སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་ལོ
Sanskrit title (Tibetan script, as in the text) མ་ཧཱ་སཱ་ཧ་སྲཱ་པྲ་མརྡ་ནི་ས་ཏ་སཱུ་ཏྲ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 72 · folio 30a
ཚངས་ཆེན་རྣམས་ཀྱིས་གུས་པར་ཕྱག་འཚལ་བའོ། །དཔལ་ལྡན་གསེར་གྱི་རི་བོ་འདྲ། །གསེར་གྱི་མཆོད་སྡོང་དང་ཡང་མཚུངས། །ཞེས་བྱ་བ་ནི་ཕྱི་ནང་མེད་པར་གསེར་གྱི་ཡོན་ཏན་དང་ལྡན་ཏེ། མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་
ཅུས་བརྒྱན་པ། འཛམ་བུའི་གླིང་གི་གསེར་གྱི་ཁ་དོག་དང་འདྲ་ཞིང་། ཡོན་ཏན་གྱིས་བརྒྱན་པའོ། །མེ་ཏོག་པདྨ་བཞིན་དུ་རྒྱས། །སཱ་ལའི་རྒྱལ་པོ་བཞིན་དུ་རྒྱས། །ཞེས་བྱ་བ་ནི་ཞལ་པདྨ་བཞིན་དུ་སེམས་ཅན་རྣམས་ལ་བསྟན་པ། ཤིང་སཱ་ལ་བཞིན་དུ་ཟིལ་གྱིས་ནོན་པའོ། །ཉི་མ་
དང་འདྲ་ཟླ་ཉ་ལ། །སྐར་མ་རྣམས་ཀྱིས་ཡོངས་བསྐོར་ཞིང་། །ཞེས་བྱ་བ་ནི་དྲེགས་པ་ནི་ཉི་མ་ལྟ་བུ་སྟེ། འཇམ་པ་ནི་ཟླ་བ་ཉ་བའི་འོད་ཟེར་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་འཁོར་རྣམ་བཞི་ནི་སྐར་མ་ལྟ་བུའོ། །ཐུབ་སྐུ་གསེར་གྱི་ཁ་དོག་ལ། །མཚན་རྣམས་
ཀྱིས་ནི་ཡོངས་སུ་བསྐོར། །ཞེས་བྱ་བ་ནི་སྐུ་གསུང་ཐུབ་ཅིང་འཛམ་བུའི་གླིང་གི་གསེར་གྱི་ཁ་དོག་འདྲ་བ། སྐུ་ལ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །འཇིག་རྟེན་མེས་པོ་ཚངས་པ་ཡིས། །འཇིག་རྟེན་སྒྲོན་མ་བསྟོད་བྱས་ཏེ། །ཞེས་
བྱ་བ་ནི་སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་པས་ཀྱང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཐམས་ཅད་འཁོར་བ་ནས་སྒྲོལ་བ། སྟོང་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ཞིང་བསྟོད་དོ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །འཇིག་རྟེན་སྐྱོང་ལ་འདི་སྐད་སྨྲས། །
ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གཙོ་བོ་སྟེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ། ཕྱོགས་སྐྱོང་བཅུས་ཀྱང་ཞུས་པའོ། །འཇིག་རྟེན་སྐྱོང་གི་འཁོར་རྣམས་ཀྱིས། །རྗེས་སུ་བསྟན་པ་མ་ཐོབ་སྟེ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་
འདི། ཡིད་བཞིན་ནོར་བུ་རིན་པོ་ཆེ་འདྲ་བ་སྟེ། འཇིག་རྟེན་སྐྱོང་བ་དག་གིས་ཀྱང་འདི་དང་གཞན་དུ་མཚུངས་པ་མེད་པའོ། །གང་ཕྱིར་འདི་ལས་སངས་རྒྱས་དང་། །རང་སངས་རྒྱས་དག་འབྱུང་འགྱུར་ཞིང་། །ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་ལམ་འདི་ནས། རིན་པོ་ཆེ་ཤེལ་དང་
Vol. 72 · folio 30b
འདྲ་བ་སྟེ། སངས་རྒྱས་ལ་སོགས་པ་གང་ཡང་འབྱུང་བའོ། །འདི་ལས་ཉན་ཐོས་རྣམས་ཀྱང་སྐྱེ། །ལྷ་རྣམས་དག་ཀྱང་སྐྱེ་བར་འགྱུར། །ཞེས་པ་ནི་ནམ་མཁའ་ལས་ཆར་བྱུང་བ་བཞིན་དུ། འདིའི་སྒོ་ནས་གང་ཡང་འབྱུང་བའོ། །རིག་བྱེད་ཡན་ལག་དྲུག་མཐར་ཕྱིན། །བྲམ་ཟེ་རྣམས་ཀྱང་
སྐྱེ་བར་འགྱུར། །ཞེས་བྱ་བ་ནི་རྟག་པའི་ཆོས་དྲུག་ཡིན་ཏེ། དེ་ཡང་སྔར་བཤད་པ་བཞིན་དུ་ལྟ་བ་དྲུག་གོ། །དེ་རྣམས་མཐར་ཕྱིན་ཅིང་གྲོལ་བ་སྟེ། འདིའི་སྒོ་ནས་སྐྱེ་གནས་བཟང་པོ་བྲམ་ཟེའི་རིགས་ཐོབ་པའོ། །དྲང་སྲོང་སྐལ་བ་ཆེན་པོ་དང་། །དགེ་སྦྱོང་བྲམ་ཟེ་འདི་ལས་སྐྱེ། །ཞེས་བྱ་བ་
ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒོ་ནས་ལྟ་བ་ཐམས་ཅད་འབྱུང་བའོ། །ཁྱེད་ཅག་སྙིང་ལས་ཆུང་བྱེད་པ། །མི་ཡི་སྐྱེ་དགུ་གནོད་པར་འགྱུར། །ཞེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་རྣམས་འཇིགས་སྐྲག་བྱེད་པ། མི་རྣམས་ལ་བྱམས་པ་དང་། སྙིང་རྗེར་ལྡན་པའོ། །ཚངས་པ་ཡི་ནི་
ཚིག་ཐོས་ནས། །འཇིག་རྟེན་སྐྱོང་གིས་ཚིག་སྨྲས་པ། །ཞེས་བྱ་བ་ནི་མི་མཇེད་ཀྱི་བདག་པོ་ཚངས་པའི་ཚིག་ཐོས་ནས། འབྱུང་པོ་རྣམས་ལ་ཕྱོགས་སྐྱོང་བ་བཅུས་སྨྲས་པའོ། །ཚངས་པ་དང་ནི་ཐུབ་ཆེན་པོ། །ཞེས་བྱ་བ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་
སངས་རྒྱས་དང་། སེམས་ཅན་ཐམས་ཅད་བསྐྱེད་པའི་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་རིག་སྔགས་འདི་ཡིན་པའི་ཕྱིར་རོ། །བདག་གིས་རི་རབ་བསྒུལ་བྱས་ཤིང་། །ཞེས་བྱ་བ་ནི་ཕུང་པོའི་གནས་སྐབས་སོ། །རི་རབ་དེ་ཡི་རྒྱ་དང་ནི། །འཕང་དང་གྲྭ་བཞིའི་ཟུར་རྣམས་དང་། །ཞེང་
ལ་ཁྲུ་བཞི་འཕང་ལ་བཞི། །མུ་ཁྱུད་ཟུར་བརྒྱད་ཤོ་འདྲ་བ། །སྟེང་དུ་དཀྱིལ་འཁོར་ལེགས་པར་བྲི། །ས་ཚོན་ལྔས་ནི་ཡང་དག་ཏུ། །སྟོང་ཆེན་རབ་འཇོམས་དཀྱིལ་འཁོར་ཡང་། །གྲུ་བཞི་སྒོ་བཞི་ཀ་བ་བརྒྱད། །ཏྭ་ར་རྣམ་བཞི་རྟ་བབས་རྒྱན། །དྲ་ཕྱེད་རིན་ཆེན་ལ་སོགས་པ། །
གདུགས་དང་རྒྱལ་མཚན་བ་དན་རྣམས། །འདོད་པའི་ཡོན་ཏན་ལྷ་མོ་དང་། །མཁས་པ་དག་གིས་བྲི་བར་བྱ། །འབྲས་སམ་བག་ཕྱེ་ལ་སོགས་པས། །མཁས་པ་དག་གིས་ཡང་དག་བྱ། །རི་རབ་གཟུགས་ནི་ཤོ་འདྲ་བ། །ལྷ་དང་ལྷ་མིན་འབྱུང་པོའི་གནས། །དེ་ལྟ་བུ་ཡི་གནས་
Vol. 72 · folio 31a
བཅས་ལ། །ལྷ་དང་ལྷ་མིན་འབྱུང་པོ་དང་། །དེ་རྣམས་ལ་ནི་དབུལ་བར་བྱ། །རྒྱལ་པོ་དང་ནི་རྒྱལ་པོའི་འཁོར། །བློན་པོ་དང་ནི་བློན་མོ་དང་། །གང་དག་དེ་རྣམས་གནོད་པ་དང་། །འབྱུང་པོ་ཡི་དགས་སོགས་གནོད་དང་། །བྱད་སྟེམས་དང་ནི་འཐོར་བ་དང་། །
རོ་ལངས་སྦོད་གཏོང་གཏོང་བ་དང་། །ཟོས་པ་དང་ནི་སྐྱུགས་པ་དང་། །གྲིབ་མ་ངན་དང་ལྟས་ངན་དང་། །བྲི་ཉེས་དང་ནི་བསྒོམ་ཉེས་དང་། །སྨད་ནད་དང་ནི་ཉིན་གཅིག་དང་། །ཉིན་གཉིས་གསུམ་པ་བཞི་པ་དང་། །ཉིན་བདུན་ཟླ་ཕྱེད་ཟླ་བ་གཅིག །ཉིན་མོ་བ་དང་ཡུད་ཙམ་
དང་། །ལྡང་དུབ་པ་དང་འབྱུང་པོ་དང་། །མི་ཡི་རིམས་དང་མི་མ་ཡིན། །རླུང་དང་མཁྲིས་པ་བད་ཀན་དང་། །འདུས་པ་བཞི་འགྱུར་དག་དང་ནི། །དེ་ཡི་ཆོ་ག་ཡང་དག་ཡིན། །ནད་ནི་བཞི་བརྒྱ་རྩ་བཞིར་གྱུར་པ་ལས། །རྨི་ལམ་ངན་དང་མཚན་མ་ངན། །སྔགས་བཏང་བ་དང་བཟློག་པ་
དང་། །མ་མོ་ཟོར་ཁ་ཕུར་ཁ་དང་། །གཤིན་རྗེ་ལ་སོགས་གང་ཡང་རུང་། །དེ་བཟློག་ཆོ་ག་ཡང་དག་ཡིན། །ཤུ་བ་གཡན་པ་མཛེ་དང་ནི། །ཕོལ་མིག་གཞང་ནད་འབྲས་དང་ནི། །ལྷོག་དང་མེ་དབལ་བཟློག་པ་དང་། །ཤ་བཀྲ་དམུ་ཆུ་ཁོང་ནད་དང་། །གླད་པ་ན་བ་ལ་སོགས་དང་། །དེ་ཡི་ཆོ་ག་
ཡང་དག་ཡིན། །གཙོ་བོར་གྱུར་པ་ཉི་ཤུ་བརྒྱད། །སྟོང་ཕྲག་བརྒྱད་ཅུ་རྩ་བརྒྱད་ཕྲག་དང་ནི། །འབྱུང་པོ་རྣམས་ཀྱི་ཆོ་ག་ཡང་དག་བཤད། །རི་རབ་ལ་སོགས་བཞི་དག་ལའང་། །དཀར་པོ་དང་ནི་མཐིང་ག་དང་། །དམར་པོ་དང་ནི་སེར་པོ་རྣམས། །ཤར་ཕྱོགས་ངོས་ནས་རིམ་བཞིན་དུ། །
ཡང་དག་གིས་ནི་ཤེས་པར་བྱ། །ཤར་ཕྱོགས་ལྷ་དང་དྲང་སྲོང་དང་། །དྲི་ཟའི་གདོན་རྣམས་གཟའ་དང་བཅས། །སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག །དེ་རྣམས་ཤར་ཕྱོགས་གདོན་རྣམས་སོ། །གྲུལ་བུམ་ལ་སོགས་མ་མོ་དང་། །སྲིན་མོ་ཡི་དགས་གདོན་རྣམས་དང་། །ལྷོ་ཕྱོགས་ལ་
ནི་ཡང་དག་ཤེས། །སྟོང་ཕྲག་བརྒྱད་ཅུ་རྩ་བརྒྱད་ཕྲག །དེ་དག་ལྷོ་ཕྱོགས་གདོན་རྣམས་སོ། །ཀླུ་དང་འདབ་བཟངས་ས་བདག་དང་། །ནུབ་ཕྱོགས་དག་ནི་ཡང་དག་ཤེས། །སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག །དེ་དག་ནུབ་ཕྱོགས་གདོན་རྣམས་སོ། །གནོད་སྦྱིན་ཕོ་མོ་ལ་སོགས་དང་། །
Vol. 72 · folio 31b
ཀླུ་བཙན་ལ་སོགས་གཞན་རྣམས་དང་། །བྱང་ཕྱོགས་དག་ནི་ཡང་དག་ཤེས། །སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག །དེ་དག་བྱང་ཕྱོགས་གདོན་རྣམས་སོ། །ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་། །བྱང་ཤར་སྟེང་དང་འོག་དང་ནི། །མེ་ཡི་གདོན་དང་བདེན་བྲལ་དང་། །རླུང་ལྷའི་གདོན་དང་འབྱུང་
པོའི་གདོན། །ཚངས་པ་ལ་སོགས་ས་བདག་དང་། །སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག །མཚན་དྲུག་ལ་ནི་ཡང་དག་ཤེས། །སྟེང་དང་འོག་དང་ཟུར་རྣམས་སུ། །འབྱུང་པོའི་ཚོགས་ནི་ཤེས་པར་བྱ། །བག་ཕྱེ་དང་ནི་འབྲས་ཕྱེའམ། །གཟུགས་ནི་སྣ་ཚོགས་མཁས་པར་བྱ། །བ་དན་
དང་ནི་རྒྱལ་མཚན་དང་། །གདུགས་དང་མེ་ཏོག་ཕྲེང་བ་དང་། །འབྱུང་པོའི་ཚོགས་དང་བཅས་པ་དང་། །བུ་རམ་ཞོ་དང་སྦྲང་རྩི་དང་། །མེ་ཏོག་དཀར་པོ་ལ་སོགས་དང་། །ཤ་དང་ཁྲག་དང་ཆང་དང་ནི། །ཉ་ཤ་སྒོག་པ་ལ་སོགས་དང་། །མེ་ཏོག་སེར་པོའི་ཕྲེང་བ་རྣམས། །འོ་མ་ཀ་ར་
མངར་གསུམ་དང་། །མར་ལ་སོགས་པའི་སྨན་རྣམས་དང་། །མེ་ཏོག་དམར་པོ་དཱུར་བའི་ཕྲེང་བ་དང་། །ཆང་དང་ཤ་དང་ཁྲག་རྣམས་དང་། །ལ་ཕུག་ལ་སོགས་མེ་ཏོག་ལྗང་གུའི་ཕྲེང་བ་དང་། །དམར་པོ་ནག་པོ་མཐིང་ག་དང་། །སྣ་ཚོགས་མེ་ཏོག་ཕྲེང་བ་དང་། །མེ་དང་བདེན་བྲལ་
རླུང་དང་ནི། །དབང་ལྡན་ཚངས་པ་ས་བདག་དང་། །སྔོན་གྱི་རྫས་ལ་ཆ་དྲུག་ཏུ། །ཡང་དག་གིས་ནི་ཤེས་རབ་ལ། །མཁས་པའི་སེམས་ལ་ཤེས་པར་བྱ། །ཨ་ཀར་གུ་གུལ་ལ་སོགས་དང་། །སྦྲུལ་གྱི་པགས་པ་ཉ་མགོ་དང་། །ཡུངས་ཀར་སྒོག་པ་བསྲེས་པ་དང་། །ག་བུར་གླ་རྩི་
སྤང་སྤོས་དང་། །ཙནྡན་ལ་སོགས་སྦྱར་བ་དང་། །ཚིལ་བུ་ཡུངས་ཀར་བསྲེས་པ་དང་། །དེ་དག་ལ་ནི་སྤོས་ཕོར་རོ། །ཁུར་བ་ཆན་དང་ཐུག་པ་དང་། །དེ་དག་ཀུན་ལ་ཤེས་པར་བྱ། །རྒྱ་ཕིབས་བླ་རེ་གདུགས་དང་བཅས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །སྤོས་སྦྱར་ཡང་དག་མེ་
ཏོག་དང་། །བུ་རམ་ཞལ་ཟས་སྣ་ཚོགས་དང་། །ལྷན་ཅིག་སྦྱར་བའི་དྲི་རྣམས་དང་། །དེ་རྣམས་ལ་ནི་ཡང་དག་མཆོད། །སྣ་ཚོགས་པདྨའི་དབུས་སུ་ནི། །སྟོང་ཆེན་རབ་ཏུ་འཇོམས་མ་ཡང་། །པདྨའི་ལྟེ་བར་ཡང་དག་བཞུགས། །དེ་ཡི་ཕྱི་རོལ་ར་བ་ལ། །འཁོར་ལོ་རྩིབས་བརྒྱད་ཤེས་
Vol. 72 · folio 32a
པར་བྱ། །རྒྱལ་པོ་བཞི་དང་ཕྱོགས་སྐྱོང་དང་། །གཟའ་དང་སྐར་མ་ལ་སོགས་ལ། །འཁོར་ལོ་ལྷ་རྣམས་སྒོ་རྣམས་ལ། །མཁས་པས་ཡང་དག་ཤེས་པར་བྱ། །ལྔའམ་གཅིག་གམ་གང་འབྱོར་ཡང་། །གང་བའི་བུམ་པ་བཀྲ་ཤིས་པ། །ལྔ་པའི་དབུས་སུ་
གཞག་པར་བྱ། །གསེར་རམ་དངུལ་ལས་བྱས་པ་ཡི། །འཇིམ་སོགས་རབ་གནས་བྱས་པ་ཡི། །མཆོད་རྟེན་ལ་ནི་མཆོད་པར་བྱ། །མཚམས་གཅོད་ཡུལ་འཁོར་སྲུང་བ་དང་། །བཀྲ་ཤིས་ལ་སོགས་གང་ཡང་རུང་། །དེ་བཞིན་དུ་ནི་བྱས་ནས་ནི། །ཐེ་ཚོམ་མེད་དེ་ཡང་དག་ཡིན། །སློབ་
དཔོན་ལྔའམ་གཅིག་ཀྱང་རུང་། །ཡང་དག་གིས་ནི་རིམ་པ་བཞིན། །འབྱུང་པོ་རྣམས་ནི་དགུག་པར་བྱ། །སྟོང་ཆེན་རབ་ཏུ་འཇོམས་མ་ཡང་། །ཕྱོགས་བཞིའི་མཚམས་སུ་རྒྱུན་མི་འཆད། །སློབ་དཔོན་དགོངས་པ་གསུམ་ལྡན་པས། །ངག་མ་འདྲེས་པར་བཟླས་པར་བྱ། །ཞེས་བསྟན་པའོ། །
ས་ཡང་རྣམ་པར་བཟློག་བྱས་ལ། །ཞེས་བྱ་བ་ནི་ཕྱོགས་སྐྱོང་བ་བཅུས་ཚངས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་ཞུས་པའོ། །སྟོབས་དང་ལྡན་ཞིང་རི་རབ་ཐོགས་པར་ནུས་ཏེ། ས་གཞི་ཡང་འཁྲུགས་པར་ནུས་ཤིང་། །འཇིག་རྟེན་གྱི་ཁམས་ཀྱང་ལྡོག་པར་
ནུས་པའོ། །རྒྱ་མཚོ་ལ་ནི་ཐུག་པ་རྣམས། །རྣམ་པར་སྦྱང་བ་ཉིད་དུ་བྱ། །ཞེས་བྱ་བ་ནི་ཤར་ཕྱོགས་ནས་གོ་རིམས་བཞིན་དུ། ཕྱིའི་ཁོ་ར་ཁོར་ཡུག་ཙམ་བདག་གི་དབང་དུ་འགྱུར་ཏེ། སྟེང་དང་འོག་ཏུ་ཡང་དེ་བཞིན་ནོ། །འཇིག་རྟེན་ཁམས་དེ་སྦྱོང་བར་བྱེད་ཅིང་འདུལ་བས་ན་སྦྱང་བའོ། །
ཞགས་པ་དམ་པོ་མ་ཉམས་པས། །ཉི་མ་ཟླ་བ་རླུང་རྣམས་དང་། །ཞེས་བྱ་བ་ནི་མདོ་སྡེ་ཞགས་པས་དེ་དང་དེ་ལྡན་པས་ཡང་འདྲེན་པའོ། །སྐར་མ་དག་ནི་ཐམས་ཅད་ཀྱང་། །བདག་གིས་སུ་ནི་བཅིང་བར་བྱ། །ཞེས་བྱ་བ་ནི་རིག་སྔགས་ཀྱི་དམོད་མོའི་ཞགས་པས། །སྨིན་དྲུག་ལ་སོགས་
པའི་རྒྱུ་སྐར་རྣམས་བཅིང་བའོ། །གང་དག་རབ་ཏུ་སྡང་བྱེད་ཅིང་། །འཇིག་རྟེན་ལ་ནི་ཕན་མི་བྱེད། །ཅེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་ཞིང་། །གནོད་པ་སྐྱེལ་བ་རྣམས་ལ་རིག་སྔགས་ཀྱི་བཅིང་བ་ལྔས་བཅིངས་པའོ། །དེ་དག་ལ་ནི་ཐམས་ཅད་དུ། །
Vol. 72 · folio 32b
ཕྱོགས་ཀྱང་སྣང་བར་མི་བྱའོ། །ཞེས་བྱ་བ་ནི། གནོད་པ་སྐྱེལ་བའི་འབྱུང་པོ་རྣམས། ཕྱོགས་བཅུ་རྣམས་སུ་གནས་པའི་ས་མེད་པར། །སྡུག་བསྔལ་དྲག་པོ་མྱོང་བའོ། །འཇིག་རྟེན་ལྷ་དང་བཅས་པ་དེ། །འབྱུང་པོ་རྣམས་ཀྱི་ཕྱིར་སྨོད་དེ། །ཞེས་བྱ་བ་ནི་ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་
སོགས་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་པོ་རྣམས། ཕྱིར་འགྱེད་ཅིང་འདོར་མི་གཏོང་བའོ། །འབྱུང་པོ་མི་ཡི་སྐྱེ་དགུ་ལ། །གནོད་པར་བྱེད་ཅིང་འཚེ་བར་བྱེད། །ཅེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན། བྱང་ཆུབ་སེམས་ལ་གནོད་པའོ། །གང་དག་སྔགས་དང་སྨན་རྣམས་དང་། །
རིག་སྔགས་ལས་ནི་འདའ་བྱེད་པ། །ཞེས་བྱ་བ་ནི་འདི་ལ་གུས་པར་བྱེད་ཅིང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དང་། སེམས་ཅན་རྣམས་ལ་འཚེ་བར་བྱེད་ཅེས་རིག་སྔགས་ཀྱི་བཀའ་ལས་འདས་པ་རྣམས་སོ། །འདི་ལ་སྔགས་ཀྱི་དམ་པ་ནི། །ཕ་རོལ་གནོན་པ་སྟོན་པར་
བྱེད། །ཅེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདིས་ཀྱང་། གསང་སྔགས་ཀྱི་ཚིག་སྟོན་པ་ཙམ་གྱིས་ནི། མ་རུངས་པའི་འབྱུང་པོ་རྣམས་ཀྱི་སྟོབས་འཕྲོག་པའོ། །རིག་སྔགས་ལས་ནི་འདའ་བའི་འཁོར། །ཀུན་དུ་ཆད་པས་བསྡིགས་བྱས་ཏེ། །ཞེས་པ་ནི་ཕྱག་
མཚན་དང་སྐུ་མདོག་སྟོན་པ་ནི། དེད་དཔོན་དག་ནི་ཉི་ཤུ་བརྒྱད། །རེ་རེ་ལ་ཡང་སྟོང་ཕྲག་བརྒྱད་ཅུ་བརྒྱད་ཅུའོ། །འདི་དག་གི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དམར་པོ་སེར་པོ་དང་། །ལྗང་གུ་དང་ནི་མཐིང་ག་དང་། །ལ་ལ་དཀར་སེར་དམར་སེར་དང་། །ལ་ལ་སེར་ནག་ལྗང་ནག་དང་། །
མགོ་བོ་སེར་པོ་མཇུག་མ་ནག །སྨད་དཀར་སྟོད་གནག་ཁྲ་བོའི་གཟུགས། །སྣ་ཚོགས་གཟུགས་ཏེ་ཕྱེད་གཟུགས་སོ། །ལག་ན་རྡོ་རྗེ་འཁོར་ལོ་ཐོགས། །གཏུན་ཤིང་དང་ནི་རྩེ་གསུམ་མོ། །ལ་ལ་རལ་གྲི་ལག་ན་ཐོགས། །གཏོར་མ་རྭ་དང་མདུང་ཐུང་ཐོགས། །འཕང་མདུང་དང་ནི་ནར་
ཙ་དང་། །ལ་ལ་དབྱུག་པ་ཐོགས་པ་དང་། །རྩེ་གཅིག་དང་ནི་མདུང་རིངས་ཐོགས། །མདུང་དང་མདའ་གཞུ་ལྕགས་ཀྱུ་དང་། །ལ་ལ་མདའ་རིངས་ག་གེ་དང་། །ཆ་ལང་དང་ནི་རོལ་མོའི་ཚོགས། །པི་ཝང་གླིང་བུ་གླུ་ལེན་ཅིང་། །གནོད་སྦྱིན་ཕོ་མོ་གླུ་ལེན་ཅིང་། །ཡན་ལག་ལྔ་དང་ལྡན་པ་ཡིས། །
Vol. 72 · folio 33a
རོལ་མོའི་ཚོགས་ནི་ལ་ལ་བྱེད། །ལ་ལ་མི་ལྤགས་གོན་པ་དང་། །མི་མགོ་ལག་ན་ཐོགས་པ་དང་། །མི་ཡི་རྒྱུ་མས་ཐོད་ཀྱང་བྱེད། །ལ་ལ་མི་ཡི་རུས་པ་ཐོགས། །སྣ་ཚོགས་རྒྱན་དང་སྣ་ཚོགས་ཕྱག་མཚན་དང་། །འབྱུང་པོའི་ཚོགས་སུ་ཤེས་པར་བྱ། །སྐུ་མདོག་དང་ཕྱག་མཚན་
བསྟན་པའོ། །འཇིག་རྟེན་མགོན་པོའི་སྤྱན་སྔ་རུ། །ཐལ་སྦྱར་འཁོད་ནས་འདི་སྐད་སྨྲས། །ཞེས་བྱ་བ་ནི་འབྱུང་པོའི་གནས་སྟོན་པའོ། །སྐྱ་སྣར་བུ་ནི་ཀ་བ་ན། །གྲོང་ཁྱེར་བཟང་ན་བྱང་ཕྱོགས་ན། །བྱ་རྒོད་ཕུང་པོའི་རྒྱལ་པོའི་ཁབ། །རྒྱ་མཚོ་མཐའ་ཡི་བར་གྱི་སར། །ལན་གསུམ་བར་
དུ་འགྲོ་བྱེད་གྲོང་། །མཁའ་ལྡིང་རྒྱས་པ་སྦེད་པ་ནས། །རྒྱལ་ཁབ་དང་ནི་སེར་སྐྱའི་གནས། །ཤཱཀྱའི་ཏོག་ན་གར་ལྟམ་བར། །སྒྲ་གཅན་དང་ནི་ཙིར་ད་ན། །མཉན་ཡོད་དང་ནི་གནས་དང་བཅས། །རྒྱ་མཚོའི་གནས་དང་ཡངས་པ་ཅན། །གྱད་ཡུལ་དང་ནི་གཡོག་འདོར་དང་། །ཙམ་པ་
ཡུལ་དང་འཇུག་སྒོ་ཅན། །སྒོ་དྲུག་དང་ནི་ཟངས་ཀྱི་འདབ་མ་ཅན། །བྲང་གིས་འགྲོ་ན་འབྲོག་གནས་དང་། །འབྲུ་མངས་ན་ནི་མཆོག་ཏུ་སྲུངས། །སྲུང་བ་ཅན་དང་གསོ་བའི་མཐའ། །བསྙེན་དགའ་གྲོང་ཁྱེར་གནས་དང་ནི། །ཆུ་མཆོག་ན་ནི་འཆི་མེད་ཞག །རྔ་བཟངས་དང་ནི་གཟི་ཅན་དང་། །
རི་ལྡན་གྲོང་ཁྱེར་ཕྱོགས་མཚམས་དང་། །འོད་མའི་འགྲམ་དང་ཀ་ལིང་ཀ །འགྲོ་འཇོམས་དང་ནི་མི་ཐུབ་གནས། །མདུན་ཁབ་གནས་དང་ཕྲེང་བ་བརྩིགས། །རྟད་མར་ན་དང་མ་རྫོགས་པ། །སྙེམས་པ་ཅན་དང་མ་རྒྱལ་གནས། །གནས་བཅས་དང་ནི་ཞི་བའི་གྲོང་ཁྱེར་དང་། །འཇིགས་
བྱེད་དང་ནི་བྲང་འགྲོ་དང་། །རྡོ་གྲོང་དང་ནི་ཤིང་གི་གྲོང་ཁྱེར་ན། །ཁ་དོག་ཅན་དང་ཚངས་པར་ལྡན། །བ་གླང་འཛིན་དང་རྡོ་འཇོག་དང་། །བོང་སྲུངས་སེལ་དང་རི་ལ་གནས། །ལྡན་གྲོགས་དང་ནི་ཧྲོ་ནུའི་དང་། །དགའ་བ་དགའ་བྱེད་གྲོང་ཁྱེར་ན། །རླུང་གི་ས་དང་འཕྱང་འགྱུར་ན། །བཅོམ་
བརླག་ན་དང་ལང་ཀ་དང་། །རབ་ཉམས་དང་ནི་མཛོད་འཛིན་དང་། །རྣམ་རྒྱལ་ལྡན་དང་བཅོམ་བརླག་ན་ཡང་གནས། །མ་ལ་ཡ་དང་རྩེ་འཛིན་དང་། །པོ་འདྲ་ན་དང་རབ་ཏུ་གནས། །པི་ཏང་ཀ་ལེ་དང་ནི་རླབས་ལྡན་དང་། །སྣ་ནས་ཐུང་དང་གསོ་བའི་མཐའ། །དགའ་བྱེད་དང་ནི་ལག་པ་དང་། །
Vol. 72 · folio 33b
པུ་མཚན་དང་ནི་མཛོད་འཛིན་དང་། །ཕོ་བྲང་ངན་དང་གཡོག་འཁོར་དང་། །འགྲམ་ལྡན་ཕུང་པོ་གྲོང་ཁྱེར་དྲུག །མཐའ་མ་ན་དང་སྲུང་བ་ཅན། །བ་ལང་འཇོག་དང་ཕྱོགས་མཚམས་ན། །གདུགས་འདྲ་ན་དང་གྲོང་ཁྱེར་གསུམ། །ཚང་ཚིང་གཅིག་དང་ཨུ་དུམྺཱར། །ཀཽ་ཤཱམྦཱི་དང་ཞི་ལྡན་ན། །
སྦྲུལ་གྱི་གདུགས་དང་གཡོ་འཛིན་ན། །གྱེན་དུ་འགྲོ་དང་ཐོབ་བྱེད་ན། །གྲོང་ལྡན་ཚོལ་བ་ལང་ཆེན་མཛོད། །ལྷ་ཡི་གཡུལ་དང་གཡུལ་འགྱེད་ལྡན། །དགྲ་ངན་ཞིང་དང་རྒྱལ་གཉིས་ན། །དེ་ཉིད་དང་ནི་རབ་བརྟེན་དང་། །དོན་གྲུབ་གྲུབ་དང་དོན་གནས་དང་། །འགྲོ་འཇོམས་དང་ནི་སྦོམ་པོ་ཉིད། །
སེང་གེའི་སྟོབས་དང་སྡེ་བོ་ཆེ། །དེ་བཞིན་གཞན་གྱི་གྲོང་དང་ནི། །ཙམ་པ་དང་ནི་རི་མངས་དང་། །བ་ལང་འབྱོར་དང་གྲོང་ཁྱེར་དང་། །གནས་དང་ཁྭ་ལ་ཀཽ་ཤཱམྦཱི། །བཟང་པོ་ཅན་དང་དམ་པ་ཅན། །མཆིང་བུ་དང་ནི་མ་ལ་ཡ། །ཚང་ཚིང་གནས་དང་མ་རྒྱལ་གནས། །ཆུ་མཆོག་དང་ནི་སེན་དྷ་བ། །
འགྲོ་ལྡན་དག་དང་སེར་སྐྱའི་གནས། །གཞན་སྙས་དང་ནི་སྒོ་གནས་དང་། །དབུ་མའི་སྡེ་དང་བཟང་མཛེས་དང་། །གྲོང་ཁྱེར་སྙིང་དང་མྱ་ངན་ས། །ཁྱུས་འགྲོ་དང་ནི་ང་རྒྱལ་བྲག །འཇིག་བྱེད་དང་ནི་ཁ་ཆེའི་ཡུལ། །རལ་པ་ཅན་དང་གྲོང་དང་ནི། །ཁ་ཆེའི་ཡུལ་གྱི་ས་མཚམས་ན། །ས་ལ་
གནས་དང་སྤུ་ཡི་མཚན། །དཀྱིལ་འཁོར་བསྟན་དང་ཀ་བུ་ཤ །དགའ་བའི་ཚང་དང་ནི་ནམ་བསྲུང་། །ངན་པ་དང་ནི་ཐོ་གར་ཡུལ། །གྲོང་བཅས་པ་དང་རྒྱ་མཚོ་གནས། །གྲོང་ཁྱེར་གསུམ་ནི་སྤུ་ཡི་གནས། །གྲ་མི་ངར་དང་སིང་ག་ལ། །ནེ་ཙོ་བཞིན་དང་འོག་ན་གནས། །པུན་དྷ་གར་
དང་གྲོང་ཁྱེར་ཆེ། །འཇིགས་པ་བཞིན་དང་ཆུ་དང་ལྡན། །རྟོགས་པོའི་ཡུལ་དང་ཀ་ཏ་ཀ །འཕྲལ་རིང་འཕྲལ་དང་ཨུ་རྒྱན་ཡུལ། །ཐོང་ཤོལ་ངན་དང་མྱ་ངན་ན། །ཡོ་ག་ན་དང་དགའ་དང་ལྡན། །ཕུང་པོའི་དབང་དང་ཆུང་མ་ཅན། །རྒྱལ་པོའི་ཁབ་དང་ཡངས་པ་ནི། །གནས་ཏེ་དུག་
སྦྲུལ་དང་ནི་ལྕང་ལོའི་གྲོང་། །དགའ་བའི་གྲོང་དང་ལྷ་ལས་བབས་པ་དང་། །དེ་དག་ནི་འབྱུང་པོའི་གནས་བསྟན་པའོ། །སྦྲུལ་གྱི་གང་གིས་འབྱུང་པོའི་དཀྱིལ་འཁོར་ཀུན། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འགྱུ་བའི་འབྱུང་པོ་རྣམས། ངའི་བཀའ་ལས་མ་འདས་
Vol. 72 · folio 34a
ན། ཕོ་བྲང་ལྕང་ལོ་ཅན་དུ་སྐྱེ་བ་ཐོབ་པའོ། །འདི་བཤད་པ་ན་མི་ཉན་པ། །དེ་དག་ཆད་པ་བཤད་པར་བྱ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ། །རིག་སྔགས་ཀྱི་བདེན་པའི་དམོད་མོས་རླག་པར་བྱེད་པའོ། །ཚངས་པས་སྤྲུལ་པའི་མདོ་སྡེ་སྟེ། །སངས་རྒྱས་
ཞབས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཚད་མེད་པ་བཞིའི་སྒོ་ནས་གནས་པ། བྱང་ཆུབ་ཀྱི་སེམས་དང་ལྡན་པ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བའོ། །ཕན་ཚུན་དུ་ནི་བལྟས་བྱས་ན། །བཻ་ཌཱུརྱ་དང་གསེར་དངུལ་དང་། །ཞེས་བྱ་བ་ནི་འབྱུང་པོ་རྣམས་ཀྱི་གཞལ་ཡས་ཁང་ལྟ་
ན་སྡུག་ཅིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །མུ་ཏིག་རྣམས་དང་ཤེལ་དག་དང་། །སྤུག་དང་རྡོ་ཡི་སྙིང་པོ་དང་། །ཞེས་བྱ་བ་ནི་མུ་ཏིག་དམར་པོ་དཀར་པོས་དྲ་བ་བྱས་པ། ས་གཞི་དང་རྩིག་པ་ཤེལ་ལས་བྱས་པ། སྦུག་དང་རྡོའི་སྙིང་པོས་ཀ་ཏན་དང་། ཀ་བ་བྱས་པའོ། །རིན་
ཆེན་བདུན་གྱིས་བརྒྱན་པ་ཡི། །རྩིབས་སྟོང་ཁ་དོག་གསེར་འདྲ་བའི། །ཞེས་བྱ་བ་ནི་སྒོ་བཞི་ཀ་བ་བརྒྱད། ཏྭ་ར་རྣམ་བཞི་ནི་གཞི་གསེར་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱིས་ཕྲ་བྱས་པའོ། །ཤིང་རྟ་རྣམ་པ་བཞི་བྱས་པ། །བཟོ་རྣམས་ཀུན་དང་ལྡན་པ་སྟེ། །ཞེས་བྱ་བ་ནི། །ཤར་
ཕྱོགས་སེང་གེའི་ཤིང་རྟ་དང་། །ཏྭ་ར་རྣམ་བཞིས་མཛེས་པའོ། །དེ་བཞིན་དུ་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །གླང་པོ་ཆེ་དང་། རྟ་དང་། རི་དགས་ཤ་རྟུ་ལའོ། །རྫུ་འཕྲུལ་གྱིས་ནི་མཁའ་ལ་འགྲོ། །རྒྱལ་པོ་དག་ནི་དེར་བཞུགས་ནས། །ཞེས་བྱ་བ་ནི་ཡང་ན་ཤིང་རྟ་དེ་དང་ལྡན་
ཞིང་། །ནམ་མཁའ་ལ་རྒྱུའོ། །འབྱུང་པོའི་དཀྱིལ་འཁོར་ཉིད་དུ་དོང་། །ས་ནི་གསེར་གྱི་ཕྱེ་མ་ལ། །ཞེས་བྱ་བ་ནི་སེམས་ཀྱིས་སྤྲུལ་པའི་གཞལ་ཡས་ཁང་དང་འདྲ་བ། །ལྟ་ན་སྡུག་པ་སྣ་ཚོགས་ཀྱི་གཟུགས་སུ་སྣང་བའོ། །མེ་ཏོག་དག་གིས་བཀང་བྱས་ནས། །མགུལ་པར་ལྟུང་
དང་སྐུད་པ་དང་། །ཞེས་བྱ་བ་ནི་ས་གཞི་ཡང་མེ་ཏོག་གིས་བཀང་བ། ཕོ་བྲང་ཡང་མེ་ཏོག་གིས་སྣང་བ་སྟེ། འབྱུང་པོ་དང་འབྱུང་མོ་རྣམས་མེ་ཏོག་གིས་མགོ་ལ་བརྒྱན་པ་སྟེ། །འདོད་པའི་ཡོན་ཏན་ལྔ་སྤྱོད་པའོ། །ཞགས་པ་དག་ཀྱང་གདགས་བྱོས་ལ། །ཕྱོགས་ཀྱི་ས་ནི་ཇི་སྙེད་པས། །
Vol. 72 · folio 34b
ཞེས་བྱ་བ་ནི་འབྱུང་པོ་དེ་རྣམས་ཀྱང་ཚངས་པའི་ཐག་པས་བཅིངས་ཏེ། ས་དང་བར་སྣང་ལ་རྒྱུ་བ་རྣམས་ལའོ། །འབྱུང་པོ་ཐམས་ཅད་ཁྲིད་ཤོག་ཅེས། །གནོད་སྦྱིན་གྱི་ནི་དེད་དཔོན་ཀུན། །ཞེས་བྱ་བ་ནི། གནོད་པ་བྱེད་པའི་འབྱུང་པོ་རྣམས། །ཀུན་ཀྱང་ཞགས་པས་དྲངས་པའོ། །ཕྱོགས་བཅུ་
དག་ཏུ་དགྱེ་བར་བྱ། །ཞེས་བྱ་བ་ནི་ཕྱོགས་བཅུ་ན་གནས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འབྱུང་པོ་རྣམས་དགྱེ་བའོ། །སྟོང་ཆེན་རབ་ཏུ་འཇོམས་པ་ཡི། །མདོ་སྡེ་ཡི་ནི་དམ་པ་འདི། །ཞེས་བྱ་བ་ནི་སེང་གེའི་སྒྲ་ལྟ་བུས་དམ་པ་རྣམས་ཀྱི་དམ་པའོ། །ཚངས་པའི་
འཇིག་རྟེན་བར་དུ་འབྱུང་། །ལྷ་རྣམས་ཀུན་གྱིས་རྣམ་པར་བསམས། །ཞེས་བྱ་བ་ནི་ཆོས་སྐུའི་རང་བཞིན་ནམ་མཁའི་རང་བཞིན་ཐམས་ཅད་ཁྱབ་པ། སེམས་ཅན་རྣམས་ཀྱི་ཡུམ་ལྟ་བུའོ། །སྟོང་ཆེན་མོ་ཡི་ལུས་ཀྱིས་སུ། །གནོད་སྦྱིན་དང་ནི་སྲིན་པོ་བཏུལ། །ཞེས་བྱ་བ་ནི་རིག་སྔགས་
ཀྱིས་ལུས་ངག་ཡིད་གསུམ་གྱིས་ཀྱང་མ་རུངས་པ་ཐམས་ཅད་འདུལ་བའོ། །ལུས་ངན་པོ་ཡི་ཚིག་ཐོས་ནས། །གནོད་སྦྱིན་གྱི་ནི་དེད་དཔོན་སྟོང་། །ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་ཀུ་བེ་རའི་ཚིག་ཐོས་ནས། གནོད་སྦྱིན་དེད་དཔོན་སྟོང་ཕྲག་གནས་པའོ། །ཕྱོགས་བཞི་དག་ཏུ་སོང་ནས་སུ། །
གསང་བ་པོ་ལ་དྲག་ཏུ་བསྒོ། །ཞེས་བྱ་བ་ནི་གནོད་སྦྱིན་དེ་རྣམས་ཀྱང་། བཀའ་སྩལ་པའི་ཚིག་སྣང་བའོ། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །དྲི་ཟ་ལས་བྱུང་གདོན་གྱི་ཚོགས། །ཞེས་བྱ་བ་ནི་ཐུབ་པ་ནི་སངས་རྒྱས་ལ་ཞུས་པའོ། །དྲི་ཟའི་དེད་དཔོན་གྱི་གདོན་ཕྱོགས་དེར་འཁོད་པ་དག་གོ། །
ཤར་ཕྱོགས་ཆ་ན་འཁོད་པ་དག །མདོ་སྡེའི་ཞགས་པས་དེ་དག་ཀུན། །ཞེས་བྱ་བ་ནི་ཤར་ཕྱོགས་ནས་གནོད་པར་བྱེད་པ། རིག་སྔགས་ཀྱི་དམོད་མོའི་ཞགས་པས་བཅིངས་པའོ། །བཅིང་པ་ལྔ་ཡིས་བསྡམས་པ་ཡིས། །འབྱུང་པོ་མང་པོ་ང་ལ་ཉོན། །ཞེས་བྱ་བ་ནི་ཡེ་ཤེས་ལྔའི་
ཞགས་པས་བསྡམས་པ་སྟེ། དྲི་ཟའི་གདོན་སྟོང་ཕྲག་བརྒྱད་ཅུ་རྣམས། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་བཀའ་སྩལ་པའོ། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །གྲུལ་བུམ་ལས་བྱུང་གདོན་གྱི་རྣམས། །ཞེས་བྱ་བ་ནི་ཐུབ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་ཞུས་
Vol. 72 · folio 35a
པའོ། །གྲུལ་བུམ་གྱི་དེད་དཔོན་ལ་སོགས་པ། རིག་སྔགས་ཀྱི་དམོད་མོའི་ཞགས་པས་འདྲེན་པའོ། །ལྟོ་ཕྱོགས་ཆ་འདིར་འཁོད་པ་དག །མདོ་སྡེའི་ཞགས་པས་དེ་དག་ཀུན། །ཞེས་བྱ་བ་ནི་ལྷོ་ཕྱོགས་ནས་གླགས་ཚོལ་ཞིང་སེམས་ཅན་ལ་གནོད་པ་བྱེད་པ་རྣམས།
རིག་པའི་ཞགས་པས་བཅིངས་པའོ། །བཅིང་པ་ལྔ་ཡིས་བསྡམས་པ་ཡི། །འབྱུང་པོ་མང་པོ་ང་ལ་ཉོན། །ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རང་བཞིན་གཏི་མུག་ལ་སོགས་པ་དེ་དེའི་བསྡམས་པས་བཅིངས་པ་སྟེ། མ་རུངས་པའི་གདོན་ལ་སོགས་པ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་འདུལ་
བའོ། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །ཀླུ་ལས་གདོན་དུ་གྱུར་པ་རྣམས། །ཞེས་བྱ་བ་ནི་ཐུབ་པ་ནི་སངས་རྒྱས་ལ་ཞུས་པ། ཀླུའི་དེད་དཔོན་དུ་གྱུར་པ། ནུབ་ངོས་ན་འཁོད་པའོ། །ནུབ་ཕྱོགས་ཆ་འདིར་འཁོད་པ་དག །མདོ་སྡེའི་ཞགས་པས་དེ་དག་ཀུན། །ཞེས་བྱ་བ་ནི་མ་རུངས་
པའི་ཀླུ་དང་ས་བདག་ལ་སོགས་པ། རིག་སྔགས་ཀྱི་དམོད་མོའི་ཞགས་པས་བཅིངས་པའོ། །བཅིང་པ་ལྔ་ཡིས་བསྡམས་པ་ཡི། །འབྱུང་པོ་མང་པོ་ང་ལ་ཉོན། །ཞེས་བྱ་བ་ནི་ནུབ་ངོས་ནས་གླགས་ཚོལ་ཞིང་། སེམས་ཅན་རྣམས་ལ་གནོད་པ་སྟེ། །འདོད་པའི་ཡོན་ཏན་ལྔ་ཡིས་
བཅིངས་པ་བསྡམས་ནས། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གིས་ཀླུའི་གདོན་ལ་སོགས་པ་ལ་ཆད་པ་གཅོད་པའོ། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །གནོད་སྦྱིན་ལས་ནི་གནོད་གྱུར་པ། །ཞེས་བྱ་བ་ནི་ཐུབ་པ་ནི་སངས་རྒྱས་ལ་ཞུས་པས་ཏེ། གནོན་སྦྱིན་གྱི་དེད་དཔོན་རྣམས་བྱང་ངོས་ན་
གནས་པའོ། །བྱང་ཕྱོགས་ཆ་འདིར་འཁོར་བ་དག །མདོ་སྡེའི་ཞགས་པས་དེ་དག་ཀུན། །ཞེས་བྱ་བ་ནི་བྱང་ངོས་ནས་གླགས་ཚོལ་ཞིང་། སེམས་ཅན་ལ་གནོད་པར་བྱེད་དེ། །དེ་རྣམས་ཀྱང་རིག་སྔགས་ཀྱི་དམོད་མོའི་ཞགས་པས་བཅིངས་པའོ། །བཅིང་བ་ལྔ་ཡིས་བསྡམས་པ་
ཡི། །འབྱུང་པོ་མང་པོ་ང་ལ་ཉོན། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་གདོན་ལ་སོགས་པ། ཡེ་ཤེས་ལྔའི་བཅིང་པས་བསྡམས་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུས་ཆད་པས་གཅོད་པའོ། །ལུས་ངན་གྱི་ནི་བུ་ཐུ་བོ། །ཀུན་དུ་རྒྱལ་བ་མི་ལ་ཞོན། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་དེད་དཔོན་སྡེ་བོ་ཆེ་
Vol. 72 · folio 35b
རྣམས་ཡིན་ཏེ། འདིར་ཡང་གནོད་པ་བྱེད་པ་རྣམས་སོ། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་དག །ཅེས་བྱ་བ་ནི་རྣམ་ཐོས་ཀྱི་བུ་ཆེ་ཤོས་ལ་འཁོད་པའོ། །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་རབ་ཏུ་དྲངས། །ཞེས་བྱ་བ་ནི་འདོད་པའི་ཡོན་
ཏན་ལྔའི་བཅིང་པས་བསྡམས་པས། རིག་སྔགས་ཀྱི་དམོད་མོའི་ཞགས་པས་བསྡམས་པའོ། །དེ་ཉིད་ཀྱི་ནི་བུ་གཉིས་པ། །སྐྱེད་པ་པོ་ཞེས་རྣམ་གྲགས་པ། །ཞེས་བྱ་བ་ནི་རྣམ་ཐོས་ཀྱི་བུ་ཆེ་ཤོས་ཀྱི་འོག་མའོ། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། །ཞེས་བྱ་བ་ནི་
བུ་དེའི་འཁོར་དེད་དཔོན་སྡེ་བོ་ཆེ་རྣམས་སོ། །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་དུ་དྲངས། །ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རང་བཞིན་གྱིས་བསྡམས་ཤིང་། རིག་སྔགས་ཀྱི་དམོད་མོའི་ཞགས་པས་བཅིངས་པའོ། །དེ་ཉིད་ཀྱི་ནི་བུ་གསུམ་པ། །དེ་ཡི་
མིང་ནི་གདོན་པོ་ཆེ། །ཞེས་བྱ་བ་ནི་རྣམ་ཐོས་ཀྱི་བུ་མཐའ་ལྟག་གོ། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་དེད་དཔོན་སྡེ་བོ་ཆེ་རྣམས་སོ། །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་དུ་དྲངས། །ཞེས་བྱ་
བ་ནི་འདོད་པའི་ཡོན་ཏན་ལྔས་བསྡམས་པ། རིག་སྔགས་ཀྱི་དམོད་མོས་བཅིངས་པའོ། །དེ་ཉིད་ཀྱི་ནི་བུ་བཞི་པ། །དེ་ཡི་མིང་ནི་བུམ་བུའི་ལྟོ། །ཞེས་བྱ་བ་ནི་རྣམ་ཐོས་སྲས་ཀྱི་བུ་ཐ་མའོ། །དེ་ཡི་དྲུང་ན་འཁོད་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། །ཞེས་བྱ་བ་ནི་བུ་དེའི་འཁོར་
དེད་དཔོན་སྡེ་བོ་ཆེ་རྣམས་སོ། །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་དུ་དྲངས། །ཞེས་བྱ་བ་ནི་དེ་རྣམས་ཀྱང་ཡེ་ཤེས་ལྔས་བསྡམས་ཤིང་། རིག་སྔགས་ཀྱི་ཞགས་པས་བསྡམས་པའོ། །དབང་ཕྱུག་ཆེན་པོ་ལྷ་ཆེན་པོ། །ལག་བཞི་པ་ལ་སྟོབས་པོ་
ཆེ། །ཞེས་བྱ་བ་ནི་གཡས་གཉིས་ན་ཏྲི་ཤཱུ་ལ་དང་། བུམ་པ་སྤྱི་བླུགས་འཛིན་པ། གཡོན་གཉིས་ན་ཕྲེང་བ་དང་མཆོད་སྦྱིན་མཛད་པ། སྟོབས་དང་གཟི་བརྗིད་དང་ལྡན་པ་ཁམས་གསུམ་ལ་དབང་བྱེད་པའོ། །དེ་ཡི་དྲུང་ན་འཁོད་བ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། །ཞེས་བྱ་
Vol. 72 · folio 36a
བ་ནི་དབང་ཕྱུག་ཆེན་པོའི་འཁོར་རྣམས་ཞེས་བྱ་བ་ནི་དེད་དཔོན་དུ་གནས་ཤིང་སྡེ་ཆེ་བའོ། །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་དུ་དྲངས། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔས་བསྡམས་ཤིང་། རིག་སྔགས་ཀྱི་དམོད་མོའི་ཞགས་པས་
བསྡམས་པའོ། །འབྱུང་པོ་འཇོམས་པའི་རི་ལ་ནི། །འབྱུང་པོ་ཐམས་ཅད་ལྷགས་ནས་སུ། །ཞེས་བྱ་བ་ནི་རིགས་མི་གཅིག་པའི་གདོན་ཐམས་ཅད་གནས་པའོ། །འཇོམས་པ་ནི་རིག་སྔགས་ཀྱིས་འཇོམས་པའོ། །རིག་སྔགས་ཐམས་ཅད་འབྱུང་བའི་གནས། །རིག་སྔགས་འདི་ནི་ཀུན་དུ་
བསམ། །ཞེས་བྱ་བ་ནི་ནམ་མཁའ་བཞིན་ཐམས་ཅད་ལ་ཁྱབ་པ། སེམས་ཅན་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱེད་པའི་ཡུམ་ལྟ་བུའོ། །ཆད་པ་མི་བཟད་དྲག་པོ་སྟེ། །གང་ཕྱིར་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་སངས་
རྒྱས་རྣམས་ཀྱིས་གསུངས་པ། གཞན་རྣམས་ཀྱིས་མི་ཐུབ་པ་དམོད་མོའི་ཆད་པའོ། །སངས་རྒྱས་ལ་ནི་གུས་པར་ནི། །ཐམས་ཅད་འདི་ལ་སྐྱབས་སུ་སོང་། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་འདོང་ཞིང་ཞེས་བྱ་བ་ནི། དམ་པའི་ཆོས་
རིག་སྔགས་ལ་གུས་པའོ། །གཡོ་མེད་པར་ནི་རྗེས་ཞུགས་ཤིང་། །ཐམས་ཅད་མེད་པར་གྱུར་ཏ་རེ། །ཞེས་བྱ་བ་ནི་བརྫུན་མི་སྨྲ་བར་སེམས་ཅན་མི་སླུ་བས་ཏེ། སྟོང་པའི་རང་བཞིན་དུ་སྣང་བའོ། །དེ་ནས་ཐང་ཅིག་ཙམ་གྱིས་ནི། །འབྱུང་པོ་མང་པོ་ཐམས་ཅད་ལྷགས། །ཞེས་བྱ་བ་ནི་
གཟུགས་སྣ་ཚོགས་སུ་སྣང་བའི་འབྱུང་པོ་རྣམས་ཀྱང་། །རིག་སྔགས་ཀྱི་ཡེ་ཤེས་ཞགས་པས་དྲངས་ནས། ཕྱོགས་བཞིར་སྣང་བའོ། །རི་རྣམས་དང་ནི་གཡང་ས་དང་། །རྒྱ་མཚོ་དང་ནི་མཚོ་རྣམས་དང་། །ཞེས་བྱ་བ་ནི་འབྱུང་པོའི་གནས་ནི་དེ་རྣམས་དང་ལྡན་པའོ། །ཀླུང་དང་འབབ་
ཆུ་ལུ་མ་དང་། །དབའ་ཀློང་དག་ན་གང་འཁོད་དང་། །ཞེས་བྱ་བ་ནི་དེ་དང་ལྡན་པའི་གནས་སུ་བསྡད་ཅིང་། སེམས་ཅན་རྣམས་ལ་གནོད་པ་བྱེད་པའོ། །སྐྱེད་མོས་ཚལ་དང་གཞལ་མེད་ཁང་། །ཀུན་དགའ་དང་ནི་ནགས་རྣམས་དང་། །ཞེས་བྱ་བ་ནི་འབྱུང་པོ་རྣམས་གནས་གཅིག་ཏུ་མི་
Vol. 72 · folio 36b
གནས་ཏེ། གཟུགས་སྣ་ཚོགས་སུ་སྣང་བའོ། །མཆོད་རྟེན་གནས་དང་གྲོང་གི་གནས། །ཤིང་ལྗོན་དྲུང་ན་གང་གནས་དང་། །ཞེས་བྱ་བ་ནི་གནས་དེ་དང་དེ་ལ་གནས་ཤིང་། འཇིག་རྟེན་ཁམས་སུ་རྒྱུ་བའོ། །གྲོང་ཁྱེར་སྒོ་དང་གྲོང་རྣམས་དང་། །གྲོང་རྡལ་དང་ནི་ལྗོངས་རྣམས་དང་། །
ཞེས་བྱ་བ་ནི་འབྱུང་པོ་ཚན་གཅིག་ནི་གྲོང་དང་གྲོང་ཁྱེར་རྣམས་སུ་རྒྱུ་ཞིང་། སེམས་ཅན་རྣམས་ལ་གླགས་ཚོལ་བའོ། །རྒྱལ་པོའི་ཕོ་བྲང་སྒོ་རྣམས་དང་། །གཞལ་མེད་ཁང་ན་གནས་པ་དང་། །ཞེས་བྱ་བ་ནི་ཚན་གཅིག་ཀྱང་རྒྱལ་པོ་ལ་གནོད་པ་བྱེད་པ་རྣམས། གནས་དེར་བསྡད་ཅིང་
གླགས་ཚོལ་བའོ། །དཀྱིལ་འཁོར་དག་དང་དུར་ཁྲོད་དང་། །དེ་བཞིན་ལྷ་ཁང་རྣམས་དང་ནི། །ཞེས་བྱ་བ་ནི་ཚན་གཅིག་ནི་ལྷ་ཁང་རྙིང་པ་ལ་ཆགས་ཤིང་དགེ་བ་ལ་བར་ཆོད་བྱེད་པའོ། །མཚམས་དང་ཤོ་གམ་གནས་རྣམས་དང་། །ཁང་སྟོང་དང་ནི་གྲམ་ས་དང་། །ཞེས་བྱ་བ་ནི་དེ་དང་དེར་
ལྡན་པའི་གནས་སུ་བསྡད་ཅིང་། གཟུགས་མི་གཅིག་པར་སྣང་བའོ། །གནོད་སྦྱིན་གང་རྣམས་བླ་འོག་དང་། །ཕྱོགས་བཞི་དང་ནི་མཚམས་རྣམས་ནས། །ཞེས་བྱ་བ་ནི་གནོད་སྦྱིན་དེ་དང་ལྡན་པ་ནི། །ཕྱོགས་མཚམས་བརྒྱད་དུ་གནས་པའོ། །གནོད་སྦྱིན་བྱེ་བ་སྟོང་རྣམས་ནི། །
རིག་སྔགས་ཞགས་པས་བཀུག་པ་རྣམས། །ཞེས་བྱ་བ་ནི། སྟོང་ཕྲག་དེ་དང་དེ་ཡོད་པ། །མ་རུངས་པ་ཡི་འབྱུང་པོ་རྣམས། །རིག་སྔགས་ཀྱི་དམོད་མོའི་ཞགས་པས་འདྲེན་པའོ། །རྫ་རྔ་དག་ནི་བརྡུངས་ནས་སུ། །ལ་ལས་རྫ་ཟླུམ་དག་ནི་བརྡུངས། །ཞེས་བྱ་བ་ནི་སྒྲ་ལ་དགའ་བའི་
གནོད་སྦྱིན་རྣམས་བསམ་གྱིས་མི་ཁྱབ་པར་སྣང་བའོ། །པི་ཝང་གླིང་བུ་ཁར་བའི་རྔ། །སྟོབས་ཆེན་དག་ནི་སྒྲ་འབྱིན་ཏེ། །ཞེས་བྱ་བ་ནི་ཚན་གཅིག་ཀྱང་རོལ་མོ་ལ་དགའ་ཞིང་། སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །རོལ་མོའི་སྒྲ་དབྱངས་སྣ་ཚོགས་དང་། །གླུ་དང་གར་
རྣམས་བྱས་ནས་སུ། །ཞེས་བྱ་བ་ནི་སེམས་ཅན་རྣམས་སླུ་བའོ། །དབང་པོ་ཟླ་བ་ཆུ་ལྷ་དང་། །བ་ར་དྷྭ་ཛ་སྐྱེ་དགུའི་བདག །ཅེས་པ་ནི་གནོད་སྦྱིན་གྱི་དེད་དཔོན་སུམ་ཅུ་རྩ་གཉིས་སུ་གནས་ཤིང་། །སངས་རྒྱས་ཀྱི་བསྟན་པ་སྲུང་བ་དག་གོ། །མི་ལྡན་པ་དང་ཀུན་དུ་ལྟ། །མངོན་ཤེས་
Vol. 72 · folio 37a
གངས་ཅན་རྫོགས་པ་དང་། །ཞེས་བྱ་བ་ནི་དེ་རྣམས་ལ་ཡང་དེའི་སྡེར་བཅས་ཤིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱུ་བའོ། །ཙནྡན་དང་ནི་འདོད་མཆོག་དང་། །མགུལ་པ་མཛེས་དང་མགུལ་ངེས་དང་། །ཞེས་བྱ་བ་ནི་དེ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་
བྱས་ཤིང་། རིག་སྔགས་ལ་གུས་པའོ། །སྐྱེ་དགུའི་བླ་མར་གྱུར་པ་དང་། །ལྷ་ལས་བྱུང་བའི་མ་ལྡན་དང་། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་ཚན་དེ་དང་དེར་ལྡན་ཞིང་། ནམ་མཁའ་དང་། ས་སྟེང་ས་འོག་ཏུ་རྒྱུ་བའོ། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །མི་རྒྱལ་རྒྱལ་བ་ཁྱུ་མཆོག་དང་། །ཞེས་བྱ་
བ་ནི་སྡེ་བོ་ཆེར་གྲགས་ཤིང་སྟོབས་དང་ལྡན་པའོ། །དེ་བཞིན་ཕུད་བུ་ལྔ་ཞེས་བྱ། །གཡེར་མ་དང་ནི་ཉི་ཟེར་དང་། །ཞེས་བྱ་བ་ནི་ཉི་མའི་འོད་དང་ལྡན་པ། ཡུད་ཙམ་གྱིས་སྟོང་གསུམ་ཁྱབ་པའོ། །ཉ་ལྕིབས་དང་ནི་རལ་གྱི་བུ། །ཀུན་གྱི་བཤེས་དང་གྲགས་འཛིན་དང་། །ཞེས་བྱ་
བ་ནི་འབྱུང་པོ་སྡེ་ཚན་དེ་དང་ལྡན་པ། རལ་གྲི་བཞིན་དུ་རྣོ་བའོ། །འབྲོག་གནས་དང་ནི་ཡིད་བཟངས་དང་། །ཁབ་རྣ་དང་ནི་རི་སུལ་ཁ། །ཞེས་བྱ་བ་ནི་སྡེ་བོ་ཆེ་ཉི་ཤུ་རྩ་གཉིས་དང་ལྡན་པ། དེ་རྣམས་ཡང་གཟུགས་སྣ་ཚོགས་དང་ལྡན་པའོ། །ལྔ་འཛིན་དང་ནི་ཁབ་བཟངས་དག །
སྡེ་དང་དཔུང་དང་བཞོན་པར་བཅས། །ཞེས་བྱ་བ་ནི་སྟོབས་དང་ལྡན་པ་སྡེ་བོ་ཆེར་གྲགས་པའོ། །ལྷ་དང་ཀླུ་དང་དྲི་ཟ་དང་། །གནོད་སྦྱིན་འབྱུང་པོ་ལྷ་མ་ཡིན། །ཞེས་བྱ་བ་ནི་གདོན་རིགས་མི་གཅིག་པ་ལྷའི་གདོན་ལ་སོགས་པ་སྟོང་ཕྲག་བརྒྱད་ཅུའོ། །ཉིན་གསུམ་པ་ཡི་སྨྱོ་བྱེད་དང་། །དེ་
བཞིན་བཞི་པའི་རིམས་དག་དང་། །ཞེས་བྱ་བ་ནི་ནད་སྣ་ཚོགས་གཏོང་ཞིང་སྨྱོ་བར་བྱེད་པ་རྣམས་ཡིན་ཏེ། དེ་རྣམས་ཡང་གཞན་གྱིས་མི་ཐུབ་པ་སྟོབས་དང་ལྡན་པའོ། །འཇིག་རྟེན་འཚེ་བ་གང་ཡིན་པ། །གནོད་སྦྱིན་འབྱུང་པོ་མ་རུངས་རྣམས། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་རྒྱུ་བ། །སེམས་ཅན་རྣམས་ལ་འཚེ་བར་བྱེད་པའོ། །ཕྱོགས་བཞི་ནས་ནི་བཀུག་ནས་སུ། །བཅིང་བ་ལྔ་ཡིས་བསྡམས་པ་རྣམས། །ཞེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་རྣམས་ལ། ཡེ་ཤེས་ལྔའི་ཞགས་པས་བཅིངས་
Vol. 72 · folio 37b
པའོ། །འཇིག་རྟེན་མགོན་པོའི་སྤྱན་སྔ་རུ། །ཐལ་མོ་སྦྱར་ནས་འདི་སྐད་སྨྲས། །ཞེས་བྱ་བ་ནི་འབྱུང་པོ་དེ་རྣམས་ཀྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར། གུས་པར་བྱས་ནས་ཞུས་པའོ། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །
ཞེས་བྱ་བ་ནི་བདུད་བཞི་འཇོམས་པ་ལ་དཔའ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་པོས་སྐུ་ལ་བརྒྱན་པ། སེམས་ཅན་རྣམས་ལ་མཉམ་པ་ཉིད་དུ་ལྟ་བ། སྙིང་རྗེ་དང་བྱམས་པས་ཁྱབ་པ། ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་
ཕྱག་འཚལ་ལོ། །ཞེས་བྱ་བ་ནི་འབྱུང་པོ་དེ་རྣམས་ཀྱིས་ཞབས་ལ་གུས་པར་ཕྱག་འཚལ་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ། ཆོས་ཀྱི་རྒྱལ་སྲིད་མཛད་པའོ། །དེ་དག་གི་ནི་མདུན་རྒྱུག་པ། །འབྱུང་པོ་གནོད་སྦྱིན་ལུས་པོ་ཆེ། །ཞེས་བྱ་བ་ནི་ཆེ་བ་རི་རབ་དང་མཉམ་པ། ཆུང་
བ་བ་སྤུའི་རྩེ་མོ་ཙམ། དེ་དང་དེར་ལྡན་པའི་འབྱུང་པོ་རྣམས་རྒྱུ་བའོ། །ལག་པ་བཞི་པ་མ་རུངས་པ། །རྐང་མངས་དང་ནི་རྐང་གཅིག་པ། །ཞེས་བྱ་བ་ནི་མདའ་དང་གཞུ་དང་རལ་གྲི་མདུང་རྣམས་ཐོགས་པ། སྟོང་ཚོ་གཅིག་གི་རྐང་པ་ཡོད་པ། རྐང་གཅིག་ནི་གཉིས་སྦྲེལ་ནས་རྒྱུ་བའོ། །རྐང་
བཞི་པ་དང་རྐང་གཉིས་དང་། །རྐང་པ་བསྒྲེང་ལ་སྤྱིའུ་ཚུགས་དང་། །ཞེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་ཡང་སྤྱི་བོའི་གཙུག་གིས་འགྲོ་ཞིང་། སེམས་ཅན་རྣམས་འཇིགས་པར་བྱེད་པའོ། །དེ་བཞིན་དུ་རྐང་བཞི་རྐང་གཉིས་ཀྱང་འཇིགས་པར་བྱེད་པའོ། །ལུས་མང་མགོ་བོ་གཅིག་པ་དང་། །ལུས་
གཅིག་པ་ལ་མགོ་བཞི་དང་། །ཞེས་བྱ་བ་ནི་གཟུགས་ཆེ་ཞིང་འཇིགས་སུ་རུང་བ་བཞིན་མི་སྡུག་པ་རྣམས་སོ། །མིག་མང་པོ་ལ་ལུས་ཕྱེད་དང་། །མིག་གཅིག་ལྟོ་ནི་བཅུ་གཉིས་དང་། །ཞེས་བྱ་བ་ནི་རྐང་གཅིག་ལག་གཅིག་ལུས་སུ་སྣང་ཞིང་། ལུས་དེ་ལ་མིག་མང་པོ་ཡོད་པ་སྟེ། འབྱུང་པོ་
གཞན་ཡང་ལྟོ་བ་རི་བོ་ལྟ་བུར་གནས་པ། མང་པོ་བསྡེབས་པ་མིག་གཅིག་ཏུ་སྣང་བའོ། །བོང་བུ་རྔ་མོ་གླང་ཆེན་མགོ། །ལག་པ་བསྒྲེང་ལ་མགོ་བཏུད་དང་། །ཞེས་བྱ་བ་ནི་གཟུགས་མིའི་གཟུགས་ལ་མགོ་བོ་སྣ་ཚོགས་སུ་སྣང་བ། རྐང་པ་དང་ལག་པ་སྒྲེང་བར་བྱེད་པའོ། །མཚོན་ཆའི་སོ་དང་
Vol. 72 · folio 38a
མཚོན་ཆའི་ལག །མཚོན་ཆའི་རྐང་པ་སྲིན་པོ་རྣམས། །ཞེས་བྱ་བ་ནི་དེ་ཀུན་གྱི་ཡན་ལག་དང་རལ་གྲི་དང་། མདའ་གཞུ་དང་མདུང་ལ་སོགས་པར་སྣང་བའོ། །ཟངས་ཀྱི་སྐྲ་དང་ཟངས་ཀྱི་སོ། །ཟངས་ཀྱི་མིག་དང་ཟངས་ཀྱི་ལག །ཅེས་བྱ་བ་ནི་ཤིན་ཏུ་དམར་བ་འཇིགས་སུ་རུང་
བ་སྟེ། མཚོན་ཆ་བཞིན་དུ་སྣང་བའོ། །ཟངས་ཀྱི་ཐོ་བ་རྐང་པ་དང་། །ཟངས་ཀྱི་སྣ་དང་ཟངས་ཀྱི་ཁ། །ཞེས་བྱ་བ་ནི་མཚོན་ཆ་མི་འཇིགས་པ་འཛིན་པ། རྐང་པ་ཡང་ཐོ་བའི་ཚུལ་དུ་གནས་པའོ། །དེ་བཞིན་དུ་ཁ་ལ་སོགས་པ་ཡང་ཟངས་ཀྱི་སྐྲ་བཞིན་དུ་སྣང་བའོ། །རྐང་ལག་ཀུན་དུ་འབར་བ་
དང་། །མི་ཡི་ལུས་སུ་གནས་པ་རྣམས། །ཞེས་བྱ་བ་ནི་མེ་བཞིན་དུ་འབར་ཏེ། དེས་ཀྱང་མི་ལ་ཞེ་སྡང་ལ་སོགས་པ་འབར་བར་བྱེད་པའོ། །སྒུར་ཞར་ལྦ་བ་གསུམ་ཡོད་པ། །མིག་མི་སྡུག་ལ་ཁ་གླལ་བ། །ཞེས་བྱ་བ་ནི་བོང་ཐུང་ཞིང་ལུས་པོ་སྒུར་ཏེ། དེའི་སྐེ་ལ་ལྦ་བ་གསུམ་ཡོད་པ།
ལུས་པོ་ཞ་ཞིང་ཁ་གདངས་པ། མཆུ་སྔོན་པོར་སྣང་བ་འཇིགས་པའོ། །ཆུ་སྲིན་སྟག་གི་གཟུགས་དང་ནི། །གཟུགས་མི་སྡུག་དང་ཁ་རལ་པོ། །ཞེས་བྱ་བ་ནི་མིའི་ལུས་ལ་མགོ་བརྙན་དུ་ཡོད་པ། ཁ་གདངས་ཤིང་མི་སྡུག་པའོ། །མཆུ་འཕྱང་པོ་དང་སོ་ཡོན་པོ། །རབ་ཏུ་སྡུག་པའི་ཁྲོ་གཉེར་
ཅན། །ཞེས་བྱ་བ་ནི་གདོང་པ་ཡོ་བ། དེ་བཞིན་དུ་མཆུ་དང་སོ་ཡོ་བའོ། །ཁྲོ་བར་གནས་ཤིང་སེམས་ཅན་ལ་འཇིགས་པར་བྱེད་པའོ། །གསུས་པོ་ཆེ་དང་བུམ་སྣ་པོ། །རྣ་འཕྱངས་པོ་དང་རྣ་བ་མེད། །ཅེས་བྱ་བ་ནི་གསུས་པ་རི་རབ་ཙམ་སྣང་བ། རྣ་བ་གོས་སུ་གོན་པ། རྣ་བ་བཅད་
པའི་འབྱུང་པོ་རྣམས་སོ། །ལག་རིང་དང་ནི་རྣ་བ་རིང་། །སྣ་ཡི་རྩེ་དང་ལག་རྩེ་རིང་། །ཞེས་བྱ་བ་ནི་ལག་པ་བརྐྱང་བས་དཔག་ཚད་བརྒྱར་སླེབས་ཏེ། སྣས་ལུས་ཁེབས་ཏེ་གླང་པོ་ཆེའི་སྣ་དང་འདྲ་བ། དེ་བཞིན་སོར་མོ་ཡང་རིང་བའོ། །ལུས་སྐམས་ལུས་ནི་རིང་བ་དང་། །སྐྲ་རིང་རབ་ཏུ་
བརྒྱན་པ་དང་། །ཞེས་བྱ་བ་ནི་ཤིན་ཏུ་ནག་པ། ཤིང་ལྤགས་སྐམས་པ་དང་འདྲ་བ། །རིང་བ་ནི་རིང་བ་པས་ཀྱང་ཆེས་རིང་བ་ལུས་རྣམས་ཀྱང་སྐྲ་རིང་བས་བརྒྱན་པའོ། །རྐང་པ་མིད་པ་ཕྲ་བ་དང་། །དྲི་ང་བ་དང་བུམ་ལྟོ་པོ། །ཞེས་བྱ་བ་ནི་ཡན་ལག་གི་ཚིགས་རྡོག་པོར་ཡོད་པ། རྐང་
Vol. 72 · folio 38b
པ་ཕྲ་བས་ཏེ། དྲི་མི་ཞིམ་པ་མནམ་པ། གསུས་པ་རི་བོ་ཙམ་ཡོད་པའོ། །ཡན་ལག་ཆུ་སྲིན་འདྲ་བ་དང་། །གཏུན་ཤིང་ཐོ་བ་འདྲ་བའི་ལྟོ། །ཞེས་བྱ་བ་ནི་ལག་པ་དང་རྐང་པ་ཡང་ཆུ་སྲིན་འདྲ་སྟེ། གཟུགས་རིང་བ། རྐེད་པ་ཉག་པ། ནག་པོར་སྣང་བའོ། །གནམ་ལྟོ་བ་དང་སྣ་བོ་
ཆེ། །གྱེན་དུ་བརྫེས་སྐྲ་རབ་ཏུ་དམར། །ཞེས་བྱ་བ་ནི་སྣ་ཡར་འཁྱིལ་པ་གླང་པོ་ཆེའི་སྣ་འདྲ་བ། ཁབ་ཀྱི་རྩེ་མོ་དང་འདྲ་བའི་སྐྲ་དམར་ཞིང་འབར་བའོ། །མགོ་བོ་ཆེ་ལ་གཞུ་མགྲིན་པོ། །རྐེད་པ་སྒུར་པོ་བུམ་ལྟོ་བོ། །ཞེས་བྱ་བ་ནི་འབྱུང་པོ་ལ་ལ་ནི་གཞུ་བཞིན་དུ་སྐེ་སྒུར་བས་ཏེ། དེ་བཞིན་དུ་
ཡན་ལག་དང་ལུས་པོ་རྣམས་ཀྱང་སྒུར་བའོ། །རི་རབ་རྩེ་མོ་བསྒུལ་ནས་སུ། །མེ་མདག་གི་ནི་ཆར་པ་འབེབས། །ཞེས་བྱ་བ་ནི་གཟི་བརྗིད་དང་། སྟོབས་དང་ལྡན་ཞིང་། རི་རབ་དང་ས་གཡོ་བར་བྱེད་པ་མ་རུངས་པའི་ཆར་འབེབས་པའོ། །ལྗོན་ཤིང་རི་དང་རྡོ་བ་དང་། །སྤྲིན་གྱི་ཚོགས་ཀྱི་
མདོག་འདྲ་བ། །ཞེས་བྱ་བ་ནི་ལ་ལ་གཟུགས་བཟང་བར་གནས་པ། གཞན་རྣམས་ཡང་བཞིན་མི་སྡུག་པའོ། །དུང་དང་རྔ་ཆེན་རྫ་རྔ་དང་། །གྲུལ་བུམ་རྔ་བྲན་རྣམས་ཀྱི་སྒྲ། །ཞེས་བྱ་བ་ནི་སྒྲ་དང་རོལ་མོ་ལ་དགའ་བ་གར་སྣ་ཚོགས་དང་ལྡན་པའོ། །འཇིགས་པའི་སྒྲ་ནི་རབ་ཏུ་འབྱིན། །མིད་
པོ་ཆེ་ལ་བོང་བུའི་སྒྲ། །ཞེས་བྱ་བ་ནི་རི་རབ་ཀྱི་རྩེ་མོ་ནས་གླིང་བཞིར་ཐོས་པའི་སྒྲ། སྒྲ་དེས་སེམས་ཅན་འཇིགས་པའོ། །ནག་པོ་སྔོན་པོ་སེར་པོ་དང་། །དམར་སེར་མེ་ལྟར་དམར་སེར་དང་། །ཞེས་བྱ་བ་ནི་བཞིན་མི་སྡུག་པ་གཟུགས་སྣ་ཚོགས་སུ་སྣང་བ། བསྐལ་བའི་མེའི་འོད་དང་འདྲ་བའི་འོད་
ཟེར་སྣང་བའོ། །ཁབ་འདྲའི་སྤུ་དང་རལ་གྲིའི་སྐྲ། །དམར་པོའི་ཁྲག་གིས་བསྐུས་པ་རྣམས། །ཞེས་བྱ་བ་ནི་ཤིན་ཏུ་རྣོ་བ་ལུས་དང་མགོ་རྣམས་ལ་ཁྱབ་པ། ཁ་ཡང་ཁྲག་གིས་བསྐུས་པའོ། །མི་རོ་དག་ནི་ཁྱེར་ནས་སུ། །ཟ་བཞིན་དུ་ནི་རྣམ་པར་རྒྱུག །ཅེས་བྱ་བ་ནི་མི་རྣམས་ལ་འཚེ་བར་བྱེད་
ཅིང་སྲོག་འཕྲོག་པ་རྣམས་ཡིན་ཏེ། གླགས་ཚོལ་ཞིང་འཕྲང་ཁ་བསྒུགས་པ་རྣམས་ཡིན་ནོ། །སོ་རྣོན་ལག་པ་དམར་པོ་དང་། །མཆུ་ནི་ཁྲག་གིས་བསྐུས་པ་དང་། །ཞེས་བྱ་བ་ནི་མཆེ་བ་རིང་བ་མཚོན་འདྲ་བ་སྟེ། སེམས་ཅན་རྣམས་ཀྱི་ལག་པ་དམར་པོར་སྣང་བ། ཁྲག་འཐུང་བ་ལ་དགའ་བའོ། །
Vol. 72 · folio 39a
ལུས་ཕྱེད་དག་ནི་ཟོས་པ་དང་། །མཁལ་མ་སྙིང་དང་ནང་གྲོལ་གྱིས། །ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་འཚེ་བར་བྱེད་པས། ཤ་དང་ཁྲག་ལ་དགའ་བ་དང་། །དོན་སྙིང་ལྔ་ལ་དགའ་བའོ། །སྙིམ་པ་ཤིན་ཏུ་བཀང་བ་དང་། བྱིས་པ་དག་ནི་ཟ་བཞིན་དུ། །ཞེས་བྱ་བ་ནི་མི་རྣམས་ཀྱི་
ནི་སྲོག་འཕྲོགས་ནས་དོན་སྙིང་རྣམ་པ་ལྔ་ཕྱུང་ནས་ཟ་བར་བྱེད་པའོ། །མེར་མེར་པོ་དང་སྲོག་ཆགས་ཀྱི། །རྐང་ལག་རྣམས་ཀྱི་སྟོབས་ཀྱང་འཕྲོག །ཅེས་བྱ་བ་ནི་བྱང་ཆུབ་སེམས་ཆགས་སུ་མི་སྟེར་བར་ཟ་བ། མའི་མངལ་ནས་གཟི་བརྗིད་འཕྲོག་པའོ། །ཀེང་རུས་ཀྱི་ནི་ལུས་ཀྱིས་སུ། །སྐྱེ་བོ་
མང་པོ་སྐྲག་པར་བྱེད། །ཅེས་བྱ་བ་ནི་པགས་པ་དང་ཤ་མེད་པ་དང་རུས་པར་སྣང་སྟེ། དེ་ལྟ་བུའི་གཟུགས་ཀྱིས་ཀྱང་འཚེ་བར་བྱེད་པའོ། །ཁྲག་གིས་རབ་ཏུ་བཀང་བ་ཡི། །མི་ཡི་པགས་པ་ཐོགས་ནས་སུ། །ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཁྲག་འཇིབ་ཅིང་། མི་ཡི་པགས་པ་གོན་
པའོ། །མི་བཟད་དུག་གིས་ཀུན་བསྐུས་ཏེ། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུག །ཅེས་བྱ་བ་ནི་བསམ་པ་དང་། མཐོང་བ་དང་རེག་པ་དང་། མཆེ་བའི་དུག་རྣམས་ཀྱིས་བསྐུས་པ། སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་སུ་རྒྱུག་པའོ། །གྲོང་ཁྱེར་རྣམས་ཀྱི་སྒོ་རྣམས་དང་། །ཁྱིམ་
ནས་ཁྱིམ་དུ་རྣམ་པར་འཐོར། །ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་གླགས་ཚོལ་བ། གྲོང་དང་གྲོང་ཁྱེར་གྲོང་རྡལ་དུ་རྒྱུ་བའོ། །རླུང་དང་བད་ཀན་མཁྲིས་པ་རྣམས། །ཕྱོགས་བཞི་དག་ཏུ་འཁྲུག་པར་བྱེད། །ཅེས་བྱ་བ་ནི་འབྱུང་པོ་རྣམས་ཀྱི་མཛེ་དང་ཕོལ་མིག་ལ་སོགས་པ་ནད་བཞི་བརྒྱ་
རྩ་བཞི་གཏོང་བའི་བདག་པོའོ། །དེ་ལྟར་དེ་ན་རྒྱལ་པོ་ཡི། །གདོན་དང་འཇིགས་པ་ཆེན་པོ་རྣམས། །ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིས་ཀྱང་འབྱུང་པོའི་གདོན་དེ་རྣམས་འདུལ་བའོ། །ལྷགས་པ་དེ་དག་ཐམས་ཅད་ཀྱང་། །རིག་སྔགས་ཞགས་པས་རབ་ཏུ་བསྡམས། །ཞེས་བྱ་བ་ནི་
སྟོང་ཆེན་མོའི་རིག་སྔགས་ཀྱིས། འབྱུང་པོ་རྣམས་རང་དབང་མེད་པར་བཀུག་པའོ། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་ཉོན་མོངས་པ་འདུལ་བ་ལ་དཔའ་བའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་
Vol. 72 · folio 39b
གཉིས་དང་། དཔེ་བྱད་བཟང་པོས་སྐུ་ལ་བརྒྱན་པ། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་བྱེད་པའོ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་འབྱུང་པོ་རྣམས་ཀྱིས་ཀྱང་གུས་པར་ཕྱག་འཚལ་ཏེ། སྟོང་གསུམ་གྱི་
ཆོས་ཀྱི་རྒྱལ་སྲིད་མཛད་པའོ། །གྲོང་ཁྱེར་གྲོང་དང་ཡུལ་འཁོར་དང་། །ཕོ་བྲང་འཁོར་དུ་རྒྱུ་བ་དང་། །ཞེས་བྱ་བ་ནི་འབྱུང་པོ་རྒྱུ་བའི་དུས་ཚོད་ནི་སྔ་དྲོ་ཤར་གྱི་ཕྱོགས་ནས་རྒྱུ། ཉི་མ་ཕྱེད་ན་ལྷོ་ནས་རྒྱུ། ཉི་མ་སྨྱུར་ནས་ནུབ་ཀྱི་ཕྱོགས་སུ་རྒྱུ། ཉི་མ་སྨྱུར་ནས་མ་ནུབ་བར་དུ་བྱང་གི་ཕྱོགས་ནས་རྒྱུ།
ཉི་མ་ནུབ་ནས་ས་སྲོས་བར་དུ་ཤར་ལྷོ་མཚམས་སུ་རྒྱུ། སྲོད་འཁོར་ནམ་ཕྱེད་བར་དུ་སྲིན་པོའི་ཕྱོགས་ནས་རྒྱུ། ནམ་ཕྱེད་སྐྱ་རིངས་ཚུན་ཆད་ནུབ་བྱང་ཕྱོགས་ནས་རྒྱུ། སྐྱ་རིངས་ཤར་ནས་ནམ་ལངས་ཚུན་ཆད་བྱང་ཤར་མཚམས་ནས་རྒྱུ། དེ་དག་དུས་རྒྱུ་བ་ནི། མཆོད་ཕྱིར་ལྷགས་ཀྱང་འཚེ་
བ་མོད། །ཚེས་གྲངས་དག་ལ་རྒྱུ་བ་རྣམས། །དེ་དག་མི་ལ་འཚེ་བར་བྱེད། །ཚེས་གཅིག་དང་ནི་བཅུ་གཅིག་ལ་ཤར་གྱི་ཕྱོགས་ནས་ཆུ་ཚོད་བཞིའི་བར་དུ་རྒྱུ། ཚེས་གཉིས་དང་བཅུ་གསུམ་ལ་ལྷོའི་ཕྱོགས་ནས་ཆུ་ཚོད་བརྒྱད་རྒྱུ། ཚེས་གསུམ་དང་བཅུ་གཉིས་ལ་ཆུ་ཚོད་བཅུའི་བར་དུ་ནུབ་
ཀྱི་ཕྱོགས་ནས་རྒྱུ། སྲོད་འཁོར་ཙམ་ཚེས་བཞི་དང་བཅུ་བཞི་ལ་ནམ་ཕྱེད་ནས་ཆུ་ཚོད་དྲུག་བྱང་གི་ཕྱོགས་ནས་རྒྱུ། ཚེས་ལྔ་དང་བཅུ་དྲུག་ལ་ནི་ཉི་མ་དྲོས་ནས་ཤར་ལྷོ་མཚམས་ནས་ཆུ་ཚོད་བདུན་རྒྱུའོ། །ཚེས་དྲུག་དང་དགུ་ལ་ཆུ་ཚོད་སུམ་ཅུ་ཐམ་པ་ལྷོ་ནུབ་མཚམས་ནས་སྔ་དྲོ་ནས་རྒྱུའོ། །
ཚེས་བདུན་དང་བཅུ་ཐམ་པའི་དུས་སུ་ནུབ་བྱང་མཚམས་ནས་སྔ་དྲོ་ནས་ཆུ་ཚོད་བཅོ་ལྔ་ལ་རྒྱུའོ། །ཚེས་བརྒྱད་དང་གནམ་སྟོང་ལ་བྱང་ཤར་ནས་སྔ་དྲོ་ནས་ཆུ་ཚོད་བཅུ་གཉིས་བར་དུ་རྒྱུའོ། །དེ་དག་ནི་འབྱུང་པོ་རྒྱུ་བའི་དུས་བསྟན་པའོ། །གནོད་སྦྱིན་མ་རུངས་མདངས་འཕྲོག་པ། །སྙིང་རྗེ་མེད་ཅིང་
ཁྲག་འཐུང་བ། །ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་འཚེ་བར་བྱེད་ཅིང་སྲོག་འཕྲོག་པ་སྟེ། འབྱུང་པོ་དེ་རྣམས་ཤ་དང་ཁྲག་ལ་དགའ་བའོ། ལུས་ཆེན་འཇིགས་པ་ཆེན་པོ་སྟེ། །སྟོབས་པོ་ཆེ་ལ་སྒྲ་ཡང་ཆེ། །ཞེས་བྱ་བ་ནི་ལུས་ནི་རི་རབ་དང་མཉམ་པ། སྟོབས་ཀྱིས་ནི་རི་རབ་བསྒུལ་བ། །
Vol. 72 · folio 40a
སྐད་ཀྱང་དྲག་པོའི་ཚུལ་དུ་སྣང་བའོ། །མགྲིན་བཅུ་པོ་ལ་མིག་སྟོང་པོ། །གདོན་ཆེན་མིག་ནི་དམར་པོ་རྣམས། །ཞེས་བྱ་བ་ནི་མགོ་རེ་རེ་ལ་མིག་བརྒྱ་བརྒྱ་ཡོད་པ་སྟེ། མིག་དེ་ཡང་དམར་པོར་སྣང་ཞིང་འཇིགས་སུ་རུང་བའོ། །འཁོར་ནི་མང་པོ་རྣམས་བཏང་སྟེ། །ལག་ན་
མཚོན་ཐོགས་རབ་ཏུ་འཇིགས། །ཞེས་བྱ་བ་ནི་གནོད་སྦྱིན་མ་རུངས་པ་མང་པོར་སྣང་ཞིང་། རལ་གྲི་ལ་སོགས་པའི་མཚོན་ཆ་མང་པོ་ཐོགས་པའོ། །སྦྲུལ་གྱི་པགས་པ་ཐོགས་པ་དང་། །ལག་བཞི་ལག་ན་སྒྲོན་མེ་ཐོགས། །ཞེས་བྱ་བ་ནི་དུག་སྦྲུལ་གྱི་པགས་པ་གོན་པ། མི་གསལ་
བ་གསལ་བར་བྱེད་པ་ཁ་ནས་མེ་འབར་ཞིང་འཇིགས་པར་བྱེད་པའོ། །ལག་ན་མཚོན་དང་དབྱིག་པ་ཐོགས། །རྡོ་རྗེའི་མདུང་རྩེ་ལག་ན་ཐོགས། །ཞེས་བྱ་བ་ནི་འབྱུང་པོ་མ་རུངས་པ་རྣམས་ཀྱང་། ལག་ན་མཚོན་སྣ་ཚོགས་པ་ཐོགས་ཤིང་འཇིགས་སུ་རུང་བའོ། །རབ་ཏུ་དྲག་པའི་དམག་
བརྒལ་ནས། །ཕྱོགས་བཅུ་ཀུན་དུ་སྐྲག་པར་བྱེད། །ཅེས་བྱ་བ་ནི་དཔུང་མང་པོ་དང་ལྡན་ཞིང་ཕྱོགས་བཅུ་དག་ཏུ་འཁོད་པ་སྟེ། དེ་དག་གིས་ཀྱང་སེམས་ཅན་རྣམས་ལ་འཇིགས་པ་དང་སྐྲག་པར་བྱེད་པའོ། །སྡང་བའི་གནས་ན་འཁོད་པ་ཡི། །གསང་བ་པོ་ནི་དད་ཀུན་ཡང་། །ཞེས་
བྱ་བ་ནི་སེམས་ཅན་རྣམས་ལ་སྡང་བ། རྒྱ་ཆེར་གནོད་པ་སྐྱེལ་བའོ། །མི་ཡི་འཇིག་རྟེན་འདི་དག་ཏུ། །སྐྱེས་པ་བུད་མེད་གཞན་ཡང་འཛིན། །ཞེས་བྱ་བ་ནི་སྟོང་གསུམ་གྱི་མི་རྣམས་ལ་འབྱུང་པོ་དེ་རྣམས་ཀྱིས་འཚེ་བར་བྱས་པའོ། །ཤ་ཁྲག་དྲོན་མོར་བཅས་པ་ལ། །རྣམ་པར་
འཁྲུལ་ཞིང་འདོད་པའི་གཟུགས། །ཞེས་བྱ་བ་ནི་མི་རྣམས་ཀྱི་སྲོག་གཅོད་ཅིང་ཤ་དང་ཁྲག་ལ་དགའ་བའོ། །སེང་གེ་དང་ནི་སྟག་དང་རྟ། །མ་ཧེ་བ་གླང་བོང་བུ་རྔ། །ཞེས་བྱ་བ་ནི་གཟུགས་མི་གཅིག་པ་བྱོལ་སོང་རྣམས་ཀྱི་གཟུགས་སུ་སྤྲུལ་པའོ། །གླང་པོ་ཆེ་ཡི་གཟུགས་འདྲ་
དང་། །དོམ་དང་གཟིག་དང་སྤྱང་ཀི་དང་། །ཞེས་བྱ་བ་ནི་དེ་དང་དེར་ལྡན་པའི་གཟུགས་སུ་སྣང་ཞིང་། སེམས་ཅན་རྣམས་ལ་འཚེ་བར་བྱེད་པའོ། །ཁྱི་དང་ཝ་དང་ར་དག་དང་། །བྱི་ལ་བྱི་བ་སྤྲེའུའི་གཟུགས། །ཞེས་བྱ་བ་ནི་གནོད་པ་སྐྱེལ་བའི་དུས་སུ་གཅན་གཟན་གྱི་གཟུགས་
Vol. 72 · folio 40b
སུ་སྤྲུལ་པའོ། །བསེ་དང་ཕག་དང་སྲེ་མོང་དང་། །ཉ་དང་རུས་སྦལ་དག་གི་གཟུགས། །ཞེས་བྱ་བ་ནི་གཟུགས་ཀྱང་སྣ་ཚོགས་སུ་སྣང་བ། རྨི་ལམ་ཡང་དེ་བཞིན་དུ་སྣང་བའོ། །ཁ་ཅིག་དག་ནི་སྲམ་གྱི་གཟུགས། །ཁྭ་དང་འུག་པ་ཁུ་བྱུག་དང་། །ཞེས་བྱ་བ་ནི་དེ་ལྟ་བུའི་གཟུགས་སུ་སྣང་
ཞིང་གནོད་པ་ཆེར་སྐྱེལ་བའོ། །བྱ་རྒོད་ཁྲ་དང་ཉ་མིད་བཅས། །རྨ་བྱ་ངང་པ་ཐི་བ་དང་། །ཞེས་བྱ་བ་ནི་དེའི་གཟུགས་སུ་སྟོན་ཅིང་། སྐད་མི་གཅིག་པ་མང་པོ་འདོན་པའོ། །ཁྲུང་ཁྲུང་དང་ནི་བྱ་རྣམས་དང་། །ཁ་ཅིག་བྱ་གག་གཟུགས་རྣམས་སུ། །ཞེས་བྱ་བ་ནི་འཇིགས་སུ་རུང་བ་
མ་རུངས་པ་རྣམས་ཡིན་ཏེ། ལྟས་དང་རྨི་ལམ་ངན་པར་བྱེད་པའོ། །གནོད་སྦྱིན་རྣམས་ནི་མི་ཡིས་མཐོང་། །འདབ་བཟངས་བྱ་ཡི་ཚུལ་གྱིས་ཀྱང་། །ཞེས་བྱ་བ་ནི་འཇིགས་སུ་རུང་བའི་གཟུགས་སྟོན་པ། སེམས་ཅན་རྣམས་ལ་སྐྲག་པར་བྱེད་པའོ། །སྐྱེ་བོ་མང་པོ་སྐྲག་བྱེད་ཅིང་། །ཞེས་བྱ་
བ་ནི་སྐྱེས་པ་བུད་མེད་བྱིས་པ་རྣམས་ལ་སྐྲག་པར་བྱེད་པའོ། །ཁ་ཅིག་མི་ཡི་མགོ་ཅན་ལ། །ལུས་ནི་བྱ་གག་བོང་བུ་འདྲ། །ཞེས་བྱ་བ་ནི་འཇིགས་སུ་རུང་བའི་འབྱུང་པོ་རྣམས་ཀྱང་། མིའི་མགོ་ཅན་ལ་བྱོལ་སོང་གི་ལུས་སོ། །ཁ་ཅིག་མཚོན་གྱིས་རབ་ཏུ་འཚེ། །ལུས་དང་བྲལ་བ་ཉིད་དུ་
སྣང་། །ཞེས་བྱ་བ་ནི་སྣ་ཚོགས་མཚོན་གྱིས་འཚེ་ཞིང་། ཁྲག་ཁྲུག་ལ་དགའ་བའོ། །རྣམ་པར་འཁྲུགས་ཤིང་འདོད་ལ་མོས། །རྒྱུ་མའི་ཕྲེང་བས་རབ་ཏུ་དཀྲིས། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་སེམས་འཁྲུགས་པར་བྱེད་པ་སྟེ། ཡན་ལག་མིའི་རྒྱུ་མའི་ཕྲེང་
བས་བརྒྱན་པའོ། །རྩེ་གསུམ་མདུང་གིས་རབ་འདེབས་ཤིང་། །སྲོག་ཆགས་རྣམས་ལ་གནོད་པར་བྱེད། །ཅེས་བྱ་བ་ནི་འཇིགས་སུ་རུང་བའི་འབྱུང་པོ་དེ་དག་ཀྱང་སྙིང་རྗེ་དང་བྲལ་བའོ། །མི་བཟད་པ་ཡི་དབུགས་འབྱིན་ཅིང་། །སྐྱེ་དགུ་འདི་དག་སྐྲག་པར་བྱེད། །ཅེས་བྱ་བ་ནི་སྐེ་བ་ཆེ་
ཞིང་སྐད་ཆེ་བ་སྟེ། སྒྲ་དེས་སེམས་ཅན་རྣམས་སྐྲག་པའོ། །སྲོག་ཆགས་རྒྱུད་རྣམས་ཇི་སྙེད་པར། །སྣ་ཚོགས་ཀྱི་ནི་གཟུགས་སུ་སྣང་། །ཞེས་བྱ་བ་ནི་ཉ་ལ་སོགས་པའི་སེམས་ཅན་གྱི་གཟུགས་སུ་སྣང་ཞིང་། གཟུགས་མི་གཅིག་པ་མང་པོ་སྣང་བའོ། །ཁ་ཅིག་དག་ནི་རི་ཡང་ཐོགས། །
Vol. 72 · folio 41a
ལ་ལ་རལ་གྲི་འཁོར་ལོ་ཐོགས། །ཞེས་བྱ་བ་ནི་སྟོབས་དང་ལྡན་ཞིང་རི་རབ་ཐེག་པར་ནུས་པ། མཚོན་རྣོན་པོས་འཚེ་བར་བྱེད་པའོ། །གྲངས་ནི་བརྒྱ་ཕྲག་སྟོང་རྣམས་ཏེ། །དབྱུག་པས་བསྡིགས་ཤིང་ཁ་དྲག་པ། །ཞེས་བྱ་བ་ནི་འབྱུང་པོ་རྣམས་སྡེ་ཆེན་པོར་གནས་ཤིང་
སེམས་ཅན་རྣམས་ལ་ཆད་པ་ཆེན་པོ་གཅོད་པའོ། །མིག་ཆུང་བ་ལ་བཞིན་མི་སྡུག །སྲིན་པོའི་སོ་ནི་རྣོ་བ་དང་། །ཞེས་བྱ་བ་ནི་བཞིན་མི་སྡུག་པ་ཁ་དང་སོ་རྣམས་ཡོ་བའོ། །སྣ་དང་རྣ་བ་བཅད་པ་དང་། །ལྕེ་བཅད་གདོང་ནི་གཉེར་མ་ཅན། །ཞེས་བྱ་བ་ནི་གཟུགས་ངན་པར་སྣང་ཞིང་། དབང་
པོ་རྣམས་མ་ཚང་བའོ། །རྐང་ལག་དག་ནི་གཏུབས་པ་དང་། །མགོ་བོ་བཅད་པའི་སྲིན་པོ་རྣམས། །ཞེས་བྱ་བ་ནི་མགོ་བོ་མེད་པར་བྲང་ནས་གདོང་པ་སྣང་བས་ཏེ། ཚིགས་རྣམས་ལ་ཡང་གདོང་པ་སྣང་བའོ། །སྐབས་ནི་རབ་ཏུ་ཚོལ་བར་བྱེད། །སྡིག་པ་ཅན་རྣམས་གཟི་བརྗིད་འཕྲོག །
ཅེས་བྱ་བ་ནི་སེམས་ཅན་རྣམས་ལ་གླགས་ཚོལ་ཞིང་། སྡིག་པའི་སེམས་དང་ལྡན་པ། སེམས་ཅན་གྱི་དཔལ་འཕྲོག་པའོ། །མི་ཡི་ལུས་རྣམས་དག་ལ་ནི། །རབ་ཏུ་ཕྲ་བའི་གདོན་དུ་སྣང་། །ཞེས་བྱ་བ་ནི་མིའི་ལུས་ལ་ཞུགས་ནས་མི་དགའ་བའི་སེམས་དང་། ལྕེབ་པའི་སེམས་
དང་ལྡན་པར་བྱེད་པའོ། །སྤུ་ཡི་བར་དང་ནད་རྣམས་དང་། །དེ་བཞིན་རྨ་ཡི་ཁ་རྣམས་སུ། །ཞེས་བྱ་བ་ནི་བ་སྤུའི་བར་དུ་འཛིན་ཅིང་། རྨ་མེད་པ་རྨ་ཡོད་པར་བྱས་ཏེ། རྨའི་ནང་རུལ་བར་བྱས་ནས། ཕྱི་སུབས་ནས་ནང་ན་ཚ་ཆེན་པོ་དང་ལྡན་པར་བྱེད་དོ། །ལྷགས་པ་དེ་དག་ཐམས་ཅད་
ཀྱང་། །རིག་སྔགས་ཞགས་པས་རབ་ཏུ་དྲངས། །ཞེས་བྱ་བ་ནི་རིག་སྔགས་ཀྱི་དམོད་མོའི་ཞགས་པས་མ་རུངས་པའི་འབྱུང་པོ་རྣམས་བཅིངས་པའོ། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཞེས་བྱ་བ་ནི་དེ་དང་དེར་ལྡན་པའི་འབྱུང་པོ་
རྣམས་ཀྱིས་ཀྱང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གུས་པར་ཕྱག་འཚལ་བའོ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆོས་སྲིད་དུ་མཛད་ཅིང་། སྟོང་གསུམ་གྱི་ཆོས་
Vol. 72 · folio 41b
ཀྱི་རྒྱལ་པོར་སྣང་བའོ། །རི་ཡི་རྒྱལ་པོ་རི་རབ་དང་། །ཞེས་བྱ་བ་ནི་འདོད་པའི་ཁམས་ནི་འདོད་ཡོན་ལྔ་ལ་སྤྱོད་པ་བཞིན། འབྱུང་པོ་རྣམས་ཀྱང་འདོད་པའི་ཡོན་ཏན་ལྔས་སྤྱོད་དོ། །ཇི་ལྟར་སྤྱོད་ཅེ་ན། གཟུགས་མཐོང་བས་མདངས་འཕྲོག་པ་དང་། སྒྲ་སྙན་པོ་ཐོས་ནས་འཛིན་པ་དང་། དྲི་ཞིམ་པོ་ཚོར་ནས་འཛིན་པ་
དང་། རོ་ཞིམ་པོ་མྱངས་ནས་འཛིན་པ་དང་། ལུས་རེག་པས་འཛིན་པ་དང་། དེ་དག་ཀྱང་གང་ན་གནས་ཤེ་ན། རི་རབ་ཁོར་ཡུག་ལ་གནས་ནས་འཛིན་པའོ། །དེ་བཞིན་ཁོ་ར་ཁོར་ཡུག་དང་། །བྱ་རྒོད་ཕུང་པོ་གཤོལ་མདའ་འཛིན། །ཞེས་བྱ་བ་ནི་དབུས་ཀྱི་རི་བོ་མཆོག་རབ་ནས། ཕྱིའི་ཁོ་ར་ཁོར་
ཡུག་ལ་ཐུག་པའི་རི་བོ་ཆེན་པོ་ལ་གནས་པའི་འབྱུང་པོ་རྣམས་སོ། །དེ་བཞིན་དུ་བྱ་རྒོད་ཕུང་པོ་དང་། རི་བདུན་ལ་སོགས་པའོ། །སྤོས་ངད་ལྡན་དང་གངས་ཀྱི་རི། །སྣ་ཚོགས་སྡེ་དང་པཎྜ་པཱ། །ཞེས་བྱ་བ་ནི་དེ་ཡང་འཛམ་བུའི་གླིང་ན་གནས་པའི་རི་རྣམས་སོ། །ན་ལ་ངཱ་ཡི་རི་
གཉིས་དང་། །དཔལ་གྱི་རི་ཡི་རྩེ་མོ་ནི། །ཞེས་བྱ་བ་ནི་འཛམ་བུའི་གླིང་གི་ལྷོ་ཕྱོགས་ན་གནས་པའོ། །གང་དག་ཤིན་ཏུ་མཐོར་འཕགས་དང་། །རི་བོ་དེ་དག་ཀུན་ལ་ཡང་། །ཞེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་རྣམས་འཚོགས་ཤིང་། འབྱུང་པོའི་ཚོགས་རྣམས་འདུལ་བའོ། །ལྷ་
དང་དྲང་སྲོང་གང་གནས་པ། །དེ་དག་ཐམས་ཅད་མི་དགའ་ཞིང་། །ཞེས་བྱ་བ་ནི་སྟོང་ཆེན་པོ་རབ་ཏུ་འཇོམས་མའི་གཟི་བརྗིད་ཀྱིས། རི་རབ་དེ་རྣམས་ན་གནས་པའི་འབྱུང་པོ་རྣམས་ཡིད་མི་དགའ་བའོ། །འཇིགས་པའི་ཡིད་ཀྱིས་མྱ་ངན་བྱེད། །བྱེ་བ་སྟོང་གི་ལྷ་དག་དང་། །བྱེ་བ་ཕྲག་བརྒྱའི་
ལྷ་རྣམས་དང་། །ཞེས་བྱ་བ་ནི་རིག་སྔགས་ཀྱི་གཟི་བརྗིད་ཀྱིས། འདར་ཞིང་ཀྱི་ཧུད་ཅེས་སྒྲ་འབྱིན་པའོ། །ལྷ་ཡི་བུ་མོ་སྐལ་ཆེན་དག །ཐལ་མོ་རབ་ཏུ་སྦྱོར་བར་བྱེད། །ཅེས་བྱ་བ་ནི་རིག་སྔགས་ཀྱི་དམོད་མོས་འཇིགས་པས་གུས་པར་སངས་རྒྱས་ལ་ཕྱག་འཚལ་ལོ། །ཐགས་བཟངས་རིས་
དང་སྒྲ་གཅན་དང་། །ཚིམ་པར་བྱེད་པའང་དེར་ཕྱིན་ཏོ། །ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་དབང་པོ་ལ་སོགས་པ་ཡང་། རིག་སྔགས་ཀྱི་དམོད་མོས་བཀུག་སྟེ། གུས་པར་སངས་རྒྱས་ལ་འདུད་པའོ། །ལྷ་མིན་བྱེ་བ་ཕྲག་སྟོང་དང་། །ལྷ་མིན་བྱེ་བ་ཕྲག་བརྒྱ་དང་། །ཞེས་བྱ་བ་ནི་དེ་ཡང་ལྷ་མ་
Vol. 72 · folio 42a
ཡིན་གྱི་གྲངས། འབྱུང་པོ་ལ་གཏོགས་པ་རྣམས་སོ། །དེ་དག་བུ་མོ་འཕྲུལ་ལྡན་པ། །མང་པོ་ཀུན་ཀྱང་ཐལ་མོ་སྦྱར། །ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་དབང་པོའི་བུ་མོ་ལ་སོགས་པ་ཡང་། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། སངས་རྒྱས་ཀྱི་སྤྱན་སྔར་འཁོད་པའོ། །རབ་ཏུ་
གནས་དང་རྒྱ་མཚོ་དང་། །ཞེས་བྱ་བ་ནི་ཕྱིའི་རྒྱ་མཚོ་ལ་གནས་པ་དང་། ས་འོག་དང་ནམ་མཁའ་ལ་རྒྱུ་ཞིང་། མ་རུངས་པའི་ཀླུ་དང་ས་བདག་རྣམས་དང་། རིགས་བཞིར་གནས་ཤིང་ཕྱོགས་བཅུ་དག་ཏུ་འཁོད་པའོ། །ཀླུ་ཡི་རྒྱལ་པོ་གཟི་ཅན་དང་། །ཞེས་བྱ་བ་ནི་ས་རིམ་པ་བདུན་གྱི་འོག་
ན་གནས་པ་སྟེ། དེའི་འཁོར་ཤ་ཟ་དང་འབྱུང་པོ་རྣམས་ཡོད་དེ། མིའི་དྲི་ཚོར་བ་ཙམ་གྱིས་མདངས་འཕྲོག་པའོ། །ཀླུའི་གནོད་པའི་མཚན་ཉིད་བསྟན་པའོ། །ཀླུ་ཡི་རྒྱལ་པོ་མ་དྲོས་དང་། །དགའ་བོ་ཉེ་དགའ་གཉིས་པོ་དང་། །ཞེས་བྱ་བ་ནི་སྔར་བཤད་པ་བཞིན་དུ་ཀླུའི་རྒྱལ་པོ་རྣམས་
ཀྱིས་ཀྱང་སངས་རྒྱས་ཀྱི་དྲུང་དུ་འཁོད་པའོ། །རྡོ་རྗེ་བློ་གྲོས་པཀྵུ་དང་། །གངྒཱ་དགའ་བོ་སིནྡྷུ་མཚོ། །ཞེས་བྱ་བ་ནི་དེ་རྣམས་ཀྱང་མཚོ་མ་དྲོས་པ་ལ་གནས་ཤིང་། གླིང་བཞི་རི་རབ་དང་བཅས་པར་རྒྱུ་བའོ། །བྱ་ཡི་རྒྱལ་པོ་འདབ་བཟངས་དང་། །རྒྱ་མཚོ་ཆེན་པོ་འཁྲུགས་བྱེད་དང་། །
ཞེས་བྱ་བ་ནི་དེ་ཡང་རྒྱ་མཚོ་གཏིང་ན་གནས་པ་རྣམས་ཡིན་ཏེ། དེ་རྣམས་སངས་རྒྱས་ཀྱི་དྲུང་དུ་འཁོད་པའོ། །སྟོང་ཕྲག་བྱེ་བའི་ཀླུ་རྣམས་དང་། །བྱེ་བ་བརྒྱ་ཡི་ཀླུ་དག་དང་། །ཞེས་བྱ་བ་ནི་དེ་རྣམས་ཀྱི་འཁོར་དུ་བཅས་པ་ས་བདག་ཀླུ་དང་བཅས་པ་རྣམས་སོ། །དེ་དག་བུ་མོ་སྐལ་ཆེན་
རྣམས། །ཐལ་མོ་རབ་ཏུ་སྦྱོར་བར་བྱེད། །ཅེས་བྱ་བ་ནི་ཀླུའི་བུ་མོ་དེ་ཡང་གྲངས་དེ་དང་ལྡན་པར་གནས་ཤིང་། སངས་རྒྱས་ཀྱི་སྤྱན་སྔར་འཁོད་པའོ། །ཉི་མ་ཟླ་བ་གཉི་ག་ཡང་། །སྐར་མའི་འཁོར་གྱིས་ཡོངས་སུ་བསྐོར། །ཞེས་བྱ་བ་ནི་དེ་ཡང་བར་སྣང་དུ་རྒྱུ་ཞིང་། རིག་སྔགས་
ཀྱི་དམོད་མོས་འཁོད་པའོ། །གསེར་གྱི་མེ་ཏོག་ཡན་ལག་ན། །མ་ག་དྷཱ་ན་འཇིགས་བྱེད་པ། །ཞེས་བྱ་བ་ནི་དེ་ཡང་གནོད་སྦྱིན་འབྱུང་པོ་རྣམས། འཛམ་བུའི་གླིང་ན་གནས་ཤིང་། རིག་སྔགས་ཀྱི་དམོད་མོས་འཁོད་པའོ། །གསོ་བའི་མཐའ་ན་མི་ཐོད་ཅན། །ཀོ་ས་ལ་ན་རབ་ཏུ་དཀར། །ཞེས་
Vol. 72 · folio 42b
བྱ་བ་ནི་ཡུལ་མ་ག་དྷཱ་ན་གནས་ཤིང་། སྟོང་གསུམ་རྒྱུ་བའོ། །བཟང་པོའི་ཡུལ་ན་ཁ་སྤུ་ཅན། །གྱད་ཀྱི་ཡུལ་ན་གྲགས་པ་འཛིན། །ཞེས་བྱ་བ་ནི་དེ་ཡང་འཛམ་བུའི་གླིང་གི་ནུབ་ཕྱོགས་སུ་གནས་ཤིང་། སེམས་ཅན་རྣམས་ལ་འཚེ་བར་བྱེད་པའོ། །ལྔ་འཛིན་པ་ན་སྐྲག་བྱེད་པ། །རྟ་
སྐྱེ་བ་ན་མིག་དམར་གནས། །ཞེས་བྱ་བ་ནི་འབྱུང་པོའི་གནས་དེ་དང་ལྡན་པ་ནི། སེམས་ཅན་ལ་གནོད་པར་བྱེད་པར་གྲགས་པའོ། །སྲུང་བྱེད་པ་ན་སེར་སྐྱ་སྟེ། །སེམས་པ་ན་ནི་མིག་སེར་པོ། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་དེད་དཔོན་གནས་དེ་ན་གནས་ཤིང་། སྐད་ཅིག་མས་ཐམས་ཅད་
རྒྱུ་བའོ། །བེའུ་ལ་ཕན་བུམ་པའི་ལྟོ། །དགའ་བའི་ཡུལ་ན་རིང་པོར་སྐྱེས། །ཞེས་བྱ་བ་ནི་གནས་དེ་དང་ལྡན་ཞིང་གླིང་བཞི་རི་རབ་དང་བཅས་པ་ལ་རྒྱུ་བའོ། །བ་ལང་འཛིན་ན་རབ་ཏུ་འཇོམས། །དུང་ཡུལ་ན་ནི་ཉི་མའི་གྲོགས། །ཞེས་བྱ་བ་ནི་གནས་དེ་དང་ལྡན་ཞིང་སངས་རྒྱས་ཀྱི་སྤྱན་
སྔར་འཁོད་པའོ། །ལྗོངས་ཆེན་རྣམས་ཀྱི་གནོད་སྦྱིན་ནི། །བརྗོད་པ་བཅུ་དྲུག་དེ་དག་དང་། །ཞེས་བྱ་བ་ནི་འབྱུང་པོ་གནས་ཅན་དུ་གནས་པ། གྲགས་པ་དང་ལྡན་པ། རིག་སྔགས་ཀྱི་ཞགས་པས་འདྲེན་པའོ། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །ཆོས་སྐྱོང་རབ་ཏུ་དཀར་བ་དང་། །ཞེས་བྱ་
བ་ནི་རི་རབ་རྩེ་མོ་ལ་གནས་ཤིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བའོ། །སེར་སྐྱ་རབ་མཛེས་ཁྱབ་འཇུག་དང་། །བུམ་ལྟོ་གསུས་པ་ཟླུམ་པོ་དང་། །ཞེས་བྱ་བ་ནི་གནོད་སྦྱིན་དེ་རྣམས་ཡང་རི་རབ་ཀྱི་ཁོང་སེང་ལྷོ་ངོས་ན་གནས་ཤིང་། དགེ་བའི་རྩ་བ་ལ་གནོད་པར་བྱེད་པའོ། །ཆུ་སྲིན་བདེན་
པ་འཆང་བ་དང་། །ལྔ་ལྡན་རྒྱལ་བ་ཁྱུ་མཆོག་དང་། །ཞེས་བྱ་བ་ནི་དེ་རྣམས་ཀྱང་ལྷོའི་འཛམ་བུའི་གླིང་ན་གནས་ཤིང་། གླིང་བཞི་རི་རབ་དང་བཅས་པར་རྒྱུ་བའོ། །གནོད་སྦྱིན་ཆེན་པོ་དབང་ཕྱུག་ཆེ། །ལག་པ་བཞི་ཅན་སྟོབས་པོ་ཆེ། །ཞེས་བྱ་བ་ནི་ཏི་སེའི་གངས་ལ་གནས་ཤིང་། སེམས་
ཅན་རྣམས་ཀྱིས་མཆོད་པར་འོས་པའོ། །སྡེ་པ་རབ་ཏུ་འདུལ་བ་ནི། །མཐུ་བོ་ཆེ་ལ་སྟོབས་པོ་ཆེ། །ཞེས་བྱ་བ་ནི་འབྱུང་པོ་དེ་དང་དེར་ལྡན་པ་ནི། སྟོང་གསུམ་རྒྱུ་སྟེ་རིག་སྔགས་ཀྱི་ཞགས་པས་འདྲེན་པའོ། །གཤིན་རྗེ་གཤིན་རྗེའི་ཕོ་ཉ་དང་། །བདུད་རྣམས་སྡེ་དང་བཅས་པ་དང་། །ཞེས་
Vol. 72 · folio 43a
བྱ་བ་ནི་མ་རུངས་པའི་གཤིན་རྗེའི་ཕོ་ཉ་མོ་དང་། བདུད་ཀྱི་ལྷ་རྣམས་ཡང་འདྲེན་པའོ། །གནོད་སྦྱིན་བྱེ་བའི་གཡོག་འཆང་བ། །གནོད་སྦྱིན་དེ་མིང་འཕྲོག་པོ་ཡིན། །ཞེས་བྱ་བ་ནི་འཇིག་རྟེན་གྱི་མི་རྣམས་ལ་གནོད་པ་སྐྱེལ་ཞིང་གཟི་བརྗིད་དང་འོད་འཕྲོག་པའོ། །ཤ་རི་ཏ་ནི་
སྡེར་བཅས་དང་། །རི་ཡི་བུ་མོ་གནོད་སྦྱིན་མ། །ཞེས་བྱ་བ་ནི་དེ་ཡང་གཟི་བརྗིད་ཆེ་ཞིང་ས་ལ་གནས་པའོ། །གཟི་བརྗིད་ཆེན་མོ་འཇིགས་པའི་གཟུགས། །འཕྲོག་མ་ཞེས་ཀྱང་གྲགས་པ་དང་། །ཞེས་བྱ་བ་ནི་གནོད་སྦྱིན་སྲིན་མོར་གྲགས་པ་དང་། མའི་མངལ་ནས་བུ་འཕྲོག་པའོ། །
གདོལ་པ་མོ་ནི་གཏུམ་མོ་ཡང་། །བུ་རྣམས་ལྔ་བརྒྱས་བསྐོར་བ་དང་། །ཞེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་རྣམས་བུ་ལྔ་བརྒྱ་དང་ལྡན་པའོ། །མི་སྡུག་ནག་མོ་ཀརྐ་ཏི། །པདྨ་དང་ནི་པདྨ་ཅན། །ཞེས་བྱ་བ་ནི་གནོད་སྦྱིན་མོ་དེ་རྣམས་ཡང་། རིག་སྔགས་ཀྱི་དམོད་མོས་སྡོད་པར་མི་ནུས་ཏེ། སངས་རྒྱས་
ཀྱི་སྤྱན་སྔར་འཁོད་པའོ། །མེ་ཏོག་སོ་དང་ས་ག་དང་། །སྲིན་མོ་བོང་བུའི་སྣ་ཅན་དང་། །ཞེས་བྱ་བ་ནི་སྲིན་མོ་དེ་རྣམས་ལྷོ་ཕྱོགས་ན་གནས་ཤིང་སེམས་ཅན་རྣམས་ལ་གནོད་པ་བྱེད་པའོ། །ཙནྡན་དང་ནི་ཁྱབ་འཇུག་ལེན། །སེང་གེ་སེར་སྐྱ་དམར་སེར་པོ། །ཞེས་བྱ་བ་ནི་དེ་དག་ནི་
གནོད་སྦྱིན་གྱི་དེད་དཔོན་དུ་གནས་པ། བྱིས་པའི་གདོན་བཅོ་ལྔའི་གཙོ་བོ་རྣམས་སོ། །གླང་པོ་ཀླུ་ཡི་སོ་ཅན་དང་། །རི་བཤེས་དྲག་པོའི་མཆེ་བ་ཅན། །ཞེས་བྱ་བ་ནི་དེ་དང་དེ་ལྡན་ཞིང་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །སྲིན་མོ་སོ་བཟང་ཡོད་པ་དང་། །ཚངས་པ་ལེན་དང་
ཁྱབ་འཇུག་ལེན། །ཞེས་བྱ་བ་ནི་མིང་དེར་གྲགས་པ་སེམས་ཅན་ལ་གནོད་པ། སྐད་ཅིག་མས་གླིང་བཞིར་རྒྱུ་བའོ། །གནོད་སྦྱིན་ཧ་ལ་ཧ་ལ་དང་། །གནོད་སྦྱིན་རྣམ་པའི་མཆུ་ཅན་དག །ཅེས་བྱ་བ་ནི་གནོད་སྦྱིན་འདི་དག་ཀྱང་། ལྕང་ལོ་ཅན་གྱི་ཕོ་བྲང་དུ་གནས་ཤིང་། རྣམ་ཐོས་ཀྱི་
བུའི་འཁོར་དུ་གནས་པའོ། །མདུང་དང་མདའ་གཞུ་ཀུན་ཐོགས་ཤིང་། །མི་རྟ་བ་ལང་རི་དགས་རྣམས། །ཞེས་བྱ་བ་ནི་མཚོན་སྣ་ཚོགས་ཐོགས་ཤིང་། སེམས་ཅན་རྣམས་ལ་གནོད་པ་བྱེད་པའོ། །ཟ་ཞིང་འཚེ་བ་དེ་དག་ནི། །ཕྱོགས་རྣམས་ཀུན་དུ་རྒྱུག་ཅིང་འདོང་། །ཞེས་
Vol. 72 · folio 43b
བྱ་བ་ནི་སེམས་ཅན་རྣམས་ལ་གླགས་ཚོལ་ཞིང་སྲོག་འཕྲོག་པ་རྣམས་སོ། །ས་འདི་རབ་ཏུ་གཡོ་བར་བྱེད། །ནགས་ཚལ་རྣམས་ཀྱང་རབ་ཏུ་སྐེམས། །ཞེས་བྱ་བ་ནི་རི་རབ་འགུལ་བར་བྱེད་ཅིང་། རྒྱ་མཚོ་ཡང་སྐེམས་པར་བྱེད་པའོ། །རི་རྣམས་ཀུན་ནས་གཡོ་བར་བྱེད། །སྐྱེ་དགུ་འདི་དག་
འཚེ་བྱེད་ཅིང་། །ཞེས་བྱ་བ་ནི་ཚེའི་བར་ཆོད་བྱེད། སེམས་ཅན་རྣམས་ལ་འཇིགས་སྐྲག་བྱེད་པའོ། །ཕན་ཚུན་ནས་ནི་འདུ་བ་དག །རིག་སྔགས་ཀྱིས་ནི་དྲངས་ནས་ལྷགས། །ཞེས་བྱ་བ་ནི་དེ་དང་དེར་ལྡན་པའི་འབྱུང་པོ་རྣམས་ལ། རིག་སྔགས་ཀྱི་བཅིང་བ་ལྔའི་དམོད་མོའི་ཞགས་པས་
བསྡམས་པའོ། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཞེས་བྱ་བ་ནི་འབྱུང་པོ་དེ་རྣམས་ཀྱིས་ཀྱང་། འཇིག་རྟེན་མགོན་པོའི་སྤྱན་སྔ་རུ། །གུས་པས་ཕྱག་འཚལ་ནས་བསྟོད་པའོ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་
འཚལ་ལོ། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་ཆོས་ཀྱི་སྲིད་མཛད་ཅིང་། དམ་པའི་ཆོས་ཀྱི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །འཇིག་རྟེན་མགོན་པོའི་སྤྱན་སྔ་རུ། །གུས་པས་ཕྱག་འཚལ་བསྟོད་པའོ། །ཞེས་བྱ་བ་ནི་འབྱུང་པོ་རྣམས་ཀྱིས་སོ་སོ་རང་རང་གི་སྒོ་ནས། ཆོས་ཀྱི་
རྒྱལ་པོ་ལ་ཞུ་བ་ཕུལ་བའོ། །དེ་ནས་ཞེས་བྱ་བ་ནི་འབྱུང་པོས་སྨྲས་པའི་དོན་དེ་ནས་སོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུས། །འཇིག་རྟེན་མགོན་ལ་འདི་སྐད་གསོལ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་ཞུས་པའོ། །
བདག་གི་ཕྱོགས་ཆ་བྱང་ཕྱོགས་སུ། །རྒྱལ་པོའི་གནས་སུ་སྤྲུལ་པ་ནི། །ཞེས་བྱ་བ་ནི་རི་རབ་ཀྱི་བྱང་ཕྱོགས་ན་མངའ་མཛད་ཅིང་། བྱང་ཕྱོགས་སྐྱོང་བར་བྱེད་པའོ། །ལྕང་ལོར་ལྡན་པ་ཡིད་དུ་མཆི། །དེ་བས་བདག་ནི་ལྕང་ལོའི་བདག །ཞེས་བྱ་བ་ནི་ལྟ་ན་སྡུག་ཅིང་མཛེས་པར་སྣང་བ་ཡིད་དུ་འོང་
བར་གནས་སོ། །རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན། །ལྷ་རྣམས་ཀུན་གྱིས་བསམ་པར་གྱུར། །ཞེས་བྱ་བ་ནི་ལས་ཀྱི་ལྷས་བྱིན་གྱིས་བརླབས་པ། རིན་པོ་ཆེའི་གཞལ་ཡས་ཁང་དུ་སྣང་བའོ། །ཕྱི་ར་ཤིན་ཏུ་མཐོན་པོ་ཅན། །རིན་ཆེན་ཀུན་གྱིས་བརྒྱན་པ་ལགས། །ཞེས་བྱ་བ་ནི་རིན་པོ་ཆེ་
Vol. 72 · folio 44a
སྣ་བདུན་ལས་བྱས་པ། རྒྱ་ཕིབས་དང་ལྡན་པ། བདུན་ཐོག་ཡོད་པའོ། །འཕང་དུ་དཔག་ཚད་བཅུ་དྲུག་སྟེ། །གསེར་གྱི་རྒྱུ་ལས་བགྱིས་པ་ལགས། །ཞེས་བྱ་བ་ནི་ཐོག་རེ་རེ་ལ་དཔག་ཚད་བཅུ་དྲུག་བཅུ་དྲུག་སྟེ། རིན་པོ་ཆེ་སྣ་བདུན་གྱིས་ཕྲ་བྱས་པའོ། །ཕྱོགས་བཞི་ལྕོག་ནི་རེ་རེ་
ལའང་། །གནོད་སྦྱིན་ལག་ན་རྡོ་རྗེ་དག །ཅེས་བྱ་བ་ནི་སྒོ་བཞི་དང་ལྡན་པ་ཕྱོགས་རེ་རེ་ནས་སྲུང་མར་སྣང་བའོ། །ཀུན་ནས་རབ་ཏུ་གནས་པར་གྱུར། །ལག་ན་མཚོན་ཆ་ལེགས་པར་སྤྲུལ། །ཞེས་བྱ་བ་ནི་གནོད་སྦྱིན་ཕོ་མོ་མང་པོ་གནས་ཤིང་། མཚོན་ཆ་སྣ་ཚོགས་ཐོགས་པའོ། །རྒྱལ་
པོའི་ཕོ་བྲང་དེ་ཡི་སྒོ། །བཞི་པ་གཏོད་པར་བགྱིས་པ་ནི། །ཞེས་བྱ་བ་ནི་ཀ་བ་བརྒྱད་ཀྱིས་མཛེས་པ། རྒྱན་རྣམ་བཞིས་ལྟ་ན་སྡུག་པའོ། །གཅིག་ནི་གསེར་ལས་བགྱིས་པའི་སྒོ། །གཉིས་པ་དངུལ་ལས་བགྱིས་པ་ལགས། །ཞེས་བྱ་བ་ནི་ཐོག་རེ་རེ་ལ་ཡང་སྒོ་བཞི་བཞི་དང་ལྡན་པའོ། །
གསུམ་པ་ཤེལ་གྱི་སྒོ་མོ་ལགས། །བཞི་པ་གསེར་གྱིས་རྣམ་པར་སྤྲས། །ཞེས་བྱ་བ་ནི་རིམ་པ་བཞིན་དུ་རིན་པོ་ཆེ་རྣམས་ཀྱིས་བྱས་པའོ། །གྲོང་ཁྱེར་དེ་ཡི་ནང་དག་ན། །སྐྱེད་མོས་ཚལ་གྱི་མེ་ཏོག་རྒྱས། །ཞེས་བྱ་བ་ནི་རྫིང་བུ་དང་། མེ་ཏོག་གི་ར་བ་ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་
པས་བརྒྱན་པའོ། །དེ་ཡི་ནང་ན་གཞལ་མེད་ཁང་། རིན་ཆེན་སྣ་བདུན་སྣ་ཚོགས་མཆིས། །ཞེས་བྱ་བ་ནི་གནོད་སྦྱིན་ཕོ་རྣམས་སྤྱོད་པ་བྱེད་པའི་གཞལ་ཡས་ཁང་སྣང་བའོ། །རིན་ཆེན་སྣ་ཚོགས་ལྗོན་ཤིང་དང་། །བྱ་བྲན་སྣ་ཚོགས་སྐད་ཀྱང་འབྱིན། །ཞེས་བྱ་བ་ནི་དེའི་སྐྱེད་མོས་ཚལ་དང་རྫིང་
བུར། ཁྲུང་ཁྲུང་དང་ཁུ་བྱུག་ལ་སོགས་པ་བྱ་སྣ་ཚོགས་ཀྱི་སྐད་ཀྱིས་མཛེས་པའོ། །མེ་ཏོག་སྣ་ཚོགས་ལེགས་པར་བཀྲམ། །སྣ་ཚོགས་སྤོས་ཀྱིས་བྱུགས་པ་ལགས། །ཞེས་བྱ་བ་ནི་ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་ཀུ་མུ་ཏ་དང་པུཎྜ་རཱི་ཀ་ལ་སོགས་པས་བརྒྱན་པ། ཡན་ལག་བརྒྱད་
དང་སྦྱར་བའི་པོག་ཕོར་དང་ལྡན་པའོ། །གནོད་སྦྱིན་མོ་ནི་འཇོམས་མ་དང་། །གླུ་དང་རོལ་མོས་རབ་ཏུ་བརྒྱན། །ཞེས་བྱ་བ་ནི་ལྟ་ན་སྡུག་པ་རྒྱགས་མ་དང་ལྡན་པ་ཤེ་དག་རྣམས་ཀྱིས། རོལ་མོ་སྣ་ཚོགས་ལ་སྤྱོད་པའོ། །དཔལ་གྱི་དམ་པ་ཉམས་སུ་མྱོང་། །དེར་ནི་འབྱུང་པོའི་དཀྱིལ་འཁོར་
Vol. 72 · folio 44b
དེར། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་དེ་རྣམས་ལ་སྤྱོད་པའོ། །གང་དག་འཁོར་ཞིང་མཆིས་པ་དག །རྣམ་པའི་མཆོག་ཀུན་ལྡན་པ་སྟེ། །ཞེས་བྱ་བ་ནི་ཡིད་བཞིན་ནོར་བུ་བཞིན་དུ་འདོད་པ་གང་ཡང་འབྱུང་བའོ། །ཆོས་འཚལ་བ་དང་ཆོས་སྤྱོད་པ། །ཞེས་
བྱ་བ་ནི་ཡང་དག་པར་རྫོགས་པའི་བཀའ་ཉན་ནས། མི་ལ་སོགས་པ་སེམས་ཅན་གང་ལ་ཡང་གནོད་པ་མི་སྐྱེལ་ཞིང་སྡོམ་པ་གསུམ་ལ་གནས་པའོ། །སྲོག་ཆགས་རྣམས་ལ་འཚེ་མི་བགྱིད། །ཟས་དང་སྐོམ་གྱིས་མི་བྲེལ་ཏེ། །ཞེས་བྱ་བ་ནི་འཇིག་རྟེན་གྱི་སེམས་ཅན་རྣམས་ལ་དགའ་ཞིང་།
བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །སྐྱེ་དགུ་མི་བཟད་གཞན་དག་ནི། །ལོངས་སྤྱོད་ཆེན་པོ་ཚོལ་བགྱིད་ཅིང་། །ཞེས་བྱ་བ་ནི་མིའི་ཚོགས་རྣམས་ལ་ཕྲད་པར་དགའ་ཞིང་། ཕུན་སུམ་ཚོགས་པར་བྱས་ནས་སྐྱོང་བར་བྱེད་པའོ། །ཕྱོགས་བཞི་ཀུན་དུ་རྣམ་པར་ལྟ། །གྲོང་ཁྱེར་སྒོ་ཡི་
གོམ་ཡོ་དང་། །ཞེས་བྱ་བ་ནི་མིའི་གྲོང་ཁྱེར་གྱི་ཕྱོགས་བཞི་ནས་སྲུང་ཞིང་། དེ་རྣམས་མཐོ་བར་དགའ་བའོ། །བཟའ་ཤིང་ར་བ་ནགས་ཚལ་ན། །གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས། །ཞེས་བྱ་བ་ནི་གང་དག་གང་དུ་གནས་པའི་འབྱུང་པོ་རྣམས་ལ་རིག་སྔགས་འདིའི་དམོད་མོས་འཁོད་
པའོ། །བྱེ་བ་སྟོང་ཕྲག་བརྒྱ་མཆིས་པ། །དེ་དག་ཐམས་ཅད་མདོ་སྡེ་ཡི། །ཞགས་པས་དྲངས་ཏེ་བརླག་པར་བགྱི། །ཞེས་བྱ་བ་ནི་གང་ཡང་རུང་བ་གནོད་པ་རྣམས་ལ། རིག་སྔགས་ཀྱི་དམོད་མོའི་ཞགས་པས་འདུལ་བར་བྱེད་པའོ། །རྒྱལ་པོའི་ཕོ་བྲང་དབུས་ན་ནི། །ཆོས་ཀྱི་རྒྱལ་པོའི་གནས་
གྱུར་པ། །ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའི་དབུས་སུ། དམིགས་པ་མེད་པའི་ཕོ་བྲང་སྣང་བའོ། །བསིལ་བའི་རྫིང་བུས་བསྐོར་བ་སྟེ། །ཙནྡན་ནགས་ཀྱིས་འཁོར་བ་ལགས། །ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་བསིལ་བར་བྱེད་པའི་ཡེ་ཤེས་ཀྱིས་བསྐོར་ཞིང་། བྱམས་པ་དང་སྙིང་རྗེའི་
ནགས་ཚལ་གྱིས་བསྐོར་བའོ། །ཀུན་ནས་དཔག་ཚད་དྲུག་ཅུ་སྟེ། །ཁང་པ་བརྩེགས་པ་སྤྲུལ་པ་དག །ཅེས་བྱ་བ་ནི་སེམས་ཅན་གྱི་གཞལ་ཡས་ཁང་དུ་སྣང་ཞིང་ཡིད་བཞིན་ནོར་བུ་ལྟ་བུའོ། །གཅིག་ནི་གསེར་ལས་བགྱིས་པ་སྟེ། །གཉིས་ནི་དངུལ་ལས་བགྱིས་པ་ལགས། །
Vol. 72 · folio 45a
ཞེས་བྱ་བ་ནི་ཕྱི་ནང་གཉིས་སུ་མེད་པར་རིན་པོ་ཆེ་གསེར་དངུལ་ལས་བྱས་པའོ། །གསུམ་པ་བཻ་ཌཱུརྱ་ལས་བགྱིས། །བཞི་པ་གཙང་དང་ཤེལ་གྱི་རྒྱུ། །ཞེས་བྱ་བ་ནི་ཆོས་མི་འགྱུར་བར་སྣང་བས་བཻ་ཌཱུརྱ་སྟེ། ཕྱི་ནང་གཉིས་སུ་མེད་པར་གསལ་བ་ནི་ཤེལ་ལྟ་བུའོ། །ལྔ་པ་མུ་
ཏིག་དམར་པོ་སྟེ། །དྲུག་པ་རྡོ་ཡི་སྙིང་པོ་ལགས། །ཞེས་བྱ་བ་ནི་རྡོ་རྗེ་ཕ་ལམ་ལས་བྱས་པའི་སེང་གེའི་ཁར་མུ་ཏིག་གི་དྲ་བའི་ཕྲེང་བས་ཏེ། དེ་ཡང་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །བདུན་པ་སྤུག་ལས་བགྱིས་པ་སྟེ། །བརྒྱད་པ་རིན་ཆེན་བདུན་ལས་
བགྱིས། །ཞེས་བྱ་བ་ནི་རིན་ཆེན་དྲ་བ་དང་དྲ་བའི་ཡོན་ཏན་གྱིས་བརྒྱན་པའོ། །བུད་མེད་སྟོང་ཕྲག་བརྒྱ་དག་ཀྱང་། །དེ་དག་རེ་རེ་ཀུན་ན་གནས། །ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའོ། །ལྷབ་ལྷུབ་སྣ་ཚོགས་མཆོག་དག་དང་། །ཆ་བྱད་སྣ་ཚོགས་
མང་པོས་བརྒྱན། །ཞེས་བྱ་བ་ནི་ཚད་མེད་པ་བཞིའི་རྒྱན་གྱིས་བརྒྱན་ཅིང་མཛེས་པའོ། །གླུ་དང་རོལ་མོ་སྣ་ཚོགས་དང་། །བཟོ་ཡི་གནས་ལ་མཁས་པ་མཆིས། །ཞེས་བྱ་བ་ནི་ཟག་པ་ཟད་པའི་ཡེ་ཤེས་དང་ལྡན་ཞིང་། སེམས་ཅན་རྣམས་ཀྱི་ལས་འཇོམས་པར་བྱེད་པ་ལ་མཁས་པའོ། །
དེ་ལྟའི་རབ་ཏུ་དགའ་བ་ཡིས། །བདེ་ཞིང་ཚིམ་པའི་ཡིད་དུ་གྱུར། །ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་དང་ལྡན་ཞིང་བདེ་བར་གནས་པའོ། །དེ་ན་བདག་ནི་རྒུན་སྐྱེམས་དང་། །འདོད་པ་དག་གིས་རབ་མྱོས་པས། །ཞེས་བྱ་བ་ནི་དེ་ཡང་འབྱུང་པོ་ལ་སོགས་པའི་འདོད་པའི་ཡོན་
ཏན་ལྔ་ལ་སྤྱོད་ཅིང་། འདོད་པའི་ཞགས་པས་བཅིངས་པའོ། །བདག་གི་འཁོར་རྣམས་འཕྱན་བགྱིད་ཅིང་། །ཕྱོགས་བཅུ་དག་ཏུ་འཇིགས་པ་སྐྱེད། །ཅེས་བྱ་བ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་འཁོར་ཚན་གཅིག་ཀྱང་། སྡིག་ལ་དགའ་བས་སེམས་ཅན་ལ་འཇིགས་སྐྲག་བྱེད་པའོ། །བུད་
མེད་དག་དང་སྐྱེས་པ་དང་། །དེ་བཞིན་ཁྱེའུ་དང་བུ་མོ་དང་། །ཞེས་བྱ་བ་ནི་གཟི་བརྗིད་འཕྲོག་པ་ཤེ་དག་གོ། །མངལ་ན་གནས་པ་འཇིགས་པར་བྱེད། །དུད་འགྲོའི་སྐྱེ་གནས་གཏོགས་པ་ལའང་འཚེ། །ཞེས་བྱ་བ་ནི་མེར་མེར་པོ་དང་ནུར་ནུར་པོ་རྣམས་འཕྲོག་ཅིང་དུད་འགྲོ་རྣམས་ཀྱི་སྲོག་
Vol. 72 · folio 45b
འཕྲོག་པའོ། །སྐར་མ་དག་དང་ཉི་ཟླ་དང་། །གཏུམ་པའི་གཟའ་རྣམས་གནོད་པར་བགྱིད། །ཅེས་བྱ་བ་ནི་ཟླ་བ་ཉི་མ་མི་སྣང་བར་བྱས་ཤིང་། བཟའ་བ་དང་བཏུང་བ་རྣམས་འཕྲོག་པའོ། །ལོ་ཐོག་ས་བོན་འབྲས་བུ་དང་། །མེ་ཏོག་སྨན་དང་ཟས་སྐོམ་དང་། །ཞེས་བྱ་བ་ནི་འབྱུང་པོ་དེ་
རྣམས་ཀྱིས་ཀྱང་དུས་མ་ཡིན་པའི་རླུང་དང་སེར་བ་གཏོང་པའོ། །མི་རྣམས་ཀྱི་ནི་དཔལ་འཕྲོག་ཅིང་། །མཐོན་པོ་རྣམས་ཀྱང་དམའ་བར་བགྱིད། །ཅེས་བྱ་བ་ནི་གཟི་བརྗིད་དང་ཕུན་སུམ་ཚོགས་པ་འཕྲོག་པར་བྱེད་པ། ཕྱུག་པོ་ལྟོགས་པོར་གཏོང་བ་དག་གོ། །འཇིག་རྟེན་དག་ལ་ནོངས་
པ་རྣམས། །དམག་དང་འཐབ་མོ་ཤར་གཉེར་དང་། །ཞེས་བྱ་བ་ནི་ཁྲག་ཁྲུག་ལ་དགའ་བར་བྱེད་པའམ། མིའི་འཇིག་རྟེན་གྱི་སེམས་རྣམ་པར་བྱེད་པའོ། །ཚིག་གམ་ཞིག་གམ་གསད་བྱ་བ། །དེ་ཀུན་འབྱུང་པོའི་རྣམ་པར་གྱུར། །ཞེས་བྱ་བ་ནི་ཁྲག་ཁྲུག་ལ་སྨན་མ་བྱས་ཤིང་།
མི་རྣམས་ཀྱི་སྲོག་འཕྲོག་པའོ། །སྦེད་ཅིང་སྟོར་བར་བགྱིད་པ་དང་། །ཟློག་པར་བགྱིད་ཅིང་རྒོད་པར་བྱེད། །ཅེས་བྱ་བ་ནི་འབྱུང་པོ་དེ་རྣམས་བཟུང་ནས། ཟས་དང་སྐོམ་ཡང་མི་འཇུ་ཞིང་བཟློག་སྟེ། སྦེད་པ་ནི་ནད་སྣ་ཚོགས་གཏོང་ཞིང་སེམས་ཡང་སྟོར་བར་བྱེད་པའོ། །རེས་འགའ་
ཡང་སེམས་སྨྱོ་བར་བྱེད་པའོ། །བྱེད་པ་རྒོད་པའོ། །འཇིགས་པར་བྱེད་ཅིང་ལྟ་བར་བགྱིད། །དགྲར་འགྱུར་བ་ཡང་སྟོན་པར་བགྱིད། །ཅེས་བྱ་བ་ནི་སྐྱེས་པ་བུད་མེད་ཁྱེའུ་བུ་མོ་རྣམས་ལ་རིམས་དང་ཡམས་ནད་གྱིས་བཏབ་ཅིང་། འཇིགས་སྐྲག་བྱེད་ཅིང་བླ་འཆོལ་སྨྲ་བའོ། །ལྟ་
བ་ནི་དྲན་པ་སྟོར་ཞིང་ནམ་མཁའ་དང་ས་གཞི་ལ་ལྟ་བ་རྣམས་ཏེ། སེམས་མི་དགའ་བར་བྱས་ནས་ངུ་བའི་སྒྲ་འབྱིན་པའོ། །སྡིག་པའི་རྨི་ལམ་མཐོང་བར་བགྱིད། །ཉལ་བ་དག་ལ་གནོད་པར་བགྱིད། །ཅེས་བྱ་བ་ནི་ཤིན་ཏུ་འཇིགས་པའི་རྨི་ལམ་དང་། མི་དགེ་བའི་ལྟས་སྟོན་ཏེ།
སྐྱེས་པ་ལ་མོར་སྒྱུར་ཅིང་གནོད་ལ། བུད་མེད་ལ་ཕོར་སྒྱུར་ཅིང་གནོད་པའོ། །སྒོ་ནས་སེ་གོལ་སྒྲ་འབྱུང་ཞིང་། །མི་དྲན་བརྗེད་དེ་ཟ་བར་བགྱིད། །ཅེས་བྱ་བ་ནི་གྲོང་དང་གྲོང་ཁྱེར་དུ་རྒྱུ་ཞིང་། སེ་གོལ་ཙམ་གྱིས་ཁྲག་ཁྲུག་བྱེད་དོ། །ཁྲག་ཁྲུག་གི་སྨན་མས་ཟ་བ་དང་འཐུང་
Vol. 72 · folio 46a
བར་བྱེད་པའོ། །མཛའ་བོ་གཉེན་བཤེས་གཟུགས་དག་ཏུ། །དགའ་ཞིང་བཀའ་མཆིད་སྨྲ་བར་བགྱིད། །ཅེས་བྱ་བ་ནི་ཚེ་འདི་དང་ཕྱི་མ་ཡང་། མཛའ་བོ་དང་གཉེན་བཤེས་སུ་སྐྱེས་ཤིང་མི་དེ་ལ་གནོད་པར་བྱེད་པའོ། །བུ་མོ་སྡུ་གུའི་གཟུགས་དག་ཏུ། །འདོད་ལ་སྤྱོད་
པ་དགའ་བར་བགྱིད། །ཅེས་བྱ་བ་ནི་མཛེས་སྡུག་པ་བུ་མོའི་གཟུགས་སུ་བྱས་ནས། བྱང་ཆུབ་སེམས་དང་ཚེ་འཕྲོག་མའོ། །ཉི་མ་སྐར་མའི་གཟུགས་དང་ནི། །ཟླ་བའི་གཟུགས་སུ་གདའ་བར་བགྱིད། །ཅེས་བྱ་བ་ནི་རྨི་ལམ་དང་ལྟས་ལ་ཡང་དེ་ལྟ་བུའི་རྨི་ལམ་རྨི་བའོ། །རླུང་དང་སྐར་
མདའི་ལྕེ་གཟུགས་སུ། །ཚེ་ལ་གནོད་པར་དེ་དག་གདའ། །ཞེས་བྱ་བ་ནི་ཕྱུགས་ཆེན་པོར་གྱུར་ཅིང་། ནམ་མཁའ་ནས་འབྲུག་སྒྲ་དང་གློག་བབས་ཏེ། བར་སྣང་ལ་འོད་ཆེན་པོ་སྣང་བའོ། །སྐར་མའི་ཚོགས་དང་འདྲ་བ་དག །འཇིགས་པར་བགྱིད་པ་ཝ་དང་ཁྱི། །ཞེས་བྱ་བ་ནི་དངོས་
པོ་དང་རྨི་ལམ་ལ་ཡང་། གཅན་གཟན་གྱི་གཟུགས་སུ་སྤྲུལ་ནས་གནོད་པའོ། །རྣམ་པར་སྤྲུལ་ནས་ལྗོན་ཤིང་དང་། །མཆོད་རྟེན་དག་གི་གནས་ན་གདའ། །ཞེས་བྱ་བ་ནི་གནས་དེ་དག་ཏུ་གནས་ཤིང་། སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །སྐྱེས་པ་གཞོན་ནུའི་གཟུགས་
མཛེས་པས། །འབར་ཞིང་ཤིང་རྟའི་སྒྲ་ཡང་འབྱིན། །ཞེས་བྱ་བ་ནི་འབྱུང་པོ་དེ་རྣམས་ཀྱིས་ཁྱེའུ་དང་བུ་མོར་སྐྱེས་ནས། ཕ་མ་དག་ལ་གནོད་པར་བྱེད་པའོ། །ཤིང་རྟའི་སྒྲ་ནི་སྐད་སྣ་ཚོགས་སུ་འབྱུང་བའོ། །གནས་རྣམས་དང་ནི་ཤུལ་དག་ཏུ། །རྣམ་པ་སྣ་ཚོགས་རྗེས་ཀྱང་སྟོན། །
ཞེས་བྱ་བ་ནི་གཟུགས་དང་འོད་དང་རྫུ་འཕྲུལ་སྟོན་པའོ། །གྲོང་ཁྱེར་དག་དང་ཁྱིམ་རྣམས་ཀྱི། །སྒོ་ཡང་གནོད་སྦྱིན་དེ་དག་འབྱེད། །ཅེས་བྱ་བ་ནི་འབྱུང་པོ་དེ་རྣམས་ཀྱི་ཕྱིར་འབྲང་ཞིང་། གྲོང་དང་གྲོང་ཁྱེར་རྣམས་ལ་གནོད་པར་བྱེད་དེ། སྒོ་ཕུག་དང་འཕྲང་ཀར་བསྡད་ཅིང་འཛིན་
པའོ། །སྲོག་དང་ལུས་ཀྱང་བླང་བགྱིས་ཤིང་། །ལམ་ངན་ཀུན་དུ་བསྐོར་བར་བགྱིད། །ཅེས་བྱ་བ་ནི་ལུས་ལ་ན་ཚ་དྲག་པོར་བྱས་ཤིང་། སྲོག་འབྲལ་བར་བགྱིད་པའོ། །བསྐལ་པ་བདུན་གྱི་བར་དུ་ཡང་རྗེས་སྙག་པའོ། །རྣམ་པ་སྣ་ཚོགས་གཟུགས་དག་དང་། །རྣམ་པ་སྣ་
Vol. 72 · folio 46b
ཚོགས་སྒྲ་རྣམས་དང་། །ཞེས་བྱ་བ་ནི་གཟུགས་སྣ་ཚོགས་སུ་སྒྱུར་ཞིང་། ཁ་དོག་སྣ་ཚོགས་སྤྲུལ་པའོ། །རྣམ་པ་སྣ་ཚོགས་ནད་རྣམས་ཀྱིས། །ལུས་ལ་ན་བར་གནས་པར་སྟོན། །ཞེས་བྱ་བ་ནི་མཛེ་དང་ལྷོག་པ་ཕོལ་མིག་ལ་སོགས་པའི་ནད་བཞི་བརྒྱ་རྩ་བཞི་སྟོན་པ་དག་གོ། །ནད་རྣམས་
ཀུན་གྱི་མཚན་ཉིད་ཀྱང་། །ཕྱིན་ཅི་ལོག་ཏུ་སྟོན་པར་བྱེད། །ཅེས་བྱ་བ་ནི་རླུང་དང་བད་ཀན་མཁྲིས་པར་སྟོན་ཅིང་། བད་ཀན་རླུང་དང་མཁྲིས་པར་སྟོན་ཏེ་རྩ་འཁྲུག་པར་སྣང་བའོ། །ཇི་སྙེད་འཇིག་རྟེན་རང་བཞིན་དག །ཐམས་ཅད་ལོག་པར་དེ་དག་སྟོན། །ཞེས་བྱ་བ་ནི་སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་རྒྱུ་ཞིང་། སེམས་ཅན་རྣམས་ལ་འཚེ་བ་ཕྱིན་ཅི་ལོག་པར་སྟོན་པའོ། །རིག་སྔགས་ཞགས་པས་དྲངས་པས་ན། །དེ་དག་ཀུན་ཀྱང་འདིར་མཆིས་སོ། །ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་དམོད་མོའི་
ཞགས་པས་མ་རུངས་པའི་འབྱུང་པོ་རྣམས་བཅིངས་པའོ། །དེ་ནས་ཞེས་བྱ་བ་ནི། འབྱུང་པོ་བཤད་པའི་དེ་ནས་སོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །ཞེས་བྱ་བ་ནི་བྱང་ཕྱོགས་ཀྱི་གདོན་གནོད་པར་བྱེད་པ་རྣམས་ལ་ཆད་པ་གཅོད་པའོ། །ལངས་ཏེ་ཐལ་མོ་རབ་སྦྱར་ནས། །ཞེས་
བྱ་བ་ནི་འཁོར་གྱི་ནང་ནས་སངས་རྒྱས་ཀྱི་སྤྱན་སྔར་ལངས་སོ། །ཞབས་ལ་འཁོར་ལོའི་མཚན་མངའ་བ། །གསེར་གྱི་མཆོད་སྡོང་འབར་བ་བཞིན། །ཞེས་བྱ་བ་ནི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཆོས་ཀྱི་ཕུང་པོའི་རང་བཞིན་གྱི་
སྐུའོ། །འཇིག་རྟེན་སྣང་བར་མཛད་པ་པོ། །ཐུབ་པ་ཆེན་པོ་མེ་དང་འདྲ། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཆོས་ཀྱི་རྒྱལ་པོར་སྣང་བ་བསྐལ་པ་མེ་ལྟར་འབར་བའི་འོད་དོ། །སྟོང་ཕྲག་དྲུག་ཅུ་རྩ་བཞི་ནི། །གནོད་སྦྱིན་གསང་སྔགས་མི་བཟད་ཅན། །
ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྟོང་ཆེན་མོའི་རིག་སྔགས་ཞལ་ནས་གསུངས་པས། གནོད་སྦྱིན་གྱི་གདོན་རྣམས་བརླག་པར་བྱེད་པའོ། །བྱང་ཕྱོགས་ཆ་ཡི་ཕྱོགས་ཆ་གནས། །བྱང་ཕྱོགས་དག་ཏུ་གནོད་པར་བགྱིད། །ཅེས་བྱ་བ་ནི་གནོད་སྦྱིན་འབྱུང་པོ་མ་རུངས་པ་
Vol. 72 · folio 47a
རྣམས་སོ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །ཅེས་བྱ་བ་ནི་སྟོང་ཆེན་མོའི་རིག་སྔགས་ཀྱི་ཆད་པས་གཅོད་པའོ། །སྱཱད་ཡ་ཐེ་དན་ཞེས་བྱ་བ་ནི། འདི་ལྟ་སྟེ། གང་ལ་ཞེ་ན་རིག་སྔགས་འདིའོ། །བྱང་ཕྱོགས་སུ་བདག་བདེ་
ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི་བདག་ཉེ་བར་མཚོན་པའོ། །བདེ་ལེགས་ནི་སེམས་ཅན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་པའོ། །དེ་དག་ནི་རྒྱལ་པོ་བཞི་དང་ཕྱོགས་སྐྱོང་བ་བཅུའི་ཆད་པ་སྒྲེས་པ་སྟེ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ། །
ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་གཟུགས་ཁམས་ཀྱི་ལྷ་རྣམས་དང་། བརྒྱ་བྱིན་ལ་སོགས་པ་འདོད་ཁམས་ཀྱི་ལྷ་རྣམས་དང་། འཇིག་རྟེན་སྐྱོང་བ་བཅུ་པོ་དང་། གནས་གཙང་མ་དང་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་། གནོད་སྦྱིན་དེད་དཔོན་ཐམས་ཅད་དང་། །འཕྲོག་
མའི་བུ་དང་བཅས་པ་དང་། །ཞེས་བྱ་བ་ནི་མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་དང་། གནོད་སྦྱིན་གྱི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་གྱི་དེད་དཔོན་ལྔས་རྩེན་དང་། འཕྲོག་མའི་བུ་ལྔ་བརྒྱའོ། །བདག་གི་མེ་ཏོག་སྤོས་དག་དང་། །སྦྱིན་སྲེག་འདི་ནི་བླང་བར་གྱིས། །ཞེས་བྱ་བ་ནི་རྒྱལ་
ཆེན་རྣམ་ཐོས་ཀྱི་བུས། སེམས་ཅན་གྱི་དོན་དུ་དེ་དག་འབུལ་བའོ། །དེ་དག་གི་ནི་བརྩོན་འགྲུས་དང་། །གཟི་བརྗིད་དབང་ཕྱུག་སྟོབས་ཀྱིས་ཀྱང་། །ཞེས་བྱ་བ་ནི་ལྷ་དེ་དག་གི་མཐུའི་ནུས་པའོ། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །ཞེས་བྱ་བ་ནི། རླུང་མཁྲིས་བད་ཀན་ལ་སོགས་པ་
ནད་བཞི་བརྒྱ་རྩ་བཞི་འཇོམས་པའོ། །བདག་འཇིགས་པ་དང་། གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ་ཞེས་བྱ་བ་ནི། །གང་ཟག་འདི་ལ་གུས་པར་བྱེད་པ་ནད་དང་འཇིགས་པ་ལས་ཐར་བའོ། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་
ལ། །ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཀྱང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་ལ་བརྒྱན་པའི་སྤྲུལ་པའི་སྐུ་ལ་གུས་པས་ཕྱག་འཚལ་ལོ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་སྟོང་
Vol. 72 · folio 47b
གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཆོས་ཀྱི་རྒྱལ་སྲིད་མཛད་ཅིང་། ཆོས་ཀྱི་རང་བཞིན་གྱིས་ཁྱབ་སྟེ། དེ་ལ་སྐུ་གསུང་ཐུགས་ཀྱིས་གུས་པར་ཕྱག་འཚལ་བའོ། །རྒྱལ་ཆེན་ཡུལ་འཁོར་སྲུང་བ་ཡང་། །ལངས་ཏེ་ཐལ་མོ་སྦྱར་བཏུད་ནས། །ཞེས་བྱ་བ་ནི་འཇིག་རྟེན་མགོན་གྱི་སྤྱན་སྔར་
གུས་པར་འདུད་པའོ། །མེ་ཏོག་ལྟ་བུར་རྒྱས་གྱུར་ཅིག །ཀ་ལ་པིངྐའི་སྒྲ་དབྱངས་ཅན། །ཞེས་བྱ་བ་ནི་ཞལ་པདྨ་རྒྱས་པ་དང་འདྲ་བ། དབྱངས་གསལ་བ་ལ་ཕྲ་བའོ། །ཁུ་བྱུག་དང་ནི་རྨ་བྱའི་སྒྲ། །རྔ་དང་འབྲུག་གི་སྒྲ་སྒྲོགས་པ། །ཞེས་བྱ་བ་ནི་སྒྲ་གསལ་བ་ཡིད་དུ་འོང་བ། རོལ་མོའི་
ཚོགས་དང་ལྡན་པའོ། །ཐུབ་ཆེན་གནོད་སྦྱིན་སྲིན་པོ་དང་། །དྲི་ཟ་སྟོང་ཕྲག་དྲུག་ཅུ་བཞི། །ཞེས་བྱ་བ་ནི་ཤར་ཕྱོགས་ན་འཁོད་པའི་འབྱུང་པོ་རྣམས་སོ། །ཤར་གྱི་ཕྱོགས་ཆའི་ཕྱོགས་ན་གནས། །ཤར་ཕྱོགས་པ་ལ་གནོད་པར་བགྱིད། །ཅེས་བྱ་བ་ནི་མ་རུངས་པ་དེ་རྣམས་ལ་
རིག་སྔགས་ཀྱི་དམོད་མོས་ཆད་པ་གཅོད་པའོ། །འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། །དེ་དག་ཐམས་ཅད་བདག་གིས་བཤད། །ཅེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་ཞུས་པའོ། །
གང་ཞུས་ན། དྲི་ཟ་ལ་སོགས་པའི་སྲོག་སྙིང་རིག་སྔགས་སྙིང་པོས་ཞུས་པའོ། །གསང་སྔགས་ནི་འདི་ལྟ་སྟེ། དྷཱ་ར་ཎི་ལ་སོགས་པའོ། །ཤར་ཕྱོགས་སུ་བདག་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ་ཞེས་བྱ་བ་ནི་གང་དག་འདི་ལ་གུས་པ་ཤར་ཕྱོགས་སུ་གནོད་པ་དང་། འཇིགས་པ་
མི་འབྱུང་བའོ། །འདི་ཡང་ཡུལ་འཁོར་སྲུང་གིས་གསུངས་པ་སྟེ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ནི། །གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་དག་གི་གཟི་བརྗིད་དང་མཐུའི་དབང་གིས། གང་ཟག་ནད་དང་འཇིགས་པ་ལས་ཐར་པའོ། །ཕྱག་འཚལ་སྐྱེས་
བུ་དཔའ་ཁྱོད་ལ་སོགས་པ་ནི་གོང་དུ་བཤད་པ་བཞིན་བྱའོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །ཐལ་མོ་སྦྱར་ཏེ་དེ་ནས་ལངས། །ཞེས་བྱ་བ་ནི་འཇིག་རྟེན་མགོན་གྱི་སྤྱན་སྔར་གུས་པས་ཐལ་མོ་སྦྱར་བའོ། །ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས། །སྨྲ་བ་
Vol. 72 · folio 48a
ཐམས་ཅད་རབ་འཇོམས་པ། །ཞེས་བྱ་བ་ནི་རིན་པོ་ཆེ་རང་གི་ལག་མཐིལ་དུ་སྣང་བ་དང་འདྲ་བ་འཇིག་རྟེན་གྱི་ཁམས་ཐུགས་རྗེས་ལྟ་བ། རྣམ་པར་རྟོག་པའི་ངོ་བོ་བདུད་བཞི་འཇོམས་པའོ། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པ། །འཇིག་རྟེན་ཐམས་
ཅད་རྣམ་འདྲེན་པ། །ཞེས་བྱ་བ་ནི་མ་རིག་པའི་ངོ་བོ་ཉིད་ཉོན་མོངས་པ་རྣམས་འཇོམས་པའོ། །ཡེ་ཤེས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་སེམས་ཅན་མཐོ་རིས་སུ་འདྲེན་པའོ། །གྲུལ་བུམ་ཡི་དགས་སྲུལ་པོ་དག །སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས། །ཞེས་བྱ་བ་ནི་མ་རུངས་པའི་གྲུལ་བུམ་
ལ་སོགས་པ་རིག་སྔགས་ཀྱི་ཆད་པས་གཅོད་པའོ། །ལྷོ་ཕྱོགས་ཆ་ཡི་ཕྱོགས་ན་གནས། །དེ་དག་བྱུང་ལ་གནོད་པར་བགྱིད། །ཅེས་བྱ་བ་ནི་ལྷོ་ཕྱོགས་ན་འཁོད་ཅིང་གནོད་པར་བྱེད་པའོ། །འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །ཅེས་བྱ་བ་ནི་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་ཞུས་པའོ། །གང་ཞུས་ཤེ་ན། གྲུལ་བུམ་ལ་སོགས་པའི་སྲོག་སྙིང་རིག་སྔགས་ཀྱི་ལས་ཀྱི་སྙིང་པོའོ། །གསང་སྔགས་ནི་འདི་ལྟ་སྟེ། ཤཱནྟི་ཤཱནྟི་ལ་སོགས་པའོ། །ལྷོ་ཕྱོགས་སུ་བདག་བདེ་ལེགས་སུ་གྱུར་ཅིག་
སྭཱ་ཧཱ་ཞེས་བྱ་བ་ནི། གང་ཟག་འདི་ལ་གུས་པ་ལ་ལྷོ་ཕྱོགས་ཀྱི་ནད་དང་འཇིགས་པ་མི་འབྱུང་བའོ། །ཚངས་པ་ལ་སོགས་པ་ཞེས་བྱ་བ་ནི། སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་དག་གི་གཟི་བརྗིད་དང་དབང་ཕྱུག་གིས་གང་ཟག་གི་ནད་དང་འཇིགས་པ་དང་བྲལ་བའོ། །ཕྱག་འཚལ་
སྐྱེས་བུ་དཔའ་ཁྱོད་ལ། །སོགས་པ་ནི། གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །རྒྱལ་པོ་མིག་མི་བཟང་བ་ཡང་། །ཐལ་མོ་སྦྱར་བ་བྱས་ནས་ལངས། །ཞེས་བྱ་བ་ནི་འཇིག་རྟེན་མགོན་པོའི་སྤྱན་སྔར་གུས་པར་འདུད་པའོ། །སྤྲིན་ཆེན་སེང་གེ་ཆེན་པོ་པ། །ཆེ་བའི་ཆེ་བ་རྒྱ་མཚོ་
ཆེ། །ཞེས་བྱ་བ་ནི་འཇིགས་པ་མེད་པ་སེང་གེ་བཞིན་དུ་སྤྱོད་པ་སེམས་ཅན་སྤྲིན་གྱི་ཆར་བཞིན་དོན་བྱེད་པའོ། །རྒྱ་མཚོ་བཞིན་དུ་བསམ་གྱིས་མི་ཁྱབ་པའོ། །གསུང་བ་ཆེན་པོ་དཔའ་ཆེན་པོ། །གཡུལ་ཆེན་རབ་ཏུ་འཇོམས་མཛད་པ། །ཞེས་བྱ་བ་ནི་སྨྲ་བའི་སེང་གེ་སྟོབས་དང་ལྡན་པ་ཉོན་མོངས་
Vol. 72 · folio 48b
པའི་གཡུལ་ཆེན་པོ་འཇོམས་པའོ། །ཀླུ་དང་འདབ་བཟངས་གསང་བ་པོ། །སྟོང་ཕྲག་དྲུག་ཅུ་རྩ་བཞི་དག །ཅེས་བྱ་བ་ནི་མ་རུངས་པའི་ཀླུའི་གདོན་ལ་སོགས་པ་རིག་སྔགས་ཀྱི་དམོད་མོའི་ཆད་པས་གཅོད་པའོ། །ནུབ་ཀྱི་ཕྱོགས་ཆའི་ཕྱོགས་ན་གནས། །དེ་ནས་བྱུང་ནས་གནོད་པར་
བགྱིད། །ཅེས་བྱ་བ་ནི་ནུབ་ངོས་ནས་འཁོད་ནས་དེ་དག་ནས་བྱུང་བའོ། །འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །ཅེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གིས་ཞུས་པའོ། །གང་ཞུས་ཤེ་ན། ཀླུ་རྣམས་
ཀྱི་སྙིང་པོའོ། །རིག་སྔགས་ཀྱི་ལས་ཀྱི་སྙིང་པོའོ། །གསང་སྔགས་ནི་འདི་ལྟ་སྟེ། བ་ཏྲི་བ་ར་ཏྲི་ལ་སོགས་པའོ། །ནུབ་ཕྱོགས་སུ་བདག་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ་ཞེས་བྱ་བ་ནི། གང་དག་ནུབ་ཕྱོགས་གྱི་འཇིགས་པ་དང་། ནད་ལ་སོགས་པ་དང་བྲལ་བའོ། །ཚངས་པ་ལ་
སོགས་པ་ནི་སྔར་བཤད་པ་བཞིན་ནོ། །དེ་དག་གི་མཐུ་དང་གཟི་བརྗིད་ཀྱིས་ཀྱང་གང་ཟག་གི་ནད་དང་འཇིགས་པ་དང་བྲལ་བའོ། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ་སོགས་པ་ནི། གོང་བཞིན་དུ་ཤེས་པར་བྱའོ། །དེ་ནས་ནི་ཚིག་གི་བར་གྱི་དེ་ནས་སོ། །ཚངས་པ་དང་ནི་ཚངས་
ཆེན་ཡང་། །ཐལ་མོ་སྦྱར་བ་བྱས་ནས་ལངས། །ཞེས་བྱ་བ་ནི་མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང་འཇིག་རྟེན་མགོན་པོའི་སྤྱན་སྔར་འདུད་པའོ། །ཚངས་པས་བཀྲུས་པ་དག་པའོ། །རིག་བྱེད་ཀུན་གྱི་ཕ་རོལ་ཞེས་བྱ་བ་ནི། མི་དགེ་བ་བཅུ་སྤངས་ཤིང་དགེ་བ་བཅུ་དང་དུ་བླངས་ཏེ།
ཚད་མེད་པ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའོ། །སྐྱེ་བོ་དགའ་མཛད་སྨན་པའི་རྗེ། །འཇིག་རྟེན་ཐམས་ཅད་གསོ་མཛད་པ། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་མེས་པོར་མཛད་པས་དེའི་དོན་མཛད་པས་དབང་དུ་བསྡུ་བའོ། །གནོད་སྦྱིན་སྲིན་པོ་གང་གི་རྣམས། །ཕྱོགས་
དང་ཕྱོགས་མཚམས་གནས་པ་རྣམས། །ཞེས་བྱ་བ་ནི་ཕྱོགས་བཅུ་ན་བསྡད་པའི་འབྱུང་པོ་རྣམས་རིག་སྔགས་ཀྱི་དམོད་མོས་ཆད་པ་གཅོད་པའོ། །ས་ཡི་འོག་དང་ས་ཡི་སྟེང་། །ནམ་མཁའ་དག་ལ་གནས་པའི་གདོན། །ཞེས་བྱ་བ་ནི་ས་བདག་ཏུ་གནས་པ་བར་སྣང་ལ་རྒྱུ་བ་མ་རུངས་
Vol. 72 · folio 49a
པའི་འབྱུང་པོ་རྣམས་སོ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །དེ་དག་ཆད་པ་བདག་གིས་བཤད། །ཅེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་མི་མཇེད་ཀྱི་བདག་པོ་ཚངས་པས་ཞུས་པའོ། །གང་ཞུས་ཤེ་ན། འབྱུང་པོ་རྣམས་ཀྱི་
གཉེན་པོ་རིག་སྔགས་ཀྱི་ལས་ཀྱི་སྙིང་པོའོ། །གསང་སྔགས་ནི་འདི་ལྟ་སྟེ། བྷྲ་མེ་བྷྲ་མ་གོ་ཥེ་ལ་སོགས་པའོ། །ཕྱོགས་བཅུ་དག་ཏུ་བདག་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ་ཞེས་བྱ་བ་ནི། །གང་ཟག་འདི་ལ་གུས་པ་ལ་ཕྱོགས་ཐམས་ཅད་ཀྱི་འཇིགས་པ་མི་འབྱུང་བའོ། །ཚངས་པ་
དང་ནི་བརྒྱ་བྱིན་ལ་སོགས་པ་ཞེས་བྱ་བ་ནི། །གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་དག་ཀུན་གྱི་མཐུའི་ནུས་པས་གང་ཟག་ལ་འཇིགས་པ་དང་། ནད་ཐམས་ཅད་དང་བྲལ་བའོ། །རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ཞེས་བྱ་བ་ནི་
འདིའི་རྐྱེན་གྱིས་མཛེ་ནད་བཅོ་བརྒྱད་དུ་འབྱུང་སྟེ། དེ་རྣམས་ཀྱིས་ཀྱང་འཇིགས་པ་དང་བྲལ་བའོ། །ནད་རྣམས་ཐམས་ཅད་བཅོམ་པར་གྱུར། །བདག་འཇིགས་པ་དང་གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ་ཞེས་བྱ་བ་ནི། གང་ཟག་གང་ཡང་འདིའི་ནུས་པས་ནད་བཞི་བརྒྱ་
རྩ་བཞི་དང་འཇིགས་པ་བརྒྱད་དང་བྲལ་བའོ། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ་སོགས་པ་ནི་གོང་བཞིན་དུ་ཤེས་པར་བྱའོ། །དེ་ཡན་ཆད་ནི་འབྱུང་པོའི་གནས་སྐབས་བཤད་པ་སྟེ་བཞི་པའོ།། །།དེ་ནས་ཞེས་བྱ་བ་ནི། འབྱུང་པོའི་ཆོ་ག་བཤད་པའི་དེ་ནས་སོ། །བཅོམ་ལྡན་
འདས་འདི་སྙམ་དུ་དགོངས་ཏེ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་གྱི་དོན་ལ་སྙོམས་པར་ཞུགས་ཏེ། ཡང་ན་ཐུགས་རྗེས་གཟིགས་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་དོན་བྱ་སེམས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་བྱ་བ་ནི། གངྒཱའི་ཀླུང་
གི་བྱེ་མ་སྙེད་ཙམ་མོ། །ཡང་འདི་ནས་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་བ་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་སེང་གེ་རྣམས་ཞེས་བྱ་བ་ནི། རྒྱལ་སྲིད་ནི་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་དོན་ལ་
Vol. 72 · folio 49b
དགོངས་ནས་ཆོས་ཀྱི་རྒྱལ་སྲིད་བྱེད་པའོ། །ཅིའི་ཕྱིར་འཇིག་རྟེན་དུ་བྱུང་བ་མ་ཡིན་ཞེས་བྱ་བ་ནི། ཤཱཀྱ་སེང་གེའི་བསྟན་པ་ལས་བྱུང་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔོན་དུ་སོང་བའི་སངས་རྒྱས་རྣམས་ཀྱིས་བྱས་པའི་ཕྱིར་ཞེས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་
བྱ་བ་ནི། འདས་པ་དང་ད་ལྟར་བཞུགས་པ་དང་། མ་བྱོན་པ་རྣམས་སོ། །གྲོང་ཁྱེར་ནི་ཞེས་བྱ་བ་ནི། ས་གཅིག་ཏུ་བཤད་པ་ལ་བྱ། གྲོང་རྡལ་ནི་ཆེ་བའི་ཕྱིར་རོ། །ལྗོངས་ནི་ལྕགས་རི་དང་བཅས་པའོ། །གྲོང་དང་ཞེས་བྱ་བ་ནི་ཆུང་བ་ལ་སོགས་པའོ། །ཁྱིམ་ན་ཞེས་བྱ་བ་ནི། སེམས་ཅན་
ནོ། །སེམས་ཅན་གཅིག་གི་བར་གྱི་དོན་གྱི་ཕྱིར། འཇིག་རྟེན་དུ་བྱུང་བ་མ་ཡིན་ཞེས་བྱ་བ་ནི་སངས་རྒྱས་རྣམས་བྱུང་བའོ། །གང་གི་ཕྱིར་བྱུང་ཞེ་ན། འཇིག་རྟེན་གྱི་ལྷ་དང་བཅས་ནས་བྱུང་བའི་ཕྱིར་རོ། །བཅས་ནས་བྱུང་ཞེས་པ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་དོན་དུ་བྱུང་
བའོ། །བདུད་དང་བཅས་པ་ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་དོན་དུ་ཞེས་བྱ་བ་ནི། འཇིག་རྟེན་མི་ལ་གང་ཡང་འབྱུང་བའི་ཕྱིར། དེའི་དོན་དུ་སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་སྤྱན་གྱིས་ལྟ་
བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་བྱ་བ་ནི། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཙམ་མོ། །འཇིག་རྟེན་དུ་བྱུང་སྟེ་ཞེས་པ་ནི། །གཅིག་གི་དོན་དུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ཀྱིས་ལུང་བསྟན་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་སངས་
རྒྱས་བཅོམ་ལྡན་འདས་སོ། །དཔེར་ན་ཞེས་བྱ་བ་ནི། སྨན་པ་མཁས་པའི་དཔེའོ། །སྨན་པ་མཁས་པ་མཆོག་ཏུ་ཕྱིན་པ་ཞེས་བྱ་བ་ནི། གཅིག་གི་དོན་དུ་ནི་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །གསོ་བ་ལ་བརྩོན་པ་ཞེས་བྱ་བ་ནི། ཡོན་ཏན་དང་ལྡན་
པའོ། །སྨན་པས་ཤེས་པར་བྱ་བ་བཞིན་དུ་བསླབ་པ་ཞེས་བྱ་བ་ནི། ཡོན་ཏན་ནི་རིག་པ་བསླབས་པའོ། །རྒྱལ་པོ་གཅིག་གི་དོན་དུ་བྱུང་བ་མ་ཡིན་ཞེས་བྱ་བ་ནི། རྒྱལ་པོའི་དོན་དུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྒྱལ་སྲིད་བྱེད་པའི་
Vol. 72 · folio 50a
ཕྱིར་རོ། །ཡང་ན་སེམས་ཅན་གྱི་དོན་བྱེད་དོ། །ཡུལ་གཅིག་གི་དོན་དུ་བྱུང་བ་མ་ཡིན་པ་ནས་ཞེས་བྱ་བ་ནི། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་། ལྗོངས་རྣམས་སུ་རྒྱུ་བའོ། །སེམས་ཅན་གཅིག་གི་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་ནོ། །རབ་ཏུ་
བྱུང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །མ་ཡིན་པ་དང་འདྲའོ་ཞེས་བྱ་བ་ནི། ཐེག་པ་ཆུང་ངུ་མ་ཡིན་པས། ཐེག་པ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བ་ལ་གནས་པའི་སེམས་ཅན་རྣམས་འདོན་པའོ། །
ཕྱོགས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞེས་བྱ་བ་ནི། འདས་པའི་སངས་རྒྱས་རྣམས་སོ། །བཞུགས་པའི་ཕྱོགས་དེ་ཞེས་བྱ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའོ། །དེ་དག་ཏུ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ནོ། །མི་རྣམས་དང་། མི་མ་ཡིན་
པ་དག་ཀྱང་རྣམ་པར་འཚེ་བར་མི་བྱ་བར་སེམས་ཀྱིས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སེམས་ཀྱིས་དགོངས་ནས། གྲོང་ཁྱེར་ཡངས་པ་ཅན་གྱི་དོན་དུ་བཞེངས་སོ། །གང་གི་ཕྱིར་ཞེ་ན། མུན་ནག་བྱུང་བའི་ཕྱིར་རོ། །ང་ཡང་ཞེས་བྱ་བ་ནི། སངས་རྒྱས་ཤཱཀྱ་ཐུབ་པའོ། །
ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞེས་བྱ་བ་ནི། ཞེང་དང་ཆུ་རུ་དཔག་ཚད་ལྔ་བཅུའོ། །རྒྱ་ཆེ་བ་ཡངས་པ་སྐྱེ་བོ་མང་པོའི་ཚོགས་འདུ་བ། འོབས་རིམ་པ་བདུན་གྱིས་བསྐོར་བ། ཤིང་ལྗོན་པ་རྣམས་ཕྱོགས་ཕྱོགས་ན་ཡོད་པ། སྐྱེད་མོས་ཚལ་ཕྱོགས་ནས་བརྒྱན་པ། སྐྱེད་མོས་ཚལ་རེ་རེ་ཡང་
རྫིང་བུ་རེ་རེ་དང་བཅས་པ། རྫིང་བུའི་ནང་ན་མེ་ཏོག་པདྨ་དང་། པུཎྜ་རཱི་ཀ་དང་། ཨུཏྤ་ལ་དང་། ཀུ་མུ་ད་ལ་སོགས་ཏེ། དྲི་ཞིམ་པོའི་མེ་ཏོག་སྐྱེ་བ། ཆུ་དེ་ཡང་ཙནྡན་ལ་སོགས་པའི་དྲི་ཞིམ་པ་སྐྱེ་བ། རྫིང་བུ་དེ་རྣམས་ཀྱི་ནང་ན། བྱའི་ཚོགས་ཡོད་པ། ངང་པ་དང་། ངུར་པ་དང་། ཁྲུང་ཁྲུང་
དང་། ས་ར་ས་ལ་སོགས་པ་ཡོད་པ། སྐྱེད་མོས་ཚལ་དེ་རྣམས་ན་ཐང་ལས་སྐྱེས་པའི་མེ་ཏོག་དྲི་ཞིམ་པ་ཛཱ་ཏིའི་མེ་ཏོག་དང་ཀུ་མུ་ད་དང་། ཙམ་པ་ཀ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྔོན་པོ་དང་། མཐིང་ག་དང་། ལེ་བརྒན་ལ་སོགས་པའི་དྲི་ཞིམ་པོ་སྐྱེ་བ། སྐྱེད་མོས་ཚལ་
Vol. 72 · folio 50b
གྱི་འགྲམ་ནས་འབྲས་བུ་ཅན་གྱི་ཤིང་སྐྱེས་པ། ཨ་འབྲས་ཀྱི་ཤིང་དང་། འཇམ་འབྲས་ཀྱི་ཤིང་དང་། སྟར་ག་དང་། ཨུ་ནུའི་ཤིང་དང་། སེ་བ་དང་། རྒྱའི་སེ་བ་དང་། ཤུག་པ་དང་། རྒྱ་ཤུག་དང་། ཤིང་བལ་པོ་སེའུ་དང་། ཨུ་དུམྺཱར་དང་། ནེར་འགོའི་ཤིང་ལ་སོགས་པའི་ཤིང་ཡོད་དོ། །གྲོང་ཁྱེར་
ཡངས་པ་ཅན་གྱི་ཕྱོགས་ཕྱོགས་ན་མཆོད་རྟེན་གྱིས་བསྐོར་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དར་བ། དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མའམ། དེ་དག་ཀྱང་སངས་རྒྱས་ཀྱིས་གསུངས་པ་དེ་བཞིན་སྲུང་བ། བྲམ་ཟེ་འམ། བྲམ་ཟེ་མོའམ།
རྒྱལ་པོ་འམ། རྒྱལ་མོའམ། བཙུན་མོའམ། བཙན་མོའམ། རྗེ་རིགས་སམ། དམངས་རིགས་ལ་སོགས་པའམ། སྐྱེ་བོ་མང་པོ་འདུས་པའམ། བྱོལ་སོང་ངམ། ཕྱུགས་ལ་སོགས་པ་མང་པོ་ཡོད་པ། གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ནོ། །ག་ལ་བ་དེར་ཞེས་བྱ་བ་ནི་གྲོང་གི་ནང་
དུའོ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོའི་ཚོགས་ཞེས་བྱ་བ་ནི། ལི་ཙྪ་བཱི་ལ་སོགས་པའི་བྲམ་ཟེའོ། །ཕལ་པོ་ཆེའི་དོན་ཡང་བྱས་པར་འགྱུར་རོ་ཞེས་བྱ་བ་ནི། གྲགས་པ་ཆེན་པོ་བྱུང་བའོ། །ཅིའི་ཕྱིར་ཞེ་ན། མུན་ནག་ཆེན་པོ་བྱུང་བ་དང་། མུ་གེ་བྱུང་བ་དང་། ནད་སྣ་ཚོགས་
བྱུང་བའོ། །སངས་རྒྱས་ཀྱི་མཛད་པ་ཡང་བྱས་པར་འགྱུར་རོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་དོན་ཡིན་ནོ། །མཉམ་དུ་དགོངས་ཏེ་ཞེས་བྱ་བ་ནི། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པའོ། །དེ་ནས་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་བསྒོམས་པའི་རྟིང་ལའོ། །བཅོམ་ལྡན་
འདས་སྔ་དྲོའི་དུས་ཀྱི་ཚེ་ཞེས་བྱ་བ་ནི་ཉི་མ་ཤར་བའི་དུས་སོ། །ཆོས་གོས་དང་། ཤམ་ཐབས་དང་། ལྷུང་བཟེད་བསྣམས་ཏེ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་སྟན་ལས་ལངས་ཏེ་གསིལ་བྱེད་དང་ལྷུང་བཟེད་ཐོགས་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ལས་བབས་ནས་གྲོང་ཁྱེར་
ཡངས་པ་ཅན་ལ་ཁ་བལྟས་པའོ། །དགེ་སློང་ཉིས་བརྒྱ་ལྔ་བཅུ་དང་ཐབས་ཅིག་ཏུ་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཁོར་དང་བཅས་པའོ། །བྱ་རྒོད་ཀྱི་ཕུང་པོའི་རི་ལས་ཤོད་དུ་གཤེགས་པ་དང་ཞེས་བྱ་བ་ནི། ལྷ་དང་ལྷ་མ་ཡིན་ལ་སོགས་པས་མཆོད་པ་བྱེད་པའོ། །མི་མཇེད་ཀྱི་བདག་
Vol. 72 · folio 51a
པོ་ཚངས་པས་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ་ཞེས་བྱ་བ་ནི་ལྷའི་རྫས་དང་། མེ་ཏོག་དང་མཆོད་པ་ལ་སོགས་པ་འབུལ་ཏེ་ལྷའི་བུ་ཚངས་པ་དང་ཚངས་ཆེན་དང་། དགའ་ལྡན་གྱི་ལྷའི་བུ་ལ་སོགས་པས་མཆོད་པ་བྱེད་པའོ། །བཅོམ་ལྡན་འདས་ལ་གཡས་རོལ་ནས་
ཕུལ་ལོ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པ་གུས་པ་བྱས་ནས་འབུལ་བའོ། །ཡང་ན་ནི་བཅོམ་ལྡན་འདས་གར་གཤེགས་པའི་སར། ལྷའི་ཟ་འོག་དང་། དར་དང་། ས་གཞི་ལ་བཏིང་ནས་གཤེགས་པའོ། །ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་
གྱུར་ཏོ་ཞེས་བྱ་བ་ནི། དགའ་ལྡན་གྱི་ལྷའི་བུ་དང་། ཚངས་པ་དང་ཚངས་ཆེན་ལ་སོགས་པས། ལྷ་རྫས་ཀྱི་མེ་ཏོག་དང་དྲི་ལ་སོགས་པའི་ཆར་འབེབས་པའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གདུགས་ལྔ་བརྒྱ་ཙམ་བླངས་ཏེ་ཞེས་བྱ་བ་ནི། ལྷའི་དབང་པོ་བརྒྱ་བྱིན་ནམ། ལྷའི་བུ་
དབང་ཕྱུག་ཆེན་པོའམ། ཁྱབ་འཇུག་གམ་འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕུལ་བའོ། །བཅོམ་ལྡན་འདས་ལ་གཡོན་རོལ་ནས་ཕུལ་ལོ་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་ལྷའི་བུ་དང་། བུ་མོ་རྣམས་ཀྱིས་ཀྱང་ཕུལ་ལོ། །ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་
གཡོབ་ཅིང་འདུག་པར་གྱུར་ཏོ་ཞེས་བྱ་བ་ནི། ལྷའི་ཟ་འོག་དང་དར་ལ་སོགས་པ་དོག་ས་ལ་བཏིང་བའོ། །རྒྱལ་པོ་ཆེན་པོ་བཞིས་ཀྱང་རེ་རེ་ཞིང་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ་ཞེས་བྱ་བ་ནི། རྒྱལ་ཆེན་གྱི་ལྷ་རྣམས་དང་ལྷའི་བུ་མོ་རེ་རེ་བླངས་ནས་ཕུལ་བའོ། །བཅོམ་ལྡན་འདས་ལ་སྣམ་ལོགས་
ནས་ཕུལ་ཞེས་བྱ་བ་ནི། །བཅོམ་ལྡན་འདས་ཀྱི་མདུན་དུ་ཡིན་ཏེ། མེ་ཏོག་གི་ཆར་ཕབ་པའོ། །བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འཁོད་པར་གྱུར་ཏོ་ཞེས་བྱ་བ་ནི། རྒྱལ་ཆེན་བཞིའི་ལྷའི་བུ་དང་བུ་མོས་ལྷའི་ཟ་འོག་དང་། དར་ལ་སོགས་པ་དོག་ས་ལ་བཏིང་བའོ། །ལྷའི་བུ་དབང་
ཕྱུག་ཆེན་པོ་ལ་སོགས་པ་སོ་སོ་ནས་ལྷའི་གདུགས་དང་ཞེས་བྱ་བ་ནི། ལྷ་དང་ལྷ་མོ་དང་གནོད་སྦྱིན་དང་གནོད་སྦྱིན་མོ་ལ་སོགས་པས་སོ་སོའི་ལག་ནས་ཕུལ་བའོ། །ཉན་ཐོས་རྣམས་ལ་ཕུལ་ནས་ཞེས་བྱ་བ་ནི་སྔོན་དུ་བཅོམ་ལྡན་འདས་ལ་ཕུལ་ནས། ཉན་ཐོས་རྣམས་ལ་ཡང་བཀུར་སྟི་བྱས་པའོ། །དེ་
Vol. 72 · folio 51b
ལྟ་བུའི་གྲགས་པ་དང་བཀུར་སྟི་དང་བརྙེས་པར་བྱ་བ་བརྙེས་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ལའོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ལས་ཤོད་དུ་བབས་ཏེ་ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་གྱི་དོན་དུའོ། །
ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་གཤེགས་པ་དང་ཞེས་བྱ་བ་ནི། ཡངས་པ་ཅན་གྱི་མི་རྣམས་ཀྱིས་མཐོང་ནས། གདུགས་དང་རྒྱལ་མཚན་དང་། བ་དན་དང་རོལ་མོའི་ཚོགས་ཀྱིས། བཅོམ་ལྡན་འདས་རྣམས་ལ་སྔུན་དུ་ཞུའོ། །གྲོང་ཁྱེར་ཡངས་པ་ཅན་གྱི་གྲོང་དང་། གྲོང་བར་དང་།
གྲོང་གི་ཕྱི་རོལ་དང་། བ་དན་དང་། རྒྱལ་མཚན་དང་། གདུགས་དང་། མེ་ཏོག་གི་ཕྲེང་བ་དང་། མུ་ཏིག་དང་། མུ་ཏིག་གི་ཕྲེང་བ་དང་། དྲ་བ་དང་། དྲ་བ་ཕྱེད་བ་དང་། །བསིལ་ཡབ་དང་། རྔ་མ་དང་། རྔ་མ་དཀར་པོ་དང་། དར་དཔྱངས་དང་། བླ་རེ་དང་། དོག་ས་ལ་ཟ་འོག་དང་། དར་བཏིང་
བ་དང་། གྲོང་བར་དུ་ཟུར་ཟུར་བཀྲ་ཤིས་བུམ་པ་གང་བ་ཡང་དག་པར་གཞག་པའོ། །ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤིན་ཏུ་བྱོན་པ་དགའ་ནས་ལི་ཙྪ་འམ་ལིཙྪའི་ཆུང་མ་འམ་ལི་ཙྪའི་བུའམ་བུ་མོའམ། ལིཙྪའི་འཁོར་ཕོའམ། འཁོར་མོའམ།
ཉེ་བ་རྣམས་ལ་དགའ་བའི་སེམས་དང་ལྡན་ནོ། །སྡུག་བསྔལ་ཐམས་ཅད་དང་བྲལ་བ་ནི། དཔེར་ན་མི་ཅིག་བཙོན་དུ་བཟུང་བ་དང་བཙོན་ཐོན་ནས་སྡུག་བསྔལ་དང་བྲལ་བ་ལྟ་བུའོ། །བཅོམ་ལྡན་འདས་ཤིན་ཏུ་མཛེས་པ་ཞེས་བྱ་བ་ནི། དཔེར་ན་བུ་མོ་གཞོན་ནུ་མ་བག་མར་འགྲོ་བ་
བཅས་པ་ལྟ་བུ་སྟེ་ཡང་ན་དབྱར་ཀའི་ནམ་མཁའ་ལ་ཉི་ཟླ་ཤར་བ་ལྟ་བུའོ། །སྐར་མ་རྣམས་ནི་ཉན་ཐོས་ལ་སོགས་པ་ལྟ་བུ་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་ལ་མཛེས་པའོ། །དད་པར་འོས་པ་ཞེས་བྱ་བ་ནི། དཔེར་ན་བུ་གཅེས་པ་ཚོང་ལ་སོང་ནས། ཡུན་རིང་པོར་ལོན་ནས་མ་དང་ཕྲད་པ་
ལྟ་བུའོ། །དབང་པོ་ཞི་བ་ཞེས་བྱ་བ་ནི། མུ་སྟེགས་ཤིན་ཏུ་ང་རྒྱལ་ཆེ་བ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་ནས་དད་པ་སྐྱེས་པ་དང་འདྲ་སྟེ། ཡང་ན་ནི་འདོད་པའི་ཡོན་ཏན་ལྔ་དང་བྲལ་བའོ། །ཐུགས་ཞི་བ་ཞེས་བྱ་བ་ནི་སེམས་མི་འཕྲོ་བ་ལྟ་བུའོ། །དབང་པོ་དུལ་བ་ཞེས་བྱ་བ་ནི་གཟུགས་
Vol. 72 · folio 52a
སྒྲ་དྲི་རོ་རེག་བྱ་དང་བྲལ་བའོ། །ཐུགས་དུལ་བ་ཞེས་བྱ་བ་ནི། བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་ལས་བྲལ་བའོ། །དུལ་བ་དང་ཞི་གནས་ཀྱིས་ཞེས་པ་ནི། ཉན་ཐོས་ཀྱི་ཚུལ་དུ་གནས་པའོ། །དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་
པ་བཅུ་སྟེ་དེ་ལ་སྦྱིན་པ་ནི་སེམས་ཅན་རྣམས་ཡོངས་སུ་འཛིན་པ་སྟེ་དེ་ལ་ཡང་གསུམ། ཟས་སྐོམ་དང་ནོར་བུ་དང་། འབྲུ་ལ་སོགས་པས་སེམས་ཅན་རྣམས་ཚིམ་པར་བྱས་ཏེ། མགུ་བར་བྱེད་པ་དང་། ཕན་སྐྱབས་དང་དཔུང་གཉེན་གྱིས་སེམས་ཅན་རྣམས་འཇིགས་སྐྲག་ལས་དབུགས་ཕྱུང་སྟེ་
མགུ་བར་བྱེད་པ་དང་དོན་དང་ཡི་གེ་དང་བརྡའི་སྒོ་ནས་སེམས་ཅན་རྣམས་ཉོན་མོངས་པ་ལས་གྲོལ་བར་བྱས་ཏེ་མགུ་བར་བྱེད་པའོ། །ཚུལ་ཁྲིམས་ནི་དེ་དག་ལ་མི་གནོད་ཅིང་ཕན་པར་སེམས་པ་སྟེ། དེ་ལ་གསུམ་བཅས་པ་དང་རང་བཞིན་གཙོ་བོའི་སྒོ་ནས་གཞན་ལས་གནོད་པ་ལས་ལྡོག་
པར་དམ་བཅས་པའི་སེམས་ཅན་ཐམས་ཅད་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའི་སྒོ་ནས་དཀའ་བར་བྱེད་པའི་དམ་བཅས་པའི་སེམས་བསྡུ་བའི་དངོས་པོ་བཞི་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པའི་སེམས་བརྟན་པའོ། །བཟོད་པ་ནི་བསྲན་བྱའི་དངོས་པོ་ལ་
མི་སྐྲག་ཅིང་སྲན་ཚུགས་པ་སེམས་པའོ། །དེ་ལ་ཡང་གསུམ་སྟེ། ཆོས་ལ་སེམས་པའི་ཕྱིར་རྟག་ཏུ་སྡུག་བསྔལ་བ་ལ་སྲན་ཚུགས་པ་དང་། གཞན་གྱི་གནོད་པ་བྱས་པ་ལ་མི་སྐྲག་ཅིང་སྲན་ཚུགས་པའི་ཤེས་པ་དང་ཆོས་ཉིད་སྟོང་པ་ཉིད་སྤྲོས་བྲལ་དོན་ལ་མི་སྐྲག་ཅིང་སྲན་ཚུགས་པའོ། །
བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བའི་ཤེས་པའོ། །དེ་ལ་ཡང་གསུམ་སྟེ། བསྒྲུབ་བྱའི་དངོས་པོ་དེ་ལྟར་སྒྲུབ་པར་དམ་བཅས་པའི་སེམས་པ་དང་། དེ་ཉིད་ཉམས་སུ་ལེན་པའི་སེམས་པ་དང་། བསྒྲུབ་བྱ་དེ་ཉིད་མཐར་མ་ཕྱིན་པར་མི་གཏོང་བའི་སེམས་པའོ། །བསམ་གཏན་ནི་དམིགས་
པ་ལ་རྩེ་གཅིག་པའོ། །དེ་ལ་ཡང་གསུམ་སྟེ། མི་མཐུན་ཕྱོགས་ཀྱི་བྱིང་རྒོད་དངོས་པོར་ཡང་མ་བྱུང་ལ་དོགས་པ་ཡང་ཡོད་པའི་ཚེ་སྤོང་བའི་སེམས་མཉམ་པ་ཉིད་ལ་རྒྱུན་དུ་གཞག །བླན་ཏེ་བཞག་པའི་སྒོ་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་དང་།
Vol. 72 · folio 52b
བྱིང་རྒོད་བྱུང་གི་དོགས་པ་ཡང་ཡོད་ཀྱང་། དངོས་སུ་མ་བྱུང་བའི་སེམས་རྣལ་དུ་ཞུགས་པའི་སྐབས་དང་། བྱིང་རྒོད་སེམས་བྱུང་ཡང་མ་བྱུང་གི་དོགས་པ་ཡང་མེད་པའི་སེམས་ལྷུན་གྱིས་གྲུབ་པའི་སྐབས་ན་ལུས་ཀྱི་འབྱོར་པ་སྟོད་ནས་མེ་བྱུང་སྨད་ནས་ཆུ་བྲུབ་པ་ལ་སོགས་པའི་སྒོ་ནས་
སེམས་ཅན་དོན་བྱེད་པའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དེ་ལ་ཡང་གསུམ་སྟེ། སྒྲ་ཐོས་ནས་རྟོགས་པ་དང་། རིག་པ་ངེས་པའི་ཤེས་རབ་ཀྱིས་སྒྲ་དོན་ལ་སྤྱད་པས་དོན་རྟོགས་པ་དེ་ལྟ་བུའི་དོན་བསྒོམས་པས་བློ་ཕུལ་དུ་བྱུང་བ་སྐྱེས་པའོ། །ཐབས་ནི་དགེ་བ་ཆུང་ངུ་བྱས་
པ་ཡང་མི་ཟད་པར་ཆེན་པོར་བྱེད་པ་སྟེ། རང་གི་སྐྱོན་དགེ་བ་ཆེན་པོ་ཆུང་ངུར་འགྲོ་བ་དང་། མི་ཟད་པ་ཟད་བར་འགྱུར་བ་སྤོང་བ་དང་རང་གི་དགེ་བ་ལ་སེམས་འཇུག་པའི་ཐབས་ཤེས་པ་དང་། རང་གི་དགེ་བའི་འབྲས་བུ་མྱུར་དུ་སྨིན་པའི་ཐབས་ཤེས་པའོ། །སྨོན་ལམ་ནི་འདོད་པའི་གནས་
སུ་རང་གི་དགེ་བ་སྟོབས་པའོ། །དེ་ལ་ཡང་གསུམ་སྟེ། རང་གི་དགེ་བ་དེ་ཕྱི་མ་ལ་སོགས་པ་ལ་རྒྱུན་མི་འཆད་པར་སྨོན་ཅིང་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། བདག་གང་དུ་སྐྱེ་བ་དེར་སེམས་ཅན་རྣམས་འདོད་ཆགས་མེད་པ་ཞེ་སྡང་མེད་པར་གྱུར་ཅིག་ཅེས་སེམས་སྦྱོང་བ་
དང་བདག་གང་དུ་སྐྱེ་བ་དེར་མ་བཏབ་པའི་ལོ་ཐོག་སྐྱེ་བ་སྨན་དང་མེ་ཏོག་ཕུན་སུམ་ཚོགས་པའི་ཞིང་ཁམས་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་པའོ། །སྟོབས་ནི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའོ། །དེ་ལ་ཡང་གསུམ་སྟེ། མི་དགེ་བའི་ལས་ཀྱི་
དབང་དུ་མི་འགྲོ་ཞིང་ཟིལ་གྱིས་གནོན་པར་མི་ནུས་ཤིང་ཕར་ལ་ཟིལ་གྱིས་གནོན་པ་དང་། བདུད་དང་རྒོལ་བ་རྣམས་ཀྱིས་ཚུར་ཟིལ་གྱིས་གནོན་པར་མི་ནུས་ལ་ཕར་ཟིལ་གྱིས་གནོན་པའོ། །ཡེ་ཤེས་ནི་དངོས་པོ་དེ་ཤེས་པའོ། །དེ་ལ་ཡང་གསུམ་སྟེ། གཉིས་སུ་སྣང་ཡང་མི་སྣང་ལ་ཞེན་
པ་མེད་པ་དང་སྣང་ནི་སྣང་ལ་ཞེན་པ་མེད་པ་དང་། ཉན་ཐོས་ལ་སོགས་པ་གང་གིས་འདུལ་བ་དང་། དེ་དང་དེར་སྟོན་པའོ། །དེ་ལྟར་བཅུ་པོ་དེ་རྣམས་རེ་རེ་ལ་ཡང་གཉིས་གཉིས་ཏེ། སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་དང་སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པའོ། །དེ་
Vol. 72 · folio 53a
ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། བྱམས་པ་དང་སྙིང་རྗེའི་རྣལ་འབྱོར་གྱིས་ཟིན་པ་དང་། བླ་ན་མེད་པའི་རྒྱུར་བསྔོས་པ་དེ་ནི། སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པའོ། །དེ་ལས་བཟློག་པ་ནི་སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའོ། །དེ་
ལྟར་ཚུལ་ཁྲིམས་ལ་སོགས་པ་ཡང་སྦྱར་བར་བྱའོ། །སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ལ་གཉིས་ཏེ། སྦྱིན་བྱའི་རྫས་ལ་སེམས་པ་མི་དམིགས་པ་དང་། སྦྱིན་བདག་མི་དམིགས་པ་དང་། ལེན་པ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ནི་ལོ་ཀ་ལས་འདས་པ་གཡེང་བ་
ལས་འཕགས་པའི་ཕྱིར་འདས་པའོ། །འཁོར་གསུམ་ཡོངས་སུ་དག་པ་ནི་ལོ་ཀ་ལས་མི་གཡོ་བ་འཕགས་པའི་ཕྱིར་ན་འཇིག་རྟེན་པའི་དེ་ལྟར་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་སྦྱར་རོ། །ངེས་པའི་ཚིག་ནི་སྦྱིན་པ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར་ན་སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་སྟེ། གཞན་ལ་ཡང་སྦྱར་བར་བྱའོ། །མིང་གི་རྣམ་གྲངས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་མཆོག་ཏུ་ཕྱིན་པ་ཞེས་བྱ། མཐར་ཕྱིན་པ་ཞེས་བྱའོ། །འོ་ན་འབྲས་བུ་སྐུ་གསུམ་མམ་ཆོས་ཀྱི་དབྱིངས་ཡེ་ཤེས་དང་རྒྱུ་ཕ་རོལ་ཏུ་ཕྱིན་པ་གཉིས་ཐ་དད་དུ་མི་འགྱུར་རམ་ཞེ་ན། ཕ་རོལ་ཏུ་
ཕྱིན་པ་བཅུ་ནི་ཆོས་ཅན་ལ་ཆོས་དབྱིངས་ཡེ་ཤེས་སམ་སྐུ་གསུམ་ནི་ཆོས་ཉིད་ཀྱི་ཚུལ་དུ་གནས་པའམ། ཆོས་དབྱིངས་ཡེ་ཤེས་ནི་རྟེན་ལ། ཕ་རོལ་ཏུ་ཕྱིན་པ་ནི་བརྟེན་པའི་ཚུལ་དུ་གནས་པ་ཐ་མི་དད་པའོ། །དབང་པོ་དབེན་ཞིང་ཞེས་བྱ་བ་ནི། དབང་པོ་ནི་མིག་གི་དབང་པོའོ། །ཡང་ན་ནི་
གོམ་པ་བདུན་གྱི་བར་དུ་སྤྱི་ལྟ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ཁུགས་པ་ཞེས་བྱ་བ་ནི་སེམས་ཡིན་ཏེ། ཉོན་མོངས་པ་ལ་སོགས་པ་ཡང་དག་པར་སྤངས་པའོ། །གླང་པོ་ཆེ་ལྟར་ཤིན་ཏུ་དུལ་བ་ཞེས་བྱ་བ་ནི། གླང་པོ་ཆེ་ནི་དཔེ་ཡིན་ཏེ་གླང་པོ་ཆེ་དུལ་བ་ལྟར་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱང་གཟུགས་ལ་སོགས་པ་འདུལ་བའོ། །མཚོ་ལྟར་དང་ཞིང་ཞེས་བྱ་བ་ནི། མཚོ་ནི་ཤིན་ཏུ་རྒྱ་ཆེ་བ་གཏིང་རིང་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡང་དཔག་ཏུ་མེད་པའོ། །རྙོག་པ་མེད་པ་ཞེས་བྱ་བ་ནི། རྙོག་པ་ནི་དྲི་མས་ཏེ་དྲི་མ་ནི་ཉོན་
Vol. 72 · folio 53b
མོངས་པ་ལ་སོགས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་དང་བྲལ་བའོ། །རྣམ་པར་གསལ་བ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ལ་སོགས་པ་རྣམ་པར་གསལ་བ་སྟེ། ཡང་ན་ནི་ཡེ་ཤེས་ལྔ་རྣམ་པར་གསལ་བ་དང་ལྡན་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་
ཀྱིས་སྐུ་ལེགས་པར་བརྒྱན་པ་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་བ་དང་། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་
བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལེགས་པར་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་དང་། རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། ཕྱག་བརླ་དྲང་པོར་སླེབས་པ་དང་། གསང་བའི་གནས་སྦུབས་སུ་ནུབ་པ་དང་། གསེར་
གྱི་ཁ་དོག་དང་། མདོག་ཤིན་ཏུ་འཇམ་པ་དང་། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་དང་། ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་དང་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་
གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་དང་། ལྗགས་ཤིན་ཏུ་ཡངས་པ་དང་། ཚངས་པའི་དབྱངས་དང་། སེང་གེའི་འགྲམ་པ་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་དང་། སྤྱན་
དཀར་ནག་ཕྱེད་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འདི་ལྟར། རུས་པའམ་བ་སོ་ལ་གཟུགས་བརྐོས་པ་དང་འདྲ་བ་མངའ་བས་ཕྱག་
དང་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་ཞབས་ཞུམ་པ་མེད་པས་ཞབས་ཤིན་ཏུ་གནས་སོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་བས། ཕྱག་དང་ཞབས་དྲ་བར་འབྲེལ་བའོ། །ཤིང་བལ་གྱི་
Vol. 72 · folio 54a
གཡེང་བུ་ལྟར་ཤིན་ཏུ་འཇམ་ཞིང་གཞོན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པའོ། །ཞབས་དང་ཕྱག་དང་མགུར་གྱི་ལྷུན་ཤིན་ཏུ་མཐོ་བས། ཕྱག་དང་ཞབས་ཀྱི་སོར་མོ་རིང་བའོ། །རྟིང་པ་རིང་བས་རྟིང་པ་ཡངས་པའོ། །སྐུ་ལག་པ་མདུན་དུ་འཕགས་ལ་དྲང་བས་སྐུ་
ཆེ་ཞིང་དྲང་བའོ། །པུས་མོའི་ལྷ་ང་དང་ལོང་བུ་མཛེས་པར་ནུབ་པས། ཞབས་ལེགས་པར་མཐོ་བའོ། །སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བས་ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བའོ། །རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། སྨིན་མ་དང་ལྡུམ་བུ་དར་བ་ལྟར་དྲང་ཞིང་མཉམ་པ་ལ་རིམ་
གྱིས་གཞོལ་བར་གྲུབ་ཅིང་བྱིན་པ་ཟླུམ་པས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུའོ། །བརླ་དྲང་པོར་བཞག་སྟེ་མ་བཏུད་ཀྱང་ཕྱག་གི་མཐིལ་གཉིས་ཀྱིས་པུས་མོ་གཡས་པའི་ལྷ་ང་ལ་རེག་པས། ཕྱག་བརླ་དྲང་པོར་སླེབས་པའོ། །གླང་པོ་དང་རྟ་ཅང་ཤེས་ལྟར་གསང་བའི་གནས་ཤིན་ཏུ་མཛེས་
པར་སྦུབས་སུ་ནུབ་པས། གསང་བའི་གནས་སྦུབས་སུ་ནུབ་པའོ། །ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པས་གསེར་གྱི་ཁ་དོག་གོ། །གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་ཞིང་སྙོམས་པའི་ཁ་དོག་ཏུ་འདུག་པ་སྐུ་ལ་རྡུལ་གྱིས་མ་གོས་པས་མདོག་ཤིན་ཏུ་འཇམ་
པའོ། །ཤིན་ཏུ་རྣམ་པར་ཕྱེ་བའི་སྤུ་རེ་རེ་སྐྱེས་ཤིང་། གཉིས་སུ་མེད་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའོ། །མེ་ཏོག་ཀུནྡ་དང་ཟླ་བ་དང་འོ་མ་དང་བ་མོའི་མདོག་ལྟར་འདུག་ལ། ཉི་མ་དང་ཟླ་བ་རྒྱས་པས་ཀྱང་འཕགས་པས་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་ཤིན་ཏུ་རྒྱས་
པས་ཞལ་མཛོད་སྤུས་བརྒྱན་པའོ། །རོ་སྟོད་ཆེ་བས་སེང་གེའི་རོ་སྟོད་དོ། །མགུལ་པ་རྒྱུ་ལེགས་པར་ལྷུ་འབྲེལ་ཞིང་ལྷུན་ཟླུམ་པས། ཕྲག་པའི་ལྷུན་མཛེས་པར་གྲུབ་པའོ། །གསེར་གྱི་གཏན་པ་ཤིན་ཏུ་ཕྱིས་པ་ལྟར་ཤིན་ཏུ་ཕྲག་སོ་ལེགས་པར་གྲུབ་པས་ཕྲག་སོ་ཤིན་ཏུ་རྒྱས་པའོ། །རླུང་དང་
མཁྲིས་པ་དང་བད་ཀན་གྱིས་མ་ཉམས་ཤིང་རྣམ་པར་ཤེས་པ་འདྲ་བ་མེད་པས་རོ་བྲོ་བའི་མཆོག་གོ། །སྐུ་ཆུ་ཞེང་འདོམ་དུ་མཉམ་པས། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའོ། །སྤྱི་གཙུག་ཟླུམ་ཞིང་ལེགས་པར་གཡས་ཕྱོགས་སུ་འཁྱིལ་བ་དང་ལྡན་ཞིང་དབུ་མཉམ་ཞིང་ལེགས་པར་གྲུབ་པ་ལ།
Vol. 72 · folio 54b
མཛེས་པ་མངའ་བས་དབུའི་སྤྱི་གཙུག་དང་ལྡན་པའོ། །མེ་ཏོག་ཨུཏྤ་ལ་དམར་པོའི་འོད་མངའ་བའི་ཁ་དོག་ལྟར་འདུག་ཅིང་ཤིན་ཏུ་ཡངས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པའོ། །ཚངས་པ་དང་བྱ་ཀ་ལ་པིངྐ་ལྟ་བུའི་གསུང་མངའ་བས་ཚངས་པའི་དབྱངས་སོ། །འགྲམ་པ་མེ་
ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་། མཛེས་པར་སྐྱེས་ཏེ་ཡིད་དུ་འོང་བས་སེང་གེའི་འགྲམ་པ་ལྟ་བུའོ། །མེ་ཏོག་ཀུནྡ་དང་དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་ཚེམས་མངའ་བས་ཚེམས་ཤིན་ཏུ་དཀར་བའོ། །ཚེམས་ལ་མཐོན་དམན་མེད་པས་ཚེམས་མཉམ་པའོ། །
ཚེམས་ལ་བར་མཚམས་མ་དོད་པས་ཚེམས་ཐགས་བཟང་བའོ། །བླ་འོག་དགྱེ་དགུ་མེད་པས་ཚེམས་མཉམ་ཞིང་བཞི་བཅུ་ཚང་བའོ། །དཀར་ནག་ཆ་མ་འདྲེས་པ་ཤིན་ཏུ་རྣམ་པར་དག་པའི་མདོག་དམར་པོས་མ་གཡོགས་པས། སྤྱན་དཀར་ནག་ཕྱེད་པའོ། །རྫི་མ་བླ་འོག་ཤིན་
ཏུ་ལེགས་པར་གནས་ལ་མ་འཛིངས་པས་བའི་རྫི་མ་ལྟ་བུའོ། །དེ་ལ་བླ་མ་ལ་བསུ་སྐྱེལ་དང་ཆོས་ཉན་པ་ལ་སྡོད་པ་དང་། གཙུག་ལག་ཁང་དང་མཆོད་རྟེན་རྗེས་སུ་སྒྲུབ་པ་ལ་སོགས་པ་ལ་ཕུ་དུང་བྱས་པས། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་སྟེ། དེ་ནི་འཁོར་
ཤིན་ཏུ་མང་བའི་སྔ་ལྟས་སོ། །ཡི་དམ་ལ་བརྟན་པས་ཞབས་ཤིན་ཏུ་གནས་པ་སྟེ་དེ་ནི་མི་གཡོ་ཞིང་ཤིན་ཏུ་བརྟན་པའི་སྔ་ལྟས་སོ། །སྦྱིན་པ་དང་ངག་སྙན་པ་དང་། དོན་སྤྱོད་པ་དང་དོན་མཐུན་པའི་བསྡུ་བ་རྣམ་པ་བཞི་གོམས་པར་བྱས་པས་ཞབས་དང་ཕྱག་དྲ་བས་འབྲེལ་པ་སྟེ།
དེ་ནི་མྱུར་དུ་འདུ་བའི་ལྔ་ལྟས་སོ། །བཟའ་བ་དང་བཅའ་བ་དང་བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་བྱིན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་བ་སྟེ་དེ་གཉིས་ནི་བཅའ་བ་དང་བཟའ་བ་དང་། བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་མཐོང་བའི་སྔ་ལྟས་སོ། །བཅིང་
བ་བཀྲོལ་བ་དང་སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྤངས་པས་སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བས་ཏེ་དེ་ནི་སྐུ་ཚེ་རིང་པའི་སྔ་ལྟས་སོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང་། གཟུང་བ་མངོན་པར་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཞབས་ཀྱི་གོང་
Vol. 72 · folio 55a
མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་སྟེ་དེ་ནི་མི་མཉམ་པའི་ཆོས་དང་ལྡན་པའི་སྔ་ལྟས་སོ། །རིག་པ་དང་བཟོའི་ལས་རིམ་གྲོར་བྱས་ཤིང་གཞན་འབྱིན་པ་དང་། བདག་གིས་བླངས་པས། རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ། །བདོག་
ཅིང་ཡོད་པའི་ནོར་བླངས་ནས་མི་འགོང་བར་གཏོང་ཞིང་མེད་ཅེས་མ་བྱས་པས་ཕྱག་བརླ་དྲང་པོར་སླེབས་པ་སྟེ། དེ་ནི་ཡོ་བྱད་ལ་མངའ་བ་དང་འདུལ་བའི་སྔ་ལྟས་སོ། །གྲོགས་པོ་དང་། མཛའ་བཤེས་དང་གཉེན་པ་མ་ཕྱེ་བ་དང་། བྱེ་བར་འགྱུར་བའི་སེམས་ཅན་རྣམས་ཚངས་པའི་སྤྱོད་པ་ལ་
ཡང་དག་པར་བསྐུལ་བ་དང་། གསང་བའི་ཚིག་ཡོངས་སུ་བསྲུངས་པས་གསང་བའི་གནས་སྦུབས་སུ་ནུབ་པ་སྟེ། དེ་ནི་བུ་མང་བའི་སྔ་ལྟས་སོ། །སྟན་དང་། གོས་དང་། ཁང་པ་དང་། གཞལ་མེད་ཁང་དང་། གཞལ་མེད་ཁང་བཟང་པོ་བྱིན་པས་གསེར་གྱི་ཁ་དོག་དང་། །མདོག་
ཤིན་ཏུ་འཇམ་པ་སྟེ། དེ་གཉིས་ནི་ན་བཟའ་དང་། གདན་དང་། ཁང་པ་དང་། གཞལ་མེད་ཁང་དང་། གནས་བཟང་པོ་ཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་། ཕུ་ནུ་ལ་སོགས་པ་རྣམས་ལ། ཚུལ་དང་འདྲ་བའི་རིམ་གྲོ་
བྱས་པ་དང་། བཙུན་པར་བྱས་པ་དང་བཅོལ་བ་རྣ་བ་ལ་མ་གཟན་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ནི་མཉམ་པ་མེད་པའི་སྔ་ལྟས་སོ། །མི་སྙན་པ་ཟེར་ཞིང་མི་སྨོན་པ་དང་། སྙན་པར་སྨྲ་ཞིང་ལེགས་པར་བཤད་པ་མཐུན་པར་འཛིན་
པས་སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་སྟེ། དེ་ནི་ཐུབ་པ་མེད་པའི་སྔ་ལྟས་སོ། །ན་བ་རྣམས་ལ་རྩི་དང་རིམ་གྲོ་དང་། སྨན་པ་དང་ཉམས་སུ་ཕན་པའི་ཟས་བྱིན་པ་དང་། རིམ་གྲོ་བྱས་པས་ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་སྟེ། དེ་ནི་ནད་ཉུང་
བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་། འཁོར་དང་། ལྟུང་བ་དང་། རྫིང་བུ་དང་། རྒལ་དཀའ་བའི་ཟམ་པ་དང་། ཁ་ཟས་དང་། ཕྲེང་བའི་གནས་དང་། སྟེགས་དང་། གཙུག་ལག་ཁང་བྱ་བ་ལ་སོགས་པ་ལ་གཞན་མོས་པར་བྱ་བ་སྔོན་དུ་གཏོང་ཞིང་བདག་གིས་གཞན་བྱིན་པ་སྟེ།
Vol. 72 · folio 55b
ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་དབུའི་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་པོར་ཚིག་སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བའི་སྨྲ་བ་སྨྲས་པས་ལྗགས་ཤིན་ཏུ་སྲབ་པ་དང་། ཚངས་པའི་དབྱངས་ཏེ་དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་
པའི་གསུང་མངའ་བའི་སྔ་ལྟས་སོ། །གསུང་ཡན་ལག་ལྔ་དང་ལྡན་པ་ཞེས་པ་ནི་ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང་། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང་། གཏང་མི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་
ཤིང་བཙལ་བའོ། །ཡུན་རིང་པོ་ནས་ཚིག་འཁྱལ་པ་སྤངས་ཤིང་། དུས་སུ་སྨྲས་པས་སེང་གེའི་འགྲམ་པ་ལྟ་བུ་སྟེ། དེ་ནི་ཚིག་ཀུན་གྱིས་མཉན་པའི་སྔ་ལྟས་སོ། །རིམ་གྲོར་བྱ་བ་དང་། བརྙས་པ་མེད་པས་གཉིས་འཚོ་བ་ཡོངས་སུ་དག་པས་ཚེམས་ཤིན་ཏུ་དཀར་བ་
དང་མཉམ་པ་སྟེ་དེ་འཁོར་སྔ་ནས་བསགས་པའི་སྔ་ལྟས་སོ། །ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མེད་པའི་ཚིག་སྨྲ་བས་ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་སྟེ་དེ་ནི་འཁོར་དབྱེར་མི་ཕྱེད་པའི་སྔ་ལྟས་སོ། །པང་གིས་འཁྱུད་པ་བཞིན་དུ་ཉེ་བར་
བསམ་པ་མེད་ལ་མ་ཆགས་མི་སྡང་བ་དང་། རྨོངས་པ་མེད་པའི་མིག་གིས་ལྟ་བས་སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ་དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ། །དེ་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ།། །།དཔེ་བྱད་བཟང་པོ་བརྒྱད་ཅུས་ཤིན་
ཏུ་རྒྱས་པ་ཞེས་བྱ་བ་ནི་གང་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟར་འདུག་པའོ། །གཉེན་བཤེས་བྱམས་པ་དང་འདྲ་བར་སེམས་ཅན་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བ་སྟེ། སེན་མོའི་མདོག་
སྣུམ་པ་ཡིན། རིགས་དང་རྒྱུད་མཐོན་པོར་བྱུང་བ་སྟེ། སེན་མོ་མཐོ་བ་ཡིན། ཚུལ་ལ་ཁ་ན་མ་ཐོ་བ་མི་མངའ་བ་སྟེ། སོར་མོ་ཟླུམ་པ་ཡིན་ནོ། །དགེ་བའི་རྩ་བ་ཤིན་ཏུ་ཚོགས་པ་སྟེ། སོར་མོ་རྒྱས་པ་ཡིན་ནོ། །དགེ་བའི་རྩ་བ་རིམ་གྱིས་གྲུབ་པ་སྟེ། སོར་མོ་རིམ་གྱིས་གྲུབ་པ་
Vol. 72 · folio 56a
གཞོན་པ་ཡིན་ནོ། །ཐུགས་དང་གསུང་དང་སྐུའི་ཕྲིན་ལས་དང་། འཚོ་བ་ཤིན་ཏུ་དབེན་པ་སྟེ་རྩ་མི་མངོན་པ་ཡིན་ནོ། །ཉོན་མོངས་པའི་མདུད་པ་འགྲོལ་བ་སྟེ། རྩ་བར་མདུད་པ་མེད་པ་ཡིན་ནོ། །ཤིན་ཏུ་དབེན་པའི་ཆོས་མངའ་བ་སྟེ། ལོང་བུ་མི་མངོན་པ་
ཡིན་ནོ། །མི་མཉམ་པ་ཐམས་ཅད་ལས་གྲོལ་བ་སྟེ། ཞབས་མི་མཉམ་པ་མེད་པ་ཡིན་ནོ། །མིའི་སེང་གེ་སྟེ་སེང་གེའི་འགྲོས་སུ་བཞུད་པ་ཡིན་ནོ། །མིའི་གླང་པོ་སྟེ་གླང་པོ་ཆེའི་འགྲོས་སུ་བཞུད་པ་ཡིན་ནོ། །ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་བཞུད་པ་སྟེ། ངང་པའི་སྟབས་སུ་བཞུད་པ་
ཡིན་ནོ། །མིའི་ཁྱུ་མཆོག་སྟེ་ཁྱུ་མཆོག་གི་འགྲོས་སུ་བཞུད་པ་ཡིན་ནོ། །མཐུན་པའི་ལམ་མངའ་བ་སྟེ། གཡས་ཕྱོགས་སུ་བཞུད་པ་ཡིན་ནོ། །ལྟ་ན་མཛེས་པ་སྟེ་མཛེས་པར་བཞུད་པ་ཡིན་ནོ། །རྟག་ཏུ་ཐུགས་ཡོན་པོ་མི་མངའ་བ་སྟེ། མ་ཡོ་བར་བཞུད་པ་ཡིན་ནོ། །ཚུལ་རྣམ་པར་དག་
པ་ཡོན་ཏན་སྟོན་པ་སྟེ་སྐུ་ཤིན་ཏུ་ལེགས་པ་ཡིན་ནོ། །སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་པས་ཏེ། སྐུ་ཤིན་ཏུ་སྦྱངས་པ་ཡིན་ནོ། །ཆོས་རིམ་གྱིས་སྟོན་པས་ཏེ་སྐུ་རིམ་གྱིས་གཞོལ་བ་ཡིན་ནོ། །སྐུ་དང་གསུང་དང་ཐུགས་ཤིན་ཏུ་གཙང་བ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་གཙང་བ་ཡིན་ནོ། །རང་བཞིན་གྱིས་
ཐུགས་འཇམ་པ་དང་ལྡན་པས་ཏེ་སྐུ་ཤིན་ཏུ་འཇམ་པ་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པ་མངའ་བ་སྟེ། སྐུ་ཤིན་ཏུ་རྣམ་པར་དག་པའོ། །ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པ་སྟེ། དཔེ་བྱད་བཟང་པོ་ཤིན་ཏུ་རྫོགས་པ་ཡིན་ནོ། །ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པ་སྟེ་སྐུ་ཆེ་ཞིང་
མཛེས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་མངའ་བ་སྟེ། སྐུ་ལེགས་པར་མཉམ་པ་ཡིན་ནོ། །མཆོག་ཏུ་འཇམ་པའི་ཆོས་སྟོན་པ་སྟེ། སྐུ་ཤིན་ཏུ་གཞོན་པ་ཡིན་ནོ། །རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བ་སྟེ། སྐུ་ལ་ཞུམ་པ་མེད་པ་ཡིན་ནོ། །མི་དགེ་བའི་རྩ་བ་ཐམས་
ཅད་བྱང་བ་སྟེ། སྐུ་ཤིན་ཏུ་རྒྱས་པ་ཡིན་ནོ། །ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང་ཟད་པ་སྟེ་སྐུ་ཤིན་ཏུ་མཁྲེགས་པ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་ཉིང་ལག་ལེགས་པར་སྟོན་པ་སྟེ། །ཡན་ལག་དང་ཉིང་ལག་གཙང་མར་མཛེས་པ་ཡིན་ནོ། །གཟིགས་པ་ཤིན་ཏུ་རྣམ་
Vol. 72 · folio 56b
པར་དག་པ་སྟེ། སྣང་བ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཡིན་ནོ། །ཚུལ་དང་ལྡན་པའི་སློབ་མ་མངའ་བ་སྟེ། ཕྱལ་ཟླུམ་པ་ཡིན་ནོ། །འཁོར་བའི་ལེགས་ཉེས་ཐམས་ཅད་ཤིན་ཏུ་སྦྱངས་པ་སྟེ། ཕྱལ་ཤིན་ཏུ་བྱང་བ་དང་ལྡན་པ་ཡིན་ནོ། །ང་རྒྱལ་གྱི་དེའུ་བཅོམ་པ་སྟེ། ཕྱལ་མ་ཞུམ་པ་
ཡིན་ནོ། །ཆོས་ཟད་པ་རྣམ་པར་ཟློག་པས་ཏེ་ཕྱལ་ཕྱམ་མེར་འདུག་པ་ཡིན་ནོ། །ཆོས་ཟབ་མོ་ཤིན་ཏུ་ཐུགས་སུ་ཆུད་པ་སྟེ་ལྟེ་བ་ཟབ་པ་ཡིན་ནོ། །མཐུན་པར་འཛིན་པའི་སློབ་མ་མངའ་བ་སྟེ། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཡིན་ནོ། །སློབ་མ་ཀུན་ལ་མཛེས་པའི་དགེ་འདུན་མངའ་བ་
སྟེ། ཀུན་ནས་མཛེས་པ་ཡིན་ནོ། །ཐུགས་ཤིན་ཏུ་གཙང་བས་ཏེ། སྐུ་སྤྱོད་པ་ཤིན་ཏུ་གཙང་བ་ཡིན་ནོ། །ཆོས་ནག་པོ་བསྟན་པ་དང་བྲལ་བའི་ཆོས་དང་འདུལ་བ་མངའ་བ་སྟེ། སྐུ་ལ་སྨེ་བ་མེད་པ་ཡིན་ནོ། །ཤིང་བལ་ལྟར་ཡང་བ་རབ་ཏུ་འཐོབ་པའི་ཆོས་སྟོན་པས་ཏེ། ཕྱག་ཤིང་བལ་ལྟར་
འཇམ་པ་ཡིན་ནོ། །རང་གི་སྐྱེ་བོ་དང་ཕལ་བ་ལ་བྱམས་པས་དགེ་སྦྱོང་ཆེན་པོ་མཉེས་པ་སྟེ་ཕྱག་གི་རི་མོ་སྣུམ་པ་ཡིན་ནོ། །ཤིན་ཏུ་ཟབ་ཅིང་བརྟན་པར་བཞུགས་པས་བཞུགས་པ་སྟེ། ཕྱག་གི་རི་མོ་ཟབ་པ་ཡིན་ནོ། །བཟོད་པའི་ཡངས་པ་སྟོན་པ་སྟེ་ཕྱག་གི་རི་མོ་རིང་བ་ཡིན་ནོ། །བསླབ་
པའི་གནས་ཧ་ཅང་མི་རིང་བར་འཆར་བ་སྟེ་ཞལ་ཧ་ཅང་ཡང་མི་རིང་བ་ཡིན་ནོ། །གཟུགས་བརྙན་འཇིག་རྟེན་ཐམས་ཅད་དུ་དགྱེ་བ་སྟེ། ཞལ་གཟུགས་ཀྱི་གཟུགས་བརྙན་མ་ཡིན་ནོ། །འཇམ་པ་སྔོན་དུ་གཏོང་ཞིང་འདུལ་བ་སྟེ། ལྗགས་ཤིན་ཏུ་འཇམ་པ་ཡིན་ནོ། །ཡོན་ཏན་ཕྲ་བའི་ཚོགས་
དང་ལྡན་པ་སྟེ། ལྗགས་ཤིན་ཏུ་སྲབ་པ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་འདོད་ཆགས་པ་རྣམས་ཀྱིས་ཆོས་དང་འདུལ་བ་གཏིང་དཔག་པར་དཀའ་བ་སྟེ། ལྗགས་ཤིན་ཏུ་དམར་བ་ཡིན་ནོ། །གླང་པོ་ཆེན་པོའི་སྒྲ་དང་འབྲུག་གི་སྒྲ་ལྟ་བུས་ཉེས་པ་མི་མངའ་བ་སྟེ། གླང་པོ་ཆེའི་ང་རོ་དང་འབྲུག་གི་
སྒྲ་དབྱངས་དང་ལྡན་པའོ། །སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བར་སྨྲ་བའི་སློབ་མ་མངའ་བ་སྟེ། སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བའི་གསུང་དང་ལྡན་པའོ། །སྲིད་པར་ཀུན་དུ་སྦྱོར་བ་ལས་འདས་ཏེ། ཚེམས་མཆེ་བ་ཤིན་ཏུ་ཟླུམ་པ་ཡིན་ནོ། །སྐྱེ་བོ་རྣོ་བ་རྣམས་འདུས་པས་ཏེ། ཚེམས་
Vol. 72 · folio 57a
མཆེ་བ་རྣོ་བ་དང་ལྡན་པ་ཡིན་ནོ། །ཆོས་དང་འདུལ་བ་ཤིན་ཏུ་དཀར་བ་སྟེ། ཚེམས་མཆེ་བ་ཤིན་ཏུ་དཀར་བ་ཡིན་ནོ། །ས་ཕྱོགས་མཉམ་པ་ལ་བཞུགས་པ་སྟེ། མཆེ་བ་མཉམ་པ་དང་ལྡན་པ་ཡིན་ནོ། །རིམ་གྱིས་མངོན་པར་རྟོགས་པའི་ཆོས་སྟོན་པ་སྟེ། ཚེམས་མཆེ་བ་
རིམ་གྱིས་གཞོལ་བ་ཡིན་ནོ། །ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པ་སྟེ། ཤངས་ལེགས་པར་མཐོ་བ་དང་ལྡན་པ་ཡིན་ནོ། །འདུལ་བའི་སྐྱེ་བོ་གཙང་མ་མངའ་བ་སྟེ། ཤངས་ཤིན་ཏུ་གཙང་བ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཕུལ་དུ་ཡངས་པ་མངའ་བ་སྟེ། སྤྱན་རིང་བ་དང་ལྡན་པ་ཡིན་
ནོ། །གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། སྤྱན་རྣམ་པར་དག་པ་ཡིན་ནོ། །སེམས་ཅན་གྱི་ཚོགས་ཤིན་ཏུ་བསགས་པ་སྟེ་རྫི་མ་སྟུག་པ་ཡིན་ནོ། །ལྷ་དང་ལྷ་མ་ཡིན་དང་སྐྱེས་བུ་དང་ན་ཆུང་མཆོག་གི་མིག་དཀར་ནག་ཕྱེད་པ་པདྨའི་འདབ་མ་ལྟར་འདུག་པ་རྣམས་ཀྱིས་མངོན་པར་དགའ་བར་
བྱས་ཏེ། སྤྱན་དཀར་ནག་ཕྱེད་ཅིང་པདྨའི་འདབ་མ་ལྟར་འདུག་པ་ཡིན་ནོ། །རྟག་ཏུ་ཡངས་པས་གཟིགས་པ་སྟེ་སྤྱན་རིང་བ་དང་ལྡན་པ་ཡིན་ནོ། །འཇམ་པ་དུལ་བ་ལ་མཁས་པ་སྟེ་སྨིན་མ་འཇམ་པ་དང་ལྡན་པ་ཡིན་ནོ། །སྐྱོན་ཐམས་ཅད་མཁྱེན་པ་སྟེ་སྨིན་མའི་སྤུ་མཉམ་པ་དང་ལྡན་ནོ། །
དགེ་བའི་རྩ་བའི་སྣུམ་གྱིས་སེམས་སྣུམ་པར་གྱུར་པས་སྐྱེ་བོ་འདུལ་བ་སྟེ་སྨིན་མ་སྣུམ་པ་དང་ལྡན་པ་ཡིན་ནོ། །ཆོས་མཆོག་ཏུ་ཡངས་ཤིང་དོན་དང་ལྡན་པ་མངའ་བ་སྟེ་སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན་ནོ། །ཉོན་མོངས་པའི་རྒྱུ་ལས་རྣམ་པར་རྒྱལ་བ་སྟེ་སྙན་མཉམ་པ་ཡིན་ནོ། །
སེམས་ཅན་བསམ་པ་མཉམ་པ་འབུལ་བ་སྟེ་སྙན་གྱི་དབང་པོ་མཉམ་པ་དང་ལྡན་པ་ཡིན་ནོ། །ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་བྱང་བ་སྟེ། ཞལ་དཔྲལ་བ་ལེགས་པར་གྲུབ་པ་དང་ལྡན་པ་ཡིན་ནོ། །ཕས་ཀྱི་རྒོལ་བ་ཤིན་ཏུ་དུལ་བ་སྟེ། ཞལ་དཔྲལ་བ་ཡངས་པ་དང་ལྡན་པ་ཡིན་ནོ། །
སྨོན་ལམ་དམ་པ་ཤིན་ཏུ་རྫོགས་པ་སྟེ་དབུ་ཤིན་ཏུ་རྒྱས་པ་ཡིན་ནོ། །གཡུལ་གྱི་བུང་བ་རྣམ་པར་ཟློག་པ་སྟེ། དབུ་བུང་བ་ལྟར་གནག་པ་ཡིན་ནོ། །མཐོང་བ་དང་བསྒོམ་པ་སྤངས་པའི་བག་ལ་ཉལ་ཟད་པར་བྱ་བ་སྟེ་དབུ་སྟུག་པ་ཡིན་ནོ། །ཐུགས་འཇམ་པས་བསྟན་པའི་སྙིང་པོ་ཐུགས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words