ་ཅོན་ཕྱག་རྒྱ་ཡང་། །ཞེས་པ་ལ་སོགས་པ་བེ་ཅོན་གྱི་ཕྱག་རྒྱ་ལས་མཚོན་ཆའི་ཕྱག་རྒྱ་ཐམས་ཅད་ཀྱི་འབྱུང་བ་ཕྱག་རྒྱ་དེ་ཐམས་ཅད་ཀྱི་རྩ་བའམ་གནས་སུ་གྱུར་པ་ནི་བེ་ཅོན་གྱི་ཕྱག་རྒྱ་ལ་བྱའོ། །

ཕྱག་རྒྱ་དེ་ཡང་ལག་པ་གཡས་པས་བཅིང་བར་བྱའོ། །བེ་ཅོན་གྱི་ཕྱག་རྒྱ་འདིས་ལས་ཐམས་ཅད་བྱའོ། །ཁྲོ་བོའི་སྐུ་གཟུགས་ལ་མཆོད་པ་བྱ་བ་དག་ལ་འཇུག་པར་བྱའོ། །མཆོད་པ་བྱ་བ་ལ་ཡང་སྔར་བཤད་པ་དང་། ད་འདིར་བཤད་པའི་མཆོད་པའི་རྫས་དག་གིས་

མཆོད་པར་བྱའོ། །གཟུགས་དེ་ལ་དེ་ལྟར་མཆོད་པར་བྱས་པས་ན། ཡིད་ལ་གང་འདོད་པའི་དངོས་གྲུབ་ཐམས་ཅད་གང་སྩོལ་བར་མཛད་དོ། །དེ་ལྟར་མཆོད་པ་བྱ་བ་ཡང་གང་དུ་བྱ་ཞེ་ན་གསུངས་པ། ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་དུ་མཆོད་པ་བྱ་བ་དང་། གཞན་དུ་

ཡང་རིན་པོ་ཆེའམ། ཤིང་དག་ལ་སོགས་པ་ལ་གཟུགས་སམ་རི་མོ་ལ་ཕྱིའི་མཆོད་པ་འབྱོར་ན་བྱའོ། །གཟུགས་དེ་དག་ལ་ཡང་ཡིད་ཀྱིས་མཆོད་པ་རྒྱ་ཆེན་པོ་དག་བྱའོ། །དྲི་ཞིམ་དང་ཞེས་པ་མེ་ཏོག་གི་ཡོན་ཏན་ཏེ་མཆོད་པའི་རྫས་ལ་མཆོད་པར་བྱའོ། །སྤོས་ཆུ་དག་

གི་ས་ལའམ། །ཞེས་པ་ལ་སོགས་པ་གུར་གུམ་དང་། ཙནྡན་བསྲེས་པ་དག་གི་ཆུས་ས་ལ་དཀྱིལ་འཁོར་བྱས་ཏེ་མཆོད་དམ་ཡང་ན་གཟུགས་དག་ལ། དེ་དག་གིས་གཏོར་བས་མཆོད་པ་བྱའོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་སྐུ་གཟུགས་ཀྱི་མཚན་ཉིད་

བཤད་དོ། །སྐུ་གཟུགས་མཚན་ཉིད་བཤད་པར་བྱ། །ཞེས་པ་འདོད་པ་ཐམས་ཅད་ཀྱི་དོན་བསྒྲུབ་པའི་སྐུ་གཟུགས་ཀྱི་མཚན་ཉིད་དེ། དེ་ལྟར་སྐུ་གཟུགས་དག་ལ་མཆོད་པར་བྱ་བའི་མཚན་ཉིད་བཤད་པར་བྱའོ་ཞེས་པའོ། །སྔར་བསྙེན་ཆོ་ག་བཞིན་བྱས་ནས། །ཞེས་པ་སྔར་

བཤད་པ་བཞིན་དུ་སྔོན་དུ་བསྙེན་པའི་ཆོ་ག་བཞིན་དུ་བྱས་ནས་དེའི་འོག་ཏུ་བཟོ་བོ་མཁས་པ་ལ་སྐུ་གཟུགས་བྱེད་དུ་གཞུག་གོ། །བཟོ་བོ་ཡང་ཁྲིམས་འཛིན་དུ་བཅུག་ལ། ཁྲུས་བྱས་ལ་འཇུག་པར་བྱའོ། །རྒྱུ་གང་ལས་གཟུགས་བྱ་བའི་རྒྱུ་དེ་ལས་སྤྱན་དྲངས་ཏེ། བྱིན་གྱིས་

Vol. 70 · folio 216a

རློབ་པར་གསོལ་བ་གདབ་པོ་ཞེས་སོ། །གསེར་རམ་ཞེས་པ་སྐུ་གཟུགས་ཀྱི་རྒྱུ་དག་ལ་བྱའོ། །མཆིང་བུ་ཤེལ་དང་རིན་ཆེན་དང་། །ཞེས་པ་ཨིནྡྲ་ནཱི་ལ་མ་གཏོགས་པའི་རིན་ཆེན་རྣམས་ལ་བྱའོ། །རྒྱལ་སྲིད་འདོད་པས་གསེར་ལས་བྱས། །ཞེས་པ་རྒྱུ་གང་དང་

གང་དག་ལས་གཟུགས་བྱས་ན། ལས་དེ་དག་འགྲུབ་པར་བཤད་དོ། །ལོངས་སྤྱོད་འདོད་པས་དངུལ་ལ་བྱ། །ཞེས་པ་ཕ་རོལ་པོ་གཞན་ཞེས་སོ། །འཁར་བས་བྱས་ཞེས་པ་ཞི་ཞེས་སོ། །མཆིང་བུ་རྣམ་པ་སྣ་ཚོགས་པ། །ཞེས་པ་མཆིང་བུ་མི་འདྲ་བ་རྣམ་པ་སྣ་ཚོགས་པ་གང་

ཡང་རུང་བ་ལས་ཞེས་སོ། །རིན་ཆེན་ལས་བྱས་ཞེས་པ་རིག་པ་འཛིན་པ་ཐོབ་པའི་ལས་ཞེས་པའོ། །ས་འོག་ཅེས་པ་ཨ་རུ་ར་ཞེས་པའོ། །དངོས་གྲུབ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་སྐུ་གཟུགས་ཆེ་ཆུང་གི་ཚད་རྣམས་བཤད་པར་བྱའོ་ཞེས་པ་ནི། གསེར་ལ་སོར་བརྒྱད་

ཙམ་དུ་བྱ། །ཞེས་པ་ཞབས་ཡན་ཆད་དབུ་མན་ཆད་ཀྱི་བར་དུ་ཚད་ལ་བྱ་སྟེ། སོར་མོའི་སོར་ལ་བྱ་ཞེས་པའོ། །མཆོད་ན་ཞེས་པ་མཆོད་ཅིང་བསྒྲུབས་ན་ཞེས་སོ། །མི་གཡོ་ཞེས་པ་བརྟན་པའོ། །ར་གན་གྱིའམ། ཟངས་ཀྱི་ཚད་ལས་སོར་གཉིས་ལྷག་པར་བྱ་ཞེས་པའོ། །

མཆིང་བུ་ལས་ནི་སོར་བརྒྱད་ཤེས། །ཞེས་པ་མཆིང་བུ་གང་ཡང་རུང་བ་ལ་བྱས་པའི་ཚད་ཅེས་སོ། །ཤེལ་ནི་སོར་གྲངས་བཅུ་གཉིས་སོ། །ཞེས་པ་ཨིནྡྲ་ནཱི་ལ་མ་གཏོགས་པ་རིན་པོ་ཆེ་གང་ཡང་རུང་བ་ལ་བྱའོ། །དེ་ལྟར་ཇི་སྐད་གསུངས་པའི་ཚད་ཀྱི་སྐུ་གཟུགས་འདོད་པ་ཐམས་

ཅད་གསོལ་བར་མཛད་པ་དེ་དག་ཅེས་སོ། །དངོས་གྲུབ་འདོད་པའི་སྔགས་པས་ལེགས་པར་བསྒྲུབ་ཅིང་མཆོད་པར་བྱའོ། །ཡན་ལག་མ་ཉམས་གསལ་ལ་བཟང་། །ཞེས་པ་སྐུ་གཟུགས་དེ་དག་གི་སྤྱིའི་མཚན་ཉིད་འདྲ་བ་བྱས་ཏེ་ཀུན་ལ་སྦྱར་རོ། །བརྟག་པ་བཟོ་བོ་མཁས་པས་

བྱས། །ཞེས་པ་བཟོ་བོ་མཁས་པ་བྱེད་དུ་གཞུག་གོ། །མཚན་ཉིད་སྔ་མ་དག་དང་ལྡན། །ཞེས་པ་སྐུ་གཟུགས་དེ་དག་ཀྱང་ཡི་དགས་ཕལ་པོ་ཆེའི་སྐབས་སུ་གཟུགས་བཤད་པའི་མཚན་ཉིད་དང་ལྡན་པར་བྱ་ཞེས་ཇི་ལྟར་བྱ་བའི་ཐབས་བསྟན་པའོ། །མཚོན་ཆ་བཟང་པོས་རྒྱས་

Vol. 70 · folio 216b

པར་བྱས། །ཞེས་པ་ཕྱག་ན་མཚོན་ཆ་བཟང་པོ་དག་གིས་རྒྱས་པར་བྱའོ། །ཡི་དགས་ལ་བཅིངས་ཞལ་ཡང་དྲུག །ཅེས་པ་ཡི་དགས་ཀྱི་སྟེང་ན་བཞུགས་ཏེ། ཡི་དགས་བརྐྱང་བསྐུམ་དེ་དག་ཉིད་ལ་བྱའོ། །སྤྱན་གསུམ་འཇིགས་པར་ཞེས་པ་དབུ་མ་དང་གསུམ། ཁྲོ་བོའི་སྤྱན་དུ་བྱ་

ཞེས་པའོ། །མི་མགོ་ཡི་དགས་མགོ་བོ་རྣམས། །ཞེས་པ་མི་མགོ་བོ་ཅན་དང་ལྡན་པའི་ཡི་དགས་ཕྲེང་བ་རྣམས་སེ་རལ་ཁར་ཐོགས་པའོ། །ན་བཟའ་སྟག་ལྤགས་ཤམ་ཐབས་སོ། །ཞེས་པའོ། །སྔ་མའི་ཚུལ་དུ་ཡོངས་རྫོགས་པར། །ཞེས་པ་སྐུ་གཟུགས་ཀྱི་མཚན་ཉིད་སྔར་བཤད་པའི་ཚུལ་

དུ་ཞེས་སོ། །སྔགས་པས་བཟོ་བོ་བྱེད་དུ་གཞུག །ཅེས་པ་དེ་ལྟ་བུའི་སྐུ་གཟུགས་དག་སྔགས་པས་བཟོ་མཁས་པ་དག་བྱེད་དུ་གཞུག །དེ་ཡན་ཆད་ནི་ཁམ་ལས་བྱུང་བའི་རྫས་ལས་སྐུ་གཟུགས་བྱའོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ནི་ཤིང་ལས་བྱ་བ་བཤད་

དོ། །ཡང་ན་ཤིང་གི་སྙིང་པོ་ལ། །ཞེས་པ་ཡང་ཤིང་གི་སྙིང་པོ་དག་ལས་ཀྱང་སྐུ་གཟུགས་བྱ་སྟེ། དེ་ལ་ཤིང་གི་སྙིང་པོ་ཞེས་བྱ་བ་ནི་ཤིང་སྤྱི་ལ་བྱ་སྟེ། ཤིང་ཡོན་ཏན་ལྡན་པ་མཚན་མ་བཟང་པོ་ལ་བྱ་བའི་དོན་ཏོ། །བྱས་ནས་རྟག་པར་མཆོད་པར་འགྱུར། །ཞེས་པ་ཤིང་

མཆོག་ཏུ་བཟང་པོ་ལས་སྐུ་གཟུགས་བྱས་ནས་རྟག་ཏུ་མཆོད་ཅིང་བསྒྲུབ་པར་བྱའོ། །དེ་ནས་ཤིང་ལས་བྱས་པ་ཡི། །སྐུ་གཟུགས་ཚུལ་བཞིན་བཤད་པར་བྱ། །ཞེས་པ་དེ་ནས་ཤིང་ལས་བྱས་པའི་སྐུ་གཟུགས་ཚུལ་བཞིན་དུ་བཤད་པར་བྱའོ། །གཙང་མ་འདོད་པ་ཀུན་སྟེར་བ། །

ཞེས་པ་ཤིང་ལས་བྱས་པ་དེ་དག་གཙང་མ་འདོད་པ་ཐམས་ཅད་སྟེར་བར་མཛད་པའི་སྐུ་གཟུགས་དེ་ཡང་གོང་མ་བཞིན་དུ་སྦྱར་བར་བྱའོ། །རིག་འཛིན་ཀུན་གྱི་མཆོག་འདོད་ན། །ཞེས་པ་རིག་འཛིན་གྱི་རྒྱལ་པོར་འདོད་ན་ཞེས་སོ། །ཙནྡན་ཞེས་པ་དཀར་པོ་ཞེས་སོ། །ར་ཙ་ཨརྐའི་

ཞེས་པ་ཤིང་གི་མིང་ངོ་། །བྱས་པའང་ཞེས་པ་སྐུ་གཟུགས་བྱས་པ་ཡང་འདོད་པའི་དོན་རྣམས་སྟེར་ཞེས་སོ། །སར་པ་ཞེས་པ་ནི། རྙིང་པ་མ་ཡིན་ཞེས་པའོ། །དེ་བཞིན་ཏཱ་ལ་ཤིང་དག་ལས། །ཞེས་པ་ཨ་ཏི་མུག་ཏ་ཀའི་ཤིང་ལ་བྱ་ཞེས་པའོ། །དེ་བཞིན་ཀླུ་རྣམས་འགུགས་

Vol. 70 · folio 217a

པར་བྱེད། །ཅེས་པ་འདི་རྣམས་ཀྱང་འགུགས་ན། གཞན་ལྟ་ཅི་སྨོས་ཞེས་སོ། །སྔར་བསྙེན་པ་ལ་སོགས་མ་བྱས་པར། །ཞེས་པ་བསྒྲུབ་པའི་སྔོན་དུ་བསྙེན་པའོ། །འདི་ནི་སྐུ་གཟུགས་མཚན་ཉིད་དག །བཟང་པོ་རྒྱས་པར་གསུངས་པ་བཞིན། །ཞེས་པ་སྐུ་

གཟུགས་ཆེ་ཆུང་གི་ཚད་འདི་བཞིན་དུ་སྔགས་པས་མི་བསྒོམ་དུ་མི་རུང་ཞེས་བྱ་བ་མེད་དེ་ཇི་ཙམ་འདོད་པའི་ཚུལ་དུ་བསྒོམ་མོ། །འདི་མན་ཆད་རི་མོའི་སྐུ་གཟུགས་ཀྱི་མཚན་ཉིད་བཤད་དོ། །རི་མོའི་མཚན་ཉིད་བཤད་པར་བྱ། །ཞེས་བྱ་བ། རས་དག་ལ་རི་མོ་བྲིས་པ་ཙམ་མཚན་ཉིད་

བཤད་པར་བྱའོ། །མི་རོའི་གོས་བཟང་བཀྲུས་ནས་ནི། །ཞེས་པ་ལ་སོགས་པ་མི་རོ་ལ་གཡོགས་པའི་རས་བཟང་པོ་བཀྲུས་ཏེ་སྔགས་པས་ཁྲུ་གང་གི་ཚད་དུ་བྱས་པའི་རས་ལ་ཞེས་པའོ། །ཚོན་གྱི་ཁ་དོག་ཀུན་མེད་པར། །རི་བོང་ཁྲག་གིས་བྲི་བར་བྱ། །ཞེས་པ་ཚོན་རྩི་གཞན་མེད་

པར་མ་འདྲེས་པ་དང་། རི་བོང་གི་ཁྲག་དང་བཙག་གིས་བྲི་བར་བྱའོ། །ཡང་ན་དེ་ཡི་སྐུ་གཟུགས་ནི། །སྔ་མ་བཞིན་དུ་བཙག་གིས་བྲི། །ཞེས་པ་ཡང་ཁྲོ་བོའི་གཟུགས་ནི་རི་བོང་གི་ཁྲག་ལས་བྲིས་པ་བཞིན་དུ་བཙག་གིས་བྲི་བར་བྱའོ། །རི་མོ་འདི་ཡང་ཚུལ་འདི་བཞིན་དུ་བྲི་བར་བྱ་བ་སྟེ།

ཞལ་དྲུག་དབུ་ཡང་གྱེན་དུ་བརྫེས། །ཞེས་པ་དབུ་སྐྲ་ཁམ་པ་གྱེན་དུ་བྱས་པའོ། །སྨིན་མ་སེར་ཞིང་སྤྱན་ཡང་སེར། །ཞེས་པ་སེར་པོར་བྱ་བ་འདི་དག་ཚོན་སེར་པོར་ཁ་དོག་ཅུང་ཟད་གཅིག་པས་བྱའོ། །སྤྱན་ནི་ཟླུམ་པོ་གསུམ་དང་ལྡན། །ཞེས་པ། ཁྲོ་བོའི་སྤྱན་ནི་ཚུལ་དུ་བྲི། །

ཞེས་པའོ། །གཡས་པའི་ཕྱག་ནི་མཆོག་སྦྱིན་དང་ཏྲི་ཤཱུལ་དང་རལ་གྲི་དང་དགྲ་སྟ་དང་བེ་ཅོན་དང་ལྕགས་ཀྱུ་བསྣམས་པའོ། །ཁྲོས་པའི་ཕྱག་གཡོན་བསྡིགས་པར་མཛད། །ཅེས་པའི་ཕྱག་གཡོན་པ་དྲུག་ལ་སྡིགས་མཛུབ་དང་མདུང་དང་མདའ་ཆེན་པོ་དང་དབྱུག་ཐོ་དང་ཐོད་པ་དང་ཞགས་

པ་སྟེ་ཕྱག་མཚན་འདི་རྣམས་ཐོགས་ཞེས་བྱ་བའི་ཐ་ཚིག་གོ། །གཡོན་པའི་ཞལ་ཞེས་པ་ཞལ་གདངས་པའི་ཚད་དམ་ཞེས་པའོ། །མཁས་པས་རི་མོ་བྲི་བར་བྱ། །ཞེས་པ་སྔགས་པས་དེ་ལྟ་བུའི་ཚུལ་དུ་རི་མོ་བྲི་བར་བྱའོ། །མཁས་པས་རི་མོ་དེ་ལྟར་གློ་གཉིས་དག་ཏུ་ཡང་། །ཞེས་པ་

Vol. 70 · folio 217b

རི་མོ་སྐུ་གཟུགས་དེའི་གློ་ཕ་རོལ་ཚུ་རོལ་གཉིས་སུ་ཡང་། ཕྱག་རྒྱའི་གཟུགས་ཀྱི་ལྷ་གཉིས་བྲི་བར་བྱའོ། །གཡས་སུ་སྐྱེས་པ་ཁྲོ་བོའི་གཟུགས། །ཞེས་པ་དབུས་ཀྱི་སྐུ་གཟུགས་ལས་གཡས་རོལ་དུ་ཞེས་པའོ། །བསྡིགས་ཤིང་ཞལ་ནི་ཁྲོ་གཉེར་ཅན། །ཞེས་པ་ཕྱག་གཡོན་པ་ཁྲོ་

བོའི་མཛུབ་མོ་བསྡིགས་པ་བྲང་དུ་འཛིན་ཞེས་པའོ། །ཞལ་དང་སྤྱན་ནི་ཁྲོས་པའི་ཚུལ། །ཞེས་པ་ཁྲོ་བོ་དེ་ལྟ་བུའི་ཚུལ་དུ་པདྨའི་སྟེང་ན་བཞུགས་པར་བྲི་ཞེས་པའོ། །གཡོན་དུ་རོ་ལངས་མ་བྲི་བ། །ཞེས་པ་དབུས་སུ་སྐུ་གཟུགས་ལས་གཡོན་རོལ་དུ་ལྷ་མོ་བེ་ཏ་ལཱི་བྲི་བར་བྱའོ་ཞེས་སོ། །

འབར་བའི་ཁ་ལ་གཟི་མདངས་ཆེ། །ཞེས་པ་མེ་ཏོག་འབར་བའི་འོད་གཟི་བརྗིད་ཆེ་ཞེས་སོ། །གཏུམ་མོ་དུ་གུལ་གོས་གྱོན་མ། །ཞེས་པ་གསོ་མ་འདྲ་བའི་ཤིང་ཤུན་པ་ཅན་ལས་དུ་གུལ་གྱི་རས་བྱེད་དེ་སླེའུ་རས་དཀར་པོ་འདྲ་བའི་ཁ་དོག་ཅིག་ཡོད་དོ། །ཡང་ན་ཤིང་ཤུན་གྱི་རས་ཁ་དོག་དཀར་པོ་ཅིག་

ཡོད་དོ། །དེས་སྟོད་གཡོགས་དང་། སྨད་གཡོགས་བྱས་པའི་རས་ལས་ཀྱང་དུ་གུལ་གྱི་རས་བྱེད་དེ། དེ་ནི་ཚོན་རྩི་དཀར་པོས་བྲི་བའི་རིགས་སོ། །གཟི་བྱིན་རབ་ཏུ་སྡིགས་པར་བྱེད། །ཅེས་པ་ཕྱག་གཡས་པ་ཁྲོ་བོའི་ཁུ་ཚུར་གྱིས་བསྡིགས་པ་བྲང་དུ་འཛིན་པ་གཡས་བརྐྱང་བའི་ཚུལ་

དུ་བཞུགས་པ་བྲི་སྟེ། སྐུ་མདོག་ཉི་ཚེ་དམར་པོ་བྲི། །ཁྲོས་པའི་ཚུལ་ཞེས་པ་ཁྲོ་བོའི་མིག་ཅེས་པའོ། །བདེ་གཤེགས་སྲས་ཀྱི་བཀའ་ནོད་མ། །ཞེས་པ། བཀའ་བཞིན་དུ་བྱེད་པ་སྐུ་གཟུགས་གཉིས་ཀ་ཁྲོ་བོ་ལ་བལྟས་པར་བྲི། །དེ་ཡང་བཀའ་བཞིན་བྱེད་པའི་ཚུལ་དུ་བྲི་སྟེ་པདྨའི་

སྟེང་ན་བཞུགས་པར་བྲིའོ་ཞེས་སོ། །གསང་བའི་ཕྱག་རྒྱ་རི་མོ་འདི། །ཞེས་པ་སྣོད་མ་ཡིན་པ་ལ་གསང་བའི་སྐུ་གཟུགས་འདི་གཉིས་རི་བོང་གི་ཁྲག་གམ་བཙག་གིས་བྲི་བར་བྱའོ། །དབེན་པའི་གནས་སུ་གཞག་པར་བྱ། །ཞེས་པ་མི་མི་འདུ་བའི་ཕྱོགས་སུ་དབེན་པར་གཞག་གོ། །

ཆོ་ག་ཤེས་པས་བེ་ཅོན་རྒྱ། །སྐུ་གཟུགས་ལ་ནི་བཟླས་པར་བྱ། །ཞེས་པ་སྐྱེས་བུ་ཁྲོ་བོའི་གཟུགས་དེ་ལ་བེ་ཅོན་གྱི་ཕྱག་རྒྱ་དང་ལྡན་པའི་སྔགས་བཟླས་ན་བེ་ཅོན་གྱི་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །ཡང་ན་རོ་ལངས་ཕྱག་རྒྱ་ནི། །ཞེས་པ་རོ་ལངས་ཀྱི་ལྷ་མོའི་གཟུགས་ལ་བཟླས་ན། རོ་

Vol. 70 · folio 218a

ལངས་ཀྱི་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །དབེན་ཞིང་འདུ་འཛི་མེད་པར་ནི། །བཞག་ནས་ཉིན་རེ་མཆོད་པར་བྱ། །ཞེས་སྐུ་གཟུགས་དེ་ཡང་མི་མི་འདུ་བའི་གནས་སུ་ཉིན་རེ་ཞིང་རྟག་ཏུ་མཆོད་པ་དུས་གསུམ་དུ་བྱའོ་ཞེས་སོ། །ཡང་ན་ཕྱག་རྒྱའི་དཀྱིལ་འཁོར་དུ། །ཞེས་

པ་ཡང་ན་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་དུ་ཞེས་སོ། །མཉམ་གཞག་དངོས་གྲུབ་འདོད་པ་ཡི། །ཞེས་པ་སེམས་རྩེ་གཅིག་ཏུ་བཞུགས་པས་ཞེས་སོ། །མཆོད་པ་དང་ནི་བཟླས་པ་བྱ། །ཞེས་པ་རི་མོའི་སྐུ་གཟུགས་དེ་ལ་ཞེས་པའོ། །བདག་གི་ཕྱག་རྒྱ་བསྒྲུབ་པ་ལ། །ཞེས་པ་ལ་

སོགས་པ་ཕྱག་རྒྱ་དེ་གཉིས་གང་བསྒྲུབ་པ་ལ་བདག་གིས་ཕྱག་རྒྱ་བསྒྲུབ་པ་ཞེས་བྱ་སྟེ། ཕྱག་རྒྱ་དེ་བསྒྲུབ་པ་རི་མོའི་ཚུལ་དུ་བཤད་པ་ཡིན་ནོ། །འདི་མན་ཆད་ཁྲོ་བོའི་རྒྱལ་པོ་གཅིག་པུ་བྲི་བའི་ཆོ་ག་བཤད་པར་བྱའོ། །རི་མོ་རས་བཟང་བཀྲུས་ནས་ནི། །ཁྲུ་གང་ཚད་དུ་བྱས་པ་ལ། །ཞེས་

པ་མི་ཤི་མ་ཐག་ཏུ་ཁྲུས་བྱས་ཏེ། རས་ཡུག་གཅིག་གིས་རོ་ལ་གཡོགས་པ་དེ་བཀྲུས་ལ། རས་དེ་ཁྲུ་གང་ཚད་དུ་བཅད་ལ་ཞེས་སོ། །ཚོན་རྩི་སྤྱིན་མེད་བཟང་པོས་བྲི། །ཞེས་པ་སྤྱིན་མེད་པའི་ཚོན་རྩི་བཟང་པོས་རི་མོ་བྲི་བར་བྱའོ། །སྤྱིན་ནི་ནག་པོ་འདྲ་བ་ཡིས། །ཞེས་པ་སྐུ་མདོག་སྔོན་

པོར་བྲི་ཞེས་པའོ། །སྔ་མ་བཞིན་དུ་བྲི་བར་བྱ། །ཞེས་པ་ལ་སོགས་པ་ཆ་ལུགས་དང་། ཕྱག་མཚན་སྔར་བཤད་པ་བཞིན་དུ་བྲིས་ཏེ། དེ་ནི་རི་མོ་སྐུ་གཟུགས་བྲིས་པ་ཡང་སྔར་བཤད་པ་བཞིན་དུ་ཐོག་མར་བསྙེན་པ་དྲུག་འབུམ་བྱས་ནས་དེའི་འོག་ཏུ་རི་མོ་བྲི་བར་བྱའོ། །ཉིན་རེ་རྟག་ཏུ་མཆོད་

ནས་ཀྱང་། །ཞེས་པ་ཉིན་རེ་ཞིང་དུས་གསུམ་དུ་མཆོད་པ་བྱ་ཞེས་སོ། །རབ་ཏུ་དབེན་པར་བཞག་ནས་ཀྱང་། །ཞེས་པ་མི་དག་མི་འདུ་བ་དབེན་པའི་གནས་སུ་ཕྱོགས་སུ་བཞག་ནས་དེའི་མདུན་དུ་བཟླས་པར་བྱ་ཞེས་པའོ། །འདི་མན་ཆད་བཟླས་བརྗོད་ཀྱི་ཆོ་གའི་མཚན་ཉིད་བཤད་དོ། །དེ་ལྟར་བཟླས་བརྗོད་བྱ་

བའི་ཐབས་བཤད་དེ། རི་མོ་བཀྲམ་ནས་མཆོད་པ་བྱས་ཏེ། །ཞེས་པ་མདུན་དུ་རི་མོ་བཀྲམ་ནས་མཆོད་པ་བྱས་ནས་ཞེས་པའོ། །ཀུ་ཤའི་སྟན་ལ་ཟློས་པ་པོ་འདུག་ནས་ནི་ཞེས་པའོ། །མཉམ་པར་གཞག་ཅེས་པ་སེམས་རྩེ་གཅིག་ཏུ་ཞེས་སོ། །མགོ་ནི་རྨ་བྱ་བཞིན་བཀུག་སྟེ། །ཞེས་

Vol. 70 · folio 218b

པ་ལུས་དྲང་པོར་བསྲང་སྟེ་མགྲིན་པ་ཡིད་ཙམ་བཀུག་ལ་ཞེས་སོ། །རྩེ་གཅིག་སེམས་ཀྱིས་བཟླས་བྱས་ཏེ། །ཞེས་པ་དུས་གསུམ་དུ་ཟློས་པའི་ཚེ་མཚན་ཉིད་དེ་དང་སྦྱར་ཞེས་སོ། །དེ་ལྟར་འབུམ་ཕྲག་གསུམ་བཟླས་ནས། །བསྙེན་པ་བྱ་བའི་འོག་ཏུ་ནི། །ཞེས་པ་དེ་ལྟར་རི་མོ་བྲིས་པའི་འོག་ཏུ་རི་

མོའི་མདུན་དུ་སུམ་འབུམ་བཟླས་ཏེ་བསྙེན་པ་བྱས་པའི་འོག་ཏུ་ཞེས་པའོ། །དེ་ནས་རི་ཁར་གནས་བཅས་ཏེ། །ཞེས་པ་དེ་ལྟར་བཟླས་པའི་འོག་ཏུ་རིའི་རྩེ་མོར་གནས་བཅས་ཏེ་ཟས་མི་བཟའ་བར་བསྙེན་པ་འབུམ་བྱའོ། །དེ་ལྟར་འབུམ་ཕྲག་བཅུའི་བཟླས་པ་བྱའོ། །འདི་མན་ཆད་བརྟུལ་ཞུགས་ཀྱི་

ཆོ་ག་བཤད་དེ། དངོས་གྲུབ་མཆོག་དག་འདོད་པ་ཡིས། །ཞེས་དེ་ལྟར་བཟླས་པ་བྱས་པའི་འོག་ཏུ་ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་མཆོག་འདོད་པའི་སྒྲུབ་པ་པོས་དེའི་འོག་ཏུ་ཁྲོ་བོའི་བརྟུལ་ཞུགས་སྤྱད་པར་བྱའོ་ཞེས་པའོ། །རྟོག་པ་ལས་གསུངས་མི་འདོད་ན། །ཞེས་པ་རྟོག་པ་ལས་གསུངས་པའི་

དངོས་གྲུབ་མཆོག་མི་འདོད་པའི་སྒྲུབ་པ་པོས་ནི་སྔར་གསུངས་པའི་ཚུལ་དུ་སྔོན་དུ་བསྙེན་པ་འབུམ་ཕྲག་བཅུར་བཟླས་ནས། རྟོག་པ་འདི་ལས་གསུངས་པའི་དངོས་གྲུབ་འབྲིང་དང་། ཐ་མ་བསྒྲུབ་པར་གསུངས་ཞེས་སོ། །འབྲིང་དང་ཐ་མའི་དངོས་གྲུབ་དག །ཅེས་པ་འོག་ནས་

བཤད་པའི་གཞུང་དང་སྦྱར་ན་བསྙེན་པ་སུམ་འབུམ་བཟླས་ཏེ་འབྱུང་བ་བཟླས་པ་བྱའོ། །བརྟུལ་ཞུགས་མེད་ཀྱང་ལེགས་པར་ནི། །བསྒྲུབ་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་པ་དངོས་གྲུབ་འབྲིང་དང་། ཐ་མ་གཉིས་ནི་ཁྲོ་བོའི་བརྟུལ་ཞུགས་མ་སྤྱད་ཀྱང་སྔོན་དུ་བསྙེན་པ་བྱས་ནས་ཆོ་ག་

བཞིན་དུ་བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །བརྟུལ་ཞུགས་དེས་ནི་མཆོག་ཀྱང་འགྲུབ། །ཅེས་པ་ཁྲོ་བོའི་བརྟུལ་ཞུགས་སྤྱད་པའི་སྒྲུབ་པ་པོས་ནི་དངོས་གྲུབ་མཆོག་ཐོབ་པར་འགྱུར་རོ་ཞེས་སོ། །འདི་མན་ཆད་དཔའ་བོའི་བརྟུལ་ཞུགས་སྤྱད་པ་བསྟན་ཏེ། ལམ་མི་བཟུར་དང་མི་སྨྲ་བ། །

ཞེས་པ་བགྲོད་དཀའ་བ་དང་། མི་བདེ་བའི་ལམ་ནས་འགྲོ་བའི་ཚེ། མི་དང་། རྟ་དང་། གླང་པོ་ཆེ་ལ་སོགས་པ་གང་ཡང་རུང་བ་ཅིག་ལམ་དུ་ཕྲད་ན། བདག་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་བདག་ལམ་མི་བཟུར་བར་མི་འབྱོལ་ལ་དེའི་ཚེ་མི་སྨྲ་བར་བྱའོ་ཞེས་སོ། །སློང་མོ་ཟ་ཞིང་དབང་པོ་

Vol. 70 · folio 219a

བསྡམས། །ཞེས་པ་སློང་མོའི་ཟས་ཟ་ཞིང་འགྲོ་བའི་ཚེ་ཡང་ཡུལ་ལ་མི་གཡེང་བར་དབང་པོ་བསྡམ་མོ་ཞེས་པའོ། །སེང་ལྡེང་དབྱུག་པ་འདོམ་གང་པ། །ཞེས་པ་སེང་ལྡེང་ལས་བཞོགས་པ་ཐ་ལམ་པ་སྲ་བ་བཟང་པོ་སྡུ་གུ་འདོམ་གང་པ་བདག་གི་ལག་ཏུ་ཐོགས་སོ། །

དེ་ནི་དཔའ་བོའི་རྐྱེན་དུ་ཡོངས་ཀྱིས་སྲིད་པའི་ཕྱིར་རོ། །འགྲོ་བའི་ཚེ་རྩ་བའི་སྔགས་བཟླས་སོ། །བགྲོད་དཀའ་བ་ཡི་ལམ་ནས་འགྲོ། །ཞེས་པ་ལམ་ཐམས་ཅད་ཐ་ལམ་དང་ལམ་པོ་ཆེ་དང་ཐང་བུ་ས་བདེ་བ་དག་ལ་འགྲོ་བར་མི་བྱ་སྟེ། གལ་ཏེ་དེ་དག་ཏུ་སོང་ན་བདག་གམ་ཕ་རོལ་པོ་རྣམས་མ་རུང་བར་འགྱུར་བས་ནི་མི་དག་མི་འདུ་བ་

དང་བགྲོད་དཀའ་བ་ནས་འགྲོ་སྟེ། བརྒྱ་ལ་མི་དང་། རྟ་དང་། གླང་པོ་ཆེ་དང་། གང་ཡང་རུང་བ་དང་ཕྲད་པར་གྱུར་ན་ལམ་མི་བཟུར་བར་དྲང་ཐད་དུ་འགྲོ་བའོ་ཞེས་སོ། །བརྟུལ་ཞུགས་དག་ཅེས་པ་ཁྲོ་བོའི་རྒྱལ་པོ་ཞེས་སོ། །ཁྲོ་བོའི་གཟུགས་ཀྱིས་ཟླ་དྲུག་ཏུ། །ཞེས་པ་ཁྲོ་བོའི་སྦྱོར་བ་དང་

ལྡན་པའི་གཟུགས་ཀྱིས་ཟླ་བ་དྲུག་ཏུ་སྒྲུབ་པ་པོ་གང་གིས་ཡང་དག་པར་སྤྱོད་ན་སྒྲུབ་པ་པོ་དེས་ནི་མཆོག་ཀྱང་ཐོབ་པོ་ཞེས་སོ། །འདི་མན་ཆད་བརྟུལ་ཞུགས་སྤྱད་ཟིན་ནས་བསྒྲུབ་པ་ལ་འཇུག་པ་ཞེས་བཤད་དོ། །དེ་ནས་བསྒྲུབ་པ་ལ་འཇུག་ན། །ཞེས་པ་དེ་ལྟར་སྔགས་པས་སྔར་

བརྟུལ་ཞུགས་སྤྱད་ནས་དེའི་འོག་ཏུ་བསྒྲུབ་པ་ལ་ཞུགས་ཏེ། བསྒྲུབས་ན་ཐེ་ཚོམ་མེད་པར་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། །དེ་ལྟར་སྤྱད་པ་དེའི་དངོས་གྲུབ་དམ་པ་མྱུར་དུ་འགྲུབ་པོ་ཞེས་པའོ། །བསྒྲུབ་པ་ལ་ནི་བདུད་ཀྱི་རིས། །ཞེས་པ་སྔགས་པ་བརྟུལ་ཞུགས་སྤྱོད་པའི་ཚེ་དག་ན་

བགེགས་འདི་དག་འབྱུང་ངོ་ཞེས་སོ། །གཟུགས་དག་དང་ཞེས་པ་ལྷ་མོ་བཟང་མོ་ཞེས་སོ། །དེ་བཞིན་གཞན་གྱིས་ལུས་སུ་ནི། །ཞེས་པ་གཞན་འདྲ་བའི་གཟུགས་སུ་སྟོན་ཞེས་པའོ། །དབང་པོ་བསྡམས་ལ་འཚེ་བར་བྱེད། །ཅེས་པ་བརྟུལ་ཞུགས་སྤྱོད་པའི་སྔགས་པ་དེས་ཞེས་སོ། །

དེ་དག་ལྷན་ཅིག་སྨྲ་མི་བྱ། །ཞེས་པ་དེ་ལྟ་བུའི་གཟུགས་སུ་སྟོན་པ་དེ་དག་དང་ཅུང་ཟད་ཙམ་ཡང་ཆགས་པ་མི་སྐྱེད་དོ། །བྱང་ཆུབ་སེམས་དང་མཉམ་ལྡན་པས། །ཞེས་པ་བརྟུལ་ཞུགས་སྤྱད་པའི་བདག་ཉིད་བྱང་ཆུབ་སེམས་དང་ལྡན་པར་བྱས་ནས་ཁྲོ་བོ་དེའི་སྔགས་བརྗོད་པར་བྱའོ། །

Vol. 70 · folio 219b

སྤྱོད་ཅིང་དེ་ལྟར་འགྲོ་བ་ན། །ཞེས་སོ། །གཞན་ཡང་ཤིན་ཏུ་ངོ་མཚར་བ། །ཞེས་པ་གཞན་ཡང་ཤིན་དུ་ངོ་མཚར་ཆེ་བའི་གཟུགས་དག་ཅེས་པའོ། །བདེ་གཤེགས་བསམ་པ་མཐོང་ན་ནི། །ཞེས་པ་བརྟུལ་ཞུགས་གང་སྤྱོད་པའི་ཞེས་སོ། །དེ་དག་གིས་ནི་འཇིགས་མི་བྱ། །ཞེས་པ་

བགེགས་དེ་དག་གིས་ཞེས་སོ། །གནོད་ཅིང་སྐྲག་པར་བྱེད་ན་ནི། །ཞེས་པ་བརྟུལ་ཞུགས་སྤྱོད་པ་དེ་དག་ཉིད་ལ། བགེགས་དེ་དག་གིས་ཞེས་པའོ། །བདེ་གཤེགས་ཀྱི་ནི་བཀའ་གཅོག་པ། །ཞེས་པ་དེ་ལྟར་བགེགས་བྱེད་པ་ཉིད་བཀའ་གཅོག་པ་ཡིན་ན་ཞེས་པའོ། །ཁྲོ་བོ་བདག་ཉིད་

ནི་རྣམ་པར་འཇིག་ཅེས་པ་བགེགས་ཉིད་ཅེས་སོ། །བདེ་གཤེགས་བསམ་པ་ཡིད་བསྒོམས་པའི། །ཞེས་པ་བྱང་ཆུབ་ཀྱི་སེམས་ཞེས་པའོ། །དཔའ་བོ་དཔའ་བོ་གཞན་དུ་མིན། །ཞེས་པ་སེམས་ཅན་དཔའ་བོས་བརྟུལ་ཞུགས་འདི་སྤྱད་པར་བྱའི་ངན་སོང་ཕལ་པ་གཞན་གྱིས་ནི་སྤྱད་

པར་མི་བྱའོ། །བསྒྲུབ་པའི་མཆོག་རྣམས་འདོད་པ་ཡིས། །ཞེས་པ་ལ་སོགས་པ་དངོས་གྲུབ་མཆོག་འདོད་པའི་སྒྲུབ་པ་པོས་ཁྲོ་བོའི་བརྟུལ་ཞུགས་གསུངས་པ་འདི་ནན་ཏན་གྱིས་ཁྲོ་བོའི་བརྟུལ་ཞུགས་སྤྱད་ལ་བརྟན་པར་བསྒྲུབ་པར་བྱའོ། །ཁྲོ་བོའི་བརྟུལ་ཞུགས་སུ་གཏོགས་པ་བདུན་

པའོ། །བདུན་པའི་བཤད་པ་ཟིན་ཏོ།། །།འདི་མན་ཆད་རྩ་བའི་རྟོག་པར་གཏོགས་པའི་ལེའུ་འཆད་དོ། །དེ་ལ་དང་པོར་སྔོན་དུ་བསྙེན་པ་དང་། བརྟུལ་ཞུགས་མ་སྤྱད་པར་བཟླས་པ་དང་། མཆོད་པ་འབའ་ཞིག་བྱས་པས་དངོས་གྲུབ་འབྲིང་དང་ཐ་མ་གཉིས་འགྲུབ་པར་

འགྱུར་བ་དེ་བཤད། རྩ་བའི་རྟོག་པར་གཏོགས་པའི་ལེའུ་འདི་དངོས་གྲུབ་གསུམ་འབྱུང་སྟེ། འབྲིང་དང་ཐ་མ་གཉིས་ནི་སྔོན་དུ་བསྙེན་པ་དང་བརྟུལ་ཞུགས་མ་སྤྱད་པར་བཟླས་བརྗོད་དང་མཆོད་པ་འབའ་ཞིག་བྱས་པས་འགྲུབ། དངོས་གྲུབ་མཆོག་རྣམས་ལ་ནི་སྔོན་དུ་བསྙེན་པ་

བརྟུལ་ཞུགས་སྤྱོད་པས་འགྲུབ་སྟེ། དེ་ཡང་དངོས་གྲུབ་རྣམ་པ་བཅོ་ལྔའོ། །ལྷའི་མཚོན་ཆའི་དངོས་གྲུབ་དང་། རོ་ལངས་ཀྱི་དངོས་གྲུབ་དང་། ཨན་ཛ་ན་ལ་སོགས་པའི་མིག་བསྐུལ་བའི་དངོས་གྲུབ་དང་། མི་རོའི་གོས་བསྒྲུབ་པ་དང་། གནོད་སྦྱིན་མོའི་དངོས་གྲུབ་དང་།

Vol. 70 · folio 220a

ཤ་ཟ་མོ་སྒྲུབ་པའི་དངོས་གྲུབ་དང་། ཀླུའི་བུ་མོའི་དངོས་གྲུབ་དང་། ལྷ་མ་ཡིན་གྱི་བུ་མོའི་དངོས་གྲུབ་དང་། ཤ་ཆེན་པོ་བཙོང་བ་དང་། བ་དན་ལ་བསྒྲུབ་པ་དང་། ཐལ་བ་ལ་བསྒྲུབ་པ་དང་། སྣག་ཚ་ལ་བསྒྲུབ་པ་དང་། བཙག་ལ་བསྒྲུབ་པ་དང་། སོར་གདུབ་

ལ་བསྒྲུབ་པ་དང་། ཡུངས་ཀར་ལ་བསྒྲུབ་པ་འདི་རྣམས་ཀྱིས་བཤད་དོ། །ཇི་སྐད་གསུངས་པའི་གཟུགས་རྣམས་ནི། །ཞེས་པ་གོང་དུ་བཤད་པའི་སྐུ་གཟུགས་རྣམས་ཞེས་སོ། །མེ་ཏོག་ཇི་སྐད་གསུངས་དེ་བཞིན། །ཞེས་པ་འོག་ནས་གསུངས་པའི་མཆོད་པའི་མེ་ཏོག་ཅེས་སོ། །

རྟག་ཏུ་གང་དུ་མཆོད་བྱེད་ན། །ཞེས་པ་ལ་སོགས་པ་སྔགས་པ་གང་ཞིག་མཆོད་པ་བྱེད་ན་ལྷའི་བརྟུལ་ཞུགས་གོང་དུ་བཤད་པ་དེ་དང་། སྐུ་གཟུགས་ཀྱི་སྤྱན་སྔར་སུམ་འབུམ་བཟླས་པ་དང་། རི་རྩེར་འབུམ་བཟླས་པ་ཞེས་བྱ་བའི་བསྙེན་པ་དེ་བྱ་མི་དགོས་སོ། །དྲན་པ་ཙམ་ནི་

འབའ་ཞིག་གིས། །ཞེས་པ་དུས་གསུམ་དུ་མཆོད་པ་བྱེད་པ་དང་། བཟླས་པ་བྱེད་པའི་སྒོ་ནས་གང་དང་གང་བསྒྲུབ་པར་འདོད་པ་དེ་དག་ཉིད་བཟླས་པ་མཆོད་པ་བྱེད་པ་འབའ་ཞིག་གིས་ཞེས་སོ། །རྒྱལ་སྲིད་སྦྱིན་པའི་གཟུགས་ལ་ནི། །ཞེས་པ་ནས། གསེར་གྱི་སྐུ་གཟུགས་ལ་ཞེས་

པའོ། །ཙནྡན་གུར་ཀུམ་ཨ་ཀ་རུ། །ཞེས་པ་དེ་ལྟར་ཀུན་བྱུག་པའི་ཚེ་ཡང་བྱུག་སྤོས་ཀྱི་སྔགས་ཀྱིས་བརྗོད་ཅིང་བསྐུ་བར་བྱའོ། །འདི་གསུམ་གྱི་ལྡེ་གུ་ལ་བྱུག་སྤོས་ཀྱི་སྔགས་ཀྱིས་གདབ་བོ་ཞེས་སོ། །ཅི་རིགས་པར་ནི་བྱུགས་ནས་ཀྱང་། །ཞེས་དབུ་དང་སྤྱན་དག་ཏུ་མི་བསྐུ་བར་

གཞན་ནི་ཅི་རིགས་པར་བསྐུའོ། །རི་ཀ་མཛེས་ཞེས་པ་པདྨ་དཀར་པོ་ཞེས་སོ། །ཀེ་སར་ནི་མེ་ཏོག་ཅེས་སོ། །མཆོད་གནས་དུས་གསུམ་དུ་ཞེས་སོ། །བདུག་པ་མར་བཅས་པའི་ཞེས་པ་མར་དང་གུ་གུལ་དུ་བཅས་པའི་བདུག་པ་ཞེས་པའོ། །དེ་ལྟར་བྱས་ན་ཁྱིམ་པ་དང་། །ཞེས་པ་རབ་ཏུ་བྱུང་

བས་བྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། །ཁྲོ་བོའི་རྒྱལ་པོའི། དེ་ལས་སེམས་ནི་བརྒྱ་བརྗོད་དེ། །ཞེས་པ་དུས་གསུམ་དུ་རྩ་བའི་སྔགས་ཞེས་པའོ། །ཅི་འབྱོར་པ་ཡི་མཆོད་པའི་བཤོས། །ཞེས་པ་སྤྱིའི་གཞུང་སུ་སི་ཏི་ཀ་རའི་ནང་ནས་འབྱུང་བའི་བཤོས་ཅི་འབྱོར་པས་ཞེས་པའོ། །དེ་ཡི་སྤྱན་སྔར་

Vol. 70 · folio 220b

དབུལ་བར་བྱ། །ཞེས་པ་ཁྲོ་བོའི་སྐུ་གཟུགས་དེའི་སྤྱན་སྔར་ཞེས་སོ། །སྔར་བསྙེན་ལ་སོགས་མེད་ཀྱང་སླ། །ཞེས་པ་བརྟུལ་ཞུགས་བྱས་ཏེ་སྐུ་གཟུགས་སྤྱན་སྔར་སུམ་འབུམ་དུ་བཟླས་པ་དང་། རིའི་རྩེར་འབུམ་བཟླས་ཞེས་བྱ་བ་མི་དགོས་ཞེས་པའོ། །དེ་ལྟར་སྦྱོར་བ་ཟླ་བ་དྲུག་གིས་

ཞེས་པ་ཚུལ་དེ་ལྟར་ཉིན་རེ་དུས་གསུམ་དུ་རྒྱུན་དུ་བྱེད་པའི་ཟླ་བ་དྲུག་གི་བར་དུ་བྱས་ན། རྐུན་པོ་དང་། དགྲ་དང་། རྒོལ་བ་མེད་པའི་རྒྱལ་སྲིད་ཀྱང་ཐེ་ཚོམ་མེད་པར་ཐོབ་པར་འགྱུར་རོ། །འདི་ནི་དངོས་གྲུབ་འབྲིང་ངོ་། །ཉིན་གཅིག་བཞིན་དུ་མཆོད་པ་ཐོབ་པར་འགྱུར། །ཞེས་པ་གོང་དུ་བཤད་པའི་

ཚུལ་དེ་ལྟར་མཆོད་ཅིང་བཟླས་པ་བྱས་ཀྱང་རྒྱལ་སྲིད་མ་གྲུབ་པར་གྱུར་ན། ཉིན་གཅིག་བཞིན་མཆོད་ཅིང་བཟླས་ན་ཡུལ་ཐོབ་པར་འགྱུར་རོ། །འདི་དག་དངོས་གྲུབ་ཐ་མའོ། །ལས་འདི་གདོན་མི་ཟ་བར་ནི། །ཞེས་པ་ཚུལ་དེ་ལྟར་བྱས་པའི་ལས་དེ་ནས་གདོན་མི་ཟ་བར་ཞེས་བྱའོ། །རྙེད་པར་

འགྱུར་ཞེས་པ་གསེར་གྱི་དོང་ཙེ་འབུམ་ཞེས་པའོ། །ལོངས་སྤྱོད་སྦྱིན་པའི་གཟུགས་ལ་ནི། །ཞེས་པ་དངུལ་གྱི་སྐུ་གཟུགས་ལ་ཞེས་སོ། །ཙནྡན་གུར་ཀུམ་ཨ་ཀ་རུས། །ཞེས་པ་འདི་གསུམ་གྱི་འདེ་གུས་སྔགས་པས་སྐུ་གཟུགས་ལ་ལེགས་པར་བསྐུས་ནས་ནི་ཞེས་པའོ། །མེ་ཏོག་དཀར་པོའི་

ཕྲེང་བས་རབ་ཏུ་མཆོད། །ཅེས་པའོ། །མེ་ཏོག་དཀར་པོའི་ཕྲེང་བ་ཡིས། །ཞེས་པ་ཡོན་ཏན་དང་ལྡན་པའི་མེ་ཏོག་དཀར་པོ་གང་ཡང་རུང་བ་ཞེས་པའོ། །དུས་གསུམ་དུ་ཉིན་གཅིག་བཞིན་དུ་མཆོད་པ་བྱས་ནས་ཞེས་པའོ། །མར་དང་ལྡན་པའི་གུ་གུལ་ལམ། །ཞེས་པ་མར་དང་གུ་གུལ་སྦྱར་

བའི་བདུག་པས་ཞེས་པའོ། །ཀུན་དུ་རའི་ཅེ་པོག་དཀར་པོས་བདུག་པའང་དབུལ། །ཞེས་སོ། །མེ་ཏོག་ཨ་ཏི་མུག་ཏ་ཀ །ཞེས་པ་ཚུལ་དེ་ལྟར་ཟླ་བ་དྲུག་གི་བར་དུ་མཆོད་པ་དང་། བཟླས་པ་བྱས་ནས་དེའི་འོག་ཏུ་མཇུག་ཏུ་མེ་ཏོག་ཨ་ཏི་མུག་ཏ་ཀ་རེ་རེ་ལ་སྔགས་ལན་རེ་རེ་བསྐུལ་ཚིག་དང་ལྡན་པར་

བཟླས་པའི་མེ་ཏོག་འབུམ་སྐུ་གཟུགས་དེ་ལ་དབུལ་བར་བྱའོ། །དེ་ཡི་མཇུག་ཏུ་འབྱུང་འགྱུར་ཏེ། །ཞེས་པ་དེ་ལྟར་ཆོ་ག་བྱས་པའི་འོག་ཏུ་ལོངས་སྤྱོད་ཅེས་སོ། །འདི་ལ་དཔྱད་པ་དགོས་པ་མེད། །ཅེས་པ་ཆོ་ག་འདི་ལྟར་བྱས་ན་དཔྱད་ཅིང་ཐེ་ཚོམ་མེད། ཐེ་ཚོམ་མི་དགོས་པར་ལོངས་

Vol. 70 · folio 221a

སྤྱོད་ཐོབ་པར་འགྱུར་ཞེས་པའོ། །ནད་སེལ་བ་ཡི་གཟུགས་ལ་ནི། །ཞེས་པ་འཁར་བའི་སྐུ་གཟུགས་ལ་ཞེས་པའོ། །ཙནྡན་དམར་པོའི་འདེ་གུས་བསྐུས་ནས་ཀྱང་ཞེས་པའོ། །ཐང་ཤིང་གི་ནི་བདུག་པ་དག །ཕུལ་ནས་མེ་ཏོག་གཙང་མ་དག །ཅེས་པ་ཇི་སྙེད་པའི་མེ་ཏོག་

གཙང་མ་ཡོན་ཏན་ལྡན་པས་ཆོ་ག་འདི་ལྟར་དུས་གསུམ་དུ་མཆོད་པར་བྱའོ། །བདུག་པའམ་ཐང་ཤིང་གི་ཐང་ཆུ་ལས་བདུག་པར་བྱའོ། །ལ་ལ་ན་རེ་ཐང་ཤིང་ཉིད་ཆུ་ཐགས་སུ་བཏགས་པའི་ཕྱེ་མ་ལས་བདུག་པར་བྱའོ་ཞེས་སོ། །མཆོད་པ་བྱས་ནས་ཅི་འབྱོར་པའི། །ཞེས་པ་ལ་སོགས་དེ་ལྟར་ཉིན་

རེ་ཞིང་དུས་གསུམ་དུ་ཟླ་བ་དྲུག་གི་བར་དུ་བཟླས་པ་དང་། མཆོད་པ་བྱས་ནས་དེའི་མཇུག་ཏུ་བདག་གམ་གཞན་གྱི་ནད་ཆེན་པོ་ཞི་བ་དང་ནད་མེད་པར་གྱུར་ཅིག་པའི་ཚུལ་དུ་བསྐུལ་ཚིག་དང་ལྡན་པས་ཟླ་བ་གཅིག་གི་བར་དུ་བྱས་ན་སུ་ཡང་རུང་ནད་ཆེན་པོ་དེ་བྱང་བར་འགྱུར་རོ་ཞེས་པའོ། །འདོད་དགུ་

སྦྱིན་པའི་གཟུགས་ལ་ནི། །ཞེས་པ་ཟངས་དང་ར་གན་གྱི་སྐུ་གཟུགས་དག་ལ་ཞེས་སོ། །དེ་ལྟར་ཡང་ནི་མཆོད་བྱས་ན། །ཞེས་པ་ལ་སོགས་པ་ལས་གང་དང་གང་དུ་བསྒྲུབ་པ་ལ་མཆོད་པ་གང་དང་གང་གིས་མཆོད་པར་རིག་པ་དེ་དག་གོང་དུ་སྔར་བཤད་པའི་ཚུལ་བཞིན་དུ་སོ་སོར་མཆོད་

པས་ཉིན་རེ་དུས་གསུམ་དུ་མཆོད་ཅིང་བཟླས་པ་ཟླ་བ་དྲུག་གི་བར་དུ་བྱའོ། །སྔགས་བཟླས་བརྗོད་བྱེད་པས་སྔགས་པ་གང་དང་གང་བྱ་བ་དེ་དང་དེའི་བསྐུལ་ཚིག་བཅུག་ལ་ལས་བསྒྲུབས་ན་ཞི་བ་དང་། རྒྱས་པ་ལ་སོགས་པ་ལས་གང་བསྒྲུབས་པ་དེ་འགྲུབ་པར་འགྱུར་ཞེས་པའི་ཐ་ཚིག་གོ། །

སྔགས་པའི་ཡིད་དང་མཐུན་པའི་འདོད་པའི་དོན། དེ་ཡང་དེ་ལྟར་ཡང་དག་བསྒྲུབ། །ཅེས་པ་དེ་ཡང་གོང་དུ་བཤད་པའི་ཚུལ་བཞིན་དུ་བསྒྲུབ་པོ་ཞེས་སོ། །སྐུ་གཟུགས་རབ་ཏུ་མཆོད་བྱས་ནས། ཞེས་པ་གནས་གང་ཡང་རུང་བར་སྐུ་གཟུགས་ལ་མཆོད་པ་བྱ་ཞིང་བཟླས་པ་ཟླ་བ་དྲུག་གི་བར་དུ་

བྱའོ། །སྐུ་གཟུགས་ཉིན་གཅིག་བཞིན་དུ་ནི། །དུས་གསུམ་དུ་ཞེས་པའོ། །དེ་ལྟར་ཀུན་དུ་རབ་མཆོད་ནས། །ཞེས་པ་ཟླ་བ་དྲུག་གི་ནང་ཚུན་ཆད་དུ་ཁྲོ་བོའི་སྔགས་ཞེས་པའོ། །སྔགས་པ་བློ་དང་ལྡན་པས་མཆོད་པ་དང་བཟླས་པ་དང་ཀུན་བྱས་ན་ཞེས་པའོ། །བསྒྲུབ་པ་ཉིད་ནི་མ་ཐོབ་ཀྱང་། །

Vol. 70 · folio 221b

ཞེས་པ་དངོས་གྲུབ་འབྲིང་ཞེས་པའོ། །དངོས་གྲུབ་ཕྲ་མོ་ཐོབ་པར་འགྱུར། །ཞེས་པ་ཞི་བ་དང་། རྒྱས་པ་དག་གིས་ལས་ནུས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་དངོས་གྲུབ་མཆོག་བསྒྲུབ་པ་བཤད་དེ། །དེ་ལ་དངོས་གྲུབ་མཆོག་ནི་སྔོན་དུ་བསྙེན་པ་དང་།

བརྟུལ་ཞུགས་སྤྱད་པས་འགྲུབ་སྟེ། དེ་ཡང་དངོས་གྲུབ་རྣམ་པ་བཅོ་ལྔའོ། །དེ་ལ་དང་པོ་ལྷའི་མཚོན་ཆ་ཞེས་པའི་དངོས་གྲུབ་བཤད་དོ། །ཡང་ན་ཁྲོ་བོའམ་ཕྱག་རྒྱ་རུང་། །ཞེས་པ་ཁྲོ་བོའི་རྒྱལ་པོའི་རི་མོ་དང་། ཕྱག་རྒྱའི་གཟུགས་ཀྱི་རི་མོ་གཉིས་དང་། རི་མོ་གསུམ་ལས་གང་ཡང་

རུང་བ་ཅིག་ཅེས་པའོ། །ལྷ་ཡི་བརྟུལ་ཞུགས་དེས་ཀྱང་བསྒྲུབ། །ཅེས་པ་ལྷའི་བརྟུལ་ཞུགས་སྤྱད་པས་དངོས་གྲུབ་མཆོག་བསྒྲུབ་པར་བྱའོ་ཞེས་པའོ། །དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱིས། །ཞེས་པ་བརྟུལ་ཞུགས་སྤྱད་པ་གང་དངོས་གྲུབ་མཆོག་བསྒྲུབ་པར་འདོད་པ་དེའི་ཆོ་ག་

རྒྱུད་ཆེན་པོ་ལས་མདོར་བསྡུས་ནས་བཤད་པར་བྱའོ་ཞེས་པའི་དོན་ཏོ། །འདི་མན་ཆད་མཚོན་ཆའི་དངོས་གྲུབ་འཆད་དེ། དེ་ནས་ཁྲོ་བོའི་གཙོ་བོ་ཡི། །ཞེས་པ་ནས་བསྟན་ཏེ། དེ་ནས་ཁྲོ་བོའི་གཙོ་བོ་ཡི། །ཞེས་པ་ཁྲོ་བོའི་རྒྱལ་པོ་དེའི་ཕྱག་རྒྱའི་མཚོན་ཆར་གཏོགས་པའི་ཏྲི་ཤཱུལ་དེ་བསྒྲུབ་ན་ཞེས་

པའོ། །ཏྲི་ཤཱུལ་ཤིན་ཏུ་གསལ་བསྒྲུབ་ན། །ཞེས་པ་དངོས་གྲུབ་བསྒྲུབ་པའི་རྫས་མཚན་ཉིད་དང་ལྡན་པ་སྐྱོན་མེད་པ་ལ་བྱའོ་ཞེས་པའོ། །ཨུར་མོའི་ལྕགས་ལས་བྱས་པ་ཡི། །ཞེས་པ་པུ་ཤ་ར་ལོ་ཧི་ཞེས་བྱ་བ་སྟེ། ལྕགས་ཞུན་མ་ལས་བྱས་པའམ། ལྕགས་ཁུང་ནས་བྱུང་བའི་པུ་ཤ་

ར་ལོ་ཧི་ལས་བྱས་ཏེ་དཔེར་ན་ཟེ་སྨུག་གུའམ་རུ་ཤལ་ལྟ་བུ། ལྕགས་ཁུང་ནས་བྱུང་བའི་པུ་ཤ་ར་ལོ་ཧིའི་ལྕགས་ལས་བྱའོ། །ཏྲི་ཤཱུལ་སོར་ནི་བཅུ་གསུམ་པ། །རྣོ་ལ་བཟང་ཞིང་རབ་ལེགས་པ། །ཞེས་པ་ཏྲི་ཤཱུལ་དེ་ཡང་རྩེ་མོ་དང་ཡུ་བའི་བར་སྲིད་དུ་སོར་བཅུ་ཕྱིན་པར་བྱའོ། །རྩེ་གསུམ་གདེངས་

པོ་དང་གཉིས་ཏེ་སོར་བརྒྱད་ཙམ་དུ་བྱའོ་ཞེས་སོ། །རིའི་རྩེ་ཞེས་པ་གནས་སོ། །རི་མོ་བཟང་པོ་དེ་བྲིས་ནས། །ཞེས་པ་རི་མོའི་སྐུ་གཟུགས་གང་ཡང་རུང་བ་ཅིག་ཅེས་པའོ། །རྣོ་ལ་བཟང་ཞེས་པ་ཏྲི་ཤཱུལ་དེ་ལ་ཡང་ཐོག་མར་དང་པོར་ཏྲི་ཤཱུ་ལའི་མཚན་ཉིད་བཤད་པ་བཞིན་བྱས་ནས་རིའི་རྩེ་ཞེས་

Vol. 70 · folio 222a

པ་བསྒྲུབ་པའི་གནས་དེར་འདུག་ཅེས་པའོ། །དེ་ནས་མཆོད་པ་རྒྱ་ཆེན་དང་། །ཞེས་པ་སྔར་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་དུ་མཆོད་པ་བཤད་པ་བཞིན་དུ་རྒྱས་པར་བྱ་ཞེས་པའོ། །ཕྱོགས་ཀྱི་གཏོར་མ་ཀུན་དུ་བྱ། །ཞེས་པ་དཀྱིལ་འཁོར་གྱི་ཕྱི་རིམ་དུ་དགོད།

ཕྱི་རོལ་ཕྱོགས་སུ་ཡང་གཏོར་རོ། །ཞེས་སོ། །ཏྲི་ཤཱུལ་མེ་ཏོག་དཀྱིལ་འཁོར་ལ། །གཞན་ནས་མེ་ཏོག་དག་གིས་མཆོད། །ཅེས་པ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་བཀྲམ་པ་དེའི་སྟེང་དུ་ཏྲི་ཤཱུལ་བཞག་ལ། ཏྲི་ཤཱུལ་ཡང་མེ་ཏོག་གིས་མཆོད་དོ་ཞེས་པའོ། །ཙནྡན་

དམར་པོས་ཀུན་བསྐུས་ཤིང་། །ཞེས་པ། ཏྲི་ཤཱུལ་ཙནྡན་དམར་པོའི་འདེ་གུས་ཞེས་སོ། །མེ་ཏོག་དག་གིས་ཐམས་ཅད་བརྒྱན། །ཞེས་པ་མེ་ཏོག་གི་ཕྲེང་བས་བརྒྱན་ཞེས་སོ། །ཆོ་ག་བཞིན་དུ་ལག་གིས་བཟུང་། །ཞེས་པ་ཏྲི་ཤཱུ་ལའི་ཡུ་བ་ལག་པ་གཡས་པས་བཟུང་ཞེས་པའོ། །སྒྲུབ་

པ་པོ། །རི་མོ་ལ་ནི་མངོན་ཕྱོགས་འདུག །ཅེས་པའོ། །ཁྲོ་བོའི་མཆོག་གི་སྔགས་དག་གིས། །ཏྲི་ཤཱུ་ལ་ནི་མཁས་པས་བཟླས། །ཞེས་པ་སྒྲུབ་པ་པོས་ལྷ་གང་བསྒོམ་པར་ཟད་དོ། །ཁྲོ་བོའི་རྒྱལ་པོ་བསྒོམ་ན་རྩ་བའི་ཡི་གེ་བཅུ་བདུན་པ་བཟླས་སོ། །བེ་ཏ་ལཱི་བསྒོམ་ན་ཁྲོ་བོའི་རྒྱལ་པོ་རོ་

ལངས་ཀྱི་བཀའ་བརྒྱན་པའི་སྔགས་མང་པོ་བཟླས་སོ། །བེ་ཅོན་ཕྱག་རྒྱའི་གཟུགས་བསྒོམ་ན། བེ་ཅོན་གྱི་ཕྱག་རྒྱའི་སྔགས་བཟླས་སོ། །ཞེས་པའོ། །དེ་ཡི་ཉེས་པ་སྦྱང་བའི་ཕྱིར། །ཏྲི་ཤཱུ་ལས་ཉེས་པ་དང་སྐྱོན་སྦྱང་བའི་ཕྱིར་ཞེས་པའོ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་སུ། །ཞེས་

པ་བདག་ཉིད་ལྷ་གང་བསྒོམ་པའི་སྔགས་ཀྱིས་ཞེས་པའོ། །ཁྲོ་བོ་མཆོག་གི་སྔགས་དག་གིས། །ཞེས་པ་ལ་སོགས་པ་དཀྱིལ་འཁོར་གྱི་མདུན་དུ་རྒྱས་པའི་ཞུགས་ཐབ་བྱས་ནས། ཐབ་དེར་མེ་སྦར་ཏེ་གཟར་བུ་ཆུང་ངུས་མར་ཁུ་བཅུས་ཤིང་། ཏྲི་ཤཱུལ་ལ་གཏུགས་ནས་སྦྱིན་སྲེག་

བྱའོ། །ཚུལ་དེ་ལྟར་སྦྱིན་སྲེག་སྟོང་བྱ་བ་ཡང་། སྒྲུབ་པའི་རྫས་ཏྲི་ཤཱུ་ལ་དེ་གཟེངས་བསྟོད་ཅིང་བྱིན་དང་ལྡན་པར་བྱིན་གྱིས་བརླབ་པའི་ཕྱིར་རོ། །བདུག་སྲེག་སྦྱིན་སྲེག་སྟོང་བྱས་ནས། །ཞེས་པ་ཁ་ཅིག་ནི་སྒྲུབ་པའི་རྫས་ལ་མི་བདུག་པར་སྦྱིན་སྲེག་བྱ་བ་བཤད་དོ། །ལག་པས་བསྒྲེང་

Vol. 70 · folio 222b

སྟེ་བཟུང་ནས་སུ། །ཞེས་པ་དེའི་འོག་ཏུ་ཏྲི་ཤཱུ་ལ་ལག་པ་གཡོན་པས་བཟུང་ནས་བསྒྲེང་སྟེ་ཞེས་པའོ། །དཔའ་ཞིང་བརྟན་པའི་ཚུལ་འདུག་ནས། །ཞེས་པ་ལ་སོགས་པ་མི་འཇིགས་པའི་ཚུལ་དུ་འདུག་ནས་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་བསྒྲེང་སྟེ་སྒྲུབ་པར་བཤད། ཏྲི་ཤཱུ་ལ་མེ་འབར་

བ་བྱུང་གི་བར་དུ་སྒྲུབ་པ་པོས་བཟླས་བརྗོད་བྱའོ། །ཏྲི་ཤཱུ་ལ་ཞེས་པ་དེ་འབར་བར་གྱུར་ན་ཞེས་སོ། །སྒྲུབ་པ་པོ་དེ་ནས་གྱེན་དུ་འཕར་བར་འགྱུར་ཞེས་པའོ། །སྔགས་ཀྱི་མཐུ་ཡིས་མིག་གསུམ་ལ། །ཞེས་པ་སྒྲུབ་པ་པོའི་མཐུས་ནི་སྒྲུབ་པ་པོའི་ལུས་ལྷའི་སྐུ་འདི་འདྲ་བར་འགྱུར་རོ། །རིག་

འཛིན་གཞན་རྣམས་ཐམས་ཅད་ཀྱང་། །ཞེས་པ་རིག་འཛིན་གྱི་རྒྱལ་པོར་གྱུར་པ་ལ་བྱའོ་ཞེས་སོ། །དེ་ལ་ཞེས་པ་གྲུབ་པ་དེ་ལ་ཞེས་སོ། །དབང་ཕྱུག་ཅེས་པ་ལོངས་སྤྱོད་ཅེས་པའོ། །འདོད་པའི་གཟུགས་ཅན་ཡིན་བཞིན་མྱུར། །ཞེས་པ་བདག་ཉིད་གང་འདོད་པའི་གཟུགས་སུ་

བསྒྱུར་ལ་ཡིད་ལ་བསམ་པ་ཙམ་དུ་མགྱོགས་པར་འགྱུར་རོ། །དུ་བ་འབྱུང་ཞེས་པ་ཏྲི་ཤཱུལ་དུ་བ་བྱུང་ན་ཞེས་པའོ། །དེ་ནས་སྒྲུབ་པ་པོ་དེ་ལུས་མི་སྣང་བར་འགྱུར་ཞེས་སོ། །འོན་ཏེ་ཏྲི་ཤཱུལ་དེ་ནི་ཚ་གྱུར་ན། །ཞེས་པའོ། །དཔུང་དང་ལྡན་ཞེས་པ་དམག་གི་དཔུང་དག་ལ་བྱ་ཞེས་པའོ། །

གཡུལ་ངོ་ཆེན་པོ་ལ་སོགས་པར། །འཇིགས་ཤིང་སྐྲག་པ་སྐྱེད་པར་བྱེད། །ཅེས་པ་གདན་དེ་ལྟ་བུ་དག་ཏུ་བདག་སོང་ནས་དམག་གི་དཔུང་དང་། ལྷ་མ་ཡིན་དང་། གཡུལ་ངོ་ཆེན་པོའི་གནས་དེ་དག་ཐམས་ཅད་འཇིགས་ཤིང་སྐྲག་པར་བྱེད་དོ་ཞེས་པའོ། །དེ་ལྟར་དང་པོ་སྒྲུབ་པའི་མཆོག །

ཅེས་པ་སྒྲུབ་པ་པོ་དངོས་གྲུབ་མཆོག་བསྒྲུབ་པ་དེ་ལྟར་དང་པོའི་ཚུལ་བཞིན་དུ་བཤད་པ་ཡིན་ནོ། །འོག་ནས་འབྱུང་བ་དང་སྦྱར་རོ། །རལ་གྲི་སྒྲུབ་པ་དག་བཤད་དེ། །ཨུར་མོའི་ལྕགས་ལས་བྱས་པའི་ཞེས་པ་སྔར་བཤད་པའི་ལྕགས་ལས་བྱས་པའི་རལ་གྲི་ཞེས་པའོ། །སྲིད་དུ་རལ་གྲི་སོར་

ནི་བཅུ་གཉིས་པ། །ཞེས་པའོ། །ལེགས་པར་བྱས་ཤིང་འཕན་མེད་པ། །ཞེས་པ་མཚན་ཉིད་དང་ལྡན་པ་སྟེ་སྐྱོན་མེད་པ་ཞེས་པའོ། །མཆོད་པ་ལ་སོགས་སྔོན་བཞིན་དུ། །ཞེས་པ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་དུར་ཁྲོད་ཐལ་བས་བྲི་བ་དང་། མཎྜལ་གྱི་སྟེང་དུ་མེ་ཏོག་བཀྲམ་པའི་

Vol. 70 · folio 223a

སྟེང་དུ་རལ་གྲི་བཞག་ནས་མཆོད་པ་བྱ་བ་ལ་སོགས་པ་སྔར་བཤད་པ་བཞིན་ནོ་ཞེས་པའོ། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། །ཞེས་པ་དཀྱིལ་འཁོར་གྱི་མདུན་དུ་རྒྱས་པའི་ཐབ་ཏུ་བསྒྲུབ་པའི་རྫས་གཟེངས་བསྟོད་པའི་ཕྱིར་སྔ་མ་བཞིན་དུ་སྦྱིན་སྲེག་བྱའོ། །བཟུང་སྟེ་ཞེས་པ་

ལག་པ་གཡས་པར་བཟུང་ཞེས་སོ། །འབར་བ་འབྱིན་ཞེས་པ་རལ་གྲི་ལས་ཞེས་པའོ། །སྒྲུབ་པ་པོས་འབར་བ་དེ་ནི་མཐོང་ནས་སུ་ཞེས་པའོ། །རིག་འཛིན་མཆོག་ཏུ་དེ་འགྱུར་རོ། །ཞེས་པ་རིག་འཛིན་གྱི་རྒྱལ་པོར་འགྱུར་རོ། །དུ་བ་འབྱུང་ཞེས་པ་རལ་གྲི་ཞེས་པའོ། །སྒྲུབ་པ་པོ་དེ་

ནས་མི་སྣང་འགྱུར་ཞེས་པའོ། །རལ་གྲི་དེ་ཚ་བར་གྱུར་པ་ན་དེ་བཞིན་དུ། །སྟོབས་ཆེན་རྐང་པ་འགྱོགས་པར་འགྱུར། །ཞེས་པའོ། །ལོ་བརྒྱ་ཞེས་པ་ལྷའི་ལོ་ཞེས་པའོ། །དཔྱད་མི་དགོས་ཞེས་པ་ཐེ་ཚོམ་མེད་དོ་ཞེས་པའོ། །གལ་ཏེ་འདི་ལས་མ་བསྟེན་ནས། །ཞེས་པ་དངོས་གྲུབ་བསྒྲུབ་པ་འདི་ལ་

ཞེས་པའོ། །དངོས་གྲུབ་ཐོབ་པར་མ་གྱུར་ན། །ཞེས་དངོས་གྲུབ་གསུམ་ལས་འགའ་ཡང་ཐོབ་པར་མ་གྱུར་ན་ཞེས་སོ། །རལ་གྲི་བརྩོན་འགྲུས་མཆོག་ལྡན་པས། །ཞེས་པ་རལ་གྲི་མཐུ་དང་ལྡན་ཏེ་ཞེས་སོ། །མྱུར་ཞིང་མི་ངལ་ཉོན་མི་མོངས། །ཞེས་པ་བདག་ཉིད་མི་ངལ་ཉོན་མི་མོངས་པར་ལོ་

སྟོང་དག་ཐུབ་པར་འགྱུར་རོ་ཞེས་སོ། །ད་ནི་བེ་ཅོན་བསྒྲུབ་པ་བཤད། །ཤིང་ཀོ་ཕྱི་དང་ཅ་རའི་བེ་ཅོན་ནམ། །ཞེས་པའོ། །བེ་ཅོན་ཡང་ན་སེང་ལྡེང་དག་ལས་བྱ། །ཞེས་པའོ། །གཤིན་རྗེའི་བེ་ཅོན་ལྟ་བུ་བཟང་། །ཞེས་པ་གཤིན་རྗེའི་བེ་ཅོན་གྱི་མཚན་ཉིད་ལྟ་བུར་བྱས་ཞེས་པའོ། །བེ་ཅོན་

གྱི་སྲིད་དུ་སོར་ནི་བཞི་བཅུ་རྩ་གཉིས་པའོ། །དེ་ནས་བློ་ཅན་དུར་ཁྲོད་དུ། །ཞེས་པ་བསྒྲུབ་པའི་གནས་དུར་ཁྲོད་དུ་བྱ་སྟེ་ཞེས་པའོ། །གཏོར་མ་སྨེ་གཏོར་ཞེས་པའོ། །ཆོ་ག་རྒྱ་ཆེར་བྱས་ཞེས་པ་དཀྱིལ་འཁོར་རི་མོ་དགོས་པར་བཤད་དོ། །བེ་ཅོན་མཆོག་ལ་སྔོན་བཞིན་དུ། །ཞེས་པ་སྒྲུབ་པའི་རྫས་

བེ་ཅོན་གཟེངས་བསྟོད་པའི་ཕྱིར་སྦྱིན་སྲེག་བྱ་བ་དག་ནི་སྔར་བཤད་པ་བཞིན་དུ་བྱའོ། །སྒྲུབ་པ་པོ་གོས་ནི་དམར་པོ་དག་ནི་བགོས་ཞེས་པའོ། །མེ་ཏོག་དམར་པོ་དང་ཐལ་བས་བརྒྱན་ཞེས་པ་འདི་དག་གིས་ལུས་བརྒྱན་ཅིང་། ཐལ་བས་བསྐུའོ་ཞེས་པའོ། །བེ་ཅོན་ནི་བསྲེག་གཞིར་གཞག་ཅེས་པ། བེ་

Vol. 70 · folio 223b

ཅོན་རི་མོ་བསྲེགས་པའི་ས་གཞིར་གཞག་གོ། །ཡུ་བ་ནས་ལག་པ་གཡས་པས་བཟུང་ཞེས་པའི། །བེ་ཅོན་ལག་ན་འགུལ་བའི་བར། །ཞེས་པ་བེ་ཅོན་འགུལ་འགུལ་དུ་བཟླས་བརྗོད་བྱའོ། །དེ་ནས་དྲག་པོའི་ཁྲོ་བོའི་བདག །ཅེས་པ་དེ་ནས་བེ་ཅོན་དེ་གྲུབ་ན། སྒྲུབ་པ་པོ་དེ་འདི་འདྲ་བར་

འགྱུར་རོ། །འགྲོ་བར་འགྱུར་ཞེས་པ་ནམ་མཁའ་ལ་འགྲོ་ཞེས་པའོ། །ཁ་དོག་འདྲ་ཞེས་པ་སྔོན་པོའི་མདོག་ལ་བྱ་ཞེས་པའོ། །གལ་ཏེ་ཁྲོ་བོ་དེ་འདོད་ན། །ཞེས་པ་ཁྲོ་བོ་དེས་ཕ་རོལ་པོ་གསོད་པར་འདོད་ན། བེ་ཅོན་གྱིས་ལྷ་རྣམས་ཀྱང་གསོད་ན་གཞན་ལྟ་ཅི་སྨོས་ཞེས་པའོ། །དེ་ནི་

དགྲ་སྟ་བསྒྲུབ་པ་བཤད་དོ། །དགྲ་སྟ་དེ་ནི་སོར་དྲུག་པ། །ཞེས་པ་དགྲ་སྟ་དེ་ཉིད་ཀྱི་སྲིད་དུ་སོར་དྲུག་པ་ཞེས་པའོ། །ཆོ་ག་སྔ་མ་བཞིན་བསྒྲུབས་ན། །ཞེས་པ་དཀྱིལ་འཁོར་བྲི་བ་དང་མཆོད་པ་བྱ་བ་དང་། རྫས་གཟེངས་བསྟོད་པའི་ཕྱིར་སྦྱིན་སྲེག་དང་། བཟུང་བའི་ཐབས་དང་། ཐམས་ཅད་

ཆོ་ག་སྔར་བཤད་པ་བཞིན་ནོ། །དངོས་གྲུབ་དེ་དག་དེ་ཡིས་ཐོབ། །ཅེས་པ་དངོས་གྲུབ་རྣམ་གསུམ་སྒྲུབ་པ་པོས་ཐོབ་ཅེས་པའོ། །དེ་ནས་གཞན་ཡང་ལྕགས་ཀྱུའམ་མཆོག་ཅེས་པ་ལྕགས་ཀྱུ་ལས་དངོས་གྲུབ་མཆོག་འགྲུབ་པར་འགྱུར་བས་ན་མཆོག་ཅེས་པའོ། །ཨུར་མོའི་ཞེས་པ་སྔར་

བཤད་པའི་ལྕགས་ལས་ཞེས་པའོ། །ལྕགས་ཀྱུའི་ཞེས་པ་ནི་ལྕགས་ཀྱུ་ཆེ་ཆུང་གི་སྲིད་དུ་སོར་བཞིའི་ཚད་དུ་སྟེ་ཞེས་པའོ། །དེའི་ཡུ་བ་ཡང་ལྕགས་ཀྱུ་དེའི་ཡུ་བ་ཞེས་པའོ། །ཡུ་བའི་སྲིད་དུ་མཉམ་པའི་སོར་ནི་བཅོ་བརྒྱད་པ་ཞེས་པ་སྦོམ་ཕྲ་མེད་པ་ལྕགས་ཀྱུ་ཙམ་གྱི་སྦོམ་དུ་བྱའོ་

ཞེས་པའོ། །ནུབ་མོ་མཆོད་པ་གཏོར་མ་བྱ། །རི་ཡི་རྩེ་ལ་འདུག་ནས་སུ། །ཞེས་པ་རིའི་རྩེ་མོར་དཀྱིལ་འཁོར་བྲིས་ལ་དེར་མཆོད་པ་དང་། གཏོར་མ་དག་སྔར་བཤད་པ་བཞིན་དུ་བྱ་ཞེས་པའོ། །ལྕགས་ཀྱུ་ཆེན་པོ་བསྒྲུབ་པར་བྱ། །ཞེས་པ་ཡོན་ཏན་ཆེ་བས་ན་ཞེས་པས་སོ། །སེར་སྐྱ་

ཞེས་པའི་ཁ་དོག་ཅེས་པའོ། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། །ཞེས་པ་ལྕགས་ཀྱུ་ལ་རེག་པར་བྱ་ཞིང་སྦྱིན་སྲེག་བསྒྲུབ་པའི་རྫས་གཟེངས་བསྟོད་པའི་ཕྱིར་སྦྱིན་སྲེག་སྔར་བཤད་པ་བཞིན་དུ་བྱ་ཞེས་པའོ། །བཟུང་སྟེ་བཟླས་པ་ཞེས་པ་ལག་པ་གཡས་པས་བཟུང་སྟེ་ཞེས་པའོ། །དེ་

Vol. 70 · folio 224a

ནས་དེ་ནི་ཐོགས་པ་ཡིས། །ཞེས་པ་འབར་བར་གྱུར་ཏེ་ཐོགས་པས་ཞེས་པའོ། །གྱེན་དུ་འཕར་ཞེས་པ་ནམ་མཁའ་ལ་འགྲོ་བར་འགྱུར་ཞེས་པའོ། །བསྒྲུབ་པའི་སྔགས་པ་དེའི་བཀའ་ཡང་རབ་ཏུ་ཉན་པར་འགྱུར་ཞེས་པའོ། །ལྕགས་ཀྱུ་མཆོག་ཅེས་པ་ཡོན་ཏན་

ལ་བྱ་སྟེ་ཞེས་པའོ། །དུ་བ་འབྱུང་བར་འགྱུར་ན་ནི། །ཞེས་པ་སྒྲུབ་པ་པོ་དེའི་མཐུ་སྟོབས་ཀྱང་ཆེ་ལ་ལུས་མི་སྣང་བར་འགྱུར་ཞིང་འདིའི་གྲིབ་མ་ཡང་མི་སྣང་བར་འགྱུར་རོ་ཞེས་སོ། །སྔགས་པ་བྱེ་བ་གསུམ་དུ་གསོན། །ཞེས་པ་སྔགས་པ་དེའི་ཚེ་བྱེ་བ་ཕྲག་གསུམ་དུ་འཚོའོ་ཞེས་སོ། །

གྲུབ་པ་དེ་ལ་གནོད་སྦྱིན་རིག་འཛིན་རྣམས་ཀྱིས་མཆོད་ཅེས་སོ། །བདེ་བ་ཞེས་པ་ལོངས་སྤྱོད་ཀུན་དང་རབ་ཏུ་ལྡན་ཞེས་པའོ། །འདོད་པར་འགྲོ་ཞིང་སྟོབས་ཀྱང་ཆེ། །ཞེས་པ་འདོད་དགུར་འགྲོ་ཞིང་མཐུ་སྟོབས་ཀྱང་ཆེའོ་ཞེས་པའོ། །གལ་ཏེ་ལྕགས་ཀྱུ་དེ་ནི་ཆེར་གྱུར་ན། །ཞེས་པའོ། །

ནང་པར་བཀྲ་ཤིས་བྱས་ནས་སུ། །ལྕགས་ཀྱུ་བཟང་པོ་དེ་ཐོགས་ནས། །ཞེས་པ་ནུབ་གཅིག་སྒྲུབ་པ་པོ་ལས་དངོས་གྲུབ་རྣམ་གསུམ་ལས་གང་འགྲུབ་ཀྱང་རུང་སྟེ། སྒྲུབ་པའི་ཚེ་ནང་པར་བདག་ཉིད་ཁྲུས་བྱས་ནས་མཆོད་པ་ཡང་བྱ། །ལུས་བསྲུང་བ་ཡང་བྱས་ལ་འགྲུབ་པའི་རྫས་དེ་དག་

ཐོགས་པར་བྱའོ། །གྲུབ་པ་ཀུན་ལ་འདི་བཞིན་སྦྱར་རོ་ཞེས་སོ། །བཟླས་ནས་བརྒྱ་བྱིན་ལ་སོགས་པའི། །ཞེས་པ་ལ་སོགས་པ་ལྕགས་ཀྱུ་ལག་པ་གཡས་ཀྱིས་ཐོགས་ནས། བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་འགུགས་པར་འདོད་ན་སྔགས་ཡི་གེ་བཅུ་བདུན་པ་མཇུག་ན་ཕཊ་ཅེས་བྱ་བའི་གོང་དུ་ཧཱུཾ་

ཞེས་བྱ་བའི་འོག་ཏུ་ཆེ་གེ་མོ་ཞིག་ཨཱ་ཀཪྵ་ཡ་ཕཊ་ཅེས་བྱ་བ་ལ་སོགས་པའི་ཚུལ་དུ་བསྐུལ་ཚིག་བཅུག་སྟེ་བཟླས་སོ་ཞེས་པའོ། །སོགས་པ་ཞེས་བྱ་བ་འོག་ནས་འབྱུང་བ་ལ་བྱ་སྟེ། ལྷ་རྣམས་ཞེས་པ་ཚུལ་དེ་ལྟར་བྱས་ནས་བཀུག་ན་གདོན་མི་ཟ་བར་ཁུགས་ཞེས་པའི་དོན་ཏོ། །ཡི་དགས་ཞེས་

བྱ་བ་འདྲེ་ལ་བྱའོ་ཞེས་པའོ། །རོ་ལངས་ཀྱི་རིགས་ཀྱི་འདྲེ་རྣམས་དང་ཞེས་པའོ། །ཇི་ལྟར་འདོད་པར་བྱེད་དུ་འཇུག །ཅེས་པ་བདག་གི་འདོད་པའི་ལས་རྣམས་བྱེད་དུ་གཞུག་གོ་ཞེས་པའོ། །ཁུ་བ་ཞེས་པ་གསེར་སྒྱུར་རྩི་ཞེས་པའོ། །ར་ས་ཡ་ན་དང་། ཞེས་པ་བོང་རྡོ་ལ་སོགས་པ་ལ་

Vol. 70 · folio 224b

བསྒྲུབས་ན། གསེར་ལ་སོགས་པར་འགྱུར་བའི་ཁུ་བའམ། དངུལ་ཆུ་འདྲ་བའི་སྦྱོར་སྨན་རྣམས་རྫས་དག་ཏུ་སྒྱུར་དུ་རུང་བ་ཡང་དབུལ་བར་བྱེད་ཅེས་པའོ། །གཞན་ཡང་སྒྲུབ་པའི་རྫས་རྣམས་དང་། །ཞེས་སོ། །གཞན་ཡང་། སྔགས་པ་ཡིད་ལ་གང་འདོད་པ། །ཞེས་པའོ། །དེ་དག་ཐམས་

ཅད་དེ་ལ་ནི། །ཞེས་པ་ཁུ་བ་ར་ས་ཡན་ལ་སོགས་པ་གྲུབ་པ་དེ་སྔགས་པ་དེ་ལ་ནི་ཞེས་པའོ། །ལྷ་དང་གནོད་སྦྱིན་ཚོགས་ལ་སོགས། །ཞེས་པ་ལྷ་དེ་དག་གིས་ཇི་སྙེད་པ་སྔགས་པ་དེ་ལ་དབུལ་བར་བྱེད་དོ་ཞེས་སོ། །དེ་ཡི་བཀའ་ནི་ཐམས་ཅད་ཀྱང་། །ཞེས་པ་སྔགས་པ་སྒྲུབ་པ་པོ་དེའི་དཀའ་ཞེས་

སོ། །འཇིགས་པས་ངེས་པར་ཉན་པར་འགྱུར། །ཞེས་པ་སྔགས་པ་དེས་ལྷ་དང་གནོད་སྦྱིན་ལ་སོགས་པ་རྣམས་ཤེས་པའོ། །ངོ་མཚར་ཀུན་གྱིས་བརྒྱན་པ་ཡི། །ཞེས་པ་ལྷ་དང་གནོད་སྦྱིན་ལ་སོགས་པ་རྣམས་སོ་སོའི་ཆས་ངོ་མཚར་ཅན་གྱིས་བརྒྱན་ཅིང་ཞེས་པའོ། །བདག་གིས་བཞོན་པས་

ཡོངས་བསྐོར་ཞིང་། །ཞེས་པ་ལྷ་དང་གནོད་སྦྱིན་ལ་སོགས་པ་དེ་དག་རང་རང་གི་བཞོན་པ་ལ་ཞོན་ཏེ་རང་རང་གི་འཁོར་རྣམས་ཀྱིས་ཀྱང་སོ་སོའི་གནས་བསྐོར་ཅིང་ཞེས་པའོ། །ངོ་མཚར་ཀུན་དང་རབ་ལྡན་པ། །ཞེས་ལྷ་དེ་དག་སོ་སོ་རང་རང་གི་ལོངས་སྤྱོད་ཅེས་པའོ། །འཇིག་རྟེན་མ་ལུས་སྟོན་

པར་བྱེད། །ཅེས་པ་ཁམས་གསུམ་དག་ཀྱང་སྟོན་པར་བྱེད་དོ་ཞེས་སོ། །རྫུ་འཕྲུལ་ལོངས་སྤྱོད་ཡོན་ཏན་གྱིས། །ཞེས་པ་ལྷ་དང་གནོད་སྦྱིན་དེ་དག་གིས་ཞེས་པའོ། །དགའ་བར་བྱེད་ཅེས་པ་འགྲུབ་པའི་སྔགས་པས་དེ་ལ་ཞེས་པའོ། །ཇི་སྲིད་ལྕགས་ཀྱུ་འཆང་བའི་མི། །ཞེས་པ་ཇི་སྲིད་གྲུབ་

པའི་ལྕགས་ཀྱུ་ལག་ན་འཆང་བ་དེ་ལ་ཞེས་སོ། །དེ་ཡི་དཀའ་ཡིས་ངེས་པ་རུ། །ཞེས་པ་ལྕགས་ཀྱུ་ལག་ན་ཐོགས་ཏེ་བཅིང་བའི་བཀའ་ཞེས་པའོ། །གནོད་སྦྱིན་མོ་དག་རང་རང་གིས། །ཞེས་པ། གནོད་སྦྱིན་མོ་རང་རང་གི་ལོངས་སྤྱོད་དང་འདོད་པའི་ལོངས་སྤྱོད་ཀྱང་ཉེ་བར་སྦྱོར་རོ་ཞེས་

སོ། །དེ་སྟེ་ལས་ཀྱི་སྐྱོན་དག་གིས། །ཞེས་པ་སྔོན་གྱི་ལས་ཀྱིས་སྒྲུབ་ཞེས་པའོ། །ལྕགས་ཀྱུ་དེ། ཚ་བ་ཙམ་དུ་མ་གྱུར་ན། །ཞེས་པ་གྲུབ་པར་མ་གྱུར་པའི་ལྕགས་ཀྱུ་དེ་ཞེས་སོ། །ལྕགས་ཀྱུ་དེ་ཉིད་འདིར་བཟུང་སྟེ། །ཞེས་པ་སྒྲུབ་པ་པོས་མཚན་གཅིག་ཏུ་ལག་པ་གཡས་ཀྱིས་བཟུང་

Vol. 70 · folio 225a

སྟེ་ཞེས་པའོ། །ནང་པར་དབེན་པར་འདུག་ནས་ནི། །ཞེས་པ་སྒྲུབ་པ་དེ་མ་གྲུབ་པའི་ནང་མི་ལ་བྱ་ཞེས་པའོ། །ནུ་མོ་དག་གི་མིང་བཅུག་སྟེ། །ཞེས་པ་རྩ་བའི་སྔགས་ཀྱི་མཇུག་ཏུ་ཆེ་གེ་མོ་ཞིག་ཨཱ་ཀཪྵ་ཡ་ཞེས་པའི་བསྐུལ་ཚིག་བཅུག་སྟེ་བཟླས་སོ། །འདི་ལ་མཎྜལ་བྲི་མི་

དགོས་སོ། །དེ་ནས་ཆོ་ག་དེས་མྱུར་དུ་འོང་བར་འགྱུར་ཞེས་པའོ། །མེ་ཏོག་འབྲས་བུ་དེ་བཞིན་གྲུབ། །ཅེས་པ་གཞན་ཡང་འདི་དག་འགུགས་པར་བྱེད་དོ་ཞེས་སོ། །མ་གྲུབ་ན་ཡང་རྟག་པ་རུ། །ཞེས་པ་དངོས་གྲུབ་རྣམ་གསུམ་ཞེས་པའོ། །དེ་ལྟར་ལྕགས་ཀྱུ་དམ་པ་འདི། །ཞེས་

པ་ལྕགས་ཀྱུ་དེས་དངོས་གྲུབ་དམ་པ་འགྲུབ་ཅིང་ཡོན་ཏན་ཆེ་བས་ན། དམ་པའི་ལྕགས་ཀྱུ་དངོས་གྲུབ་ཅེས་པ་བཤད་ཟིན་ཏོ། །འདི་མན་ཆད་ཐོད་པ་ལ་དངོས་གྲུབ་བསྒྲུབ་པ་བཤད་དེ། ཐོད་པའི་དངོས་གྲུབ་གང་ཡིན་པ། །ཞེས་པ་ནས་བསྟན་ཏེ། སྒྲུབ་པ་གང་དག་བཤད་པ་

ནི། ལག་པ་གཡས་པས་གཟུང་བར་བྱ། །ཞེས་པ་སྔར་བཤད་པ་དངོས་གྲུབ་བསྒྲུབ་པའི་རྫས་དེ་དག་ནི་ལག་པ་གཡས་པས་བཟུང་སྟེ་བསྒྲུབ་པར་བྱའོ། །ཅིའི་ཕྱིར་ཞེ་ན། མཚོན་ཆ་དེ་དག་ཕྱག་གཡས་པ་ན་བསྣམས་པས་སྒྲུབ་པའི་ཚེ་ན་ཡང་ལག་པ་གཡས་ཀྱིས་བཟུང་སྟེ་

བསྒྲུབ་པ་ཞེས་པའོ། །ཐོད་པ་ལ་སོགས་པ་ཞེས་པ་ཤཀྟི་དང་ཐོ་མར་དག་བསྡུ་ཞེས་པའོ། །ལག་པ་གཡས་པས་བཟུང་བསྒྲུབས་ན། །ཞེས་པ་ཕྱག་གཡོན་པས་བསྣམས་པའི་ཕྱིར་སྒྲུབ་པའི་ཚེ་ཡང་རྫས་དེ་དག་ལག་པ་གཡོན་པས་བཟུང་སྟེ་བསྒྲུབས་ན་ཇི་ལྟར་བཤད་པ་བཞིན་དུ་དངོས་

གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིང་ལ་ལེགས་པར་བྱ་བ་ནི། །ཞེས་པ་ཧོཾ་གཟར་བྱེད་པའི་ཚེ་ཤིང་གི་མཚན་ཉིད་འདི་ལ་བྱའོ། །ཐོད་པའི་སོར་ནི་ཉི་ཤུ་ལ། །ཞེས་པ་གདོང་གི་ཞེང་གི་ཚད་ཅེས་པའོ། །མཉམ་ལ་རབ་ཏུ་ལེགས་པར་བྱས། །ཞེས་པ་ཆེ་ཆུང་མེད་ཅིང་ཐག་

ཐུག་མེད་པ་ཞེས་པའོ། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །ཞེས་པ་མཛེར་པ་ལ་སོགས་པའི་ཤིང་སྐྱོན་དེ་དག་ཅེས་པའོ། །རི་ཡི་རྩེ་མོར་འདུག་ནས་སུ། །མཆོད་དང་གཏོར་མའི་རིམ་པ་བྱས། །ཞེས་པ་རིའི་རྩེ་མོར་དཀྱིལ་འཁོར་བྲིས་ལ་དེར་མཆོད་པ་དང་། གཏོར་མ་ལ་སོགས་པ་ཆོ་ག་བཞིན་

Vol. 70 · folio 225b

དུ་བྱ་ཞེས་པའོ། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། །ཞེས་པ་རྫས་གཟེངས་བསྟོད་པའི་ཕྱིར་སྦྱིན་སྲེག་བྱའོ། །སྔགས་ཀྱི་བསྲུང་བས་མཐུ་བསྐྱེད་དོ། །ཞེས་པ་ལ་སོགས་པ་སྒྲུབ་པའི་རྫས་ལ་སྔགས་ཀྱིས་མཐུ་བསྐྱེད་དོ། །དེའི་ཕྱིར་སྔགས་ཀྱིས་བསྲུང་བ་སྒྲུབ་པའི་རྫས་ཀུན་ལ་

སྦྱར་རོ། །ཐོད་པ་ལག་པ་གཡོན་པས་བཟུང་། །ཞེས་པ་གྲུབ་པའི་ཚེ་ན་ལྷུང་བཟེད་འཛིན་པའི་ཐབས་སུ་ལག་པ་གཡོན་པས་ཞགས་པས་བཟུང་ནས་ལག་པ་གཡས་པས་ཐོད་པའི་སྟེང་ནས་ཁ་དགབ་པའི་ཚུལ་དུ་བཀབ་ལ་ཕང་བར་བླངས་ཏེ་སྒྲུབ་པོ་ཞེས་པའི་དོན་ཏོ། །དུ་བའམ་ཚ་བར་

འབྱུང་གི་བར། །ཞེས་པ་དེ་ལྟར་དངོས་གྲུབ་རྣམ་གསུམ་འབྱུང་གི་བར་དུ་རྩ་བའི་སྔགས་བཟླས་པར་བྱ་ཞེས་པའོ། །དེ་ལ་རྣམ་པར་དཔྱད་མི་དགོས། །ཞེས་པ། དེ་ལྟར་གྱུར་པ་ཐེ་ཚོམ་མེད། །ཅེས་པའོ། །འོན་ཏེ་དེ་འདིར་མ་གྲུབ་ན། །ཞེས་པ་ཐོད་པ་དེ་དེ་ལྟར་བསྒྲུབས་པ་ལས་སྐབས་

འདིར་མ་གྲུབ་ན་ཞེས་པའོ། །དེ་ནས་ས་ལ་མི་བཞག་པར། །ཞེས་པ་ཐོད་པ་དེ་ཞེས་པའོ། །སྔགས་པ་དེས་དེའི་ཐོད་པ་དེ་བླངས་ནས་ཞེས་པའོ། །ཤིང་གི་ཁྲི་ལ་ཞེས་པ། །ཨ་ནི་ཁྲིའུའི་སྟེང་དུ་གཞག །ཅེས་པའོ། །རས་ཀྱིས་ཞེས་པ་ནི་མི་དག་གིས་མ་མཐོང་བར་རས་དཀར་པོ་དུམ་གཅིག་

གིས་གཡོག་གོ། །ཡིད་ལ་ཅི་འདོད་ཅེས་པ་ལ་ཟན་ལ་སོགས་པ་གང་ཡང་རུང་བའི་ཁ་ཟས་འབྱུང་བར་འགྱུར་བའི་ཐབས་འདི་ལྟར་བྱས་ན་ཁ་ཟས་འདི་དག་འབྱུང་བར་འགྱུར་རོ་ཞེས་པའོ། །ལག་གིས་བཟུང་ཞེས་པ་ཐོད་པ་ལག་པ་གཡོན་པས་བཟུང་། །སྟོང་རྩ་བརྒྱད་ཅེས་པ་རྩ་བའི་

སྔགས་སྒྲུབ་པ་པོ་ལ་ཉིན་རེ་ཞིང་ཞེས་པ་ཉིན་རེ་མི་འཆད་པར་ཐོད་པ་དེ་ལས་གང་ཡང་རུང་བའི་བཟའ་བ་འདོད་པ་དེ་དག་འབྱུང་བར་འགྱུར་རོ་ཞེས་སོ། །བྱ་ནར་བཅས་པ་ངེས་པ་རུ། །ཞེས་པ་ཟན་དང་མར་དུ་བཅས་པའམ། ཟན་དང་ཚོད་མར་བཅས་པ་ཞེས་པའོ། །བདུད་རྩི་ཟས་ནི་སྦྱིན་པར་

བྱ། །ཞེས་པ་དེ་ཡང་བསྟི་སྟང་དང་གུས་པའི་སེམས་ཀྱིས་སྦྱིན་ཞེས་པའོ། །ཚུལ་བཞིན་བྱིན་པའི་འོག་ཏུ་ནི། །ཞེས་པ་སེམས་ཅན་ལ་དེ་ལྟར་སྦྱིན་པའི་འོག་ཏུ་སྒྲུབ་པ་པོ་བདག་ཉིད་ཁྲུས་བྱས་གཙང་སྒྲ་བྱས་ཏེ་ཚུལ་བཞིན་དུ་བཟླས་པའོ། །ཐོད་པ་བསྒྲུབ་པ་བཤད་པ་འདི། །ལག་པ་གཡོན་

Vol. 70 · folio 226a

པས་གཟུང་བར་བྱ། །ཞེས་པ་ཐོད་པ་ཕྱག་གཡོན་ན་བསྣམས་པས་ལག་པ་གཡོན་པས་བཟུང་སྟེ་བསྒྲུབ་པར་བྱའོ། །འདི་མན་ཆད་ཤཀྟི་སྒྲུབ་པ་བཤད་དེ། ཤཀྟི་རྣོན་པོ་ཞེས་པ་མདུང་ཐུང་ཞེས་པའོ། །ལེགས་བྱས་པ་ཞེས་པ་མཚན་ཉིད་དང་ལྡན་པའོ། །བཤོལ་བ་མེད་

པར་བསྒྲུབ་པར་བྱ། །ཨུར་མོ་ལྕགས་ལས་བྱས་པའི་མཆོག །ཅེས་པ་སྔར་བཤད་པ་ལྟ་བུའི་ལྕགས་ལ་བྱ་ཞེས་པའོ། །བཀྲ་ཤིས་སོར་ནི་ཉི་ཤུ་གཉིས། །ཞེས་པ་ཅི་སྲིད་དུ་སོར་སུམ་ཅུ་གཉིས་ཤཀྟི་རྩེ་ལ་ནི་སྲིད་དུ་སོར་བཞི་སྔར་གསུངས་པ་སྟེ། བཤད་པའི་ཆོ་ག་བཞིན་དུ་ཆུ་འགྲམ་

གཙང་མར་དཀྱིལ་འཁོར་བྲིས་ལ་གཟེངས་བསྟོད་པ་དང་། བསྲུང་བ་དང་། མཆོད་པ་ལ་སོགས་པ་ཚུལ་བཞིན་དུ་བྱས་ཏེ་མཚན་མོ་བསྒྲུབ་པོ། །ཚུལ་དེ་ལྟར་བསྒྲུབས་ན་དངོས་གྲུབ་རྣམ་གསུམ་ལས་གཅིག་འགྲུབ་ཅེས་བྱ་བའི་ཐ་ཚིག་གོ། །འདི་མན་ཆད་མདའ་བོ་ཆེ་བསྒྲུབ་པ་བཤད་དེ།

ཏོ་མ་ར་ཡ་མཁས་པས་བསྒྲུབ། །ཅེས་པ་གོང་དུ་ཇི་སྐད་བཤད་པའི་ཚུལ་བཞིན་དུ་ཏོ་མ་ར་སྒྲུབ་པ་ནི་སྔགས་པས་མདའ་བོ་ཆེ་བསྒྲུབ་ཅེས་པའོ། །ཨུར་མོའི་ལྕགས་ལས་བྱས་པའི་མཆོག །ཅེས་པ་སྔར་བཤད་པ་ལྟ་བུའི་ལྕགས་ལ་བྱ་ཞེས་པའོ། །རབ་ཏུ་རྣོ་བ་སྔ་མ་བཞིན། །ཞེས་

པ་ཏོ་མ་ར་ཡ་མཚན་ཉིད་ལྡན་པ་བཟང་པོ་ལ་བྱའོ། །ཚད་ནི་ཤཀྟི་འདྲའོ་ཞེས་པའོ། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། །ཞེས་པ་གཟེངས་བསྟོད་པའི་སྦྱིན་སྲེག་ཀྱང་བྱའོ། །ཙནྡན་དམར་པོས་གདབ་པར་བྱ། །ཞེས་པ་ཏོ་མ་ར་ཙནྡན་དམར་པོའི་འདེ་གུས་བྱུག་གོ་ཞེས་པའོ། །

རི་ཡི་རྩེ་མོར་གནས་ནས་ནི། །ཞེས་པ་ཞིབ་ཏུ་སྔར་བཤད་པའི་ཚུལ་དུ་བསྒྲུབ་པོ་ཞེས་པའོ། །གྲུབ་ན་འབྲས་བུ་སྔ་མ་བཞིན། །ཞེས་པ་དངོས་གྲུབ་རྣམ་གསུམ་ལས་འགྱུར་བ་སྔ་མ་བཞིན་ནོ། །འདི་མན་ཆད་སྡིགས་མཛུབ་བཤད་པ། ལག་པ་གཡོན་པའི་མཛུབ་མོ་ནི། །

ཞེས་པ་ལག་པ་གཡས་པའི་ཆང་བའི་ནང་དུ་སྦས་ལ་སྙིང་ག་ཙམ་དུ་བྱའོ་ཞེས་པའོ། །ཆོ་ག་སྔ་མ་བཞིན་བྱས་ན། །ཞེས་པ་ཆོ་ག་སྔར་བཤད་པའི་ཚུལ་བཞིན་དུ་བསྒྲུབ་པོ། །ཟླ་བ་གཟའ་ཡིས་ཟིན་པའི་ཚེ། །ཞེས་པ་དུས་དང་སྦྱར་ཏེ་དངོས་གྲུབ་བསྒྲུབ་པ་འདིའི་ཐད་ཀར་འཇུག་པར་

Vol. 70 · folio 226b

བྱའོ། །སྟན་གཅིག་ལ་ནི་ལེགས་འདུག་ནས། །ཞེས་པ་མི་གཡོ་མི་འཁྲུག་པ་འདུག་པའི་དོན་དུའོ། །གདོན་མི་ཟ་བར་ཞེས་པ་ཐེ་ཚོམ་མེད་པར་ཞེས་སོ། །མཛུབ་མོ་དེ་ནི་ཚ་བར་འགྱུར་ཡང་སྲིད་ཅེས་པའོ། །རིག་འཛིན་གོ་འཕང་ཐོབ་པར་འགྱུར། །ཞེས་པ་རིག་འཛིན་དུ་འགྱུར་རོ་

ཞེས་པའོ། །མཛུབ་མོ་འགྲུབ་པར་མ་གྱུར་ན། །ཞེས་པ་དངོས་གྲུབ་རྣམ་གསུམ་ཞེས་པའོ། །དངོས་གྲུབ་ཉམས་ཀྱང་ངེས་པར་ནི། །ཞེས་པ་གྲུབ་པར་མ་གྱུར་ཀྱང་། ལས་རྣམས་ཚོགས་ནི་བྱེད་པར་འགྱུར། །ཞེས་པའོ། །ཁྲོས་ནས་དེ་ཡིས་བསྡིགས་ན་ནི། །ཞེས་པ་ཕ་རོལ་

ལ་མཛུབ་མོ་དེ་ཡིས་བསྡིགས་ན། མི་དེ་ཇི་ལྟར་འདོད་པ་རུ། །དེ་མ་ཐག་ཏུ་འགྱེལ་བར་འགྱུར། །ཞེས་བྱ་བའི་དོན་ཏོ། །དེ་ནི་ལག་པ་གཡས་པ་ཡིས། །ཇི་སྲིད་འདོད་པ་སློང་བར་བྱེད། །ཅེས་པ་སྔགས་དང་བཅས་པར་ལག་པ་གཡས་པས་བླང་ངོ་ཞེས་པའོ། །བསྡིགས་པར་

ནུས་ཞེས་པ་མཛུབ་མོ་དེས་ཞེས་པའོ། །ལྗོན་ཤིང་དང་ནི་ནགས་ཚལ་རྣམས། །ཞེས་པ་ཤིང་གཤེར་བ་ཞེས་པའོ། །དེ་ནས་དེ་ནི་མཛུབ་མོ་དེས། །ཞེས་པ་ཚུལ་དེ་ལྟར་བསྒྲུབས་པ་དེ་ཡིས་རིང་པོ་མི་ཐོགས་པར་རྙིལ་བར་བྱེད་ཅེས་པའི་དོན་ཏོ། །ཀུན་སྦྱིན་པའི་ཞེས་པ་གོང་དུ་

བཤད་པ་རྣམས་ཞེས་པའོ། །བསྒྲུབ་པ་མཆོག་ཅེས་པ། མཛུབ་མོའི་དངོས་གྲུབ་མཆོག་ཅེས་སོ། །ད་ནི་ཞགས་པ་བསྒྲུབ་པ་བཤད་དེ། ཤི་བའི་སྐྲ་ལས་ཞགས་པ་ནི། །ཞེས་པ་སྐྱེས་པའམ་བུད་མེད་གང་ཡང་རུང་བའི་སྐྲ་ལས་ཞགས་པ་བྱ་ཞེས་པ་ཁ་ཅིག་གིས་བཤད་ནས་སྔར་

བཤད་པ་དང་སྦྱར་ན། བུ་མོའི་སྐྲ་ལས་བྱ་བར་རིགས་སོ། །མི་གཅིག་ཤི་བའི་སྐྲ་ལས་ཅི་ལངས་པའི་ཞགས་པ་བྱའོ། །སྦོམ་ཞིང་ཡིད་དུ་འོང་བ་དང་། །ཞེས་པ་འཇར་འཇུར་དང་ཕྲ་སྦོམ་མེད་པའི་མཐེ་བོང་ཙམ་མམ། མཛུབ་མོ་ཙམ་དུ་བྱའོ། །ཆོ་ག་སྔ་མ་བཞིན་བྱས་ན། །ཞེས་

པ་སྔར་བྱས་ཞགས་པ་བཞིན་དུ་བསྒྲུབ་པོ། །དེ་ནས་དངོས་གྲུབ་ཐོབ་ཅེས་པ་ཞགས་པ་དེ་ཡིས་དངོས་གྲུབ་རྣམ་གསུམ་ཐོབ་པོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་གཎྜཱིའི་བསྒྲུབ་པ་བསྟན་ཏེ། ཤིང་ནི་རབ་ཏུ་བཟང་པོ་ལས། །ཞེས་པ་ཨ་ཤྭཏྠ་ལ་སོགས་པ་ལ་བྱ་ཞེས་པའོ། །གཎྜཱི་

Vol. 70 · folio 227a

སོར་ནི་བཅུ་དྲུག་བྱ། །ཞེས་པ་བོང་ཚད་ལ་བྱ་སྟེ། དབྱུག་ཏོ་ལ་ཡང་ཡིན་ཞེས་པའོ། །ལེགས་པར་བཞོགས་ཤིང་ལེགས་བྲིས་པ། །ཞེས་པ་མགོ་མཇུག་གཉིས་སུ་རི་མོ་དག་བྲི་ཞེས་པའོ། །བཟང་པོ་ཡིད་དུ་འོང་བྱས་ནས། །གསེར་བཟང་པོ་ཁྱིམ་བདག་

གིས་བཀྲི། །ཞེས་པའོ། །དེ་ཡི་རྩེ་ལ་ནོར་བུ་ནི། །ཞེས་པ་གཎྜཱི་དེའི་རྩེ་མོར་ཞེས་པའི་ཆོ་ག་སྔོན་དུ་བཤད་པ་བཞིན་ཞེས་ཞིབ་ཏུ་བཤད་པའི་ཆོ་ག་བཞིན་དུ་བསྒྲུབ་པོ་ཞེས་པའོ། །ནུབ་སྒྲུབ་ཅེས་པ་མཚན་གཅིག་ཏུ་བསྒྲུབ་པོ། །སྔ་མ་བཞིན་དུ་གྲུབ་རྣམས་སུ། །ཞེས་པ་རིག་འཛིན་

གྱི་རྒྱལ་པོར་འགྱུར་རོ་ཞེས་པའོ། །འདོད་གཟུགས་ཅན་ཞེས་པ་འདོད་དགུར་སྒྱུར་བའི་གཟུགས་ཅན་དུ་ཡང་འགྱུར་རོ་ཞེས་པའོ། །དུ་བ་ཚ་ལ་སོགས་པས་ཀྱང་། །ཞེས་པ། དངོས་གྲུབ་རྣམ་གསུམ་ཉིད་ལ་བྱ། །ཞེས་པའོ། །དེ་ཡི་འབྲས་བུ་སྔོན་བཞིན་དུ། །ཞེས་པ་སྔར་བཤད་

པ་བཞིན་དུ་ཐོབ་བོ། །དེ་ལྟར་མདོ་རུ་བཤད་པ་ཡིན། །ཞེས་པ་འདི་ཡན་ཆད་ལྷའི་མཚོན་ཆ་ཞེས་བྱ་བ་བཤད་དོ། །འདི་མན་ཆད་རོ་ལངས་ཀྱི་དངོས་གྲུབ་བཤད་དོ། །དེ་ལས་རྟོག་ལས་འབྱུང་བ་ཡི། །ཞེས་པ་ནས་བསྟན་ཏེ། དངོས་གྲུབ་གཞན་ཡང་བཤད་པར་བྱ། །ཞེས་

པ་རྒྱུད་ཆེན་པོ་ལས་འབྱུང་བའི་དངོས་གྲུབ་གཞན་ཡང་བཤད་པར་བྱའོ་ཞེས་སོ། །དེ་ལྟར་ཁྲོ་བོའི་མཆོག་གིས་ནི། །ཉིད་ཀྱི་མདོ་རུ་བཤད་པའོ། །ཞེས་པ་དེ་ཡང་ཨཱརྱ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཉིད་ཀྱིས་ཇི་ལྟར་མདོར་བཤད་པའི་དངོས་གྲུབ་དེ་དག་བཤད་པར་བྱའོ། །ཡི་དགས་མང་པོ་

ཞེས་བྱ་བའི། །དཀྱིལ་འཁོར་ཐོག་མར་བྲིས་ནས་སུ། །ཞེས་པ། ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་དེ། དུར་ཁྲོད་ཐལ་བས་དང་པོར་བྲི་བར་བྱའོ། །རྨ་མེད་པ་ཡི་རོ་བླངས་ནས། །ཞེས་པ་ནད་ཀྱིས་ཤི་བ་དང་རུལ་བ་དང་། མཚོན་གྱིས་བསད་པ་མ་ཡིན་པ་མ་གོད་པ་མ་ཉམས་

པའི་རོ་སར་པ་བླང་ངོ་ཞེས་མཁས་པས་ཤེས་པ་སྔགས་པས་རོ་དེ་ཁྲུས་བྱས་ཞེས་པའོ། །ལེགས་པར་བརྒྱན་ཞེས་པ་མེ་ཏོག་ཕྲེང་བས་བརྒྱན་ཞེས་པའོ། །མི་རོ་དེ་ལ། མེ་ཏོག་སྤོས་ཀྱིས་མཆོད་ནས་སུ། །ཞེས་པའོ། །གཏོར་མ་སྦྱིན་ཞེས་པ་ཤ་དང་ཁྲག་ཏུ་བཅས་པའི་གཏོར་

Vol. 70 · folio 227b

མ་སྦྱིན་ཞེས་པའོ། །ལས་ནི་དུར་ཁྲོད་དག་ཏུ་བྱ། །ཞེས་པ་དཀྱིལ་འཁོར་དེ་ཡང་དུར་ཁྲོད་དུ་བྲིའོ་ཞེས་པའོ། །འདི་ནི་གཞན་དུ་ཡོང་མི་བྱ། །ཞེས་པ་གནས་འདི་ལས་གཞན་དུ་དཀྱིལ་འཁོར་མི་བྲི་ཞེས་པའོ། །མེ་ཏོག་བཀྲམ་པའི་གནས་མལ་དུ། །དེ་ནི་ལྷོ་ཕྱོགས་མགོ་བསྟན་

བཞག །ཅེས་པ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་ཀྱི་སྒོ་ཀར་མལ་ཐབས་སུ་མེ་ཏོག་བཀྲམ་པ་དེའི་སྟེང་དུ་མི་རོ་དེ་མགོ་ལྷོ་ཕྱོགས་སུ་བསྟན། རྐང་པ་གཉིས་དཀྱིལ་འཁོར་ལོགས་སུ་བྱང་ཕྱོགས་སུ་བསྟན་ཏེ་བཞག་གོ་ཞེས་པའོ། །ཐོད་པ་བཟང་པོ་ཟས་མཆོག་གིས། །ཞེས་པ་ཁ་

ཅིག་བཤད་པ་ནི་འབྲས་བཟང་པོ་བཙོས་པའི་ནང་དུ་བླུགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འབྲས་དང་འོ་མ་བཅས་པའི་ཟས་མཆོག་བཙོས་པ་དག་གིས་མིའི་ཐོད་པ་བཀང་བ་དེ་བླངས་ནས་ཞེས་པའོ། །ཟས་མཆོག་དེ་ཡི་ནང་དུ་ཡང་། །ཚིལ་ཆེན་དག་གིས་བླུགས་པར་བྱ། །ཞེས་

པ་མིའི་ཐོད་པར་བླུགས་པའི་ཟས་མཆོག་དེའི་ནང་དུ་ཡང་མིའི་ཚིལ་བཞུ་བ་དག་གིས་བླུགས་པར་བྱའོ་ཞེས་པའོ། །མཁས་པས་དེ་དག་དེ་ཡི་ཚེ། །ཞེས་པ་སྔགས་པས་ཟས་མཆོག་སྦྱར་བ་དེ་དག་བསྒྲུབ་པའི་ཚེ། གཟར་བུ་མི་རོའི་ཁར་བླུགས་ལ། །ཞེས་པ་སེང་ལྡེང་གི་གཟར་བུ་ཆུང་ངུས་

ཟས་མཆོག་བཞག་པ་དེ་ལས་བཅུས་ཤིང་མི་རོ་དེའི་ཁར་བླུགས་སོ། །དེ་ཡང་ཁྲོ་བོའི་སྔགས་བཟླས་ཤིང་མི་རོའི་ཁར་སྦྱིན་ལུགས་བརྒྱ་བྱའོ། །དེ་ཡི་ལྕེ་ཡང་དབྱུང་བར་འགྱུར། མི་རོ་དེ་ཡང་ལྕེ་འབྱུང་བར་འགྱུར་རོ་ཞེས་པའོ། །དེ་ནས་མཚོན་གྱིས་བཅད་པར་བྱ། །ཞེས་པ་ལྕེ་

དེའི་རྩ་བ་ནས་མཚོན་རལ་གྲིས་བཅད་པར་བྱའོ། །ལྕེ་ནི་རྩ་བར་བཅད་པ་ལས། །ཞེས་པ་རལ་གྲི་དེ་དག་གིས་བླངས་ནས་གྲོགས་པོ་དུ་ཡོད་པ་ལ་རེ་རེ་སྦྱིན་ནོ་ཞེས་སོ། །སྒྲུབ་པ་པོ་ཡིས་བླངས་ནས་སུ། །ཞེས་པ་དེ་ལྟར་གྲོགས་པོ་རྣམས་ལ་ཡང་རལ་གྲི་རེ་རེ་སྦྱིན་པའི་འོག་ཏུ་སྒྲུབ་

པ་པོས་བདག་གི་རལ་གྲི་གཅིག་བླངས་ནས་དེ་མ་ཐག་ཏུ་འགྲུབ་པར་འགྱུར་རོ། །གྲོགས་པོ་རལ་གྲི་བྱིན་པ་དེ་རྣམས་དང་སྒྲུབ་པ་པོ་བདག་ཉིད་ཀྱང་རིག་འཛིན་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ། །གྲོགས་པོ་དེ་དང་རྣམ་བཅས་པར། །ཞེས་པ་རལ་གྲི་སྦྱིན་པའི་གྲོགས་པོ་དེ་

Vol. 70 · folio 228a

རྣམས་དང་སྒྲུབ་པ་པོ་བདག་ཉིད་དང་བཅས་ཏེ། བསྐུལ་བ་བདུན་དུ་གནས་པར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །ཡང་ན་མཁས་པས་ཞེས་བསྔགས་པས་ཞེས་པའོ། །དཀྱིལ་འཁོར་དེ་ནི་བྲི་བར་བྱ། །ཞེས་པ་སྔ་མ་བཞིན་དུ་དཀྱིལ་འཁོར་དེ་དུར་ཁྲོད་དུ་བྲི་ཞེས་

པའོ། །མཆོད་པ་ཇི་སྐད་གསུངས་པ་བྱ། །ཞེས་པ་གོང་དུ་བཤད་པ་བཞིན་དུ་བྱ་ཞེས་པའོ། །སྐྱེས་བུ་ནད་མེད་འབྱིན་པ་ཡི། །ཞེས་པ་ནད་ཀྱིས་མ་བཏབ་པར་ཤི་བའི་ཞེས་པའོ། །རྨ་མེད་པ་ཡི་རོ་བླངས་ནས། །ཞེས་པ་རོ་སར་པ་མ་ཉམས་པ་ཞེས་པའོ། །བརྒྱན་ཞེས་གོང་དུ་

བཤད་པ་བཞིན་དུ་ཞེས་པའོ། །དཀྱིལ་འཁོར་དེ་ཡི་སྒོར་བཞག་སྟེ། །ཞེས་པ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་ཀྱི་སྒོ་སྔ་མ་བཞིན་དུ་བཞག་ནས་ཞེས་སོ། །དེ་ཡི་སྙིང་གར་དེ་འདུག་ནས། །ཞེས་པ་གཡོན་བརྐྱང་པའི་ཚུལ་དུ་འདུག་ནས་ཞེས་པའོ། །ཡི་གེ་བཅུ་བདུན་དེ་བཟླས་

ནས། །ཞེས་པ་ལྷ་འོག་ནས་དངོས་གྲུབ་འབྱུང་བ་ཀུན་ལ་སྔགས་འདི་བཟླས་སོ། །ཨརྒྷ་ལེགས་པར་དབུལ་བར་བྱ། །ཞེས་པ་བདག་གི་ལུས་ལས་བཅད་པའི་ཁྲག་དང་ཤ་བསྲེས་པའི་ཨརྒྷ་མི་རོ་དེ་ལ་དབུལ་བར་བྱའོ། །དེའི་མགོ་ལ་ཞེས་པ་མི་རོ་དེའི་ཞེས་སོ། །སྔགས་པའི་

ལག་པ་གཡོན་གྱིས་ཞེས་པའོ། །དེ་ནས་བདག་ཉིད་ཆེན་པོ་དེའི། །ཞེས་པ་མཐུ་དང་ལྡན་པའི་མི་རོ་དེའི་ཁ་ནས་མྱུར་དུ་འབྱུང་བར་འགྱུར་ཞེས་པ་ལྡོང་རོས་དེ་འདྲ་བ་ཞེས་པའོ། །སྒྲུབ་པ་པོ་དེས་དེ་བླངས་ནས། །ཞེས་པ་སྔགས་པས་ལྡོང་རོས་དེས། ཡན་ལག་ཐམས་ཅད་བསྐུས་ནས་ནི། །ཞེས་

སྒྲུབ་པ་པོའི་ལུས་ཞེས་པའོ། །གྲོགས་པོ་རྣམས་ལའང་དེ་བཞིན་སྦྱིན། །ཞེས་པ་ལྡོང་རོས་གྲོགས་རྣམས་ལའང་སྦྱིན་ནོ། །དེ་མ་ཐག་ཏུ་དེ་དག་ཀུན། །ཞེས་པ་བསྐུས་མ་ཐག་ཏུ་དེ་དག་ཀུན་ཀྱང་བཙོ་མའི་གསེར་གྱི་མཆོག་ཏུ་འགྱུར་ཞེས་པ་རིག་འཛིན་ཀྱི་རྒྱལ་པོར་འགྱུར་

ཞེས་པའོ། །ལས་རྣམས་ཐམས་ཅད་འགྲུབ་པར་ནི། །ཞེས་པ་གྲུབ་པའི་རྫས་རྣམས་ལས་འགྲུབ་པར་འགྱུར་ན། བགོར་རུང་དང་མི་རུང་བ་རྣམས་ལ་ཇི་ལྟར་སྤྱད་པའི་མཚན་ཉིད་བཤད་དོ། །དཀོན་མཆོག་གསུམ་ལ་ཆ་གཅིག་དབུལ། །ཞེས་པ་རལ་གྲི་མང་པོ་དང་ལྡོང་རོས་

Vol. 70 · folio 228b

ལྟ་བུ་དག་གིས་རྫས་བགོར་རུང་བར་གྱུར་ན་གྲུབ་པའི་རྫས་ལ་ཆ་གཅིག་དཀོན་མཆོག་གསུམ་ལ་བསྔོས་ཏེ་དབུལ། དེའི་འོག་མ་ཆ་གཅིག་སྒྲུབ་པ་པོ་བདག་ཉིད་བསྐུར་རོ། །དེ་ལ་ཆ་གཅིག་གྲོགས་པོ་རྣམས་ལ་སྦྱིན་ནོ་ཞེས་པའོ། །བྱིན་ནས་འདི་ལ་ནམ་མཁར་འཕར། །ཞེས་པ་དེ་

ལྟར་ཆ་གསུམ་པོ་སོ་སོར་བགོས་ནས་དེའི་འོག་ཏུ་སྒྲུབ་པ་པོས་བདག་ཉིད་གྲུབ་པའི་རྫས་དེ་དག་ཐོགས་ནས་ནམ་མཁར་འཕར་བར་འགྱུར་རོ་ཞེས་བྱའོ། །རྫས་གཅིག་གྱུར་པ་གྱུར་པ་ལས། །ཆོ་ག་གཞན་ནི་བཤད་པར་བྱ། །ཞེས་པ་དེ་ལ་རྫས་བགོར་མི་རུང་བའི་རལ་གྲི་ལྟ་

བུ་གཅིག་པུ་ཞིག་གྲུབ་པར་གྱུར་ན་གོང་མ་ལས་གཞན་པའི་ཆོ་ག་དང་། དཔྱད་ན་སྒྲུབ་པ་པོ་བདག་ཉིད་བསྐུར་བར་བྱ་བ་དེ་བཤད་དོ། །རྫས་གཅིག་གྲུབ་པར་གྱུར་ན་ནི། །ཞེས་པ་ལ་སོགས་པ་དངོས་གྲུབ་པའི་རྫས་བགོར་མི་རུང་བ་གང་ཡང་རུང་བ་གཅིག་གྲུབ་པར་གྱུར་ན།

རྫས་དེ་དག་བགོར་མེད་པར་དང་པོར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། དཀོན་མཆོག་གསུམ་ལ་ཆོ་ག་བཞིན་ལུས་དབུལ་བར་བྱའོ། །དེ་ཡི་གོང་དུ་རྫས་དེ་བླང་། །ཞེས་པ་ལ་སོགས་པ་དེ་ལྟར་ལུས་ཕུལ་བའི་འོག་ཏུ་བགོར་མི་རུང་བའི་གྲུབ་པའི་རྫས་དེ་བདག་གིས་

བླང་བར་བྱའོ། །གྲོགས་པོ་རྣམས་ལ་གཅེས་རིགས་སུ་གྲུབ་པའི་རྫས་མི་རོ་གསེར་དུ་འགྱུར་བའི་རྫས་ལ་སོ་སོར་ཅི་རིགས་པར་སྦྱིན་ནོ། །བསྒྲུབ་པའི་རྫས་དེ་ལྟ་བུ་མེད་པར་གྱུར་ན་བདག་གིས་ནོར་རྫས་ཅི་བདོག་པའི་ལས་གྲོགས་རྣམས་ལ་སྦྱིན་ནོ། །དེའི་འོག་ཏུ་གྲུབ་པའི་

རྫས་དེ་བདག་གིས་ཁྱེར་ན་གྲུབ་པར་འགྱུར་ཏེ། ནམ་མཁའ་ལ་འཕར་རོ་ཞེས་པའི་ཐ་ཚིག་གོ། །ཕྱི་ནས་ཆོ་ག་འདི་དག་སྤྱད། །ཅེས་པ་གང་ཡང་རུང་བའི་གྲུབ་པའི་རྫས་དེ་ཆ་གསུམ་ལ་སོགས་པའི་ཚུལ་དུ་སོ་སོར་བགོས་ཏེ་དེའི་འོག་ཏུ་གྲུབ་པའི་རྫས་དེ་བདག་གིས་སྤྱད་དོ། །

དེ་ལྟར་མ་བྱས་གྲུབ་ན་ཡང་། །ཞེས་པ་གང་ཡང་རུང་བའི་གྲུབ་པའི་རྫས་དེ་བགོ་བ་ལ་སོགས་པའི་ཚུལ་དུ་དེ་ལྟར་མ་བྱས་ན་ཡང་དམ་ཚིག་ཉམས་པས་དེ་ཡི་རྫས་དེ་ཕྲོག་པར་འགྱུར་ཞེས་པའོ། །དེ་བས་དངོས་གྲུབ་མཆོག་རྣམས་ལ། །ཀུན་དུ་ཇི་སྐད་བཤད་བཞིན་བྱ། །ཞེས་

Vol. 70 · folio 229a

པ་འདི་སྐབས་སུ་དངོས་གྲུབ་རྣམ་པ་གསུམ་ཆར་དངོས་གྲུབ་མཆོག་གོ། །འབྲིང་དང་ཐ་མ་དངོས་གྲུབ་ནི་ལུགས་མའི་དངོས་གྲུབ་ཀྱི་སྐབས་སུ་སྔར་བཤད་པ་ཡིན་ནོ། །དེ་བས་ན་དངོས་གྲུབ་རྣམས་གྲུབ་པའི་རྫས་རྣམས་ལ་ཇི་སྐད་བཤད་པ་བཞིན་དུ་བགོ་བ་ལ་

སོགས་པ་ལ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་མན་ཆད་ཨན་ཛ་ལ་སོགས་པས་མིག་བསྐུ་བའི་དངོས་གྲུབ་བཤད་དོ། །དེ་ནས་གཞན་ཡང་ཨན་ཛ་ན། །ཞེས་པ་ནས་བསྟན་ཏེ། དེ་ནས་གཞན་ཡང་ཨན་ཛ་ན། །ཞེས་པ་ཨན་ཛ་ན་མིག་སྨན་ལ་བྱ་སྟེ། སྔོན་པོ་གཅིག་ཡོད་ཅེས་

པའོ། །བཟང་པོ་བསྒྲུབ་པ་བཤད་བཞིན་པ། །ཞེས་པ་ཨན་ཛ་ན་འགྲུབ་པ་ཁྲོ་བོ་ཆེན་པོས་བཤད་པ་བཞིན་ཞེས་པའོ། །སྒྲུབ་པའི་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་ཞེས་པའོ། །སྒྲུབ་པ་དེ་ཞག་གསུམ་བསྒྲུབ་པར་བྱས་ནས་སུ་ཞེས་པའོ། །དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྱ། །

ཞེས་པ་དུར་ཁྲོད་ཀྱི་གནས་སུ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་བྲི་ཞེས་སོ། །དེ་ནས་ཆོ་ག་སྔ་མ་བཞིན། །ཞེས་པ་སྔར་བཤད་པའི་ཆོ་ག་བཞིན་ནོ་ཞེས་སོ། །ཐལ་བས་བདག་ཉིད་བསྲུང་བར་བྱ། །ཞེས་པ་དུར་ཁྲོད་ཀྱི་ཐལ་བ་ལ་སྔགས་ཀྱིས་བཏབ་སྟེ་བདག་གིས་ལུས་

ལ་གཏོར་ཏེ་བསྲུང་ངོ་ཞེས་པའོ། །དེ་ཡིས་བདག་ཉིད་བྱུགས་ནས་སུ། །ཞེས་པ་ཐལ་བ་དེ་ཡིས་སྔགས་པའི་ལུས་ལ་ཐལ་བ་སྐམ་པོས་གཏོར་བ་ལ་བྱ་ཞེས་པའོ། །གྲོགས་པོ་མཆོག་ལྡན་དཔའ་བ་དེས། །ཞེས་པ་སྒྲུབ་པ་པོའི་གྲོགས་མཆོག་དང་ལྡན་པའི་སྒྲུབ་པ་པོ་

ཉིད་སེམས་དཔའོ་ཞེས་པའོ། །གསལ་ཤིང་གིས་ནི་མགོ་ལ་བཞག །ཅེས་པ་གསལ་ཤིང་གསད་པའི་མི་རོའི་མགོ་བོ་བཅད་པ་དཀྱིལ་འཁོར་གྱི་སྒོའི་མདུན་དུ་བཞག་པ་དེའི་སྟེང་དུ་ཨན་ཛ་ན་བཟང་པོ་བཞག་པའོ། །ཤི་བའི་གོས་ཀྱིས་གཡོགས་ནས་སུ། །ཞེས་པ་

རས་ཀྱིས་ཨན་ཛ་ན་དང་མགོ་གཉིས་ཀ་གཡོགས་ནས་ཞེས་པའོ། །ལག་པ་གཡོན་པས་བཟུང་སྟེ་བཟླས་བྱས་པ། །ཞེས་པའོ། །སྔགས་པ་བློ་ཅན་གྱིས་ནི་ཇི་སྲིད་བཟླས། །ཞེས་པའོ། །དེ་ཡང་མིག་དག་བསྐུས་ནས་ནི། །ཞེས་པ་ཨན་ཛ་ན་གྲུབ་པ་དེ་སྐམ་ཐགས་སུ་ཅུང་ཞིག་

Vol. 70 · folio 229b

བདར་ཏེ་དེས་མིག་བསྐུའོ། །དེ་བཞིན་དུ་ལྡང་རོས་དང་ཡང་སྦྱར་ཞེས་པའོ། །དུ་བ་འབྱུང་ན་མིག་བསྐུས་པས། ལུས་ནི་མི་སྣང་བར་འགྱུར་བར་བཤད་ཅེས་པའོ། །ཚ་བར་གྱུར་ན་མིག་བསྐུས་ན་བལྟས་པ་ཡིས། འགྲོ་བ་དག་ནི་གསོད་པར་འགྱུར། །ཞེས་པའོ། །སླར་ཡང་

ལེགས་པར་གསོ་བ་ནི། །ཞེས་པ་མིག་བསྐུས་སམ་ཕྱིས་པ་ཡིས་སོས་པར་འགྱུར་ཞེས་པའོ། །འདི་ལ་གྲུབ་པར་མ་གྱུར་ནའང་། །ཞེས་པ་ཨན་ཛ་ན་དེ་དེ་ལྟར་དངོས་གྲུབ་རྣམ་པ་གསུམ་ལས་འགའ་ཡང་གྲུབ་པར་མ་གྱུར་ན། མིག་དག་ལེགས་པར་བསྐུས་

ནས་ནི། བལྟས་པས་འགྲོ་བ་དབང་དུ་འགྱུར། །ཞེས་པའོ། །པུས་མོ་བཙུགས་ཤིང་མགོ་བོ་དུད། །ཅེས་པ་དེ་ལྟ་བུའི་ཚུལ་དུ་དབང་དུ་འགྱུར་རོ་ཞེས་པའོ། །འདི་མན་ཆད་ནི་གི་ཝང་བསྒྲུབ་པ་བསྟན་ཏེ། ཨན་ཛ་ན་ཡི་རྟོག་པ་བཞིན། །ཞེས་པ་ནས་བསྟན་ཏེ།

ཨན་ཛ་ན་ཡི་རྟོག་པ་བཞིན། །ཞེས་པ། ཨན་ཛ་ན་ཇི་ལྟར་བསྒྲུབ་པ་བཞིན་དུ་སྔགས་པས་གི་ཝང་ཚུལ་དེ་དང་འདྲ་བར་བསྒྲུབ་པོ། །དངོས་གྲུབ་དག་ཀྱང་དེ་བཞིན་བསྟན། །ཞེས་པ་གི་ཝང་ལས་དངོས་གྲུབ་རྣམ་པ་གསུམ་དུ་ཡང་ཨན་ཛ་ནའི་དངོས་གྲུབ་རྣམ་གསུམ་བཞིན་

དུ་འགྱུར་རོ། །གི་ཝང་མ་གྲུབ་པར་གྱུར་ན་ཡང་མིག་གི་བསྐུས་ན། མ་གྲུབ་འགྲོ་བ་དབང་དུ་འགྱུར། །ཞེས་པའོ། །འདི་མན་ཆད་ལི་ཁྲི་དང་བ་བླ་ལྡོང་རོས་ཀྱི་བསྒྲུབ་པ་བཤད་དེ། །ལི་ཁྲི་དང་ཞེས་པ་ནས་བསྟན་ཏེ། ལི་ཁྲི་དང་ནི་བ་བླ་དང་། །ཞེས་པ་ལི་ཁྲི་ལ་སོགས་

པའི་བསྒྲུབ་པའི་ཆོ་ག་ཡང་ཨན་ཛ་ནའི་ཚུལ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །སྔགས་པ་མཁས་པ་དག་གིས་བསྒྲུབ་པར་བྱ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་རོའི་གོས་ལ་བསྒྲུབ་པ་བཤད་དེ། ཤི་བའི་གོས་ཀྱང་ཆོ་ག་བཞིན། །ཞེས་པ་ནས་བསྟན་

ཏེ། མི་ཤི་མ་ཐག་ཏུ་ཁྲུས་བྱས་ནས་རས་ཀྱིས་རོ་བཀབ་སྟེ། དུར་ཁྲོད་དུ་བསྐྱལ་ནས་རོ་ལ་རྫས་ཡོད་པ་དེ་རོ་བསྐྱལ་བའི་མི་རྣམས་ཀྱིས་ཁྱེར་བ་ལ་སོགས་པ་དག་གིས་ཉོ་བར་བྱའོ། །བསྒྲུབ་པ་གཞན་དང་ཞེས་པ་གོང་མ་ལས་གཞན་ཞེས་པའོ། །ཁྲོ་བོ་ཉིད་ཀྱིས་

Vol. 70 · folio 230a

གསུངས་པའི་སྔགས། །མདོར་ན་རབ་ཏུ་བཤད་པར་བྱའོ། །ཞེས་པ་ཁྲོ་བོས་གསུངས་པའི་སྔགས་བཟླས་པས་མི་རོའི་གོས་ཏེ་སྒྲུབ་པའི་ཆོ་ག་མདོར་བཤད་པར་བྱའོ་ཞེས་པའོ། །དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི། །ཞེས་པ་དུར་ཁྲོད་ཀྱི་གནས་སུ་ཡི་དགས་ཕལ་

པོ་ཆེའི་དཀྱིལ་འཁོར་དུར་ཁྲོད་ཀྱི་ཐལ་བས་བྲི་ཞེས་པའོ། །མཆོད་པ་དང་ནི་གཏོར་མ་བྱ། །ཞེས་པ་སྔར་བཤད་པ་བཞིན་དུ་བྱ་ཞེས་པའོ། །ཤི་བའི་གོས་ནི་བགོས་ནས་སུ། །ཞེས་པ་ཤི་བའི་གོས་རས་དེ་སྔགས་པས་ཞེས་པའོ། །ཆོ་ག་ཤེས་པས་མཚན་མོ་བཟླས། །ཞེས་པ་ཆོ་

ག་ཤེས་པའི་སྔགས་པས་མཚན་མོ་བསྒྲུབ་པོ། །དེ་ནས་གོས་དེ་དང་བཅས་པར་ཤེས་པར་རས་དེ་དང་བདག་གི་ལུས་དང་ཞེས་པའོ། །བདག་ཉིད་ཀྱི་ལུས། འབར་ཞིང་འབར་བས་ཡོངས་བསྐོར་ནས། །ཞེས་པ་ཕན་ཚུན་ཉེ་འཁོར་གྱིས་བསྐོར་ཡང་ཞེས་པའོ། །ལེགས་པར་འབར་ཞེས་པ་དེ་ལྟ་

བུའི་མཚན་མ་བྱུང་ནས་ཞེས་སོ། །སྒྲུབ་པ་པོ་དེ། གད་མོར་རབ་ཏུ་དགོད་པའི་སྒྲ། །འཇིག་རྟེན་སྐྲག་པར་བྱེད་པ་སྦྱིན། །ཞེས་བྱ་བའི་དོན་ཏོ། །རྟག་ཏུ་འདོད་ལྷའི་གཟུགས་དང་ལྡན། །ཞེས་པ་འདོད་པའི་གཟུགས་དང་འདྲ་བ་བཟང་པོ་ཞེས་པའོ། །བདག་གིས་ལུས་ལ། དེ་བཞིན་དུ་བ་

བྱུང་ན་ཡང་། །ཞེས་པའོ། །གདོན་མི་ཟ་བར་མི་སྣང་བའི། །མཆོག་ཏུ་འགྱུར་བར་རབ་ཏུ་བཤད། །ཅེས་པ་ལུས་མི་སྣང་བ་རྣམས་ཀྱིས་རྒྱལ་པོར་འགྱུར་རོ་ཞེས་པའོ། །དེ་ལྟར་འགྲུབ་པར་མ་གྱུར་ནའང་། །ཞེས་པ་དངོས་གྲུབ་རྣམ་གསུམ་ལས་གཅིག་ཙམ་ཡང་འགྲུབ་པར་མ་

གྱུར་ན། རྐང་པ་མགྱོགས་ཤིང་སྟོབས་ཆེན་འགྱུར། །ཞེས་པའོ། །སྒྲུབ་པ་པོས། གང་རྣམས་མཐོང་ཞིང་གང་གིས་དེ། །ཕ་རོལ་པོས་གྲུབ་པ་དེ། མཐོང་བས་དེ་དག་བྲན་བཞིན་འགྱུར། །ཞེས་པའོ། །འདི་མན་ཆད་གནོད་སྦྱིན་མོ་བསྒྲུབ་པ་བཤད་དེ། གལ་ཏེ་འདི་ལ་གནས་

བཞིན་དུ། །ཞེས་པ་ནས་བསྟན་ཏེ། མིའི་གནོད་སྦྱིན་མོ་བསྒྲུབ་པ་བསྟན་ཞེས་པའོ། །འབའ་ཏའི་ཤིང་དྲུང་ཉམས་དགའ་བར། །ཞེས་པ་ཤིང་ནྱ་གྲོ་དྷའི་དྲུང་དུ་སྔགས་པ་ཉམས་དགའ་བར་ཞེས་པའོ། །དེའི་ཚེ་དཀྱིལ་འཁོར་བྲིས་ནས་སུ། །ཞེས་པ་དངོས་གྲུབ་

Vol. 70 · folio 230b

བསྒྲུབ་པའི་ཚེ། ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་བྲིས་ནས་སྒྲུབ་པ་པོ་ཉིད། སྐྲ་བཤིག་གོས་ཀྱང་མེད་པར་བྱས། །ཞེས་པའོ། །ཟས་མཆོག་ལེགས་པར་བཙོས་ནས་ནི། །ལྷུང་བཟེད་བཟང་པོ་ཡོངས་བཀང་ནས། །ཞེས་པ་འབྲས་དང་འོ་མ་སྦྱར་བ་ལེགས་པར་བཙོས་པའི་ཟས་འདི་

ལྷུང་བཟེད་བཟང་པོ་བཀང་ནས་འབྲས་དང་། སཱ་ལུ་ཞོ་དང་སྦྱར་བས་ལྷུང་བཟེད་ནས་ཞེས་པའོ། །དེ་ནས་ཆང་བུ་བདུན་ཕྱུང་སྟེ། །ཞེས་པ་ནས་ལྷུང་བཟེད་ཀྱི་ནང་དུ་བླུགས་པའི་ཟས་མཆོག་དེ་ལ་ཞེས་སོ། །སྔགས་ཀྱིས་ལན་བདུན་བཏབ་ནས་སུ། །ཞེས་པ། ཆང་བུ་དེ་སྔགས་ལན་

རེ་བཏབ་ནས་སུ། ལྷ་ཡི་བཟང་མོའི་འདི་བཤོས་པ་ཞེས་བྱས་ནས་ཞེས་པའོ། །དེ་ནི་རྒྱབ་ཏུ་འདོར་ཞེས་པ་བདག་གིས་རྒྱབ་ཏུ་འདོར་ཞེས་པའོ། །དེ་ནས་ཆང་བུ་གཞན་ཡང་བདུན། །སྔགས་ཀྱིས་བཏབ་ནས་བཟའ་བར་བྱ། །ཞེས་པ་དེའི་འོག་ཏུ་ཟས་མཆོག་དེ་ལས་ཆང་བུ་བདུན་

ཕྱུང་སྟེ། སྔགས་ཀྱིས་བཏབ་ནས་བདག་ཉིད་བཟའ་བར་བྱའོ། །གྲུབ་པ་གནོད་སྦྱིན་ཀུན་གྱི་རྗེ། །ཞེས་པ་གནོད་སྦྱིན་མོ་རྣམས་ཀྱི་ནང་ན་རྒྱལ་མོ་དེ་ཡང་། འཁོར་རྣམས་མང་པོས་ཀུན་བསྐོར་ནས། །ཞེས་བྱ་བའི་དོན་ཏོ། །དེ་ནི་དེ་ནས་འོང་བར་འགྱུར། །ཞེས་པ་ལྷའི་བཟང་མོ་དེའོ་

ཞེས་པའོ། །དེ་ནས་ཁ་བཀྲུས་དེ་ལ་ནི། །ཞེས་པ་འོངས་ནས་བདག་ཉིད་ཀྱི་ཁ་ལག་བཀྲུས་ཏེ། ལྷའི་བཟང་མོ་དེ་ལ། སྤོས་དང་མེ་ཏོག་མཆོག་ལྡན་པའི། །ཆུ་ཡི་ཨརྒྷ་དབུལ་བར་བྱ། །ཞེས་པ་འདི་ལྟར་ལྡན་པའི་ཆུའི་མཆོད་ཡོན་དབུལ་བར་བྱའོ་ཞེས་པའི་དོན་

ཏོ། །ལེགས་འོངས་མེ་ཏོག་དག་ཀྱང་དབུལ། །ཞེས་པ་ལེགས་པར་བརྗོད་ནས་མེ་ཏོག་དག་གིས་ཀྱང་མཆོད་པར་བྱའོ། །དེ་ནས་ཉམས་དགའ་སྟན་བཟང་བ། །ཞེས་པ་ཟ་འུག་ལ་སོགས་པ་ཉམས་དགའ་བའི་སྟན་བཟང་པོ་བཏིང་བའི་སྟེང་དུ་མེ་ཏོག་བཀྲམ་པ་

དང་ལྡན་པའི་སྟེང་ན་བཟང་པོ་ཕུལ་ནས་ཞེས་པའོ། །དེ་ནི་ཁྱོད་ཀྱིས་བདག་འགྲུབ་སྟེ། །ཞེས་པ་ལྷའི་བཟང་མོས་བཀའ་སྩལ་པ། བཀའ་བཞིན་བྱེད་པ་དེ་བཞིན་དུ། །གཞན་དུ་མི་འགྱུར་དེ་བཞིན་དུ། །ཞེས་པ་ཚིག་འདི་སྐད་ཅེས་སྒྲུབ་པ་པོ་ལ་སྨྲ་བར་བྱའོ་ཞེས་

Vol. 70 · folio 231a

སོ། །བཀའ་སྩོལ་ཅིག་ཅེས་དེ་ལ་སྨྲ། །སྒྲུབ་པོ་པོས་ནི་རྣམ་པ་གཅིག་ཏུ་གསོལ་བ་གདབ་པོ། །མའམ་ཡང་ན་སྲིང་མོའམ། །མཛའ་མོའམ་ཡང་ན་ཆུང་མར་འགྱུར། །ཞེས་པའོ། །གྲུབ་པའི་རྫས་ནི་མང་པོ་དག །མ་ཞེས་སྨྲས་ན་མི་འགྱུར་བར། །ཞེས་པ་ལྡོང་རོས་ལ་སོགས་པ་གྲུབ་པའི་

རྫས་མང་པོ་རྣམས་ནི་མར་གསོལ་བ་གདབ་སྟེ། བཟུང་བ་དེ་ལྟར་ཏེ། དེ་ལས་གུད་དུ་མི་རུང་བ། །ཐེ་ཚོམ་མེད་པར་འགྱུར་རོ་ཞེས་པའོ། །འབྲས་བུ་དང་ཞེས་པ་སྲིང་མོར་བཟུང་ན་ཞེས་པ་སྟེ། ཡིད་དུ་འོང་བ་གཞན་རྣམས་དང་། །ཞེས་པ་གང་དང་གང་འདོད་པ་གཞན་རྣམས་

ཞེས་པའོ། །མྱུར་དུ་ཆུང་མ་སྡུག་པར་ཡང་ནི་བྱས་ན། དཔག་ཚད་བརྒྱ་ནས་ཁྲིད་དེ་འོང་། །ཞེས་པའོ། །དེ་ལ་ཆུང་མར་སྨྲས་ཞེས་པ་ཆུང་མར་བཟུང་ན་ཞེས་པའོ། །རྣམ་པར་མཛེས་ཞེས་པ་ལྷའི་བཟང་མོ་ཞེས་པའོ། །དགའ་བར་བྱེད་ཅེས་པ་སྲུང་མ་ངེས་པར་བྱེད་ཅེས་པའོ། །དེས་

མ་འདོད་པ་དག་པར་ཞེས་པ་བདག་གང་འདོད་ཅེས་པའོ། །སྒྲུབ་པ་ཇི་སྲིད་འདོད་པར་སྦྱོར་རོ་ཞེས་པ་ལྷའི་བཟང་མོ་དེ་སྦྱོར་རོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ཤ་ཟ་མོ་སྒྲུབ་བའི་དངོས་གྲུབ་བཤད་དེ། གལ་ཏེ་མངལ་གནས་མ་སྐྱེས་པའི། །ཞེས་པ་ཤ་ཟ་མོ་རྫུས་ཏེ་

སྐྱེས་པ་ལ་བྱ་ཞེས་སོ། །ཤ་ཟ་མོ་ངག་སྒྲུབ་འདོད་ན། །ཞེས་པ་འདྲེ་མོ་ལ་བྱ་སྟེ། ཟས་སུ་ཤ་ཟ་བ་ལ་བྱ་ཞེས་པའོ། །སྒྲུབ་པ་པོ་ལ་དེ་ཡི་ལས། །ཞེས་པ་ཤ་ཟ་བ་དེའི་དངོས་གྲུབ་ཀྱི་ལས་དེ་དག་འདིར་ནི་བཤད་པར་བྱ་ཞེས་པའོ། །གཙང་མར་དཀྱིལ་འཁོར་བྲི་བར་བྱ། །ཞེས་

པ་ས་སྦྱང་ཞིང་ཕྱག་དར་བྱས་པར་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་བྲི་བར་བྱ་ཞེས་པའོ། །མཆོད་པ་ཆེན་པོ་བྱས་ནས་སུ། །ཞེས་པ་སྔ་མ་བཞིན་དུ་བྱ་ཞེས་པའོ། །གཏོར་མ་ལས་ཀྱང་སྔོན་བཞིན་བྱ། །ཞེས་པའི་དཀྱིལ་འཁོར་གྱི་མདུན་དུ་སྒོའི་ཁ་དྲང་དུ་ཧོམ་བྱའོ། །དེར་

ནི་དུར་ཁྲོད་ཤིང་དག་གིས། །ཞེས་པ་དུར་ཁྲོད་ཀྱི་མགལ་དུམ་ཞེས་པའོ། །སྔགས་པས་མེ་ནི་རབ་སྦར་ནས། །ཞེས་པ་རྒྱས་པའི་ཐབ་ཏུ་བྱའོ། །དེར་ནི་གཟེགས་མའི་སྦྱིན་སྲེག་རྣམས། །ཞེས་པ་འབྲས་གྲུས་པའི་བཅག་འཕྲོ་དང་དུམ་བུ་གྲུགས་པ་ལ་བྱ་སྟེ། དེ་ལ་ཕོ་

Vol. 70 · folio 231b

ཚུམས་ཀྱིས་བླང་ཞིང་སྔགས་དང་སྦྱར་ཞིང་བསྲེག་གོ། །མི་འཇིགས་མདུན་དུ་ཨརྒྷ་དབུལ། །ཞེས་པ་ཤ་ཟ་མོ་དེ་ལ་ཁྲག་དང་བཅས་པའི་ཨརྒྷ་དབུལ་ཞེས་པའོ། །དེ་ཡི་འོག་ཏུ་དེ་ལ་ནི། །ཞེས་པ་ཨརྒྷ་དབུལ་བའི་འོག་ཏུ་སྒྲུབ་པ་དེ་ལ། བདག་ཉིད་གཟུགས་ནི་བཟང་བར་

སྟོན། །ཞེས་པ་ཤ་ཟ་མོ་དེ་ལ་ཐ་མལ་པའི་གཟུགས་བཟང་བར་སྟོན་ཞེས་པའོ། །དེ་ཡི་མིང་ནི་ཀ་རང་གི། །ཞེས་པ་ལ་སོགས་པ་སྔགས་ཀྱི་མཇུག་ལ་བི་ཤ་ཙ་ཀ་རང་གི་ནི་ཞེས་བྱ་བ་བཅུག་སྟེ། ཧོམ་བྱས་ནས་གདོན་མི་ཟ་བར་ཁུགས་པར་འགྱུར་ཏེ། ལངས་ནས་སྒྲུབ་པ་

པོས་གང་བསམས་པའི་འདོད་པའི་ནོར་དེ་རྣམས་རིང་པོ་མི་ཐོགས་པར་གདོན་མི་ཟ་བར་དབུལ་བར་བྱེད་ཅེས་པའོ། །ཀ་རང་ག་ནི་ཞེས་བྱ་བ་ཤ་ཟ་མོའི་མིང་ཞེས་སོ། །ཤ་ཟ་མོ་ནི་ཀུན་གྱི་མཆོག །ཅེས་པ་ཤ་ཟ་མོའི་གཙོ་མོའི་རྒྱལ་མོ་ཞེས་པའོ། །སྒྲུབ་པ་པོ་ནི་སེམས་དཔའ་ཞིང་། །

ཞེས་པ་སྒྲུབ་པ་པོའི་མཚན་ཉིད་འདི་ལྟ་བུ་ལྡན་པ་ལ་བྱའོ། །དེ་ནི་དོན་རྣམས་ཐམས་ཅད་བསྒྲུབ། །ཅེས་པ་ཤ་ཟ་མོ་དེ་དོན་ཐམས་ཅད་གྲུབ་པར་བྱེད་དོ། །དེ་ལྟ་མིན་ན་མྱུར་བར་ནི། །སྒྲུབ་པ་པོ་ཡང་གསོད་པར་བྱེད། །ཅེས་སྒྲུབ་པ་པོ་མཚན་ཉིད་དེ་ལྟ་བུ་དང་མི་ལྡན་ན་ཤ་ཟ་དེས་

སྒྲུབ་པ་པོ་དེ་དག་གསོད་པར་བྱེད་དོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ནི་ཀླུའི་བུ་མོ་བསྒྲུབ་པའི་དངོས་གྲུབ་བཤད་དེ། དེ་སྟེ་ཀླུ་ཡི་བུ་མོ་དག །ཅེས་པ་ནས་བསྟན་ཏེ། དེ་ལ་རིག་འཛིན་ལ་ལ་དག །ཅེས་པ་སྔགས་པ་ལ་ལ་ཞིག་ཀླུའི་བུ་མོ་བསྒྲུབ་པར་འདོད་ན། དེ་སྒྲུབ་

པའི་ཆོ་ག་བཤད་དོ། །པདྨོ་དཀར་པོའི་མཚོ་འགྲམ་དུ། །ཞེས་པ་པདྨོ་དཀར་པོའི་མཚོ་ཡང་ཡོད་པའི་པདྨ་དམར་པོ་དཀར་པོ་དང་འདྲེས་པའི་མཚོ་ཡང་ཡོད་པས་དེ་དག་ཏུ་མི་བྱ་བར་པདྨ་དཀར་པོའི་མཚོ་འགྲམ་དུ་བྱའོ། །མཁས་པས་གཏོར་མའང་ཆོ་ག་བཞིན། །ཞེས་པ་ཞི་བའི་གཏོར་

མ་སྤྱི་རྒྱུད་ནས་འབྱུང་བ་བཞིན་དུ་བྱ་ཞེས་པའོ། །ཨུ་དུམ་བཱ་རའི་ཡམ་ཤིང་གིས། །ཞེས་པ་ཨུ་དུམ་བཱ་རའི་ཡམ་སྲེག་གི་ཤིང་གི་རིགས་སུ་གཏོགས་པའི་ཤིང་གིས་མེ་སྦར་རོ་ཞེས་པའོ། །ཐོག་མར་མེ་ནི་རབ་སྦར་ནས། །ཞེས་པ་རྒྱས་པའི་ཐབ་ཁུང་དུ་བྱའོ། །མཁས་པས་

Vol. 70 · folio 232a

སྟོང་རྩ་བརྒྱད་དུ་བསྲེག །ཅེས་པ་གཟར་བུ་ཆུང་ངུས་སྔགས་དང་སྦྱར་ཏེ་བསྲེག་ཅེས་པའོ། །སྒྲུབ་པ་པོ་ནི་གང་འདོད་པ། །ཞེས་པ་ཀླུའི་བུ་མོས་སྒྲུབ་པ་པོ་ལ་གང་འདོད་པ་ཐེ་ཚོམ་མེད་པར་སྟེར་བར་འགྱུར་རོ་ཞེས་པའོ། །དེའི་ཚེ་སྔགས་པ་ལྷ་མིན་གྱི། །ཞེས་

པ་འདི་མན་ཆད་ནི་ལྷ་མ་ཡིན་གྱི་བུ་མོ་སྒྲུབ་པར་བཤད་དེ། ལས་འདི་དག་གིས་ངེས་པར་སྒྲུབ། །ཅེས་པ་ཆོ་ག་འོག་ནས་འབྱུང་བ་དག་གིས་ལྷ་མ་ཡིན་གྱི་བུ་མོ་སྒྲུབ་པོ་ཞེས་སོ། །སྔ་མ་བཞིན་བྲིས་ནས་ཞེས་པ་ལྷ་མ་ཡིན་གྱི་ཕུག་ཏུ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་བྲིའོ་

ཞེས་པའོ། །ཞུགས་ཐབ་རྒྱས་པའི་ཐབ་ཏུ་ནི། །པྲི་ཡང་ཀུ་ཡི་ཤིང་ལས་མེ་སྦར་ནས། །ཞེས་པའོ། །ཡུངས་ཀར་དཀར་པོ་གུར་ཀུམ་ལ། །ཞེས་པ་གཟར་བུ་ཆུང་ངུན་གྱིས་སྦྱིན་སྲེག་བྱ། ཡང་ན་ཕོགས་གསུམ་བླང་ཞིང་སྔགས་དང་སྦྱར་ཏེ་སྟོང་རྩ་བརྒྱད་དུ་སྦྱིན་

སྲེག་བྱའོ་ཞེས་པའོ། །བདེ་བའི་ལམ་ནས་འཇུག་པར་བྱེད། །ཅེས་པ་ཉོན་མོངས་པའི་ལམ་མ་ཡིན་པར་ཁྲིད་པར་བྱེད་ཅེས་སོ། །ལྡན་པར་ནི་ཞེས་པ་ལོངས་སྤྱོད་ཅེས་པའོ། །དེ་ནས་དེ་ནི་དགའ་བར་བྱེད། །ཅེས་པ་ལྷ་མ་ཡིན་གྱི་གནས་དེ་ན་སྒྲུབ་པ་པོ་དེ་དགའ་བར་བྱེད་དོ། །འདི་

མན་ཆད་ཤ་ཆེན་པོ་བཙོང་བའི་དངོས་གྲུབ་སྒྲུབ་པ་བཤད་དེ། ཤ་ཆེན་ནི་མི་ཤ་ལ་ཞེས་པའོ། །དཔའ་བའི་སེམས་ཀྱིས་མི་ཤ་བླང་། །ཞེས་པ། ཆུ་གྲིས་མི་རོ་སར་པ་མཚན་ཉིད་དང་ལྡན་པའི་ཤ་ལས་སྣ་དགུ་དང་བཟང་དགུ་གདམས་ཏེ་བཅད་ལ་ཞིབ་པའམ། སྐོན་བུ་བཟང་པོའི་

ནང་དུ་གཞུག་གོ། །གཡས་ན་ཤ་ཆེན་སྐྱོན་མེད་གཟུང་། །ཞེས་པ་མཚན་ཉིད་དང་ལྡན་པའི་མི་རོ་སར་པའི་ཤ་སྐྱོན་མེད་པ་གཟུང་བར་བྱའོ། །དུར་ཁྲོད་ཅེས་པ་དུར་ཁྲོད་ཆེན་པོ་རོ་ལྡན་ཞེས་པར་སྒྲུབ་པ་པོས་སོ། །ཤ་འཚོང་བ་ཡི་སྒྲ་སྒྲོགས་སོ། །ཞེས་པ་སྐབས་སུ་འདི་སྐད་ཀྱི་སྒྲ་བསྒྲག་

པར་བྱའོ། །ཚིག་ཅེས་པ་སྒྲུབ་པ་པོ་དེའི་ཚིག་ཅེས་པའོ། །སྲིན་པོ་ཞེས་པ་སྲིན་པོ་ངན་ཕེའུ་ཕལ་པ་ཞེས་པའོ། །ཤ་ཆེན་དེ་ལ་སྔགས་ཀྱིས་བསྲུང་ངོ་། །ཡི་དགས་ཕྲོ་མོ་ཁ་ཅིག་གིས། །ཐོས་ནས་རབ་ཏུ་འཇིགས་པར་འགྱུར། །ཞེས་པ་སྒྲུབ་པ་པོ་དེའི་སྒྲ་ཐོས་ནས་འབྲོས་པར་

Vol. 70 · folio 232b

ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གཞན་ལྷག་པའི་སེམས་ཡོད་ཅིང་། །ཞེས་པ་ཡི་དགས་གོང་མ་ལས་ལྷག་པའི་ཞེས་པའོ། །དང་པོར་དུར་ཁྲོད་ཞིང་སྐྱོང་བའི། །ཞེས་པ་དུར་ཁྲོད་དེ་ནས་དངོས་གྲུབ་འབུམ་འབྱུང་ཞིང་སྩོལ་བར་མཛད་པས་ན་ཞིང་སྐྱོང་བ་ཞེས་པའོ། །སྟོབས་པོ་

ཆེ་ཞེས་པ་ཡི་དགས་ཕལ་པོ་ཆེ་ཞེས་པ་ཡི་དགས་ཕལ་ལོ། །སྒྲུབ་པ་པོ་ཞེས་པ་ཤ་བཙོང་བ་ཞེས་སོ། །དེ་ནས་སེམས་དཔའ་དྲག་པོ་དེར། །ཞེས་པ་སྒྲུབ་པ་པོ་སེམས་དྲག་པོ་དེས་ཞེས་པའོ། །དེ་དག་ཞིང་སྐྱོང་དེ་དག་ནི། །ཞི་བའི་གཟུགས་སུ་གནས་ནས་སུ། །ཞེས་པ་དེ་ནས་མཐུ་དང་

ལྡན་པའི་དྲག་པོ་ཆེན་པོ་དེ་དག་སོ་སོའི་ཆ་ལུགས་ཐ་མལ་པར་ཞི་བའི་ཚུལ་དུ་གནས་ཞེས་སོ། །སྟོབས་ཆེན་ཁྱོད་ཀྱིས་ཤ་ཆེན་འདི། །ཞེས་པ་ཞིང་སྐྱོང་བ་དེ་དག་གིས། སྒྲུབ་པ་པོ་ལ་སྨྲ་བར་བྱེད། །ཅེས་པའོ། །འདོད་པའི་དོན་ནི་རབ་བསྒྲུབ་ཕྱིར། །ཞེས་པ་བདག་གང་འདོད་པའི་དོན་བསྒྲུབ་

པར་བྱ་བའི་ཕྱིར། །ཡང་ན་ཨན་ཛ་དག་དང་། ཡང་། རྫས་ནི་གང་དག་འདོད་པ་དེ། །ཞེས་པ་ཨན་ཛ་ན་ལ་སོགས་པ་སྒྲུབ་པའི་རྫས་གང་འདོད་པ་དེ་ཤ་སྦྱིན་པར་བྱོས་ཤིག་ཅེས་ཞིང་སྐྱོང་བ་དེ་དག་ལ་སྨྲ་བར་བྱའོ། །སྒྲུབ་པ་པོས་ཀྱང་སྨྲ་བར་བྱ། །ཞེས་པ་དེ་ལས་ལྷག་པའི་ཚིག་

གཞན་སྨྲ་བར་མི་བྱ་བའོ་ཞེས་པའོ། །སེམས་ནི་དཔའ་བར་ཤེས་ནས་ནི། །སྦྱིན་པར་བྱེད་ཅིང་གཞན་ལ་མིན། །ཞེས་པ་ཞིང་སྐྱོང་དེ་དག་གིས་སྒྲུབ་པ་པོའི་སེམས་དཔའ་བར་ཤེས་ནས་གྲུབ་པའི་རྫས་བྱིན་པར་བྱེད་ཀྱི་སྒྲུབ་པ་པོ་སེམས་མི་དཔའ་བ་ཕལ་གཞན་ལས་མི་འགྲུབ་པོ་ཞེས་པའི་

ཐ་ཚིག་གོ། །འདི་མན་ཆད་བ་དན་སྒྲུབ་པ་ཞེས་བྱ་བ་བཤད་དེ། དེ་ནས་གཞན་ཡང་འདི་ཡི་ལས། །ཞེས་པ། ཁྲོ་བོའི་རྒྱལ་པོའི་ལས་གཞན་ཡང་། །དཔུང་རྣམས་མནན་པར་བྱ་བ་གང་། །ཞེས་པ་མི་གཡོ་བར་ངེས་པའི་བྱ་བ་གང་ཞེས་པ་ནི། ཁྲོ་བོ་མཆོག་གིས་གསུངས་པ་ནི། །

ཞེས་པ་ཁྲོ་བོའི་རྒྱལ་པོས་གསུངས་པ་དེ། དེ་དག་འདིར་ནི་བཤད་པར་བྱ། །ཞེས་པའོ། །དེ་ནི་མཐིང་ཀ་ལེགས་བྱ་བ། །ཞེས་པ་རས་ཁ་དོག་ཅེས་པའོ། །སྲིད་དུ་སོར་བཅུ་དྲུག་གི་ཚད་དུ་བྱ། །ཞེས་པ་ཇི་ཙམ་རན་པར་བྱ་ཞེས་པའོ། །བཏགས་ཏེ་དེ་ནས་བསྒྲེངས་ནས་སུ། །

Vol. 70 · folio 233a

ཞེས་པ་འཕན་འདྲ་བར་གདགས་པ་ལ་བྱ་ཞེས་པའོ། །དུར་ཁྲོད་དུ་ནི་མཚན་མོ་བསྒྲུབ། །ཅེས་པ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་བྲིས་ནས་བསྒྲུབ་ཅེས་པའི་ཐ་ཚིག་གོ། །གཡོན་པས་ཐོགས་ཏེ་ཞེས་པའོ། །བ་དན་ལག་ན་ཐོགས་ནས་ནི། །ཞེས་པ་མིང་

གིས་གསལ་བར་མ་བྱུང་བ་རྣམས་ནི་ལག་པ་གཡས་པས་ཐོགས་པ་སྲིད་པའི་ཕྱིར་རོ། །དེ་ཚེ་དགྲ་ནི་དཔུང་འཁྲུག་ཅིང་། །ཅེས་པ་བདག་ལ་འཁྲུགས་ཏེ་རྔམ་པ་ཞེས་པའོ། །ཐེ་ཚོམ་མེད་ཅེས་པ་མི་གཡོ་བར་ཞེས་པའོ། །ལག་ན་མཚོན་ཆ་ཐོགས་ནས་ནི། །ཞེས་པ་མིང་གི་

མཚོན་ཆ་ཐོགས་ཤིང་། བདག་ལ་རྒོལ་ཞིང་གནོད་པར་བྱེད་པ་གཞན་དག་གིས་ཀྱང་བདག་མཐོང་བ་ཡིན་ཞེས་པའོ། །རྒོལ་ཞིང་གནོད་པར་བྱེད་པ་དེ་དག་ཐམས་ཅད་མཐོང་མ་ཐག་ཏུ་སྒྲུབ་པ་པོས། མནན་ཏེ་རི་བཞིན་མི་གཡོར་འགྱུར། །ཞེས་པ་མི་གཡོ་ཞིང་

འགུལ་མི་ནུས་པར་ངེས་པར་བྱེད་དོ་ཞེས་པའི་དོན་ཏོ། །མྱོས་པ་དང་ཞེས་པ་གླང་པོ་ཆེའི་རྒྱལ་པོ་ཞེས་པའོ། །རྐང་ཐང་འཁྲུགས་པ་མ་བཅས་པའི། །ཞེས་པ་བདག་ལ་འཁྲུགས་ཏེ་རྔམ་པ་དག་ལའོ། །སྒྲུབ་པ་པོས་མཐོང་བ་ཙམ་གྱིས་ཉིད་ཀྱིས་སུ། རེངས་ཤིང་མི་གཡོ་བ་

བཞིན་དུ་སྣང་བར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་ཐལ་བ་བསྒྲུབ་པ་ཞེས་བྱ་བ་བཤད། དེ་ནས་གཞན་ཡང་དུར་ཁྲོད་ཀྱིས། །ཞེས་པ་ནས་བསྟན་ཏེ། སྦྱོར་བ་བཀྲ་ཤིས་དགེ་བ་དག །ཅེས་རྫས་དངོས་གྲུབ་དུར་ཁྲོད་ལས་ཕྱུང་སྟེ། བཀྲ་ཤིས་པ་མ་ཡིན་གྱི་འོན་

ཀྱང་དེ་བསྒྲུབ་པའི་ཚེ། ཁྲོ་བོའི་སྦྱོར་བ་དང་ལྡན་ལ་གྲུབ་ནས་ཀྱང་སེམས་ཅན་མང་པོའི་དོན་སྣ་ཚོགས་བྱེད་པས་ན་ཡང་སྦྱོར་བ་བཀྲ་ཤིས་པ་ཞེས་བྱའོ། །སྦྱོར་བ་དགེ་བའི་རྒྱུད་ཆེན་པོ་ལས། །མཚན་མོ་འབར་བ་བལྟས་ནས་སུ། །ཞེས་པ་མི་ཤི་མ་ཐག་ཏུ་དུར་ཁྲོད་དུ་བསྐྱལ་

ནས་དེར་བསྲེགས་པ་བལྟས་ནས་བདག་ཉིད་སྐྲ་བཤིག་གོས་ཀྱང་མེད་པར་བྱས་ཞེས་པའོ། །བཟླས་པ་དག་ཀྱང་བསྐོར་ཞིང་བྱ། །ཞེས་པ་རོ་བསྲེགས་པའི་མི་རོ་དེ་ལ་ཁྲོ་བོའི་སྔགས་ཟློས་ཤིང་གཡས་ཕྱོགས་ནས་བསྐོར་ཏེ་བཟླས་པ་བྱས་ནས། མེ་མདག་ཤི་ཤིའི་བར་དུ་

Vol. 70 · folio 233b

བྱ། །རོ་བསྲེགས་པའི་མེ་ཤི་བ་དེར་ཞེས་པའོ། །ལན་ཅིག་ཐལ་བ་སྤར་གང་ལ། །ཞེས་པ་ཐལ་བ་སྔར་སྤར་གང་ལན་ཅིག་བླང་ངོ་། །ཐལ་བ་དེ་ཡང་། ལག་པ་གཡོན་གྱིས་བླངས་ནས་སུ། །ཞེས་པའོ། །མཁས་པས་ཁྱིམ་དུ་འགྲོ་བར་བྱ། །ཞེས་པ་སྔགས་པས་ཁང་པ་སྟོང་པར་

འགྲོ། །ཡང་ན་ལྷ་ཁང་སྟོང་པར་འགྲོ། །ཞེས་པ་ལ་མ་ཧཱ་དེ་བ་ལ་སོགས་པ་འཇིག་རྟེན་པའི་ལྷ་ཁང་སྟོང་པའི་གནས་སུ་འགྲོ་བར་བྱའོ། །ཕྱིར་ཡང་ལྟ་བར་ཡོང་མི་བྱ། །ཞེས་པ་དེ་ལྟར་གནས་དེ་དག་ཏུ་འགྲོ་བའི་ཚེ་སྔར་ཐལ་བ་བླངས་པའི་གནས་སུ་ཕྱིར་ཡང་མི་ལྟ་བར་

བྱའོ་ཞེས་པའོ། །ཡང་ཐལ་བ་དེ་ཞེས་པ་གནས་དེར་ཡང་ཞེས་པའོ། །ནམ་ལངས་བར་དུ་བཟླས་པ་བྱ། །ཞེས་པ་ཁམ་ཕོར་གྱི་ནང་དུ་ཞེས་པའོ། །སྔགས་ཀྱིས་ཐལ་བ་དེ་ནི་བསྲུངས་ནས་སུ་ཞེས་པའོ། །ཁམ་ཕོར་སར་པའི་སྣོད་དུ་གཞག་པར་བྱ། །ཞེས་པའོ། ཐལ་བ་

དེ་ནི་དགྲ་ཡི་དཔུང་དག་གནས་པའི་ཕྱིར་ཞེས་པའོ། །དགྲའི་དཔུང་ལ། ཐལ་བ་དེ་ནི་གཏོར་བྱས་ན། དགྲའི་མཚོན་ཆ་ཐམས་ཅད་འཁྲུགས་པ་དང་ཞེས་པའོ། །ཐལ་བ་དེ་ནི་བསྲུངས་ནས་སུ། །ཞེས་པ་དགྲ་ལ་ཐལ་བ་དེ། ལན་ཅིག་གཏོར་བ་ཙམ་གྱིས་ཀྱང་། །ཞེས་པའོ། །ལུས་

རྣམས་མི་འགུལ་གདོན་མི་ཟ། །ཞེས་པ་དགྲའི་དཔུང་གི་ལུས་རྣམས་ཞེས་པའོ། །འདི་ནི་མཚོན་རྣམས་གནོན་པ་དང་། །ཞེས་པ་ཐབས་འདི་ལྟར་དཔུང་གི་ལག་ནས་མཚོན་ཆ་ཐོགས་པ་དག་མི་གཡོ་བ་གནོན་པའམ་རེངས་པར་འགྱུར་རོ་ཞེས་པའོ། །དཔུང་ཡང་གནོན་བྱེད་

དགེ་བའོ། །ཞེས་པ་དཀོན་མཆོག་གསུམ་ལ་གནོད་པ་རྣམས་གནོན་པར་བྱེད་པས་དགེ་བའོ། །དེ་བཞིན་ཉིད་ཀྱིས་ལོག་པ་དང་། །ཞེས་པ་ཕ་རོལ་པོའི་དཔུང་རྣམས་ཐམས་ཅད་དོ། །མྱོས་པར་བྱེད་པ་སྦྱར་བ་ཡང་། །རླུང་ཕྱོགས་དག་ཏུ་སྦྱར་བའམ། །ཞེས་པ་ཕ་རོལ་པོའི་དཔུང་གི་

རླུང་ཕྱོགས་སུ་འདུག་ལ་ཐལ་བ་དེ་གཏོར་བ་རླུང་གིས་ཁྱེར་ཏེ། ཕ་རོལ་པོའི་དཔུང་རྣམས་ལ་རེག་པར་བྱའོ། །ཡང་ན་བསྙེན་ཏེ་བྱས་ཀྱང་རུང་། །ཞེས་པ་ཕ་རོལ་པོའི་དཔུང་གི་དྲུང་དུ་བསྙེན་ཏེ་ཐལ་བས་གཏོར་རོ། །བགྲོད་དཀའི་དགྲ་ནི་མཚོན་འཁྲུག་ལ། །ཞེས་པ་ཐུབ་པར་དཀའ་

Vol. 70 · folio 234a

བའི་དགྲ་དེ་དག་མཚོན་ཆ་ཐོགས་ཏེ་རྔམ་ནས་འབྱུང་བ་དག་ལས་བྱས་ནས་འགྲོ་བ་མི་འགུལ་འགྱུར་ཞེས་པ་ཐལ་བས་གཏོར་ན་ཕ་རོལ་པོའི་དཔུང་རྣམས་མི་གཡོ་མི་འགུལ་བར་འགྱུར་རོ་ཞེས་པའི་ཐག་ཚིག་གོ། །འདི་མན་ཆད་སྣག་ཚ་སྦྱར་བ་བསྒྲུབ་པ་བཤད་དེ། འགྲོ་བ་

དབང་བྱེད་སྦྱོར་བ་ན། །ཞེས་པ་ནས་བསྟན་ཏེ། གོང་མ་ལས། རྣམ་པ་གཞན་དག་བཤད་པ་ནི། །ཞེས་པའོ། །དུར་ཁྲོད་དཀྱིལ་འཁོར་བྲིས་ཞེས་པ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་བྲིས་ཞེས་པའོ། །མཆོད་པ་ཞེས་པ་སྔར་བཤད་པ་བཞིན་དུ་བྱ་ཞེས་པའོ། །མི་ཡི་ཚིལ་གྱི་སྣུམ་དག་ལས། །

ཞེས་པ་མིའི་ཚིལ་བུ་བཞུ་བ་ཐོད་པའི་ནང་དུ་བླུགས་ཏེ། སྟེང་ནས་ཀྱང་ཐོག་པ་གཅིག་གིས་བཀབ་སྟེ་མར་མེ་བུས་ལ་དེའི་དུད་པ་བསག་གོ། །སྙིང་པོ་ནི་དུར་ཁྲོད་ཀྱི་རས་ལ་བྱའོ། །མཁས་པ་དག་གིས་སྣག་ཚ་སྦྱར། །ཞེས་པ་སྣག་ཚ་སྦྱར་བའི་ཐབས་འདྲ་བར་མར་མེ་དུད་པ་སྦྱོར་རོ་ཞེས་

པའོ། །དུ་བའི་སྣག་ཚས་མིག་བསྐུས་ན། །ཞེས་པ་ཀ་ལ་ཤ་ཞེས་བྱ་བ་མིག་བསྐུ་བའི་ཐུར་མ་དེས་མིག་བསྐུའོ་ཞེས་པའོ། །གང་མཐོང་བ་དེ་སྔགས་པ་དེའི་དབང་དུ་འགྱུར་ཞེས་པའོ། །དང་པོར་ཅི་བགྱི་ཞེས་པར་འགྱུར། །ཞེས་པ་དབང་དུ་གྱུར་པ་དེ་དག་ཀྱང་དང་པོར་སྔགས་

པ་ལ་ཅི་བགྱི་ཞེས་པའི་ཐ་ཚིག་གོ། །འདི་མན་ཆད་བཙག་བསྒྲུབ་པ་ཞེས་བྱ་བ་བསྟན་ཏེ། བཙག་གི་སྦྱོར་བའི་དངོས་གྲུབ་ཀྱང་། །ཞེས་པ་གསེར་གྱི་བཙག་ཅེས་བྱ་སྟེ། བཙག་ཡུག་སྣམ་བཟང་པོ་ལ་བྱ་བར་འབྱུང་ངོ་། །དགེ་བ་དག་ནི་ད་བཤད་དོ། །ཞེས་པ་འགྲུབ་པའི་འབྲས་བུ་ཐོབ་

པ་ལ་བྱ་སྟེ་གོང་དུ་བཤད་པ་དང་འདྲའོ། །ཡུག་སྣམ་བཙག་ནི་དགེ་བ་དག །ཅེས་པ་བཙག་ཡུག་སྣམ་བཟང་པོ་འདེ་གུ་གཅིག་མི་ཤི་བ་དེའི་ཁྱིམ་ནས་ཕྱུང་སྟེ། བསྲེག་པའི་གནས་སུ་ཁྱེར་ཏེ་དེའི་ཚེ་འམ་ཡང་ན་བསྲེག་པ་ཉིད་ཀྱི་ཚེ། མི་རོའི་ཁར་ཁྱེར་དུ་བཅུག་ནས། །དེ་ནས་

མི་རོ་མེས་ཕྱེད་ཚིག་ཕྱེད་མ་ཚིག་ཙམ་གྱི་ཚེ་མཚན་མོ་གྲོགས་མེད་པར་གཅིག་པུ་མི་རོའི་ཁ་ནས་བཙག་རྡོག་དེ་བླང་བར་བྱའོ། །མཚན་མོ་བླང་ཞེས་པ་འདི་དང་སྦྱར་ན་དེ་དག་བདག་ཉིད་ཀྱིས་བསྲེག་པ་ཁས་བླང་དགོས་སོ། །བླངས་ནས་ལྷ་ཡི་ཁང་སྟོང་དུ། །ཞེས་པ་འཇིག་

Vol. 70 · folio 234b

རྟེན་པའི་ལྷ་ཁང་སྟོང་པ་ཞེས་པའོ། །སྔགས་པ་མཁས་པ་དག་གིས་བཟླས་པར་བྱ། །ཞེས་པ་རས་དམར་པོའི་ནང་དུ་བཞག་ལ་བསྒྲུབ་པོ། །བྱ་ཞེས་པ་བསྒྲུབ་པར་བྱའོ་ཞེས་པའོ། །དེ་ནས་འདུག་ཅིང་ཞེས་པ་འཇིག་རྟེན་པའི་ལྷ་ཁང་དེ་ན་འདུག་ཅེས་པའོ། །དེ་ལ་བཟླས་ཞེས་པ་

བཙག་རྡོག་ལ་བཟླས་ཞེས་པའོ། །མཆོད་ཅིང་ཞེས་པ་སྒྲུབ་པ་པོའི་རྫས་ཞེས་པའོ། །དེ་ནས་གང་ཡང་རུང་བའི་མིང་། །དེ་ནས་བདག་གི་སྔགས་སར་སྐྱང་ནུལ་བཟང་པོ་རབ་ཏུ་བྱས་པའི་སྟེང་དུ་བཙག་རྡོག་དེས་གང་དགུག་པར་བྱ་བའི་མིང་བྲི་བར་བྱའོ། །དེ་ཡི་མིང་ནས་སྒྲུབ་

པ་པོས། །བསྐུལ་ནས་དོགས་པ་མེད་པར་ཡང་། །ཞེས་པ་དེའི་མིང་ནས་བསྐུལ་ཞིང་ཁྲོ་བོའི་སྔགས་དང་ལྡན་པར་བསྐུལ་ན་ཐེ་ཚོམ་མེད་པར་གང་དགུག་པར་བྱ་བ་དེ་མྱུར་དུ་ཁུགས་པར་འགྱུར་རོ་ཞེས་པའོ། །འདི་མན་ཆད་སོར་གདུབ་བསྒྲུབ་པ་བཤད་དེ། ཆོ་ག་བཞིན་དུ་གསུངས་པ་

དག །ཅེས་པ་ཁྲོ་བོའི་རྒྱལ་པོའི་རྒྱུད་ཆེན་ལས་ཞེས་པའོ། །མི་རོ་ཁྱེར་ཏེ་འགྲོ་བ་ན། །ཞེས་པ་མི་ཤི་བའི་རོ་བསྲེག་པའི་གནས་སུ་ཁྱེར་ཏེ་འགྲོ་བའི་ཚེ་ན་ཞེས་པའོ། །དེའི་ཁར་ཞེས་པ་རོ་དེའི་ཁར་ཞེས་པའོ། །དེར་སོང་ནས་ནི་གཞུག་པར་བྱ། །ཞེས་པ་མི་རོ་བསྲེགས་པ་

ཁྱེར་ཏེ་འགྲོ་བའི་སར་བདག་སོང་ནས་སོར་གདུབ་མི་རོའི་ཁར་གཞུག་གོ་ཞེས་པའོ། །མཁས་པས་གཅིག་པུ་ཁྲོ་བོའི་སྔགས། །ཞེས་པ་སྔགས་པ་དེ་གྲོགས་མེད་པ་གཅིག་པུ་ཞེས་པའོ། །ཟློས་པ་བྱེད་པ་འདུག་པ་ན། །ཞེས་པ་མི་རོ་བསྲེགས་པའི་དྲུང་དུ་ན་ཞེས་པའོ། །རོ་ཡི་ཁ་རུ་

འདུག་པ་ནི། །ཞེས་པ་མི་རོ་དེའི་སྔར་ཁར་བཅུག་པའི་སོར་གདུབ་ལག་པ་གཡོན་པས་བླང་ཞེས་པའོ། །ནམ་ལངས་བར་དུ་བཟླས་པ་བྱས། །ཞེས་པ་རོ་བསྲེགས་པའི་གནས་དེ་ཉིད་དུ་བཟླས་པ་བྱའོ། །སྔགས་པ་མཁས་པ་ཡིས་ནི་གཞུག་པར་བྱ། །ཞེས་པའོ་ཞེས་པ་སྒྲུབ་པ་

པོའི་དེའི་ལས་བྱེད་པ་ཙམ་དུ་མ་ཟད་ཀྱི། ཕྱི་བཞིན་དུའང་འབྲང་བར་འགྱུར་ཞེས་པའོ། །འདི་མན་ཆད་ནི་ཡུངས་ཀར་བསྒྲུབ་པ་བཤད་དེ། དེ་ནས་གཞན་ཡང་ཡུངས་ཀར་དག །ཅེས་པ་ནས་བསྟན་ཏེ། ཤིན་ཏུ་ངོ་མཚར་དང་ལྡན་པ། །དེ་ཀུན་དེ་ཡི་ལས་བྱེད་འགྱུར། །

Vol. 70 · folio 235a

ཞེས་པ་ཡུངས་ཀར་གྲུབ་པ་ནི་ངོ་མཚར་ཡ་མཚན་དག་སྟོན་ནུས་པ་ལ་བྱའོ་ཞེས་པའོ། །ཁྲོ་བོ་ཉིད་ཀྱིས་ཇི་ལྟ་བར། །སྒྲུབ་པའི་སྦྱོར་བ་གསུངས་པ་བཤད། །ཅེས་པ་ཁྲོ་བོ་ཉིད་ཀྱིས་རྒྱུད་ཆེན་པོ་ལས་ཇི་སྐད་གསུངས་པ་དེ་བཤད་པར་བྱའོ། །སིདྡྷའི་ཤིང་ཞེས་པ་ཤིང་གི་

མིང་ཞེས་པའོ། །བཟང་པོ་སོར་ནི་བརྒྱད་པར་བྱ། །ཞེས་པ་དཔང་དང་ཞེང་གི་ཚད་ཅེས་པའོ། །ཡུངས་ཀར་དཀར་ཞེས་པ་དཀར་པོ་ཉི་ཚེ་ཞེས་པའོ། །དངོས་གྲུབ་མཆོག་ནི་སྟེར་བ་བླུགས། །ཞེས་པ་ཡུངས་ཀར་དེ་གབ་ཙེའི་ནང་གང་བར་བླུགས་ཞེས་པའོ། །ཉི་མ་རེ་རེ་བཟླས་པ་

ཡིས། །ཟླ་བ་གཟས་ཟིན་བར་དུ་བྱ། །ཞེས་པ་དེ་ལ་ལོ་གཅིག་གམ། ཟླ་བ་དྲུག་ཙམ་གྱི་སྔོན་ནས་ཉི་མ་རེ་རེ་དུས་གསུམ་དུ་རྒྱུན་མི་འཆད་པར་ནམ་ཟླ་བ་གཟས་ཟིན་དུས་བཟླས་སོ་ཞེས་པ་སྟེ། འདི་ཡང་སྤྱི་རྒྱུད་ལས་གསུངས་པའི་མཚན་མ་འགའ་ཞིག་བྱུང་བྱུང་དུ་བཟླས་སོ། །

དེ་ནས་འདོད་པ་བསྒྲུབ་པར་བྱའོ། །དཀྱིལ་འཁོར་ཞེས་པ་ལ་དེ་ནས་ཟླ་བ་གཟས་ཟིན་པའི་དགོངས་ཀ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་བྲིས་ནས། དཀྱིལ་འཁོར་མདུན་དུ་བསྒྲུབ་བོ། །ཡུངས་ཀར་ཙེག་ཙེག་ཟེར་གྱི་བར་དུ་བཟླས་སོ་ཞེས་པའོ། །དེ་ཚེ་ཡུངས་ཀར་

གྲུབ་དེ་དག །ཅེས་པ་ཡུངས་ཀར་ལ་སྒྲ་དེ་དག་བྱུང་ནས་ཞེས་པའོ། །བླངས་ནས་གང་ཡང་རུང་བ་རུ། །ཞེས་པ་སྔགས་དང་ལྡན་པས་ཡུངས་ཀར་དེ་གཏོར་ན་དེས་ཞེས་པའོ། །དེའི་ཡུངས་ཀར་དེས་མི་ནུས་ཅི་ཡང་མེད་ཅེས་པའོ། །རི་མཐོང་ཞེས་པ་རིན་པོ་ཆེའི་རྣམ་པ་མང་པོ་དག་

ཅེས་པའོ། །ཕྱི་མ་ཞེས་པ་རྨེག་མེད་པར་བྱེད་ཅེས་པའོ། །སྤྲིན་འགོག་བའང་ཞེས་པ་སྤྲིན་རྣམ་པར་བྱ་བ་དང་ཞེས་པའོ། །རིག་འཛིན་ཞེས་པ། སྔགས་པ་བདག་གིས་སྦྱར་ན་ནི། །ཞེས་པའོ། །གློ་བུར་དག་ཏུ་ཐོགས་མེད་བྱེད། །ཅེས་པ་ཐོགས་པ་མེད་པར་གློ་བུར་དུ་ཡང་ལས་དེ་དག་

བྱེད་དོ་ཞེས་པའོ། །གསུངས་དང་མ་གསུངས་པ་དག་ཀྱང་། །ཞེས་པ་གོང་ནས་གསུངས་པའི་ལས་དང་རྟགས་འོག་ནས་བཤད་པའི་ལས་དག་ཀྱང་སྔགས་པ་རང་གི་བློས་བརྟགས་པའི་ལས་དེ་དག་ཐམས་ཅད་ཀྱང་ཞེས་པའོ། །གཏོར་མ་ཙམ་གྱིས་ཐོགས་མེད་བྱེད། །

Vol. 70 · folio 235b

ཅེས་པ་གཏོར་མ་ཙམ་གྱིས་ཐགས་ཐོགས་མེད་པར་ལས་དེ་དག་བྱེད་པར་རོ། །དེ་ལ་སོགས་པ་སྣ་ཚོགས་པ། །ཞེས་པ་དེ་ལ་སོགས་པའི་དངོས་གྲུབ་སྣ་ཚོགས་གོང་དུ་བཤད་པ་རྣམས་ཞེས་པའོ། །དཔའ་བོ་བརྟུལ་ཞུགས་སྤྱོད་པ་ཡིས། །ཞེས་དཔའ་བོ་བརྟུལ་ཞུགས་སྤྱོད་

པའོ། །སྔགས་པ་ཡིས། སྔ་མ་བཞིན་དུ་མཆོག་རྣམས་དང་། །ཞེས་པ་གོང་དུ་བཤད་པའི་དངོས་གྲུབ་མཆོག་རྣམས་ཞེས་པའོ། །འབྲིང་དག་ཀྱང་ནི་བསྒྲུབ་པར་བྱ། །ཞེས་པ་དངོས་གྲུབ་མཆོག་གི་འབྲས་བུ་དང་། ཐ་མའི་དངོས་གྲུབ་དག་ཀྱང་བསྒྲུབ་པར་བྱའོ། །དེ་དག་

ཀྱང་བརྟུལ་ཞུགས་ནི་མེད་པར་བྱས་ན་འབྲས་བུ་མེད་ཅེས་པ་དཔའ་བོ་བརྟུལ་ཞུགས་མ་སྤྱད་པར་དངོས་གྲུབ་ཀྱང་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །འབྲས་བུ་མེད་པར་འགྱུར་རོ་ཞེས་སོ། །ཕྱག་རྒྱ་གཉིས་ཀྱི་གཉིས་རྣམས་ནི། །ཞེས་པ་ཕྱག་རྒྱའི་ལྷ་གཉིས་གང་

བསྒོམས་ཀྱང་རུང་སྟེ། དེ་དག་གསུམ་སྤྱན་དྲངས་ཏེ་མདུན་དུ་བསམ་ཞིང་བསྒོམ་མོ། །གང་དག་འདིར་ནི་བཤད་པ་རྣམས། །ཞེས་པ་ལ་སོགས་པ་འདིར་ནི་གོང་དུ་བཤད་པ་རྣམས་ཀྱི་ལས་དེ་སླར་དགྲོལ་བར་བཤད་དེ་གསེར་དངུལ་ལ་སོགས་ཏེ། རིན་པོ་ཆེའི་ལྷའི་སྐུ་

གཟུགས་རྣམས་ཀྱིས་འབྲིང་དང་ཐ་མའི་དངོས་གྲུབ་བསྒྲུབ་པ་དང་། ལས་རྣམས་སྒྲུབ་པ་ཇི་སྐད་བཤད་པ་བཞིན་དུ་བེ་ཏ་ལཱི་དང་། བེ་ཅོན་ཕྱག་རྒྱའི་གཟུགས་གཉིས་ལ་ཡང་བརྟུལ་ཞུགས་མ་སྤྱོད་པར་ཡང་བཟླས་བརྗོད་མཆོད་པ་འབའ་ཞིག་བྱས་པས་ཀྱང་དངོས་གྲུབ་འབྲིང་དང་ཐ་མ་

དག་འགྲུབ་པར་འགྱུར་རོ། །འདིའི་སྐབས་སུ་བྱུག་སྤོས་ཀྱི་འདེ་གུས་གཟུགས་ལ་བསྐུ་བར་མི་བྱ་སྟེ། མཆོད་པར་བྱ་བ་ཙམ་ཉིད་དུ་ཟད་དོ་ཞེས་པའོ། །ཇི་སྐད་བཟླས་པས་འཐོབ་པར་བྱེད། །ཅེས་པ་ལ་སོགས་པ་དེ་བས་ན་སྔོན་དུ་བསྙེན་པ་དང་བཟླས་བརྗོད་བྱས་པ་དང་།

མཆོད་པ་འབའ་ཞིག་བྱས་པས་ལུགས་ཀྱི་སྐུ་གཟུགས་སྐབས་ཀྱི་དངོས་གྲུབ་འབྲིང་དང་ཐ་མ་དག་འགྲུབ་པར་འགྱུར་རོ་ཞེས་པའོ། །རྟག་ཏུ་བདེ་གཤེགས་སེམས་དཔའ་དེ། །ཞེས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་དེ་ཞེས་པའོ། །ཉིན་རེ་ཟློས་པའི་སྦྱོར་བ་ཡིས། །ཞེས་

Vol. 70 · folio 236a

པ་ཉིན་གཅིག་ཀྱང་དུས་གསུམ་རྟག་ཏུ་ཟློས་པའི་སྦྱོར་ཞེས་པའོ། །རྟག་ཏུ་བརྟུལ་ཞུགས་མ་བྱས་པ། །ཞེས་པ་དཔའ་བོ་བརྟུལ་ཞུགས་ཞེས་པའོ། །འདོད་པའི་དོན་ཞེས་པ་བདག་ཉིད་འདོད་པའི་དོན་ཞེས་པའོ། །བརྟུལ་ཞུགས་ཀྱིས་འགྲུབ་པ་ཞེས་པ་གོང་མའི་

འཕྲོ་སྦྱོར་བའི་ཚིག་སྟེ། མཇུག་སྡུད་པ་ཞེས་པའོ། །ཁྲོ་བོ་མཆོག་གིས་ཅི་གསུངས་པ། །ཞེས་པ་རྩ་བའི་རྒྱུད་ཆེན་པོ་ལས་བཤད་པ་ཡིན་ཞེས་པའོ། །བརྒྱད་པའོ། །བརྒྱད་པའི་བཤད་པ་རྫོགས་སོ།། །།རྟོག་པ་ཕྱི་མ་འདི་ལ་དོན་རྣམ་པ་ལྔས་བཤད་དོ། །དེ་ལ་

སྐབས་དབྱེ་བ་དང་། སྔོན་དུ་བསྙེན་པའི་ཆོ་ག་དང་། །མཆོད་པ་སྔར་བྱས་པའི་ལས་རྣམས་བཤད་པ་དང་། དེ་བཞིན་གཤེགས་པའི་དམ་ཚིག་སྔར་བྱས་ནས་ཞི་བ་ལ་སོགས་པའི་ལས་བྱ་བ་དང་། དཔལ་ལ་སོགས་པ་སྒྲུབ་པའོ། །དེ་ཡང་དང་པོ་སྐབས་དབྱེ་བ་

ཞེས་བྱ་བ་བཤད་དེ། དེ་ཡང་རྟོག་པ་ཕྱི་མ་ཡི། །ཞེས་པ་ཁྲོ་བོའི་རྒྱལ་པོ་དེའི་རྟོག་པ་བཤད་དེ། ཕྱི་མ་ཞེས་བྱ་བ་ནི་སྔར་གོང་དུ་བཤད་པ་འཆད་ཅིང་མ་ཆུད་པ་རྣམས་འདི་མན་ཆད་དུ་བཤད་པས་ནི་རྟོག་པ་ཕྱི་མ་ཞེས་བྱ་སྟེ། མདོར་ན་གོང་མའི་ལས་རྣམས་ཀྱི་མཇུག་སྡུད་པ་ཐུན་

བུ་ཐུ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བརྟུལ་ཞུགས་མེད་ཀྱང་རུང་། །ཞེས་པ་རིག་པ་ཕྱི་མའི་ཆོ་ག་འོག་ནས་འབྱུང་བ་འདི་རྣམས་ལ་ནི་བརྟུལ་ཞུགས་སྤྱད་མི་དགོས་ཞེས་པའོ། །དེའི་ཕྱིར་ཁྲོ་བོ་བདག་ཉིད་ཀྱིས། །ཞེས་པ་བརྟུལ་ཞུགས་དག་སྤྱད་མི་དགོས་པ་དེའི་

ཕྱིར། གསུངས་པ་དེ་ཡི་ཆོ་ག་བརྗོད། །ཞེས་པ་བཤད་པ་ཞེས་བྱ་བའི་དོན་ཏོ། །བཅུ་བདུན་པ་ཞེས་པ་རྩ་བའི་སྔགས་སོ། །རྩ་བའི་སྔགས་ལ། ཁྲོ་བོ་ཞེས་ནི་གང་བརྗོད་པ། །ཞེས་པའོ། །འདི་མན་ཆད་ནི་སྔོན་དུ་བསྙེན་པ་བྱ་བའི་ཆོ་ག་བཤད་དེ། དེ་ལ་ཐོག་མར་སྔོན་བཞིན་

དུ། །ཞེས་པ་ལ་སོགས་པ་འདིའི་སྐབས་སུ་སྐུ་གཟུགས་བྲི་བ་ནི་སྔོན་དུ་བསྙེན་པ་སྔར་བཤད་པ་དག་བྱ་མི་དགོས་པར་བཤད་དོ། །དེའི་རི་མོའི་སྐུ་གཟུགས་དང་པོར་སྔར་བཤད་པའི་མཚན་ཉིད་བཞིན་དུ་བྲི་བར་བྱའོ། །དེ་ལྟར་རི་མོའི་མདུན་དུ་སྔར་བཤད་པ་བཞིན་དུ་མཆོད་པར་བྱའོ། །

Vol. 70 · folio 236b

ཡང་ན་སྔགས་པས་བརྡུངས་སམ་བླུགས་པའི་སྐུ་གཟུགས་བྱས་ཀྱང་རུང་སྟེ། བཟོ་བོ་བྱེད་དུ་གཞུག་གོ་ཞེས་པའོ། །མཁས་པས་བརྒྱད་འབུམ་བཟླས་པར་བྱ། །ཞེས་པ་བརྡུངས་སམ་རི་མོའི་སྐུ་གཟུགས་གང་ཡང་རུང་བ་བྱེད་དུ་བཅུ་གནས་ཟིན་པའི་འོག་ཏུ་སྐུ་གཟུགས་ཀྱི་སྤྱན་སྔར་

མཆོད་པ་ཆེན་པོ་བྱས་ལ་དུས་གསུམ་དུ་བརྒྱད་འབུམ་ཚང་བར་སྔོན་དུ་བསྙེན་པ་བྱའོ། །རྩ་བའི་སྔགས་བཟླས་སོ་ཞེས་པའི་དོན་ཏོ། །འདི་མན་ཆད་མཆོད་པ་སྔར་བྱས་ནས་ལས་རྣམས་སྒྲུབ་པ་ཞེས་བྱ་བ་བསྟན་པའི་ཕྱིར། དེ་ཡི་ཐོག་མར་དཀོན་མཆོག་ནི། །ཞེས་པ་ལ་སོགས་པ་

སྨོས་ཏེ། དེའི་ཐོག་མར་དཀོན་མཆོག་ནི། །ཞེས་པ་དེ་ལྟར་བརྒྱད་འབུམ་བཟླས་པ་བྱས་པའི་འོག་ཏུ་སངས་རྒྱས་དང་ཆོས་ལ་མཆོད་པ་ཆེན་པོ་བྱས་ཤིང་དགེ་འདུན་ལ་མཆོད་སྟོན་བྱ་ཞིང་མཆོད་དེ། དེ་ལྟར་དཀོན་མཆོག་གསུམ་ལ་མཆོད་པའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་ལ་ཁྱད་པར་དུ་

མཆོད་པ་ཇི་སྐད་བཤད་པ་བཞིན་དུ་མཆོད་པར་བྱའོ་ཞེས་པའི་དོན་ཏོ། །འོན་ཀྱང་འགྲུབ་སྟེ་དེ་ཡི་ཚེ། །ཞེས་པ་ཆོ་ག་དེ་ལྟར་བྱས་པས་འགྲུབ་པར་འགྱུར་ཏེ། དེའི་ཚེ་ན་ལས་འདི་དག་བྱེད་ནུས་པར་འགྱུར་རོ་ཞེས་པའོ། །འབྱུང་པོའི་གདོན་དང་ཞེས་པ་འབྱུང་པོའི་གདོན་ལ་ཡང་བྱའོ། །

འབྱུང་པོ་དང་གདོན་ཞེས་སོ་སོར་ཡང་བཤད་ཅེས་སོ། །དུག་རྣམས་དང་ཞེས་པ་ལ་སོགས་པའི་ལས་རྣམས་སྒྲུབ་པ་པོ་གང་དང་གང་འདོད་པའི་ལས་རྣམས་ཡིད་ལ་བསམས་པ་ཙམ་གྱིས་ལས་དེ་དག་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡིད་ལ་ཞེས་པ་འགྲོ་བ་དང་མི་འགྲོ་བའི་

ཞེས་པའོ། །དེ་ཡིད་བསམས་པའི་ལས་ཀྱང་ཞེས་པ་འབྱུང་པོ་ལ་སོགས་པ་དང་དུག་དང་ནད་ཀྱིས་བཏབ་པའི་ལས་གང་དུ་བཤད་པའི་ལས་རྣམས་ཀྱང་ཁེ་དང་། བཀུར་སྟི་དང་། རྙེད་པ་འཐོབ་པར་བྱ་བའི་ཕྱིར་ནི་ལས་དེ་དག་སྤྱད་པར་མི་བྱ་སྟེ། གཞན་དུ་ན་དཀོན་མཆོག་གསུམ་གྱི་

དོན་དམ་ཆེད་དུ་ལས་དེ་དག་བྱའོ་ཞེས་པའོ། །དུག་ལ་སོགས་པ་གང་བརྗོད་པ། །ལས་རྣམས་ཀྱི་ནི་ཚིག་གིས་བྱ། །ཞེས་པ་འབྱུང་པོ་ལས་གདོན་དག་གིས་ལས་གོང་དུ་བཤད་པ་རྣམས་གྲུབ་པ་དེས་ཚིག་གིས་བསྒོ་བ་ཙམ་གྱིས་ལས་དེ་དག་འགྲུབ་པར་འགྱུར་རོ། །གཞན་དུ་ཡེངས་

Vol. 70 · folio 237a

པའི་ཚིག་གིས་ཀྱང་། །ཞེས་པའི་སྒྲུབ་པ་པོ་དེ་གུང་དུ་དགེ་བའམ། ལས་ལ་ཡེངས་ལ་དེའི་ཚིག་གིས་ཀྱང་ཞེས་པའོ། །བདག་ཉིད་ཇི་ལྟར་འདོད་བཞིན་དུ། །ཞེས་པ་བསྒོ་བ་ཙམ་གྱིས་ཀྱང་འགྲུབ་སྟེ། ཇི་ལྟར་འདོད་པའི་ལས་རྣམས་འགྲུབ་པར་འགྱུར་ཞེས་

པའོ། །ད་བདུག་པ་ཡི་སེམས་ཅན་རྣམས། །ཞེས་པ་གྲུབ་པའི་དེས་དེ་བཞིན། །ཚར་བཅད་པ་དང་ཕན་འདོགས་ནུས་ཞེས་པའོ། །གང་གི་ནག་པོས་ཟིན་པ་ཡིས། །ལས་རྣམས་ཀྱང་ནི་བྱེད་འགྱུར་བ། །ཞེས་པ་ཀ་ལ་ན་ཏ་ཞེས་པ་དུས་ཀྱིས་ཟིན་པ་ལ་ཡང་བྱ། ནག་པོས་ཟིན་པ་ལ་ཡང་

བྱའོ། །དེ་ལ་དུས་ཀྱིས་ཟིན་པ་ལ་རྣམ་པ་གཉིས་ཏེ། ཉི་མའི་གུང་ལ་ཟིན་པ་དང་། འཆི་བའི་དུས་ཀྱི་ཚེ་ན་ཟིན་པའོ། །དུས་དེར་ཟིན་ཕན་ཆད་འཚོ་མི་སྲིད་དེ་དག་ཏུ་ཚོགས་ཀྱང་མི་སློན་ནོ། །དངོས་གྲུབ་སྦྲུལ་གྱིས་ཟིན་པ་ལ་བྱ་སྟེ། སྦྲུལ་གྱི་དུག་དེས་ཟིན་པ་ལས་སླར་གསོ་བའི་

ལས་རྣམས་ཀྱང་ལས་འདི་དག་གིས་བྱའོ་ཞེས་བྱ་བའི་དོན་ཏོ། །ལྕག་གམ་ཞེས་པ་ཟིན་པ་དེ་ལ་ཞུ་འམ། ཡང་རྐང་པ་ཡིས་ཞེས་པ་ཟིན་པ་དེ་རྐང་པས་མནན་པའམ་ཞེས་པའོ། །སོས་བར་འགྱུར་ཞེས་པ་ནད་དེ་དག་ལས་ཐར་བར་འགྱུར་རོ་ཞེས་པའོ། །དེ་ལྟར་ཀུན་དུ་ཡིད་ཀྱིས་

སམ། །ཞེས་པ་དེ་ལྟར་ལས་ཐམས་ཅད་ལ་ཡིད་ཀྱིས་བྱ་བའམ། ཡང་ན་ཚིག་གི་བསྒོ་བས་ལས་དེ་དག་ཐམས་ཅད་བྱའོ། །ཇི་ལྟར་ཁྲོས་པ་མེད་པ་ཡང་། །ཞེས་པ་ཆེད་དུ་བརྟབ་པ་དང་ཁྲོས་པའི་ཚུལ་མེད་པར་ཡང་ཕྲན་ཚེགས་ཀྱི་ལས་རྣམས་ཚིག་གིས་ཀྱང་བརྗོད་པ་ཙམ་གྱིས་

འགྲུབ་པར་འགྱུར་ཏེ། དེ་ཡང་ཡིད་ལ་ཁྲོ་བོ་དྲན་པ་འབའ་ཞིག་གིས་ཞེས་པའོ། །ཕྲན་ཚེགས་ལས་བརྗོད་འགྲུབ་འགྱུར་ཏེ། །དྲན་པ་ཙམ་ནི་འབའ་ཞིག་གིས། །ཞེས་པ་ཕྲན་ཚེགས་ཀྱི་ལས་བཤད་པ་དེ་རྣམས་འགྲུབ་པར་འགྱུར་ཏེ། དེ་ཡང་ལས་གང་འདོད་པ་དེ་ཡིད་ལ་

བསམས་པ་ཙམ་འབའ་ཞིག་གིས་སྒྲུབ་པ་པོ་དེའི་ལས་དེ་ཡང་འགྲུབ་པར་འགྱུར་རོ། །དེ་ནས་སྣོད་ལ་དབབ་པ་ཡི། །ཞེས་པ་བྱིས་པ་གཞོན་ནུ་མ་ཁྲུས་བྱས་ཏེ། གཙང་མ་ཁྲོ་བོ་གཤེགས་སུ་རུང་བར་དེ་ལ་བྱ་བ་ལ་སྣོད་ཅེས་བྱའོ། །ལས་གཞན་དུ་ནི་རབ་ཏུ་བྱ། །ཞེས་པ་གོང་མ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words