དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) བཛྲ་ཨཱ་བ་ལི་ནཱ་མ་མཎྜ་ལ་ཨུ་པཱ་ཡི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 75 · folio 27b

སྤྲས་པའོ། །དབུས་སུ་གླང་པོ་ཆེའི་སྟེང་དུ་དཔུང་པ་ལ་བཏེག་པའི་སེང་གེའོ། །རྟ་བབས་ཀྱི་གདུང་ནས་དང་དེ་མེད་པའི་ཕྱོགས་ལ་རིན་ཆེན་ཤར་བུའི་སྣམ་བུ་ནས་འཕྱང་བའི་རིན་པོ་ཆེའི་པ་ཏྲ་འཕྲོ་བ་ལས་ཇི་ལྟར་མཛེས་པར་དཔྱངས་པའི་ཁ་དོག་དམར་པོ་དང་སེར་པོ་ལ་སོགས་པའམ་སྣ་ཚོགས་པའི་དར་དཔྱངས་

དང་། རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་རྣམས་སོ། །ཁ་གཅིག་ཏུ་ནི་དར་དཔྱངས་ཀྱི་སྣམ་བུ་ལ་གླང་པོ་ཆེའི་སྟེང་དུ་སེང་གེའི་ཁ་ནས་རིན་པོ་ཆེའི་དོ་ཤལ་འཕྱང་བ་དང་། ཀ་བའི་དབུས་སུ་མེ་ལོང་ཞེས་གསུངས་སོ། །རིན་པོ་ཆེའི་སྣམ་བུ་ལ་ནི་ཟུར་གསུམ་དང་། ཐིག་ལེ་དང་། གྲུ་བཞི་དང་། ཟླུམ་པོ་རྣམས་

རིམ་པས་རིན་པོ་ཆེའི་བཅིངས་པ་ནི་ཀ་བ་སོ་སོའི་གཞོགས་སུའོ། །དྲ་བའི་སྣམ་བུ་ལ་གསེར་གྱི་སྐེ་རགས་བཞིའི་ངོས་སུ་ཆུ་སྲིན་མ་ཀ་རའི་ཁ་ནས་བྱུང་བའི་མུ་ཏིག་གི་དོ་ཤལ་སྐུད་པ་དམར་པོ་ལས་བརྒྱུས་ཤིང་། གློ་གཉིས་དང་། སྟེང་དང་འོག་ཏུ་གསེར་གྱིས་བསྡམས་པའི་ནོར་བུ་དབུས་ན་ཡོད་པ་དང་། དོ་

ཤལ་གྱི་གློ་གཉིས་སུ་དོ་ཤལ་ཕྱེད་པ་ཅུང་ཟད་ཐུང་བར་འཕྱང་བའི་རིན་པོ་ཆེའི་ཕྲེང་བ་དྲང་ཞིང་རྩེ་མོ་གསེར་གྱིས་བསྡམས་པའི་ནོར་བུ་སྦོམ་པོ་དང་ལྡན་པས་མཛེས་པ་དང་། ཁ་ཅིག་ཏུ་ནི་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང་། དྲིལ་བུའི་མཐར་རྔ་ཡབ་འཕྱང་བའོ། །ཁ་ཅིག་ཏུ་ནི་དྲ་བ་ཕྱེད་པའི་གློ་གཉིས་སུ་

ཡིད་དུ་འོང་བའི་མེ་ཏོག་ཕྲེང་བའི་དྲ་བ་ཕྱེད་པ་འཕྱང་ཞིང་། དེའི་གློར་གོས་སྣ་ཚོགས་པའི་དྲ་བ་ཕྱེད་པའོ་ཞེས་གསུངས་སོ། །གཞན་ནི་གྲྭ་རྣམས་སུ་ཡིད་དུ་འོང་བའི་མེ་ཏོག་གི་ཕྲེང་བའི་དོ་ཤལ་ཕྱེད་པ་དང་། དར་གྱི་ཆུན་པོའི་དོ་ཤལ་རྣམས་སོ་ཞེའོ། །དོ་ཤལ་གྱི་ནང་དུ་ཁ་ཅིག་ཏུ་ནི་པདྨ་ལ་ཟླ་ཚེས་དང་

རྡོ་རྗེ་ཕྱེད་པས་མཚན་པའི་ཉི་མའི་དཀྱིལ་འཁོར་རོ། །ཁ་ཅིག་ཏུ་ནི་རིན་པོ་ཆེའོ། །ཁ་ཅིག་ཏུ་ནི་པདྨ་ལ་གནས་པའི་རྡོ་རྗེའོ། །ཕྱོགས་རྣམས་སུ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་རྣམས་ལ་གསེར་གྱི་བུམ་པ་ལ་གནས་པའམ། རིན་པོ་ཆེའི་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། བ་

དན་བརྒྱད་དེ། ཟླ་ཚེས་དང་རིན་པོ་ཆེ་དང་། རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་རིན་པོ་ཆེའི་དབྱུག་པ་ལ་བཅིངས་ཞིང་དྲིལ་བུ་འཁྲོལ་བ་བཅིངས་པའི་དར་ལྕེ་གསུམ་པ་རྩེ་མོ་ལ་རི་དགས་ཀྱི་རྒྱལ་པོ་དང་། ངང་པའི་རྒྱལ་པོ་དང་ཀླུ་ཟ་བ་དང་། ཉ་སྦུ་རྒྱས་པ་དང་ཆུ་སྲིན་གྱིས་མཚན་པ། རླུང་གིས་བསྐྱོད་པས་སུམ་

Vol. 75 · folio 28a

ཁུགས་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན། དྲིལ་ཆུང་གི་སྒྲ་སྒྲོགས་པས་སིལ་སིལ་ཟེར་བ་རྔ་ཡབ་དང་བཅས་པའོ། །བ་དན་རྣམས་ཀྱང་དེ་བཞིན་དེ། །རི་དགས་ལ་སོགས་པའི་མཚན་མ་གཞན་དང་ནི་བྲལ་བའོ། །གྲྭ་བཞིར་མངའ་ཡབ་ཀྱི་སྟེང་དུ་གདུགས་བཞིའོ། །རྟ་བབས་ལ་རྣམ་

པར་བཀྲ་བའི་བླ་རེ་དང་དོ་ཤལ་དང་དོ་ཤལ་ཕྱེད་པའོ། །རྟ་མིག་དང་བ་དན་གྱི་མཐའ་རྣམས་སུ་རྒྱལ་མཚན་དང་བ་དན་རྣམས་ཏེ་ཇི་ལྟར་མཛེས་པར་རོ། །སེང་གེ་དང་། སེང་གེ་རྐང་པ་བརྒྱད་པ་དང་། ངང་པ་དང་། རྨ་བྱ་དང་། མིའམ་ཅི་དང་། མིའམ་ཅི་མོ་རྣམས་ཀྱང་ངོ་། །རྟ་བབས་ཀྱི་གཞོགས་རྣམས་སུ་

ཤིན་ཏུ་མི་རིང་བར་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་རྣམས་ཏེ། གླང་པོ་ཆེ་ལ་སོགས་པ་རིན་པོ་ཆེ་བདུན་དང་ལྡན་པའོ། །བར་བར་དུ་ནི་གྲུབ་ཐོབ་རྣམས་དང་། མེ་ཏོག་གི་ཕྲེང་བ་བཟུང་བ་སྤྲིན་གྱི་སྦུབས་ལས་བྱུང་བའི་ལྷའི་ལུས་ཅན་རྣམས་སོ། །དེ་ལྟ་བུ་འདི་ནི་རྩ་བའི་དཀྱིལ་འཁོར་

ལས་ཕྱི་རོལ་དུ་ཐིག་གདབ་ཅིང་བྲི་བའི་རིམ་པ་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་ངོ་། །ནང་དུ་ནི་བྱེ་བྲག་ཏུ་བརྗོད་པར་བྱ་སྟེ། རྩ་བའི་ཐིག་གི་ནང་དུ་སྒོའི་ཚད་དུ་ལྷ་སྣམ་དོར་ནས་ངོས་ཐིག་གཅིག་ཟུར་ཐིག་གཉིས་ཀྱི་བར་དུའོ། །དེའི་ནང་དུ་གཟུགས་རྡོ་རྗེ་མ་ལ་སོགས་པ་དགོད་པའི་དོན་དུ་སྒོ་

ཚད་དོར་ནས་ཚངས་པའི་ལྟེ་བ་ལ་གནས་པའི་ཐིག་སྐུད་ཀྱིས་ཚངས་པའམ་དབང་ལྡན་གྱི་ཐིག་ནས་བཟུང་ནས། དབུས་ཀྱི་དཀྱིལ་འཁོར་གྱི་མཚམས་ཀྱི་ཟླུམ་པོའི་ཐིག་དང་པོའོ། །དེའི་ནང་དུ་རྡོ་རྗེ་ཕྲེང་བའི་ཆ་ཆུང་སྤངས་ནས་དེ་ལྟར་ཟླུམ་པོའི་ཐིག་གཉིས་པའོ། །དེ་ནས་ཕྱོགས་གཞན་གྱི་ཟླུམ་པོའི་ཐིག་

གི་བར་དུ་ཚངས་ཐིག་གི་གཡས་ཕྱོགས་སུ་ཐིག་གཉིས་ཏེ། དང་པོ་ནི་ཆ་ཆུང་གཉིས་དོར་བར་རོ། །གཉིས་པ་ནི་གཙོ་བོའི་མཚན་མ་དང་ཀ་བའི་ཆ་ཆུང་དོར་ནས་སོ། །དེ་ལྟར་གཡོན་དུའོ། །འདིར་ལྷོར་གནས་ཏེ་བྱང་དུ་ཕྱོགས་པས་ཤར་ཕྱོགས་སུ་ཀ་བའི་ཐིག་གདབ་བོ། །བྱང་དུ་གནས་ཏེ་ལྷོར་ཕྱོགས་

པས་ནུབ་ཏུའོ། །ནུབ་ཏུ་གནས་ཏེ་ཤར་དུ་ཕྱོགས་པས་བྱང་དུའོ། །ཤར་དུ་གནས་ཏེ་ནུབ་ཏུ་ཕྱོགས་པས་ལྷོར་རོ། །རྡོ་རྗེ་མཁའ་འགྲོར་ནི་ཟླུམ་པོའི་ཐིག་དང་པོ་ལས་ཕྱིར་འོད་ཀྱི་ཕྲེང་བའི་དོན་དུ་ཆ་ཆུང་གཅིག་སྤངས་པར་ཟླུམ་པོའི་ཐིག་གཅིག་གསུངས་སོ། །དེ་ནས་ཚངས་ཐིག་དང་ཟུར་ཐིག་ཕྱི་བས་

Vol. 75 · folio 28b

རེ་མིག་དགུར་འགྱུར་རོ། །གཞན་ཡང་ཚངས་ཐིག་དང་གཙོ་བོའི་གནས་ཀྱི་སྣམ་བུའི་ནང་གི་ཐིག་རྣམས་ནི་དབྱི་བར་བྱའོ། །ལྷའི་གནས་དང་ཚོན་ཁྱད་པར་དུ་བྱ་བའི་དོན་དུ་ཟུར་ཐིག་དང་ལྷ་སྣམ་གྱི་ཐིག་རྣམས་ནི་གཞག་ཅིང་རྡུལ་ཚོན་གདབ་པ་ཉིད་ཀྱིས་གཡོགས་པར་བྱའོ། །འདིར་གལ་ཏེ་དེ་ལྟར་

གདབ་པ་ལས་གཞན་དུ་གདབ་པར་འདོད་ན་དེའི་ཚེ་ཚངས་ཐིག་གི་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་ཐིག་གཅིག་གོ། །དེའི་ཕྱི་རོལ་དུ་ཆ་ཆུང་རེ་རེ་དོར་བར་ཐིག་དྲུག་སྟེ། ཐིག་བདུན་ཀ་ཡང་གཞལ་ཡས་ཁང་གི་མདའ་ཡབ་ཀྱི་ཐིག་གི་བར་དུའོ། །དེ་ལ་དཀྱིལ་འཁོར་གྱི་བརྗོད་པའི་བདུན་གདབ་པ་ཉིད་

བཏབ་ནས་སྔར་བཞིན་ཐིག་ཟླུམ་པོ་གསུམ་བྱས་ཏེ། སྔོན་གྱི་ཐིག་གདབ་པའི་རིམ་པས་གནས་པའི་ཐིག་རྣམས་བཞག་སྟེ་གཞན་རྣམས་དབྱི་བར་བྱའོ། །འདི་གཉིས་ཀ་ཡང་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཐིག་གདབ་པའོ། །གཙོ་བོ་གཞན་དགོད་པ་ལ་ཡང་འདིའོ། །འདིས་ནི། གྲུ་བཞི་

པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ཡང་དག་ལྡན། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡི་ནང་དུ་དཀྱིལ་འཁོར་ནི། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན། །ཕྱི་ཡི་འཁོར་ལོའི་ཕྱེད་དུ་ནི། །ཀུན་ནས་ཡོངས་སུ་ཟླུམ་པོའོ། །འཁོར་ལོ་ཀ་བ་ལ་

སོགས་སྤྲས། །རྡོ་རྗེ་ཕྲེང་བས་བསྐོར་ཞིང་མཛེས། །ཞེས་པ་དང་། འཁོར་ལོ་ཀ་སོགས་ཐིག་རྣམས་ཀྱི། །ས་ནི་ཚོན་གྱི་ས་དང་མཉམ། །ཞེས་པ་ཡང་རྣམ་པར་ཕྱེའོ། །བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་ཡང་གདབ་པའི་ཚུལ་འདི་ཉིད་དོ། །ཁྱད་པར་དུ་ཟླུམ་པོའི་ཐིག་

གཉིས་པའི་ནང་དུ་ཡང་རྡོ་རྗེ་ཕྲེང་བའི་ཆ་ཆུང་དོར་བར་ཟླུམ་པོའི་ཐིག་གསུམ་མོ། །ཟླུམ་པོ་དང་པོའི་ནང་དུ་ནི་འོད་ཀྱི་ཕྲེང་བའོ། །ཟླུམ་པོའི་ཐིག་དང་པོ་ལས་ཕྱི་ངོས་སུ་ནི་ཟླུམ་པོའི་ཐིག་མེད་དོ། །ཀླུའི་བློའི་ཞབས་ཀྱིས་གང་གསུངས་པ། དབུས་ཀྱི་འཁོར་ལོ་ཡི་ནི་ཚད། །རྩ་བའི་ཐིག་གི་ཕྱེད་ཀྱིས་

སོ། །ཞེས་དང་། ཚངས་ལས་སྟེགས་བུ་ཙམ་དུ་འགྱུར། །སྟེགས་བུ་ཕྱེད་དུ་གཉིས་པ་སྟེ། །གསུམ་པ་སྟེགས་བུ་ཕྱེད་དང་གཉིས། །སྟེགས་བུའི་ཕྱེད་ཀྱི་གཞན་ཡིན་ཏེ། །འོད་ཟེར་ལྔ་ཡིས་རྣམ་བརྒྱན་པའི། །རྡོ་རྗེ་ཕྲེང་བ་གསལ་བར་བྱ། །ནང་གི་འཁོར་ལོའི་ཕྱི་རོལ་དུ། །ཐིག་བཞི་མཉམ་

Vol. 75 · folio 29a

པར་ཀུན་ནས་བྲི། །རྡོ་རྗེས་མཚན་ཞིང་ལེགས་མཛེས་པའི། །ཀ་བ་བརྒྱད་ནི་ནང་དུ་བྲི། །དེ་ཉིད་དུ་ནི་རེ་མིག་དགུ། །རྡོ་རྗེ་ཀ་བའི་བར་དུའོ། །ཞེས་སོ། །དཔལ་ཁ་སྦྱོར་གྱི་རྒྱུད་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ། རྩ་བའི་ཐིག་གི་ནང་དུ་ཆ་ཆུང་གསུམ་གྱི་བར་སྤངས་

ནས་བར་དུ་ཆ་ཆུང་ཕྱེད་པའི་ཟླུམ་པོའི་ཐིག་གཉིས་ཀྱི་དབུས་སུ་ཆུད་པའི་འཁོར་ལོའི་ཕྲེང་བའོ། །དེའི་ནང་དུ་ཆ་ཆུང་གསུམ་དོར་ནས་བར་དུ་ཆ་ཆུང་ཕྱེད་པའི་ཐིག་ཟླུམ་པོ་གཉིས་ཀྱི་བར་དུ་ཆུད་པའི་པདྨའི་ཕྲེང་བའོ། །དེའི་ནང་དུ་ཆ་ཆུང་གསུམ་དོར་ཏེ་ཟླུམ་པོའི་ཐིག་གི་མཐའ་ནས་ཆ་ཆུང་ཕྱེད་ཀྱི་བར་དུ་ནི་འོད་ཟེར་

གྱི་ཕྲེང་བའོ། །དེའི་ནང་དུ་ཆ་ཆུང་ཕྱེད་ཀྱི་བར་གྱི་ཐིག་ཟླུམ་པོ་གཉིས་ཀྱི་ནང་དུ་རྡོ་རྗེའི་ཕྲེང་བའོ། །འདིར་ནང་གི་ཐིག་ཟླུམ་པོ་ནས་ཕྱོགས་གཞན་གྱི་ཟླུམ་པོའི་ཐིག་གི་བར་དུ་ཚངས་པའི་གཡས་ལོགས་སུ་ཐིག་གཉིས་ཏེ། དང་པོ་ནི་ཆ་ཆུང་ཕྱེད་དང་གཉིས་དོར་བར་རོ། །གཉིས་པ་ནི་གཙོ་བོའི་མཚན་མ་དང་

ཀ་བའི་ཆ་ཆུང་ཕྱེད་དོར་ནས་སོ། །དེ་ལྟར་གཡོན་དུ་ཡང་ངོ་། །སྔོན་བཞིན་ཚངས་ཐིག་ལ་སོགས་པ་དབྱིའོ་ཞེས་པ་བྱེ་བྲག་དང་བཅས་པ་གདབ་པའི་ཚུལ་ལོ། །ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་དུ། རྩ་བའི་ཐིག་གི་ནང་དུ་ཆ་ཆུང་བཞི་དོར་བར་ཐིག་ཟླུམ་པོའོ། །དེ་ནས་དབུས་ཀྱི་ཆ་ཆུང་དོར་

བར་གཉིས་པའོ། །དེ་ནས་རྡོ་རྗེ་ཕྲེང་བའི་ཆ་ཆུང་དོར་བར་གསུམ་པའོ། །དེ་ནས་ལྷ་མོའི་ཆ་ཆུང་དྲུག་དོར་བར་ངོས་ཀྱི་ཐིག་གཅིག་སྟེ་ཟླུམ་པོ་ལ་རེག་པའོ། །དེ་ནས་ཀ་བ་དང་གཙོ་བོའི་ཕྱག་མཚན་གྱི་དོན་དུ་ཆ་ཆུང་གཅིག་དོར་ནས་དེ་བཞིན་དུ་གཉིས་པའོ་ཞེས་པ་ཁྱད་པར་གྱི་ཐིག་གོ། །བཅུ་བདུན་གྱི་བདག་

ཉིད་དགྱེས་པའི་རྡོ་རྗེ་བཞིའི་དཀྱིལ་འཁོར་ལ། རྩ་བའི་ཐིག་གི་ནང་དུ་ཚངས་པ་དང་ཟུར་ཐིག་རྣམས་ཉིད་དེ་ཐིག་གཞན་བཏབ་པ་ནི་མེད་དོ། །ཚངས་པའི་ཐིག་ལས་ཕྱི་ངོས་སུ་ཐིག་ཟླུམ་པོ་བཞིའོ། །དེ་ལ་དང་པོ་ནི་ལྟེ་བ་ཡིན་ཏེ་ཆ་ཆུང་གཅིག་གི་བརྒྱད་ཆས་ལྷག་པའི་ཆ་ཆུང་ཕྱེད་དང་གསུམ་དོར་ནས་སོ། །

གཉིས་པ་ནི་འདབ་མ་རྣམས་ཀྱི་སྟེ་བཞི་ཆ་དང་བཅས་པའི་ཆ་ཆུང་ལྔའི་བར་དོར་ནས་སོ། །དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་གི་བརྒྱད་ཆ་དོར་ནས་ཀྱང་། ཆ་ཆུང་གཅིག་དོར་བར་གསུམ་པ་སྟེ་རྡོ་རྗེའི་ཕྲེང་བ་ཡིན་ནོ། །བཞི་པ་ནི་དབུས་ཀྱི་འོད་ཟེར་གྱི་ཐིག་སྟེ་ཆ་ཆུང་གཅིག་དོར་ནས་སོ། །ཉི་ཤུ་རྩ་གསུམ་གྱི་བདག་ཉིད་

Vol. 75 · folio 29b

ཅན་དང་། བཅོ་ལྔའི་བདག་ཉིད་ཅན་བདག་མེད་མ་དང་། ཀུ་རུ་ཀུལླེའི་དཀྱིལ་འཁོར་ལ་ཡང་དེ་ཉིད་དོ། །རྡོ་རྗེ་བདུད་རྩི་བཞི་ཡང་དེ་ལྟར་རོ། །དགུའི་བདག་ཉིད་ཅན་དགྱེས་པ་རྡོ་རྗེ་བཞིའི་ནི་ཚངས་ཐིག་ལས་ཕྱི་ངོས་སུ་ལྟེ་བའི་དོན་དུ་ཆ་ཆུང་ལྔ་དོར་ནས་གེ་སར་གྱི་ཐིག་ཟླུམ་པོ་གཅིག་གོ། །དེའི་ཕྱི་ངོས་སུ་

འདབ་མའི་དོན་དུ་ཆ་ཆུང་བཅུ་སྤངས་པར་ཐིག་གཅིག་གོ་ཞེས་པ་ཁྱད་པར་རོ། །དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་ལ་བུམ་པ་རྣམས་སམ་དེ་ལ་རྡོ་རྗེའི་ཕྲེང་བའོ་ཞེས་པ་ཁ་ཅིག་གོ། །ལྔའི་བདག་ཉིད་བཅོམ་ལྡན་འདས་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་ལ་ཡང་དེ་ལྟ་བུ་ཉིད་དོ། །དགུའི་བདག་ཉིད་བཅོམ་ལྡན་འདས་

སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་ཡང་དེ་ལྟར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ལ་ཚངས་པའི་ཐིག་ནས་ཆ་ཆུང་ཕྱེད་དང་གསུམ་དོར་བར་གེ་སར་གྱི་ཐིག་ཟླུམ་པོའོ། །དེའི་ཕྱི་ངོས་སུ་འདབ་མའི་དོན་དུ་ཆ་ཆུང་ལྔ་དོར་བར་ཐིག་ཟླུམ་པོའོ། །དེ་ནས་ཆ་ཆུང་དོར་བར་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཆ་ཆུང་

ཕྱེད་དང་བརྒྱད་པའི་འདབ་མ་བརྒྱད་དེ། ཤར་གྱི་པདྨ་ལས་ཕྱི་རོལ་ཏུ་པདྨ་ཆ་ཆུང་གསུམ་པའོ། །ནུབ་ཀྱི་པདྨ་ལས་ཀྱང་དེ་བཞིན་ནོ་ཞེས་པ་གདབ་པའི་ཁྱད་པར་རོ། །བཅོམ་ལྡན་འདས་བདེ་མཆོག་དང་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་དུ་ཚངས་ཐིག་དང་ཟུར་ཐིག་གཉིས་གནས་པ་ལ། ཚངས་

ཐིག་ལས་ཕྱི་ངོས་སུ་ཆ་ཆུང་གཉིས་དོར་ནས་ཐིག་གཅིག་རྩ་བའི་ཐིག་ལ་ཐུག་པར་གདབ་བོ། །ཟུར་ཐིག་གི་གཡས་དང་གཡོན་དུ་ཆ་ཆུང་གཉིས་དོར་བར་ཐིག་རེ་རེ་སྟེ། སྲིད་དུ་ལྟེ་བའི་གློ་གཉིས་པས་སྒོའི་ཚད་བཞི་བཞིའོ། །དེ་ནས་ཚངས་ཐིག་དང་ཟུར་ཐིག་གི་ཕྱིའི་ཐིག་ལས་ཕྱི་རོལ་དུ་ཆ་ཆུང་གཉིས་དོར་བར་

ཐིག་དང་པོ་སྟེ། ཚངས་ཐིག་དང་ཟུར་ཐིག་དང་དེ་དག་གི་གློའི་ཐིག་གི་སྟེང་དག་ཏུ་སྒོའི་ཚད་དེ། ཐད་ཀར་ལོགས་དག་ཏུ་ཆ་ཆུང་གཉིས་གཉིས་ཀྱི་ཕྱིར་རོ། །དེའི་ཕྱི་ངོས་སུ་དེ་ལྟར་ཐིག་ལྔའོ། །དེ་བཞིན་དུ་ཟུར་དང་དེ་དག་གི་འགྲམ་གྱི་ཐིག་གི་སྟེང་དུ་ཐིག་དྲུག་པ་ཡང་ངོ་། །དེ་ནས་ཚངས་ཐིག་གི་གཡས་སུ་

དང་པོའི་ཆ་ཆུང་གཅིག་གི་མཐའ་ནས་ཕྱུང་སྟེ། གཉིས་པའི་རྩེ་མོར་སོང་ནས་གསུམ་པའི་ཆ་ཆུང་གཅིག་གི་མཐར་ཞུགས་ཏེ་བཞི་པའི་རྩེ་མོར་སོང་ནས་ལྔ་པའི་ཆ་ཆུང་གཅིག་གི་མཐར་ཞུགས་ཏེ། དྲུག་པའི་རྩེ་མོར་སོང་ནས་བདུན་པའི་ཆ་ཆུང་གཅིག་གི་མཐར་ཞུགས་པའི་ཐིག་ཀྱོག་པོ་གཅིག་གོ། །འདིའི་

Vol. 75 · folio 30a

ནང་དུ་ཆ་ཆུང་ཕྱེད་དོར་ནས་འདི་ལྟ་བུའི་ཀྱོག་པོའི་ཐིག་གཉིས་པའོ། །དེ་ལྟ་བུའི་ཐིག་ཀྱོག་པོ་གཉིས་ཚངས་ཐིག་གི་གཡོན་དུ་ཡང་ངོ་། །དེ་བཞིན་དུ་ཟུར་ཐིག་གཡོན་དང་ཅིག་ཤོས་དག་ཏུ་ཡང་ངོ་། །དེ་ནས་ལྟེ་བར་ཐིག་སྐུད་བཟུང་ནས་རྩ་བའི་ཐིག་ནས་བརྩམས་ནས་ནང་དུ་སྒོ་རེ་རེ་སྤངས་

པར་ཚངས་ཐིག་ལ་ཐིག་སྐུད་བཟུང་བས་ཐིག་ཟླུམ་པོ་བཞིའོ། །ཇི་སྐད་དུ། རྩ་བའི་ཐིག་ནས་ཉེར་བཟུང་སྟེ། །ཟླུམ་པོའི་ཐིག་ནི་རྣམ་བཞིའོ། །འཁོར་ལོ་གསུམ་ནི་སྒོ་ཚད་དུ། །ཡང་དག་བསྐོར་བས་ཕྱིན་པའོ། །ལྷག་མ་པདྨ་འདབ་མ་བརྒྱད། །ཚད་དེ་འདི་ལས་ལྷག་ཆད་མིན། །ཐུགས་སོགས་

འཁོར་ལོའི་མུ་ཁྱུད་ལ། །རྡོ་རྗེ་པདྨ་འཁོར་ལོའི་ཕྲེང་། །ཞེས་གསུངས་སོ། །དེ་ལ་དང་པོ་གསུམ་རེ་རེའི་ནང་དུ་ཆ་ཆུང་ཕྱེད་དོར་བར་ཟླུམ་པོའི་ཐིག་གཅིག་གོ། །བཞི་པ་ཐུགས་ཀྱི་འཁོར་ལོའི་ལྟེ་བའི་ནང་མཚོན་པར་བྱེད་པའི་ནང་དུ་ཆ་ཆུང་གི་བཞི་ཆ་ལས་ཕ་རོལ་ཆ་ཆུང་ཕྱེད་དང་གསུམ་པའི་འདབ་མ་དོར་

བར་ལྟེ་བའི་དོན་དུ་གེ་སར་གྱི་ཕྲེང་བའི་ངོ་བོའི་ཐིག་གཅིག་གོ། །རྡོ་རྗེའི་ཕྲེང་བའི་དོན་བཞི་པའི་ནང་དུ་ཆ་ཆུང་ཕྱེད་དོར་བར་ཟླུམ་པོ་གཅིག་གོ་ཞེས་ཀྱང་ཁ་ཅིག་གོ། །གཞན་ནི་རྩིབས་ཀྱི་གློ་དག་ཏུ་ཤིན་ཏུ་མི་བཟད་པའི་རྡོ་རྗེ་བཞིས་བསྐོར་རོ་ཞེས་སོ། །ཁ་ཅིག་ནི་རྩིབས་ཀྱི་འགྲམ་གྱི་སྟེང་དུ་ཇི་

ལྟར་རིགས་པར་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བའོ་ཞེས་སོ། །འདིར་ཕྱི་རོལ་གྱི་ཐིག་ཟླུམ་པོ་དང་ནང་གི་ཐིག་ཟླུམ་པོ་དང་། རྩིབས་ཀྱི་ཐིག་རྣམས་བསྲུང་ལ་གཞན་ནི་དབྱི་བར་བྱའོ། །ཁྱད་པར་དུ་གདབ་པའོ། །ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་ཡང་འདི་ཉིད་ཡིན་ནོ། །

ཁྱད་པར་ནི་དང་པོར་བརྗོད་པའི་ཟླུམ་པོའི་ཐིག་བཞི་པ་དང་། ཟེའུ་འབྲུའི་ཐིག་མི་བྱའོ། །ཟླུམ་པོའི་ཐིག་དྲུག་པའི་ནང་དུ་ནི་འདབ་མ་ཆ་ཆུང་ལྔ་པ་དོར་ནས་འདིར་གེ་སར་གྱི་རང་བཞིན་ཟླུམ་པོའི་ཐིག་གཅིག་གོ། །དཔལ་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་དུ་ཆ་ཆུང་ཕྱེད་དང་བཅས་པའི་

གསུམ་དོར་ནས་བར་དུ་ཆ་ཆུང་གཅིག་པའི་ཟླུམ་པོའི་ཐིག་གཉིས་ཀྱི་དབུས་སུ་ཆུད་པའི་རྡོ་རྗེའི་ཕྲེང་བའོ། །དེ་ནས་ཆ་ཆུང་ཕྱེད་དང་བཞི་དོར་བར་ཐིག་གཞན་རྣམས་ནི་བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་བཞིན་ནོ། །རྩ་བའི་ཐིག་གི་ནང་དུ་གཞལ་ཡས་ཁང་གཉིས་པ་སྟེ། ཐིག་ཀྱང་འོག་ནས་འཆད་

Vol. 75 · folio 30b

པར་འགྱུར་བའི་བཞི་བཅུ་རྩ་གསུམ་གྱི་བདག་ཉིད་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལྟ་བུའོ་ཞེས་གཞན་ནོ། །གཅིག་དབུས་ཀྱི་གཞལ་ཡས་ཁང་པས་གཞལ་ཡས་ཁང་གཉིས་པ་ཟླུམ་པོའོ་ཞེས་སོ། །གཞན་ནི་འདིར་གཞལ་ཡས་ཁང་མེད་དེ་རྡོ་རྗེའི་ཕྲེང་བ་ནི་སྔར་བཞིན་ནོ་ཞེས་སོ། །བཅུ་གསུམ་གྱི་བདག་

ཉིད་དཔལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་ཁོ་ན་སྟེ་གཞན་མེད་དོ། །དེ་ལ་ཚངས་ཐིག་ནས་སྒོ་གཉིས་ཀྱི་བར་དོར་ནས་ཟུར་ཐིག་གི་བར་དུ་ངོས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཐིག་གཅིག་གོ། །དེའི་ནང་དུ་ཆ་ཆུང་གཅིག་དོར་ནས་རྡོ་རྗེའི་ཕྲེང་བའི་ཐིག་གཅིག་གོ། །ལྟེ་བའི་ཐིག་ལས་

སྒོའི་བར་དུ་རྭ་ལྔའོ། །དེའི་རྗེས་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་དབྱི་བར་བྱའོ། །འདི་ནི་ཁྱད་དུ་གདབ་པའོ། །རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་གནས་པ་ཉིད་ལ་ཚངས་ཐིག་གི་ཕྱི་རོལ་དུ་ལྟེ་བའི་ཆ་ཆུང་གསུམ་དོར་བར་ཐིག་ཟླུམ་པོ་གཅིག་གོ། །དེའི་ཕྱི་ངོས་སུ་འདབ་

མ་ཆ་ཆུང་དྲུག་དོར་བར་ཐིག་ཟླུམ་པོ་གཅིག་གོ། །ཚངས་ཐིག་དང་ཟུར་ཐིག་རྣམས་དབྱིའོ། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་འོད་ཟེར་ཅན་གྱི་དཀྱིལ་འཁོར་ལ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བཞིན་ཐིག་གདབ་བོ། །བཅུ་གསུམ་གྱི་བདག་ཉིད་ཅན་བསྲུང་བ་ལྔའི་དཀྱིལ་འཁོར་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་

ཉིད་དེ་གཞན་ནི་མེད་དོ། །དེ་ལ་ཚངས་པའི་ཐིག་གི་ཕྱི་རོལ་ཀུན་ཏུ་ཆ་བཞི་དོར་བར་དབུས་ཀྱི་པདྨའོ། །དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་དོར་བར་ཕྱོགས་རྣམས་སུ་པདྨ་བཞིའོ། །ཚངས་ཐིག་དང་ཟུར་ཐིག་དབྱིའོ་ཞེས་པ་ཁྱད་པར་དུ་གདབ་པའོ། །ལྔ་བཅུ་ང་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་

འཁོར་ལ་རྩ་བའི་ཐིག་གི་ནང་ན་རང་གི་སྒོ་གཉིས་ཀྱི་ཚད་སྤངས་པར་ཟུར་ཐིག་གཉིས་ཀྱི་བར་དུ་ངོས་སུ་ཐིག་གཅིག་གོ། །དེ་ཉིད་ནི་གཉིས་པ་ནང་གི་དཀྱིལ་འཁོར་གྱི་རྩ་བའི་ཐིག་ཡིན་ཏེ། སྒོ་དང་སྒོ་ཁྱུད་ལ་སོགས་པ་མདའ་ཡབ་ཀྱི་ཐིག་གི་བར་དང་ལྡན་ཞིང་རྟ་བབས་ལ་སོགས་པ་མེད་པའོ། །རྩ་བའི་

ཐིག་འདིའི་ནང་དུ་བར་མེད་པ་ཉིད་ཟླུམ་པོའི་ཐིག་དང་པོའོ། །དེའི་ནང་དུ་རྡོ་རྗེ་ཕྲེང་བའི་ཆ་ཆུང་གཅིག་སྤངས་པར་གཉིས་པའོ། །དེ་ལས་ཕྱོགས་གཞན་གྱི་ཐིག་ཟླུམ་པོའི་བར་དུ་ཚངས་ཐིག་གི་གཡས་ཀྱི་ཆར་ཐིག་གཉིས་ཏེ་དང་པོ་ཆ་ཆུང་གཉིས་སྤངས་པར་རོ། །གཉིས་པ་ནི་ཀ་བའི་ཆ་ཆུང་དོར་བར་རོ། །

Vol. 75 · folio 31a

དེ་ལྟར་གཡོན་དུ་ཡང་ངོ་། །དེ་ནས་ཚངས་ཐིག་དང་ཟུར་ཐིག་ཕྱི་བས་རེའུ་མིག་དགུར་འགྱུར་རོ། །གཞན་ཚངས་ཐིག་དང་གཙོ་བོའི་གནས་ཀྱི་སྣམ་བུའི་ནང་གི་ཐིག་རྣམས་ནི་དབྱིའོ། །ཁྱད་པར་དུ་གདབ་པའོ། །དེ་ཉིད་བསྡུས་པ་ལས་དབུས་ཀྱི་གཞལ་ཡས་ཁང་རྟ་བབས་དང་

བཅས་པའོ་ཞེས་གསུངས་པ་ནི་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་ཁོ་ནའི་འོ། །གང་ཡང་། རྡོ་རྗེའི་ཀ་རྩེ་གནས་རྣམས་སུ། །དཀྱིལ་འཁོར་ལྔ་ཡི་བརྒྱན་པའོ། །ཞེས་གསུངས་པ་ནི་དེ་བཞིན་གཤེགས་པ་ལྔའི་གནས་རྣམས་སུ་རྡོ་རྗེའི་རི་མོ་ཟླུམ་པོ་བྲི་བར་བྱ་སྟེ། དེ་རྣམས་ལ་ཡང་ཟླ་བའི་

དཀྱིལ་འཁོར་ལྔ་བྲིས་ཞེས་ཀུན་དགའ་སྙིང་པོས་བཤད་པ་འདི་ནི་མི་རིགས་ཏེ། རྡོ་རྗེའི་རི་མོ་ཟླུམ་པོའི་རྗོད་བྱེད་རྒྱུད་ཚིག་འདི་ལ་མེད་པའི་ཕྱིར་རོ། །བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་དུ་སྒོ་གཉིས་སྤངས་པར་ཟུར་ཐིག་གཉིས་ལ་རེག་པའི་

ལོགས་ཐིག་གཅིག་གོ། །དེ་ཉིད་ནི་གཉིས་པ་ནང་གི་དཀྱིལ་འཁོར་གྱི་རྩ་བའི་ཐིག་ཡིན་ཏེ། སྒོ་དང་སྒོ་ཁྱུད་ལ་སོགས་པ་མདའ་ཡབ་ཀྱི་ཐིག་གི་བར་དུ་ལྡན་ཞིང་རྟ་བབས་ལ་སོགས་པ་མེད་པའོ། །འདིའི་ནང་དུ་རང་གི་སྒོ་གཉིས་སྤངས་པར་ཟུར་ཐིག་ལ་རེག་པའི་ལོགས་ཐིག་གཅིག་གོ། །དེ་ཉིད་གསུམ་པ་ནང་གི་

དཀྱིལ་འཁོར་གྱི་རྩ་བའི་ཐིག་ཡིན་ཏེ། སྒོ་དང་སྒོ་ཁྱུད་ལ་སོགས་པ་དང་ལྡན་ཞིང་རྟ་བབས་ལ་སོགས་པ་མེད་པའོ། །རྩ་བའི་ཐིག་འདིའི་ནང་དུ་བར་མེད་པ་ཉིད་དུ་ཟླུམ་པོའི་ཐིག་དང་པོའོ། །ཞེས་པ་ལ་སོགས་པ་བཤད་པའི་རྡོ་རྗེ་དབྱིངས་ཀྱི་ནང་གི་དཀྱིལ་འཁོར་ལྟ་བུའི་དཀྱིལ་འཁོར་གསུམ་པའོ། །ཁྱད་

པར་དུ་གདབ་པའོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་དཀྱིལ་འཁོར་ལ་དཀྱིལ་འཁོར་ཐམས་ཅད་ཐུན་མོང་དུ་ཕྱིའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཚུལ་སྔར་བརྗོད་པ་ཤེས་པར་བྱ་སྟེ། ཕྱིའི་རྩ་བའི་ཐིག་ལ་སོགས་པའི་ཐིག་བདུན་ནི་ཟླུམ་པོ་སྟེ་འདི་ནི་ཁྱད་པར་རོ། །གང་གསུངས་པ་

ཀུན་ནས་ཟླུམ་པོ་བཟང་པོ་སྟེ། ཞེས་པ་ལ་སོགས་པའོ། །སྒོ་ཁྱུད་དང་འགྲེལ་པའི་རྩ་བའི་ཐིག་འདིའི་ནང་དུ་སྒོ་གཉིས་ཀྱི་བར་སྤངས་ནས་ཟུར་ཐིག་གཉིས་པོ་ལ་རེག་པའི་ངོས་ཐིག་གཅིག་གོ། །དེ་ཉིད་ནི་གཉིས་པ་ནང་གི་དཀྱིལ་འཁོར་གྱི་རྩ་བའི་ཐིག་ཡིན་ཏེ། སྒོ་དང་སྒོ་ཁྱུད་ལ་སོགས་པ་ནས་མདའ་ཡབ་

Vol. 75 · folio 31b

གྱི་བར་དང་ལྡན་ཞིང་རྟ་བབས་མེད་པའོ། །རྩ་བའི་ཐིག་འདིའི་ནང་དུ་དེ་ལྟ་བུའི་དཀྱིལ་འཁོར་གསུམ་པའི་རྩ་བའི་ཐིག་ནི་དེ་བཞིན་ནོ། །རྩ་བའི་ཐིག་འདིའི་ནང་དུ་རང་གི་སྒོ་གཉིས་ཞེས་པ་ལ་སོགས་པ་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་ནང་གི་དཀྱིལ་འཁོར་བཞིན་དུ་དཀྱིལ་འཁོར་བཞི་པའོ། །ཁྱད་པར་དུ་གདབ་པའོ། །

ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ལ་བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་བཞིན་དུ་གདབ་པ་སྟེ། འོན་ཀྱང་རྡོ་རྗེ་ཕྲེང་བའི་ནང་དུ་ཀ་བ་བརྒྱད་ལ་སོགས་པ་མེད་པར་འཁོར་ལོ་རྩིབས་བརྒྱད་སེར་པོ་ཉིད་ཀྱིས་བརྒྱན་པ་ནི་ཁྱད་པར་ཞེས་སོ། །བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་

འཁོར་ལ་རྩ་བའི་ཐིག་གྲུ་བཞི་པའི་ནང་དུ་ཆ་ཆུང་བཞི་དོར་བར་ཟུར་ཐིག་གཉིས་ལ་རེག་པའི་ལོགས་ཐིག་གསུམ་མོ། །དེའི་ནང་དུ་ཆ་ཆུང་བཞིའི་བར་དུ་དེ་བཞིན་དུ་ལོགས་ཐིག་གཅིག་གོ། །དེའི་ནང་དུ་ཆ་ཆུང་བཞི་དོར་བར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་བརྗོད་པའི་ནང་གི་ཕོ་བྲང་ལྟ་བུའི་ནང་གི་ཕོ་བྲང་ངོ་། །རིམ་

པ་བཞིན་གདབ་པའོ། །མཁའ་འགྲོ་ལྔའི་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་དུ་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཆའི་ཆ་ཕྱེད་དང་གཉིས་ཀྱི་བར་དོར་ནས། གཞན་ཆ་ཆུང་དགུའི་བར་ལ་ཆ་མཉམ་པ་བཅུ་གཉིས་བྱས་ནས་ལོགས་སོ་སོར་ཆ་གཉིས་དོར་ཏེ། དབུས་ཀྱི་ཆ་གཉིས་ཀྱི་ཚད་ཀྱི་རྩ་བའི་ཐིག་བཞིའོ། །

དེ་རེ་རེའི་བརྒྱད་ཆ་ནི་སྒོའོ། །རྩ་བའི་ཐིག་ལས་ཕྱི་ངོས་སུ་ཐིག་དྲུག་ཅེས་པ་ལ་སོགས་པ་སྔར་བཞིན་དུ་བྱའོ། །དེ་ལྟར་ཕྱོགས་རྣམས་སུ་རྟ་བབས་མེད་པའི་གཞལ་ཡས་ཁང་བཞི་པའོ། །དབུས་སུ་ཡང་དེ་བཞིན་དུ་གཞལ་ཡས་ཁང་ལྔ་པའོ། །ཆ་ཆུང་དགུ་ཞེས་པ་ལ་སོགས་པ་ནི་འདིར་ཡང་རིག་པར་བྱའི།

དེ་ལྟ་མོད་ཀྱི་གཞལ་ཡས་ཁང་འདི་དང་བཞི་པོ་རྣམས་ཀྱི་བར་ན་དཀྱིལ་འཁོར་ཆེན་པོའི་ཆ་ཆུང་གཅིག་གོ། །འདིར་ཀྱེའི་རྡོ་རྗེའི་གཞལ་ཡས་ཁང་ལ་རྩ་བའི་ཐིག་གི་ནང་དུ་ཆ་ཆུང་གཅིག་ལ་གནས་ཤིང་། ཐིག་གཉིས་ཀྱི་ནང་དུ་སོན་པའི་རྡོ་རྗེའི་ཕྲེང་བ་གྲུ་བཞིས་བསྐོར་བའི་ཟླ་བ་ཕྱེད་པའི་རྣམ་པའོ། །རྟག་པའི་

འཁོར་ལོའི་ཕྲེང་བས་བསྐོར་བའི་ཟླུམ་པོའོ། །རྡོ་རྗེ་ཉི་མའི་ཆ་དགུ་པའི་རིན་པོ་ཆེའི་ཕྲེང་བས་བསྐོར་བའི་རིན་པོ་ཆེ་ཆ་དགུ་པའམ་བརྒྱད་པ་ལྟ་བུའོ། །པདྨ་གར་གྱི་དབང་ཕྱུག་གི་པདྨའི་ཕྲེང་བས་བསྐོར་བའི་གྲུ་བཞི་པ་ཟུར་བཞི་སྒོ་ལ་ཕྱོགས་པའམ་པདྨའི་རྣམ་པའོ། །རྟ་མཆོག་གི་རལ་གྲིའི་ཕྲེང་བས་བསྐོར་

Vol. 75 · folio 32a

བའི་གྲྭ་གསུམ་པའོ། །ཁྱད་པར་དུ་གདབ་པའོ། །གཞལ་ཡས་ཁང་ཐམས་ཅད་དུ་ཡང་རང་རང་ལ་ལྟོས་ནས་རྩ་བའི་ཐིག་དང་སྒོ་དང་ཆ་ཆུང་གི་ཚད་རྣམས་རིག་པར་བྱའོ། །འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་རོ། །གཞལ་ཡས་ཁང་ཆེན་པོའི་ཆ་ཆུང་གི་ཚད་ཀྱིས་ཚངས་

ཐིག་ནས་གང་ཆ་ཆུང་བཞི་པའི་བར་གཞན་ཆ་ཆུང་བཞི་པའི་བར་དང་བཅས་པ་དེ་ཆ་ཆུང་བཅུ་གཉིས་སུ་བྱས་ལ། མདུན་དང་རྒྱབ་དང་གཡས་དང་གཡོན་གྱི་མཐའ་རྣམས་སུ་སོ་སོར་ཆ་གཉིས་ཀྱི་ནང་དུ་རྩ་བའི་ཐིག་ཆ་བརྒྱད་ཀྱི་ཚད་དུ་གདབ་པོ། །དེ་དང་བསྟུན་པའི་སྒོའི་ཆ་ཆུང་གིས་སྒོ་ཁྱུད་ལ་སོགས་པའི་

ཐིག་དང་མདའ་ཡབ་ཀྱི་ཐིག་གི་བར་དུ་གདབ་པོ། །དེ་ནས་ཕྱི་རོལ་དུ་དཀྱིལ་འཁོར་ཆེན་པོའི་ཆ་ཆུང་གི་ཚད་ཀྱིས་ཆ་ཆུང་གཉིས་ཀྱི་བར་དོར་ནས་ཚངས་ཐིག་ལ་ཐིག་སྐུད་བཟུང་ནས་ཚད་ཀྱི་དོན་དུ་ཐིག་ཟླུམ་པོ་གཅིག་གོ། །འདིའི་ཆ་མཉམ་པ་ལྔ་བྱས་ནས་ཆ་རེ་རེའི་དབུས་ལས་བྱུང་བའི་ཚངས་ཐིག་

ནི་དཀྱིལ་འཁོར་ཆེན་པོའི་ཆ་ཆུང་གི་ཚད་ཀྱི་ཆ་ཆུང་བརྒྱད་པའོ། །དེའི་དབུས་སུ་དེ་བཞིན་དུ་ཚངས་ཐིག་གཞན་ནོ། །གཉིས་པ་འདི་རེ་རེ་ཞིང་ཆ་ཆུང་གཉིས་སུ་བྱས་ལ་ཞེས་པ་ལ་སོགས་པ་ནས་རབ་ཏུ་གདབ་པོ་ཞེས་པའི་མཐར་ཐུག་པ་དེ་མ་ཐག་པར་བརྗོད་པ་དག་བྱའོ། །དཀྱིལ་འཁོར་དྲུག་པོ་འདི་

རྣམས་ལ་ཟུར་ཐིག་རྣམས་ཀྱང་གདབ་པར་བྱའོ། །འདི་རྣམས་ཀྱི་ཚངས་ཐིག་ནས་ཕྱི་ངོས་སུ་ལྟ་བའི་ཆ་ཆུང་གསུམ་གྱི་བར་སྤངས་པར་ཐིག་ཟླུམ་པོ་གཅིག་གོ། །དེའི་ཕྱི་ངོས་སུ་འདབ་མའི་ཆ་ཆུང་དྲུག་སྤངས་པར་ཐིག་ཟླུམ་པོ་གཅིག་གོ། །དེའི་ཕྱི་ངོས་སུ་ཕྱོགས་དང་མཚམས་རྣམས་སུ་ཆ་ཆུང་དྲུག་

པའི་པདྨ་བརྒྱད་དོ། །དེ་ནས་ཐིག་ཟླུམ་པོ་གཅིག་གོ། །དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་དོར་བར་ཐིག་ཟླུམ་པོའོ། །དེ་ནས་ཐམས་ཅད་དུ་ཚང་བ་དང་ཟུར་ཐིག་དབྱི་བར་བྱའོ། །དེ་ལྟ་བུ་ནི་འདིར་གདབ་པའི་ཁྱད་པར་རོ། །གཞན་ཕོ་བྲང་བདུན་པ་ལ་སོགས་པའི་གཞལ་ཡས་ཁང་གི་ཁྱད་པར་རྣམས་ཀྱང་

བཤད་པའི་རྗེས་སུ་འབྲངས་ཏེ་དཔག་ལ་མཁས་པ་རྣམས་ཀྱིས་ཐིག་གདབ་པའོ། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་ནི་འདིར་བརྗོད་པའི་རྒྱུད་གཞན་མ་ལུས་པར་གསུངས་པའི་ཆོ་ག་རྣམས་ལས་ཉི་མའི་ཤིང་རྟ་ལ་སོགས་པ་འདུལ་བའི་དོན་དུ་བྱ་བ་མི་མཐུན་པར་གསུངས་སོ། །དེའི་ཕྱིར་

Vol. 75 · folio 32b

རྫོགས་པའི་རིམ་པའི་རྣལ་འབྱོར་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་མངོན་པར་འདོད་པ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་སྐུ་སྣ་ཚོགས་པས་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་ཉིད་དུ་འགྱུར་རོ་ཞེས་ལྷག་པའི་མོས་པ་བསྟན་པས། རྒྱུད་གཞན་གྱི་ཆོ་གས་ཀྱང་རབ་གནས་ལ་སོགས་པ་

བྱ་བ་མི་འགལ་ཏེ་མངོན་པར་འདོད་པ་སྒྲུབ་པར་བྱེད་དོ་ཞེས་པས། དུས་ཀྱི་འཁོར་ལོའི་བྱ་བ་སྤྲོས་པ་དོར་ནས་དཀྱིལ་འཁོར་གྱི་ཐིག་གདབ་པ་ཙམ་བརྗོད་པར་བྱའོ། །རྡུལ་ཚོན་བྲི་བ་ཙམ་ནི་འཆད་པར་འགྱུར་བའི་རྡུལ་ཚོན་བྲི་བའི་སྐབས་སུ་བརྗོད་པར་བྱའོ། །འདིར་སློབ་དཔོན་གྱི་མཐེ་བོ་ཉི་ཤུ་རྩ་བཞི་ཁྲུ་ཡིན་

ལ། ཁྲུ་བཞིས་དཀྱིལ་འཁོར་རོ། །དེ་ཉིས་འགྱུར་སྲིད་དུ་ཁྲུ་བརྒྱད་པའི་ཚངས་ཐིག་གཉིས་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་ཟུར་ཐིག་གཉིས་སོ། །ཐིག་སྐུད་ནི་སྦོམ་དུ་སློབ་དཔོན་གྱི་ནས་ཀྱི་ཚད་དོ། །དེ་ལ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་དྲུག་ཆ་ནི་མཐེ་བོང་ཕྱེད་ཀྱི་ཚད་དེ་ཆ་ཆུང་དུ་ཐ་སྙད་གདགས་

པར་བྱའོ། །དེ་ལ་ཚངས་ཐིག་གི་ལྟེ་བར་གཙོ་བོའི་པདྨའི་ལྟེ་བའི་དོན་དུ་ཚངས་ཐིག་ལས་ཕྱི་ངོས་སུ་ཆ་ཆུང་གཉིས་དོར་ནས་ཚངས་ཐིག་གཞན་གྱི་སྟེང་དུ་བཟུང་སྟེ་ཐིག་ཟླུམ་པོ་གཅིག་གདབ་པོ། །དེ་ནས་འདབ་མའི་ཆ་ཆུང་བཞི་དོར་ནས་ཐིག་གཅིག་གདབ་བོ། །དེ་ནས་རྡོ་རྗེའི་ཕྲེང་བའི་ཆ་ཆུང་སྤངས་པར་ཐིག་

གཅིག་གོ། །དེ་ནས་ལྷའི་པདྨའི་ཆ་ཆུང་བཞི་དོར་བར་ཐིག་གཅིག་གོ། །དེ་ནས་རྡོ་རྗེའི་ཕྲེང་བའི་ཆ་ཆུང་གཅིག་དོར་བར་ཐིག་གཅིག་གོ། །ཐིག་བཞི་པོ་འདི་རྣམས་ནི་ཟུར་ཐིག་གཉིས་ཀྱི་བར་དུའོ། །འདིར་ལྷའི་ཆ་ཆུང་བཞིའི་དབུས་སུ་ནི་པདྨའི་ཆ་ཆུང་བཞི་པའོ། །དེའི་འགྲམ་གཉིས་སུ་ཀ་བ་གཉིས་ཏེ་

རྒྱར་ཆ་ཆུང་རེ་རེ་སྲིད་དུ་ཆ་ཆུང་བཞིའོ། །དེ་གཉིས་ཀྱི་འགྲམ་དུ་རྒྱར་ཆ་ཆུང་གསུམ་པའི་བུམ་པ་གཉིས་ཏེ་དེ་ལྟར་རིང་བའོ། །དེ་དག་གི་འགྲམ་དུ་དེ་བཞིན་དུ་ཀ་བ་གཉིས་སོ། །དེ་ནས་ཟུར་ཐིག་གི་མཐར་ཐུག་པའི་ཐིག་མཐའ་མ་ལས་ཕྱི་ངོས་སུ་ཆ་ཆུང་བདུན་གྱི་བར་སྤངས་ནས་ཐིག་གཅིག་གོ། །དེ་ནས་ལྷ་

སྣམ་གྱི་ཆ་ཆུང་བཞི་པའི་བར་སྤངས་ནས་ཐིག་གཅིག་གོ། །དེ་ནས་ཆ་ཆུང་གཅིག་དོར་ནས་རྩ་བའི་ཐིག་སྟེ་ཟུར་ཐིག་གི་བར་དུའོ། །འདིར་ཐུགས་ཀྱི་དཀྱིལ་འཁོར་ནི་རྩ་བའི་ཐིག་གི་མཐར་ཐུག་པ་ཁོ་ནའོ། །དེ་ལྟར་གསུང་གི་དཀྱིལ་འཁོར་དང་དེ་བཞིན་དུ་སྐུའི་དཀྱིལ་འཁོར་རོ། །ཚངས་ཐིག་གི་གཡས་

Vol. 75 · folio 33a

གཡོན་དུ་རྩ་བའི་ཐིག་ཆ་ཆུང་གསུམ་གསུམ་སྔོན་བཞིན་ཕྱི་བས་སྒོ་ནི་ཆ་ཆུང་དྲུག་པ་སྟེ་འཁོར་ལོའི་བརྒྱད་ཆར་འགྱུར་རོ། །སྒོ་ཁྱུད་དང་འགྲམ་དང་ལོགས་གསུམ་གྱི་ཚད་ནི་སྒོ་དང་མཉམ་མོ། །རྩ་བའི་ཐིག་ལས་ཕྱི་རོལ་དུ་ཆ་ཆུང་ཕྱེད་དང་གཉིས་དོར་བར་རྩིག་པའི་ཐིག་སྟེ། །ཟུར་ཐིག་

ལས་འཐོན་ནས་སྒོ་ཁྱུད་དང་འགྲམ་དང་ལོགས་ཀྱི་རྗེས་སུ་འགྲོ་བས་གསུམ་ཀྱོག་པོ་མདའ་ཡབ་ཀྱི་ཐིག་གི་མཐར་ཐུག་པའོ། །དེའི་གློར་རྟ་བབས་ཀྱི་ཀ་བའི་ཆ་ཆུང་ཕྱེད་དང་གཉིས་དོར་བར་མདའ་ཡབ་ཀྱི་ཐིག་ལ་རྩེ་མོ་རེག་པའི་ཐིག་སྟེ། ནང་གི་དཔངས་སུ་ཆ་ཆུང་ཕྱེད་དང་བརྒྱད་པའོ། །རྩ་བའི་ཐིག་གི་ཕྱིའི་

ཐིག་ལས་ཕྱི་ངོས་སུ་སྟེགས་བུའི་ཆ་ཆུང་གསུམ་གྱི་བར་དོར་ནས་ཐིག་གོ། །དེ་ནས་རིན་པོ་ཆེའི་ཕ་གུའི་ཆ་ཆུང་ཕྱེད་དང་གཉིས་དོར་བར་ཐིག་གོ། །དེ་ནས་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའི་ཆ་ཆུང་གསུམ་དོར་བར་ཐིག་གོ། །དེ་ནས་རིན་ཆེན་ཤར་བུའི་ཆ་ཆུང་ཕྱེད་དང་གཉིས་དོར་བར་ཐིག་གོ། །དེ་ནས་མདའ་

ཡབ་ཀྱི་སྣམ་བུའི་ཆ་ཆུང་ཕྱེད་དང་གཉིས་དོར་བར་མདའ་ཡབ་ཀྱི་ཐིག་སྟེ་ཟུར་ཐིག་ནས་ཟུར་ཐིག་གཞན་གྱི་བར་དུ་རིང་བའོ། །སྟེགས་བུའི་ཐིག་ལ་སོགས་པ་བཞི་ནི་ཐིག་གཞན་གྱི་བར་དུའོ། །འདིར་ནི་ཀ་བ་གཅིག་གི་སྟེང་ནས་ཀ་བ་གཉིས་པའི་སྟེང་དུ་སོན་པའི་ཐིག་ནི་གདུང་མཚོན་པར་བྱེད་པ་སྟེ། འདིའི་ནང་

དུ་མདའ་ཡབ་རྣམས་བྲི་བར་མི་བྱའོ། །ཀ་བའི་སྟེང་དུ་རྟ་བབས་ནི་སྒོའི་ཚད་ལས་སྟེང་དུ་སུམ་འགྱུར་རོ། །དེ་ཡང་རིམ་པ་གསུམ་པ་སྟེ། དང་པོ་ནི་ཆ་ཆུང་དྲུག་གོ། །གཉིས་པ་ནི་ཆ་ཆུང་ཕྱེད་དང་ལྔའོ། །གསུམ་པ་ནི་ཆ་ཆུང་ཕྱེད་དང་བཞིའོ། །ཧར་མི་ནི་ཆ་ཆུང་གཉིས་སོ། །དེའི་སྟེང་དུ་བུམ་པ་ཆ་ཆུང་གཉིས་

པའོ། །དེ་ལ་རིམ་པ་དང་པོ་ལ་ཀ་བའི་སྟེང་དུ་ཆ་ཆུང་གཅིག་པའི་སྣམ་བུ་ཆ་ཆུང་ཉི་ཤུ་རྩ་བཞིར་རིང་བའོ། །དེའི་སྟེང་དུ་ཆ་ཆུང་གཅིག་པའི་མྱོས་པས་བསྲུང་བའི་སྣམ་བུ་ཆ་ཆུང་བཅུ་དྲུག་ཏུ་རིང་བའོ། །དེའི་སྟེང་དུ་དབུས་སུ་ཆ་ཆུང་བཞི་པ་གྲུ་བཞི་པ་སྟེ་མཆོད་པའི་ལྷ་མོའི་གནས་སོ། །དེའི་གཡས་དང་

གཡོན་དུ་ཆ་ཆུང་གཅིག་པའི་ཀ་བའོ། །དེ་དག་གི་གློར་དེ་བཞིན་དུ་མཆོད་པའི་ལྷ་མོའི་གནས་སོ། །དེའི་གློར་སླར་ཡང་ཀ་བ་ཆ་ཆུང་གཅིག་པའོ། །དེ་དག་གི་གཞོགས་སུ་རྟ་བབས་ཀྱི་ཀ་བའི་སྟེང་དུ་མཆེ་བ་ཅན་གྱི་དབང་པོ་དག་མནན་པའི་མགོ་བོའི་སྟེང་དུ་བཏེག་པའི་སེང་གེ་དག་གོ། །དེ་དག་གི་མགོ་དང་

Vol. 75 · folio 33b

ཀ་བ་བཞིའི་སྟེང་དུ་ཆ་ཆུང་ཕྱེད་པའི་སྣམ་བུ་ཆ་ཆུང་བཅོ་བརྒྱད་དུ་རིང་བའོ། །དེའི་སྟེང་དུ་ཆ་ཆུང་གཅིག་པའི་མྱོས་པས་བསྲུང་བའི་ཆ་ཆུང་བཅུ་གཉིས་སུ་རིང་བའོ། །དེའི་སྟེང་དུ་ཆ་ཆུང་གསུམ་པའི་སྣམ་བུ་ཆ་ཆུང་བཅུ་གཉིས་སུ་རིང་བའོ། །དེ་ལ་སོ་སོར་བཞི་ཆས་ཉུང་བའི་ཆ་ཆུང་གཅིག་པའི་ཀ་

བ་བཞིའོ། །ཀ་བའི་བར་རྣམས་སུ་སོ་སོར་ཆ་ཆུང་གསུམ་པའི་ལྷའི་གནས་གསུམ་མོ། །ཕྱིའི་ཀ་བའི་གློ་དག་ཏུ་གདུང་འདེགས་པའི་ལྷ་མོ་གཉིས་སོ། །དེ་དག་གི་མགོ་གཉིས་དང་ཀ་བ་རྣམས་ཀྱི་སྟེང་དུ་ཆ་ཆུང་ཕྱེད་པའི་སྣམ་བུ་ཆ་ཆུང་བཅོ་ལྔར་རིང་བའོ། །དེའི་སྟེང་དུ་ཆ་ཆུང་གཅིག་པའི་མྱོས་པས་

བསྲུང་བའི་སྣམ་བུ་ཆ་ཆུང་བརྒྱད་དུ་རིང་བའོ། །དེའི་སྟེང་དུ་ཆ་ཆུང་གཉིས་པའི་སྣམ་བུ་ཆ་ཆུང་བརྒྱད་དུ་རིང་བའོ། །དེ་ནས་སོ་སོར་ཆ་ཆུང་ཕྱེད་པའི་ཀ་བ་བཞིའོ། །ཀ་བའི་བར་རྣམས་སུ་ལྷའི་གནས་གསུམ་སྟེ་རེ་རེ་ཞིང་ཆ་ཆུང་གཉིས་གཉིས་པའོ། །ཕྱིའི་ཀ་བའི་གློ་དག་ཏུ་གདུང་འདེགས་པའི་ལྷ་མོ་

གཉིས་སོ། །དེའི་སྟེང་དུ་ཆ་ཆུང་ཕྱེད་པའི་སྣམ་བུ་ཆ་ཆུང་བཅུ་གཉིས་སུ་རིང་བའོ། །དེའི་སྟེང་དུ་ཧར་མི་སྟེ་སྲིད་དུ་ཆ་ཆུང་བརྒྱད་པོའོ། །དེའི་སྟེང་དུ་བུམ་པའོ། །དེའི་གཡས་དང་གཡོན་དུ་རྒྱལ་མཚན་གྱི་ཡུ་བའི་གནས་སོ། །དེ་ལྟར་སྣམ་བུ་ཐམས་ཅད་ཀྱི་རྩེ་མོ་ལ་དྲིལ་བུ་དང་མདའ་ཡབ་དང་མེ་ལོང་དང་

རྒྱལ་མཚན་དང་བ་དན་རྣམས་སོ། །འདིར་ཐུགས་ཀྱི་དཀྱིལ་འཁོར་རྩ་བའི་ཐིག་ནས་ཕྱི་ངོས་སུ་གསུང་གི་དཀྱིལ་འཁོར་རོ། །དེའི་ཕྱོགས་རེ་རེར་ཆ་ཆུང་བཅུ་གཉིས་པའི་གནས་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་རྩིག་པ་ལ་སོགས་པ་ནས་མདའ་ཡབ་ཀྱི་མཐར་ཐུག་པའི་སྣམ་བུ་རྣམས་ཀྱིས་ཁྱབ་པའོ། །དེའི་ཕྱི་

ངོས་སུ་ཆ་ཆུང་བདུན་པའི་བར་སྤངས་ནས་ཐིག་གཅིག་གོ། །དེ་ནས་ཆ་ཆུང་བཞི་པའི་ལྷ་སྣམ་དོར་ནས་ཐིག་གཅིག་གོ། །སྣམ་བུ་འདི་ལ་ཆ་ཆུང་བཞི་པའི་པདྨ་རྣམས་ཏེ། འོན་ཀྱང་ཕྱོགས་སུ་སོན་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་འོག་ཏུ་གནས་པ་ནི་རིམ་པ་གཉིས་པའི་མྱོས་པས་བསྲུང་བ་ལ་

སོགས་པའི་ཆ་ཆུང་བཞི་པའི་གནས་སུ་ཀ་བ་གཉིས་ཀྱི་ཆ་ཆུང་ཕྱེད་པ་བསྣུར་ནས་བྲི་བར་བྱའོ། །དེ་ནས་ལྷ་སྣམ་གྱི་ཐིག་ལས་ཕྱི་ངོས་སུ་ཆ་ཆུང་གཅིག་དོར་བར་རྩ་བའི་ཐིག་གོ། །ཐིག་གསུམ་པོ་འདི་ཟུར་ཐིག་གི་མཐར་ཐུག་པར་རིང་བའོ། །རྩ་བའི་ཐིག་ལ་ཚངས་ཐིག་གི་གཡས་དང་གཡོན་དུ་ཆ་ཆུང་དྲུག་

Vol. 75 · folio 34a

དྲུག་སྔོན་བཞིན་ཕྱི་བས་སྒོ་ཆ་ཆུང་བཅུ་གཉིས་སུ་འགྱུར་རོ། །དེ་ནས་སྒོ་ཁྱུད་ལ་སོགས་པ་ནས་རྟ་བབས་ཀྱི་མཐར་ཐུག་པ་རྣམས་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་ཁྱུད་ལ་སོགས་པ་ལས་ཉིས་འགྱུར་དུ་འགྱུར་རོ། །གསུང་གི་དཀྱིལ་འཁོར་འདིའི་རྩ་བའི་ཐིག་ལས་ཕྱི་ངོས་སུ་སྐུའི་དཀྱིལ་

འཁོར་རོ། །དེའི་ཕྱོགས་རེ་རེ་ཆ་ཆུང་ཉི་ཤུ་རྩ་བཞིའི་གནས་ནི་གསུང་གི་དཀྱིལ་འཁོར་གྱི་རྩིག་པ་ལ་སོགས་པ་མདའ་ཡབ་ཀྱི་མཐར་ཐུག་པའི་སྣམ་བུ་རྣམས་ཀྱིས་ཁྱབ་པའོ། །དེའི་ཕྱི་ངོས་སུ་ཆ་ཆུང་བཅུ་གཅིག་དོར་ནས་ཐིག་གོ། །དེའི་ཕྱི་ངོས་སུ་ཆ་ཆུང་བཅུ་གཉིས་ཀྱི་ལྷ་སྣམ་དོར་ནས་ཐིག་གོ། །

ལྷ་སྣམ་འདི་ལ་པདྨ་བཅུ་གཉིས་ཏེ་རེ་རེ་ཞིང་ཆ་ཆུང་བཅུ་གཉིས་པའོ། །དེ་ལ་ཆ་ཆུང་བཅུ་གཉིས་པའི་པདྨ་ཆ་བདུན་བྱས་ནས་དབུས་ཀྱི་ཆ་ནི་ལྟེ་བའོ། །གཡས་དང་གཡོན་གྱི་ཆ་དག་ནི་འདབ་མ་བཞིའོ། །དེའི་གཡས་དང་གཡོན་དུ་བརྒྱད་དོ། །དེའི་གཡས་དང་གཡོན་དག་བཅུ་དྲུག་གོ། །དེ་ལྟར་དཀྱིལ་

འཁོར་གསུམ་རྣམས་ཀྱི་འདབ་མ་ཉི་ཤུ་རྩ་བརྒྱད་དོ། །ལྷ་སྣམ་གྱི་ཐིག་ལས་ཕྱི་ངོས་སུ་ཆ་ཆུང་གཅིག་དོར་བར་རྩ་བའི་ཐིག་གོ། །ཐིག་གསུམ་པོ་འདི་སྲིད་དུ་ཟུར་ཐིག་གི་བར་དུའོ། །རྩ་བའི་ཐིག་གི་ཚངས་ཐིག་གི་གཡས་དང་གཡོན་དག་ཏུ་ཆ་ཆུང་བཅུ་གཉིས་སྔོན་བཞིན་ཕྱི་བ་ལས་སྒོ་ཆ་ཆུང་ཉི་ཤུ་རྩ་

བཞི་ཡིན་ནོ། །དེ་ནས་དེའི་སྒོ་ཁྱུད་ལ་སོགས་པ་ནས་རྟ་བབས་ཀྱི་མཐར་ཐུག་པ་རྣམས་གསུང་གི་དཀྱིལ་འཁོར་གྱི་སྒོ་ཁྱུད་ལ་སོགས་པ་ཉིས་འགྱུར་ཏེ་ཆུའི་ཁོར་ཡུག་གི་ཕྱེད་ཚུན་ཆད་དོ། །གསུང་གི་དཀྱིལ་འཁོར་གྱི་རྟ་བབས་རྣམས་ཀྱི་ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྱི་སྒོའི་དབུས་རྣམས་སུ་ཆ་ཆུང་བཅུ་

གཉིས་པའི་ཤིང་རྟ་རྣམས་སོ། །དེ་ནས་སའི་ཁོར་ཡུག་ཆ་ཆུང་བཅུ་གཉིས་པའོ། །དེའི་ཕྱི་ངོས་སུ་ཆུའི་ཁོར་ཡུག་ཆ་ཆུང་ཉི་ཤུ་རྩ་བཞིའོ། །དེ་ནས་མེའི་ཁོར་ཡུག་ཆ་ཆུང་ཉི་ཤུ་རྩ་བཞིའོ། །དེ་ནས་རླུང་གི་ཁོར་ཡུག་ཆ་ཆུང་ཉི་ཤུ་རྩ་བཞིའོ། །རླུང་གི་ཁོར་ཡུག་ལས་ཕྱི་ངོས་སུ་ནམ་མཁའི་ཁོར་ཡུག་ཆ་

ཆུང་བཅུ་གཉིས་སོ། །ཁོར་ཡུག་དེའི་ཕྱི་ངོས་སུ་འོད་ཟེར་གྱི་ཕྲེང་བ་ཆ་ཆུང་ཉི་ཤུ་རྩ་བཞིའོ། །སའི་ཁོར་ཡུག་ལ་སོགས་པ་དྲུག་པོ་འདི་རྣམས་རང་རང་གི་དང་པོར་ཐིག་ཟླུམ་པོའོ། །འོད་ཀྱི་ཁོར་ཡུག་གི་མཐར་ཡང་སྟེ་ཐིག་ཟླུམ་པོ་བདུན་ནོ། །དེ་ལྟ་བུ་འདི་ནི་གཙོ་བོ་ཐུགས་རྡོ་རྗེའི་དཀྱིལ་འཁོར་གསུམ་

Vol. 75 · folio 34b

གྱི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །འདིའི་ཐིག་སྐུད་ལ་ནི་ཁྲུ་བརྒྱད་དེ་སའི་ཁོར་ཡུག་གི་ཐོག་མའི་བར་དུའོ་ཞེས་པ་ནི། ཕྱོགས་དང་པོའོ། །གང་གི་ཚེ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་ཚད་དང་། གསུང་གི་དཀྱིལ་འཁོར་གྱི་སྒོའི་ཚད་བསྡོམས་ནས་སྒོ་ཆ་ཆུང་བཅོ་བརྒྱད་ཡོངས་སུ་བརྟགས་ཏེ།

དེའི་དྲུག་ཆ་ལ་ཆ་ཆུང་གི་ཐ་སྙད་བྱེད་པ་དེའི་ཚེ། ཆ་ཆུང་དེས་གཙོ་བོའི་པདྨའི་ལྟེ་བ་ལ་སོགས་པ་ནས་འོད་ཀྱི་ཕྲེང་བའི་མཐར་ཐུག་པར་ཆ་ཆུང་གི་གྲངས་བྱའོ། །དེའི་ཚེ་གཙོ་བོ་ཐུགས་རྡོ་རྗེ་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཉིས་དང་། དེའི་ཉིས་འགྱུར་གྱི་ཐིག་སྐུད་ནི་སའི་

ཁོར་ཡུག་གི་ཐོག་མའི་བར་དུ་ཁྲུ་ཉི་ཤུ་རྩ་བཞིའོ། །ཕྱོགས་གཉིས་པའོ། །གང་གི་ཚེ་བཅོམ་ལྡན་འདས་ཐུགས་རྡོ་རྗེ་གསུང་རྡོ་རྗེའི་གནས་སུ་གྱུར་ནས་གསུང་རྡོ་རྗེ་ནི་གཙོ་བོ་སྟེ། དེ་ལས་གཞན་པའི་ལྷ་ལ་སོགས་པའི་བཀོད་པ་ནི་ཕྱོགས་དང་པོ་བཞིན་དུ་སྟེ། གང་གི་ཚེ་ཡང་། དབུས་ཀྱི་དཀྱིལ་འཁོར་

གྲུ་བཞི་པ་དང་། དེའི་ཉིས་འགྱུར་གཉིས་པ་དང་། དེ་ཉིས་འགྱུར་གསུམ་པ་ཡིན་པ་དེའི་ཚེ་ཁྲུ་བཅུ་དྲུག་གི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་གསུང་གི་དཀྱིལ་འཁོར་དང་། དེ་ཉིས་འགྱུར་གྱི་ཐིག་སྐུད་ནི་ཁྲུ་སུམ་ཅུ་སོ་གཉིས་པ་སྟེ། སའི་ཁོར་ཡུག་གི་དང་པོའི་བར་དུའོ་ཞེས་པ་ཕྱོགས་གསུམ་པའོ། །

གང་གི་ཚེ་དང་པོར་བརྗོད་པའི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་ཚད་དང་། དང་པོར་བརྗོད་པའི་སྐུའི་དཀྱིལ་འཁོར་གྱི་སྒོའི་ཚད་བསྡོམས་ནས་སྒོ་ཆ་ཆུང་སུམ་ཅུར་ཡོངས་སུ་བརྟགས་ཏེ། དེའི་དྲུག་ཆ་ལ་ཆ་ཆུང་དུ་འདོགས་པ་དེའི་ཚེ། ཆ་ཆུང་དེས་གཙོ་བོའི་ལྟེ་བ་ལ་སོགས་པ་ནས་འོད་ཀྱི་ཁོར་ཡུག་གི་མཐར་

ཐུག་པར་ཆ་ཆུང་གི་གྲངས་བྱ་ཞིང་། བཅོམ་ལྡན་འདས་ཐུགས་རྡོ་རྗེ་ཡང་སྐུ་རྡོ་རྗེའི་གནས་སུ་བྱའོ། །སྐུ་རྡོ་རྗེ་ནི་གཙོ་བོ་སྟེ། དེ་ལས་གཞན་པའི་ལྷ་ལ་སོགས་པ་དགོད་པ་ནི་ཕྱོགས་དང་པོ་བཞིན་ཏེ། དེའི་ཚེ་གཙོ་བོ་སྐུ་རྡོ་རྗེའི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཁྲུ་ཉི་ཤུ་དང་། དེ་ཉིས་འགྱུར་གྱི་ཐིག་སྐུད་

ཀྱང་སའི་ཁོར་ཡུག་གི་ཐོག་མའི་བར་དུ་ཁྲུ་བཞི་བཅུ་པའོ་ཞེས་པ་ནི་ཕྱོགས་བཞི་པའོ། །དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས་ཐིག་སྐུད་ཁྲུ་བརྒྱད་པ་ཞེས་པའི་རྩ་བ་ལ་ཁྲུ་བརྒྱད་པ་ཞེས་པ་ནི་དཀྱིལ་འཁོར་ཉིས་འགྱུར་རོ་ཞེས་བཀྲལ་ནས། དེ་ལ་དང་པོའི་སངས་རྒྱས་ལས། ཐུགས་ཀྱི་དཀྱིལ་འཁོར་ཁྲུ་བཅུ་

Vol. 75 · folio 35a

གཉིས་སུ་བྱ་ཞིང་ཐིག་སྐུད་ནི་ཁྲུ་ཉི་ཤུ་རྩ་བཞིའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ནི་ཁྲུ་བཅུ་དྲུག་པའོ། །སྐུའི་དཀྱིལ་འཁོར་ནི་ཁྲུ་ཉི་ཤུའོ་ཞེས་པ་ནི་ཐིག་སྐུད་ཉིས་འགྱུར་གྱི་ངེས་པ་ཡིན་ནོ་ཞེས་གསུངས་སོ། །ཡང་དབང་གི་དོན་དུ་དབུས་ཀྱི་དཀྱིལ་འཁོར་ཙམ་བྲི་བར་རྗེས་སུ་

གནང་སྟེ། ཇི་སྐད་དུ། དབང་གི་དོན་དུ་དཀྱིལ་འཁོར་རམ་ནི་རིགས་ཀྱི་དབང་ལས་ཕྱི་ཡི་འཁོར་ལོས་རབ་ཏུ་དམན་པར་འགྱུར། ཞེས་གསུངས་སོ། །གང་ཡང་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་སྒོ་འཁོར་ལོའི་དགུ་ཆ་དང་། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ལས་འཁོར་ལོའི་བཅུ་ཆར་

གསུངས་པ་དེ་ལྟར་ནི་སློབ་དཔོན་རྣམས་ཀྱིས་ཐ་སྙད་མི་བྱེད་པས་ན་ཁོ་བོས་སྤངས་སོ། །དཀྱིལ་འཁོར་གྱི་ཚད་ཀྱང་རབ་ཏུ་གྲགས་པ་བརྗོད་ཀྱི་འདི་ཙམ་འབའ་ཞིག་ནི་མ་ཡིན་ཏེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། །འཛམ་བུ་གླིང་གི་དབང་ཕྱུག་གམ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །

ཀུན་ནས་དཔག་ཚད་མཐའ་རུ་ནི། །ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ། །མཁས་པས་གདུལ་བྱའི་སྐྱེ་བོ་ཡི། །སེམས་རྣམས་ཡང་དག་བལྟས་ནས་ནི། །འདོད་པས་ཚད་ནི་བྱས་ན་ཡང་། །ཉེས་པ་ཅུང་ཟད་ཡོད་མ་ཡིན། །རང་གི་འདོད་པས་དཀྱིལ་འཁོར་ཀུན། །ལག་པའི་མཐིལ་དུ་བྲི་བྱས་ན། །བསྟན་

བཅོས་ལས་གསུངས་དོན་བྱེད་དེ། །ས་སྟེང་སོགས་སུ་སྨོས་ཅི་དགོས། །ཞེས་གསུངས་སོ། །དཀྱིལ་འཁོར་དཔག་ཏུ་མེད་པའི་དབྱེ་བ་ཐ་དད་པ་རྣམས་ཇི་ཙམ་ཞིག་བརྗོད་ཅིང་བྱ་བར་ནུས། །གང་གི་ཕྱིར་ན་བཅོམ་ལྡན་འདས་ཀྱིས། །དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན། །རབ་ཏུ་བསྟན་པར་སུ་ཡིས་

ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་བརྟག་པར་གྲུབ་པ་ཡིན། །ཞེས་གསུངས་སོ། །འདིར་ཐིག་གདབ་པའི་བསྡུ་བའི་ཚིགས་སུ་བཅད་པ་ནི། ཤར་སོགས་ཕྱོགས་ཀྱི་ཐིག་ལེའི་སྟེང་། །སྲད་བུ་བཟུང་ནས་མཎྜལ་བཞིའི། །ཉ་ཡི་མགོ་དང་མཇུག་མའི་མཐར། །ཚངས་ཐིག་དང་ནི་

ཟུར་ཐིག་གདབ། །ཟུར་དེ་སྒོ་ཚད་བདུན་དང་ཕྱོགས། །ཁྲུ་ལ་སོགས་པའི་རྩ་བའི་ཐིག །དབུས་སུ་བརྒྱད་ཆ་ཕྱི་བ་སྟེ། །སྒོ་དེའི་བཞི་ཆ་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་རིང་

Vol. 75 · folio 35b

བར་ནི། །ཆ་ཆུང་གསུམ་དུ་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་གཉིས་རྩེར་རེག །ཆ་ཆུང་བརྒྱད་དུ་གསུམ་སྟེགས་བུའི། །ཐིག་ལས་དྲང་པོའི་ཐིག་བཞི་སྟེ། །གསུམ་ནི་ཆ་ཆུང་ལྔ་བཞི་པ། །ཆ་ཆུང་བཞི་དེའི་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་རེག །གསུམ་ནི་ཆ་ཆུང་རེ་རེའི་བར། །

བཞི་པའི་རྩེ་ནས་ངོས་སུ་ཐིག །ཆ་ཆུང་བཅུ་དང་ལྡན་པའོ། །རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་པ་ངོས་སྟེང་དུ། །ཆ་ཆུང་གཉིས་གཉིས་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་འཁྱོག་པ། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ཐིག །བཅུ་གཅིག་འདི་ལ་ལྔ་པ་དག །

བདུན་པ་ཆ་ཆུང་ཕྱེད་དང་གཉིས། །ཡང་ན་གསུམ་པ་བདུན་པ་དང་། །དགུ་པ་ཆ་ཆུང་རེ་རེའོ། །བཞི་པ་དྲུག་པ་བཅུ་པ་རྣམས། །སོ་སོར་ཆ་ཆུང་ཕྱེད་ཕྱེད་དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། །དེ་ལ་ཕྱོགས་གཉིས་སུ་ནི་རྒྱར། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མངའ་ཡི་

མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང་། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །བཞི་

ནི་ཆ་ཆུང་བདུན་རྣམས་ཏེ། །ཐིག་བཅུ་གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་དུ་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་ལ་ཆ་ཆུང་གསུམ། །སྟེང་གི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམས་མཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་ཏུ། །ཀྱོག་པོ་གཅིག་གོ་འདི་ནང་

དུའང་། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །དེ་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཐིག་ཟླུམ་དེ་ནས་གཉིས་ཡིན་ཏེ། །ཆ་ཆུང་གཉིས་གཉིས་དོར་བར་རོ། །བཞི་དོར་བར་ནི་ཟླུམ་པོ་གཞན། །འགྲམ་ལོགས་སྒོ་དང་མཉམ་པ་ན། །མུན་པའི་སྣམ་བུ་མེད་པའོ། །རྟ་བབས་སྒོ་ལས་སུམ་འགྱུར་ནི། །ངོས་ཉིད་

དུ་སྟེ་སྟེང་མིན་པ། །དེ་ཚེ་ཐིག་ནི་དྲང་པོ་གསུམ། །སྟེགས་བུའི་ཐིག་ལས་དེ་ལྟར་གཞལ། །ཕྱོགས་ནི་དེ་མ་ཐག་པ་ཡི། །རྟ་བབས་སྣམ་བུ་དྲག་པོའི་ལས། །དཔངས་སུ་ཚད་ནི་སྒོ་ཡི་ཆ། །ནོར་ལྷ་ནོར་ལྷ་ཉི་མ་དང་། །རྒྱལ་བ་ནོར་ལྷ་རྒྱལ་བ་དང་། །ཉི་མ་ནོར་ལྷ་ཉི་མ་དང་། །རྒྱལ་བ་ནོར་ལྷ་གོ་རིམས་བཞིན། །

Vol. 75 · folio 36a

འདི་རྣམས་ངོས་ཀྱིས་བརྗོད་པར་བྱ། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་དང་ལྔ་དོར་ནས། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །གཉིས་པ་དང་ནི་གསུམ་པ་ནི། །ཆ་ཆུང་ལྔ་ནས་ཆ་ཆུང་གསུམ། །བཞི་པ་ཆ་ཆུང་བཞི་དོར་ནས། །ཆ་ཆུང་གསུམ་

མདའ་ཆ་ཆུང་ནི། །ཕྱེད་དང་བཞི་ནས་ཕྱེད་དང་བཞི། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །དེ་ནས་གསུམ་ནས་བརྒྱད་གཅིག་ནི། །ཆ་ཆུང་བདུན་དེ་ཐ་མ་དྲུག །དེ་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཟླུམ་པོ་གཉིས་ནས་དེ་བཞིན་ཐིག །ཆ་ཆུང་གཉིས་མཐར་ཟླུམ་པོ་སྟེ། །ཐ་མ་ཆ་ཆུང་བཞི་པའི་མཐར། །ཚངས་

ལས་ཆ་ཆུང་བརྒྱད་མཐར་དང་། །བདུན་པའི་མཐའ་རུ་ཟླུམ་པོའི་ཐིག །དེ་ནས་ཡང་དག་དྲངས་ནས་ནི། །ཕྱོགས་གཞན་ཐིག་གི་མཚམས་སོང་བའི། །ཐིག་གཉིས་རིམ་བཞིན་ཚངས་པའི་ཕྱིར། །ཆ་ཆུང་གཉིས་གསུམ་དོར་བར་རོ། །ཕྱི་ཟླུམ་ཐིག་ལས་ཕྱི་ངོས་སུ། །ཆ་ཆུང་དོར་བར་ཟླུམ་པོའི་ཐིག །

དེ་ནས་ཆ་ཆུང་གསུམ་དོར་ནས། །ཟུར་ཐིག་བར་དུ་གནས་པའི་ཐིག །ཀུན་དུ་སོན་པའི་ཚངས་ཐིག་དང་། །རེའུ་མིག་སྣམ་བུའི་རེ་ཁཱ་དབྱི། །རྩ་བའི་ནང་གི་དཀྱིལ་འཁོར་དུ། །ལྷ་ཡི་དབྱེ་བས་ཐིག་གདབ་པ། །ཅུང་ཟད་ཐ་དད་བདེ་མཆོག་གི། །གཞན་དེ་དེ་ཡིས་བརྗོད་པར་བྱ། །ཚངས་དང་ཟུར་ཐིག་

གནས་པ་ལས། །གཞན་མིན་དེ་ཡི་ཚངས་ལས་ཕྱིར། །ཆ་ཆུང་གཉིས་དོར་རྩ་བའི་བར། །ཐིག་གདབ་ཟུར་གྱི་འགྲམ་དག་ཏུ། །དེ་བཞིན་ལྟེ་བའི་ལོགས་དག་ལས། །སྒོ་ནི་བཞི་བཞིར་དེ་ཡི་སྲིད། །ལྟེ་བའི་ཕྱི་རུ་ཆ་ཆུང་བཞི། །དོར་བར་ཆ་ཆུང་བཞི་པའི་ཐིག །ཐད་ཀར་ཚངས་དང་ཟུར་ལ་གནས། །

འདིར་ནི་ཡང་ནི་ཐིག་ལྔ་ཡང་། །ཆ་ཆུང་གཉིས་གཉིས་དོར་བར་རོ། །དེ་བཞིན་དེ་རྣམས་དང་དྲུག་པ། །མཚམས་སུ་ཡང་དག་སོན་པའོ། །ཚངས་པ་དང་ནི་ཟུར་ཐིག་གི། །གཡས་དང་གཡོན་པའི་བདུན་རྣམས་ལས། །ལྔ་པ་གསུམ་པ་དང་པོ་ཡི། །ཆ་ཆུང་གཅིག་གི་མཐའ་ལས་འཐོན། །རང་གི་གཉིས་

པའི་རྩེར་སོང་ནས། །བདུན་པ་ཡིས་ནི་དབུས་སུ་སོང་། །ཐིག་གཅིག་ཀྱོག་པོ་ལྔ་རུ་འགྱུར། །དེ་ནང་དུ་ཡང་ཆ་ཆུང་ཕྱེད། །དོར་ནས་དེ་བཞིན་གཞན་ཡིན་ནོ། །ཚངས་ལས་རིམ་བཞིན་རྒྱལ་པོ་དང་། །ཉི་ཀླུ་ཆུ་མིག་ཆ་ཆུང་ནི། །དོར་བར་ཟླུམ་པོའི་ཐིག་ལྔའོ། །དང་པོ་གསུམ་གྱི་ནང་དུ་ཡང་། །ཆ་ཆུང་ཕྱེད་

Vol. 75 · folio 36b

ཕྱེད་དོར་ནས་ཐིག །ཟླུམ་པོ་གསུམ་མོ་རྩིབས་ཟླུམ་གྱི། །ཐིག་ལས་གཞན་ནི་དབྱི་བར་བྱ། །མངས་པས་འཇིགས་པས་གཞན་གྱི་ནི། །ཁྱད་པར་བསྡུ་བ་མ་བྱས་སོ། །ཞེས་པའོ། །དེ་ནས་ཐིག་གདབ་པའི་མཐའ་མཆོད་པ་དང་གཏོར་མ་སྔོན་དུ་འགྲོ་བས། །ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཐིག་

གཤེགས་ཏེ། ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་བཅུག་ནས་ཚོན་སྣ་ལྔའི་ཐིག་སྐུད་གནས་ཇི་ལྟ་བ་བཞིན་གཞག་པར་བྱའོ། །ཐིག་གདབ་པའི་ཆོ་གའོ།། །།དེ་ནས་གཏོར་མ་བྱིན་ལ། བཾ་ལཾ་རཾ་ཧཾ་ཡཾ་རྣམས་ཀྱི་ས་བོན་ལས་བྱུང་བའི་དཀར་པོ་དང་སེར་པོ་དང་། དམར་

པོ་དང་ལྗང་གུ་དང་ནག་པོའི་ཚོན་རྣམས་གོ་རིམས་བཞིན་དུ་ཟླ་ཤེལ་དང་། སྤུག་དང་། པདྨ་རཱ་ག་དང་། མརྒཏ་དང་། ཨིནྡྲ་ནཱི་ལ་ལས་བྱུང་བ་རྣམས་སམ། ཡང་ན་མུ་ཏིག་དང་། གསེར་དང་། བྱི་རུ་རྣམས་དང་བསྲེས་པ་དང་། མུ་མེན་ལས་སྐྱེས་པ་རྣམས་ཏེ། བསྲེས་པ་ནི་འདིར་མུ་ཏིག་ལ་སོགས་པ་བཞིའོ། །

ཡང་ན་ཁམ་པ་ལས་བྱས་པའམ། འབྲས་ལས་བྱས་པའམ། མེ་ཏོག་ལས་བྱས་པའམ། ཇི་ལྟར་རིགས་པར་སོ་ཕག་གི་ཕྱེ་མའམ། སོལ་བ་དང་རུས་པའི་ཕྱེ་མ་ལ་སོགས་པས་ཀྱང་རུང་སྟེ། ལེགས་པར་འདུ་བྱས་པ་བཟང་པོ་རྣམས། བྷྲཱུཾ་ཨཾ་ཧྲཱིཿཁཾ་ཧཱུཾ་རྣམས་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་

པའི་ངོ་བོར་བསྒོམས་ནས། ནམ་མཁའ་ལ་བཀོད་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར། བྷྲཱུཾ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་རྣམས་ཐིག་སྐུད་འདུ་བྱ་བར་བརྗོད་པའི་འབར་བའི་ལྟ་སྟངས་ཀྱིས་བཀུག་སྟེ་བཅུག་པ་རྣམས་དང་རོ་གཅིག་ཏུ་གྱུར་པས། ཡེ་ཤེས་ཀྱི་ཚོན་དུ་གྲུབ་པ་

རྣམས་ལ་བྷྲཱུཾ་ལ་སོགས་པ་མངོན་པར་བསྔགས་ནས། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྔགས་སོ། །དེ་བཞིན་དུ་འབར་བའི་བལྟ་བས་ཡང་དག་པར་གཟི་བྱིན་བསྐྱེད་ཅིང་རེ་རེ་ལ་ཧཱི་ཡིག་བཀོད་ནས་བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་། སངས་

རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་རྣམས་ལ་ཆགས་པས་རྗེས་སུ་ཆགས་པར་འགྱུར་བའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་ཀྱིས་སྦར་བར་བྱའོ། །ལྷ་བསྒོམ་པ་ཕུལ་དུ་བྱུང་བ་ལས་ནི་འབར་རོ། །དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས་

Vol. 75 · folio 37a

སྣོད་གསར་པར་གཞག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བ་ན་གནས་པའི་ཕུར་པ་འཆད་པར་འགྱུར་བའི་ཧཱུཾ་བཞི་པའི་སྔགས་ཀྱིས་བཏོན་ནས། བློས་རང་གི་ལག་པའི་རྡོ་རྗེ་ལ་བསྟིམས་ཏེ། ཕུར་བུའི་ཁུང་བུ་ཚོན་ལྔས་བཀང་ལ་མཉམ་པར་བྱས་ཏེ། དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུས་

མཚན་མ་ངན་པ་བསལ་བར་བྱའོ། །ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་རྣམས་ནི་རབ་གྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་པས་ཆོས་དབྱིངས་

རྣམ་པར་དག་པར་མོས་ནས། དང་པོར་ནང་གི་དཀྱིལ་འཁོར་དུ་འདུག་སྟེ། ལག་པ་གཡས་པ་རྡོ་རྗེས་མཚན་ཞིང་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས། ཨོཾ་བཛྲ་ར་ག་ས་མ་ཡ། ཨོཾ་ཨཱཿཧཱུཾ་ཞེས་པའམ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་པ་བརྗོད་ཅིང་དཀྱིལ་འཁོར་གྱི་ནང་དུ་ཤར་དུ་ཕྱོགས་པར་འདུག་པས་དབང་ལྡན་

གྱི་མཚམས་ནས་བརྩམས་ཏེ་གཡས་སྐོར་དུ་ཚོན་དགྱེ་བར་བྱའོ། །ཕྱི་ནས་སློབ་དཔོན་ནམ་རི་མོ་མཁན་ལ་སོགས་པས་ཇི་ལྟར་བདེ་བར་དགྱེ་བར་བྱའོ། །སྦོམ་དུ་སྒོ་ཡི་ཉི་ཤུ་ཆར། །རེ་ཁཱ་ཡང་དག་དྲང་བར་བྱ། །མཉམ་ཉིད་དྲང་ལ་མ་ཆད་པ། །ཇི་ལྟར་རིགས་པར་ཕན་ཚུན་གྱི། །བར་གྱི་ཚད་ནི་ནས་ཙམ་

སྟེ། །འོག་དང་སྟེང་ནི་ཅི་མཛེས་བྱ། །སྦོམ་པོར་བཀྱེ་ན་ནད་འབྱུང་ངོ་། །ཕྲ་མོ་ཡིས་ནི་ནོར་རྣམས་ཉམས། །ཡོན་པ་ཡིས་ནི་རྣམ་པར་སྡང་། །ཆད་ན་བླ་མ་སློབ་མ་འཆི། །གཡས་སྐོར་མིན་པར་བཀྱེ་ན་ནི། །ཚོན་རྣམས་ཕུར་པས་བཏབ་པར་འགྱུར། །ཕུར་པས་བཏབ་པ་ནི་དངོས་གྲུབ་ཀྱི་རྒྱུ་ཡང་མ་

ཡིན་པའོ། །ཕན་ཚུན་འདྲེས་ན་རིགས་ཆད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཉེས་པ་ཞི་བར་བྱ་བའི་ཕྱིར་གསུངས་པ། ཚོན་བཀྱེ་བ་ལ་ཉེས་པ་གང་། །དེ་ཉིད་བསམ་སྦྱོར་མེད་ལའོ། །དེ་ཉིད་བསམ་བཟང་སྦྱོར་རྣམས་ལ། །སུས་ཀྱང་བར་ཆད་བྱ་མི་ནུས། །དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན། །ཇི་

སྲིད་དུ་ནི་བརྟགས་པ་ཡིན། །ཞེས་པའི་བར་དུའོ། །ཚོན་གྱི་རེ་ཁཱ་རྣམས་ལ་ཡང་རིན་ཆེན་དཀར་པོ་ལ་སོགས་པ་ལས་བྱས་པའི་ཐུར་མ་ལ་སོགས་པའི་ངོ་བོར་མོས་པར་བྱའོ། །འཇུག་དང་འབྱུང་ལས་ཐིག་ལས་ཚོན། །འགོམས་པའི་སྡིག་པས་འཇིགས་པ་ཡིས། །རྡོ་རྗེ་ཤུགས་ཀྱི་ཡེ་ཤེས་ཀྱིས་

Vol. 75 · folio 37b

ཚོན་གྱི་རེ་ཁཱ་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་རྩ་བའི་ཐིག་གི་ནང་གི་དཀྱིལ་འཁོར་དུ་བྲི་བའི་ཕྱིར་འཇུག་པ་འབྱུང་བར་འགྱུར་རོ། །དེ་ལ་དང་པོར་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་ཕྱི་དང་ནང་གི་དཀྱིལ་འཁོར་གྱི་སྤྱིའི་ཚོན་གྱི་ཁ་དོག་གི་རིམ་པ་བརྗོད་པར་བྱའོ། །

ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དང་། དབུས་ཀྱི་གཙོ་བོའི་ཁ་དོག་གི་གོ་རིམས་བཞིན་དུ་ཕྱིའི་རེ་ཁཱ་ནས་བརྩམས་ཏེ། ནང་གི་རེ་ཁཱའི་བར་དུ་ཚོན་ལྔའི་རྩིག་པའི་རེ་ཁཱའི་ཁ་དོག་གོ། །ཕྱོགས་དང་དབུས་སུ་ལྷ་གཞན་དགོད་པ་ནི་རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པའི་

མདོག་གི་རིམ་པས་སོ། །བསྒོམ་བྱའི་དཀྱིལ་འཁོར་ལ་རྩིག་པ་ལྔ་པོ་འདི་དག་རིན་པོ་ཆེ་ཁ་དོག་ལྔ་ལས་གྲུབ་ཅིང་ནས་ཀྱི་བར་ཙམ་པའོ་ཞེས་པ་ནི་ཁ་ཅིག་གོ། །རྩིག་པ་འདི་ནི་གཅིག་པ་ཉིད་ཀྱིས་རིམ་གྱིས་སྟེང་ནས་སྟེང་དུ་ཁ་དོག་ལྔའི་རིན་པོ་ཆེ་ལས་བྱས་པའོ་ཞེས་པ་ནི་གཞན་དག་གོ། །དེ་ལ་

འདོད་པ་དང་པོ་ལ་ནི་རིན་པོ་ཆེའི་སྣམ་བུའི་ས་དམར་པོ་དང་། དོ་ཤལ་དང་དོ་ཤལ་ཕྱེད་པའི་ས་ནག་པོའོ། །འདོད་པ་གཉིས་པ་ལ་ནི་དང་པོའི་ཁ་དོག་གི་རིན་པོ་ཆེའི་རང་བཞིན་གྱི་ཆ་ཉིད་རྣམ་པར་བཀྲ་བའི་རིན་པོ་ཆེའི་སྣམ་བུའོ། །ཡང་ན་དེ་ལ་ཁ་དོག་གཞན་གྱི་རིན་པོ་ཆེ་ལས་བྱས་པ་བཀོད་པའི་

རིན་པོ་ཆེའི་སྣམ་བུའོ། །ལྔ་པའི་ཁ་དོག་གི་རིན་པོ་ཆེའི་རང་བཞིན་གྱི་ཆ་ཉིད་དྲ་བ་དང་དྲ་བ་ཕྱེད་པ་སྣ་ཚོགས་པའི་སྣམ་བུའམ། ཡང་ན་དེ་ལ་མདོག་གཞན་གྱི་རིན་པོ་ཆེ་ལས་བྱས་པ་བཀོད་པའི་དྲ་བ་དང་དྲ་བ་ཕྱེད་པ་སྣམ་བུའོ། །ཕྱོགས་གཞན་བརྗོད་པ་ནི་དེའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དྲ་བའི་

སྣམ་བུ་ལྟ་བུའོ། །འདོད་པ་གཉིས་ཀ་ལ་ཡང་སྟེགས་བུ་ནི་ཤེལ་ལམ་གསེར་གྱི་རང་བཞིན་ནམ་པདྨ་རཱ་གའི་རང་བཞིན་ནམ། །རིན་པོ་ཆེ་གཞན་ཡང་རུང་སྟེ་ཇི་ལྟར་མཛེས་པའོ། །རིན་པོ་ཆེའི་ཤར་བུ་དང་མདའ་ཡབ་རྣམས་ནི་དཀར་པོའོ། །རིན་པོ་ཆེའི་ཤར་བུ་དང་མདའ་ཡབ་དང་། དར་དཔྱངས་ཀྱི་བར་

གྱི་ས་གཞི་ནི་སྔོན་པོ་སྟེ། ནམ་མཁའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བར་གྱི་སྣམ་བུ་ལ་མུན་པའི་སྣམ་བུ་ཞེས་བརྗོད་དོ། །གདུང་ནི་ཇི་ལྟར་མཛེས་པར་རིན་པོ་ཆེ་ལས་བྱས་པ་སྟེ། རིན་པོ་ཆེ་སྣ་ཚོགས་པའི་པ་ཏྲ་འཕྲོ་བ་ལ་སོགས་པས་བརྒྱན་པའོ། །རྟ་བབས་ཀྱི་ཀ་བ་རྣམས་ནི་རང་

Vol. 75 · folio 38a

རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ། །ཀྱོག་པོའི་ནང་གི་བླ་རེས་ཀྱི་འོག་གི་ས་ཡང་སྟེ། དེ་ནི་རང་གི་དེ་བཞིན་གཤེགས་པའི་ཁ་དོག་གི་འོད་ཀྱིས་སྤྲས་པའི་ནམ་མཁའི་རང་བཞིན་ནོ། །རྟ་རྨིག་དང་། བ་རན་དང་། ཆུ་སྲིན་གྱི་སྣམ་བུ་ནི་ཁ་དོག་ཇི་ལྟར་མཛེས་པར་

རོ། །འཁོར་ལོ་རྣམས་ནི་གསེར་གྱི་ཁ་དོག་གོ། །ཁ་ཅིག་རིན་པོ་ཆེ་གཞན་ལས་ཀྱང་བྱས་པའོ་ཞེས་སོ། །རི་དགས་དང་རི་དགས་མོ་ནི་གསེར་གྱི་རང་བཞིན་ཏེ། རིན་པོ་ཆེ་གཞན་གྱིས་སྤྲས་པའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ནི་ནག་པོའོ། །ཁ་ཅིག་ཏུ་གཙོ་བོའི་དེ་བཞིན་གཤེགས་པའི་མདོག་གོ། །དབུས་ཀྱི་

ར་རྣམས་ནི་རང་རང་གི་ཕྱོགས་རྣམས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ། །དེ་ལས་གཞན་པ་རྣམས་ནི་དེའི་གློ་དག་གི་དེ་བཞིན་གཤེགས་པའི་མདོག་གོ། །ར་ལྔ་བ་ལ་ནི་དེ་ལས་གཞན་པའི་ཕྱོགས་དང་དབུས་ཀྱི་དེ་བཞིན་གཤེགས་པའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །ཕྱོགས་གཅིག་གི་ར་ཐམས་ཅད་

ཀྱང་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་ཀྱང་ཁ་ཅིག་ཏུའོ། །འཁོར་ལོའི་དབང་པོའི་ཞལ་བཞི་པ་ཉིད་ལ་རང་རང་གི་ཕྱོགས་ཀྱི་ཞལ་གྱི་མདོག་གོ་ཞེས་པ་ནི་ཕྱོགས་གཞན་ནོ། །བུམ་པ་བཟང་པོ་རྣམས་ནི་གསེར་ལས་བྱས་པའོ། །དཔག་བསམ་གྱི་ཤིང་རྣམས་ནི་དེ་ལས་གཞན་པའི་

ཤིང་བཟང་པོ་ལྟ་བུའོ། །པདྨའི་ལྟེ་བ་ནི་ལྗང་གུའོ། །གེ་སར་ནི་སེར་པོའོ། །འདབ་མ་རྣམས་ནི་ཁ་དོག་སྣ་ཚོགས་པའོ། །དེའི་ས་གཞི་ནི་དམར་པོས་ཤས་ཆེ་བའི་དཀར་པོའོ། །ཆོས་འབྱུང་གི་ཆའི་རེ་ཁཱ་ནི་དཀར་པོའོ། །ཁོར་ཡུག་གི་ཕྱོགས་ལ་ཡང་ཤེལ་ཉིད་ཡིན་ན་རེ་ཁཱ་དཀར་པོའམ་གསེར་ཉིད་

ཡིན་ན་ནི་སེར་པོའོ། །རྡོ་རྗེ་རྣམས་དང་དེའི་རེ་ཁཱ་ནག་པོའོ། །གཞན་རྣམས་ནི་དཀར་པོའམ་སེར་པོའོ་ཞེས་གསུངས་སོ། །རྡོ་རྗེའི་ས་གཞིའི་མདོག་ནི་ཇི་ལྟར་མཛེས་པ་སྟེ། བསྒོམ་བྱའི་དཀྱིལ་འཁོར་ལ་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་མཐའ་ནས་སྟེང་དུ་འོག་མིན་གྱི་མཐའི་བར་དུ་རྡོ་རྗེའི་ར་བ་

གནས་པའི་ཕྱིར་དང་། རླུང་ལ་སོགས་པ་རྣམས་ནི་ཇི་ལྟར་རིགས་པར་ཁ་དོག་སྣ་ཚོགས་པའི་ཕྱིར་རོ། །འོད་ཟེར་རྣམས་ནི་དེ་བཞིན་གཤེགས་པ་ལྔའི་ཁ་དོག་སྟེ་འཕྲོ་བའི་ཚུལ་ལོ། །འཇམ་པའི་རྡོ་རྗེ་ནི། རྫོགས་སངས་ཡེ་ཤེས་སྐུ་ཡིན་ཕྱིར། །ངག་དབང་རྡོ་རྗེའི་རིགས་སུ་བརྗོད། ཆོས་སྐུའི་

Vol. 75 · folio 38b

རང་བཞིན་དག་པ་ལ། །འདི་ཡི་ཐུགས་ཀྱི་དཀྱིལ་འཁོར་རོ། །ཞེས་པའི་རིགས་པས། །དཀར་པོ་སེར་པོ་དེ་བཞིན་དམར། །ལྗང་གུ་དང་ནི་ནག་པོ་ཉིད། །རྩིག་པའི་ཚོན་ཞེས་གསུངས་སོ། །གང་གི་ཚེ། ཆོས་རྣམས་རང་བཞིན་གྱིས་ནི་དཀར། །དེས་ན་ངག་དབང་འདིར་དཀར་ཉིད། །ཅེས་

གསུངས་པས། །གསུང་རྡོ་རྗེ་དཀར་པོ་གཙོ་བོར་གྱུར་པ་དེའི་ཚེ་ནི་ཚོན་གྱི་རེ་ཁཱ་དཀར་པོ་དང་སེར་པོ་དང་ལྗང་གུ་དང་དཀར་པོའོ། །ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་དཀར་པོ་ཉིད་ཡིན་ཡང་མི་བསྐྱོད་པ་དང་། ལྷན་ཅིག་རོ་གཅིག་པ་ཉིད་དུ་བསྟན་པའི་ཕྱིར། ནང་གི་རྩིག་པ་ནག་པོ་ཉིད་དོ། །གཞན་

དུ་ནི་དཀར་པོ་ཁོ་ན་ཡིན་ཏེ། ཇི་སྐད་དུ། གསུང་རྡོ་རྗེ་གཙོ་བོར་གྱུར་པ་ཁ་ཅིག་ཏུ་དཀར་པོ་ཉིད་དུ་འགྱུར་བའོ་ཞེས་གསུངས་སོ། །རྩ་བའི་ཐིག་གི་ནང་གི་དཀྱིལ་འཁོར་དུ་ཡང་ཟུར་ཐིག་གཉིས་གཉིས་ཀྱིས་བཅད་པའི་ཕྱོགས་བཞིའི་ས་གཞི་རྣམས་རང་རང་གི་དེ་བཞིན་གཤེགས་པའི་མདོག་གོ། །བསྒོམ་

བྱའི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་ཐིག་རྣམས་དེ་བཞིན་ནོ། །ཀ་བ་རྣམས་ཀྱང་དེ་བཞིན་ཏེ། རང་རང་གི་རེའུ་མིག་གི་དེ་བཞིན་གཤེགས་པའི་མཚན་མའི་ཕྲེང་བས་མཚན་པའོ། །གཙོ་བོའི་ས་ནི་གཙོ་བོའི་མདོག་གོ། །སྣ་ཚོགས་པདྨའི་འདབ་མ་ནི། །བདེན་བྲལ་ལྗང་ལ་དབང་ལྡན་ནག །མེ་

དང་རླུང་གི་མཚམས་ནི་སེར། །ཕྱོགས་རྣམས་ཀྱི་ནི་དམར་པོའོ། །གཙོ་བོའི་སྣམ་བུ་ལ་ནི་གཙོ་བོའི་མཚན་མའི་ཕྲེང་བའོ། །རེ་ཁཱ་གཞན་ནི་མདོག་དང་སྦོམ་ཕྲ་ཇི་ལྟར་མཛེས་པའོ། །བདེ་མཆོག་གི་དཀྱིལ་འཁོར་ལ་ནི་ཐུགས་ཀྱི་འཁོར་ལོ་ནག་པོ། དེའི་རྩིབས་ཀྱི་བར་རྣམས་ནི་དམར་པོ་སྟེ། གསུང་

གི་འཁོར་ལོའི་ལྟེ་བ་ཡིན་པའི་ཕྱིར་རོ། །གསུང་གི་འཁོར་ལོ་དམར་པོའོ། །དེའི་རྩིབས་བར་རྣམས་ནི་དཀར་པོ་སྟེ། སྐུའི་འཁོར་ལོའི་ལྟེ་བ་ཡིན་པའི་ཕྱིར་རོ། །སྐུའི་འཁོར་ལོ་ནི་དཀར་པོའོ། །དེའི་རྩིབས་རྣམས་ཀྱི་བར་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་

དེ་བཞིན་གཤེགས་པའི་ཁ་དོག་གོ། །མུ་ཁྱུད་གསུམ་ནི་གོ་རིམས་བཞིན་དུ་རྡོ་རྗེ་ནག་པོ་དང་། པདྨ་དམར་པོ་དང་། འཁོར་ལོ་དཀར་པོའི་ཕྲེང་བས་བསྐོར་བའོ། །ཕྱི་ངོས་ནས་བརྩམས་ཏེ་ནང་གི་བར་དུ་ལྗང་གུ་དང་། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ནག་པོའི་ཁ་དོག་གི་རེ་ཁཱ་ལྔའོ། །

Vol. 75 · folio 39a

ཤར་དང་། བྱང་དང་། ནུབ་དང་། ལྷོ་དང་། དབུས་ཀྱི་ས་རྣམས་དང་། ཐོག་རྣམས་ཀྱི་ཁ་དོག་དཀར་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་དང་། ནག་པོའོ། །གཞན་ནི་རེ་ཁཱ་ལྔ་དང་། ས་གཞི་དང་། ཐོག་རྣམས་ནག་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་དང་།

དཀར་པོ་དང་བསྲེས་པའི་སྔོན་པོའི་མདོག་གོ་ཞེས་ཟེར་རོ། །དེ་བཞིན་དུ་སྔ་མ་དང་། ཕྱི་མར་ཁ་དོག་གི་རིམ་པ་ཡོངས་སུ་བསམས་ནས་རྡུལ་ཚོན་དགྱེ་བར་བྱའོ། །དེ་ཡང་སྐལ་བ་དང་མི་ལྡན་པ་འདུས་ན་མཚན་མ་དང་ཕྱག་རྒྱ་ཇི་ལྟར་རིགས་པར་བྲིའོ། །སྐལ་བ་དང་མི་ལྡན་པ་མེད་ན་ནི་ལྷའི་སྐུ་བྲི་བར་

བྱ་ཞིང་། བྲིས་སྐུའམ། ལུགས་མའམ། འབུར་དུ་བཏོད་པའམ། ལེགས་པར་འདུས་བྱས་པ་གཞག་པར་བྱའོ། །དེ་ལྟར་ཀླུའི་བློའི་ཞབས་ཀྱིས། ཇི་ལྟར་ནུས་པས་དཀྱིལ་འཁོར་དུ། །ས་བོན་དགོད་བྱ་ཡང་ན་ནི། །མཚན་མའམ་ལྷ་ཡི་གཟུགས་ཉིད་དེ། །ལུགས་མའམ་བཟོ་བྱས་དགོད་པར་

བྱ། །ཞེས་གསུངས་སོ། །ཕྱག་རྒྱ་བྲི་བ་ནི་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས་གསུངས་ཏེ། མི་ནུས་ན་ནི་བྲིས་པ་ཡི། །ཕྱག་རྒྱའམ་མཚན་མ་དགོད་པར་བྱའོ། །གང་ཡང་གསུངས་པ། ཚོན་ནམ་ཡང་ན་པིར་རྣམས་ཀྱིས། །བྲིས་པ་རྣམས་ཀྱིས་རྣམ་པར་སྤྲས། །ཞེས་སོ། །དཔལ་ཁ་སྦྱོར་གྱི་

རྒྱུད་དུ་ཡང་། དེ་ལྟར་ལུགས་མ་དང་། འདུས་བྱས་པ་ལ་སོགས་པའི་གཟུགས་དང་། མཚན་མའི་ཕྱག་རྒྱ་དང་ལྡན་པའོ་ཞེས་གསུངས་སོ། །དེའི་ཕྱིར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ། ལྟེ་བར་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་ཟླ་བ་རལ་གྲི་སྔོ་བསངས་སོ། །ཤར་དུ་ཟླ་བ་ལ་རྣམ་པར་

སྣང་མཛད་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །ལྷོར་ཉི་མ་ལ་རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ་ལྗང་གུ་ཆ་དགུ་པའོ། །ནུབ་ཏུ་ཉི་མ་ལ་མགོན་པོ་འོད་དཔག་མེད་ཀྱི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །བྱང་དུ་ཉི་མ་ལ་དོན་ཡོད་གྲུབ་པའི་རལ་གྱི་ལྗང་གུའོ། །མེར་ཟླ་བ་ལ་སྤྱན་མའི་མིག་འབྲས་

ནག་པོ་ཅན་གྱི་མིག་དཀར་པོ་གཉིས་སྤྲིན་ལ་གནས་པའོ། །བདེན་བྲལ་དུ་ཟླ་བ་ལ་མཱ་མ་ཀཱིའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་སྟེ་རྒྱུད་དུ་དེ་ལྟར་བཤད་པའི་ཕྱིར་རོ། །རླུང་དུ་ཟླ་བ་ལ་གོས་དཀར་མོའི་པདྨ་དམར་པོ་ཁ་བྱེ་བ་ཡུ་བ་དང་རྩ་བ་དང་བཅས་པའོ། །དབང་ལྡན་དུ་ཟླ་བ་ལ་སྒྲོལ་མའི་ཨུཏྤལ་མདོག་སྔོ་སེར་རོ། །

Vol. 75 · folio 39b

མེ་ལ་སོགས་པའི་མཚམས་བཞི་དང་། ཤར་སྒོའི་གཡོན་དང་གཡས་སུ་ཆ་ཆུང་གཉིས་གཉིས་སྤངས་པའི་འགྲམ་དག་ཏུ་ཟླ་བ་རྣམས་ལ་གོ་རིམས་བཞིན་དུ་གཟུགས་དང་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མེ་ལོང་དཀར་པོ་དང་། དྲི་ཟའི་པི་ཝང་སྔོན་པོ་དང་

དྲི་སེར་པོའི་དུང་དང་། རོའི་སྣོད་དམར་པོ་དང་། རས་སྣ་ཚོགས་དང་། ཆོས་འབྱུང་དཀར་པོའོ། །ཤར་ལ་སོགས་པའི་སྒོར་ཉི་མ་རྣམས་ལ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་བགེགས་མཐར་བྱེད་ཀྱི་གོ་རིམས་བཞིན་དུ་རྡོ་རྗེ་ཐོ་བ་ནག་པོ་དང་། རྡོ་རྗེས་མཚན་

པའི་དབྱུག་པ་དཀར་པོ་དང་། པདྨ་དམར་པོ་དང་། རྡོ་རྗེ་ཁ་གྱེས་པ་སྔོན་པོའོ། །འདིར་ཟླ་བ་དང་ཉི་མ་བཅུ་དགུ་ནི་སྣ་ཚོགས་པདྨ་ལ་གནས་པའོ། །མཚན་མ་ཐམས་ཅད་ནི་འོད་ཟེར་དང་བཅས་པ་རང་རང་གི་ཕྱོགས་སུ་མགོ་བསྟན་པའོ། །འཁོར་ལོའི་དབང་ཕྱུག་ནི་མགོ་ནུབ་ཏུ་བསྟན་པའོ། །དེ་ལྟར་

ཕྱི་མ་རྣམས་སུ་ཡང་ངོ་། །རྡོ་རྗེ་སེམས་དཔའ་འཁོར་ལོའི་དབང་ཕྱུག་ཉིད་ལ་ནི་དབུས་སུ་ཆུ་སྐྱེས་དང་ཟླ་བ་ལ་ནི་ཞི་བའི་རྡོ་རྗེ་སྔོན་པོའོ། །ཁ་ཅིག་ནི་སྣ་ཚོགས་རྡོ་རྗེའོ་ཞེས་སོ། །མཁས་པ་རྣམས་ནི་དབུས་ཀྱི་འོད་ཟེར་གྱི་ཐིག་ཟླུམ་པོ་ལ་ཚོན་གྱིས་རེ་ཁཱ་མི་བྱའོ་ཞེས་སོ། །ཟླུམ་པོའི་ཐིག་གི་ཕྱི་ངོས་སུ་

ཚངས་པའི་ཐིག་གི་གློ་སོ་སོར་ཆ་ཆུང་བཞི་དོར་ནས་བུམ་པ་ཆ་ཆུང་བཞི་པ་སྟེ། བདུད་རྩིས་བཀང་པའི་གསེར་གྱི་བུམ་པ་ཆ་བརྒྱད་དོ་ཞེས་ཕྱོགས་གཅིག་གོ། །གཞན་ནི་རིན་པོ་ཆེའི་རང་བཞིན་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་གོ་ཞེས་སོ། །འདི་དང་ཕྱི་མ་རྣམས་ལ་དབུས་སུ་དེ་བཞིན་

གཤེགས་པ་གཞན་པའི་མཚན་མ་དགོད་པ་ནི། དེའི་དབུས་སུ་དབུས་ཀྱི་མཚན་མ་བྲི་བར་བྱའོ། །བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ། དབུས་སུ་ཉི་མ་ལ་མི་བསྐྱོད་པའི་རྡོ་རྗེ་ཁ་གྱེས་པ་རྩེ་ལྔ་པ་ཨིནྡྲ་ནཱི་ལ་ལྟ་བུ་དང་། རེག་བྱ་རྡོ་རྗེ་མའི་སྣ་ཚོགས་པའི་གོས་སོ། །རྣམ་པར་

སྣང་མཛད་ལ་སོགས་པའི་རིམ་པ་དང་པོ་དང་གཉིས་པར་གནས་པ་བཅུ་གཉིས་པོ་རྣམས་ཀྱི་མཚན་མ་རྣམས་ནི་སྔ་མ་བཞིན་ནོ། །རིམ་པ་གསུམ་པའི་སྒོའི་འགྲམ་གྱི་སྣམ་བུ་ལ་ཚངས་པའི་ཐིག་ནས་ཆ་ཆུང་བཞི་དོར་བར་གཡོན་དུ་བྱམས་པའི་ཀླུ་ཤིང་གི་མེ་ཏོག་གི་འཁོར་ལོ་དང་བཅས་པའོ། །

Vol. 75 · folio 40a

གཡས་སུ་སའི་སྙིང་པོའི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའོ། །ལྷོར་དེ་བཞིན་དུ་ཕྱག་ན་རྡོ་རྗེའི་དང་། ནམ་མཁའི་སྙིང་པོའི་རྡོ་རྗེ་དང་། རིན་པོ་ཆེ་མརྒཏ་ཆ་དགུ་པའོ། །ནུབ་ཏུ་དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་དང་། འཇམ་པའི་དབྱངས་ཀྱི་པདྨ་དམར་པོ་དང་རྡོ་རྗེའོ། །བྱང་དུ་

དེ་བཞིན་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོའི་རལ་གྲི་དང་རྡོ་རྗེའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རིམ་པ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱི་རྡོ་རྗེ་ཐོ་བ་དང་། རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་། པདྨ་དམར་པོ་དང་། སྣ་ཚོགས་རྡོ་རྗེའོ། །མེ་ལ་སོགས་

པའི་མཚམས་སུ་གོ་རིམས་བཞིན་དུ་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་། རྡོ་རྗེ་དང་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་། རྡོ་རྗེས་མཚན་པའི་དབྱུག་པ་ནག་པོའོ། །གཙུག་ཏོར་འཁོར་ལོས་སྒྱུར་བའི་རྡོ་རྗེ་སྔོན་པོ་དང་། གཤིན་རྗེ་

གཤེད་ཀྱི་མཚན་མ་ལ་སོགས་ཕྱི་ངོས་སུའོ། །ཁ་ཅིག་ནི་འཁོར་ལོ་སེར་པོ་ཞེས་བྱའོ། །གནོད་མཛེས་རྒྱལ་པོའི་རྡོ་རྗེ་ནི་པདྨ་མཐར་བྱེད་ཀྱི་མཚན་མ་ལས་ཕྱི་ངོས་སུའོ། །བྱམས་པ་ལ་སོགས་པ་བརྒྱད་རྣམས་ཀྱི་མཚན་མ་ནི་ཟླ་བ་ལ་གནས་པའོ། །གཤིན་རྗེ་གཤེད་ལ་སོགས་པའི་མཚན་མ་བཅུ་

ནི་ཉི་མ་ལ་གནས་པའོ། །འདིར་ཉི་མ་དང་ཟླ་བ་སུམ་ཅུ་རྩ་གཅིག་ནི་སྣ་ཚོགས་པདྨ་ལ་གནས་པའོ། །བུམ་པ་བྲི་བ་ནི་སྔར་བཞིན་ནོ། །ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དབུས་སུ་ཟླ་བ་ལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ། །ཤར་དུ་ཟླ་བ་ལ་རྣམ་པར་སྣང་མཛད་ཀྱི་

འཁོར་ལོའོ། །ལྷོར་ཉི་མ་ལ་རིན་ཆེན་དབང་པོའི་རིན་ཆེན་ནོ། །ནུབ་ཏུ་ཉི་མ་ལ་སྣང་བ་མཐའ་ཡས་ཀྱི་མདའོ། །བྱང་དུ་ཉི་མ་ལ་དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ། །སྤྱན་མའི་སྤྲིན་ལ་གནས་པའི་མིག་ཉིད་དོ། །མཱ་མ་ཀཱིའི་མདའོ། །གོས་དཀར་མོའི་མདའོ། །སྒྲོལ་མའི་ཨུཏྤ་ལ་དམར་པོའོ། །

རིམ་པ་གཉིས་པར་ཤར་དུ་དྲག་མོའི་མདའོ། །ལྷོར་རྡོ་རྗེ་གཟུགས་མའི་རྡོ་རྗེའོ། །ནུབ་ཏུ་འདོད་ཆགས་རྡོ་རྗེ་མའི་རལ་གྲིའོ། །བྱང་དུ་རྡོ་རྗེ་ཞིབ་མོའི་ཏིལ་པ་ཐུང་ངུའོ། །དཔལ་ལྡན་དུ་རྡོ་རྗེ་གནོད་སྦྱིན་མའི་དབྱུག་པ་དཀར་སེར་རོ། །མེར་མཁའ་འགྲོ་མའི་པདྨ་དམར་སེར་རོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མའི་

Vol. 75 · folio 40b

ཤཀྟིའོ། །རླུང་དུ་ས་རྡོ་རྗེ་མའི་བུམ་པ་དཀར་ལྗང་ངོ་། །རིམ་པ་གསུམ་པར་ཤར་གྱི་ཕྱོགས་སུ་བཞད་མའི་རྡོ་རྗེ་ཁ་དོག་དམར་པོའོ། །ལྷོར་སྒེག་མའི་འཁར་རྔའོ། །ནུབ་ཏུ་གླུ་མའི་འཁར་རྔའོ། །བྱང་དུ་གར་མའི་རྡོ་རྗེ་རྩེ་གསུམ་པ་ལྗང་གུའོ། །དབང་ལྡན་དུ་གླིང་བུ་མའི་གླིང་བུའོ། །མེར་པི་ཝང་

མའི་པི་ཝང་ངོ་། །བདེན་བྲལ་དུ་མུ་ཀུནྡ་མའི་མུ་ཀུནྡའོ། །རླུང་དུ་རྫ་རྔ་མའི་རྫ་རྔའོ། །ཕྱིའི་སྣམ་བུའི་མེར་མེ་ཏོག་མའི་མེ་ཏོག་གི་ཕྲེང་བའོ། །བདེན་བྲལ་དུ་བདུག་སྤོས་མའི་སྤོས་ཕོར་རོ། །རླུང་དུ་མར་མེ་མའི་མར་མེའི་མཆོད་སྡོང་ངོ་། །དབང་ལྡན་དུ་དྲི་མའི་དྲིའི་དུང་ཆོས་སོ། །ཤར་དུ་མེ་ལོང་མའི་མེ་ལོང་

ངོ་། །ལྷོར་རོ་མའི་རོའི་སྣོད་དོ། །ནུབ་དུ་རེག་བྱ་མའི་གོས་སྣ་ཚོགས་སོ། །བྱང་དུ་ཆོས་མའི་ཆོས་འབྱུང་དཀར་པོའོ། །ཤར་ལ་སོགས་པའི་སྒོར་ནི་གོ་རིམས་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་དྲིལ་བུ་མ་རྣམས་ནི་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་

པ་དང་། རྡོ་རྗེ་ཕྲེང་བའི་བདག་ཉིད་ཀྱི་རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུ་མ་རྣམས་ཏེ་ཉི་མ་ལ་གནས་པའོ། །འདིར་བརྗོད་པའི་ཉི་མའི་གདན་ལ་གནས་པའི་མཚན་མ་བདུན་ལས་མཚན་མ་གཞན་ནི་ཟླ་བ་ལ་གནས་པའོ། །ཉི་མ་དང་ཟླ་བ་སུམ་ཅུ་རྩ་བདུན་པོ་འདི་རྣམས་ནི་སྣ་ཚོགས་པདྨའི་སྟེང་དུ་ཐོད་

པ་རྣམས་ལ་གནས་པའོ། །བུམ་པ་བྲི་བ་ནི་སྔ་མ་བཞིན་ཏེ། ཐིག་ཟླུམ་པོ་དྲུག་པ་ལས་ཕྱི་རོལ་ཞེས་པ་ནི་ཁྱད་པར་རོ། །ཡེ་ཤེས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་ལ་དབུས་དང་། ཤར་དང་བྱང་དང་། ནུབ་དང་། ལྷོ་རྣམས་སུ་གོ་རིམས་བཞིན་དུ་ཡེ་ཤེས་མཁའ་འགྲོ་མ་དང་། རྡོ་རྗེ་མཁའ་འགྲོ་

མ་དང་། མཁའ་འགྲོ་མ་མི་ཟད་མ་དང་། རོ་ལངས་མ་དང་། གཏུམ་མོ་རྣམས་ཀྱི་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་རྣམས་སོ། །དབང་ལྡན་དང་། མེ་དང་བདེན་བྲལ་དང་རླུང་རྣམས་སུ་སེང་གེ་མོ་དང་སྟག་མོ་དང་། ཅེ་སྤྱང་མོ་དང་འུག་པ་མོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་རྣམས་སོ། །ཤར་དང་བྱང་དང་ནུབ་དང་།

ལྷོའི་སྒོ་རྣམས་སུ་རྒྱལ་པོའི་དབང་མོ་དང་། གསལ་བྱེད་མ་དང་། འཇིགས་བྱེད་མ་དང་། ཀཾ་པོ་ཛཱི་རྣམས་ཀྱི་གོ་རིམས་བཞིན་དུ་ལག་པ་གཉིས་སྙིམ་པ་ཁ་བྱེ་བ་དང་། ཐལ་མོ་ཁ་སྦྱར་བ་དང་། སྙིམ་པ་ཁྲག་གིས་བཀང་བ་དང་། རྡོ་རྗེ་ཐལ་མོ་ཁ་སྦྱར་བའི་མཐེ་བོའི་རྩེ་མོ་གཉིས་སྦྱར་བའི་མཛུབ་མོ་

Vol. 75 · folio 41a

གཉིས་སྦྱར་བའོ། །འདིར་མཚན་མ་དང་ཕྱག་རྒྱ་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ། །བསྒོམ་པར་བྱ་བའི་དཀྱིལ་འཁོར་ལ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་སྣ་ཚོགས་པདྨ་ནི་རིམ་པ་བཞིན་དུ། སེང་གེ་དང་མཆེ་བ་ཅན་དཀར་པོ་དང་། རིན་པོ་ཆེ་སྣ་བདུན་གྱི་

ཕུང་པོ་དང་། མ་ཧེ་དང་། སྦྲུལ་གྱི་དབང་པོ་བརྒྱད་ཀྱི་མཇུག་མ་དང་། རོ་བཞི་ལ་གནས་པ་སྟེ། དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་སྐལ་བ་དང་མི་ལྡན་པ་འདུས་པ་ན་བྲི་བར་མི་བྱའོ། །གཞན་དུ་ནི་ངལ་བས་འཇིགས་པ་དང་། ཡོན་བདག་བསྡུས་པ་ལ་དགའ་བས་སོ། །སྐལ་བ་དང་ལྡན་པ་

རབ་ཏུ་དང་བར་བྱ་བའི་དོན་དུ་ནི་ཡོན་བདག་གི་དབང་ལས་བྲི་བར་བྱའོ། །དེ་ལྟར་ཕྱི་མ་རྣམས་ལ་ཡང་ཇི་ལྟར་འབྱུང་བ་བྲི་བ་དང་མི་བྲི་བར་རིག་པར་བྱའོ། །ཕྱི་ངོས་ཀྱི་ཐིག་ཟླུམ་པོའི་ཕྱི་ངོས་སུ་བུམ་པ་བྲིའོ། །བཅུ་བདུན་གྱི་བདག་ཉིད་ཀྱི་ཀྱེའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བ་

ལ་ཁྲོ་བོའི་རྡོ་རྗེ་སྔོན་པོའོ། །ཤར་དང་ལྷོ་ལ་སོགས་པ་དང་། དབང་ལྡན་དང་མེ་ལ་སོགས་པའི་འདབ་མ་རྣམས་ལ་ནི་རིམ་པ་བཞིན་དུ་རྡོ་རྗེ་དྲག་མོ་དང་། རྡོ་རྗེ་གཟུགས་མ་དང་། འདོད་ཆགས་རྡོ་རྗེ་མ་དང་། རྡོ་རྗེ་ཞི་བ་མོ་དང་། རྡོ་རྗེ་གནོད་སྦྱིན་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། སྒྲ་རྡོ་རྗེ་མ་དང་། ས་རྡོ་རྗེ་མ་

རྣམས་ཀྱི་མདའ་དང་། རྡོ་རྗེ་དང་རལ་གྲི་དང་། ཏལ་པ་ཐུང་ངུ་དང་། དབྱུག་པ་སེར་པོ་དང་། པདྨ་དམར་སེར་དང་། ཤཀྟི་དང་། བུམ་པ་དཀར་ལྗང་ངོ་། །རིམ་པ་གཉིས་པར་དབང་ལྡན་དང་མེ་ལ་སོགས་པ་རྣམས་སུ་གླིང་བུ་མ་དང་། པི་ཝང་མ་དང་། མུ་ཀུནྡ་མ་དང་། རྫ་རྔ་མ་རྣམས་ཀྱི་གླིང་བུ་

དང་། པི་ཝང་དང་། རྔ་མུ་ཀུནྡ་དང་རྫ་རྔ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུ་རྣམས་སོ། །མཚན་མ་

བཅུ་བདུན་པོ་འདི་རྣམས་ནི་ཐོད་པ་དང་ཉི་མ་ལ་གནས་པའོ། །གླིང་བུ་མ་ལ་སོགས་པ་བརྒྱད་ཀྱི་ནི་ཐོད་པའི་འོག་ཏུ་སྣ་ཚོགས་པདྨའོ། །ཕྱག་གཉིས་པ་དང་བཞི་པ་ལ་ནི་ཐོད་པ་མེད་དོ། །ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བ་ལ་ཁྲོ་བོའི་རྡོ་རྗེ་སྔོན་པོའོ། །ཤར་ལ་སོགས་པ་དང་།

Vol. 75 · folio 41b

དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གཽ་རཱི་དང་། ཙཽ་རཱི་དང་། རོ་ལངས་མ་དང་། ཟ་ཕོད་མ་དང་། སྦོས་མ་དང་། རི་ཁྲོད་མ་དང་། གཏུམ་མོ་དང་། རབ་ཏུ་རྨོངས་བྱེད་མ་རྣམས་ཀྱི་རིམ་པ་བཞིན་དུ་མདའ་དང་། རྡོ་རྗེ་དང་། ཐོད་པ་ཁྲག་དང་བཅས་པ་ལ་གནས་པའི་རུས་སྦལ་དང་། ཚིལ་

གྱིས་བཀང་བ་ལ་གནས་པའི་སྦྲུལ་དང་། ཤས་བཀང་བ་ལ་གནས་པའི་སེང་གེ་དང་། ཁུ་བ་དང་བཅས་པའི་ཐོད་པ་ལ་གནས་པའི་དགེ་སློང་དང་། ཁྲག་དང་བཅས་པའི་ཐོད་པ་ལ་གནས་པའི་སྟག་དང་ཆང་གི་སྣོད་རྣམས་སོ། །རིམ་པ་གཉིས་པའི་མཚམས་རྣམས་སུ་གླིང་བུ་མ་ལ་སོགས་པའི་མཚན་མ་ནི་སྔ་

མ་བཞིན་ནོ། །ཤར་ལ་སོགས་པའི་སྒོར་སྟག་གདོང་མ་དང་། ཕག་གདོང་མ་དང་། ཁྱི་གདོང་མ་དང་། སེང་གེའི་གདོང་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུའོ། །མཚན་མ་བཅུ་བདུན་པོ་འདི་རྣམས་ཉི་མ་ལ་གནས་པའོ། །གླིང་བུ་མ་ལ་སོགས་

པ་བརྒྱད་ཀྱི་ཉི་མའི་འོག་ཏུ་སྣ་ཚོགས་པདྨ་རྣམས་སོ། །དབུས་ཀྱི་འོད་ཟེར་གྱི་ཕྱི་ངོས་སུ་སྔར་བཞིན་དུ་བུམ་པ་རྣམས་སོ། །བདག་མེད་མའི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བ་དང་། ཤར་ལ་སོགས་པའི་འདབ་མ་རྣམས་ལ་གོ་རིམས་བཞིན་དུ་བདག་མེད་མ་དང་། རྡོ་རྗེ་མ་དང་། དཀར་མོ་དང་།

ཆུ་མ་དང་། རྡོ་རྗེ་མཁའ་འགྲོ་མ་རྣམས་དང་། རིམ་པ་གཉིས་པར་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་དུ་བརྗོད་པའི་དཀར་མོ་ལ་སོགས་པ་རྣམས་ཀྱི་རྡོ་རྗེའོ། །གླིང་བུ་མ་ལ་སོགས་པའི་མཚན་མ་ནི་སྔ་མ་བཞིན་དུའོ། །རྟ་གདོང་མ་ལ་སོགས་པའི་གྲི་གུག་རྣམས་སོ། །མཁའ་སྤྱོད་མའི་རྡོ་རྗེ་ནི་རྟ་གདོང་

མའི་ཕྱི་ངོས་སུའོ། །ས་སྤྱོད་མའི་རྡོ་རྗེ་ནི་ཁྱི་གདོང་མའི་ཕྱི་ངོས་སུའོ། །འདིར་གྲི་གུག་བཞི་ནི་ཉི་མ་ལ་གནས་པའོ། །མཚན་མ་གཞན་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །ཕྱིའི་དཀར་མོ་ལ་སོགས་པ་བཅོ་བརྒྱད་པོ་རྣམས་ཀྱི་ཟླ་བ་དང་། ཉི་མ་ནི་སྣ་ཚོགས་པདྨ་ལ་གནས་པའོ། །གླིང་བུ་མ་

ལ་སོགས་པ་བརྒྱད་མེད་པ་ནི་ལྷག་མ་ལྷ་མོ་བཅོ་ལྔ་པོ་རྣམས་ཀྱི་ཟླ་བ་ལ་གྲི་གུག་རྣམས་སོ། །མཁའ་སྤྱོད་མའི་མཚན་མ་ནི་དཀར་མོའི་ཕྱི་ངོས་སོ། །རོ་ལངས་མའི་ཕྱི་ངོས་སུ་ས་སྤྱོད་མའོ། །དེ་བཞིན་དུ་ཀུ་རུ་ཀུལླེའི་དཀྱིལ་འཁོར་ལ་ཡང་ཡིན་ཏེ། ཁྱད་པར་ནི་ཟླ་བ་ལ་ཡུ་བ་དང་བཅས་པའི་ཨུཏྤ་

Vol. 75 · folio 42a

ལ་དམར་པོ་ཁ་འབུས་པའི་མདའ་ཡོད་པའོ། །འདིར་ལྷ་མོ་བཅོ་ལྔ་པོ་རྣམས་ཀྱང་ཀུ་རུ་ཀུལླེའི་བཞིན་དུ་མདོག་དམར་པོའོ། །རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་པོ་ལ་སྣ་ཚོགས་པདྨའི་ལྟེ་བ་དང་། ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གོ་རིམས་བཞིན་དུ་

རྡོ་རྗེ་བདུད་རྩི་དང་། ཞི་བ་མོ་དང་། ཟླ་ལྡན་མ་དང་། རི་བོང་ཅན་མ་དང་། ཟླ་དཀྱིལ་མ་དང་། ཟླ་ཚེས་མ་དང་། ཡིད་འོང་མ་དང་། ཡིད་ཚིམ་བྱེད་པ་རྣམས་ཀྱི་རྡོ་རྗེའོ། །ཁྱད་པར་ནི་ཟླ་ཚེས་མའི་ཟླ་བ་ཆ་གཅིག་པའོ། །རིམ་པ་གཉིས་པར་དབང་ལྡན་ལ་སོགས་པ་རྣམས་སུ་མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་

མེ་མ་དང་། དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་ཟ་མ་ཏོག་དང་། སྤོས་ཕོར་དང་། མར་མེའི་མཆོད་སྡོང་དང་། དྲིའི་དུང་ཆོས་རྣམས་སོ། །ཤར་ལ་སོགས་པའི་སྣམ་བུ་རྣམས་སུ་གླིང་བུ་མ་ལ་སོགས་པ་བཞིའི་གླིང་བུ་ལ་སོགས་པ་བཞིའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ཁྲོ་གཉེར་རིམ་པར་ལྡན་དང་།

འཇིགས་སྡིགས་དང་། རྟ་གཟུགས་དང་། ཚོགས་ཀྱི་གཙོ་བོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་སོ། །མཚན་མ་ཉི་ཤུ་རྩ་གཅིག་པོ་འདི་རྣམས་ནི་ཟླ་བ་ལ་གནས་པའོ། །མེ་ཏོག་མ་ལ་སོགས་པ་བཅུ་གཉིས་ཀྱི་ཟླ་བའི་འོག་ཏུ་སྣ་ཚོགས་པདྨའོ། །ཡང་ན་དཀྱིལ་

འཁོར་པ་ཐམས་ཅད་ལ་ཆོས་འབྱུང་བྲི་བར་བྱའོ། །འདི་ཉིད་ཁོ་ན་བྲི་བར་བྱའོ་ཞེས་པ་ནི་གཞན་དག་གོ། །གཞན་རྡོ་རྗེ་བདུད་རྩི་གསུམ་གྱི་དཀྱིལ་འཁོར་གྱི་མཚན་མ་རྣམས་ནི་རྡོ་རྗེ་བདུད་རྩིའི་རྒྱུད་དུ་རིག་པར་བྱའོ། །དགུའི་བདག་ཉིད་ཅན་ཀྱེའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་

བར་ཉི་མ་ལ་རྡོ་རྗེ་སྔོན་པོ་ཁ་གྱེས་པའོ། །ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ལ་གོ་རིམས་བཞིན་དུ་དཀར་མོ་དང་། ཆོམ་རྐུན་མ་དང་། རོ་ལངས་མ་དང་། ཟ་ཕོད་མ་དང་། སྤོས་མ་དང་། རི་ཁྲོད་མ་དང་། གཏུམ་མོ་དང་། གཡུང་མོ་རྣམས་ཀྱི་གྲི་གུག་དང་། ཅང་ཏེའུ་

དང་། རུས་སྦལ་དང་། སྦྲུལ་དང་། སེང་གེ་དང་། དགེ་སློང་དང་། འཁོར་ལོ་དང་། རྡོ་རྗེ་རྣམས་སོ། །ཕྱག་བཅུ་དྲུག་པའི་ཉི་མ་ལ་སྣ་ཚོགས་རྡོ་རྗེས་མཚན་པའོ། །ཐོད་པ་དཀར་པོ་ཞེས་པ་ནི་ཁྱད་པར་རོ། །ཕྱི་ངོས་ཀྱི་ཟླུམ་པོ་ལས་ཕྱི་ངོས་སུ་བུམ་པ་རྣམས་སོ། །སྒྱུ་མ་ཆེན་མོའི་དཀྱིལ་འཁོར་ལ་པདྨ་

Vol. 75 · folio 42b

དམར་པོའི་ལྟེ་བར་ཉི་མ་ལ་བཅོམ་ལྡན་འདས་མ་སྒྱུ་མ་ཆེན་པོའི་པདྨའི་སྣོད་དོ། །ཤར་ལ་སོགས་པའི་འདབ་མའི་ཟླ་བ་རྣམས་ལ་གཡས་སྐོར་དུ་རྡོ་རྗེ་མཁའ་འགྲོ་མ་དང་། རིན་ཆེན་མཁའ་འགྲོ་མ་དང་། པདྨ་མཁའ་འགྲོ་མ་དང་། སྣ་ཚོགས་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་སྙེ་མ་དང་། སྣ་

ཚོགས་ཆུ་སྐྱེས་དང་། རལ་གྲིའོ། །སངས་རྒྱས་མཁའ་འགྲོ་མ་ནི་རྡོ་རྗེ་སེམས་དཔའ་ལ་འཁྱུད་ནས་གནས་པས་དེའི་མཚན་མ་ཐ་དད་དུ་མི་དགོད་དོ། །དགུའི་བདག་ཉིད་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཉི་མ་ལ་ཅང་ཏེའུའོ། །ཤར་དང་བྱང་དང་ནུབ་དང་ལྷོ་དང་དབང་

ལྡན་དང་མེ་དང་བདེན་བྲལ་དང་། རླུང་གི་འདབ་མར་ཉི་མ་རྣམས་ལ་སྣ་ཚོགས་སྡེ་མ་དང་། འདོད་མ་དང་། ས་འོག་ན་གནས་མ་དང་། ལེགས་བཟངས་མ་དང་། ཆང་འཚོང་མ་དང་། འབྱུང་མོ་དང་། ཕྱག་བཞི་མ་དང་། ནམ་མཁའ་ལ་གནས་མ་རྣམས་ཀྱི་གྲི་གུག་རྣམས་སོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་

འཁོར་ལ་དབུས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེའོ། །ཤར་ལ་སོགས་པར་གཡོན་སྐོར་དུ་རྡོ་རྗེ་དབྱུག་པ་དང་། ཉི་མ་མེ་དང་། རྡོ་རྗེ་གཙུག་ཏོར་དང་། རྡོ་རྗེ་འཁྱིལ་པ་རྣམས་དང་། མེ་ལ་སོགས་པར་གཡས་སྐོར་དུ་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་དུས་དང་། ནག་པོ་ཆེན་པོ་དང་། རྡོ་རྗེ་བསྡིགས་པ་དང་། གཙུག་

ཏོར་དང་། རྡོ་རྗེ་ས་འོག་རྣམས་ཀྱི་རྡོ་རྗེ་ཐོ་བ་དང་། རྡོ་རྗེ་དབྱུག་པ་དང་། ཆུ་སྐྱེས་དམར་པོ་དང་། སྣ་ཚོགས་རྡོ་རྗེ་དང་། ལྕགས་ཀྱུ་དང་། དགྲ་སྟ་དང་། རྩེ་གསུམ་དང་། རལ་གྲི་དང་། འཁོར་ལོ་དང་། རྡོ་རྗེའི་གཏུན་ཤིང་རྣམས་ཏེ། མཚན་མ་ཐམས་ཅད་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའོ། །

ཡང་ན་ཤར་ལ་སོགས་པའི་ཕྱོགས་སུ་གཡས་སྐོར་དུ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཀྱི་རྡོ་རྗེའི་ཐོ་བ་དང་། རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་། པདྨ་དམར་པོ་དང་། སྣ་ཚོགས་རྡོ་རྗེའོ། །མེ་ལ་སོགས་པའི་མཚམས་

རྣམས་སུ་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་། རྡོ་རྗེ་དང་། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་། རྡོ་རྗེས་མཚན་པའི་དབྱུག་པ་ནག་པོའོ། །གཤིན་རྗེ་གཤེད་ཀྱི་མཚན་མ་ལས་ཕྱི་ངོས་སུ་གཙུག་ཏོར་འཁོར་ལོ་ཙན་གྱི་རྡོ་རྗེའོ། །

Vol. 75 · folio 43a

པདྨ་མཐར་བྱེད་ཀྱི་མཚན་མ་ལས་ཕྱི་ངོས་སུ་གནོད་མཛེས་ཀྱི་རྡོ་རྗེའོ། །མཚན་མ་བཅུ་གཅིག་པོ་འདི་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ། །ཡང་ན་བགེགས་དགྲའི་རྡོ་རྗེ་ཁ་གྱེས་པའོ། །མེ་ལ་སོགས་པ་རྣམས་སུ་འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་

པོ་ཆེ་དང་། མི་གཡོ་བ་རྣམས་ཀྱི་ལྕགས་ཀྱུ་དང་། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་། རྩེ་གསུམ་པ་དང་། རལ་གྲིའོ། །གཙུག་ཏོར་འཁོར་ལོ་ཅན་གྱི་འཁོར་ལོ་སེར་པོ་ཆེན་པོའོ། །གཞན་རྣམས་ཀྱི་བཤད་མ་ཐག་པ་སྔ་མ་བཞིན་ནོ། །ཡང་ན་གཤིན་རྗེ་གཤེད་ལ་སོགས་པ་བཞི་པོ་རྣམས་ཀྱི་

རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུ་རྣམས་ཏེ། གཞན་རྣམས་ཀྱི་བཤད་མ་ཐག་པ་སྔ་མ་བཞིན་ནོ། །བདེ་མཆོག་གི་དཀྱིལ་འཁོར་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་གནས་པའི་ཉི་མ་ལ་དཔལ་བདེ་མཆོག་གི་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་ཁ་གྱེས་པའོ། །ཕྱོགས་

བཞིའི་འདབ་མ་ལ་མཁའ་འགྲོ་མ་དང་། ལཱ་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ཀྱི་གྲི་གུག་རྣམས་སོ། །མཚམས་ཀྱི་འདབ་མ་རྣམས་ལ་པདྨའི་སྣོད་རྣམས་སོ། །ཐུགས་ཀྱི་འཁོར་ལོ་ལ་སོགས་པའི་རྩིབས་ཉི་ཤུ་རྩ་བཞི་ལ་རབ་ཏུ་གཏུམ་མོ་དང་། གཏུམ་མིག་མ་དང་། འོད་ལྡན་མ་

དང་། སྣ་ཆེན་མ་དང་། དཔའ་བོའི་བློ་ཅན་མ་དང་། མིའུ་ཐུང་མ་དང་། ལང་ཀའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་དང་། ས་སྲུང་མ་དང་། འཇིགས་བྱེད་ཆེན་མོ་དང་། རླུང་གི་ཤུགས་ཅན་མ་དང་། ཆང་འཐུང་མ་དང་། ལྷ་མོ་སྔོ་བསངས་མ་དང་། རབ་ཏུ་བཟང་མོ་དང་། རྟ་རྣ་མོ་དང་། བྱ་གདོང་མ་དང་། འཁོར་

ལོའི་ཤུགས་ཅན་མ་དང་། དུམ་སྐྱེས་མ་དང་། ཆང་འཚོང་མ་དང་། འཁོར་ལོའི་གོ་ཆ་མ་དང་། རབ་ཏུ་དཔའ་མོ་དང་། སྟོབས་ཅན་མོ་དང་། འཁོར་ལོས་སྒྱུར་མ་དང་། བརྩོན་འགྲུས་ཆེན་མོ་རྣམས་ཀྱི་གྲི་གུག་གོ། །གཙོ་བོ་མ་ཡིན་པའི་ཕྱིར་དཔའ་བོ་རྣམས་ཀྱི་མཚན་མ་ནི་མི་བྲིའོ། །སྒོ་རྣམས་སུ་ཁྭ་

གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་རྣམས་དང་། མཚམས་སུ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མོ་དང་། གཤིན་རྗེ་འཇོམས་མ་རྣམས་ཀྱི་སྣ་ཚོགས་ཆུ་སྐྱེས་དང་། ཉི་མ་རྣམས་ལ་གྲི་གུག་གོ། །འདིར་ཤར་ལ་སོགས་པའི་

Vol. 75 · folio 43b

ཕྱོགས་སུ་གཡོན་སྐོར་དུ་དང་། མེ་ལ་སོགས་པའི་མཚམས་སུ་གཡས་སྐོར་དུ་མཚན་མ་དགོད་དོ། །ཕྱི་ངོས་སུ་ཟླུམ་པོའི་ཐིག་ལས་ཕྱི་རོལ་གྱི་མཚམས་ཀྱི་ཆར་བུམ་པ་རྣམས་བྲིའོ། །དེ་ལས་གཞན་པའི་འཁོར་ལོ་སྡོམ་པ་དང་། རྡོ་རྗེ་ཕག་མོའི་དཀྱིལ་འཁོར་རྣམས་ཀྱི་མཚན་མ་རྣམས་ནི་རྫོགས་

པའི་རྣལ་འབྱོར་གྱི་ཕྲེང་བར་བརྗོད་དོ། །ཉི་ཤུ་རྩ་ལྔའི་བདག་ཉིད་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་ཆུ་སྐྱེས་ལ་ཉི་མར་ཅང་ཏེའུའོ། །ལྷ་མོ་ཉི་ཤུ་རྩ་བཞི་རྣམས་ཀྱི་གྲི་གུག་རྣམས་ཏེ་ཤར་ལ་སོགས་པའི་ཕྱོགས་སུ་གཡོན་སྐོར་དང་། མེ་ལ་སོགས་པའི་མཚམས་སུ་གཡས་སྐོར་

རོ། །དེ་ལ་འཁོར་ལོ་ནག་པོའི་རྩིབས་ཀྱི་སྟེང་དུ་ཕྱོགས་ཀྱི་འདབ་མ་ལ་ལེགས་ཕྲེང་ཅན་མ་དང་། ཐོད་པ་ཅན་མ་དང་། འཇིགས་མ་དང་། མི་ཐུབ་མ་རྣམས་ཀྱིའོ། །མཚམས་ཀྱི་འདབ་མ་རྣམས་ལ་ཐོད་པ་རྣམས་སོ། །དེ་ནས་རྡོ་རྗེ་སྔོན་པོའི་ཕྲེང་བའོ། །རིམ་པ་གཉིས་པ་ལ་རྩིབས་བརྒྱད་དམར་པོ་

ལ་གནས་པའི་ཆུ་སྐྱེས་བརྒྱད་རྣམས་ལ་ཕྱོགས་རྣམས་སུ་དགེ་བའི་སྐེ་རགས་མ་དང་། གཟུགས་ཅན་མ་དང་། རྣམ་རྒྱལ་མ་དང་། འོད་ཅན་མ་རྣམས་ཀྱིའོ། །མཚམས་རྣམས་སུ་དུས་ཅན་མ་དང་། མཚོ་ཆེན་མ་དང་། བྱེད་མ་དང་། གསོད་མ་རྣམས་ཀྱིའོ། །དེ་ནས་རྡོ་རྗེ་ཕྲེང་བ་དམར་པོའོ། །རིམ་

པ་གསུམ་པར་རྩིབས་བརྒྱད་དཀར་པོ་ལ་གནས་པའི་པདྨ་འདབ་བརྒྱད་ལ་ཕྱོགས་སུ་སྒྲོལ་མ་དང་། འཇིགས་མཐོང་མ་དང་། ལེགས་མཐོང་མ་དང་། ཐུབ་དཀའ་མ་རྣམས་ཀྱིའོ། །མཚམས་རྣམས་སུ་དགེ་མ་དང་། གྲིབ་གནོན་མ་དང་། དུས་མཚན་མ་དང་། གྲགས་ཆེན་མ་རྣམས་ཀྱིའོ། །

དེ་ནས་རྡོ་རྗེ་ཕྲེང་བ་དཀར་པོའོ། །སྒོའི་པདྨ་རྣམས་ལ་མཛེས་མ་དང་། ནོར་འཛིན་མ་དང་། སྐལ་བཟང་མོ་དང་། མཐོང་བ་ཡིད་འོང་མ་རྣམས་ཀྱིའོ། །པདྨ་ཉི་ཤུའི་སྟེང་དུ་ཉི་མ་རྣམས་ལ་གྲི་གུག་རྣམས་སོ་ཞེས་གདམས་སོ། །རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་གྱི་དབང་ཕྱུག་གི་སྣ་ཚོགས་

པདྨ་དང་། རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་རེའུ་མིག་རྣམས་ལ་པདྨ་དང་ཉི་མ་ལ་གནས་པའི་ཁ་ཊྭཱཾ་ག་རྣམས་སོ། །དབང་ལྡན་དང་མེ་ལ་སོགས་པའི་རེའུ་མིག་རྣམས་ལ་ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་དང་། དགྲ་སྟ་དང་། དབྱུག་པའོ། །ཤར་ལ་སོགས་པའི་རེའུ་མིག་

Vol. 75 · folio 44a

རྣམས་ལ་ཁ་ཊྭཱཾ་ག་རྣམས་ཀྱི་ཕྱི་ངོས་སུ་རིམ་པ་བཞིན་དུ་ཁར་བསྡུས་པའི་ལག་པ་གཉིས་དང་། སྙིམ་པ་སྦྱར་བ་དང་ཁྲག་གི་སྙིམ་པ་དང་། གཏུན་ཤིང་ངོ་། །ཁ་ཊྭཱཾ་ག་ལ་སོགས་པའི་མཚན་མ་རྣམས་པདྨ་དང་ཉི་མར་གནས་པའོ། །འོད་ཟེར་གྱི་ཁོར་ཡུག་གི་ཕྱི་རོལ་གྱི་ཤར་ཕྱོགས་སུ་

བདུད་རྩིའི་ཐོད་པ་གསུམ་མོ། །བྱང་དུ་སྒྲོན་མའི་ཐོད་པ་གསུམ་དང་། ནུབ་དུ་གཏོར་མའི་ཐོད་པ་གསུམ་དང་། ལྷོར་བཏུང་བའི་ཐོད་པ་གསུམ་དང་། དབང་ལྡན་དུ་སྙེམས་པའི་ལག་པ་དང་། དྲིའི་སྣོད་དོ། །མེར་ནི་པི་ཝང་དང་། མེ་ཏོག་གི་ཟ་མ་ཏོག་གོ། །བདེན་བྲལ་དུ་སྡིགས་མཛུབ་ཀྱི་ལག་པ་དང་སྤོས་

སྣོད་དོ། །རླུང་དུ་ཐལ་མོ་དང་མར་མེའོ། །དེ་ནས་རྡོ་རྗེ་ཕྲེང་བའི་ཁོར་ཡུག་གི་ཕྱིའི་ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་སོ་སོར་བཞི་བཞི་དང་སྒོ་དང་མཚམས་སུ་བརྒྱད་དེ་ཁ་ཊྭཱཾ་ག་ཉེར་བཞིའོ། །བདུད་རྩིའི་ཐོད་པ་ལ་སོགས་པ་ནི་མཚོ་སྐྱེས་མ་ཉི་མ་ལ་གནས་པའོ། །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ་སྣ་

ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁ་གྱེས་པའོ། །ཤར་དང་ལྷོ་ལ་སོགས་པའི་རའི་རྩ་བ་རྣམས་སུ་རྟག་པ་དང་། རིན་ཆེན་དབང་པོ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་། རིན་པོ་ཆེ་

ལྗང་གུ་ཆ་དགུ་པ་དང་། པདྨ་དམར་པོ་འདབ་མ་བརྒྱད་པ་དང་། རལ་གྲི་ལྗང་གུ་རྣམས་སོ། །སྣ་ཚོགས་རྡོ་རྗེའི་མེ་དང་། བདེན་བྲལ་ལ་སོགས་པའི་གྲྭར་རྡོ་རྗེ་ཙརྩི་ཀ་དང་། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན་མ་དང་། དཀར་མོ་རྣམས་ཀྱི་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲིའོ། །དེ་ནས་རྡོ་རྗེ་ཕྲེང་

བའོ། །དེ་ནས་སྣ་ཚོགས་རྡོ་རྗེའི་ཕྱོགས་སོ་སོར་ར་ལྔའོ། །ཤར་དང་ལྷོ་ལ་སོགས་པའི་སྒོ་རྣམས་སུ་ཐོ་བ་གཤིན་རྗེ་གཤེད་དང་། དབྱུག་པ་གཤིན་རྗེ་གཤེད་དང་། པདྨ་གཤིན་རྗེ་གཤེད་དང་། རལ་གྲི་གཤིན་རྗེ་གཤེད་རྣམས་ཀྱི་རྡོ་རྗེ་རྩེ་མོ་ཉི་ཤུ་པས་མཚན་པའི་ཐོ་བ་དང་། དབྱུག་པ་དཀར་པོ་དང་།

པདྨ་དམར་པོ་དང་། རལ་གྲིའོ། །འདིར་རྟག་པ་དང་། ལྷ་མོ་རྣམས་ཀྱི་མཚན་མ་ནི་ཟླ་བ་ལ་གནས་པའོ། །གཞན་གྱི་ནི་ཉི་མ་ལ་གནས་པའོ། །ཉི་མ་དང་ཟླ་བའི་འོག་ཏུ་ནི་སྣ་ཚོགས་པདྨའོ། །དཀྱིལ་འཁོར་གྱི་མཚམས་རྣམས་སུ་པདྨ་ལ་གནས་པའི་ཐོད་པ་བཞིའོ། །རའི་གློ་རྣམས་སུ་བུམ་པ་

Vol. 75 · folio 44b

རྣམས་སོ། །རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ལ་རྡོ་རྗེ་རྩེ་དགུ་པ་གསེར་གྱི་མདོག་ཅན་ནོ། །ཤར་དང་ལྷོ་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ལ་མེ་ཏོག་སྒྲོལ་མ་དང་། བདུག་སྤོས་སྒྲོལ་མ་དང་། མར་མེ་སྒྲོལ་མ་དང་། དྲིའི་སྒྲོལ་མ་རྣམས་ཀྱི་མེ་ཏོག་གི་ཕྲེང་བ་དང་།

སྤོས་ཕོར་དང་། མར་མེའི་ཀོང་བུ་དང་། དྲིའི་དུང་ཆོས་རྣམས་སོ། །མེ་ལ་སོགས་པའི་འདབ་མར་རྟག་པ་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་རྣམ་པར་དག་པའི་འཁོར་ལོ་དང་། རྡོ་རྗེ་དང་། པདྨ་དང་། རལ་གྲི་རྣམས་སོ། །ཤར་དང་ལྷོ་ལ་སོགས་པའི་སྒོ་རྣམས་

སུ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་ལྕགས་ཀྱུ་ལ་སོགས་པ་སྔ་མ་བཞིན་ཏེ། སྣ་ཚོགས་པདྨ་དང་ཉི་མ་ལའོ། །རྡོ་རྗེ་ལྕགས་ཀྱུ་མའི་ཕྱི་ངོས་སུ་གཙུག་ཏོར་རྣམ་པར་རྒྱལ་བའི་འཁོར་ལོ་སྣ་ཚོགས་པདྨ་དང་ཉི་མ་ལའོ། །རྡོ་རྗེ་ལྕགས་སྒྲོག་མའི་

ཕྱི་ངོས་སུ་རྡོ་རྗེ་གནོད་མཛེས་མའི་སྦྲུལ་གྱི་ཞགས་པ་སྟེ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལའོ། །མེ་ལ་སོགས་པའི་མཚམས་སུ་པདྨ་ལ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་སྒྲོལ་མ་རྣམས་ཀྱི་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་ཀྱི་བུམ་པ་དང་། རི་རབ་དང་མེ་ཐབ་དང་རྒྱལ་མཚན་ཆེན་པོའོ། །པདྨའི་

ཕྱི་ངོས་སུ་བུམ་པ་རྣམས་སོ། །འོད་ཟེར་ཅན་གྱི་དཀྱིལ་འཁོར་གྱི་དབུས་ཀྱི་སྣ་ཚོགས་པདྨར་ཉི་མའམ། ཟླ་བ་ལ་མདའ་སྟེ་མཚན་མོ་ཟླ་བ་ལ་གནས་ཤིང་ཉིན་མོ་ཉི་མ་ལ་གནས་ཏེ་ལྷ་མོ་རྣམ་པར་རྒྱུའོ། །ཤར་དང་ལྷོ་ལ་སོགས་པའི་ཕྱོགས་སུ་ཨརྐ་མ་སཱི་དང་། མརྐ་མ་སཱི་དང་། ཨནྡ་ར་དྷ་ན་མ་སཱི་དང་།

ཏེ་ཛོ་མ་སཱིའི་ལྷ་མོ་རྣམས་ཀྱི་གོ་རིམས་བཞིན་དུ་ཁབ་དང་སྐུད་པ་དང་བཅས་པའི་ཁབ་དང་། ཨ་ཤྭ་ཀའི་ཡལ་ག་དང་མདའ་རྣམས་སོ། །མེ་དང་སྲིན་པོ་ལ་སོགས་པའི་མཚམས་རྣམས་སུ་ཨུ་ད་ཡ་མ་སཱི་དང་། གུལྨ་མ་སཱི་དང་། མ་ན་མ་སཱི་དང་། ཙཱི་བ་ར་མ་སཱི་རྣམས་ཀྱི་མཚན་མ་ནི་གོ་རིམས་བཞིན་དུ་ཨརྐ་

མ་སཱི་ལ་སོགས་པའི་མཚན་མ་བཞིན་ནོ། །ཕྱིའི་ཕོ་བྲང་གི་སྣམ་བུའི་ཤར་དུ་མ་ཧཱ་ཙི་བ་ར་མ་སཱི་དང་། བ་ར་ཧ་མུ་ཁའི་ལྷ་མོ་དག་གི་རྡོ་རྗེ་དང་ལྕགས་ཀྱུ་གཉིས་སོ། །ལྷོ་ཕྱོགས་སུ་ལྷ་མོ་པ་དཱ་ཀྲ་མ་སཱི་དང་། བ་ར་ལཱི་དག་གི་ཨ་ཤོ་ཀའི་འདབ་མ་གཉིས་སོ། །ནུབ་ཏུ་ལྷ་མོ་པ་ར་ཀྲ་མ་སཱི་དང་། བ་ད་ལཱི་དག་གི་མདའ་

Vol. 75 · folio 45a

གཉིས་སོ། །བྱང་དུ་ལྷ་མོ་ཨུརྨ་མ་སཱི་དང་། བ་རཱ་ལཱི་དག་གི་ཁབ་གཉིས་སོ། །མེ་ལ་སོགས་པའི་མཚམས་སུ་བཏྟཱ་ལཱི་དང་། བཏྟ་ལཱི་དང་། བ་རཱ་ལཱ་དང་། བ་རཱ་ཧ་མུ་ཁི་རྣམས་ཀྱི་ཁབ་དང་སྐུད་པ་དང་བཅས་པའི་ཁབ་དང་ཨ་ཤོ་ཀའི་ལོ་མ་དང་མདའ་རྣམས་སོ། །ཤར་སྒོར་ལྷ་མོ་ཨ་ལོའི་

རྡོ་རྗེ་ལྕགས་ཀྱུའོ། །ལྷོར་ལྷ་མོ་ཏ་ལོའི་རྡོ་རྗེ་ཞགས་པའོ། །ནུབ་དུ་ལྷ་མོ་ཀ་ལོའི་རྡོ་རྗེ་ལྕགས་སྒྲོག་གོ། །བྱང་དུ་ལྷ་མོ་སཙྪ་ལོ་སཾ་བ་མཱུརྡྷི་ཊིའི་རྡོ་རྗེ་དྲིལ་བུའོ། །འདིར་སྒོ་སྐྱོང་མའི་མཚན་མ་རྣམས་ནི་པདྨ་དང་ཉི་མ་ལ་གནས་པའོ། །གཞན་དག་གི་ནི་པདྨ་དང་ཟླ་བ་ལའོ། །སྲུང་བ་ལྔའི་དཀྱིལ་འཁོར་ལ་དབུས་

སུ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཟླ་བ་ལ་སོ་སོར་འབྲང་མ་ཆེན་མོའི་རིན་པོ་ཆེའི་ཆུན་པོའོ། །ཤར་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་འཁོར་ལོའོ། །ལྷོར་སྣ་ཚོགས་པདྨ་དང་ཉི་མ་ལ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་པའི་རྡོ་རྗེའོ། །ནུབ་ཏུ་སྣ་ཚོགས་པདྨ་དང་ཉི་མ་ལ་བསིལ་

བའི་ཚལ་ཆེན་མོའི་པདྨའོ། །བྱང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་རྨ་བྱ་ཆེན་མོའི་རྨ་བྱའི་མཇུག་སྒྲོའོ། །རིམ་པ་གཉིས་པར་མེ་ལ་སོགས་པའི་མཚམས་སུ་ནག་མོ་དང་། དུས་མཚན་མོ་དང་། རྣ་བ་ནག་མོ་དང་། དཀར་མོ་རྣམས་ཀྱི་དུང་དང་། རྡོ་རྗེས་མཚན་པའི་རྒྱལ་མཚན་དང་། དགྲ་སྟྭ་དང་། རྩེ་གསུམ་

རྣམས་སོ། །སྣམ་བུ་རྣམས་ལ་བུམ་པ་རྣམས་སོ། །ཤར་ལ་སོགས་པའི་སྒོར་སྣ་ཚོགས་པདྨ་དང་ཉི་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་རྡོ་རྗེ་རྩེ་ལྔ་པ་

དཀར་པོའོ། །ལྟེ་བའི་ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མར་ཟླ་བ་རྣམས་ལ་གོ་རིམས་བཞིན་དུ་གཡས་སྐོར་དུ་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་རྡོ་རྗེ་དམར་པོ་རྩེ་ལྔ་པ་དང་། རྡོ་རྗེ་རྩེ་ལྔ་པའི་རྩེ་མོ་ཅན་གྱི་རིན་པོ་ཆེ་དང་། རྡོ་རྗེ་རྩེ་ལྔ་པས་མཚན་

པའི་པདྨ་འདབ་བརྒྱད་དཀར་དམར་དང་། དེ་བཞིན་གཤེགས་པ་ལྔའི་ཁ་དོག་གི་སྣ་ཚོགས་རྡོ་རྗེའོ། །ཤར་ལ་སོགས་པའི་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་རྣམས་ལ་གོ་རིམས་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་སྔོན་

Vol. 75 · folio 45b

པོ་དང་། རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། མི་བསྐྱོད་པའི་པདྨའི་ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མར་ཟླ་བ་རྣམས་ལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་རྣམས་ཀྱི་རིམ་པ་བཞིན་དུ་རྡོ་རྗེ་རྩེ་ལྔ་པ་དང་། རྡོ་རྗེ་ལྕགས་ཀྱུ་དང་། མདའ་

དང་། རྡོ་རྗེའོ། །རིན་ཆེན་འབྱུང་ལྡན་གྱི་པདྨ་ལ་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་ཏོག་དང་། རྡོ་རྗེ་བཞད་པ་རྣམས་ཀྱི་རིམ་པ་བཞིན་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་དང་། ཉི་མ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སོའི་ཕྲེང་བ་དང་ལྡན་པའི་

རྡོ་རྗེའོ། །སྣང་བ་མཐའ་ཡས་ཀྱི་རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་སྲུང་བ་རྣམས་ཀྱི་པདྨ་དམར་པོ་དང་། རལ་གྲི་དང་། འཁོར་ལོ་རྩིབས་བརྒྱད་པ་དང་། རྡོ་རྗེ་རྩེ་གཅིག་པའི་ལྕེའོ། །དོན་ཡོད་གྲུབ་པའི་རྡོ་རྗེ་ལས་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་

རྣམས་ཀྱི་སྣ་ཚོགས་རྡོ་རྗེ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེས་མཚན་པའི་མཆེ་བ་དང་། རྡོ་རྗེ་རྩེ་ལྔ་པའོ། །མི་བསྐྱོད་པ་ལ་སོགས་པ་སོ་སོའི་བྱང་ཆུབ་སེམས་དཔའ་གསུམ་པའི་མཚན་མ་ནི་བྱང་གི་འདབ་མར་དང་། བཞི་པའི་མཚན་མ་ནི་ནུབ་ཀྱི་འདབ་མ་ལ་བྲི་བར་བྱའོ། །མེ་ལ་སོགས་པའི་པདྨའི་ལྟེ་

བའི་ཟླ་བ་རྣམས་ལ་རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་གར་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་། རྡོ་རྗེའོ། །དབུས་ཀྱི་གཞལ་ཡས་ཁང་ལས་ཕྱི་རོལ་གྱི་སྣམ་བུའི་ཤར་དུ་བྱམས་པ་དང་། མཐོང་བ་དོན་ཡོད་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་

དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་རྣམས་ཀྱི་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་རྣམས་སོ། །ལྷོ་ཕྱོགས་སུ་སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་དང་། ཡེ་ཤེས་ཏོག་རྣམས་ཀྱི་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་རིན་པོ་ཆེ་རྣམས་སོ། །ནུབ་ཏུ་འོད་དཔག་མེད་

དང་། ཟླ་འོད་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་རྣམས་ཀྱི་ཆུ་སྐྱེས་དང་། ཟླ་བ་རྣམས་ལ་རྡོ་རྗེ་པདྨ་རྣམས་སོ། །བྱང་དུ་རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་པ་དང་། ཀུན་དུ་བཟང་པོ་རྣམས་ཀྱི་པདྨ་དང་ཟླ་བ་རྣམས་ལ་སྣ་ཚོགས་རྡོ་རྗེ་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་མེ་

Vol. 75 · folio 46a

ལ་སོགས་པའི་གྲྭ་རྣམས་སུ་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་བདུག་སྤོས་མ་དང་། རྡོ་རྗེ་མེ་ཏོག་མ་དང་། རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་དྲི་ཆབ་མ་རྣམས་ཀྱི་མཚན་མ་ནི་སྔ་མ་བཞིན་ནོ། །ཤར་ལ་སོགས་པའི་སྒོར་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་

དང་། རྡོ་རྗེ་འབེབས་པ་རྣམས་ཀྱི་མཚན་མ་རྣམས་སོ། །སྣམ་བུ་རྣམས་ལ་བུམ་པ་རྣམས་སོ། །བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ཕྱིའི་དཀྱིལ་འཁོར་གྱི་རྩིག་པ་ལྔ་ནི་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་དང་། སེར་པོ་སྟེ། ཤར་ལ་སོགས་པའི་

ཕྱོགས་དང་། དབུས་ཀྱིས་ཐམས་ཅད་ཀྱང་ངོ་། །དཀྱིལ་འཁོར་གཉིས་པ་ལ་རྩིག་པ་གསུམ་སྟེ། སྔོན་པོ་དང་། དཀར་པོ་དང་། སེར་པོའོ། །འཁོར་ལོ་གསུམ་པ་ལ་རྩིག་པ་དཀར་པོ་གཅིག་གོ། །དེ་ལ་དབུས་ཀྱི་ས་གཞི་སེར་པོ་ལ་སྣ་ཚོགས་པདྨ་དང་ཟླ་བ་ལ་འཇམ་དཔལ་གྱི་རལ་གྲི་ཡུ་བ་སེར་པོ་ཅན་

ནོ། །ཤར་ལ་སོགས་པའི་རེ་མིག་གི་ཉི་མ་ལ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་རྡོ་རྗེ་སྔོན་པོ་དང་། རིན་པོ་ཆེ་དང་། པདྨ་དཀར་པོ་དང་། རལ་གྲིའོ། །དབང་ལྡན་ལ་སོགས་པའི་རེའུ་མིག་གི་ཟླ་བ་རྣམས་ལ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་

དཀར་མོ་དང་། སྒྲོལ་མ་རྣམས་ཀྱི་རྡོ་རྗེ་སེར་པོ་དང་། རྡོ་རྗེ་སྔོན་པོ་དང་། རྡོ་རྗེ་དཀར་པོ་དང་། རྡོ་རྗེ་ལྗང་གུའོ། །རིམ་པ་གཉིས་པའི་དཀྱིལ་འཁོར་ལ་ཤར་ལ་སོགས་པའི་ཕྱོགས་སུ་ཟླ་བ་རྣམས་ལ་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་

མཚན་མ་ནི་མི་བསྐྱོད་པ་ལ་སོགས་པ་བཞིན་ནོ། །དབང་ལྡན་ལ་སོགས་པའི་མཚམས་སུ་ཟླ་བ་རྣམས་ལ་ཙུནྡ་དང་། རིན་ཆེན་དཀར་མདའ་དང་། ཁྲོ་གཉེར་ཅན་དང་། རྡོ་རྗེ་ལྕགས་སྒྲོག་མ་རྣམས་ཀྱི་རལ་གྲི་དང་། རིན་པོ་ཆེ་སེར་པོ་དང་། རྡོ་རྗེ་དཀར་པོ་དང་། རྡོ་རྗེ་ལྕགས་སྒྲོག་ལྗང་གུ་རྣམས་སོ། །

རིམ་པ་གསུམ་པའི་དཀྱིལ་འཁོར་ལ་ཤར་གྱི་ཟླ་བ་རྣམས་ལ་བྱམས་པ་དང་། འཇམ་དཔལ་དང་། སྤོས་ཀྱི་གླང་པོ་དང་། ཡེ་ཤེས་ཏོག་རྣམས་ཀྱི་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་དང་། རལ་གྲི་དང་། ལག་ལྡན་གྱི་སྣམ་བུ་ལ་གནས་པ་དང་། ཡིད་བཞིན་གྱི་ནོར་བུ་སེར་པོའོ། །ལྷོའི་ཟླ་བ་

Vol. 75 · folio 46b

རྣམས་ལ་བཟང་སྐྱོང་དང་། བློ་གྲོས་རྒྱ་མཚོ་དང་། བློ་གྲོས་མི་ཟད་དང་། སྤོབས་པ་བརྩེགས་པ་རྣམས་ཀྱི་མདའ་དམར་པོ་དང་། དཀར་པོ་དང་སེར་པོ་དང་། ལྗང་གུའོ། །ནུབ་ཀྱི་ཟླ་བ་རྣམས་ལ་མཐུ་ཆེན་ཐོབ་པ་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་

པའི་བློ་གྲོས་དང་། དྲ་བ་ཅན་གྱི་འོད་རྣམས་ཀྱི་པདྨ་དཀར་པོ་དང་། མདའ་དཀར་པོ་དང་། མདའ་སེར་པོ་དང་། ཨུཏྤ་ལ་དམར་པོ་ལ་གནས་པའི་ཉི་མའོ། །བྱང་ཕྱོགས་ཀྱི་ཟླ་བ་རྣམས་ལ་ཟླ་འོད་དང་། འོད་དཔག་མེད་དང་། ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་

རྣམས་ཀྱི་ཨུཏྤལ་ལ་གནས་པའི་ཟླ་བ་དང་། བུམ་པ་དམར་པོ་དང་། མདའ་སེར་པོ་དང་། མདའ་སྔོན་པོའོ། །འདིར་གོ་རིམས་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་སུ་ལོགས་གཉིས་ཀྱི་སྣམ་བུ་ལ་མཚན་མ་གཉིས་གཉིས་སོ། །ཤར་ལ་སོགས་པའི་སྒོར་ཉི་མ་རྣམས་ལ་གཤིན་རྗེ་

མཐར་བྱེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་རྣམས་ཀྱི་རལ་གྲི་ཡུ་བ་ནག་པོ་ཅན་དང་། རྡོ་རྗེ་སེར་པོ་དང་། རྡོ་རྗེ་དབྱུག་པ་དམར་པོ་དང་། རལ་གྲི་ཡུ་བ་སྔོན་པོ་ཅན་དང་། དབང་ལྡན་ལ་སོགས་པའི་མཚམས་ཀྱི་ཉི་མ་རྣམས་ལ་མི་གཡོ་བ་དང་། འདོད་པའི་

རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་སྔོན་པོ་དང་། རྡོ་རྗེ་སྔོན་པོ་དང་། རྡོ་རྗེ་དབྱུག་པ་སྔོན་པོ་དང་། རྡོ་རྗེ་དབྱུག་པ་སྔོན་པོའོ། །གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་རོལ་དུ་ཉི་མ་ལ་གནོད་མཛེས་ཀྱི་རལ་གྲིའོ། །རྟ་མགྲིན་གྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་རྡོ་རྗེ་ས་འོག་

གི་རྡོ་རྗེ་ལྕགས་ཀྱུའོ། །ཟླ་བ་དང་ཉི་མ་ཐམས་ཅད་ཀྱི་འོག་ཏུ་སྣ་ཚོགས་ཆུ་སྐྱེས་སོ། །སྣམ་བུ་རྣམས་ལ་བུམ་པ་རྣམས་སོ། །ཁ་ཅིག་ཏུ་ནི་གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་དང་དེའི་ཕྱི་ངོས་སུ་གནོད་མཛེས་ཀྱི་རལ་གྲིའོ་ཞེས་གསུངས་སོ། །

ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ལ་ནང་གི་འཁོར་ལོ་ཚོན་དཀར་པོས་དགང་བར་བྱའོ། །གཞན་ནི་སྔ་མ་བཞིན་ནོ། །དབུས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ལ་འཇམ་པའི་དབྱངས་ཀྱི་རལ་གྲི་ཡུ་བ་སེར་པོ་ཅན་ནོ། །ཤར་ལ་སོགས་པ་དང་དབང་ལྡན་

Vol. 75 · folio 47a

ལ་སོགས་པའི་འདབ་མའི་ཟླ་བ་རྣམས་ལ་གོ་རིམས་བཞིན་གཡས་སྐོར་དུ་གཙུག་ཏོར་ཆེན་པོ་དང་། གདུགས་དཀར་པོ་དང་། གཟི་བརྗིད་ཕུང་པོ་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་དང་། འོད་ཟེར་རྣམ་པར་འཕྲོ་བ་དང་། འཕགས་པ་དང་། ཆེར་འཕགས་པ་དང་། རྒྱལ་

བ་སྟེ་གཙུག་ཏོར་བརྒྱད་པོ་རྣམས་ཀྱི་འཁོར་ལོ་སེར་པོ་རྣམས་སོ། །ཤར་གྱི་རེ་མིག་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་མི་བསྐྱོད་པའི་རྡོ་རྗེ་སྔོན་པོའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་།

རྡོ་རྗེ་ལེགས་པ་རྣམས་ཀྱི་རྡོ་རྗེ་དང་། རྡོ་རྗེ་ལྕགས་ཀྱུ་དང་། མདའ་དང་རྡོ་རྗེའོ། །ལྷོའི་རེ་མིག་གི་དབུས་སུ་སྣ་ཚོགས་པདྨ་དང་། ཉི་མ་ལ་རིན་ཆེན་འབྱུང་ལྡན་གྱི་ཡིད་བཞིན་གྱི་ནོར་བུ་སེར་པོའི་རྒྱལ་མཚན་ནོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་སྣ་ཚོགས་ཆུ་སྐྱེས་དང་། ཟླ་བ་རྣམས་ལ་རྡོ་རྗེ་

རིན་ཆེན་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་ཏོག་དང་། རྡོ་རྗེ་བཞད་པ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་དང་། ཉི་མའི་དཀྱིལ་འཁོར་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེའོ། །ནུབ་ཀྱི་རེ་མིག་གི་དབུས་སུ་སྣ་ཚོགས་པདྨར་ཉི་མ་ལ་

སྣང་བ་མཐའ་ཡས་ཀྱི་པདྨ་དམར་པོའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་རྡོ་རྗེ་རྒྱུ་དང་རྡོ་རྗེ་སྲུང་བ་རྣམས་ཀྱི་པདྨ་དང་། རལ་གྲི་དང་། ཆོས་ཀྱི་འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་པའི་ལྕེའོ། །བྱང་ཕྱོགས་ཀྱི་རེ་མིག་གི་

དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་དོན་ཡོད་གྲུབ་པའི་རལ་གྲིའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་ལས་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་རྣམས་ཀྱི་རྡོ་རྗེ་རྩེ་གསུམ་པ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེས་མཚན་པའི་མཆེ་བ་

དང་། རྡོ་རྗེ་རྩེ་ལྔ་པའོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་རེ་མིག་གི་པདྨ་དང་ཟླ་བ་རྣམས་ལ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཀྱི་མཚན་མ་རྣམས་ནི་འཇམ་པའི་དབྱངས་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་མཚན་མ་

Vol. 75 · folio 47b

བཞིན་ནོ། །ཤར་ལ་སོགས་པའི་སྒོར་སྣ་ཚོགས་པདྨ་དང་ཉི་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་འབེབས་པ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །ནང་གི་དཀྱིལ་འཁོར་འདི་ལས་དཀྱིལ་འཁོར་གཉིས་པར་ཤར་ཕྱོགས་སུ་སྣ་ཚོགས་པདྨ་

དང་ཟླ་བ་རྣམས་ལ་ས་བཅུ་གཉིས་སོ། །མོས་པས་སྤྱོད་པ་དང་། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་དུ་འོད་ཀྱི་

ས་རྣམས་ཀྱི་གོ་རིམས་བཞིན་དུ་གཡས་སྐོར་དུ་པདྨ་དམར་པོ་དང་། ཡིད་བཞིན་གྱི་ནོར་བུ་དང་། པདྨ་དཀར་པོ་དང་། སྣ་ཚོགས་པདྨ་ལ་གནས་པའི་ཉི་མ་དང་། ཨུཏྤ་ལ་དང་། ནོར་བུ་མརྒད་དང་། པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། སྣ་ཚོགས་ཆུ་སྐྱེས་ཀྱི་སྟེང་དུ་སྣ་ཚོགས་

རྡོ་རྗེ་ཡུ་བ་དང་བཅས་པའི་པདྨ་དང་། ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོ་དང་། ཨུཏྤ་ལའི་སྟེང་དུ་རལ་གྲི་དང་། ཆོས་ཀྱི་སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། པདྨ་ལ་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུའོ། །ལྷོར་སྣ་ཚོགས་པདྨ་

དང་ཟླ་བ་རྣམས་ལ་རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་

རྣམས་ཀྱི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་འབྲུ་སྣ་ཚོགས་པའི་རིན་པོ་ཆེའི་སྙེ་མ་དང་། ལོ་མ་དང་བཅས་པའི་ཨ་ཤོ་ཀའི་མེ་ཏོག་གི་ཆུན་པོ་དང་། པདྨ་དཀར་པོ་དང་། ཨུཏྤ་ལ་སྔོན་པོ་དང་། པདྨ་དཀར་པོ་དང་། པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། ཆུ་སྐྱེས་སེར་པོ་ལ་

གནས་པའི་རྡོ་རྗེ་དང་། ཨུཏྤལ་ལ་གནས་པའི་རལ་གྲི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། རིན་པོ་ཆེ་སྣ་ཚོགས་པའི་འབྲས་བུས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་དང་། ཨུཏྤལ་ལ་གནས་པའི་སྣ་ཚོགས་རྡོ་རྗེའོ། །ནུབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་། ཟླ་བ་རྣམས་ལ་ཚེ་དང་།

Vol. 75 · folio 48a

སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། རྫུ་འཕྲུལ་དང་། མོས་པ་དང་། སྨོན་ལམ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་རྣམས་དང་། དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་བྱང་ཆུབ་སྟེ། དབང་བཅུ་གཉིས་རྣམས་ཀྱི་ནོར་བུ་པདྨ་རཱ་ག་ལ་གནས་པའི་ཏིང་ངེ་

འཛིན་གྱི་ཕྱག་རྒྱ་དང་ལྡན་པའི་ཚེ་དཔག་མེད་པའི་སངས་རྒྱས་ཀྱི་གཟུགས་དང་། རྡོ་རྗེ་དམར་པོ་རྩེ་ལྔ་པ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སྣ་ཚོགས་རྡོ་རྗེ་དང་། མེ་ཏོག་ཛཱ་ཏི་ཁ་དོག་སྣ་ཚོགས་པའི་ཡལ་འདབ་དང་། པདྨ་ལ་གནས་པའི་ཉི་ཟླའི་དཀྱིལ་འཁོར་དང་། པྲི་ཡང་ཀུའི་མེ་

ཏོག་གི་སྙེ་མ་དང་། ཨུཏྤ་ལ་སྔོན་པོ་དང་། ཨུཏྤ་ལ་ལ་གནས་པའི་རལ་གྲི་དང་། པདྨ་ལ་གནས་པའི་བུམ་པ་བཟང་པོ་དང་། འདམ་སྐྱེས་དཀར་པོ་དང་། ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའོ། །བྱང་ཕྱོགས་སུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་དབྱིག་གི་བློ་གྲོས་མ་དང་། རིན་པོ་

ཆེའི་སྐར་མདའ་དང་། གཙུག་ཏོར་རྣམ་པར་རྒྱལ་མ་དང་། འོད་ཟེར་ཅན་དང་། རི་ཁྲོད་ལོ་མ་ཅན་དང་། ཛཾ་གུ་ལཱི་དང་། སྒོ་མཐའ་ཡས་མ་དང་། སྐུལ་བྱེད་མ་དང་། ཤེས་རབ་འཕེལ་མ་དང་། ལས་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་མ་དང་། ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་དང་། སངས་

རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ལྡན་མ་རྣམས་ཏེ། གཟུངས་བཅུ་གཉིས་རྣམས་ཀྱི་འབྲས་ཀྱི་སྙེ་མ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། ནོར་བུ་ཟླ་བ་ཆུ་ཤེལ་གྱི་བུམ་པ་དང་། སྐུད་པ་དང་བཅས་པའི་ཁབ་དང་། རྨ་བྱའི་མཇུག་སྒྲོ་དང་། དུག་གི་མེ་ཏོག་གི་ཆུན་པོ་དང་། པདྨ་དམར་པོ་

ལ་གནས་པའི་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་དང་། རིལ་པ་སྤྱི་བླུགས་ལ་ཕྲེང་བ་དཔྱངས་པ་དང་། ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་དང་། རྡོ་རྗེ་རྩེ་གསུམ་པས་མཚན་པའི་པདྨ་དཀར་དམར་དང་། རིན་པོ་ཆེའི་ཟ་མ་ཏོག་དང་། པདྨ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་པའི་དཔེ་སྒྲོམ་མོ། །ཤར་ལ་

སོགས་པའི་སྒོར་ཆུ་སྐྱེས་དང་། ཉི་མ་རྣམས་ལ་ཆོས་སོ་སོ་ཡང་དག་པར་རིག་པ་དང་དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རྡོ་རྗེ་དང་ལྕགས་ཀྱུ་དང་། རིན་པོ་ཆེའི་ཞགས་པ་དང་། མཐའ་གཉིས་སུ་པདྨས་

Vol. 75 · folio 48b

མཚན་པའི་ལྕགས་སྒྲོག་དང་། རྡོ་རྗེ་རྩེ་གསུམ་པས་མཚན་པའི་དྲིལ་བུའོ། །མེ་ལ་སོགས་པའི་མཚམས་སུ་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་། རྡོ་རྗེའོ། །དཀྱིལ་འཁོར་གསུམ་པར་པདྨ་དང་ཟླ་བ་རྣམས་ལ་ཤར་ཕྱོགས་

སུ་ཀུན་དུ་བཟང་པོའི་ཨུཏྤ་ལ་ལ་གནས་པའི་རལ་གྲི་དང་། བློ་གྲོས་མི་ཟད་པའི་རལ་གྲི་དང་། སའི་སྙིང་པོའི་པདྨ་ལ་གནས་པའི་དཔག་བསམ་གྱི་ཤིང་དང་། ནམ་མཁའི་སྙིང་པོའི་རིན་པོ་ཆེའོ། །ལྷོ་ཕྱོགས་སུ་ནམ་མཁའ་མཛོད་ཀྱི་ཡིད་བཞིན་གྱི་ནོར་བུ་དང་། ཕྱག་ན་རིན་ཆེན་གྱི་རིན་པོ་ཆེ་དང་།

བློ་གྲོས་རྒྱ་མཚོའི་དུང་དང་། རྡོ་རྗེ་སྙིང་པོའི་རྡོ་རྗེའོ། །ནུབ་ཏུ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དང་། མཐུ་ཆེན་ཐོབ་ཀྱི་རལ་གྲི་དང་། ཟླ་འོད་ཀྱི་རྡོ་རྗེ་དང་བཅས་པའི་འཁོར་ལོ་དང་། དྲ་བ་ཅན་གྱི་འོད་ཀྱི་རལ་གྲིའོ། །བྱང་དུ་པདྨ་དང་ཟླ་བ་རྣམས་ལ་འོད་དཔག་མེད་དང་། སྤོབས་པ་བརྩེགས་པ་

དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་ཀྱི་སྣ་ཚོགས་པདྨ་དང་། པདྨ་ལ་གནས་པའི་རལ་གྲི་དང་། རྡོ་རྗེ་རྩེ་ལྔ་པ་དང་། རལ་གྲིའོ། །ཤར་ལ་སོགས་པའི་སྒོར་པདྨ་དང་། ཉི་མ་རྣམས་ལ་གཤིན་རྗེ་མཐར་བྱེད་

དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཀྱི་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་སོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་འཇིག་རྟེན་གསུམ་ལས་རྣམ་པར་

རྒྱལ་བ་དང་། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང་། ཧེ་རུ་ཀ་རྡོ་རྗེ་དང་། རྟ་མཆོག་རྣམས་ཀྱི་རལ་གྲི་དང་། རྡོ་རྗེ་དང་། རྡོ་རྗེ་རྩེ་ལྔ་པ་དང་། སྣ་ཚོགས་རྡོ་རྗེ་རྣམས་སོ། །གཤིན་རྗེ་མཐར་བྱེད་ཀྱི་མཚན་མའི་ཕྱིར་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་སེར་པོའོ། །པདྨ་མཐར་བྱེད་ཀྱི་

མཚན་མའི་ཕྱིར་གནོད་མཛེས་ཀྱི་རྡོ་རྗེའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་མཚན་མ་བཞིའི་ཕྱི་ངོས་སུ་དཀྱིལ་འཁོར་གསུམ་པ་ཁོ་ནའི་ཟུར་གྱི་ནང་དུ་རེ་ཁཱ་བྱའོ། །དེའི་ཕྱི་ངོས་ཀྱི་གནས་ཀྱི་མེ་ལ་སོགས་པའི་ཟུར་ཐིག་རྣམས་ཀྱི་གཡས་ལོགས་སུ་གནས་པའི་

Vol. 75 · folio 49a

པདྨ་དང་ཟླ་བ་རྣམས་ལ་མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་སྣོད་དང་། སྤོས་ཕོར་དང་། རིན་པོ་ཆེའི་སྒྲོན་མའི་མཆོད་སྡོང་དང་དུང་ངོ་། །གཡོན་ལོགས་སུ་གནས་པའི་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་གཟུགས་མ་དང་། རྡོ་རྗེ་སྒྲ་མ་

མ་དང་། རྡོ་རྗེ་རོ་མ་དང་། རྡོ་རྗེ་རེག་བྱ་མ་རྣམས་ཀྱི་མེ་ལོང་དང་། པི་ཝང་དང་། རོའི་སྣོད་དང་། གོས་སྣ་ཚོགས་སོ། །ཕྱི་རོལ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ལ་པདྨ་རྣམས་ལ་ཤར་ལ་སོགས་པའི་ཕྱོགས་སུ་དབང་པོ་དང་། གཤིན་རྗེ་དང་། ཆུ་བདག་དང་། ལུས་ངན་པོ་རྣམས་ཀྱི་རྡོ་རྗེ་དང་།

དབྱུག་པ་དང་། ཀླུའི་ཞགས་པ་དང་། ལྕགས་ཀྱུའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་དབང་ལྡན་དང་། མེ་ལྷ་དང་། སྲིན་པོའི་བདག་པོ་དང་། རླུང་ལྷ་རྣམས་ཀྱི་རྩེ་གསུམ་པ་དང་། བླུགས་གཟར་དང་། རལ་གྲི་དང་། རླུང་རས་སོ། །དེ་ནས་དབང་ལྡན་གྱི་ཕྱི་ངོས་དང་ཉེ་བར་

དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། མཚན་མ་རྣམས་རིམ་གྱིས་བྲི་བར་བྱའོ། །དེ་ལ་ཚངས་པའི་བགྲང་ཕྲེང་ངོ་། །ཁྱབ་འཇུག་གི་འཁོར་ལོའོ། །དབང་ཕྱུག་ཆེན་པོའི་རྩེ་གསུམ་པ་དང་། གདོང་དྲུག་གི་ཤག་ཏི་དང་། ཚངས་མོའི་ཕྲེང་བ་དང་། དྲག་མོའི་རྩེ་གསུམ་དང་། ཁྱབ་འཇུག་མའི་འཁོར་

ལོ་དང་། གཞོན་ནུ་མའི་ཤཀྟི་དང་། དབང་མོའི་རྡོ་རྗེ་དང་། ཕག་མོའི་ཉ་རོ་ཧི་ཏ་དང་། ཙ་མུཎྜིའི་གྲི་གུག་དང་། བྷྲྀངྒི་རི་ཏིའི་ཕྲེང་བ་དང་། ཚོགས་བདག་གི་དགྲ་སྟ་དང་། ནག་པོ་ཆེན་པོའི་རྩེ་གསུམ་དང་། དགའ་བྱེད་དབང་ཕྱུག་གི་རྫ་རྔ་དང་། ཉི་མའི་པདྨ་ལ་གནས་པའི་དཀྱིལ་འཁོར་དང་། ཟླ་བའི་

ཀུནྡ་ལ་གནས་པའི་དཀྱིལ་འཁོར་དང་། མིག་དམར་གྱི་གྲི་གུག་དང་། ལྷག་པའི་མདའ་དང་། ཕུར་བུའི་ཕྲེང་བ་དང་། པ་ཝ་སངས་ཀྱི་ཕྲེང་བ་དང་། སྤེན་པའི་དབྱུག་པ་ནག་པོ་དང་། སྒྲ་གཅན་གྱི་ཟླ་བ་དང་། མཇུག་རིངས་ཀྱི་ཀླུའི་ཞགས་པ་དང་། སྟོབས་བཟངས་ཀྱི་གཤོལ་དང་། རྒྱལ་བར་བྱེད་པའི་

མེ་ཏོག་གི་ཕྲེང་བ་དང་། སྦྲང་རྩིར་བྱེད་པའི་ཆུ་སྲིན་གྱི་རྒྱལ་མཚན་དང་། དཔྱིད་ཀྱི་ཟླ་དང་། མཐའ་ཡས་དང་། ནོར་རྒྱས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། རིགས་ལྡན་རྣམས་ཀྱིས་ཐལ་མོ་སྦྱར་བ་འམ། ཡང་ན་རང་རང་གི་ཕའི་མཚན་མ་དང་འདྲ་

Vol. 75 · folio 49b

བའི་མཚན་མའོ། །དེ་ལ་མཐའ་ཡས་དང་རིགས་ལྡན་ནི་བྲམ་ཟེ་སྟེ་མེ་ལྷའི་བུའོ། །ནོར་རྒྱས་དང་དུང་སྐྱོང་ནི་རྒྱལ་རིགས་ཏེ་དབང་པོའིའོ། །འཇོག་པོ་དང་པདྨ་ཆེན་པོ་ནི་རྗེའུའི་རིགས་ཏེ་རླུང་ལྷའོ། །སྟོབས་ཀྱི་རྒྱུ་དང་པདྨ་ནི་དམངས་རིགས་ཏེ་ཆུ་ལྷའིའོ། །ཐགས་བཟངས་རིས་དང་། སྟོབས་ལྡན་

དང་། རབ་ཏུ་ཚིམ་བྱེད་དང་། རྣམ་པར་སྣང་བྱེད་ལ་སོགས་པ་ལྷ་མ་ཡིན་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་རལ་གྲི་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པའོ། །ནམ་མཁའ་ལྡིང་གི་དབང་པོའི་ཐལ་མོ་སྦྱར་བའོ། །མིའམ་ཅིའི་རྒྱལ་པོ་ལྗོན་པའི་པི་ཝང་ངོ་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་པི་

ཝང་ངོ་། །རིག་པ་འཛིན་པའི་རྒྱལ་པོ་དོན་ཀུན་གྲུབ་པའི་མེ་ཏོག་གི་ཕྲེང་བའོ། །གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། ནོར་སྦྱིན་དང་། རྣམ་ཐོས་ཀྱི་བུ་དང་། ཙི་པི་ཀུཎྜ་ལི་དང་། ཀི་ལི་མི་ལི་དང་། སྒོའི་དབང་པོ་དང་། སྤྱོད་པའི་དབང་པོ་སྟེ། གནོད་སྦྱིན་གྱི་དབང་པོ་རྣམས་ཀྱི་ཤིང་ཐོག་

བི་ཛ་པཱུ་ར་རྣམས་སོ། །འཕྲོག་མའི་ཆང་བུ་གཉིས་སོ། །ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་དང་། ནམ་སོ་དང་། རྒྱལ་དང་སྐག་དང་། མཆུ་དང་། གྲེ་དང་། དབོ་དང་། མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་།

སྣྲོན་དང་། སྣྲུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། གྲོ་བཞིན་དང་། མོན་གྲེ་དང་། མོན་གྲུ་དང་། ཁྲུམས་སྟོད་དང་། ཁྲུམས་སྨད་དང་། ནམ་གྲུ་དང་། བྱི་བཞིན་རྣམས་ཀྱི་ནི་ལག་པ་ཐལ་མོ་སྦྱར་བའི་ཕྱག་རྒྱ་རྣམས་སོ། །འདིར་ཡང་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །དཀྱིལ་འཁོར་

བཞི་པ་ལ་བུམ་པ་རྣམས་སོ། །ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ལ་རྡོ་རྗེ་ཕྲེང་བ་སྔོན་པོའི་ནང་དུ་འཁོར་ལོ་རྩིབས་བརྒྱད་སེར་པོའི་དབུས་སུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་སེར་པོའོ། །ཤར་ལ་སོགས་པའི་རྩིབས་རྣམས་ལ་ས་གནོན་གྱི་ཕྱག་རྒྱ་དཀར་པོ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་སྔོན་པོ་

དང་། བསམ་གཏན་གྱི་ཕྱག་རྒྱ་དམར་པོ་དང་། མི་འཇིགས་པའི་ཕྱག་རྒྱ་ལྗང་གུ་རྣམས་སོ། །མེ་ལ་སོགས་པའི་རྩིབས་རྣམས་ལ་ཉི་མ་དང་ཡིད་བཞིན་ནོར་བུའི་རྒྱལ་མཚན་དང་། རལ་གྲི་དང་། གདུགས་སོ། །རྡོ་རྗེ་ཕྲེང་བའི་ཕྱིའི་མེ་ལ་སོགས་པའི་མཚམས་རྣམས་སུ་སྒེག་མོ་ལ་སོགས་པའི་

Vol. 75 · folio 50a

མཚན་མའོ། །ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་སྒོའི་གཡོན་དུ་མཚན་མ་གཉིས་ཏེ། གཡས་སུ་ཡང་ངོ་། །དེར་ཀླུ་ཤིང་གི་མེ་ཏོག་དང་། སྤྱན་དང་བཅས་པའི་ཆུ་སྐྱེས་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། དུང་དང་། རལ་གྲི་དང་། པདྨ་ལ་གནས་པའི་ཆོས་ཀྱི་

སྒྲོམ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། བདུད་རྩིའི་བུམ་པ་དང་། པདྨ་ལ་གནས་པའི་ཟླ་བའི་གཟུགས་དང་། རིན་པོ་ཆེ་དང་། རྡོ་རྗེ་གུར་དང་། རྡོ་རྗེ་དང་བཅས་པའི་ཨུཏྤ་ལ་དང་བདུད་རྩིའི་བུམ་པ་དང་། ཆུ་སྐྱེས་ལ་གནས་པའི་རིན་པོ་ཆེ་དང་། རིན་པོ་ཆེའི་སྙེ་མའོ། །མེ་ལ་སོགས་

པའི་མཚམས་རྣམས་ལ་མེ་ཏོག་ལ་སོགས་པའི་མཚན་མ་རྣམས་སོ། །སྒོ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་སོ། །མཚན་མ་སུམ་ཅུ་རྩ་བདུན་པོ་རྣམས་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའོ། །མགྲིན་པ་སྔོན་པོ་ལ་སོགས་པ་རྣམས་ཀྱི་མཚན་མ་ནི་མི་བྲི་བ་ཡང་ངོ་། །འབྱུང་པོ་འདུལ་བྱེད་ཀྱི་

དཀྱིལ་འཁོར་ལ་རྩིག་པ་ལྔ་དང་། ཤར་ལ་སོགས་པའི་ས་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོའོ། །ཐིག་གི་རེ་ཁཱ་གསུམ་ནི་དཀར་པོ་དང་། དམར་པོ་དང་། ནག་པོའོ། །ཐིག་གི་རེ་ཁཱ་གཅིག་དང་། རྡོ་རྗེ་ཕྲེང་བའི་རེ་ཁཱ་གཉིས་ནི་ནག་པོའོ། །ནང་གི་ཕོ་བྲང་གི་དབུས་ཀྱི་

རེ་མིག་ལ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ། །ཤར་དུ་ཉི་མ་ལ་དབང་ཕྱུག་ཆེན་པོའི་རྩེ་གསུམ་པའོ། །ལྷོར་ཉི་མ་ལ་ཁྱབ་འཇུག་གི་འཁོར་ལོའོ། །ནུབ་ཏུ་ཟླ་བ་ལ་ཚངས་པའི་ཕྲེང་བའོ། །བྱང་དུ་ཉི་མ་ལ་སྨིན་དྲུག་གི་བུའི་ཤཀྟིའོ། །དབང་ལྡན་

དུ་ཟླ་བ་ལ་ཚོགས་བདག་གི་དགྲ་སྟའོ། །མེར་ཉི་མ་ལ་ཉི་མའི་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་རོ། །བདེན་བྲལ་དུ་ཉི་མ་ལ་སྒྲ་གཅན་གྱི་ཟླ་བའི་དཀྱིལ་འཁོར་རོ། །རླུང་དུ་ཟླ་བ་ལ་དགའ་བྱེད་དབང་ཕྱུག་གི་ཅང་ཏེའུའོ། །རིམ་པ་གཉིས་པར་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་དབང་མོ་དང་།

ཐིག་ལེ་མཆོག་མ་དང་། ཟླ་བ་མོ་དང་། དཀའ་བཟློག་མ་རྣམས་ཀྱི་ཟླ་བ་ལ་པདྨ་དཀར་པོ་དང་། སྤོས་ཕོར་དང་། མར་མེའི་མཆོད་སྡོང་དང་། གདེངས་ཀའི་རྣམ་པའི་ལག་པའོ། །མེ་ལ་སོགས་པར་རིན་ཆེན་དཔལ་མོ་དང་། དབྱངས་ཅན་མ་དང་། ལྷ་མཛེས་མ་དང་། ཀུན་དུ་འབྱོར་པ་རྣམས་ཀྱི་ཟླ་བ་

Vol. 75 · folio 50b

རྣམས་ལ་རིམ་པ་བཞིན་དུ་དྲིའི་དུང་ཆོས་དང་། པི་ཝང་དང་། རིན་པོ་ཆེའི་ཕྲེང་བ་དང་། རྡོ་རྗེ་རྩེ་གསུམ་པའོ། །རིམ་པ་གསུམ་པར་ཤར་ལ་སོགས་པའི་ཕྱོགས་སུ་དབང་པོ་དང་། གཤིན་རྗེ་དང་། ཆུ་བདག་དང་། ལུས་ངན་རྣམས་ཀྱི་ཟླ་བ་ལ་གནས་པའི་རྡོ་རྗེ་དང་། ཉི་མ་ལ་གནས་པའི་ཐོད་པས་

མཚན་པའི་དབྱུག་པ་དང་། ཟླ་བ་ལ་གནས་པའི་ཀླུའི་ཞགས་པ་དང་། ཟླ་བ་ལ་གནས་པའི་དབྱུག་ཏོའོ། །མེ་ལ་སོགས་པའི་མཚམས་སུ་མེ་ལྷ་དང་། བདེན་བྲལ་དང་། རླུང་ལྷ་དང་། ཟླ་བ་རྣམས་ཀྱི་ཉི་མ་ལ་གནས་པའི་ཕྲེང་བ་དང་། ཉི་མ་ལ་གནས་པའི་རལ་གྲི་དང་། ཟླ་བ་ལ་གནས་པའི་

རླུང་རས་དང་། ཟླ་བ་དང་ཀུ་མུ་ད་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་རོ། །ཟླ་བའི་མཚན་མ་དང་ཉེ་བར་དབང་ལྡན་གྱི་ཉི་མ་ལ་རྩེ་གསུམ་མོ། །རིམ་པ་བཞི་པར་ཤར་ལ་སོགས་པའི་ཕྱོགས་སུ་སེང་གེའི་རྒྱལ་མཚན་འཛིན་མ་དང་། རྣམ་རྒྱལ་མ་དང་། པད་ཆེན་མ་དང་། ཆང་འཕྲོག་མ་རྣམས་ཀྱི་

ཟླ་བ་ལ་སེང་གེའི་རྒྱལ་མཚན་དང་། ལྕགས་ཀྱུ་དང་། མདའ་དང་། ཡིད་བཞིན་གྱི་ནོར་བུའོ། །དབང་ལྡན་ལ་སོགས་པར་མཆོག་འཕྲོག་མ་དང་། རིན་ཆེན་དབང་ཕྱུག་མ་དང་། རྒྱལ་མ་དང་། འགྲོ་སྐྱོང་མ་རྣམས་ཀྱི་ཟླ་བ་ལ་མེ་ཏོག་གི་སྣོད་དང་། སྤོས་ཕོར་དང་། དྲིའི་དུང་ཆོས་དང་། མར་

མེའི་མཆོད་སྡོང་ངོ་། །འདིར་ཉི་མ་དང་། ཟླ་བ་ཐམས་ཅད་ནི་སྣ་ཚོགས་པདྨ་ལ་གནས་པའོ། །རིམ་པ་བཞི་པར་བུམ་པ་རྣམས་སོ། །མཁའ་འགྲོ་མའི་དཀྱིལ་འཁོར་ལ་དབུས་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཤེས་རབ་དང་བཅས་པའི་ཀྱེའི་རྡོ་རྗེའི་གྲི་གུག་དང་ཐོད་པའོ། །ཤར་ལ་སོགས་

པའི་སྒོར་དཀར་མོ་དང་། ཆོམ་རྐུན་མ་དང་། རོ་ལངས་མ་དང་། ཟ་ཕོད་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་སོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་སྤོས་མོ་དང་། རི་ཁྲོད་མ་དང་། གཏུམ་མོ་དང་། གཡུང་མོ་རྣམས་ཀྱི་བྱང་ཆུབ་

སེམས་ཀྱི་བུམ་པ་དང་། རི་རབ་དང་། མེ་ཁབ་དང་། རྒྱལ་མཚན་ཆེན་པོའི་བ་དན་ནོ། །དེ་ལས་ཤར་གྱི་གཞལ་ཡས་ཁང་གི་དབུས་སུ་རྟག་པའི་ཐོད་པ་ལ་གནས་པའི་རྨ་བྱའོ། །ཤར་ལ་སོགས་པའི་སྒོར་སྐམ་པ་མོ་དང་། ཞགས་པ་མ་དང་། ངོ་ཟླུམ་མ་དང་། ལྕགས་ཀྱུ་འཛིན་མ་རྣམས་ཀྱི་སྐམ་

Vol. 75 · folio 51a

པ་དང་། ཞགས་པ་དང་། ཉ་རྒྱ་ཟླུམ་པོ་དང་། ལྕགས་ཀྱུའོ། །དབང་ལྡན་ལ་སོགས་པར་མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་སྣོད་དང་། སྤོས་ཕོར་དང་། མར་མེའི་མཆོད་སྡོང་དང་། དྲི་སེར་པོས་གང་བའི་དུང་ངོ་། །ལྷོའི་གཞལ་

ཡས་ཁང་གི་དབུས་སུ་རྡོ་རྗེ་ཉི་མའི་ཐོད་པ་ལ་གནས་པའི་བྱ་ཀ་རཎྜ་དང་། ཤར་ལ་སོགས་པའི་སྒོར་ཉི་ལག་མ་དང་། མར་མེ་མ་དང་། རིན་ཆེན་སྐར་མདའ་མ་དང་། ཕྱག་ན་གློག་ཐོགས་མ་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་དང་། མར་མེའི་མཆོད་སྡོང་དང་། རིན་པོ་ཆེ་དང་། གློག་གི་ཕྲེང་བའོ། །དབང་

ལྡན་ལ་སོགས་པར་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། ཁར་རྔ་དང་། རྡོ་རྗེའོ། །ནུབ་ཀྱི་གཞལ་ཡས་ཁང་གི་དབུས་སུ་པདྨ་གར་གྱི་དབང་ཕྱུག་གི་ཐོད་པ་ལ་གནས་པའི་དོམ་དང་ཤར་ལ་སོགས་པའི་སྒོར་པདྨ་དང་། ཆོས་འབྱུང་མ་དང་།

སྒྲོག་མ་དང་། རང་འཁྱུད་མ་རྣམས་ཀྱི་པདྨ་དང་། ཆོས་འབྱུང་དང་། སྒྲོག་དང་། རྡོ་རྗེའོ། །དབང་ལྡན་ལ་སོགས་པར་གླིང་བུ་མ་དང་། པི་ཝང་མ་དང་། རྔ་མུ་ཀུཎྜ་མ་དང་། རྫ་རྔ་མ་རྣམས་ཀྱི་རང་རང་གི་རོལ་ཆ་རྣམས་སོ། །བྱང་གི་གཞལ་ཡས་ཁང་གི་དབུས་སུ་རྟ་མཆོག་གི་ཐོད་པ་ལ་གནས་པའི་གཟའ་

ལྷག་དང་། ཤར་ལ་སོགས་པའི་སྒོར་སྒོ་ལྕགས་མ་དང་། ལྡེ་ཀྱོག་མ་དང་། སྒོ་གླེགས་མ་དང་། ཡོལ་བ་འཛིན་མ་རྣམས་ཀྱི་སྒོ་ལྕགས་དང་། ལྡེ་ཀྱོག་དང་། སྒོ་གླེགས་དང་། ཡོལ་བའོ། །དབང་ལྡན་ལ་སོགས་པར་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཀྱི་འཁོར་ལོ་

དང་། རྡོ་རྗེ་དང་། པདྨ་དང་། ཨུཏྤལའོ། །ཕྱིའི་དཀྱིལ་འཁོར་ཆེན་པོའི་སྒོ་རྣམས་སུ་དཀར་མོ་ལ་སོགས་པའི་མཚན་མ་རྣམས་དང་། དབང་ལྡན་ལ་སོགས་པར་སྤོས་མོ་ལ་སོགས་པའི་མཚན་མ་རྣམས་སོ། །མཚན་མ་འདི་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་རྟག་པ་ཁོ་ནའི་ཟླ་བ་ལ་གནས་

པའོ། །དཀྱིལ་འཁོར་སོ་སོ་ལ་བདུད་རྩིའི་བུམ་པ་རྣམས་སོ། །ཁ་ཅིག་ནི་དཀྱིལ་འཁོར་ཆེན་པོ་ཁོ་ན་ལའོ་ཞེས་སོ། །འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་ལ་མཚན་མ་རྣམས་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་སྟེ། སངས་རྒྱས་མཁའ་འགྲོ་ཁོ་ནའི་ཟླ་བ་ལ་གནས་པའོ། །གཞལ་ཡས་

Vol. 75 · folio 51b

ཁང་དྲུག་པོ་རྣམས་ཀྱི་གྲྭ་རྣམས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཐོད་པ་རྣམས་སོ། །དེ་ལ་དབུས་ཀྱི་དཀྱིལ་འཁོར་གྱི་དབུས་ཀྱི་པདྨ་ལ་རྡོ་རྗེ་སེམས་དཔའི་རྡོ་རྗེའོ། །མཚམས་ཀྱི་པདྨ་རྣམས་ལ་མཁའ་འགྲོ་མ་དང་། ལཱ་མཱ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ཀྱི་ཅང་ཏེའུ་

རྣམས་སོ། །འདིར་དགོད་པའི་རིམ་པ་ནི་ཤར་ལ་སོགས་པའི་སྒོ་རྣམས་སུ་གཡོན་སྐོར་དང་། མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་སྐོར་རོ། །སྒོའི་པདྨ་རྣམས་ལ་ཐོད་པའི་དུམ་བུ་དང་། རབ་ཏུ་གཏུམ་མོ་དག་དང་། ཀེང་རུས་ཆེན་པོ་དང་། གཏུམ་པའི་མིག་ཅན་མ་དག་དང་། ཀེང་རུས་

དང་། འོད་ལྡན་མ་དག་དང་། མཆེ་བ་རྣམ་པར་གཙིགས་མ་དང་། སྣ་ཆེན་མ་དག་གི་རྡོ་རྗེ་བཞིའོ། །ཁོར་ཡུག་གི་དབུས་སུ་རྡོ་རྗེའི་ཕྲེང་བའོ། །སངས་རྒྱས་མཁའ་འགྲོའི་དཀྱིལ་འཁོར་དུ་དབུས་ཀྱི་པདྨ་ལ་འཁོར་ལོ་དང་། སྒོའི་པདྨ་རྣམས་ལ་ལྷ་དགྲ་དང་། དཔའ་བོའི་བློ་ཅན་མ་དག་དང་།

འོད་དཔག་མེད་དང་། མིའུ་ཐུང་མ་དག་དང་། རྡོ་རྗེ་འོད་དང་། ལང་ཀའི་དབང་ཕྱུག་མ་དག་དང་། རྡོ་རྗེ་ལུས་དང་། ཤིང་གྲིབ་མ་དག་གི་འཁོར་ལོ་རྣམས་སོ། །ཁོར་ཡུག་གི་དབུས་སུ་འཁོར་ལོའི་ཕྲེང་བའོ། །རིན་ཆེན་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་རིན་པོ་ཆེའོ། །སྒོའི་

ཆུ་སྐྱེས་རྣམས་ལ་མྱུ་གུ་ཅན་དང་། ཨེ་ར་པ་ཏི་དག་དང་། རྡོ་རྗེ་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོ་དག་དང་། དཔའ་བོ་ཆེན་པོ་དང་། རླུང་ཤུགས་མ་དག་དང་། རྡོ་རྗེ་ཧཱུཾ་མཛད་དང་། ཆང་འཐུང་མ་དག་གི་རིན་པོ་ཆེ་རྣམས་སོ། །ཁོར་ཡུག་གི་དབུས་སུ་པདྨ་རིན་པོ་ཆེའི་ཕྲེང་བའོ། །པདྨ་

མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་པདྨའོ། །སྒོའི་པདྨ་རྣམས་ལ་ཤིན་ཏུ་བཟང་པོ་དང་། ལྷ་མོ་སྔོ་བསངས་མ་དག་དང་། རྡོ་རྗེ་བཟང་པོ་དང་། ཤིན་ཏུ་བཟང་མོ་དག་དང་། འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མ་དག་དང་། མིག་མི་བཟང་དང་། བྱ་གདོང་མ་རྣམས་ཀྱི་པདྨ་རྣམས་སོ། །

ཁོར་ཡུག་གི་དབུས་སུ་པདྨའི་ཕྲེང་བའོ། །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་རྡོ་རྗེའོ། །སྒོའི་པདྨ་རྣམས་ལ་སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་ཅན་མ་དག་དང་། རིན་ཆེན་རྡོ་རྗེ་དང་། དུམ་སྐྱེས་མ་དག་དང་། རྟ་མགྲིན་དང་། ཆང་འཚོང་མ་དག་དང་། ནམ་

Vol. 75 · folio 52a

མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་དག་གི་རྡོ་རྗེ་རྣམས་སོ། །ཁོར་ཡུག་གི་དབུས་སུ་རྡོ་རྗེའི་ཕྲེང་བའོ། །སྣ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་རྡོ་རྗེའོ། །སྒོའི་པདྨ་རྣམས་ལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་དག་དང་། པདྨ་གར་གྱི་དབང་

ཕྱུག་དང་། སྟོབས་ཆེན་མོ་དག་དང་། རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མ་དག་དང་། རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོ་དག་གི་སྣ་ཚོགས་རྡོ་རྗེ་རྣམས་སོ། །ཁོར་ཡུག་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ཕྲེང་བའོ། །གཞལ་ཡས་ཁང་ཆེན་པོའི་སྒོ་རྣམས་ལ་ཁྭ་གདོང་

མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུའོ། །མཚམས་རྣམས་སུ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་རྣམས་ཀྱི་མེ་ལོང་

དང་། པི་ཝང་དང་། དྲིའི་དུང་དང་། རོའི་སྣོད་རྣམས་སོ། །བུམ་པ་རྣམས་ནི་ཇི་ལྟར་རིགས་པར་རོ། །དེ་ལྟར་བརྗོད་པའི་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་གཞན་རྣམས་ལ་རྡུལ་ཚོན་དགྱེ་བ་ཡང་ཤེས་པར་བྱ་སྟེ། གཞུང་མངས་པས་འཇིགས་པས་མ་བསྟན་ཏོ། །དུས་ཀྱི་འཁོར་ལོའི་དཀྱིལ་

འཁོར་ལ་ནི་ཚོན་གྱི་ཁ་དོག་གི་རིམ་པ་བཤད་པ་དག་དང་ཕལ་ཆེར་མི་མཐུན་པས། རྡུལ་ཚོན་གྱི་ཁ་དོག་གི་རིམ་པ་བརྗོད་པར་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེའི་ཕྲེང་བ་གཉིས་པའི་བར་གྱི་ནང་གིས་ཐམས་ཅད་ནི་ནག་པོའོ། །ཐུགས་དང་། གསུང་དང་སྐུའི་དཀྱིལ་འཁོར་རྣམས་ཀྱི་

ཤར་གྱི་ས་ཐམས་ཅད་ནི་ནག་པོའོ། །ལྷོ་ནི་དམར་པོའོ། །ནུབ་ནི་སེར་པོའོ། །བྱང་དུ་ནི་དཀར་པོའོ། །སྟེགས་བུ་ནི་དཀར་པོའོ། །རིན་ཆེན་སྣམ་བུ་ནི་དམར་པོ་སྟེ། དེ་ལ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའོ། །དྲ་བ་དང་དྲ་བ་ཕྱེད་པའི་ས་ནི་ནག་པོ་སྟེ། དེ་ལ་དྲ་བ་དང་དྲ་བ་ཕྱེད་པ་ནི་དཀར་པོའོ། །

ས་ནག་པོ་ལ་རིན་ཆེན་ཤར་བུ་དཀར་པོའོ། །ས་ནག་པོ་ལ་མདའ་ཡབ་རྣམས་དཀར་པོའོ། །རྟ་བབས་ཀྱི་ཀ་བ་རྣམས་སེར་པོའོ། །ཐུགས་ཀྱི་དཀྱིལ་འཁོར་ལ་ནི་གཙོ་བོའི་པདྨ་ལྗང་གུའོ། །ཞི་བ་ལ་སོགས་པ་ལ་ནི་ཁ་དོག་དཀར་པོ་ལ་སོགས་པར་འགྱུར་རོ། །རྡོ་རྗེ་ཕྲེང་བ་དང་། ཀ་བ་བཅུ་དྲུག་

Vol. 75 · folio 52b

ནི་ནག་པོ་སྟེ། ཤར་དུ་རལ་གྲི་ནག་པོ་དང་། ལྷོར་རིན་པོ་ཆེ་དམར་པོ་དང་། ནུབ་དུ་འཁོར་ལོ་སེར་པོ་དང་། བྱང་དུ་པདྨ་དཀར་པོ་རྣམས་དང་ལྡན་པའོ། །བུམ་པ་བརྒྱད་ནི་པདྨ་ལ་གནས་ཤིང་དཀར་པོ་སྟེ། པདྨས་ཁ་བརྒྱན་པའོ། །ཐམས་ཅད་དུ་པདྨའི་གདན་གྱི་སུམ་ཆ་ནི་ལྟེ་བའོ། །རྡོ་རྗེ་

ཕྲེང་བ་གཉིས་པ་ནི་ལྗང་གུའོ། །ལྷ་སྣམ་ནི་དཀར་པོའོ། །རྩིག་པའི་རེ་ཁཱ་གསུམ་ནི་ནང་ནས་བརྩམས་ནས་དཀར་པོ་དང་། དམར་པོ་དང་ནག་པོའོ། །དེ་རྣམས་ཀྱིས་ནི་ཆ་དགུར་བྱས་ཏེ། དེ་ལ་ཆ་རེ་དོར་ནས་ཆ་གཉིས་ལ་རེ་ཁཱ་སོ་སོ་བྱའོ། །སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་རྡོ་རྗེ་དང་རིན་པོ་

ཆེས་སྤྲས་པའོ། །རྟ་བབས་བཅུ་གཉིས་ནི་ཁ་དོག་སྣ་ཚོགས་པའོ། །གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་དཀར་པོའོ། །དེའི་པདྨ་བརྒྱད་ནི་ཟླ་བ་དང་ཉི་མ་དང་བྲལ་བ་སྟེ། ཕྱོགས་རྣམས་སུ་དམར་པོ་དང་། མཚམས་རྣམས་སུ་དཀར་པོའོ། །རེ་ཁཱ་ལྔའི་ཁ་དོག་ནི་ནང་ནས་བརྩམས་

ཏེ་ལྗང་གུ་དང་། ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་རྣམས་སོ། །དེ་རྣམས་ཀྱིས་ཆ་བཅོ་ལྔར་བྱས་ཏེ་དེར་སྔ་མ་བཞིན་རེ་ཁཱ་བྱའོ། །སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ནི་དཀར་པོའོ། །དེའི་པདྨ་རྣམས་ནི་ཟླ་བ་དང་ཉི་མ་དང་བྲལ་བའོ། །རེ་ཁཱ་ལྔ་ནི་སྐུའི་དཀྱིལ་འཁོར་བཞིན་

ནོ། །རྟ་བབས་ཀྱི་ཀ་བ་རྣམས་ཀྱི་འོག་གི་སྟེགས་བུའི་གནས་རྣམས་སུ་སྦྲུལ་གྱི་གདན་རྣམས་ཏེ། སོ་སོར་ཆ་ཆུང་བཅུ་གཉིས་སོ། །དེ་ལ་ཤར་གྱི་ཕྱོགས་སུ་ནག་པོ་ཟླུམ་པོ་གཉིས་ཀྱི་སྟེང་དུ་རྒྱལ་མཚན་གཉིས་སོ། །ལྷོར་གྲུ་གསུམ་དམར་པོ་གཉིས་ལ་བཀྲ་ཤིས་ཀྱིས་མཚན་པའོ། །ནུབ་

ཏུ་གྲུ་བཞི་སེར་པོ་གཉིས་ལ་རྡོ་རྗེས་མཚན་པའོ། །བྱང་དུ་ཟླ་བ་ཕྱེད་པའི་རྣམ་པ་དཀར་པོ་གཉིས་ལ་པདྨས་མཚན་པའོ། །ཤར་གྱི་གཡས་ཀྱི་ཟླུམ་པོའི་གཡས་སུ་ཀླུའི་རྒྱལ་པོ་རྒྱལ་བ་ཞེས་པའི་བདུད་རྩིའི་བུམ་པའོ། །ནུབ་ཀྱི་གཡོན་གྱི་གྲུ་བཞི་པའི་གཡོན་དུ་རྣམ་པར་རྒྱལ་བ་ཞེས་པའི་བདུད་རྩིའི་

བུམ་པའོ། །ཤར་གྱི་རྟ་བབས་ཀྱི་རིམ་པ་དང་པོའི་མྱོས་པ་བསྲུང་བའི་སྟེང་གི་དབུས་ཀྱི་གྲུ་བཞི་པ་ལ་ཆོས་ཀྱི་འཁོར་ལོ་ནག་པོ། དེའི་གཡས་དང་གཡོན་དུ་རི་དགས་དང་རི་དགས་མོ་ནག་པོའོ། །ལྷོར་བུམ་པ་བཟང་པོ་དམར་པོའོ། །དེའི་གཡས་དང་གཡོན་དུ་དུང་དང་། པདྨ་དམར་པོའོ། །ནུབ་ཏུ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words