འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་ཆོ་ག་ཞིབ་མོ་དང་བཅས་པ

Sanskrit title (Tibetan script, as in the text) ཨཱརྱ་བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎཱི་སཱ་དྷ་ནཾ་ས་ཀལྤཾ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 73 · folio 325a

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎཱི་སཱ་དྷ་ནཾ་ས་ཀལྤཾ།

བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་ཆོ་ག་ཞིབ་མོ་དང་བཅས་པ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་ལྟ་བུ་དོན་བདུན་ལྡན་པས་རང་དོན་སྐུ་གཅིག་མི་ཤིགས་རྡོ་རྗེར་ལྡན། །གཞན་དོན་རྡོ་རྗེས་འཇོམས་

པས་གཉིས་མེད་རྡོ་རྗེའི་སྐུ་གཉིས་སྣང་། །ཐམས་ཅད་རྣམ་པ་ཀུན་མཆོག་ལྡན་ཞིང་མི་ཕྱེད་མི་ཤིགས་པ། །གདུག་པ་འདུལ་ཕྱིར་རྡོ་རྗེའི་སྐུ་སྟེ་འཇིགས་བྱེད་ཟུང་ལ་འདུད། །བྱ་བའི་རྒྱུད་མཆོག་རྟོག་པ་བྱེ་བྲག་རྡོ་རྗེ་རིགས་ཀྱི་དོན། །བདག་གཞན་དོན་རྣམས་རྫོགས་བྱེད་སངས་རྒྱས་ཀྱིས་

གསུངས་ཏེ། །བླ་མ་རྒྱལ་དེ་གྲུབ་བརྙེས་བྱིན་རླབས་དེ་ཐོབ་འདི་ཡི་ཞལ་མཐོང་སྟེ། །གནང་བ་བྱིན་དང་ལྡན་པས་བདག་ཉིད་བྲམ་ཟེ་གཞོན་ནུ་སྟེ། །རིག་སྔགས་མ་ལུས་འཆད་འགྱུར་འདི་བསྒོམས་ནུས་ཐོབ་ལ། །སློབ་མ་སངས་རྒྱས་གསང་བས་བསྐུལ་ཕྱིར་འདི་བཤད་བྱ། །གང་ཞིག་འདི་

ལ་དད་མོས་ནས། །བསྒྲུབས་ནས་ཡོན་ཏན་རྡོ་རྗེ་འབྱུང་། །འདི་ཡི་དགོངས་པའི་བསམ་ཡས་ཀྱང་། །ལྷུན་པོ་རི་རབ་ཟོམ་རྒྱུད་དུ། །དེ་བཞིན་གཤེགས་པས་འདི་སྐད་གསུངས། །སྔོན་གྱི་འཕྲུལ་པ་ལ་བརྟེན་ནས། །མ་འོངས་མན་ངག་རྣམ་གཉིས་ཏེ། །བདག་དོན་རྡོ་རྗེའི་བསྙེན་པ་དང་། །

གཞན་དོན་རྡོ་རྗེའི་ལས་སྦྱོར་བཅས། །དེ་ཙམ་མ་བཤད་དོ་ཞེ་ན། །གང་དག་ཏུ་ནི་རང་ཉིད་ཀྱི། །ལས་ཀྱི་ཆོ་ག་མེད་པ་ལས། །དེ་བཞིན་ཕྱི་ཡི་རྒྱུད་ཆེན་ལས། །གསུངས་པའི་ཆོ་ག་འདིར་བསྟན་བྱ། །དེ་ཡི་དུས་ནི་བཟང་ཞིང་ཤིས་པ་ལ། །རྡོ་རྗེའི་གནས་ཏེ་བཀྲ་ཤིས་ཞི་གནས་སུ། །བར་ཆད་ཞི་

Vol. 73 · folio 325b

སོགས་ཀུན་བྱས་རྡོ་རྗེའི་གཡོག་དམ་དང་། །རྡོ་རྗེ་སྒྲུབ་པོ་ཤེས་རབ་ལ་སོགས་ལུང་ལས་བསྔགས་པ་ནི། །བྱ་བའི་དབང་དང་དམ་ཚིག་མན་ངག་རབ་ཤེས་དེས། །ལུས་དང་ངག་སེམས་གཙང་ཞིང་ཡིད་དགེ་བས། །རྡོ་རྗེའི་སྦྱོར་བ་ཀུན་དང་ལྡན་པས་བསྒྲུབ། །ས་ཕྱོགས་རབ་ཏུ་ཉམས་དགའ་བར། །

ས་ཡི་ཆོ་ག་ཀུན་ཤེས་ནས། །བ་ཡི་རྣམ་ལྔ་དྲི་བཅས་པས། །མཎྜལ་སྔོན་པོ་མེ་ཏོག་བཅས། །དེར་ནི་རྟེན་རྣམས་ལྡན་པ་དང་། །མཆོད་པ་ལྔ་དང་མཆོད་ཡོན་བཅས། །ཁྲུས་ཀྱི་བུམ་པ་བཟང་པོ་དང་། །ལྷ་ཡི་བུམ་པ་བཟང་པོར་བྱ། །དེ་ཡང་གསེར་སོགས་དག་ལས་འབྱུང་། །མཚན་

ཉིད་ལྡན་དེར་ཆུ་ཀླུང་ཆུ། །འོ་མ་དྲི་ལྔ་སྨན་དང་འབྲུ། །རིན་ཆེན་སྙིང་པོ་མེ་ཏོག་བཅས། །ཤེལ་དང་ཕ་ལམ་མུ་ཏིག་དང་། །ཁ་རྒྱན་མགུལ་གསུམ་པ་ཡིས་བཅང་། །དཱུར་བ་བདུན་དང་ཀུ་ཤ་དང་། །རྨ་བྱའི་སྒྲོ་དང་རྡོ་རྗེར་ལྡན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །ལེགས་བྱས་བསྐྲད་ལ་

སྒྲུབ་རྫས་ནི། །རིན་ཆེན་སྣོད་ཀྱི་སྟེང་དུ་གནས། །མཎྜལ་སྟེང་དུ་དེ་གཞག་ལ། །རས་སོགས་གཙང་མ་གོན་པ་ཡིས། །ཕྱི་རོལ་ཁྲུས་ཀྱི་རྫིང་བུ་ནི། །ཉམས་དགའ་དེར་ནི་ཉིན་ཕྱེད་ན། །ཁྲུས་བྱ་དེར་ཡང་ས་རབ་བསྔགས། །སྟོང་པས་དྲི་མ་རྣམ་པར་སྦྱང་། །དེར་སོང་ཁྲོ་བོས་ཁྲོ་བོ་སྤྲུལ། །

སེ་གོལ་སྔགས་ཀྱིས་བགེགས་བསྐྲད་ལ། །ཆུ་དེ་ལག་གཡོན་གསུམ་དུ་གཏོར། །སྤྱི་བོར་གཅིག་གཞག་ཁ་བཤལ་ཏེ། །ཁྲུས་བྱས་ཉེ་རེག་འཐོར་འཐུང་བསྔགས། །དེ་བཞིན་བུམ་པས་སྔ་བར་བྱ། །བུད་མེད་ཤ་ཆང་ལ་སོགས་ནི། །ཀུ་བའི་ཟས་ནི་རྣམ་ལྔ་སྤང་། །བཤང་སོགས་མི་

གཙང་སྦྱོར་བ་ལ། །མནོལ་བ་མེད་པར་སྤྲུལ་ནས་ནི། །དེ་ཡི་སྔགས་དང་ཕྱག་རྒྱས་གདབ། །ཐམས་ཅད་ཉེས་པར་མི་འགྱུར་རོ། །གཙང་ཁང་ཉམས་དགར་ལོག་ནས་ནི། །སེ་གོལ་འཆི་མེད་ཁྲོ་བོས་བསྐྲད། །རྡོ་རྗེས་སྒོ་གཅོད་སྟན་ཡང་ནི། །འཇམ་བདེར་ཀུ་ཤར་ལྡན་པ་ལ། །ནུབ་ཏུ་

ཁ་བལྟས་བརྟན་པར་གནས། །སྐད་ཅིག་མི་ཕྱེད་ཕྱག་རྡོར་གྱིས། །རྣམ་འཇོམས་དཔག་མེད་རབ་བསྟན་ནས། །སྐྲོད་པའི་ཕྱག་རྒྱས་སྔགས་རྡོ་རྗེ། །ཕྱག་འཚལ་ནས་ནི་གཏོར་བྱེད་པར། །རྣམ་སྣང་ཁྲོ་བོ་གཉིས་ལྡན་པས། །ཚངས་ལ་སོགས་པའི་གདོན་སོགས་བསྐྲད། །འོད་ཟེར་

Vol. 73 · folio 326a

རྡོ་རྗེའི་རྭ་སོགས་བསམ། །བར་ཆད་བགེགས་ཀྱིས་མི་ཚུགས་སོ། །རྣམ་འཇོམས་ཡང་སྙིང་དྲི་ཆབ་ཀྱིས། །འབྱོར་པ་བསངས་ཏེ་སྐད་ཅིག་གིས། །མཆོད་པ་དག་པར་བྱ་ཕྱིར་བརླབ། །དེ་ནས་མདུན་གྱི་ནམ་མཁའ་ལ། །སངས་རྒྱས་གཉིས་དང་འཇིགས་བྱེད་དྲུག །དེ་ལ་ཡིད་ཀྱི་ལས་

ཀུན་བྱ། །རང་བཞིན་རྣམ་དག་སྔགས་ཀྱིས་ནི། །ཉམས་དང་སྟོང་པའི་ཡེ་ཤེས་བྱ། །རིན་ཆེན་ཁང་པ་ཡིད་འོང་སྟེ། །རྡོ་རྗེའི་བྲག་ཏུ་རྣམ་པར་བསམ། །དེར་ནི་ལྷ་ཆེན་དྲག་པོར་བྱ། །བདག་ཉིད་འཇིགས་པའི་ང་རྒྱལ་གྱིས། །ཤཱཀྱ་སེང་གེ་འཁོར་བཅས་ལ། །གསོལ་གདབ་རྡོ་རྗེའི་

བསམ་གཏན་གཉིས། །འདྲེས་བྱས་འདྲེས་པ་སྟོང་པ་ན། །རྡོ་རྗེའི་རྣམ་པར་བསམ་སྔགས་བརྗོད། །བདག་དོན་རྡོ་རྗེ་སྟོང་པའི་ལྷ། །དེ་ནས་གཞན་དོན་ཡི་གེ་སྟེ། །ཐོག་མེད་ལས་ནི་གསལ་བ་སྟེ། །དེ་ལ་ཡིག་གཉིས་སྔོ་སྤྲས་པ། །ནུས་ལྡན་ཡི་གེའི་ལྷ་ཡིན་ནོ། །དེ་ལ་རྡོ་རྗེ་

སྔགས་ཀྱི་སྒྲ། །སྟོང་པ་མཚོན་བྱེད་ཁམས་རྣམས་སུ། །དམ་པ་གཉིས་བྱས་དེ་ལ་བསྟིམ། །དེ་ནི་སྒྲའི་ལྷ་ཞེས་བྱ་སྟེ། །དེ་གྱུར་དམ་པ་ཀུན་ཐིམ་པས། །རྡོ་རྗེ་ཉི་མ་ལ་གནས་པའི། །ཕྱག་ན་རྡོ་རྗེ་གསང་བའི་བདག །སྟོབས་ཆེན་ཁྲོ་བོ་འཇིགས་ཆ་བྱད། །སྔོ་ནག་རྡོ་རྗེ་སྡིགས་མཛུབ་

ཅན། །རལ་པ་ལ་སོགས་ཀུན་ལྡན་པས། །འབྱུང་པོ་བསྡིགས་པ་གཟུགས་བརྙན་ཚུལ། །འདི་ནི་གཟུགས་ཀྱི་ལྷ་ཞེས་གྲགས། །དེ་ནས་དེ་ནི་གསལ་བརྟན་ཕྱིར། །རི་བོ་འབིགས་པའི་ཕྱག་རྒྱ་དང་། །རྡོ་རྗེ་ཡན་ལག་འབར་བ་ཡི། །སྔགས་ཀྱིས་སྤྱི་བོ་སོགས་བཞག་པས། །

གཙུག་ཏོར་ལ་སོགས་གྲུབ་ཅིང་བསྲུང་། །དེ་ཡང་ཕྱག་རྒྱའི་ལྷ་རུ་བསྟན། །དེ་ནས་དུས་ནི་ཐམས་ཅད་དུ། །དེ་དང་མི་འབྲལ་ཀུན་བྱེད་པ། །མཚན་མའམ་རྣམ་རྟོག་ལྷ་ཞེས་གསུངས། །ཡེ་ཤེས་ལྔ་དང་སྐུ་གསུམ་དང་། །དོན་གཉིས་གྲུབ་ཅིང་འོད་དང་ནི། །རྫུ་འཕྲུལ་ནུས་པ་

སྟོན་བྱེད་པས། །ལྷ་ཞེས་ཤཱཀྱ་མཆོག་གིས་གསུངས། །དེ་ནས་བུམ་པ་མི་དམིགས་ལས། །རིན་ཆེན་ཁང་པར་འདམ་སྐྱེས་བཞི། །གེ་སར་སོགས་ལ་བསིལ་རྡོ་རྗེ། །རྡོ་རྗེ་མན་ངག་ལྡན་པར་བསམ། །དབུས་སུ་སྤྲིན་སྒྲ་གྱུར་པ་ལས། །ཕྱག་ན་རྡོ་རྗེ་ཐུགས་ཀྱི་མཆོག །རྡོ་རྗེ་རྣམ་

Vol. 73 · folio 326b

འཇོམས་ཁྲོ་བོ་ནི། །བདག་མཚུངས་ལས་ཀྱི་རྡོ་རྗེ་ལ། །ཟླ་བ་མེད་པ་བསྣམས་པའོ། །དེ་ཡི་མདུན་དུ་མཱ་མ་ཀཱི། །སྔོ་ཞིང་དགའ་ལྡན་ཨུཏྤལ་སྔོ། །དམ་ཚིག་རྒྱས་འདེབས་བསྣམས་པའོ། །དྲན་པ་བཞི་ལས་བྱུང་བ་ནི། །ཀུན་ཀྱང་རིམ་མིན་ཅིག་ཅར་རོ། །ཤར་ལྷོ་རྡོ་རྗེ་ཀཱི་ལ་ནི། །སྔོ་དམར་

འཇིགས་པ་ཀུན་ལྡན་ལ། །རྡོ་རྗེ་ཕུར་བུ་གཡས་ན་སྟེ། །གཡོན་པ་ཀུན་ནི་བསྡིགས་པར་མཛད། །ལྷོ་ནུབ་རྡོ་རྗེ་བེ་ཅོན་ཏེ། །སྔོ་ནག་རྡོ་རྗེ་བེ་ཅོན་ནོ། །ནུབ་བྱང་རྡོ་རྗེ་ཐོ་བ་སྟེ། །སྔོ་སྐྱ་དེ་བཞིན་འཇིགས་པ་ལ། །རྡོ་རྗེས་མཚན་པའི་ཐོ་བ་སྟེ། །བྱང་ཤར་རྡོ་རྗེ་གཏུམ་པོ་ནི། །མིག་སྨན་མདོག་

འདྲ་རྡོ་རྗེ་ནི། །རྩེ་གཅིག་བསྣམས་པ་རབ་ཏུ་བསྒོམ། །ཀུན་ཀྱང་ཚམ་ངམ་བདུད་བཞི་འཇོམས། །དེ་རྣམས་ཡེ་ཤེས་ལྔ་ལྡན་རིགས། །དབུ་ལ་མི་བསྐྱོད་མགོན་པོ་ནི། །རལ་པའི་ཐོར་ཚུགས་བཞད་ཁྲོ་བ། །དཔའ་བོ་དག་ལ་རྣམ་པར་གསུངས། །དེ་ནས་འོད་ཟེར་འགུགས་བྱེད་ཀྱིས། །

འོག་ནས་འཁོར་བཅས་སྤྱན་དྲངས་ནས། །རིག་པ་རིག་མ་དམ་ཚིག་ཅན། །དཔག་མེད་བྱོན་གྱུར་མི་འཆི་བ། །ཐུགས་ཀ་ནས་བཏོན་དེས་བསྐྲད་བཅད། །དེ་ལ་རང་སྔགས་བསྐུལ་བཅས་ཀྱིས། །མཆོད་ཡོན་བཟང་པོ་ཉེར་བསྟན་པ། །མི་ཤིགས་ཕྱག་རྒྱ་རང་སྔགས་ལྔས། །སོ་སོ་ལ་ནི་

གཉིས་མེད་ཞུགས། །ཕྱོགས་སྐྱོང་འཁོར་གྱི་ཕྱི་རིམ་དུའོ། །དེ་ནས་དམ་ཚིག་བསྟན་བྱའི་ཕྱིར། །དེ་བཞིན་མི་ཕྱེད་ཁྲོས་པ་ཡིས། །རིགས་ཀྱི་ཡུམ་གྱིས་རྒྱས་བཏབ་པས། །དེ་ཡང་རིག་པ་རྣམ་པ་གཉིས། །མཐའ་མེད་བར་དུ་ཞུགས་ཕྱིར་རོ། །བདག་ནི་དམ་ཚིག་ལྡན་པ་ལས། །ཡེ་

ཤེས་མི་འཇུག་མཐོ་དམན་ཚུལ། །དེ་ཡང་བྱ་བ་ཀུན་ནས་གསུངས། །དེ་ནས་མཆོད་པ་རྣམ་པ་ལྔ། །ཀུན་གྱི་རིགས་ལ་དེ་རིགས་དབུལ། །སྒྲ་དང་བཟང་པོ་དེ་བཞིན་ནོ། །ཐལ་མོ་སྦྱར་ནས་གུས་པ་ཡིས། །རྡོ་རྗེ་བསྣམས་ལ་བསྟོད་པ་ཡིན། །གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །

གདུལ་བྱ་གདུལ་ཕྱིར་ཁྲོ་ལ་ཁྲོ་བ་དང་། །འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་བསྟོད། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱིས་རྗེས་སུ་འཇུག་

Vol. 73 · folio 327a

མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་བསྟོད། །ནད་གཅོད་བདུད་འཇོམས་མི་རྟོག་བཞི་ལས་བྱུང་། །ལས་རྣམས་འཇོམས་མཛད་ཁྲོ་བོ་འབར་བར་སྣང་། །ནོར་བུ་རིན་ཆེན་ལྟ་བུར་གདུལ་བྱ་གདུལ། །ཁྲོ་བོ་ཁྱེད་རྣམས་ལ་ནི་བསྟོད་ཕྱག་འཚལ། །རིག་པ་སྐྱོང་བའི་

ལྷ་རྣམས་ལ། །ཚིགས་བཅད་བཅུ་ཡིས་བསྟོད་པ་ཡིན། །དེ་ནས་འདོད་པའི་དོན་གསོལ་གདབ། །དེ་ལྟར་བྱ་བ་རབ་རྫོགས་པས། །དོན་དང་ཚིག་གི་ལྷར་གནས་ཤིང་། །བྱ་བ་རིགས་དང་གདུལ་བྱའི་ཕྱིར། །བྱ་རྒྱུད་རིག་པ་འཛིན་སྡེ་སྟེ། །དེར་གནས་སྔགས་ཀྱི་བཟླས་བྱ་བ། །ནོར་བུའི་ཕྲེང་

བའི་བསྐུལ་སྔགས་ཀྱིས། །བྱིན་རླབས་ལག་པས་ལེགས་གཟུང་སྟེ། །མིག་གི་ལྷ་ཐུགས་ཟླ་བ་ལ། །རྡོ་རྗེ་གྱེས་པ་ཧཱུཾ་གནས་བསམ། །ལྕེ་རྩེ་མི་གཡོ་གཞན་མི་ཐོས། །ཡིད་ཀྱིས་སྔགས་ཀྱི་སྒྲར་གནས་པ། །རྡོ་རྗེའི་སྔགས་ནི་རྒྱས་བསྡུས་གསུམ། །མོས་པ་གཅིག་ནི་བཟླས་པར་བྱ། །

ཐུགས་བསྐུལ་བདག་གཞན་དོན་རྫོགས་ནས། །སེམས་ཅན་ཁམས་སྦྱངས་སེམས་ཅན་ཆེ། །བྱིན་རླབས་རྣམ་གཉིས་དེ་གནས་བསྡུ། །དོན་རྣམས་རབ་ཏུ་རྫོགས་བྱེད་པས། །ཟབ་མོ་བདག་གི་སྤྱོད་ཡུལ་ཏེ། །སྒྲ་ལ་གནས་པའི་བཟླས་པ་དེ། །མི་ཚིག་གཡལ་དང་དྲི་ངན་སོགས། །

བར་ཆད་ངན་པ་སྤངས་ལ་བསྒྲུབ། །དེ་ཡང་དམ་བཅས་བར་དུའོ། །དེ་དག་འབྱུང་བར་འགྱུར་བ་ན། །ཁྲུས་བྱས་ཁ་བཤལ་ཕྱག་རྡོར་གྱི། །ཡི་གེ་བརྒྱ་པས་གསོལ་གདབ་འཇུག །ཐུན་དྲུག་སྦྱོར་བ་དེ་ལྟར་བྱ། །ཁྲུས་གསུམ་བྱ་དང་གོས་བརྗེ་སོགས། །བྱ་བ་ལས་གསུངས་རྒྱས་པར་བྱ། །

ཐ་མར་ནོར་བུ་བུམ་པ་དབུལ། །བསྲུང་ལ་ངོ་མཚར་ཚུལ་དུ་གང་། །བཤང་སོགས་སྤྱོད་ལམ་དེ་བཞིན་བྱ། །ཟས་ལ་བདུད་རྩིར་བྱིན་བརླབས་ཏེ། །དབུལ་དང་བཟའ་བས་ཚིམ་པའོ། །འཁོར་ལ་གཏོར་མ་གཏང་བ་ཡང་། །བདག་བྱས་ཆོ་ག་བཞིན་དུའོ། །དེ་ལྟར་ཡོན་ཏན་ཚང་བ་ཡིས། །

མཐོང་དང་རིག་པའི་མཚན་མ་འབྱུང་། །ལྷ་ཡི་རྟེན་བཞད་མཐོང་སོགས་དང་། །ལུས་བདེ་མངོན་སུམ་ལ་སོགས་སོ། །དེ་ལྟར་གྲུབ་པས་གང་བྱས་ཀྱང་། །གྲུབ་སྟེ་གཞན་དུ་ཉམས་པར་འགྱུར། །རྟག་ཏུ་དེ་བྱེད་རྣལ་འབྱོར་པ། །རྡོ་རྗེའི་སྐུ་ནི་ངེས་པར་འགྲུབ། །རྡོ་རྗེའི་ལས་ཀུན་སྨོས་

Vol. 73 · folio 327b

ཅི་དགོས། །དེ་ནས་དཀྱིལ་འཁོར་གཤེགས་མཆོད་དང་། །བཟོད་གསོལ་དམ་ཚིག་བསྡུ་བྱས་ལ། །མཎྜལ་ལེགས་པར་བྱི་དོར་བྱ། །ལྷག་གཉིས་དཔའ་བོ་གཅིག་པ་ནི། །འབྱོར་པ་ཆུང་བར་ཤེས་པར་བྱ། །དེ་ནས་སྒྲུབ་པའི་ལས་སྦྱར་ཏེ། །ནད་ལ་སོགས་པ་ཞི་བྱ་དང་། །ལས་ཀྱི་ཚོགས་

རྣམས་སྒྲུབ་པའོ། །རྡོ་རྗེ་ཁྲུས་ཀྱིས་དག་བྱ་བ། །རྒྱས་པར་དག་བྱས་ཁྲུས་ལས་ཤེས། །བདག་གམ་གཞན་དག་སྡུག་བསྔལ་སོགས། །ལྡན་པ་བསལ་ཕྱིར་འདི་དག་བརྩམ། །རྡོ་རྗེ་སློབ་དཔོན་སློབ་མ་ནི། །གོས་གཙང་ཁྲུས་བྱ་དཀར་གསུམ་བཟའ། །ཤིན་ཏུ་སྤྱོད་ལམ་གཙང་བ་ཡིས། །

ནང་གི་སྡོམ་པ་བསྙེན་གནས་སོགས། །རྟེན་གྱིས་བླངས་ཏེ་བདག་གཞི་ཅན། །དེ་དག་སྟ་གོན་གནས་པ་སྟེ། །ཞག་གཅིག་ཉི་མ་ལ་སོགས་བྱ། །དེ་ནས་ས་ཡི་ལས་བྱས་ཏེ། །གཏོར་མ་རྒྱས་པ་གསུངས་པ་བཞིན། །བསླང་ལ་སོགས་ནི་སྔགས་དག་དང་། །བསམ་གཏན་དག་གིས་ཅུང་ཟད་ཡིན། །

མ་འབྱོར་འབྲུ་དང་བྱེ་གཙང་དང་། །རྟེན་གྱི་དཀྱིལ་འཁོར་ཚུལ་དུ་བྱ། །འབྱོར་པ་ལྡན་ན་འདི་ལྟ་སྟེ། །བྱུག་པས་ལེགས་བྱུགས་ཁྲུ་བཞི་པ། །དགེ་བའི་རས་ཀྱིས་ཐིག་བཏབ་ནས། །བཀྲ་ཤིས་ཚོན་གྱི་འཁོར་ལོ་ནི། །ལྟེ་བ་རྩིབས་བཞི་ལ་སོགས་བྲི། །མཚན་མ་ཀུན་ནི་ངེས་པར་དགོད། །

སྒོ་ལ་ཕྱག་རྒྱ་བཞི་ཡང་ངོ་། །ལས་ཀྱི་ཆོ་ག་ཤེས་པར་བྱ། །ལེགས་པར་ནུབ་ཏུ་སྒོ་དབྱེའོ། །ལྷག་ཆད་གསོ་ཞིང་དེ་རྒྱན་དུ། །མདའ་སོགས་འཕེན་དང་རྒྱལ་མཚན་གདུགས། །ལྡ་ལྡི་ཕྲེང་བས་ཉམས་དགར་མཛེས། །གོང་དུ་གསུངས་པའི་བུམ་པ་གཅིག །ཁྲི་ལ་དབུས་སུ་གནས་

པར་བྱ། །མཚམས་བཞི་དེ་བཞིན་བུམ་པ་བཞི། །བདག་ཁྲུས་བུམ་པ་ནུབ་ཏུའོ། །དེ་ནས་རྒྱས་པར་སྔོན་བཞིན་དུ། །ཁྲུས་བྱས་གསོལ་གདབ་པར་བྱའོ། །བུམ་པའི་རྡོ་རྗེ་ཐག་བཟུང་ནས། །བསམ་གཏན་སྔོན་བཞིན་ལྡན་པ་ཡིས། །ཁྲོ་བོའི་ངག་ཏུ་རིང་ཐུང་གཉིས། །བརྒྱ་རྩ་བརྒྱད་

དམ་རྩ་གཅིག་བཟླས། །ལས་ལ་དེ་ལས་མང་མི་དགོས། །བདག་དང་ལྷ་སོགས་འོད་ཟེར་གྱིས། །བསྒྲུབ་བྱའི་འདོད་སྒྲུབ་བྱས་པར་བསམ། །དེ་ཡང་ལྷ་ནི་རྡོ་རྗེ་ཆུ། །དེ་ནས་ལས་ཀྱི་ཆོ་ག་ནི། །ལྷ་ཡི་མཚན་མ་དུག་འཇོམས་ཀྱིས། །ཕྱི་སྟེ་ནུབ་ཀྱི་སྒོ་ནས་ནི། །ཤར་སྒོར་སྟོན་པ་ཐར་པར་

Vol. 73 · folio 328a

བསམ། །དབུས་སུ་ཁྲི་སྟེང་དེ་ནས་ནི། །རྣམ་པར་འཇོམས་པས་ང་རྒྱལ་བྱ། །དྲི་མ་དག་དང་ལྡན་བསམས་ཏེ། །བདེན་པ་བདར་ཞིང་བཀའ་བསྒོ་ནས། །སྔགས་རྣམས་ཀུན་དུ་དྲིལ་བ་ཡིས། །དང་པོར་དེ་ལ་ཡུངས་ཀར་གྱིས། །བསྐྲད་དེ་དེ་ནས་རྨ་བྱ་དང་། །དཱུར་བ་

ཀུ་ཤས་བྱབས་པ་ལ། །ནད་སོགས་མ་ལུས་གདོན་པར་བྱ། །དེ་ནས་སྔགས་བཟླས་གྲོགས་ཀྱིས་ནི། །བཀྲ་ཤིས་བསྒྲགས་ལ་ཆུ་དབང་བསྐུར། །ཐམས་ཅད་དག་པར་བསམ་པར་བྱ། །དུང་ལ་སོགས་པ་བཀྲ་ཤིས་སྦྱིན། །དེ་ནས་དེ་ལ་ལྷ་བཀོད་དེ། །སྔགས་ཀྱི་གནས་སུ་བསྲུང་

བར་བྱ། །དགེ་བའི་ལས་ལ་སྲུང་འཁོར་ནི། །རྩིབས་བཞི་རྒྱན་སྔགས་སྤྲས་པ་ཡང་། །རིན་པོ་ཆེས་བྲིས་རབ་གནས་ལ། །བྱིན་རླབས་བཟླས་ཏེ་གདགས་པར་བྱ། །དེ་ནས་དེ་ལ་ཤེལ་སྒོ་ནས། །ནུབ་ནས་བཏོན་ལ་རྡོ་རྗེ་སྦྱིན། །རྣམ་འཇོམས་ལས་ཀྱང་བརླབ་པར་བྱ། །དེ་ནས་དབང་

བསྐུར་ཐོབ་པ་སྟེ། །ནད་ལ་སོགས་པ་ལས་ཐར་བ། །ཟླ་བ་སྒྲ་གཅན་ལས་ཐར་བཞིན། །ཕུན་སུམ་ཚོགས་པའི་རྒྱུད་ཀུན་ལྡན། །ཡོན་ཏན་མ་ལུས་རྩ་བར་འགྱུར། །བདེ་བ་ཀུན་དང་ལྡན་པ་དང་། །སྡུག་བསྔལ་ཐམས་ཅད་སེལ་མདོ་བཞིན། །སྡིག་ལས་གྲོལ་ཏེ་བྱང་ཆུབ་མཆོག །

ཐུན་མོང་ལས་ནི་ངེས་པར་འགྲུབ། །ལན་ཅིག་བརྩམས་པས་དེ་སྒྲུབ་ན། །རྟག་ཏུ་ཁྲུས་བྱས་སྨོས་ཅི་དགོས། །དེ་ནས་དཀྱིལ་འཁོར་གཤེགས་མཆོད་ལ། །བཟོད་གསོལ་དམ་ཚིག་བསྡུ་བྱས་ལ། །མཎྜལ་ལེགས་པར་བྱི་དོར་བྱ། །ལྷ་གཅིག་བུམ་པ་གཅིག་པ་ནི། །འབྱོར་པ་ཆུང་བས་

ཤེས་པར་བྱ། །དེ་ལྟར་ཤེས་པའི་སྒྲུབ་པ་པོས། །བདག་གཞན་འདོད་པ་རྫོགས་དོན་དུ། །རྡོ་རྗེ་ལས་སྔགས་ཏིང་འཛིན་གྱིས། །ལས་རྣམས་བསྒྲུབ་པར་བྱ་བ་ཡིན། །བཤད་རྒྱུད་རྡོ་རྗེའི་ཟོམ་ལས་ནི། །རྡོ་རྗེའི་རྩ་བ་འདི་ལྟར་བཀྲོལ། །བསྐྲད་པ་ལ་སོགས་བཅོ་ལྔ་ལ། །ལས་ཀྱི་མཐའ་

བསྒྱུར་སྔགས་འཁོར་ལས། །བསམ་གཏན་མཁས་པས་ཤེས་པར་བྱ། །བསྡུ་ན་རྣམ་པ་བཞི་རུ་འགྱུར། །རིག་སྔགས་མནན་དང་རིག་སྔགས་གཅད། །ལས་གསུམ་རྨོངས་དང་རེངས་པའོ། །ཞི་བ་ལ་སོགས་ལས་རྣམས་ནི། །དུས་དང་ཕྱོགས་དང་རྫས་རྣམས་དང་། །བསམ་པ་

Vol. 73 · folio 328b

ཐབས་དང་ལྷ་དང་སྔགས། །འཁོར་ལོ་མིང་གིས་བསྒྱུར་བའོ། །ཞི་བར་བྱ་བ་ལ་སོགས་རྣམས། །ལྷ་ཡི་རྣམ་པ་གསུམ་འགྱུར་ཏེ། །གཙོ་འཁོར་གཉིས་སུ་བསྡེབས་པ་དང་། །གཙོ་དང་འཁོར་ནི་སོ་སོ་སྟེ། །ཀུན་ལ་ལས་ཀུན་རྫོགས་པའོ། །སྔགས་དང་ལྷ་དང་འཁོར་ལོས་ཤེས། །ཀུན་གྱི་ལས་

ནི་འདི་ལྟར་བྱ། །ཞི་བའི་དུས་ནི་སྔ་དྲོ་སྟེ། །ཤར་དུ་ཁ་བལྟས་དཀྱིལ་འཁོར་ལ། །བརྟེན་པའམ་ཡང་ན་བུམ་པ་ལའོ། །ཤིན་ཏུ་དགེ་བའི་ལས་དག་ལས། །ཙནྡན་དཀར་པོས་འཁོར་ལོ་བྲི། །རབ་གནས་བུམ་པའི་སྟེང་བཞག་སྟེ། །ལྷ་རྣམས་དཀར་པོ་རྣམ་པར་བསམ། །མཆོད་པ་དེ་བཞིན་

སྔགས་མཆོག་ནི། །ཕྱག་འཚལ་ཐམས་ཅད་རིག་པ་གནས། །ཞི་བ་གཙོ་སྟེ་འཁོར་གྱི་ཡང་། །བཞི་ལ་བོད་པ་རབ་བརྟགས་ཏེ། །ཀྱེ་ནས་བློ་གྲོས་བཟླས་པ་ཡིས། །ཐམས་ཅད་ཞི་བར་བལྟས་ནས་ནི། །འཁོར་ལོ་ལུས་ལ་གདགས་པ་ཡིས། །ནད་སོགས་ཐམས་ཅད་ཞི་བར་འགྱུར། །རྒྱས་

ལ་སེར་པོའི་རས་ལ་ནི། །གུར་གུམ་གྱིས་ནི་འཁོར་ལོ་བྲི། །དེ་བཞིན་བྱ་སྟེ་ལྷ་རྣམས་སེར། །སྔགས་ནི་དེ་བཞིན་གཙོ་བོ་ཡི། །གཅོད་བྱེད་འཁོར་ལོའི་འཛིན་བསྐུལ་ལོ། །དེ་ཡིས་རྒྱས་བསམས་མཆོད་ན་ནི། །ཚེ་སོགས་ཐམས་ཅད་རྒྱས་པར་འགྱུར། །དབང་ལ་སྨད་འཚོང་ཞབས་མ་ལ། །

རྒྱ་སྐྱེགས་ཁུ་བས་འཁོར་ལོ་བྲི། །དེ་བཞིན་བསམ་གཏན་དམར་པོ་ལ། །སྔགས་ནི་དེ་མཚུངས་ཕུར་བུ་ནས། །ཕྱག་འཚལ་བཟླས་པས་དབང་བྱས་བསམ། །ལམ་ཆེན་སྦས་ན་ཀུན་དབང་འགྱུར། །གསད་ལ་གྲུ་གསུམ་ཆོས་འབྱུང་དང་། །ཐམས་ཅད་ནག་བྱས་རོ་རས་ལ། །དུག་ལ་

སོགས་པས་འཁོར་ལོ་བྲི། །ཁ་སྦྱར་ཕྱེ་ལ་བཀུག་བསྟིམས་ནས། །ལྷ་རྣམས་དྲག་པོས་བསད་པར་བསམ། །སྔགས་ནི་གསོད་པ་གསད་པར་བཟླས། །ཐ་མ་བསྲེགས་ན་ཐམས་ཅད་འཆི། །གཞན་གྱི་རིག་སྔགས་གཅད་པ་ནི། །གི་ཝང་གིས་ནི་འཁོར་ལོ་བྲི། །ལྷ་ཀུན་དྲག་པོར་ཤེས་

པར་བྱ། །དེ་བཞིན་གཅད་ས་མིང་བཅས་དང་། །སྟོབས་ཆེན་བཟླས་ངག་བཅད་པར་བསམ། །དེ་ཉིད་དེ་ཡིས་རབ་གཏུགས་ན། །དེས་ནི་བྱད་སྟེམས་རིག་སྔགས་ཀུན། །གཅོད་བྱེད་དེ་ལ་ཐེ་ཚོམ་མེད། །རིག་སྔགས་མནན་ལ་དེ་བཞིན་དུ། །མཚོན་གྱི་རེག་པས་བྲིས་ནས་ནི། །ལས་ཀྱི་རྡོ་

Vol. 73 · folio 329a

རྗེས་མནན་པར་བྱ། །སྔགས་ནི་མིང་བཅིང་བཟླས་བསྡོམས་བསྲེག །དེ་ཡི་སྔགས་རྣམས་མནན་བསམས་ཤིང་། །ལམ་ཆེན་རྒྱ་གྲམ་དག་མནན་ན། །ངེས་པར་རིག་སྔགས་ཀུན་གཞོམ་འགྱུར། །རེངས་ལ་དེ་བཞིན་ཀཱ་ཡ་སྟྭཾ། །རྨོངས་ལ་བི་དྷི་མོ་ཧའོ། །ངག་རེངས་ཝཱ་ཀ་སྟྭཾ་

ཞེས་བརྗོད། །སྐྲག་ལ་བྷཻ་ར་ཡ་ཧཱུཾ་ངོ་། །འཇིལ་བ་ལ་བྷ་ཡ་ཀ་རའོ། །འཇོམས་ལ་མ་ཏ་ཞེས་པ་ཡིན། །ལས་འཇིལ་ཀརྨ་བྷནྫའོ། །གདོན་མི་ཟ་ལ་ཨ་མྲི་སོད། །བརླག་ལ་ཏ་ཐཱ་ཡ་ཞེས་ཏེ། །ཐར་ལ་བི་མོ་ཀྵ་ཡའོ། །དགུག་ལ་ཨཱ་ཀཱཪྵ་ཡའོ། །ལས་བྱེད་ཀརྨ་ཀཱ་ར་ཡ། །མ་གྲུབ་གྲུབ་

བྱེད་ཀརྨ་སིདྷྱ། །འདོད་ལ་ཀརྨ་དྷ་ཡའོ། །སྲུང་ལ་རཀྵ་ཀུ་རུ་སྟེ། །གཟའ་སྐར་བཟློག་པ་ལ་སོགས་པ། །མན་ངག་ལྡན་པའི་མཁས་པས་སྦྱར། །འདིས་ནི་ལས་རྣམས་འགྲུབ་པར་བྱེད། །བྱ་བ་བཞི་ནི་ངེས་ཤེས་བྱ། །རྡོ་རྗེ་ལྟ་བུར་ཐོགས་མེད་པ། །ནན་ཏན་གྱིས་ནི་བསྒྲུབ་པར་བྱ། །ནན་ཏན་གྱིས་ནི་བསྒྲུབ་བྱས་

པས། །བདག་དང་གཞན་དོན་ངེས་པར་འགྲུབ། །ངེས་པར་དོན་མཐོང་བྱ་བའི་ཆོ་ག་ནི། །བརྒྱ་རྩ་བརྒྱད་བྱས་དེ་ནི་འདི་ཆེས་ཏེ། །རྡོ་རྗེ་རྣམ་འཇོམས་ཆོ་ག་འདི་སྦྱར་བས། །ཁམས་གསུམ་མ་ལུས་དོན་རྣམས་ཐོབ་པར་ཤོག །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ཆོ་ག་ཞིབ་མོ་

དང་བཅས་པ། བྲམ་ཟེ་རིག་སྔགས་འཆང་བ་མཁས་པ་ཆེན་པོ་ཀུ་མཱ་ར་སེ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷ་གུཔྟ་དང་། བོད་ཀྱི་ལོ་ཙཱ་བ་དཔའ་མཉྫུ་ཤྲཱི་ཝརྨས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཕྱིས་པཎྜི་ཏ་ཛྙོན་ཏེང་ཧ་དུ་དང་། ལོ་ཙཱ་བ་

ད་འོག་བསོད་ནམས་མོས་པ་ཤེས་རབ་ཀྱིས་གསན་ནས་ཞུས་པའོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words