ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ
Sanskrit title (Tibetan script, as in the text) ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་བི་དྷི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 73 · folio 252a
༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།
Vol. 73 · folio 252b
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་ལ་ཕྱག་འཚལ་ལོ། །ཉེས་པ་ཀུན་བཅོམ་དེ་ཉིད་རྟོགས་གྱུར་ཀྱང་། །ཐུགས་རྗེའི་རྒྱུན་གྱིས་འཇིགས་པའི་སྐུ་སྤྲུལ་པ། །ཀླུ་དབང་ལ་སོགས་གདུག་པས་ཕྱག་བྱས་པའི། །གོས་
སྔོན་ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ། །གང་ཞིག་མཐོང་བས་སྡུག་བསྔལ་སེལ་འགྱུར་ཞིང་། །གང་དུ་སྨིན་པས་དངོས་གྲུབ་སྐལ་གྱུར་ཕྱིར། །དྲི་མེད་རྒྱུད་མང་མཐོང་དང་བླ་མ་ཡི། །དྲིན་ཐོབ་གྱུར་པས་དཀྱིལ་འཁོར་ཆོ་ག་བཤད། །གང་ཞིག་དབང་རྣམས་རིམ་ཐོབ་དམ་ཚིག་ལྡན། །བརྟན་ཞིང་དུལ་བ་
བཟོད་ལྡན་བློ་གྲོས་ཆེ། །དཔའ་ཞིང་བརྩོན་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་རབ་ཤེས་དང་། །དེ་ཉིད་བཅུ་ཤེས་དཀྱིལ་འཁོར་བྲི་བར་མཁས། །མཚན་ཉིད་དང་ལྡན་གྱུར་པའི་བླ་མ་ལ། །སྐལ་ལྡན་སློབ་མས་གསོལ་བ་ལན་གསུམ་གདབ། །སྣོད་ལྡན་གྱུར་ན་བླ་མས་གནང་བ་སྦྱིན། །
སློབ་མའི་ལྟེ་བར་ཧཱུཾ་གི་ཡི་གེ་ནི། །དུ་བའི་མདོག་ཅན་འོད་ཟེར་འབར་བ་བསམ། །སྙིང་ཀར་ཀཾ་ཡིག་ནག་པོ་སྡིག་པ་ཡི། །རང་བཞིན་བལྟས་ཏེ་ཧཱུཾ་གི་འོད་ཟེར་གྱིས། །སྣ་རྩེར་བཏོན་ཏེ་ལྟུང་བས་སྡིག་པ་ནི། །མི་སྡུག་གཅེར་བུ་སྐྲ་གྲོལ་ཉམ་ཐག་ཅིང་། །ཏིལ་མར་གྱིས་བསྒོས་གནག་ལ་རིད་པ་བསམ། །
ཧཱུཾ་ལས་བྱུང་བའི་རྡོ་རྗེ་གནོད་སྦྱིན་ལ། །བཛྲ་ཡཀྵ་སོགས་སྔགས་ཀྱིས་ཟོས་པའམ། །ཧཱུཾ་ལས་བྱུང་བའི་ཕུར་བུས་གདབ་པར་བྱ། །སཾ་ལས་ཀུན་ཏུ་བཟང་པོ་བསྐྱེད་ནས་ནི། །སྙིང་གར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་བསམ། །སྤྱི་བོར་གཏུགས་ཏེ་རྩ་སྔགས་ལན་གསུམ་གྱིས། །བཟླས་ཏེ་སློབ་མ་ཡོངས་སུ་བསྲུང་
བར་བྱ། །དབེན་ཞིང་ཉམས་དགའི་གནས་སུ་བདག་ཉིད་ནི། །ཏིང་འཛིན་གསུམ་ལྡན་མཚན་མ་ཐོབ་པའམ། །བཟླས་པ་འབུམ་རྫོགས་ཡང་ན་ཟླ་གཅིག་དང་། །ཟླ་དྲུག་ལ་སོགས་བསྙེན་པ་རྫོགས་པར་བྱ། །དེ་ལྟར་བསྙེན་པ་ཡོངས་རྫོགས་ནས། །ཁང་སྟོང་དག་གམ་དུར་ཁྲོད་དང་། །སྦྲུམ་མེད་
དྲག་པོའི་ལས་ཅན་དང་། །དེ་བཞིན་ཚང་ཚིང་མི་བཟད་འཇིགས། །དེ་ལ་སོགས་པའི་གནས་རྣམས་སུ། །དྲག་པོའི་ལས་ཀྱི་དཀྱིལ་འཁོར་བྲི། །ཡང་ན་ཡིད་ནི་གང་དག་ཏུ། །ངེས་པར་དགའ་བ་སྐྱེ་འགྱུར་བ། །མདོར་ན་ས་གཞི་ཉམས་དགའ་དང་། །མདངས་གསལ་ཤར་དུ་གཞོལ་བར་
Vol. 73 · folio 253a
བཤད། །ཡུལ་དེར་དཀྱིལ་འཁོར་བྲི་བ་ཡི། །ལས་ནི་ལེགས་པར་སྦྱར་བར་བྱ། །ཙནྡན་ཨ་ཀ་རུ་སོགས་ལ། །དྲི་ཞིམ་ཆུ་དང་བ་སོགས་ཀྱིས། །ཆག་ཆག་ལེགས་པར་གདབ་པར་བྱ། །ཕྱོགས་སྐྱོང་རྣམས་ལ་གཏོར་མ་ནི། །སྦྱིན་པར་བྱས་ཏེ་གསོལ་བ་གདབ། །ས་ཡི་ལྷ་མོ་སྐུ་
མདོག་སེར། །ཕྱག་གཉིས་བུམ་པ་བསྣམས་པ་ནི། །བློས་བཀུག་མཆོད་དེ་གསོལ་བ་གདབ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །རིན་ཆེན་སྣ་ཚོགས་འཛིན་པ་ཡིས། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་བརྗོད་ནམ་མཁར་འདེགས་པར་བྱ། །བདག་དང་སློབ་
མ་ས་བདག་སོགས། །ཞི་བར་བྱ་བའི་ཕྱིར་དང་ནི། །བགེགས་རྣམས་བཟློག་པར་བྱ་བའི་ཕྱིར། །ཞི་དང་དྲག་པོའི་སྦྱིན་སྲེག་བྱ། །དེ་ནས་པུས་ནུབ་འདོམ་གང་བར། །བྲུས་ཏེ་རྡོ་དང་རུས་སོགས་བསལ། །སླར་ཡང་ས་ཡིས་དེ་ཉིད་དགང་། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་ཡོད་པར་སྟོན་
པ་ཡིན། །དེ་ལྟར་སྦྱང་བ་བྱས་པ་དང་། །དྲི་ཞིམ་ཆུ་དང་སྦྱར་བའི་སས། །གྲུ་བཞི་ཤིན་ཏུ་འཐས་བྱས་ཏེ། །དྲི་ཞིམ་ཆུ་དང་བ་ཡི་ལྔས། །ཤར་ནས་བརྩམས་ཏེ་ལེགས་བྱུགས་ལ། །གྲུ་བཞི་སྒོ་བཞི་ཁང་བརྩེགས་མ། །རྟ་བབས་སྐར་ཁུང་དྲ་བ་ཅན། །མེ་ཏོག་ཆུན་འཕྱང་སོགས་ལྡན་པའི། །ཁང་པའི་
ནང་ཆུད་རྒྱན་སོགས་དགྲམ། །དེ་ནས་ཧཱུཾ་ཁཾ་ཧཱུཾ་ཞེས་པས། །རྣམ་པར་དག་པའི་ནམ་མཁར་བསམ། །ཧཱུཾ་སུཾ་ཧཱུཾ་ལས་བྱུང་བ་ཡི། །རིན་ཆེན་སྣ་བཞིའི་རི་རབ་བསྐྱེད། །དེ་སྟེང་ཧཱུཾ་ལཾ་ཧཱུཾ་བྱུང་བའི། །གསེར་གྱི་ས་གཞི་གྲུ་བཞི་པ། །བསྐྱེད་དེ་ཐལ་བཅིངས་ཁ་སྦུབ་ལ། །སྔགས་ཀྱི་བྱིན་གྱིས་བརླབ་པར་བྱ། །
ཨོཾ་མེ་དཱི་ནི་བཛྲཱི་བྷ་བ་བནྡྷ་ཧཱུཾ། །དེ་ནས་ཁམས་གསུམ་རྣམ་རྒྱལ་ནི། །བསྲུང་བའི་སྔགས་ཀྱིས་བསྲུང་བྱ་བ། །ས་ཡི་ཆོ་གར་གསུངས་པ་ཡིན། །དེ་ནས་བདག་ཉིད་ཁྲུས་བྱས་ཤིང་། །ཤིན་ཏུ་སྔོ་བའི་གོས་བགོས་ཏེ། །ཇི་སྙེད་རྒྱན་གདགས་དྲི་ཞིམ་བྱ། །དཀྱིལ་འཁོར་དབུས་ནས་ཤར་དུ་བལྟས། །ཇི་ལྟར་
སྒྲུབ་ཐབས་ལས་བཤད་པའི། །ཏིང་འཛིན་གསུམ་ནི་བསྒོམ་པ་དང་། །བཟླས་པ་དག་ལ་བརྩོན་པ་ལ། །གྲོག་མཆོག་རྣམས་ཀྱིས་བསྟོད་གསོལ་གདབ། །གསང་བའི་བདག་པོ་བརྩོན་ཆེན་པོ། །སངས་རྒྱས་སྐུ་དང་འདྲ་བའི་ལུས། །གཏི་མུག་རྡོ་རྗེའི་རང་བཞིན་ཅན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །
Vol. 73 · folio 253b
གསང་བའི་བདག་པོ་བརྩོན་ཆེན་པོ། །སངས་རྒྱས་གསུང་དང་འདྲ་བའི་ངག །འདོད་ཆགས་རྡོ་རྗེའི་རང་བཞིན་བདག །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །གསང་བའི་བདག་པོ་བརྩོན་ཆེན་པོ། །སངས་རྒྱས་ཐུགས་དང་འདྲ་བའི་ཡིད། །ཞེ་སྡང་རྡོ་རྗེའི་རང་བཞིན་བདག །རྡོ་རྗེ་ཐུགས་ལ་ཕྱག་
འཚལ་ལོ། །མགོན་པོ་ཁྱོད་ལ་གསོལ་བ་ནི། །སེམས་ཅན་ཀུན་ལ་སྨན་སླད་དུ། །གདུག་པ་ཐམས་ཅད་འདུལ་བྱེད་པའི། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ལྟར་གསོལ་གདབ་བདག་པོ་ཡི། །ང་རྒྱལ་བརྟན་པས་ལངས་ནས་ནི། །བདག་ཉིད་རང་བཞིན་རྡོ་རྗེ་ཅན། །ཕྱག་ན་རྡོ་
རྗེའང་བདག་རང་ཡིན། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྣལ་འབྱོར་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོའི་བདག །ཕྱག་ན་རྡོ་རྗེ་བརྟན་བདག་སྟེ། །བྱིན་གྱིས་བརླབ་པ་མི་འདོར་རོ། །ཞེས་བརྗོད་བཛྲོད་ཏིཥྛ་ཡིས། །དཀྱིལ་འཁོར་མཁར་བཏེག་མ་ཊ་ཡིས། །
ཉི་མ་ཟླ་བ་ཧཱུཾ་མཚན་ཉིད། །རྐང་འོག་ཧཱུཾ་ལས་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེ་བསམ་བྱས་ནས། །བསྒྱིངས་པའི་ཚུལ་གྱིས་ཡོངས་བསྐོར་བས། །བགེགས་བསྐྲད་ར་བ་ས་གཞི་ཀུན། །རྡོ་རྗེའི་རང་བཞིན་ཅན་དུ་བསམ། །དེ་ནས་དབུས་སུ་གནས་ནས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །
སངས་རྒྱས་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་གྱིས། །ལྷ་དང་ལྷ་མིན་གསང་བ་པོ། །བརྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །ས་འདིར་མ་གནས་གཞན་དུ་དེངས། །གལ་ཏེ་དམ་ཚིག་ལ་འདས་ན། །རྡོ་རྗེ་
ཁྲོ་བོ་བཞིན་འབར་བའི། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནི་ཚལ་པ་བརྒྱར་འགས་ཞིང་། །ཞིག་པར་འགྱུར་བར་གདོན་མི་ཟ། །ཞེས་བརྗོད་བྱང་ཤར་ནས་བརྩམས་ཏེ། །ཁྲོ་བོའི་གར་གྱི་འདོར་སྟངས་ཀྱིས། །དྲག་ཏུ་ལན་གསུམ་བསྐོར་བྱས་ལ། །དབུས་འདུག་བདེན་པའི་བྱིན་རླབས་
བརྗོད། །བདག་སློབ་དཔོན་མིང་འདི་ཞེས་བྱ་བས། །སློབ་མ་ཆེ་གེ་མོ་ཞིག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱིས་ཀྱང་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། ས་ཕྱོགས་འདིར་བཅོམ་ལྡན་འདས་གོས་སྔོན་པོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་འདྲི་
Vol. 73 · folio 254a
བས་ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་མ་དང་། མི་འམ་ཅི་དང་། རིག་སྔགས་གྲུབ་པ་རྒན་པོ་དང་། རྒན་མོ་འཁོར་དང་གཡོག་ཏུ་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག །
འདི་ལྟར་རྡོ་རྗེ་འཆང་བའི་བཀའ་ཐོས་ནས་མྱུར་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ནི། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་རབ་ཏུ་འབར་བ་ཁྲོ་བཞིན་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འདིས་མགོ་ཚལ་པ་བརྒྱར་འགས་པར་བྱེད་དོ། །དེ་ལྟར་བརྗོད་ནས་དབུས་སུ་ནི། །མཐུན་པའི་སྟང་སྟབས་ཤར་ལ་སོགས། །
ཕྱོགས་བཞིར་སྟང་སྟབས་བཞི་ཡིས་ནི། །བགེགས་རྣམས་ཚར་གཅད་སྲུང་འཁོར་བྱ། །དེ་ནས་ཕུར་བུ་ལྔ་ལ་ནི། །དྲི་བྱུགས་མེ་ཏོག་སྲད་བུ་དམར། །བཏགས་ཏེ་ཞལ་གསུམ་ཕྱག་དྲུག་པ། །སྨད་ནི་མདུང་ལྟར་བྱིན་བརླབས་ཏེ། །ཕུར་པའི་གསང་སྔགས་ལེགས་བརྗོད་ལ། །གྷ་གྷ་ལ་སོགས་
ཀྱིས་གདབ་བྱ། །དེ་ནས་དབུས་སུ་དྲིས་བྱུགས་ལ། །བཾ་ལས་ས་ཡི་ལྷ་མོ་བསྐྱེད། །བཀུག་སྟེ་མཆོད་ལ་གསོལ་བ་གདབ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་
བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ནི་ལན་གསུམ་བརྗོད་དེ་བསྟིམ། །དེ་ནས་དྲི་ཡིས་ལེགས་བྱུགས་ལ། །དྲི་ཡི་ཐིག་ལེ་དགུ་བྱས་ཏེ། །མེ་ཏོག་ཚོམ་བུ་ལྷར་བསྐྱེད་ལ། །ནམ་མཁའི་དཀྱིལ་འཁོར་ཕབ་མཆོད་བསྟོད། །རྡོ་རྗེ་འཆང་བ་
བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་ཀྱི་བདག་ཉིད་ཅན་རྣམས་ཀྱིས། །དཀྱིལ་འཁོར་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བ་མཛད་པའི་རིགས། །
སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གང་གཞན་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་ཡང་རྡོ་རྗེ་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་
Vol. 73 · folio 254b
མིང་འདི་ཞེས་བགྱི་བ་ཡིས། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་འབྱོར་པས་འབྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་བརྩེ་བས་ནི་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་ནི་ལན་གསུམ་གསོལ་བཏབ་ལ། །
མཆོད་དང་བསྟོད་པ་རྒྱས་པར་བྱ། །དེ་ནས་བུམ་པ་དགུའམ་བཅུ། །མཚན་ཉིད་དང་ལྡན་བཀྲུ་བྱས་ཏེ། །རིགས་ཀྱི་མཚན་མས་མཚན་བྱས་ལ། །སྨན་འབྲུ་རིན་ཆེན་ལྔ་དྲི་ཆུ། །སྩལ་ཏེ་མགུལ་བཅིངས་ཁ་བརྒྱན་ལ། །རྣམ་རྒྱལ་བུམ་པ་གཙོ་བོའི་མདུན། །ལྷག་མ་ཕྱི་རོལ་དག་ལ་དགོད། །ལས་བྱེད་
བུམ་པ་སྒོ་འགྲམ་འགོད། །བཾ་ལས་བུམ་བསྐྱེད་དེའི་ནང་དུ། །ལྷ་རྣམས་སྐད་ཅིག་གིས་བསྐྱེད་ལ། །ཡེ་ཤེས་སེམས་དཔའ་དགུག་སོགས་བྱ། །མཆོད་བསྟོད་བྱས་ཏེ་གཙོ་བོ་ལ། །རྩ་བའི་སྔགས་ནི་བརྒྱ་རྩ་བརྒྱད། །ས་བོན་དེ་ཉིད་གསུམ་ལྡན་ནི། །ལྷག་མ་རྣམས་ནི་བཟླ་བར་བྱ། །དེ་ནས་མཚན་
ཉིད་དང་ལྡན་པའི། །སློབ་མ་ནང་དུ་བོས་བྱས་ལ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་
ལྡན་དཀྱིལ་འཁོར་འཇུག་པར་བྱ། །ཚེ་འདིའི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད་སློབ་མས་གསོལ་བ་གདབ། །དགའ་ཆེན་ཁྱོད་བདག་
སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་
བདག་ནི་འཇུག་པར་འཚལ། །དེ་ལྟར་ལན་གསུམ་བརྗོད་ནས་ནི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་
Vol. 73 · folio 255a
བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །
བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དགྲ་ཡང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་སློབ་མས་བཤགས་སོགས་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་
རྗེས་སུ་རང་། །སངས་རྒྱས་བྱང་ཆུབ་ཏུ་སེམས་བསྐྱེད། །དེ་ནས་སློབ་མའི་གནས་གསུམ་དུ། །ཁུ་ཚུར་སྤོས་ཆུར་ལྡན་པ་ཡིས། །ཐིག་ལེ་བྱས་ཏེ་ཟླ་བ་དང་། །པདྨ་ཉི་སྟེངས་ཡིག་གསུམ་དགོད། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །དུས་འདི་ནས་ནི་བཟུང་ནས་ནི། །འཁོར་ལོའི་ཉེས་པས་
མ་གོས་པར། །མཆོད་པ་ཀུན་དང་ལྡན་པར་ནི། །དུས་ཀུན་དུ་ནི་བདེ་བར་མནོས། །ཞེས་བརྗོད་མེ་ཏོག་སོགས་ཀྱིས་མཆོད། །ཨ་ཤྭཏྠ་སོགས་སོ་ཤིང་ནི། །སོར་བཅུ་གཉིས་དང་སྲོག་ཆགས་མེད། །རྩེ་མོ་མེ་ཏོག་གིས་བཏགས་སྦྱིན། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །ཤར་རམ་བྱང་དུ་
བལྟས་ཏེ་དོར། །བྱང་ཤར་ལྷོ་ནུབ་སྟེང་འོག་ཏུ། །ཞི་རྒྱས་མངོན་སྤྱོད་དབང་རིག་འཛིན། །ས་འོག་དངོས་གྲུབ་ཕྱིར་ལྷུང་མེད། །ཨོཾ་ཧྲཱིཿསོགས་སྔགས་སྐྱོར་ཆུ་བླུད། །ཁམས་གསུམ་རྣམ་རྒྱལ་བཟླས་པ་ཡི། །ཀུ་ཤ་སྟན་དང་སྔས་སུ་སྦྱིན། །སྔགས་དེ་བཟླས་པའི་སྲུང་སྐུད་ནི། །མདུད་པ་གསུམ་
ལྡན་དཔུང་གཡས་བཅིང་། །དེ་ནས་བཟེངས་བསྟོད་ཕྱིར་འཆོས་པ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་
མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་འགྱུར་བ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱུང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་
Vol. 73 · folio 255b
དགོས། །སྐྱོབ་པ་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་མེད་ཐོབ་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་རྟག་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དི་རིང་རྙེད། །
གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་
འདིར་ནི་དོང་བས་ན། །རང་འབྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །དེ་ལྟར་ཆོས་བཤད་སྤྲོ་བསྐྱེད་ལ། །བཞིན་བཟངས་ལོངས་ལ་སོང་ཤིག་དང་། །སང་ནི་ཐར་པ་ཆེན་པོ་ཡི། །གྲོང་ཁྱེར་མཆོག་ནི་མཐོང་འགྱུར་ཞེས། །བརྗོད་
ལ་ཉལ་དུ་གཏང་བར་བྱ། །སློབ་དཔོན་བདག་ཉིད་དཀྱིལ་འཁོར་གྱི། །མཐའ་ལོགས་དག་ཏུ་ཉལ་བར་བྱ། །དེ་ལྟར་ལྷག་གནས་རྫོགས་བྱས་ནས། །ནང་པར་སྐྱ་རེངས་ཤར་བ་དང་། །ལྷ་ཡི་རྣལ་འབྱོར་ལྡན་བྱས་ཏེ། །སློབ་མའི་རྨི་ལམ་བརྟག་བྱས་ལ། །ངན་ན་སྦྱིན་སྲེག་གིས་བཟློག་བྱ། །ཉི་མ་
ཤར་ཀར་གྱུར་པ་དང་། །དཀྱིལ་འཁོར་ནམ་མཁར་བཏེག་བྱས་ལ། །ཐིག་གདབ་པ་ནི་བརྩམ་པར་བྱ། །སར་པ་ལེགས་པར་བཀལ་ནས་ཀྱང་། །ཚད་དང་ལྡན་པའི་མཛེས་པ་ནི། །ཁ་དོག་སོ་སོར་བསྒྱུར་བྱས་ལ། །ཨོཾ་ཏྲཱཾ་ཧྲཱིཿཨཱཿཧཱུཾ་བཀོད་དེ། །འབར་བའི་ལྷ་རྣམས་བཀུག་ནས་ནི། །གཅིག་ཏུ་
བསྒྲིལ་བར་བྱ་བ་ཡིན། །ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་སྥ་ར་སྥ་ར་སརྦ་དྷརྨཱ་ཨཏྱན་ཏ་ཨ་ནུ་ག་ཏ་སརྦ་དྷརྨཱ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། གྲོགས་མཆོག་ཁམས་གསུམ་རྣམ་རྒྱལ་དུ། །དམིགས་ཏེ་ཛཿགསུམ་གྱིས་ཐིག་དྲང་། །ཤར་དང་བྱང་ལྟར་ཚངས་ཐིག་གདབ། །མེར་གནས་
བྱང་དུ་བལྟས་པ་དང་། །རླུང་ནས་ལྷོ་རུ་བལྟས་པ་དང་། །དེ་ཉིད་ནས་ནི་ཤར་བལྟས་དང་། །མེ་གནས་ནུབ་ཏུ་བལྟས་པ་ཡིས། །ཕྱི་ཡི་ཐིག་བཞི་གདབ་པར་བྱ། །མེ་དང་བདེན་བྲལ་དུ་གནས་ཏེ། །མཚམས་ཀྱི་ཐིག་གཉིས་གདབ་པར་བྱ། །དེ་བཞིན་ཚངས་པའི་ཐིག་ནས་ནི། །ཕྱི་ཡི་
Vol. 73 · folio 256a
ཐིག་གི་བར་དུ་ནི། །ངོས་རེར་བདུན་བདུན་གདབ་པར་བྱ། །དེ་བཞིན་སྒོ་ཁྱུད་ལོགས་དང་ངོས། །འགྲམ་དང་ཡ་ཕུབས་ཀྱང་གདབ་བྱ། །སྒོ་ནི་འཁོར་ལོ་བརྒྱད་ཀྱི་ཆ། །སྒོ་ཁྱུད་ལྷ་རྣམས་སྒོ་ཡི་ཚད། །ཁ་ཁྱེར་དྲ་ཕྱེད་དེ་ཡི་ཕྱེད། །ཚོན་སྣ་ལྔ་ནི་ཁ་ཁྱེར་ཕྱེད། །རྟ་བབས་སྒོ་ཡི་སུམ་
འགྱུར་རོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །མཆོད་སྣམ་བཞི་ཡིས་ཡོངས་སུ་བསྐོར། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཐིག་གིས་ཡོངས་སུ་བསྐོར། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །བླ་རེ་རྔ་ཡབ་མེ་ལོང་དང་། །གོས་དང་མེ་ཏོག་ཕྲེང་གིས་བརྒྱན། །ལྷ་
རྫས་བསྣམས་པའི་ལྷ་མོའི་ཚོགས། །བ་དན་རྩེ་མོ་རླུང་བསྐྱོད་ལྡན། །དེ་ལྟར་ལེགས་པར་ཐིག་བཏབ་ནས། །ཚོན་དགྱེ་བ་ནི་བརྩམ་པར་བྱ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་ས་ཡི་ཕྱེ་མ་ནི། །ཁ་དོག་ལྔ་དང་ལྡན་པ་ལ། །ས་བོན་ལྔ་དང་ལྡན་བྱས་ཏེ། །འབར་བའི་ལྟ་བས་སངས་རྒྱས་
ལྔ། །སྤྱན་དྲངས་ཚོན་ལ་བསྟིམ་པར་བྱ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཕུར་བུའི་བུ་ག་བཀང་ནས་ནི། །དབང་ལྡན་ནས་བརྩམས་བྲི་བྱ་སྟེ། །མ་ཆད་ཡ་ཡོ་མེད་པར་བྲི། །དཀར་པོ་སེར་པོ་དམར་དང་ལྗང་། །སྔོན་པོ་ནང་དུ་བྲི་བར་བྱ། །ཤར་ཕྱོགས་སུ་ནི་དཀར་བ་སྟེ། །ལྷོ་དང་ནུབ་དང་བྱང་དང་
དབུས། །སེར་པོ་དམར་པོ་ལྗང་དང་ནག །ལེགས་པར་བྲིས་ནས་མཚན་མ་དགོད། །དབུས་སུ་སྣ་ཚོགས་པདྨ་དང་། །སྦྲུལ་བརྒྱད་མཇུག་མ་བསྣོལ་བ་ལ། །ཉི་མའི་སྟེང་དུ་རྡོ་རྗེ་ཆེ། །སྔོན་པོ་རྩེ་ལྔ་འོད་ཟེར་ཅན། །ཤར་སོགས་ལེ་ཚེ་བཞི་ལ་ནི། །སྣ་ཚོགས་པདྨ་སྟེང་འཇིགས་བྱེད་དང་། །
སྟག་དང་ཆུ་སྲིན་མི་རྣམས་ལ། །ཉི་མའི་དཀྱིལ་འཁོར་ལྡན་པར་བྱ། །ཆུ་སྲིན་སྟེང་དུ་ཟླ་བ་བྲི། །དེ་རྣམས་སྟེང་དུ་རྡོ་རྗེ་ཆེ། །རྩེ་མོ་དགུ་པ་ཉིད་དང་ནི། །ཙནྡན་བུད་ཤིང་པདྨ་དང་། །རིན་པོ་ཆེ་རྣམས་བྲི་བར་བྱ། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ། །པདྨ་ཉི་མའི་གདན་རྣམས་ལ། །གྲི་གུག་
སྦྲུལ་གྱི་པགས་པ་དང་། །སྦལ་པའི་ཁྲག་ལྡན་ཐོད་པ་དང་། །གྲི་སྟེ་མཚན་མ་བཞི་བྲི་བྱ། །དེ་ལྟར་ལེགས་པར་བྲི་བྱས་ལ། །མེ་ཏོག་ཆལ་པ་བཀྲམ་ནས་ནི། །གཞན་ཡང་རྒྱན་རྣམས་ལེགས་པར་དགོད། །དེ་ནས་དགོངས་ཀའི་དུས་སུ་ནི། །ཁྲུས་བྱས་ནང་དུ་ཞུགས་
Vol. 73 · folio 256b
བྱས་ལ། །གཞལ་ཡས་ཁང་བསླང་ཤུགས་འཇུག་བྱ། །ཨོཾ་བཛྲ་ཨུ་ཏིཥྛ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ལྷག་ཆད་བསྐངས་ཏེ་མེ་ཏོག་ནི། །བཅོམ་ལྡན་འདས་ལ་དབུལ་བར་བྱ། །དེ་ནས་སྒོ་ཕྱེ་ཕྱིར་བྱུང་བ། །དང་པོ་སྦྱོར་བའི་ཏིང་འཛིན་ལ། །གནས་ནས་ལྷ་རྣམས་སྤྲོ་
བར་བྱ། །སོ་སོར་གནས་སུ་གདན་བསྐྱེད་ལ། །བདག་གི་ཐུགས་ཀའི་ས་བོན་ལས། །ཟླ་ཉི་ས་བོན་ལྡན་སྤྲོས་པས། །དེ་ལས་སོ་སོས་མཚན་པར་གྱུར། །དེ་ལས་ལྷ་རྣམས་ཀུན་རྫོགས་བསྒོམ། །ནམ་མཁའི་དཀྱིལ་འཁོར་བཀུག་ནས་ནི། །དཀྱིལ་འཁོར་གཅིག་ཏུ་
བསྒོམ་པར་བྱ། །བདག་གི་ཐུགས་ཀའི་ས་བོན་ལས། །ནམ་མཁར་རྒྱལ་བ་སྤྱན་དྲངས་ལ། །མཆོད་བསྟོད་གསོལ་བཏབ་དབང་བསྐུར་བ། །ཀུན་གྱི་དབུ་ལ་མི་བསྐྱོད་པ། །ལྷ་རྣམས་ཀུན་གྱི་གནས་གསུམ་དུ། །དེ་ཉིད་གསུམ་གྱིས་བྱིན་བརླབ་བྱ། །དེ་ནས་མེ་ཏོག་ལ་སོགས་པའི། །མཆོད་
པ་རྣམས་ཀྱིས་མཆོད་བསྟོད་བྱ། །ཕྱོགས་སྐྱོང་ལ་སོགས་གདོན་ཚོགས་ལ། །གཏོར་མ་རྒྱ་ཆེན་སྦྱིན་པར་བྱ། །དེ་ནས་ཞི་བའི་ཐབ་ཁུང་དུ། །ལྷ་རྣམས་སྦྱིན་སྲེག་གིས་ཚིམ་བྱ། །དེ་ནས་བུམ་པ་སོ་སོ་ལ། །སྔར་བཞིན་བཟླས་པས་མཉེས་པར་བྱས། །དེ་ནས་སློབ་དཔོན་བདག་ཉིད་ནི། །
འཇུག་དང་དབང་བསྐུར་བ་ཡི་རིམ། །སློབ་མའི་རང་བཞིན་འདིར་སྤྱད་བྱ། །དེ་ནས་སློབ་མ་གཞུག་དོན་དུ། །བདེན་པའི་བྱིན་རླབས་བརྗོད་པར་བྱ། །ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའི་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔར་བདག་འགྲུབ་
མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་
ཀྱིས་གྲུབ་མཛོད། །ཤིན་ཏུ་དགའ་བ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་
Vol. 73 · folio 257a
སྙེམས་བདག་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཞིང་། །འདོད་ཆགས་དམ་ཚིག་གྱུར་པའོ། །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །
བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །དེ་བཞིན་ཉིད་ལས་ངེས་པར་བསྐྱེད། །བདེན་པ་འདི་ཡིས་དཀྱིལ་
འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །དེ་ལྟར་སློབ་དཔོན་བདག་ཞུགས་ལ། །སློབ་མ་འཇུག་པ་བརྩམ་པར་བྱ། །ལས་བྱེད་བུམ་པས་ཁྲུས་བྱས་ལ། །རས་སྔོན་གདོང་གཡོགས་ཕྱི་རོལ་དགུག །འདོད་པ་དག་པ་གང་ཡིན་སྨྲོས། །བདག་
ནི་སྐལ་བཟངས་ཞེས་བརྗོད་དེ། །དེ་ནས་སློབ་དཔོན་ཕྱག་བྱས་ལ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །དེ་ལྟར་ལན་གསུམ་
གསོལ་བཏབ་ལ། །མེ་ཏོག་ཐོབ་པའི་སློབ་མ་ཡིས། །སྡིག་པ་བཤགས་ལ་སོགས་པ་བྱ། །སླར་ཡང་གསོལ་བ་གདབ་བྱ་སྟེ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །སློབ་དཔོན་
དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་པ་ཡི་འཁོར་ལོ་སྦྱོར། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོ་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུས་པས་ནི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །
སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བའི། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་ཆེན་པོ་རྨད་བྱུང་བའི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་
Vol. 73 · folio 257b
དཔོན་བགྱི། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པའི། །དམ་ཚིག་མཆོག་དང་གསང་བ་ཡི། །འཁོར་ལོ་འདི་ནི་འཇུག་པར་འཚལ། །དེ་ལྟར་གསོལ་བཏབ་འདོད་དོན་དྲི། །གསང་ཆེན་པོ་ཡི་
རིགས་དག་པའི། །གསང་བ་ཆེན་པོ་ཡོངས་འཛིན་པར། །བདག་ཉིད་ཆེན་པོ་འདོད་དམ་ཅི། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་འགྱུར་
བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །
རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་
པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །གཞན་ཡང་བཅུ་བཞི་འདི་དག་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤངས་ཤིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །
ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱོད་ཅིང་། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་
གྱི་རྩ་བ་སྟེ། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་ལ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་
Vol. 73 · folio 258a
རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྤོངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་རྣམས་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོད་མི་སྤོང་། །རྟག་ཏུ་མྱ་ངན་འདའ་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་
རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱ་ཞིང་། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་བྱ་སྟེ། །སློབ་དཔོན་འདི་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་འཚལ་ཞེས། །
ཇི་ལྟར་གསུངས་བཞིན་ཁས་བླང་བྱ། །དེ་ནས་སློབ་མ་སེམས་བསྐྱེད་དེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། །དེ་ནས་སྙིང་གར་རྡོ་རྗེ་ནི། །སྔགས་འདིས་རབ་ཏུ་གཞག་པར་བྱ། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། དེ་ནས་སློབ་མ་ལྷར་བསྐྱེད་ལ། །དྲི་ལ་སོགས་པ་ལྔས་མཆོད་བྱ། །
མེ་ཏོག་ཐོགས་པའི་སློབ་མ་ཡིས། །བླ་མ་ཡོན་གྱིས་མཉེས་བྱས་ལ། །ལས་བྱེད་བུམ་པས་དབང་བསྐུར་ཏེ། །གུང་མོས་མེ་ཏོག་བཟུང་བྱས་ལ། །སྒོ་བཞི་ནས་བཅུག་ཤར་དུ་གནས། །དེང་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་
གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སྔགས་འདིས་
ཆུ་འཐུང་གཞུག །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲ་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲོད་ཀ་ཋཿ། དེང་ནས་བརྩམས་ཏེ་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཡིད་མི་བདེ་བ་མ་སྤངས་པས་
ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་གདམས་ངག་ཇི་ལྟ་བས། །སློབ་མའི་རྒྱུད་ལ་དབབ་པར་བྱ། །ལེགས་པར་བབས་པར་ཤེས་པ་དང་། །འདི་ལྟར་བདག་གིས་སློབ་མ་ནི། །དཀྱིལ་འཁོར་དུ་ནི་ལེགས་བཅུག་ནས། །འདི་ཡི་བསོད་ནམས་ཅི་འདྲ་ལས། །ལྷ་ཡིས་
Vol. 73 · folio 258b
རིམ་བཞིན་འབབ་པར་ཤོག །འདི་ནི་དངོས་གྲུབ་གང་གྱུར་དང་། །རིགས་ནི་གང་གི་སྣོད་གྱུར་དང་། །བསོད་ནམས་མཐུ་ནི་ཅི་ཡོད་དང་། །དཀྱིལ་འཁོར་འདིར་ནི་དེ་བཞིན་འགྱུར། །དེ་ནས་མེ་ཏོག་བཅོམ་ལྡན་གྱི། །དབུ་ལ་བརྟན་པས་དོར་བར་བྱ། །པྲ་ཏཱིཙྪ་བཛྲ་ཧོ། །དེར་མེ་ཏོག་སླར་བཅིངས་
ནས། །པྲ་ཏི་གྲྀཧྞ་ལ་སོགས་བརྗོད། །དངོས་གྲུབ་གང་འགྲུབ་མཚན་མ་ནི། །ཅི་ཞིག་མཐོང་ཞེས་དྲི་བར་བྱ། །སྔགས་འདིས་གདོང་གཡོགས་བཀྲོལ་བྱས་ཏེ། །ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་ལ་དེང་། །མིག་འབྱེད་པ་ལ་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་འཚལ་ཏེ། །རྡོ་རྗེའི་མིག་ནི་
བླ་ན་མེད། །ཧེ་བཛྲ་པཱ་ཤྱ། དེ་ནས་ལྷ་རྣམས་ལེགས་བསྟན་ལ། །དབང་བསྐུར་བ་ནི་བརྩམ་པར་བྱ། །སློབ་མ་བཞག་སྟེ་ལྷག་བྱས་ལ། །གནས་གསུམ་དེ་ཉིད་གསུམ་འགོད་དེ། །དྲི་ལ་སོགས་པ་ལྔས་མཆོད་བྱ། །བཀྲ་ཤིས་བརྗོད་ཅིང་བུམ་པ་ཡིས། །ཆུ་ཡི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་
བྷི་ཥིཉྩཱ། ས་བོན་ལྔ་ལས་སྐྱེས་པ་ཡི། །ཅོད་པན་མགོ་བོར་བཅིང་བྱས་ལ། །སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །དི་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱི་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། རྡོ་རྗེ་དང་
ནི་དྲིལ་བུ་གཉིས། །འཁྱུད་པའི་ཚུལ་དུ་འཛིན་དུ་གཞུག །དེ་ནས་རྡོ་རྗེ་དྲིལ་བུ་གཉིས། །སློབ་དཔོན་སྤྱི་བོར་གཟུང་བྱ་ལ། །བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཞེས་མིང་འདིས་དབང་བསྐུར་བར་བྱ། དེ་ནས་རྡོ་རྗེ་
སློབ་དཔོན་གྱིས། །དབང་བསྐུར་ཕྱིར་ནི་གསོལ་བ་གདབ། །བདག་དང་གཞན་གྱི་དོན་གྱི་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །བདག་ལ་དི་རིང་སྩལ་དུ་གསོལ། །དེ་ལྟར་གསོལ་བཏབ་ཧཱུཾ་ལས་ནི། །རྡོ་རྗེ་རབ་ཏུ་བསྐྱེད་བྱས་ལ། །ཐོག་མཐའ་མེད་
པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མ་བདག་པོའི་གཙོ། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨཱཿལས་དྲིལ་བུ་བསྐྱེད་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་
Vol. 73 · folio 259a
བརྗོད། །ཁྱོད་ཀྱིས་ཀྱང་ནི་རབ་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །སློབ་མའི་ལག་ཏུ་སྦྱིན་བྱ་ལ། །སྲིད་པའི་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་ལྡན་པས། །སྲིད་པ་དག་པའི་མཆོག་ཏུ་བྱེད། །དེ་ལྟར་བརྗོད་ལ་
དཀྲོལ་བར་བྱ། །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་བྱར་བརྗོད། །གང་གིས་ལུས་ཀུན་བརྟན་བྱེད་པ། །དེ་ནས་ཕྱག་རྒྱར་རབ་ཏུ་གྲགས། །དེ་རྗེས་དཀྱིལ་འཁོར་དག་པ་དང་། །ལྷ་ཡི་རྣམ་དག་སློབ་དཔོན་གྱི། །བྱ་བའི་རིམ་པ་ལེགས་པར་བསླབ། །དེ་ནས་གསེར་གྱི་ཐུར་
ཐོགས་ཏེ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ །དེ་ནས་མེ་ལོང་རབ་བསྟན་ལ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་
དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །རང་བཞིན་དག་ཕྱིར་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་བྱས་ནས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས། །ཨཱཿཡིས་དྲིལ་བུ་རབ་བྱིན་ལ། །
ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཧོཿཡིས་མདའ་དྲུག་གཞུ་བྱིན་ལ། །དེ་བཞིན་གཤེགས་རྣམས་མཉེས་གྱིས་ཤིག །བརྗོད་ལ་མདའ་དྲུག་འཕེན་དུ་གཞུག །
བཛྲ་སཏྭས་མེ་ལོང་བསྟན། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །རྐང་པའི་བར་དུ་འཁོར་ལོ་ནི། །བཛྲ་ཧེ་ཏུས་བཅུག་བྱས་ལ། །ཨོཾ་བཛྲ་བྷ་ཥ་རཾ་གྱིས་ནི། །ལག་པ་གཡས་པར་དུང་
བྱིན་ལ། །གཡོན་པར་པོ་ཏི་ལེགས་སྦྱིན་ལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །སྔགས་མཆོག་ཚུལ་
Vol. 73 · folio 259b
གྱིས་གདུག་པ་རྣམས། །སྐྱེ་བོ་རྣམས་ཀྱི་དོན་དུ་ཆོམ། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་། །ཁྱོད་ལ་རྟག་ཏུ་སྐུལ་བར་བྱེད། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སེམས་ཅན་མ་ལུས་ཐམས་ཅད་ལ། །ཇི་ལྟར་འདུལ་གྱུར་སྣ་ཚོགས་པ། །
ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་རྡོ་རྗེ་རིན་ཆེན་པད། །ལས་ཀྱི་འཁོར་ལོའི་རྗེས་གནང་སྦྱིན། །དེ་ནས་ལུང་བསྟན་དབུགས་དབྱུང་སོགས། །ཇི་སྐད་གསུང་བཞིན་སྦྱིན་པར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ན་འདུག །རྟག་ཏུ་ཁྱོད་ཀྱིས་གཟུང་བར་བྱ། །
ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུཾ། ཞེས་པས་བརྟུལ་ཞུགས་སྦྱིན་པར་བྱ། །དེ་ནས་འབྱོར་པའི་ཡོན་བདག་གིས། །བླ་མ་རྗེས་སུ་མཉེས་པར་བྱ། །ཞི་བ་ཡི་ནི་ཐབ་ཁུང་དུ། །སྦྱིན་སྲེག་གིས་ནི་ཚིམ་པར་བྱ། །དེ་
ནས་རྡུལ་ཚོན་ལ་སོགས་ནི། །འདོད་པའི་མི་ལ་སྦྱིན་པའམ། །ཆུ་བོ་ཆེན་པོར་དོར་བར་བྱ། །ཀླུ་རིགས་ཀུན་གྱི་དགྲར་གྱུར་པའི། །གོས་སྔོན་དཀྱིལ་འཁོར་ཆོ་ག་བྱས། །འདི་ལ་འཁྲུལ་པ་མཐོང་ན་ཡང་། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །འདི་བྱས་དགེ་བ་གང་ཐོབ་པ། །
དེས་ནི་འགྲོ་བ་མ་ལུས་པ། །རྡོ་རྗེ་ཅན་གྱི་ཞལ་མཐོང་ནས། །སྡུག་བསྔལ་མཚོ་ལས་སྒྲོལ་བར་ཤོག །ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་ཆེན་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྙིང་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་
མཁན་པོ་པཎྜི་ཏ་དོན་ཡོད་པའི་རྡོ་རྗེ་དང་། བོད་ཀྱི་ལོ་ཙཱ་བ་ཁམས་པ་བ་རི་དགེ་སློང་རིན་ཆེན་གྲགས་པས་བསྒྱུར་ཅིང་ཞུས་པའོ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words