རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ནིཥྤནྣ་ཡོ་ག་ཨ་བཱ་ལི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 75 · folio 121a

པ་ལྔ་ལས་གཞན་པའི་ལྷ་བཞི་བཅུ་ཞེ་བརྒྱད་ནི་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་རྣམ་པར་སྣང་མཛད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ལ་རང་འདྲ་བའི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པའོ། །

མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་ཀྱིས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་རིགས་ཀྱི་བདག་པོ་ནི་རྣམ་པར་སྣང་མཛད་དོ། །སེམས་མ་རྡོ་རྗེ་མ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དང་སྒེག་མོ་དང་བདུག་སྤོས་མ་དང་བྱམས་པ་ལ་སོགས་པ་བཞི་དང་། རྡོ་རྗེ་

ལྕགས་ཀྱུ་རྣམས་ཀྱི་མི་བསྐྱོད་པའོ། །རིན་ཆེན་རྡོ་རྗེ་མ་དང་རྡོ་རྗེ་རིན་ཆེན་ལ་སོགས་པ་བཞི་དང་། ཕྲེང་བ་མ་དང་མེ་ཏོག་མ་དང་སྤོས་ཀྱི་གླང་པོ་ལ་སོགས་པ་བཞི་དང་རྡོ་རྗེ་ཞགས་པ་རྣམས་ཀྱི་རིན་ཆེན་འབྱུང་ལྡན་ནོ། །ཆོས་ཀྱི་རྡོ་རྗེ་མ་དང་རྡོ་རྗེ་ཆོས་ལ་སོགས་པ་བཞི་དང་གླུ་མ་དང་། མར་མེ་མ་

དང་། འོད་དཔག་མེད་ལ་སོགས་པ་བཞི་དང་། རྡོ་རྗེ་ལྕགས་སྒྲོག་རྣམས་ཀྱི་སྣང་བ་མཐའ་ཡས་སོ། །ལས་ཀྱི་རྡོ་རྗེ་མ་དང་། རྡོ་རྗེ་ལས་ལ་སོགས་པ་བཞི་དང་། གར་མ་དང་དྲི་ཆབ་མ་དང་། རྡོ་རྗེ་སྙིང་པོ་ལ་སོགས་པ་བཞི་དང་རྡོ་རྗེ་འབེབས་པ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །འདིར་ནང་

གི་གཞལ་ཡས་ཁང་གི་སྒོ་རྣམས་སུའང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་སྐྱོང་བཞི་བསྒོམ་པར་བྱའོ་ཞེས་པ་ཕྱོགས་གཞན་ནོ། །རྣམ་པར་སྣང་མཛད་ཀྱི་སྙིང་གའི་ས་བོན་ཨཱཿཨོཾ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ་ཞེས་པ་ནི་སྙིང་པོའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ལས་

ཐམས་ཅད་པའི་སྔགས་སོ། །གང་ཡང་རྡོ་རྗེ་རྩེ་མོ་ལ་སོགས་པའི་རྒྱུད་གཞན་གྱིས་ཀྱང་ལྷའི་རྣམ་པའི་ཁྱད་པར་གསུངས་པ་དེ་ནི་འདིར་མངས་ཀྱིས་དོགས་པས་མ་བཤད་དོ།། །།བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་ལ་སོགས་

པ་གཞལ་ཡས་ཁང་བར་དུ་དང་པོར་བཤད་པའི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བཞིན་ནོ། །འོན་ཀྱང་འདིར་ཁྲོ་བོ་རྣམས་ནི་འོག་ནས་འཆད་པའི་གཟུགས་ཅན་ནོ་ཞེས་པ་ནི་ཕྱོགས་གཅིག་གོ། །རྡོ་རྗེ་གུར་གྱི་ནང་ན་རི་རབ་ཀྱི་སྟེང་ན་སྣ་ཚོགས་པདྨའི་ལྟེ་བར་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་

Vol. 75 · folio 121b

ཡས་ཁང་ཞེས་པ་ནི་ཕྱོགས་གཉིས་པའོ། །ཕྱོགས་གཉིས་ཀ་ལ་ཡང་མཆོད་རྟེན་དཀར་པོའི་ནང་དུ་གཞལ་ཡས་ཁང་ངོ་། །དེའི་ལྟེ་བ་ལ་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་འཇམ་པའི་རྡོ་རྗེ་

སྐུ་མདོག་གསེར་བཙོ་མ་ལྟ་བུ་སྡུག་ཅིང་ཡིད་དུ་འོང་བ་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པའི་གཙུག་ཕུད་ཅན་གསུམ་གྱིས་རྣམ་པར་བརྒྱན་པ་རྩ་བ་དང་གཡས་དང་གཡོན་གྱི་ཞལ་སེར་པོ་དང་སྔོན་པོ་དང་དཀར་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱི་རལ་གྲི་དང་། མཆོག་སྦྱིན་དང་མདའ་དང་། གཡོན་པ་

རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་དང་ཆུ་སྐྱེས་སྔོན་པོ་དང་གཞུ་འཛིན་པའོ། །བདག་ལྟ་བུའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སྙོམས་པར་ཞུགས་པའོ། །དེའི་ཤར་ཕྱོགས་ཀྱི་ལེ་ཚེ་ལ་གླང་པོ་ཆེའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་མི་བསྐྱོད་པ་སྔོན་པོ་འགྱིང་བའི་ཚུལ་གྱིས་གནས་པ་

རྩ་བ་དང་གཡས་གཡོན་གྱི་ཞལ་སྔོན་པོ་དང་དཀར་པོ་དང་དམར་པོ་ཕྱག་བརྒྱད་པ་གཡས་པའི་གུང་མོས་སྙིང་གར་རྡོ་རྗེ་གྱེན་དུ་བསྒྲེང་བ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་དཀུ་ལ་བརྟེན་པ། གཡས་གཞན་རྣམས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་མདའ་རྣམས་སོ། །གཡོན་པ་རྣམས་

ཀྱིས་ནུ་མ་དང་ཞགས་པ་དང་གཞུ་འཛིན་པའོ། །ལྷོ་རུ་རྟའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་རིན་ཆེན་འབྱུང་ལྡན་སེར་པོ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སེར་པོ་དང་སྔོན་པོ་དང་དཀར་པོ་རྩ་བ་དང་གཡས་གཡོན་གྱི་ཞལ་ལོ། །ཕྱག་དྲུག་པ་རྩ་བའི་ཕྱག་དག་གིས་མཉམ་གཞག་གི་

ཕྱག་རྒྱ་བྱས་ལ། གཡས་པའི་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི་འཛིན་པའོ། །གཡོན་པ་གཉིས་ཀྱིས་ནུ་མ་དང་རྡོ་རྗེ་འཛིན་པའོ། །ནུབ་ཏུ་རྨ་བྱའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པའི་སྣང་བ་མཐའ་ཡས་དཀར་པོ་དཀར་པོ་དང་སྔོན་པོ་དང་དམར་

པོ་རྩ་བ་དང་གཡས་གཡོན་གྱི་ཞལ་ལོ། །ཕྱག་དྲུག་པ་གཡོན་པ་སྒེག་པ་དང་བཅས་པའི་པདྨའི་ཡུ་བ་སྙིང་གར་བཟུང་སྟེ། གཡས་པས་ཁ་འབྱེད་པའོ། །གཡས་པ་གཉིས་ཀྱིས་བགྲང་ཕྲེང་དང་རྡོ་རྗེ་འཛིན་པའོ། །གཡོན་པ་གཉིས་ཀྱིས་ནུ་མ་དང་སྤྱི་བླུགས་འཛིན་པའོ། །བྱང་དུ་ཁྱུང་

Vol. 75 · folio 122a

གི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་དོན་ཡོད་གྲུབ་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཁ་དོག་དམར་པོ་དམར་པོ་དང་སྔོན་པོ་དང་དཀར་པོ་རྩ་བ་དང་གཡས་གཡོན་གྱི་ཞལ་ལོ། །ཕྱག་དྲུག་པ་དང་པོ་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱ་བཅིང་བའོ། །གཡས་པ་གཉིས་

ཀྱིས་རལ་གྲི་དང་རྡོ་རྗེ་འཛིན་པའོ། །གཡོན་པ་གཉིས་ཀྱིས་ནུ་མ་དང་ལྕགས་ཀྱུ་འཛིན་པའོ། །དབང་ལྡན་དུ་སྤྱན་མ་སེར་མོ་ནི་སེམས་དཔའི་སྐྱིལ་ཀྲུང་ཅན། ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་མཆོག་སྦྱིན་དང་མི་འཇིགས་པ་དང་རྡོ་རྗེ་དང་མདའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་

མཛུབ་དང་བཅས་པའི་ཞགས་པ་དང་། རིན་པོ་ཆེའི་སྙེ་མ་དང་བགྲང་ཕྲེང་དང་གཞུ་འཛིན་པའོ། །མེར་མཱ་མ་ཀཱི་སེམས་དཔའི་སྐྱིལ་ཀྲུང་ཅན་མ་སྔོན་མོ་ནི་ཁྲོ་བ་དང་བཅས་པས་དགོད་པ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་དང་མདའ་དང་། གཡོན་པ་རྣམས་ཀྱིས་སྡིགས་

མཛུབ་དང་ཞགས་པ་དང་གཞུ་འཛིན་པའོ། །བདེན་བྲལ་དུ་གོས་དཀར་མོ་དམར་མོ་ནི་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་དང་མདའོ། །གཡོན་པ་རྣམས་ཀྱིས་པདྨ་དང་བགྲང་ཕྲེང་དང་གཞུ་འཛིན་ཅིང་འགྱིང་བའི་ཚུལ་གྱིས་གནས་པའོ། །རླུང་དུ་སྒྲོལ་མ་མརྒད་ལྟ་བུའི་མདོག་

ཅན་མ་སེམས་དཔའི་སྐྱིལ་ཀྲུང་གིས་གནས་པ། ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་དང་མདའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཨུཏྤ་ལ་དང་གཞུ་འཛིན་པའོ། །རིམ་པ་གཉིས་པ་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་སེམས་མ་རྡོ་རྗེ་མ་

དང་རིན་ཆེན་རྡོ་རྗེ་མ་དང་ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས་རིམ་པ་བཞིན་དུ་སྐུ་མདོག་དང་། ཕྱག་མཚན་ནི་མི་བསྐྱོད་པ་ལ་སོགས་པ་བཞིན་ནོ། །འོན་ཀྱང་ནུ་མ་འཛིན་པ་མེད་པས་སེམས་མ་རྡོ་རྗེ་མ་རིན་ཆེན་རྡོ་རྗེ་མ་ལས་ཀྱི་རྡོ་རྗེ་མ་རྣམས་སྡིགས་མཛུབ་འཛིན་པའོ། །ཆོས་ཀྱི་རྡོ་རྗེ་

མ་ནི་ཞགས་པ་འཛིན་པའོ། །དབང་ལྡན་དུ་ཙུནྡ་དཀར་མོ་ཟླ་བའི་མདོག་ཅན་ཕྱག་ཉི་ཤུ་རྩ་དྲུག་མ་རྩ་བའི་ཕྱག་གཉིས་ཀྱིས་སྙིང་གར་རྩ་བའི་ཕྱག་རྒྱ་དང་། གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རལ་གྲི་དང་རཏྣའི་ཕྲེང་བ་དང་བི་ཛ་པཱུ་ར་དང་མདའ་དང་དགྲ་སྟ་དང་མདུང་ཐུང་དང་ཐོ་བ་དང་

Vol. 75 · folio 122b

ལྕགས་ཀྱུ་དང་རྡོ་རྗེ་དང་བ་དན་གསུམ་གྱི་ཚུལ་དང་བགྲང་ཕྲེང་ངོ་། །གཡོན་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། པདྨ་དང་སྤྱི་བླུགས་དང་ཞགས་པ་དང་གཞུ་དང་ཤག་ཏི་དང་འཁོར་ལོ་དང་རལ་གྲི་དང་སྡིགས་མཛུབ་དང་བུམ་པ་བཟང་པོ་དང་བི་དི་བ་ལ་དང་། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་པོ་ཏིའོ། །ཀན་ཛཱི་ཀའི་སྟོད་གཡོགས་བཅིངས་པ་བླ་གོས་ཕྲག་པ་ལ་གཟར་བ་གར་གྱི་ཉམས་དགུའི་རང་བཞིན་རྩ་བའི་ཞལ་དཀར་པོ་གཡས་པའི་སྔོན་པོ་ལྗགས་འགུལ་ཞིང་མཆེ་བ་བག་ཙམ་གཙིགས་པ། གཡོན་པ་སེར་པོ་མ་མཆུ་མནན་པ། ཐལ་མོ་སྦྱར་ཏེ་མཛུབ་

མོ་གཉིས་གུང་མོའི་ཚིགས་པར་ཟླུམ་པོའི་རྣམ་པར་བཞག་སྟེ་མཐེ་བོང་གཉིས་མཛུབ་མོའི་རྩ་བའི་ལོགས་ལ་གཞག་པར་བྱ་སྟེ། སྙིང་གར་བཞག་པ་འདི་ནི་རྩ་བའི་ཕྱག་རྒྱའོ། །མེར་ནི་རིན་ཆེན་སྐར་མདའ་སེར་མོ་ཕྱག་དྲུག་པ་གཉིས་ཀྱིས་སྙིང་གར་རིན་པོ་ཆེ་ཁ་སྦྱོར་འཛིན་པའོ། །

གཡས་པ་གཉིས་མི་འཇིགས་པ་དང་མདའ་འཛིན་པ་གཡོན་པ་གཉིས་ཀྱིས་སྡིགས་མཛུབ་དང་གཞུ་འཛིན་པའོ། །བདེན་བྲལ་དུ་ཁྲོ་གཉེར་ཅན་དཀར་མོ་ཕྱག་དྲུག་མ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་དང་མདའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་སྤྱི་བླུགས་

དང་གཞུ་འཛིན་པའོ། །རླུང་དུ་རྡོ་རྗེ་ལྕགས་སྒྲོག་མ་ལྗང་གུ་ཕྱག་དྲུག་མ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རྡོ་རྗེ་ལུ་གུ་རྒྱུད་དང་མདའ་འཛིན་པ་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཞགས་པ་དང་གཞུ་འཛིན་པའོ། །སྤྱན་མ་ལ་སོགས་པའི་ལྷ་མོ་བཅུ་གཉིས་པོ་འདི་རྣམས་ནི་རོལ་པའི་ཀུན་

དུ་བསྐྱོད་པ་དང་ལྡན་པ་ཟླ་བའི་གདན་ལ་བཞུགས་ཤིང་འོད་དམར་པོའི་དཀྱིལ་འཁོར་ཅན། རང་རང་གི་རིགས་ཀྱི་བདག་པོ་བཞིན་དུ་ཞལ་གསུམ་པའོ། །རིམ་པ་གསུམ་པའི་དཀྱིལ་འཁོར་དུ་ཤར་གྱི་སྣམ་བུ་ལ་བྱམས་པ་གསེར་གྱི་མདོག་ལྟ་བུ་ཕྱག་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་

རྒྱ་དང་། གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་དང་གཡོན་པ་མེ་ཏོག་དང་བཅས་པའི་ཀླུ་ཤིང་གི་ཡལ་ག་འཛིན་པའོ། །འཇམ་དཔལ་ནི་བརྗོད་ཟིན་པའི་གཟུགས་ཅན་ཏེ། ཁྱད་པར་དུ་ཤེས་རབ་མ་དང་བྲལ་བའོ། །སྤོས་ཀྱི་གླང་པོ་ལྗང་གུ་གཡོན་པས་བུམ་པར་གནས་པའི་གླང་པོ་ཆེའི་

Vol. 75 · folio 123a

སྣ་འཛིན་པའོ། །གཡས་ཀྱི་མཆོག་སྦྱིན་ནོ། །ཡེ་ཤེས་ཏོག་སེར་པོ་གཡོན་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པའོ། །གཡས་མཆོག་སྦྱིན་ནོ། །ལྷོ་རུ་བཟང་སྐྱོང་སྐུ་མདོག་དམར་པོ། །གཡོན་པ་རཏྣ་འཛིན་པ་གཡས་པས་མཆོག་སྦྱིན་ནོ། །བློ་གྲོས་

རྒྱ་མཚོ་དཀར་པོ་ཕྱག་གཉིས་ཀྱི་སོར་མོ་ཐམས་ཅད་བརྐྱང་བས་ཆུ་རླབས་ཀྱི་ཚུལ་བྱེད་པའོ། །བློ་གྲོས་མི་ཟད་པ་གསེར་གྱི་མདོག་ལྟ་བུ་གཡོན་པའི་ཁུ་ཚུར་སྙིང་གར་བཞག་སྟེ། གཡས་པས་མཆོག་སྦྱིན་ནོ། །སྤོབས་པ་བརྩེགས་པ་ལྗང་གུ་གཡོན་པས་ཁུ་ཚུར་མཁལ་ཁུང་དུ་

བཞག་པའོ། །གཡས་པས་སེ་གོལ་གཏོགས་པའོ། །ནུབ་ཏུ་མཐུ་ཆེན་ཐོབ་དཀར་པོ་གཡོན་པས་བག་ཙམ་ཁ་ཕྱེ་བའི་པདྨ་དཀར་པོའོ། །གཡས་པས་མཆོག་སྦྱིན་ནོ། །ངན་སོང་ཀུན་འདྲེན་དཀར་པོ་ཕྱག་གཉིས་ཀྱིས་སྡིག་པ་སྤྲུག་པའི་ཚུལ་ལོ། །མྱ་ངན་དང་མུན་པ་ཐམས་ཅད་ངེས་

པར་འཇོམས་པའི་བློ་གྲོས་གསེར་གྱི་མདོག་ལྟ་བུ་ཕྱག་གཉིས་ཁ་སྦྱར་བརྡབས་པའི་ཚུལ་ལོ། །དྲ་བ་ཅན་གྱི་འོད་དམར་པོ་གཡོན་པས་ཨུཏྤ་ལ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །གཡས་པས་མཆོག་སྦྱིན་ནོ། །བྱང་དུ་ཟླ་འོད་སྐུ་མདོག་ཟླ་བའི་འོད་ལྟ་བུ་གཡོན་པས་ཨུཏྤ་

ལར་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པ་གཡས་པས་མཆོག་སྦྱིན་ནོ། །འོད་དཔག་མེད་དམར་པོ་ཕྱག་གཉིས་ཀྱིས་དབང་བསྐུར་བའི་བུམ་པ་འཛིན་པའོ། །ནམ་མཁའ་མཛོད་སྐུ་མདོག་གསེར་ལྟ་བུས་གཡོན་པས་རྡོ་རྗེ་ཁུ་ཚུར་འགྱིང་བས་དཀུར་བརྟེན་པ། གཡས་པས་ནམ་མཁའ་

ལ་བསྐོར་བའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྔོན་པོའམ་དཀར་པོ་གཡོན་པས་ས་ལ་རེག་པ། གཡས་པའི་ཁུ་ཚུར་གྱིས་མཐེ་བོང་དང་སྡིགས་མཛུབ་སྦྱར་ཏེ། དྲི་བའི་ཚུལ་གྱིས་གནས་པའོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་འདི་རྣམས་ནི་ཟླ་བའི་གདན་

དང་ཟླ་བའི་འོད་ཅན་ནོ། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་སྤྱན་གསུམ་པ་རང་ཕྱོགས་ཀྱི་བདག་པོ་བཞིན་དུ་ཞལ་གསུམ་པ་ཕྱག་དྲུག་པ་ཕྱག་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་བྱས་པ། གཉིས་ཀྱིས་གཞུ་དང་མདའ་འཛིན་པའོ། །བྱམས་པ་དང་འཇམ་དབྱངས་གཉིས་

Vol. 75 · folio 123b

ལ་ནི་མཉམ་གཞག་གི་ཕྱག་རྒྱ་མེད་དོ། །འཇམ་པའི་རྡོ་རྗེ་ལ་སོགས་པའི་ལྷ་ཐམས་ཅད་གོས་སྣ་ཚོགས་པ་དང་རིན་པོ་ཆེའི་རྒྱན་དང་རལ་པའི་ཐོར་ཚུགས་དང་འཛུམ་པ་དང་བཅས་པའི་ཞལ་དང་སྒེག་པའི་ཉམས་དང་ལྡན་པའོ། །ཤར་གྱི་སྒོར་མ་ཧེའི་སྟེང་དུ་གཤིན་རྗེ་མཐར་བྱེད་ནག་པོ་ཕྱག་

དྲུག་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་མདའ་འཛིན་པའོ། །གཡོན་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ་གྱེན་དུ་བསྒྲེངས་པས་སྡིགས་པར་བྱེད་པ། གཡོན་པའི་གཉིས་པས་འཁྱུད་པའི་ལྷ་མོའི་ནུ་མ་འཛིན་པའོ། །དེ་ཡང་ཞལ་གཅིག་པ་ཕྱག་གཉིས་པ་སྐུ་

མདོག་དཀར་པོ་གཡོན་པས་པདྨ་དཀར་པོ་འཛིན་པ་ཕྱག་གཡས་པས་ཡབ་ལ་འཁྱུད་པར་བརྩོན་པའོ། །གཡོན་པའི་གསུམ་པས་དངུལ་གྱི་གཞུ་འཛིན་པའོ། །མརྒད་ལྟ་བུའི་ལྷ་མོ་ལྗང་གུ་ཕྱག་གཉིས་མ་གཡས་ཨུཏྤ་ལ་སྔོན་པོ་འཛིན་པ་ཕྱག་གཡོན་པ་ཡབ་ཀྱི་སྐེ་ལ་འཁྱུད་པས་

གཡས་ཕྱོགས་སུ་བརྒྱན་པ། ཞལ་དྲུག་པ་གསུས་པ་འཕྱང་བ། ཞལ་དྲུག་ནི་སྔོན་པོ་རྩ་བའི་ཞལ་དགྱེས་པའི་གད་མོས་བཞད་པ། གཉིས་པས་འཇིགས་པར་བྱེད་པ། གསུམ་པའི་ཞལ་གདངས་པ། བཞི་པ་འཇིགས་སུ་རུང་བ། ལྔ་པ་རྡོ་རྗེ་མཆེ་བ་ཅན། དྲུག་པ་མགོའི་སྟེང་དུ་

གནས་པ་ལྗགས་འགུལ་བའོ། །ཡང་ན་སྟེང་གི་སྔོན་པོ་རྩ་བ་ལ་སོགས་པའི་ཞལ་རྣམས་ནི་གཡས་སྐོར་གྱིས་སྔོན་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་རྣམས་སོ། །ལྷོ་སྒོར་གཞན་གྱིས་མི་ཐུབ་པ་སེར་པོ་སེར་པོ་དང་ནག་པོ་དང་དཀར་པོ་རྩ་བ་དང་གཡས་གཡོན་གྱི་ཞལ་ལོ། །

ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་ཐོ་དང་མདའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། །ནུབ་ཏུ་རྟ་མགྲིན་དམར་པོ་དམར་པོ་དང་སྔོན་པོ་དང་དཀར་པོ་རྩ་བ་དང་གཡས་གཡོན་གྱི་ཞལ་ལོ། །ཕྱག་དྲུག་པ་

གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་དང་ཀ་ན་ཡ་དང་མདའ་རྣམས་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། །བྱང་དུ་བདུད་རྩི་འཁྱིལ་བ་སྔོན་པོ་རྐང་པས་བགེགས་མནན་པ། ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་

Vol. 75 · folio 124a

རལ་གྲི་དང་དགྲ་སྟེ་དང་མདའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་རཏྣའི་རི་བོའི་སྟེང་དུ་མི་གཡོ་བ་སྔོན་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་ཞགས་

པ་དང་མདའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། །གཡོན་ངོས་སུ་འཕྱང་བའི་གོས་སྔོན་པོ་འཛིན་པའོ། །ཁྲག་གིས་བརླན་པའི་ལྗགས་འགུལ་བའི་ཞལ་གདངས་པའོ། །མེར་འདོད་པའི་རྒྱལ་པོ་སྔོན་པོ་ཕྱག་

དྲུག་པ་དང་པོ་གཉིས་ཀྱིས་རང་གི་ཕྱག་རྒྱ་བྱས་པ་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་མདའ་དང་གཡོན་པ་གཉིས་ནུ་མ་དང་གཞུ་འཛིན་པའོ། །རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་རྒྱབ་སྦྱར་ཏེ་མཐེའུ་ཆུང་གཉིས་བསྣོལ་ཏེ་སྡིགས་མཛུབ་གཉིས་ཕྱིར་བརྐྱང་ནས་ཞགས་པའི་ཚུལ་བྱས་པ་ནི་འདོད་པའི་

རྒྱལ་པོའི་ཕྱག་རྒྱའོ། །བདེན་བྲལ་དུ་དབྱུག་པ་སྔོན་པོ་སྐུ་མདོག་སྔོན་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། །རླུང་དུ་སྟོབས་པོ་ཆེ་སྔོན་པོ་ཕྱག་བརྒྱད་པ་

གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་དང་རལ་གྲི་དང་མདའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་ཐོ་བ་དང་གཞུ་འཛིན་པའོ། །དཀྱིལ་འཁོར་གྱི་དབང་ཕྱུག་གི་སྟེང་དུ་གནོད་མཛེས་རྒྱལ་པོ་སྔོན་པོ་ཕྱག་དྲུག་པ་ཕྱག་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་

ཕྱག་རྒྱ་བཅིངས་པ་གཡས་པ་གཉིས་ཀྱིས་རལ་གྲི་དང་མདའ་འཛིན་པའོ། །གཡོན་པ་གཉིས་ཀྱིས་ནུ་མ་དང་གཞུ་འཛིན་པའོ། །འདིར་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དེ་ཉིད་ཀྱི་མཛུབ་མོ་གཉིས་གྱེན་དུ་བསྒྲེང་བ་ནི་གནོད་མཛེས་ཀྱི་ཕྱག་རྒྱའོ། །འོག་ཏུ་རྡོ་རྗེ་ས་འོག་སྔོན་པོ་ཕྱག་དྲུག་པ་

གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ་དང་མདའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་ནུ་མ་དང་ཞགས་པ་དང་བཅས་པའི་རྩེ་གཅིག་པ་དང་གཞུ་འཛིན་པའོ། །བགེགས་མཐར་བྱེད་ལ་སོགས་པ་བདུན་པོ་ནི་སྔོན་པོ་དང་སེར་པོ་དང་དམར་པོ་རྩ་བ་དང་གཡས་གཡོན་གྱི་ཞལ་གསུམ་

Vol. 75 · folio 124b

མོ། །ཁྲོ་བོ་བཅུ་ཡང་ཁྲོས་པའི་ལྟ་སྟངས་ཅན་སྤྱན་དམར་པོ་སྨིན་མ་གཡོ་བ་བག་ཙམ་རྩ་བའི་ཞལ་ཁ་ཕྱེ་བ། གཡས་པའི་ཞལ་གདངས་པ། གཡོན་པའི་ཞལ་མ་མཆུ་མནན་པ་མཆེ་བ་གཙིགས་པ་སྟག་གི་པགས་པས་སྨད་དང་སྟོད་ལ་གོན་པ་ཐོད་པའི་ཕྲེང་བས་དབུ་ལ་བརྒྱན་

པ། དབུ་སྐྲ་འབར་བ་གྱེན་ལ་བཅིངས་ཤིང་འཁྱིལ་བ་སྨ་ར་དམར་སེར་རོལ་པའི་ཀུན་ཏུ་བསྐྱོད་པ་ཅན། ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། ཕུད་ཀྱི་སྒྲ་སྒྲོགས་པ་དང་བཅས་པའི་གདེངས་ཀ་ཅན་རྣམས་ཀྱིས་འཇིགས་པ་སྣ་ཚོགས་པདྨ་དང་། ཉི་མའི་གདན་ལ་གཡོན་བརྐྱང་

བས་གནས་པའོ། །གཤིན་རྗེ་མཐར་བྱེད་ནི་གཡས་བརྐྱང་བའམ་རྡོ་རྗེ་སྐྱིལ་ཀྲུང་གིས་ཀྱང་བཞུགས་པའོ། །དཀྱིལ་འཁོར་འདི་ལ་གནོད་མཛེས་རྒྱལ་པོའི་གཟུགས་ཁོ་ནས་རྣམ་པར་གནས་པའི་ཕྱིར་གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་དཀྱིལ་འཁོར་ཉིད་དུ་ཐ་དད་དུ་མ་

བཤད་དེ། དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་རྣལ་འབྱོར་རྒྱས་པར་བསྟན་པ་ལའོ། །འབྲིང་པོར་བསྟན་པ་ལ་ནི་འཇམ་པའི་རྡོ་རྗེའི་སྤྱི་བོའི་སྟེང་ན་རཏྣའི་རི་ལ་གནས་པའི་པདྨ་དང་ཉི་མ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པའི་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་སེར་པོ་དང་སྔོན་པོ་

དང་དཀར་པོ་རྩ་བ་དང་གཡས་དང་གཡོན་གྱི་ཞལ་ལོ། །ཕྱག་བརྒྱད་པའི་ཕྱག་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་བྱས་པ། གཡས་པ་རྣམས་ཀྱིས་འཁོར་ལོ་དང་བགྲང་ཕྲེང་དང་མདའ་འཛིན་པའོ། །གཡོན་པ་རྣམས་ཀྱིས་འཁོར་ལོ་དང་ནུ་མ་དང་གཞུ་འཛིན་པའོ། །

སྣ་ཚོགས་པའི་གོས་དང་རིན་པོ་ཆེའི་རྒྱན་ཅན། རལ་པའི་ཐོར་ཅོག་གི་ཅོད་པན་ཅན་གཞོགས་གཉིས་སུ་སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ཀྱིས་བརྒྱན་པའོ་ཞེས་གསུངས་སོ། །དེའི་རྗེས་སུ་འབྲངས་ནས་རྣལ་འབྱོར་རྒྱས་པ་ལ། ཡང་གཙུག་ཏོར་འཁོར་ལོས་སྒྱུར་

བ་ནི་དཀྱིལ་འཁོར་བ་ཐ་དད་དུ་དང་དེའི་སྟེང་དུ་གནོད་མཛེས་རྒྱལ་པོ་ཤེས་པར་བྱའོ་ཞེས་པ་ནི་ཁ་ཅིག་གོ། །ལྷ་གཞན་བཞི་བཅུ་ཞེ་གསུམ་པོ་རྣམས་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པའོ། །འདིར་ནུ་མ་འཛིན་པར་བསྟན་པ་དེ་ཡང་མི་བསྐྱོད་པ་ལ་སོགས་པ་བཞི་བདག་ལྟ་

Vol. 75 · folio 125a

བུའི་ཤེས་རབ་མ་ལ་སྙོམས་པར་ཞུགས་པ་རྣམས་ཀྱིའོ། །ཁྲོ་བོ་རྣམས་ཀྱིས་ནི་བདག་ལྟ་བུའི་ཤེས་རབ་མ་གཡོན་ངོས་སུ་གནས་པའི་ནུ་མ་འཛིན་པའོ་ཞེས་ཤེས་པར་བྱའོ། །གཤིན་རྗེ་མཐར་བྱེད་ལས་གཞན་རྣམས་ལ་ཤེས་རབ་མ་མེད་ཀྱང་དེའི་ནུ་མར་འཛིན་

པའི་ཚུལ་གྱིས་བདག་གི་ནུ་མར་འཛིན་པའོ་ཞེས་པ་ནི་གཞན་ནོ། །འདིར་རྣམ་པར་སྣང་མཛད་ཀྱི་རང་བཞིན་འཇམ་པའི་རྡོ་རྗེ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ལྟ་བུའི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་མི་

བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་དང་། སྤྱན་མ་དང་ཙུནྡ་རྣམས་ལ་འཇམ་པའི་རྡོ་རྗེས་རྒྱས་བཏབ་པ། མཱ་མ་ཀཱི་དང་སེམས་མ་རྡོ་རྗེ་མ་དང་བྱམས་པ་ལ་སོགས་པ་བཞི་དང་། ཁྲོ་བོ་བཅུ་ལ་མི་བསྐྱོད་པས་རྒྱས་བཏབ་པ། རིན་ཆེན་རྡོ་རྗེ་མ་དང་རིན་ཆེན་སྐར་མདའ་

མ་དང་། བཟང་སྐྱོང་མ་ལ་སོགས་པ་བཞི་ལ་རིན་འབྱུང་གིས་རྒྱས་བཏབ་པ། གོས་དཀར་མོ་དང་ཆོས་ཀྱི་རྡོ་རྗེ་མ་དང་ཁྲོ་གཉེར་མ་དང་མཐུ་ཆེན་ཐོབ་ལ་སོགས་པ་བཞི་ལ་སྣང་བ་མཐའ་ཡས་ཀྱིས་རྒྱས་བཏབ་པ། སྒྲོལ་མ་དང་ལས་ཀྱི་རྡོ་རྗེ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་། ཟླ་འོད་

ལ་སོགས་པ་བཞི་ལ་དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །འཇམ་པའི་རྡོ་རྗེའི་ཐུགས་ཀར་ས་བོན་ནི་མུཿའོ། །ཨོཾ་ཨཱཿཞེས་པ་སྙིང་པོའི་སྔགས་སོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་བིགྷྣཱནྟ་ཀ་ཧཱུཾ་ཞེས་པ་ལས་ཐམས་ཅད་པའི་སྔགས་སོ།། །།ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་

དཀྱིལ་འཁོར་ལ། རྡོ་རྗེ་གུར་ལ་སོགས་པ་བསྒོམ་པར་རྣམ་པར་བཞག་པ་ནི་བཤད་མ་ཐག་པའི་དཀྱིལ་འཁོར་བཞིན་ནོ། །ཁྱད་པར་དུ་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་རྣམས་ནི་འཆད་པར་འགྱུར་བའི་གཟུགས་ཅན་ནོ། །མཆོད་རྟེན་ནི་འདིར་མེད་དོ། །གཞལ་ཡས་ཁང་གི་ལྟེ་བ་

ལ་སྣ་ཚོགས་པདྨའི་ཟེ་འབྲུ་ལ་གནས་པའི་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་འཇམ་པའི་དབྱངས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་ཉི་མ་འཆར་བའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ་སྐུ་མདོག་གསེར་ལྟ་བུ། ཨིནྡྲ་ནཱི་ལ་ལྟ་བུའི་གཙུག་ཕུད་དང་ལྡན་པ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་

Vol. 75 · folio 125b

དང་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཅོད་པན་གྱི་སྟེང་དུ་སངས་རྒྱས་ལྔ་དང་རིན་པོ་ཆེའི་ཅོད་པན་ཅན། རཏྣ་སྣ་ཚོགས་ཀྱིས་བརྒྱན་པ་དང་ན་བཟའ་སྣ་ཚོགས་བསྣམས་པ། སྒེག་པའི་ཉམས་ཀྱི་ཚོགས་དང་ལྡན་པ། སེར་པོ་དང་སྔོན་པོ་དང་དམར་པོ་དང་དཀར་པོ་ནི་རྩ་བ་དང་གཡས་

དང་ནུབ་དང་གཡོན་གྱི་ཞལ་ལོ། །ཕྱག་བརྒྱད་པའི་ཕྱག་གཉིས་ཀྱི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པའོ། །གཡས་པ་རྣམས་ཀྱིས་རལ་གྲི་དང་མདའ་དང་རྡོ་རྗེ་བསྣམས་པའོ། །གཡོན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་དང་གཞུ་དང་རྡོ་རྗེ་དྲིལ་བུ་བསྣམས་པའོ། །འདབ་

མ་བརྒྱད་པ་ལ་སེང་གེའི་སྟེང་དུ་གནས་པའི་པདྨ་དང་ཟླ་བའི་དཀྱིལ་འཁོར་རྣམས་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཙུག་ཏོར་ཆེན་པོ་དང་གདུགས་དཀར་པོ་དང་གཟི་བརྗིད་ཕུང་པོ་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་རྣམས་དང་། དབང་ལྡན་ལ་སོགས་པའི་མཚམས་སུ་འོད་ཟེར་རྣམ་

པར་འཕྲོ་བ་དང་འཕགས་པ་དང་ཆེར་འཕགས་པ་དང་རྒྱལ་བ་རྣམས་སོ། །གཙུག་ཏོར་བརྒྱད་པོ་འདི་རྣམས་ནི་རྡོ་རྗེ་སྐྱིལ་ཀྲུང་དང་རིན་པོ་ཆེའི་ཅོད་པན་ཅན་སྐུ་མདོག་སེར་པོ་ཕྱག་གཉིས་པའོ། །ཕྱག་གཡས་པས་འཁོར་ལོ་གྱེན་དུ་བཟུང་བ། གཡོན་པས་རང་གི་གདན་ལ་མནན་པ་རྣམས་སོ། །

དེ་ནས་ཤར་གྱི་རེ་མིག་གི་དབུས་སུ་གླང་པོ་ཆེའི་རྒྱལ་པོ་ལ་མི་བསྐྱོད་པ་སྔོན་པོ། ཞལ་བཞི་པ་རྩ་བའི་ཞལ་སྔོན་པོ་བག་ཙམ་ཁྲོ་བ་དང་བཅས་པའི་རོལ་པ་དང་ལྡན་པ་གཡས་པ་དཀར་པོ་ཁ་གདངས་པ་དྲག་པོའོ། །ནུབ་ཀྱི་སེར་པོ་དཔའ་བོ་གཡོན་པ་དམར་པོ་མཆེ་བས་མ་མཆུ་མནན་པ་ཕྱག་

བརྒྱད་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་མདའ་དང་ལྕགས་ཀྱུ་འཛིན་པ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་དྲིལ་བུ་དང་གཞུ་དང་ཞགས་པ་འཛིན་པའོ། །རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པ་དང་རྡོ་རྗེ་ལེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །

ལྷོའི་རེ་མིག་གི་དབུས་སུ་རྟ་མཆོག་གི་སྟེང་དུ་རིན་ཆེན་འབྱུང་ལྡན་སེར་པོ་སེར་པོ་དང་། ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་བཞི་པ་ཕྱག་བརྒྱད་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་དང་ལྕགས་ཀྱུའོ། གཡོན་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་རྡོ་རྗེ་

Vol. 75 · folio 126a

དྲིལ་བུ་དང་ཞགས་པ་དང་གཞུ་འཛིན་པའོ། །རྡོ་རྗེ་རིན་ཆེན་དང་རྡོ་རྗེ་ཉི་མ་དང་རྡོ་རྗེ་ཏོག་དང་རྡོ་རྗེ་བཞད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ནུབ་ཀྱི་རེ་མིག་གི་དབུས་སུ་རྨ་བྱའི་སྟེང་དུ་སྣང་བ་མཐའ་ཡས་དམར་པོ་དམར་པོ་དང་ནག་པོ་དང་དཀར་པོ་དང་སེར་པོའི་ཞལ་

བཞིའོ། །ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་མདའ་དང་རལ་གྲི་དང་ལྕགས་ཀྱུ་འཛིན་པའོ། །གཡོན་པ་རྣམས་ཀྱིས་པདྨ་དང་གཞུ་དང་ཞགས་པ་དང་། དྲིལ་བུ་འཛིན་པའོ། །རྡོ་རྗེ་ཆོས་དང་རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་རྡོ་རྗེ་གསུང་བ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །བྱང་གི་

རེ་མིག་གི་དབུས་སུ་ཁྱུང་གི་སྟེང་དུ་དོན་ཡོད་གྲུབ་པ་ལྗང་གུ་ཞལ་བཞི་པ་རྩ་བའི་ཞལ་ལྗང་གུ་མཆེ་བ་གཙིགས་པ་གཡས་སེར་པོ་ཞི་བ་ནུབ་དམར་པོ་སྒེག་པ་དང་བཅས་པ། གཡོན་དཀར་པོ་ཞི་བ་ཕྱག་བརྒྱད་པ། གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་མདའ་དང་ལྕགས་ཀྱུ་འཛིན་པ། གཡོན་པ་

རྣམས་ཀྱིས་སྡིགས་མཛུབ་དང་དྲིལ་བུ་དང་གཞུ་དང་ཞགས་པ་འཛིན་པའོ། །རྡོ་རྗེ་ལས་དང་རྡོ་རྗེ་བསྲུང་བ་དང་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་རང་རང་གི་ཆིབས་ཀྱི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་

གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རཏྣ་སྣ་ཚོགས་དང་གོས་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུ་དྲུག་པོ་འདི་རྣམས་ནི་དབང་ལྡན་ལ་སོགས་པའི་མཚམས་སུ་གནས་པའི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་གནས་པ་རྡོ་རྗེ་དབྱིངས་ཀྱི་

དཀྱིལ་འཁོར་ལས་བཤད་པའི་རང་བཞིན་ཅན་རྣམས་སོ། །འདི་དག་ཀྱང་ཕྱོགས་སུ་གནས་པའོ་ཞེས་པའི་ཕྱོགས་ཀྱང་ཡོད་དོ། །དབང་ལྡན་ལ་སོགས་པའི་མཚམས་ལ་གནས་པའི་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་སེམས་དཔའི་སྐྱིལ་ཀྲུང་ཅན། སངས་རྒྱས་སྤྱན་མ་དང་མ་མ་ཀཱི་དང་གོས་

དཀར་མོ་དང་སྒྲོལ་མ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་འཇམ་པའི་དབྱངས་དང་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་ལྟ་བུའོ། །ཤར་གྱི་སྒོ་རུ་རྡོ་རྗེ་ལྕགས་ཀྱུ་དམར་སེར་རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཡས་བརྐྱང་གིས་བཞུགས་པའོ། །ལྷོ་རུ་རྡོ་རྗེ་ཞགས་པ་སེར་པོ་

Vol. 75 · folio 126b

རྡོ་རྗེ་ཞགས་པ་འཛིན་པ་གཡོན་བརྐྱང་གིས་གནས་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་པོ་རྡོ་རྗེ་ལྕགས་སྒྲོག་ཕྱག་གཉིས་ཀྱིས་འཛིན་པ་ས་གའི་སྟང་སྟབས་ཀྱིས་གནས་པའོ། །བྱང་དུ་རྡོ་རྗེ་འབེབས་པ་ལྗང་གུ་ཕྱག་གཉིས་རྡོ་རྗེ་བསྡམས་པས་རྡོ་རྗེ་དྲིལ་བུ་འཛིན་པ། ཟླུམ་པའི་སྟང་སྟབས་

ཀྱིས་གནས་པའོ། །བཞི་པོ་འདི་དག་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་ཞལ་གཅིག་པ་ཕྱག་གཉིས་པ་སྤྱན་གསུམ་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨ་ར་དམར་སེར་དང་ལྡན་པ་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པའོ། །ནང་གི་དཀྱིལ་འཁོར་འདི་ལས་དཀྱིལ་འཁོར་གཉིས་པ་ལ།

ཤར་གྱི་ཕྱོགས་ཀྱི་དབང་ལྡན་ནས་བརྩམས་ནས་གཡས་སྐོར་དུ་རིམ་པ་བཞིན་དུ་ས་བཅུ་གཉིས་ཀྱི་ལྷ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ། གཡས་པ་ཐམས་ཅད་ཀྱིས་རྡོ་རྗེ་འཛིན་པ། གཡོན་པས་རང་རང་གི་ཕྱག་མཚན་འཛིན་པའོ། །དེ་ལ་མོས་པ་སྤྱོད་པའི་ས་མ་ནི་པདྨ་བཞིན་དུ་

དམར་བ་པདྨ་དམར་པོ་འཛིན་པའོ། །རབ་ཏུ་དགའ་བ་དམར་མོ་ཡིད་བཞིན་གྱི་ནོར་བུ་འཛིན་པའོ། །དྲི་མ་མེད་མ་དཀར་མོ་ཆུ་སྐྱེས་དཀར་པོ་འཛིན་པའོ། །འོད་བྱེད་མ་དམར་མོ་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །འོད་འཕྲོ་མ་མརྒད་ལྟ་བུའི་མདོག་ཨུཏྤ་

ལ་སྔོན་པོ་འཛིན་པའོ། །སྤྱང་ཁ་མ་སེར་མོ་པང་པར་གནས་པའི་ཕྱག་གན་རྐྱལ་གྱིས་མ་ར་ག་ཏའི་ནོར་བུ་བསྣམས་པའོ། །མངོན་དུ་གྱུར་པའི་ས་མ་གསེར་གྱི་མདོག་ཅན་པདྨའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པའོ། །རིང་དུ་སོང་བ་མ་ནམ་མཁའ་ལྟར་

སྔོ་བསངས་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་འཛིན་པའོ། །མི་གཡོ་བ་མ་སྟོན་ཀའི་ཟླ་བའི་མདོག་ལྟ་བུ་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོས་མཚན་པའི་པདྨའི་ཡུ་བ་འགྱིང་བ་དང་བཅས་པ་འཛིན་པའོ། །ལགས་པའི་བློ་གྲོས་མ་དཀར་མོ་རལ་གྲིས་མཚན་པའི་ཨུཏྤ་

ལ་འཛིན་པའོ། །ཆོས་ཀྱི་སྤྲིན་མ་སེར་མོ་ཆོས་ཀྱི་སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟི་འཛིན་པའོ། །ཀུན་ཏུ་འོད་མ་ཉི་མ་ཕྱེད་ཀྱི་ཉི་མའི་མདོག་ཅན་པདྨའི་སྟེང་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཚོན་པར་བྱེད་པའི་བདེ་བར་གཤེགས་པའི་སྐུ་

Vol. 75 · folio 127a

གཟུགས་འཛིན་པའོ། །ལྷོ་རུ་ཕ་རོལ་ཏུ་ཕྱིན་མ་བཅུ་གཉིས་ནི་ཕྱག་གཉིས་པ་གཡས་པ་ཐམས་ཅད་ཀྱིས་ཡིད་བཞིན་གྱི་ནོར་བུ་འཛིན་པའོ། །གཡོན་པས་རང་རང་གི་ཕྱག་མཚན་འཛིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་ཕྱག་གཉིས་ཀྱིས་ལྷག་པའོ། །དེ་ལ་རིན་

པོ་ཆེའི་པདྨའི་ཕ་རོལ་ཏུ་ཕྱིན་མ་དམར་མོ་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་མ་དཀར་དམར་གྱི་མདོག་ཅན་འབྲས་སོ་བའི་སྙེ་མ་སྣ་ཚོགས་འཛིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་མྱ་ངན་མེད་པའི་ཡལ་ག་དང་བཅས་པའི་མེ་

ཏོག་གི་ཆུན་པོ་འཛིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་མ་སེར་མོ་ཆུ་སྐྱེས་དཀར་པོ་འཛིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་མ་མ་ར་ག་ཏ་ལྟ་བུའི་མདོག་ཅན་ཨུཏྤ་ལ་སྔོན་པོ་འཛིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མ་ནམ་མཁའ་ལྟར་སྔོ་བསངས་པདྨ་དཀར་པོ་འཛིན་པའོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེར་མདོག་ལྟ་བུ་ཡིད་དུ་འོང་མ་པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟི་འཛིན་མ། ཕྱག་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་མཛད་པའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་མ་མེ་ཏོག་པྲི་ཡང་ཀུ་ལྟ་བུ་ལྗང་གུ་པདྨ་སེར་པོ་ལ་གནས་

པའི་རལ་གྲི་དང་རྡོ་རྗེ་འཛིན་པའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་མ་ཨུཏྤ་ལ་སྔོན་པོའི་མདོག་ཅན་ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་འཛིན་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་མ་དམར་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟི་འཛིན་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་རཏྣ་སྣ་ཚོགས་

པའི་འབྲས་བུས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་འཛིན་པའོ། །རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་སྐུ་མདོག་སྣ་ཚོགས་པ་ཨུཏྤ་ལ་སྔོན་པོ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་འཛིན་པའོ། །ནུབ་ཏུ་དབང་བཅུ་མ་ནི་ཕྱག་གཉིས་གཡས་པ་རྣམས་ཀྱིས་པདྨ་འཛིན་པའོ། །གཡོན་པ་རྣམས་ཀྱིས་

སྙེམས་པས་རང་རང་གི་ཕྱག་རྒྱ་འཛིན་པའོ། །དེ་ལ་ཚེ་ལ་དབང་བ་མ་ནི་དཀར་དམར་གྱི་མདོག་ཅན་ནོར་བུ་པདྨ་རཱ་ག་ལ་གནས་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གྱིས་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་འཛིན་པའོ། །སེམས་ལ་དབང་བ་མ་ནི་དཀར་མོ་རྡོ་རྗེ་རྩེ་ལྔ་པ་དམར་པོ་འཛིན་པའོ། །ཡོ་བྱད་

Vol. 75 · folio 127b

ལ་དབང་བ་མ་ནི་སེར་མོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པའོ། །ལས་ལ་དབང་བ་མ་ནི་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པའོ། །སྐྱེ་བ་ལ་དབང་བ་མ་ནི་སྐུ་མདོག་སྣ་ཚོགས་མ་མེ་ཏོག་ཛཱ་ཏི་ཁ་དོག་སྣ་ཚོགས་པའི་ཡལ་འདབ་འཛིན་པའོ། །རྫུ་འཕྲུལ་ལ་དབང་བ་མ་ནི་ནམ་མཁའ་

ལྟར་སྔོ་བསངས་པདྨ་ལ་གནས་པའི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །མོས་པ་ལ་དབང་བ་མ་ནི་པདྨའི་རྩ་བ་ལྟར་དཀར་བའི་པྲི་ཡང་ཀུའི་མ་ཏོག་གི་སྙེམ་འཛིན་པའོ། །སྨོན་ལམ་ལ་དབང་བ་མ་ནི་སེར་མོ་ཨུཏྤ་ལ་སྔོན་པོ་འཛིན་པའོ། །ཡེ་ཤེས་ལ་དབང་བ་མ་སྔོན་མོ་ཨུཏྤ་

ལ་སྔོན་པོ་ལ་གནས་པའི་རལ་གྲི་འཛིན་པའོ། །ཆོས་ལ་དབང་བ་མ་སྐུ་མདོག་དཀར་མོ་པདྨ་ལ་གནས་པའི་བུམ་པ་བཟང་པོ་འཛིན་པའོ། །དེ་བཞིན་ཉིད་མ་དཀར་མོ་ཕྱག་གཡས་པས་པདྨ་དཀར་པོ་འཛིན་པ། གཡོན་པས་རྡོ་རྗེ་རིན་པོ་ཆེའི་སྙེ་མ་འཛིན་པའོ། །སངས་རྒྱས་ཀྱི་བྱང་

ཆུབ་མ་གསེར་གཞུ་ལྟ་བུའི་མདོག་ཅན་ཕྱག་གཡས་ཀྱིས་པདྨ་སེར་པོ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་འཛིན་པའོ། །གཡོན་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་སྟེང་དུ་འཁོར་ལོ་འཛིན་པའོ། །བྱང་དུ་གཟུགས་མ་བཅུ་གཉིས་ནི་ཕྱག་གཉིས་མ་གཡས་པ་རྣམས་ཀྱིས་སྣ་

ཚོགས་རྡོ་རྗེ་དང་གཡོན་པ་རྣམས་སྙེམས་པ་དང་བཅས་པས་རང་རང་གི་མཚན་མ་འཛིན་པ་སྟེ། དེ་ལ་དབྱིག་གི་བློ་གྲོས་མ་སེར་མོ་འབྲས་ཀྱི་སྙེ་མ་འཛིན་པའོ། །རིན་ཆེན་སྐར་མདའ་མ་དམར་མོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པའོ། །གཙུག་ཏོར་རྣམ་པར་རྒྱལ་མ་

དཀར་མོ་ནོར་བུ་ཟླ་བ་ཆུ་ཤེལ་གྱི་བུམ་པ་འཛིན་པའོ། །འོད་ཟེར་ཅན་དཀར་དམར་སྐུད་པ་དང་བཅས་པའི་ཁབ་འཛིན་པའོ། །རི་ཁྲོད་ལོ་མ་ཅན་ལྗང་གུ་རྨ་བྱའི་མཇུག་སྒྲོ་འཛིན་པའོ། །དུག་སེལ་མ་དཀར་མོ་དུག་གི་མེ་ཏོག་གི་ཆུན་པོ་འཛིན་པའོ། །སྒོ་མཐའ་ཡས་མ་མེ་ཏོག་

པྲི་ཡང་ཀུ་ལྟར་ལྗང་བུ་ཆུ་སྐྱེས་དམར་པོ་ལ་གནས་པའི་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་འཛིན་པའོ། །ཙུནྡ་མ་དཀར་མོ་བགྲང་ཕྲེང་འཕྱང་བའི་རིལ་བ་སྤྱི་བླུགས་འཛིན་པའོ། །ཤེས་རབ་འཕེལ་མ་དཀར་མོ་ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་འཛིན་པའོ། །ལས་

Vol. 75 · folio 128a

དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལྗང་གུ་སྟེ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་པདྨ་དཀར་དམར་འཛིན་པའོ། །ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་དམར་མོ་རཏྣའི་ཟ་མ་ཏོག་འཛིན་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་མོ་སེར་མོ་པདྨ་ལ་གནས་

པའི་རཏྣ་སྣ་ཚོགས་ཀྱི་དཔེ་སྒྲོམ་འཛིན་པའོ། །ཤར་ཕྱོགས་ཀྱི་སྒོར་ཆོས་སོ་སོ་ཡང་དག་པར་རིག་པ་མ་སྐུ་མདོག་དཀར་དམར་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །ལྷོ་ཕྱོགས་ཀྱི་སྒོར་དོན་སོ་སོ་ཡང་དག་པར་རིག་མ་མ་ར་ཀ་ཏའི་མདོག་ཅན་ཕྱག་གཡོན་གྱི་

རིན་པོ་ཆེའི་ཞགས་པ་འཛིན་པའོ། །ནུབ་ཀྱི་སྒོར་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་མ་དམར་པོའི་ཕྱག་གཉིས་ཀྱིས་མཐའ་གཉིས་སུ་པདྨས་མཚན་པའི་ལྕགས་སྒྲོག་འཛིན་པའོ། །བྱང་གི་སྒོར་སྤོབས་པ་སོ་སོ་ཡང་དག་པར་རིག་པ་མ་མ་ར་ཀ་ཏ་ལྟ་བུ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་

རྩེ་གསུམ་པས་མཚན་པའི་དྲིལ་བུ་འཛིན་པའོ། །མེའི་མཚམས་སུ་སྒེག་མོ་སེར་མོ་སྒེག་པ་དང་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་གཉིས་འཛིན་པའོ། །བདེན་བྲལ་དུ་ཕྲེང་བ་མ་དམར་སེར་ཕྱག་གཉིས་རཏྣའི་ཕྲེང་བ་འཛིན་པའོ། །རླུང་དུ་གླུ་མ་དམར་མོ་ཕྱག་གཉིས་ཀྱིས་པི་ཝང་བསྒེང་

བའོ། །དབང་ལྡན་དུ་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་གར་བྱེད་པའི་ཚུལ་གྱིས་རྡོ་རྗེ་རྩེ་གསུམ་པ་དང་རྡོ་རྗེ་དྲིལ་བུ་འཛིན་པའོ། །མོས་པས་སྤྱོད་པའི་ས་ལ་སོགས་པའི་ལྷ་མོ་འདི་རྣམས་ཐམས་ཅད་ནི་རཏྣའི་རྒྱན་སྣ་ཚོགས་དང་གོས་དང་རཏྣའི་ཅོད་པན་དང་ལྡན་པ་དང་ཅུང་ཟད་འཛུམ་

པ་དང་སྒེག་པའི་ཉམས་དང་ལྡན་པ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཁྱད་པར་དུ་སྒོ་སྐྱོང་མ་རྣམས་ནི་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའོ། །གཞན་ནི་དེ་རྣམས་ཀྱང་ཟླ་བ་ལ་གནས་པའོ་ཞེས་སོ། །དཀྱིལ་འཁོར་གསུམ་པ་

དབང་ལྡན་ནས་བརྩམས་ནས་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་ལ་ཤར་ཕྱོགས་ཀྱི་སྣམ་བུ་ལ་ཀུན་ཏུ་བཟང་པོ་སེར་པོ་ཕྱག་གཡས་པས་མཆོག་སྦྱིན་གཡོན་པས་ཨུཏྤ་ལ་ལ་གནས་པའི་རལ་གྲི་འཛིན་པའོ། །བློ་གྲོས་མི་ཟད་པ་སེར་པོ་གཡས་པས་རལ་གྲི་དང་གཡོན་པས་མི་

Vol. 75 · folio 128b

འཇིགས་པས་པདྨ་འཛིན་པའོ། །སའི་སྙིང་པོ་སེར་པོ་གཡས་པས་ས་གནོན་མཛད་པ། གཡོན་པས་པདྨ་ལ་གནས་པའི་དཔག་བསམ་གྱི་ཤིང་འཛིན་པའོ། །ནམ་མཁའི་སྙིང་པོ་ལྗང་གུ་གཡས་པས་རཏྣ་སྣ་ཚོགས་ཀྱི་ཆར་འབེབས་པ། གཡོན་པས་ཡིད་བཞིན་གྱི་ནོར་བུ་འཛིན་

པའོ། །ལྷོ་ཕྱོགས་ཀྱི་སྣམ་བུ་ལ་ནམ་མཁའ་མཛོད་སེར་པོ་གཡས་པས་ཡིད་བཞིན་གྱི་ནོར་བུ་འཛིན་པ། གཡོན་པས་བུམ་པ་བཟང་པོ་ལ་འཕྱང་བའི་དཔག་བསམ་གྱི་ཤིང་འཛིན་པའོ། །ཕྱག་ན་རིན་ཆེན་ལྗང་གུ་ཕྱག་གཡས་པས་རིན་པོ་ཆེ་དང་གཡོན་པས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་

འཁོར་འཛིན་པའོ། །བློ་གྲོས་རྒྱ་མཚོ་དཀར་པོ་གཡས་དུང་དང་གཡོན་པས་རྡོ་རྗེ་རལ་གྲི་འཛིན་པའོ། །རྡོ་རྗེ་སྙིང་པོ་ཨུཏྤ་ལ་སྔོན་པོའི་ལོ་མ་ལྟ་བུའི་མདོག་ཅན་གཡས་པས་རྡོ་རྗེ་དང་གཡོན་པས་མདོ་སྡེ་ས་བཅུ་པའི་པུ་སྟི་འཛིན་པའོ། །ནུབ་ཏུ་སྤྱན་རས་གཟིགས་དབང་ཕྱུག་གཡས་པས་

མཆོག་སྦྱིན་གྱི་ཕྱག་རྒྱ་གཡོན་པས་ཆུ་སྐྱེས་དཀར་པོ་འཛིན་པའོ། །མཐུ་ཆེན་ཐོབ་སེར་པོ་གཡས་པས་རལ་གྲི་གཡོན་པས་པདྨ་འཛིན་པའོ། །ཟླ་འོད་དཀར་པོ་གཡས་པས་རྡོ་རྗེ་འཁོར་ལོ་དང་གཡོན་པས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །དྲ་བ་ཅན་གྱི་འོད་

དཀར་དམར་གཡས་པས་རལ་གྲི་དང་གཡོན་པས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །བྱང་དུ་འོད་དཔག་མེད་དཀར་པོ་གཡས་ན་སྣ་ཚོགས་པདྨ་དང་གཡོན་པས་པདྨ་ལ་གནས་པའི་བུམ་པ་འཛིན་པའོ། །སྤོབས་པ་བརྩེགས་པ་སེར་པོ་གཡས་པས་སེ་གོལ་གཡོན་པས་

པདྨ་ལ་གནས་པའི་རལ་གྲི་འཛིན་པའོ། །མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་གུར་གུམ་ལྟ་བུ་གཡས་པ་རྡོ་རྗེ་རྩེ་ལྔ་པ་དང་གཡོན་པ་ཤཀ་ཏི་འཛིན་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྔོན་པོ་གཡས་པས་རལ་གྲི་གཡོན་པས་སྣ་ཚོགས་རྡོ་རྗེས་མཚན་པའི་བ་དན་

འཛིན་པའོ། །བཅུ་དྲུག་པོ་འདི་དག་ནི་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་རིན་པོ་ཆེའི་ཅོད་པན་ཅན་རིན་པོ་ཆེ་དང་ན་བཟའ་སྣ་ཚོགས་པས་བརྒྱན་པ་ཞལ་གཅིག་པ་ཕྱག་གཉིས་པ་རྣམས་སོ། །ཤར་སྒོར་མ་ཧེ་ལ་གཤིན་རྗེ་མཐར་

Vol. 75 · folio 129a

བྱེད་ནག་པོ་ཞལ་དྲུག་པ་གསུས་པ་འཕྱང་བ་ཞབས་དྲུག་པ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་ལྕགས་ཀྱུ་དང་རལ་གྲི་དང་མདའ་འཛིན་པ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དང་གཞུ་འཛིན་པའོ། །ཞལ་དང་ཞབས་རྣམས་ཀྱི་བྱེ་

བྲག་གོང་བཞིན་ནོ། །ལྷོ་སྒོར་ཤེས་རབ་མཐར་བྱེད་སེར་པོ་ཞལ་བཞི་པ་རྩ་བའི་ཞལ་སྒེག་པ་དང་བཅས་པའི་གཡས་གདངས་པ། ནུབ་ཏུ་དྲག་པོ་ཆེན་པོ་གཡོན་ཞི་བ་ཡང་ན་འདི་རྣམས་ནི་གོ་རིམས་ཇི་ལྟ་བས་སེར་པོ་དང་སྔོན་པོ་དང་དམར་པོ་དང་ལྗང་གུ་རྣམས་སོ། །འདི་ནི་ཕྱག་བརྒྱད་པ་

གཡས་པ་རྣམས་ཀྱིས་ཞགས་པ་དང་རྡོ་རྗེ་དང་རལ་གྲི་དང་མདའ་རྣམས་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྙིང་གར་ལྕགས་ཀྱུ་དང་རྡོ་རྗེ་དྲིལ་བུ་དང་མདུང་དང་གཞུ་འཛིན་པའོ། །ནུབ་ཏུ་པདྨ་མཐར་བྱེད་དམར་པོ་ཞལ་བཞི་དམར་བ་སྒེག་པ་དང་དྲག་པོ་དང་བཞད་པ་དང་ཞི་བའི་ཉམས་དང་

ལྡན་པ་ནི། རྩ་བ་དང་གཡས་དང་རྒྱབ་དང་གཡོན་པའི་ཞལ་རྣམས་སོ། །ཡང་ན་འདི་རྣམས་ནི་དམར་པོ་དང་ནག་པོ་དང་སེར་པོ་དང་དཀར་པོ་རྣམས་སོ། །ཕྱག་བརྒྱད་པ་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་འཛིན་པ་ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་འཛིན་པའོ། །

གཡོན་པ་རྣམས་ཀྱིས་དྲིལ་བུ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་འཛིན་པའོ། །གསུམ་པོ་འདི་དག་ནི་རོལ་པའི་ཀུན་དུ་བསྐྱོད་པས་གནས་པའོ། །བྱང་དུ་བགེགས་མཐར་བྱེད་སྔོན་པོ་ཞལ་བཞི་སྔོན་པོའམ་ཡང་ན་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་

རྣམས་སོ། །ཕྱག་བརྒྱད་པ་གཉིས་ཀྱིས་རྡོ་རྗེ་བསྡམས་པའི་ཚུལ་གྱིས་རྡོ་རྗེ་དྲིལ་བུ་དང་གཡས་པ་རྣམས་ན་རལ་གྲི་དང་མདའ་དང་ལྕགས་ཀྱུ་འཛིན་པའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་དང་དྲིལ་བུ་འཛིན་པའོ། །ཚོགས་ཀྱི་བདག་

པོ་གཡོན་བརྐྱང་བས་ཀུན་ནས་མནན་ནས་བཞུགས་པའོ། །དབང་ལྡན་གྱི་མཚམས་སུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྔོན་པོ་ཞལ་བཞི་སྔོན་པོ་རྩ་བའི་ཞལ་ཁྲོ་བ་དང་བཅས་པའི་སྒེག་པ་དང་གཡས་དྲག་པོ་རྒྱབ་དཔའ་བ་གཡོན་མི་སྡུག་པའོ། །ཡང་ན་འདི་དག་སྔོན་པོ་དང་

Vol. 75 · folio 129b

སེར་པོ་དང་དམར་པོ་དང་དཀར་པོ་རྣམས་སོ། །འདི་ནི་ཕྱག་བརྒྱད་པ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་དང་ལྡན་པ་ཐུགས་ཀར་བཟུང་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛད་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་མདའ་དང་། གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་། གཞུ་

འཛིན་པའོ། །གཡོན་བརྐྱང་བའི་སྟང་སྟབས་ཀྱིས་ཞབས་གཡོན་པས་དབང་ཕྱུག་ཆེན་པོའི་མགོ་མནན་པ་གཡས་པས་ཨུ་མའི་ནུ་མར་མནན་པའོ། །མེར་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ནག་པོ་སྒེག་པ་དང་དཔའ་བ་དང་འཇིགས་སུ་རུང་བ་དང་། སྙིང་རྗེའི་རོ་དང་ལྡན་པའི་ཞལ་བཞི་ནག་པོ་

འམ་ཡང་ན་འདི་དག་ནི་སྔོན་པོ་དཀར་པོ་སེར་པོ་དམར་པོ་རྣམས་སོ། །འདི་ནི་ཕྱག་བརྒྱད་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་དང་འཁོར་ལོ་འཛིན་པའོ། །གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་དང་གཞུ་དང་ཁ་ཊྭཱཾ་ག་ལ་འབྲེལ་པའི་བ་དན་འཛིན་པའོ། །ཆུང་མ་དང་

བཅས་པའི་ཁྱབ་འཇུག་གཡས་བརྐྱང་གིས་མནན་པའོ། །བདེན་བྲལ་དུ་ཧེ་རུ་ཀ་རྡོ་རྗེ་སྔོན་པོ་སྔོན་པོའི་ཞལ་བཞི་པ་རྩ་བའི་ཞལ་དྲག་པོ་གཡས་པ་རབ་ཏུ་དགའ་བས་བཞད་པ་རྒྱབ་ནི་ཟ་བར་རྔམས་པ་གཡོན་པ་སྒེག་པའོ། །ཡང་ན་འདི་དག་ནི་སྔོན་པོ་དང་དམར་པོ་དང་ལྗང་གུ་དང་དཀར་

པོའོ། །འདི་ནི་ཕྱག་བརྒྱད་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པ་དང་མདའ་དང་ཁྲག་གིས་བཀང་བའི་ཐོད་པ་དང་། གཡོན་པ་རྣམས་ཀྱིས་སྙིང་གར་པདྨ་ཁ་བྱེ་བ་དང་། གཞུ་དང་དྲིལ་བུ་དང་བ་དན་དང་བཅས་པའི་ཁ་ཊྭཱཾ་ག་འཛིན་པའོ། །ཕྱག་གཉིས་ཀྱིས་འཇིགས་བྱེད་ཀྱི་པགས་པ་

རླུང་གི་གོས་འདྲ་བ་འཛིན་པའོ། །ཆུང་མ་དང་བཅས་པའི་ཚངས་པ་གཡོན་བརྐྱང་བས་མནན་ནས་གནས་པའོ། །རླུང་དུ་རྟ་མཆོག་ལྗང་གུ་ལྗང་གུའི་ཞལ་བཞི་པ་རྩ་བ་ཁྲོ་བ་དང་བཅས་པའི་སྒེག་པ་གཡས་པ་དྲག་པོ་གཡོན་པའི་ཞལ་ཚངས་པ་ལྟ་བུ་སྟེ། ཡང་ན་ནི་འདི་ནི་ལྗང་གུ་དང་

སྔོན་པོ་དང་དཀར་པོ་རྣམས་ཏེ། སྤྱི་བོར་རྟ་མགོ་ལྗང་གུའོ། །འདི་ནི་ཕྱག་བརྒྱད་པ་གཡས་དང་པོ་སྣ་ཚོགས་རྡོ་རྗེ་དང་བ་དན་གསུམ་པ་དང་ལྡན་པས་ཕྱག་བསྒྲེང་བའི་ཚུལ་བྱས་པ་གཉིས་པས་བ་དན་གསུམ་པའི་ཚུལ་བྱས་པ། ཕྱག་གཉིས་ཀྱིས་རལ་གྲི་དང་མདའ་འཛིན་པའོ། །

Vol. 75 · folio 130a

གཡོན་པས་ཕུབ་དང་བཅས་པའི་ཕྱག་གི་སྣ་ཚོགས་ཆུ་སྐྱེས་འཛིན་པ། ལྷག་མ་གསུམ་གྱིས་ཤཀ་ཏི་དང་དབྱུག་པ་དང་གཞུ་རྣམས་འཛིན་པའོ། །ཞབས་གཡོན་བསྐུམ་པ་གཡས་བརྐྱང་བ་དང་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་ཞབས་བཞིའོ། །གཡས་དང་

པོ་གཅིག་གིས་དབང་མོ་དང་དཔལ་མོ། གཉིས་པས་དགའ་མོ་དང་ཚིམ་མོ། གཡོན་པ་གཅིག་གིས་དབང་པོ་དང་སྦྲང་རྩིར་བྱེད་པ་དང་། གཉིས་པས་རྒྱལ་བར་བྱེད་པ་དང་། དཔྱིད་ཀྱི་ལྷ་མནན་ནས་གནས་པའོ། །དཀྱིལ་འཁོར་གྱི་བདག་པོའི་སྟེང་དུ་ནམ་མཁའ་ལ་གཙུག་ཏོར་

འཁོར་ལོས་སྒྱུར་བ་སེར་པོ་ཞལ་བཞི་སེར་བའམ་ཡང་ན་སེར་པོ་དང་སྔོན་པོ་དང་དམར་པོ་དང་དཀར་པོའོ། །ཕྱག་བརྒྱད་པའི་གཡས་པ་རྣམས་ཀྱིས་འཁོར་ལོ་དང་ལྕགས་ཀྱུ་དང་རལ་གྲི་དང་མདའོ། །གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་དང་བགྲང་ཕྲེང་དང་གཞུ་བསྣམས་

པ། རོལ་པའི་ཀུན་དུ་བསྐྱོད་པས་གནས་པའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་ཞལ་བཞི་པ་དྲག་པོ་དང་ཞི་བ་དང་། བཞད་པ་དང་སྒེག་པའི་ཉམས་དང་ལྡན་པའི་ནག་པོའོ། །ཡང་ན་ཞལ་བཞི་ནི་ནག་པོ་དང་དཀར་པོ་དང་དམར་པོ་དང་སེར་པོའོ། །ཕྱག་བརྒྱད་པའི་གཡས་

པ་རྣམས་ནི་རྡོ་རྗེ་དང་ལྕགས་ཀྱུ་དང་རལ་གྲི་དང་མདའོ། །གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་གསལ་ཤིང་རྩེ་གཅིག་པ་དང་གཞུ་རྣམས་འཛིན་པ་གཡོན་བརྐྱང་གིས་གནས་པའོ། །ཁྲོ་བོ་བཅུ་པོ་འདི་དག་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པ་ཞལ་རེ་རེ་ཞིང་སྤྱན་གསུམ་

གསུམ་དམར་བ་སྨིན་མ་འཁྱོག་པ་སྟག་གི་པགས་པས་སྐུའི་སྟོད་སྨད་ལ་དཀྲིས་པ་ཐོད་པའི་ཕྲེང་བས་གཙུག་ཏོར་བྱས་པ་དབུ་སྐྲ་འབར་བ་དམར་སེར་གྱེན་དུ་བཅིངས་པ་སྨ་ར་དམར་སེར་དང་ལྡན་པ་ཀླུའི་རྒྱལ་པོ་བརྒྱད་ཀྱིས་འཇིགས་སུ་རུང་བའོ། །དཀྱིལ་འཁོར་གསུམ་པ་ཁོ་

ནའི་གྲྭ་བཞིའི་ནང་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པ་ཁྲོ་བོ་བཞིའི་ཕྱིའི་རེ་ཁཱའི་ཕྱི་རོལ་གྱི་གནས་སུ་མེ་ལ་སོགས་པའི་ཟུར་ཐིག་བཞི་པོ་རྣམས་ཀྱི་གཡས་ལོགས་སུ་མེ་ཏོག་མ་ལ་སོགས་པ་བཞིའོ། །གཡོན་ལོགས་སུ་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའོ། །

Vol. 75 · folio 130b

དེ་ལ་མེ་ཏོག་མ་སེར་མོ་ཕྱག་ན་མེ་ཏོག་གི་སྣོད་འཛིན་པའོ། །བདུག་སྤོས་མ་ནག་མོ་ཕྱག་ན་བདུག་སྤོས་ཀྱི་ཕོར་པ་འཛིན་པའོ། །མར་མེ་མ་དམར་མོ་ཕྱག་ན་རཏྣའི་སྒྲོན་མེའི་མཆོད་སྡོང་འཛིན་པའོ། །དྲི་ཆབ་མ་ལྗང་གུ་ཕྱག་ན་དྲིའི་དུང་ཆོས་འཛིན་པའོ། །རྡོ་རྗེ་གཟུགས་མ་སེར་

མོ་ཕྱག་ན་མེ་ལོང་འཛིན་པའོ། །རྡོ་རྗེ་སྒྲ་མ་ལྗང་གུ་ཕྱག་ན་པི་ཝང་འཛིན་པའོ། །རྡོ་རྗེ་རོ་མ་དམར་མོ་ཕྱག་ན་རོའི་སྣོད་འཛིན་པའོ། །རྡོ་རྗེ་རེག་བྱ་མ་སྣ་ཚོགས་པའི་ཁ་དོག་ཅན་ཕྱག་ན་གོས་སྣ་ཚོགས་འཛིན་པའོ། །བརྒྱད་པོ་འདི་དག་ནི་ཞལ་གཅིག་ཕྱག་གཉིས་མ་རཏྣའི་ཅོད་པན་

དང་ལྡན་པ་གོས་སྣ་ཚོགས་དང་རིན་པོ་ཆེས་བརྒྱན་པ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །བཞི་པ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལ་དབང་པོའི་ཕྱོགས་སུ་དབང་པོ་སེར་པོ་གླང་པོ་ཆེ་ས་སྲུང་དཀར་པོའི་སྟེང་ན་གནས་པ་ཕྱག་གཡས་ན་རྡོ་རྗེ་

གཡོན་པ་ནུ་མ་འཛིན་པའོ། །གཤིན་རྗེར་མ་ཧེ་ལ་གཤིན་རྗེ་ནག་པོ་ཕྱག་གཉིས་ཀྱིས་དབྱུག་པ་དང་རྩེ་གཅིག་པ་འཛིན་པའོ། །ཆུར་ཆུ་སྲིན་ལ་ཆུ་བདག་དཀར་པོ་སྦྲུལ་མགོའི་གདེངས་ཀ་བདུན་པ་ཀླུའི་ཞགས་པ་དང་དུང་དཀར་འཛིན་པའོ། །ལུས་ངན་དུ་མི་ལ་ལུས་ངན་སེར་པོ་

ལྕགས་ཀྱུ་དང་དབྱུག་ཏོ་འཛིན་པའོ། །དབང་ལྡན་དུ་དབང་ལྡན་དཀར་པོ་གླང་གི་སྟེང་ན་གནས་པ་རྩེ་གསུམ་དང་ཐོད་པ་འཛིན་པ་ཐོད་པ་དང་རལ་པའི་ཐོར་ཅོག་དང་ཟླ་བ་ཕྱེད་པས་དབུ་བརྒྱན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་དང་ལྡན་པ་མགྲིན་པ་སྔོན་པོའོ། །མེར་ར་ལ་མེ་ལྷ་

དམར་པོ་བླུགས་གཟར་དང་སྤྱི་བླུགས་འཛིན་པའོ། །བདེན་བྲལ་དུ་སྲིན་པོའི་བདག་པོ་སྔོན་པོ་རོ་ལ་གནས་པ་རལ་གྲི་དང་ཕུབ་འཛིན་པའོ། །རླུང་དུ་རླུང་ལྷ་སྔོན་པོ་རི་དགས་ལ་གནས་པ་རླུང་རས་འཛིན་པའོ། །བརྒྱད་པོ་འདི་དག་ནི་ཕྱག་བཞི་པ་ཕྱག་གཡས་པས་ཕྱག་

མཚན་དང་པོ་འཛིན་པ། གཡོན་པས་ཕྱག་མཚན་གཉིས་འཛིན་ཅིང་རང་རང་གི་བཙུན་མོ་ལ་འཁྱུད་པ་ཕྱག་འོག་མ་གཉིས་གཙོ་བོ་ལ་འདུད་པའི་ཚུལ་གྱིས་སྤྱི་བོར་ཐལ་མོ་སྦྱོར་བའོ། །དབང་ལྡན་དང་ཉེ་བའི་ཕྱི་རོལ་དུ་དབང་ལྡན་གྱི་མཚམས་ནས་བརྩམས་ནས་རིམ་པས་

Vol. 75 · folio 131a

ཚངས་པ་ལ་སོགས་པ་སྟེ་དེ་ལ་ཚངས་པ་ནི་ངང་པ་ལ་ཞོན་པ་སེར་པོ་ཞལ་བཞི་ནི་སེར་པོའོ། །ཕྱག་བཞི་པ་དང་པོ་གཉིས་ཀྱིས་བགྲང་ཕྲེང་དང་པདྨ་འཛིན་པའོ། །འོག་མ་གཉིས་ཀྱིས་དབྱུག་པ་དང་སྤྱི་བླུགས་བཟུང་ནས་ཐལ་མོ་སྦྱར་བའོ། །ཁྱབ་འཇུག་ནག་

པོ་ཁྱུང་ལ་ཞོན་པ་ཕྱག་བཞི་པ་དང་པོ་གཉིས་ཀྱིས་འཁོར་ལོ་དང་དུང་འཛིན་པ། གཡས་གཡོན་གཉིས་ཀྱིས་མདུང་ཐུང་དང་ས་རཾ་ཁའི་གཞུ་འཛིན་པ་སྤྱི་བོར་ཐལ་མོ་སྦྱར་བའོ། །དབང་ཕྱུག་ཆེན་པོ་དཀར་པོ་གླང་ལ་ཞོན་པ་རལ་པའི་ཐོར་ཅོག་ཅན་ཟླ་བ་ཕྱེད་པས་མཚན་པ། ཕྱག་བཞི་པ་

སྤྱི་བོར་ཐལ་མོ་སྦྱར་བ་དང་རྩེ་གསུམ་པ་དང་ཐོད་པ་འཛིན་པའོ། །གདོང་དྲུག་དམར་པོ་རྨ་བྱ་ལ་ཞོན་པ་གདོང་དྲུག་པ་ཕྱག་དྲུག་པ་གཡས་པ་གཉིས་ཤ་ཀ་ཏི་དང་རྡོ་རྗེ་འཛིན་པ་གཡོན་པ་གཉིས་ཀྱིས་ཁྱིམ་བྱ་དང་དྲིལ་བུ་འཛིན་པའོ། །ལྷག་མ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བའོ། །འདི་

རྣམས་ཀྱང་གོང་བཞིན་དུ་རང་གི་བཙུན་མོ་ལ་འཁྱུད་པའོ། །ཚངས་མ་ནི་ཚངས་པ་དང་མཚུངས་པའོ། །དྲག་མོ་ནི་དྲག་པོ་དང་མཚུངས་པའོ། །ཁྱབ་འཇུག་མ་ནི་ཁྱབ་འཇུག་དང་མཚུངས་པའོ། །གཞོན་དུ་མ་ནི་གདོང་དྲུག་དང་མཚུངས་པའོ། །དབང་མོ་ནི་དབང་པོ་དང་མཚུངས་པའོ། །

ཕག་མོ་ནག་མོ་ནི་འུག་པ་ལ་ཞོན་པ་ཕྱག་བཞི་པ་ཕྱག་གཡས་གཡོན་གཉིས་ཀྱིས་རོ་ཧི་ཏའི་ཉ་དང་ཐོད་པ་འཛིན་པའོ། །གཞན་གཉིས་ཀྱིས་ཐལ་མོ་སྦྱར་བའོ། །ཙ་མུཎྜཱི་དམར་མོ་རི་དགས་ལ་ཞོན་པ་ཕྱག་བཞི་མ་གཡས་གཡོན་གྱིས་གྲི་གུག་དང་ཐོད་པ་འཛིན་པ་གཉིས་ཀྱིས་ཐལ་མོ་སྦྱར་བའོ། །

བྷྲྀངྒི་རི་ཏི་ནག་མོ་ཤིན་ཏུ་སྐེམ་པ་ཕྱག་བཞི་པ་གཉིས་ཀྱིས་ཕྲེང་བ་དང་སྤྱི་བླུགས་འཛིན་པ་གཉིས་ཀྱིས་ཐལ་མོ་སྦྱར་བའོ། །ཚོགས་བདག་དཀར་པོ་བྱི་བ་ལ་ཞོན་པ་གླང་པོ་ཆེའི་གདོང་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་པ་དང་ལ་དུ་གཡོན་

གཉིས་ཀྱིས་དགྲ་སྟ་དང་ལ་ཕུག་འཛིན་པའོ། །ནག་པོ་ཆེན་པོ་ནག་པོ་རྩེ་གསུམ་པ་དང་ཐོད་པ་འཛིན་པའོ། །དགའ་བྱེད་དབང་ཕྱུག་ནག་པོ་རྫ་རྔ་ལ་ཞོན་པ་རྫ་རྔ་བརྡུང་བ་ལ་བརྩོན་པའོ། །ཉི་མ་དམར་པོ་རྟ་བདུན་གྱིས་འདྲེན་པའི་ཤིང་རྟ་ལ་ཞོན་པ་གཡས་པ་དང་གཡོན་པའི་ཕྱག་གཉིས་

Vol. 75 · folio 131b

པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །ཟླ་བ་དཀར་པོ་ངང་པ་ལ་ཞོན་པ་ཕྱག་གཡས་པ་དང་གཡོན་པས་ཀུ་མུ་ད་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །མིག་དམར་དམར་པོ་ར་ལ་ཞོན་པ་གཡས་ན་གྲི་གུག་གཡོན་པས་མི་མགོ་ཟ་བའི་ཚུལ་གྱིས་འཛིན་

པའོ། །ལྷག་པ་སེར་པོ་པདྨའི་སྟེང་དུ་མདའ་དང་གཞུ་འཛིན་པའོ། །ཕུར་བུ་དཀར་པོ་ཐོད་པའམ་སྦལ་པ་ལ་ཞོན་པ་ཕྲེང་བ་དང་སྤྱི་བླུགས་འཛིན་པའོ། །པ་བ་སངས་དཀར་པོ་པདྨ་ལ་གནས་པ་ཕྲེང་བ་དང་སྤྱི་བླུགས་འཛིན་པའོ། །སྤེན་པ་ནག་པོ་རུས་སྦལ་ལ་གནས་པ་དབྱུག་པ་འཛིན་

པའོ། །སྒྲ་གཅན་དམར་ནག་ཕྱག་གཉིས་ཀྱིས་ཉི་མ་དང་ཟླ་བ་འཛིན་པའོ། །མཇུག་རིངས་ནག་པོ་རལ་གྲི་དང་ཀླུའི་ཞགས་པ་འཛིན་པའོ། །སྟོབས་བཟངས་དཀར་པོ་གླང་པོ་ལ་གནས་པ་རལ་གྲི་དང་གཤོལ་འཛིན་པའོ། །རྒྱལ་བར་བྱེད་པ་ལྗང་གུ་བྱ་ཀོ་ཀི་ལའི་ཤིང་རྟ་ལ་ཞོན་པ་ལྗང་

གུ་ཕྱག་བཞི་པ་གཡས་པ་གཉིས་ན་མེ་ཏོག་གི་ཕྲེང་བ་དང་མདའ་གཡོན་གཉིས་ཀྱིས་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །སྦྲང་རྩིར་བྱེད་པ་དཀར་པོ་ནེ་ཙོའི་ཤིང་རྟ་ལ་གནས་པ་ཕྱག་བཞི་པ་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་མདའ་གཡོན་པ་གཉིས་ན་བཏུང་བའི་སྣོད་འཛིན་པའོ། །

དཔྱིད་ཀྱི་ལྷ་དཀར་པོ་སྤྲེའུ་ལ་གནས་པ་ཕྱག་བཞི་པ་གཡས་པ་གཉིས་ཀྱིས་མདའ་དང་རལ་གྲི་གཡོན་པ་གཉིས་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །ཀླུ་མཐའ་ཡས་དང་ནོར་རྒྱས་དང་འཇོག་པོ་དང་སྟོབས་ཀྱི་རྒྱུ་དང་པདྨ་དང་པདྨ་ཆེན་པོ་དང་དུང་སྐྱོང་དང་རིགས་ལྡན་རྣམས་

སྦྲུལ་མགོ་བདུན་དང་ལྡན་པ་ཐལ་མོ་སྦྱར་བའོ། །ཡང་ན་རང་རང་གི་ཡབ་ཀྱི་གཡས་པའི་ཕྱག་མཚན་གྱི་གཙོ་བོ་དང་ལྡན་པས་ཐལ་མོ་སྦྱར་བའོ། །ཐགས་བཟངས་རིས་དང་སྟོབས་ལྡན་དང་ཚིམ་བྱེད་དང་། རྣམ་པར་སྣང་བྱེད་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་ཆེན་པོ་

རྣམས་མདོག་ནག་པོ་གཡུལ་འགྱེད་པའི་གོ་ཆ་སྣ་ཚོགས་བགོས་པ་རལ་གྲི་དང་ཕེ་ཏ་ཀ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་ཕྱག་གིས་འཛིན་པའོ། །ནམ་མཁའ་ལྡིང་གི་དབང་པོ་གཤོག་པ་བརྐྱང་བ་པུས་མོའི་བར་དུ་དཀར་པོ་དེའི་སྟེང་དུ་ལྟེ་བའི་བར་དུ་སེར་པོ་དེའི་སྟེང་དུ་

Vol. 75 · folio 132a

མགྲིན་པའི་བར་དུ་དམར་པོ། །དེའི་སྟེང་དུ་མགོའི་བར་དུ་ནག་པོ་ཕྱག་གཉིས་ཐལ་མོ་སྦྱར་བའོ། །མིའམ་ཅིའི་རྒྱལ་པོ་ལྗོན་པ་དམར་སེར་ཕྱག་གཉིས་ཀྱིས་པི་ཝང་གི་སྒྲ་སྒྲོགས་པའོ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་སེར་པོ་ཕྱག་གཉིས་ཀྱིས་པི་ཝང་གི་སྒྲ་སྒྲོགས་

པའོ། །རིག་པ་འཛིན་པའི་རྒྱལ་པོ་དོན་ཀུན་གྲུབ་པ་དཀར་པོ་མེ་ཏོག་གི་ཕྲེང་བ་འཛིན་པའོ། །གང་བ་བཟང་པོ་སྔོན་པོ། ནོར་བུ་བཟང་པོ་སེར་པོ། ནོར་སྦྱིན་དམར་པོ། རྣམ་ཐོས་ཀྱི་བུ་སེར་པོ། པི་ཙི་ཀུཎྜ་ལི་དམར་པོ། ཀི་ལི་མ་ལཱི་ལྗང་གུ། སྒོའི་དབང་པོ་སེར་པོ། སྤྱོད་

པའི་དབང་པོ་སེར་པོ་སྟེ། གང་བ་བཟང་པོ་ལ་སོགས་པའི་གནོད་སྦྱིན་གྱི་བདག་པོ་འདི་དག་ནི་ཕྱག་གཉིས་ཀྱི་གཡས་ཀྱིས་ཤིང་ཐོག་པི་ཛ་པཱུ་ར་དང་གཡོན་ནེའུ་ལེ་འཛིན་པའོ། །འཕྲོག་མ་སེར་མོ་ཕྱག་གཉིས་ཀྱིས་ཟན་གྱི་ཆང་བུ་གཉིས་འཛིན་པ་བུ་དང་བཅས་པའོ། །ཐ་སྐར་དཀར་པོ་དང་།

བྲ་ཉེ་ལྗང་གུ་དང་། སྨིན་དྲུག་སྔོ་བསངས་དང་། སྣར་མ་དམར་སྐྱ་དང་། མགོ་ནག་པོ་དང་། ལག་སེར་པོ་དང་། ནབ་སོ་སེར་པོ་དང་། རྒྱལ་སྔོ་བསངས་དང་། སྐག་དཀར་པོ་དང་། མཆུ་སེར་པོ་དང་། གྲེ་མེ་ཏོག་པྲི་ཡང་ཀུ་ལྟ་བུ་ལྗང་སེར་དང་། སྤོ་ལྗང་གུ་དང་། མེ་བཞི་དཀར་

པོ་དང་། ནག་པ་ལྗང་གུ་དང་། ས་རི་སེར་པོ་དང་། ས་ག་ནག་པོ་དང་། ལྷ་མཚམས་ལྗང་གུ་དང་། སྣོན་སེར་པོ་དང་། སྣྲུབས་སེར་པོ་དང་། ཆུ་སྟོད་ནག་པོ་དང་། ཆུ་སྨད་དཀར་པོ་དང་། གྲོ་བཞིན་དཀར་སེར་དང་། མོན་གྲེ་ནག་པོ་དང་། མོན་གྲུ་སེར་པོ་དང་། ཁྲུམས་སྟོད་ལྗང་གུ་དང་།

ཁྲུམས་སྨད་སེར་པོ་དང་། ནམ་གྲུ་དཀར་སེར་དང་། བྱི་བཞིན་སྔོ་བསངས་སོ། །ཐ་སྐར་ལ་སོགས་པའི་ལྷ་མོ་འདི་རྣམས་ནི་སྟོད་གཡོགས་གཡོ་བ་དང་བཅས་པ་རྣམས་ཐལ་མོ་སྦྱར་བའོ། །གཞན་ཡང་ལྷ་རྣམས་ནི་ཤིང་རྟ་ལ་གནས་པར་ཤེས་པར་བྱའོ། །དབང་པོ་ལ་སོགས་པའི་ལྷ་

རྣམས་པདྨ་ལ་གནས་པ་རེ་རེ་ལའང་འཁོར་དཔག་ཏུ་མེད་པས་བསྐོར་པའོ། །སྦྱོར་བ་ཇི་ལྟ་བ་བཞིན་དུ་རིན་པོ་ཆེ་དང་གོས་སྣ་ཚོགས་པས་བརྒྱན་པ། དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་སྒྲ་ཕྱོགས་ཐམས་ཅད་དུ་སྒྲོགས་

Vol. 75 · folio 132b

པའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་སྒོ་སྐྱོང་རྣམས་ནི་ནང་གི་དཀྱིལ་འཁོར་བཞིན་ནོ། །འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་བདག་ཉིད་འཇམ་པའི་དབྱངས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་

བཞིན་ལ་བདག་ཉིད་ལྟ་བུའི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞི་དང་གཙུག་ཏོར་བརྒྱད་དང་། སྤྱན་མ་ལ་འཇམ་པའི་དབྱངས་ཀྱིས་རྒྱས་བཏབ་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་

པ་བཞི་དང་མཱ་མ་ཀཱི་དང་། རྡོ་རྗེ་ལྕགས་ཀྱུ་དང་ས་བཅུ་གཉིས་དང་ཆོས་སོ་སོ་ཡང་དག་པར་རིག་པ་མ་དང་། སྒེག་མོ་དང་ཀུན་དུ་བཟང་པོ་ལ་སོགས་པ་བཞི་དང་། ཁྲོ་བོ་བཅུ་དང་མེ་ཏོག་མ་དང་། རྡོ་རྗེ་གཟུགས་མ་དང་ཤར་ཕྱོགས་ན་གནས་པའི་ལྷ་རྣམས་ལ་མི་བསྐྱོད་པས་སོ། །རྡོ་རྗེ་

རིན་ཆེན་ལ་སོགས་པ་བཞི་དང་རྡོ་རྗེ་ཞགས་པ་དང་། ཕ་རོལ་ཏུ་ཕྱིན་མ་བཅུ་གཉིས་དང་དོན་སོ་སོ་ཡང་དག་པར་རིག་པ་མ་དང་ཕྲེང་བ་མ་དང་ནམ་མཁའ་མཛོད་ལ་སོགས་པ་བཞི་དང་། བདུག་སྤོས་མ་དང་རྡོ་རྗེ་སྒྲ་མ་དང་ལྷོའི་ཕྱོགས་ན་གནས་པའི་ལྷ་རྣམས་ལ་རིན་ཆེན་འབྱུང་ལྡན་

གྱིས་སོ། །རྡོ་རྗེ་ཆོས་ལ་སོགས་པ་བཞི་དང་གོས་དཀར་མོ་དང་། རྡོ་རྗེ་ལྕགས་སྒྲོག་དང་ཚེ་ལ་དབང་བ་མ་ལ་སོགས་པ་བཅུ་གཉིས་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་མ་དང་གླུ་མ་དང་སྤྱན་རས་གཟིགས་ལ་སོགས་པ་བཞི་དང་། མར་མེ་མ་དང་རྡོ་རྗེ་རོ་མ་དང་།

ནུབ་ཕྱོགས་ན་གནས་པའི་ལྷ་རྣམས་ལ་འོད་དཔག་མེད་ཀྱིས་སོ། །རྡོ་རྗེ་ལས་ལ་སོགས་པ་བཞི་དང་། རྡོ་རྗེ་འབེབས་པ་དང་། གཟུངས་བཅུ་གཉིས་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་མ་དང་། གར་མ་དང་འོད་དཔག་མེད་ལ་སོགས་པ་བཞི་དང་དྲི་ཆབ་མ་དང་རྡོ་རྗེ་རེག་བྱ་མ་

དང་། བྱང་ཕྱོགས་ན་གནས་པའི་ལྷ་རྣམས་ལ་དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །འཇམ་པའི་དབྱངས་ཀྱི་ཐུགས་ཀའི་ས་བོན་ནི་མུཿའོ། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར་ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མཱུརྟི་ཝཱ་གཱི་ཤྭ་ར་མ་ཧཱ་ཝཱ་ཙ་སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་

Vol. 75 · folio 133a

དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་བྱ་བ་ནི་སྙིང་པོའི་སྔགས་སོ། །ཨོཾ་ཨ་མྲི་ཏ་ཀུཎྜ་ལི་བགྷྣཱ་ནྟ་ཀ་ཧཱུཾ་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པ་སྟེ་ལས་ཐམས་ཅད་པའི་སྔགས་སོ།། །།ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་རླུང་དང་མེ་དང་ཆུ་དང་ས་དང་རི་རབ་ཀྱི་

སྟེང་དུ་གཞལ་ཡས་ཁང་གི་དབུས་སུ་ནང་གི་དཀྱིལ་འཁོར་ལ་འཁོར་ལོ་རྩིབས་བརྒྱད་པ་སེར་པོ། རྡོ་རྗེ་ཕྲེང་བ་སྔོན་པོས་བསྐོར་བ་སྟེ། འགའ་ཞིག་ཏུ་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོར་གསུངས་སོ། །གཞན་ནི་འདིའི་འཁོར་ལོའི་ལྟེ་བ་སྔོན་པོ་ཤར་གྱི་རྩིབས་དཀར་པོ་ལྷོ་ནག་པོ་

ནུབ་དམར་པོ་བྱང་ལྗང་གུའོ་ཞེས་གསུངས་སོ། །འཁོར་ལོའི་ལྟེ་བ་ལ་སྣ་ཚོགས་པདྨ་ལ་གནས་པའི་སེང་གེའི་སྟེང་དུ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་རྣམ་པར་སྣང་མཛད་ཆེན་པོ་ཤིན་ཏུ་གསེར་གྱི་མདོག་ཅན་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པའོ། །ཤར་གྱི་རྩིབས་ལ་རྡོ་རྗེ་གཙུག་

ཏོར་དཀར་པོ་ས་གནོན་གྱི་ཕྱག་རྒྱ་ཅན་ནོ། །ལྷོའི་རྩིབས་ལ་རིན་ཆེན་གཙུག་ཏོར་སྔོན་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའོ། །ནུབ་ཀྱི་རྩིབས་ལ་པདྨ་གཙུག་ཏོར་དམར་པོ་བསམ་གཏན་གྱི་ཕྱག་རྒྱ་ཅན་ནོ། །བྱང་གི་རྩིབས་ལ་སྣ་ཚོགས་གཙུག་ཏོར་ལྗང་གུ་མི་འཇིགས་པ་རབ་ཏུ་སྦྱིན་པའི་

ཕྱག་རྒྱའོ། །མེའི་རྩིབས་ལ་གཙུག་ཏོར་གཟི་བརྗིད་སྐུ་མདོག་དཀར་དམར་ཕྱག་གཉིས་ཀྱིས་ཉི་མ་འཛིན་པ་ཕྱག་གཡོན་པ་དཀུར་བརྟེན་པའོ། །བདེན་བྲལ་གྱི་རྩིབས་ལ་གཙུག་ཏོར་རྒྱལ་མཚན་སྐུ་མདོག་དམར་ནག་འདྲེས་པས་ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་

འཛིན་པའོ། །རླུང་གི་རྩིབས་ལ་གཙུག་ཏོར་རྣོན་པོ་ནམ་མཁའ་ལྟར་སྔོ་བསངས་ཕྱག་གཡས་པས་རལ་གྲི་འཛིན་པ་གཡོན་པས་པོ་ཏི་འཛིན་པའོ། །དབང་ལྡན་གྱི་རྩིབས་ལ་གཙུག་ཏོར་གདུགས་དཀར་སྐུ་མདོག་དཀར་པོ་ཕྱག་གཉིས་ཀྱིས་གདུགས་འཛིན་པའོ། །རྡོ་རྗེ་ཕྲེང་བའི་ཕྱི་རོལ་

མེ་ལ་སོགས་པའི་མཚམས་སུ་སྒེག་མོ་དང་ཕྲེང་བ་མ་དང་གླུ་མ་དང་གར་མ་རྣམས་སྐུ་མདོག་དཀར་མོ་དང་སེར་མོ་དང་དམར་མོ་དང་སྣ་ཚོགས་ཅན་མ་ཕྱག་གཉིས་པའོ། །སྣམ་བུ་ལ་སྒོའི་གཡོན་ལོགས་སུ་བྱང་ཆུབ་སེམས་དཔའ་གཉིས་དང་གཡས་ལོགས་སུ་གཉིས་སོ། །དེ་ལ་ཤར་

Vol. 75 · folio 133b

གྱི་སྣམ་བུ་ལ་བྱམས་པ་སེར་པོ། གཡས་པའི་ཕྱག་གིས་ཀླུ་ཤིང་གི་མེ་ཏོག་དང་། གཡོན་པས་སྤྱི་བླུགས་འཛིན་པའོ། །མཐོང་བ་དོན་ཡོད་སེར་པོ་ཕྱག་གཡས་པས་སྤྱན་དང་བཅས་པའི་པདྨ་འཛིན་པ། གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །ངན་སོང་ཀུན་འདྲེན་དཀར་པོ་

ཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་པའོ། །མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་དཀར་སེར་འདྲེས་པའི་མདོག་ཅན་ཕྱག་གཡས་དབྱུག་པ་འཛིན་པ་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །ལྷོ་ཕྱོགས་ཀྱི་སྣམ་བུ་ལ་སྤོས་ཀྱི་གླང་པོ་དཀར་ལྗང་གཡས་ཀྱིས་དྲིའི་དུང་

ཕོར་འཛིན་པ། གཡོན་པ་ཁུ་ཚུར་དཀུར་བརྟེན་པའོ། །དཔའ་བར་འགྲོ་བ་དཀར་པོ་གཡས་པས་རལ་གྲི་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །ནམ་མཁའ་མཛོད་དཀར་སེར་གཡས་པས་པདྨ་ལ་གནས་པའི་ཆོས་ཀྱི་མཛོད་འཛིན་པ་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །ཡེ་ཤེས་

ཏོག་སྔོན་པོ་ཕྱག་གཡས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པ་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །ནུབ་ཀྱི་སྣམ་བུ་ལ་བདུད་རྩིའི་འོད་དཀར་པོ་གཡས་པས་ཅོད་པན་གྱི་སྟེང་དུ་བདུད་རྩིས་གང་བའི་བུམ་པ་འཛིན་པ་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །ཟླ་བའི་འོད་

དཀར་པོ་གཡས་པས་པདྨ་ལ་གནས་པའི་ཟླ་བ་འཛིན་པ་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །བཟང་སྐྱོང་དཀར་པོ་གཡས་པས་རིན་པོ་ཆེ་འབར་བ་དང་བཅས་པ་འཛིན་པ་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །དྲ་བ་ཅན་གྱི་འོད་དམར་པོ་གཡས་པས་རྡོ་རྗེའི་གུར་འཛིན་པ། གཡོན་

པས་ཁུ་ཚུར་དཀུར་བརྟེན་པའོ། །བྱང་གི་སྣམ་བུ་ལ་རྡོ་རྗེ་སྙིང་པོ་སྔོ་སྐྱ་གཡས་རྡོ་རྗེ་དང་བཅས་པའི་ཨུཏྤ་ལ་སྔོན་པོ་འཛིན་པ་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །བློ་གྲོས་མི་ཟད་པ་དཀར་པོ་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་འཛིན་པའོ། །སྤོབས་པ་བརྩེགས་

པ་དམར་པོ་གཡས་པས་ཆུ་སྐྱེས་ལ་གནས་པའི་རཏྣ་བརྩེགས་པ་བསྣམས་པ་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །ཀུན་ཏུ་བཟང་པོ་གསེར་གྱི་མདོག་ཅན་ཕྱག་གཡས་པས་རིན་པོ་ཆེའི་སྙེ་མ་འཛིན་པ་གཡོན་པས་ཁུ་ཚུར་དཀུར་བརྟེན་པའོ། །དཀྱིལ་འཁོར་གྱི་མེ་ལ་སོགས་

Vol. 75 · folio 134a

པ་རྣམས་ལ་མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་མ་དང་། དྲི་ཆབ་མ་རྣམས་ནི་དཀར་མོ་དང་ནག་མོ་དང་དམར་མོ་དང་། ལྗང་གུ་ཕྱག་གཉིས་ཀྱིས་མེ་ཏོག་ལ་སོགས་པ་འཛིན་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་

པའོ། །ལྷོ་རུ་རྡོ་རྗེ་ཞགས་པ་སྔོན་པོ་ཕྱག་གཉིས་ཀྱིས་ཞགས་པ་འཛིན་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་འཛིན་པའོ། །བྱང་དུ་རྡོ་རྗེ་འབེབས་པ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པའོ། །ལྷ་སུམ་ཅུ་སོ་བདུན་པོ་འདི་དག་

ཀྱང་གོས་སྣ་ཚོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་རཏྣའི་ཅོད་པན་ཅན་ཞལ་གཅིག་སྤྱན་གཉིས་པ་ཕྱག་གཉིས་པ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །འདིར་རྣམ་པར་སྣང་མཛད་ཆེན་པོ་ནི་རང་ཉིད་དང་མཚུངས་པའི་རྣམ་སྣང་

གིས་རྒྱས་བཏབ་པོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་བཞི་ལ་རྣམ་པར་སྣང་མཛད་ཆེན་པོས་སོ། །ཤར་གྱི་ཕྱོགས་དང་མེའི་མཚམས་ན་གནས་པའི་ལྷ་རྣམས་ལ་རྡོ་རྗེ་གཙུག་ཏོར་གྱིས་སོ། །ལྷོ་ཕྱོགས་དང་བདེན་བྲལ་གྱི་མཚམས་ན་གནས་པ་རྣམས་ལ་རིན་ཆེན་གཙུག་ཏོར་

གྱིས་སོ། །ནུབ་ཕྱོགས་དང་རླུང་གི་མཚམས་ན་གནས་པ་རྣམས་ལ་པདྨ་གཙུག་ཏོར་གྱིས་སོ། །བྱང་ཕྱོགས་དང་དབང་ལྡན་གྱི་མཚམས་ན་གནས་པ་རྣམས་ལ་སྣ་ཚོགས་གཙུག་ཏོར་གྱིས་སོ། །འདིར་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ལྷའི་གནས་ཀྱི་སྣམ་བུ་ལ་ཟླ་བའི་དཀྱིལ་འཁོར་ཉི་

ཤུ་རྩ་བརྒྱད་པོ་ལྟའོ་ཞེས་རྒྱུད་ལས་གསུངས་པའི་ཕྱིར་འདོད་ཡོན་གྱི་སྣམ་བུ་རྣམས་ལ་བྱང་ཆུབ་སེམས་དཔའ་བཅུ་དྲུག་དགོད་པར་མི་རིགས་སོ། །འགའ་ཞིག་ནི་ནང་གི་དཀྱིལ་འཁོར་ཞེས་རྒྱུད་དུ་གསུངས་པས་ཕྱི་རོལ་གྱི་གཞལ་ཡས་ཁང་གི་ནང་དུ་གཞལ་ཡས་ཁང་གཉིས་པའོ་ཞེས་

སྨྲའོ། །འགའ་ཞིག་ཏུ་ནི་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པ་དགུ་གཙུག་ཏོར་དང་བཅས་པ་དགེ་སློང་གི་ཆ་ལུགས་འཛིན་པར་གསུངས་སོ། །པདྨའི་ཕྲེང་བས་ཡོངས་སུ་བསྐོར་བ་དང་། ཁོར་ཡུག་གི་ནང་དུ་དབང་ལྡན་གྱི་མཚམས་ནས་བརྩམས་ནས་

Vol. 75 · folio 134b

གཡས་སྐོར་གྱིས་མགྲིན་པ་སྔོན་པོ་ལ་སོགས་པ་བསྐྱེད་པར་བྱ་སྟེ། །དེ་ལ་དབང་ལྡན་དུ་གླང་ལ་མགྲིན་པ་སྔོན་པོ་དཀར་པོ་མཆོད་ཕྱིར་ཐོགས་པ་ཅན་ཕྱག་གཡས་གཉིས་ན་རྡོ་རྗེ་དང་མཆོད་སྦྱིན་གྱི་ཕྱག་རྒྱ་གཡོན་གཉིས་ན་རྩེ་གསུམ་དང་རལ་གྲི་འཛིན་པའོ། །མགྲིན་སྔོན་མ་མགྲིན་

པ་སྔོན་པོ་ལྟ་བུའོ། །ནམ་མཁའ་ལྡིང་ལ་ཁྱབ་འཇུག་ནག་པོ་གཡས་གཉིས་ན་དབྱུག་ཐོ་དང་རྡོ་རྗེ་གཡོན་གཉིས་ན་དུང་དང་འཁོར་ལོའོ། །གསེར་གྱི་རྡོ་རྗེ་མ་ཁྱབ་འཇུག་ལྟ་བུ་ཁྱད་པར་གསེར་གྱི་མདོག་ཅན་ནོ། །རྨ་བྱ་ལ་རྡོ་རྗེ་དྲིལ་བུ་ཞལ་དྲུག་པ་དམར་བ་གཡས་པ་གཉིས་ན་

ཤཀ་ཏི་དང་རྡོ་རྗེ་གཡོན་པ་གཉིས་ན་ཁྱིམ་བྱ་དང་རྡོ་རྗེ་དྲིལ་བུའོ། །རྡོ་རྗེ་གཞོན་ནུ་མ་རྡོ་རྗེ་དྲིལ་བུ་ལྟ་བུའོ། །ངང་པ་ལ་མི་སྨྲ་རྡོ་རྗེ་སེར་པོ་ཞལ་བཞི་པ་གཡས་པ་གཉིས་ན་རྡོ་རྗེ་དང་སྔགས་བཟླ་བའི་ཕྲེང་བ་གཡོན་པ་གཉིས་ན་དབྱུག་པ་དང་སྤྱི་བླུགས་སོ། །རྡོ་རྗེ་ཞི་བ་མ་ཚངས་པ་ལྟ་བུའོ། །

གླང་པོ་ཆེ་མཆེ་བ་དྲུག་པའི་དབང་པོ་དཀར་པོ་དང་ཟླ་བ་ལ་རྡོ་རྗེ་མཚོན་ཆ་དཀར་པོ་རོལ་པའི་ཀུན་དུ་བསྐྱོད་པས་གནས་པ་ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་པ་གཡོན་པས་རྡོ་རྗེ་རྩེ་གསུམ་དཀུར་བརྟེན་པའོ། །ལྷ་མོ་རྡོ་རྗེ་ཁུ་ཚུར་མ་ནི་རྡོ་རྗེ་མཚོན་ཆ་ཇི་ལྟ་བུའོ། །རྟ་བདུན་གྱི་ཤིང་རྟ་ལ་རྡོ་རྗེ་འཁྱིལ་

པ་དམར་པོ་ཁྲོས་པ་གཡས་པ་ན་པདྨ་གཡོན་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །རྡོ་རྗེ་བདུད་རྩི་མ་རྡོ་རྗེ་འཁྱིལ་པ་བཞིན་ནོ། །ངང་པ་ལ་རྡོ་རྗེ་འོད་དཀར་པོ་ཁྲོ་བོ་ཕྱག་གཡས་པ་རྡོ་རྗེ་གཡོན་པ་པདྨ་ལ་གནས་པའི་ཟླ་བ་འཛིན་པའོ། །རྡོ་རྗེ་མདོག་མ་རྡོ་རྗེ་འོད་ལྟ་བུའོ། །ར་ལ་རྡོ་རྗེ་

དམར་སེར་ཁྲོ་བོ་གཡས་ཀྱིས་རྡོ་རྗེ་དམར་པོ་འཛིན་ཅིང་གཡོན་པས་མི་བཟུང་ནས་ཟ་བའི་ཚུལ་ལོ། །རྡོ་རྗེ་སྐེ་རགས་མ་རྡོ་རྗེ་དམར་སེར་བཞིན་ནོ། །པདྨ་ལ་རྡོ་རྗེ་ཞི་བ་ཁྲོ་བོ་སེར་པོ་མདའ་དང་གཞུ་འཛིན་པའོ། །རྡོ་རྗེ་ཞི་བ་མ་རྡོ་རྗེ་ཞི་བ་བཞིན་ནོ། །སྦལ་པ་ལ་རྡོ་རྗེ་བླ་མ་ཁྲོ་བོ་སེར་པོ་གཡས་

བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པའོ། །རྡོ་རྗེ་བླ་མ་མ་རྡོ་རྗེ་བླ་མ་བཞིན་ནོ། །པདྨ་ལ་རྡོ་རྗེ་པ་ཝ་སངས་ཁྲོ་བོ་དཀར་པོ་གཡས་ན་བགྲང་ཕྲེང་དང་གཡོན་ན་སྤྱི་བླུགས་འཛིན་པའོ། །རྡོ་རྗེ་པ་ཝ་སངས་མ་རྡོ་རྗེ་པ་ཝ་སངས་བཞིན་ནོ། །རུས་སྦལ་ལ་རྡོ་རྗེ་དབྱུག་པ་ཁྲོ་བོ་ནག་པོ་གཡས་པ་

Vol. 75 · folio 135a

ན་རྡོ་རྗེ་གཡོན་པ་ན་དབྱུག་པའོ། །རྡོ་རྗེ་དབྱུག་པ་མ་ནི་རྡོ་རྗེ་དབྱུག་པ་དང་འདྲ་བའོ། །རྡོ་རྗེ་སྒྲ་གཅན་ཁྲོ་བོ་མ་དམར་ནག་གཡས་པས་ཟླ་བའི་དཀྱིལ་འཁོར་དང་གཡོན་པ་ཉི་མ་འཛིན་པའོ། །རྡོ་རྗེ་ལྷ་མིན་མ་ནི་རྡོ་རྗེ་སྒྲ་གཅན་དང་འདྲ་བའོ། །རྡོ་རྗེ་མཇུག་རིངས་ཁྲོ་བོ་མདོག་

ནག་པོ་གཡས་པས་རལ་གྲི་གཡོན་པས་སྦྲུལ་ཞགས་འཛིན་པའོ། །རྡོ་རྗེ་གླུ་མ་རྡོ་རྗེ་མཇུག་རིངས་བཞིན་ནོ། །བཞི་པོ་འདི་དག་དང་རྡོ་རྗེ་ཞི་བ་ལ་སོགས་པ་རྒྱུད་གཞན་ལས་གསུངས་པ་ལྟར་བདག་གིས་བྲིས་སོ། །གླང་པོ་ཆེ་ལ་རྡོ་རྗེ་གླང་སྣ་དཀར་པོ་གཡས་རྡོ་རྗེ་གཡོན་པས་གཤོལ་

འཛིན་པའོ། །རྡོ་རྗེ་འདུལ་བ་མ་རྡོ་རྗེ་གླང་སྣ་བཞིན་ནོ། །དེའི་ཁྱད་པར་ནི་གཡོན་པས་ཁ་ཊྭཱཾ་ག་འཛིན་པའོ། །བྱ་ཀོ་ཀི་ལའི་ཤིང་རྟ་ལ་རྡོ་རྗེ་ཕྲེང་བ་ཅན་ལྗང་གུ་གཡས་པ་ན་རྡོ་རྗེ་གཡོན་པ་ན་མེ་ཏོག་གི་ཕྲེང་བ་འཛིན་པའོ། །རྡོ་རྗེ་བརྟན་མ་རྡོ་རྗེ་ཕྲེང་བ་ཇི་ལྟ་བ་ལས་ཁྱད་པར་ནི་ཕྱག་གཡོན་པ་ན་

མདུང་ངོ་། །ནེ་ཙོའི་ཤིང་རྟ་ལ་རྡོ་རྗེ་དབང་ཅན་སེར་པོ་གཡས་ན་རྡོ་རྗེ་གཡོན་པ་ན་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པའོ། །རྡོ་རྗེ་དབང་ཅན་མ་རྡོ་རྗེ་དབང་ཅན་དང་འདྲ་བའོ། །ཁྱད་པར་ནི་སྐུ་མདོག་དམར་བའོ། །སྦལ་པ་ལ་རྡོ་རྗེ་རྣམ་པར་རྒྱལ་བ་དཀར་པོ་རྡོ་རྗེ་དང་རལ་གྲི་འཛིན་པའོ། །རྡོ་རྗེ་

གདན་མ་རྡོ་རྗེ་རྣམ་པར་རྒྱལ་བ་དང་འདྲ་བའོ། །མེ་ཏོག་ལ་རྡོ་རྗེ་གཏུན་ཤིང་སེར་པོ་གཡས་གཡོན་གྱིས་རྡོ་རྗེ་གཏུན་ཤིང་འཛིན་པའོ། །རྡོ་རྗེ་ཕོ་ཉ་མོ་རྡོ་རྗེ་གཏུན་ཤིང་ལྟ་བུའོ། །ཁྱད་པར་ནི་གཡོན་པས་ཁ་ཊྭཱཾ་ག་འཛིན་པའོ། །ར་ལ་རྡོ་རྗེ་མེ་དམར་པོ་གཡས་གཉིས་ཀྱིས་རྡོ་རྗེ་དང་

གོ་ཆ་གཡོན་གཉིས་དབྱུག་ཏོ་དང་། སྤྱི་བླུགས་འཛིན་པའོ། །རྡོ་རྗེ་འབར་མ་རྡོ་རྗེ་མེ་ལྟ་བུའོ། །མ་ཧེ་ལ་རྡོ་རྗེ་ནག་པོ་སྐུ་མདོག་ནག་པོ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པའོ། །རོ་ལངས་ལ་རྡོ་རྗེ་ནག་མོ་སྐུ་མདོག་ནག་མོ་རྡོ་རྗེ་དང་ཁ་ཊྭཱཾ་ག་འཛིན་པའོ། །ལྷག་པར་ཀླུ་ལ་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་ཕག་

པའི་ཞལ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པའོ། །མི་ལ་རྡོ་རྗེ་གདོང་མ་སྔོན་མོ་ཕག་གདོང་རྡོ་རྗེ་དང་རལ་གྲི་འཛིན་པའོ། །ཆུ་སྲིན་ལ་རྡོ་རྗེ་ཀླུ་དཀར་པོ་སྦྲུལ་མགོ་བརྒྱད་དང་ལྡན་པ་གཡས་པས་རྡོ་རྗེ་གཡོན་པས་ཀླུའི་ཞགས་པའོ། །ཆུ་སྲིན་ལ་ཆུ་སྲིན་མ་དཀར་མོ་སྦྲུལ་མགོ་བརྒྱད་དང་ལྡན་

Vol. 75 · folio 135b

པ་གཡས་པས་རྡོ་རྗེ་དང་གཡོན་པས་རྡོ་རྗེས་མཚན་པའི་ཆུ་སྲིན་འཛིན་པའོ། །རི་དགས་ལ་རྡོ་རྗེ་རླུང་སྔོན་པོ་གཡས་པས་རྡོ་རྗེ་གཡོན་པས་རླུང་སྒྲིབ་པའི་གོས་འཛིན་པའོ། །རྡོ་རྗེ་ཤུགས་ཅན་མ་རྡོ་རྗེ་རླུང་ལྟ་བུའོ། །རོ་ལངས་ལ་རྡོ་རྗེ་འཇིགས་བྱེད་སྔོན་པོ་རྡོ་རྗེ་དང་དབྱུག་ཏོ་འཛིན་པའོ། །

རྡོ་རྗེ་རྣམ་པར་གཙིགས་མ་རྡོ་རྗེ་འཇིགས་བྱེད་ལྟ་བུའོ། །ཁྱད་པར་ནི་གཡོན་པས་ཞགས་པ་འཛིན་པའོ། །བྱི་བ་ལ་རྡོ་རྗེ་ལོག་འདྲེན་དཀར་པོ་གླང་པོ་ཆེའི་ཞལ་ཕྱག་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་དགྲ་སྟ་གཡོན་པ་གཉིས་ཀྱིས་རྩེ་གསུམ་པ་དང་། དབྱུག་ཏོ་འཛིན་པ་སྦྲུལ་གྱི་མཆོད་ཕྱིར་

ཐོགས་པའོ། །བྲ་བ་བྱི་བ་ལ་སྦྲུལ་མོ་སྔོན་མོ་གཡས་པས་རྡོ་རྗེ་གཡོན་པས་ཕྱགས་ཤིང་འཛིན་པའོ། །བསྡིགས་མ་ལྗང་གུ་གཡས་པས་རྡོ་རྗེ་གཡོན་པས་རལ་གྲིའི་བྱེ་བྲག་ཕེ་ཊ་ཀ་འཛིན་པའོ། །དཔལ་མོ་སྐུ་མདོག་སེར་མོ་གཡས་པས་རྡོ་རྗེ་གཡོན་པས་པདྨ་འཛིན་པ།

དབྱངས་ཅན་མ་དཀར་མོ་གཡས་ན་རྡོ་རྗེ་གཡོན་པ་ན་པི་ཝང་འཛིན་པའོ། །སེང་གེ་ལ་བགྲོད་དཀའ་མ་ལྗང་གུ་ཕྱག་གཡས་པ་གཉིས་ན་རྡོ་རྗེ་དང་ཙཀྲ་གཡོན་པ་གཉིས་ན་ལྡེ་མིག་དང་རལ་གྲི་འཛིན་པའོ། །འདིར་མགྲིན་པ་སྔོན་པོ་ལ་སོགས་པའི་ལྷ་འདི་དག་གི་ཕྱག་གཡས་པ་

རྣམས་ན་ཇི་ལྟར་རིགས་པར་རྡོ་རྗེ་རྩེ་གསུམ་པར་རིག་པར་བྱའོ། །ནུབ་ཏུ་རྡོ་རྗེ་ཀླུ་དང་ཉེ་བར་པདྨ་ལ་གནས་པའི་ལྷ་མོ་གསེར་གྱི་མདོག་ལྟ་བུ་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་བསྣམས་པའོ། །ལྷ་མ་ཡིན་རྣམས་ནི་སྐུ་མདོག་སྣ་ཚོགས་པ་གོ་ཆ་སྣ་ཚོགས་པ་བགོས་

ནས་རལ་གྲི་འཛིན་པ་རས་བལ་གྱི་གདན་འཇམ་པ་ལ་གནས་པའོ། །ཀླུ་རྣམས་ནི་ནོར་བུ་དང་ལྡན་པའི་གདེངས་ཀ་ཅན་བཙུན་མོ་དང་བཅས་པའི་ཐལ་མོ་སྦྱར་བའོ། །ཁོར་ཡུག་གི་ཕྱི་རོལ་དུ་མེའི་མཚམས་སུ་མནར་མེད་པའི་དམྱལ་བ་ལ་སོགས་པ་རྣམས་སོ། །བདེན་བྲལ་གྱི་མཚམས་

སུ་ཡི་དགས་རྣམས་སོ། །རླུང་གི་མཚམས་སུ་དུད་འགྲོའི་འགྲོ་བ་རྣམས་སོ། །དབང་ལྡན་དུ་མིའི་འགྲོ་བ་རྣམས་སོ། །རིམ་པ་བཞིན་འདི་ནི་རྒྱུད་གཞན་གྱི་ཚུལ་གྱིས་བྲིས་སོ། །གཞན་ནི་རྡོ་རྗེ་འཇིགས་བྱེད་དང་ཉེ་བར་སའི་ལྷ་མོ་དང་གནོད་སྦྱིན་རྣམས་སོ། །རྡོ་རྗེ་ནག་མོ་དང་

Vol. 75 · folio 136a

ཉེ་བར་ལྷ་མ་ཡིན་རྣམས་སོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱེད་དོ། །དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀར་ཟླ་བ་ལ་ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དགོད་དོ། །དེ་ཉིད་ནི་སྙིང་པོའི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་

རི་ཤོ་དྷ་ནི་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུ་དྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བ་ནི་ཕྲེང་བའི་སྔགས་སོ། །རྡོ་རྗེ་འབེབས་པའི་སྔགས། ཨོཾ་སརྦ་བིད་སརྦ་ཨ་པཱ་ཡ་ག་ཏི་ག་ཧ་ན་བི་ཤོ་དྷ་

ནི་ཧཱུཾ་ཧོཿཕཊ་ཅེས་བྱ་བ་ནི་ལས་ཐམས་ཅད་པའི་སྔགས་སོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་གཞན་དག་གོ། །འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨའི་ཟེ་འབྲུ་ལ་གནས་པའི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བའི་དབུས་སུ་གཞལ་ཡས་ཁང་གི་ལྟེ་བ་

ལ་གླང་པོ་ཆེའི་རྒྱལ་པོའི་སྟེང་ངམ་དེ་མེད་ཀྱང་རུང་སྟེ་སྣ་ཚོགས་པདྨ་དང་ཟླ་བ་ལ་འབྱུང་པོ་གཞན་གྱིས་མི་ཐུབ་པ་དཀར་པོ་ཟླ་བ་ཕྱེད་པས་མཚན་པའི་འོད་ཟེར་དང་ལྡན་པ་རལ་པའི་ཐོར་ཅོག་ཅན་སྨ་ར་དམར་སེར་ཐོད་པ་ལྔ་དང་ལྡན་པ་མིག་གསུམ་པ་མཆེ་བ་གཙིགས་པ་འཇིགས་སུ་རུང་

བ་གསུས་པ་འཕྱང་བ་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་སྟག་གི་པགས་པས་ཕྱེད་དཀྲིས་པ་ལག་པ་བཞི་པ་གཡས་པ་གཉིས་གྲི་གུག་དང་ཌ་མ་རུ་གཡོན་པ་གཉིས་ཀྱིས་ཐོད་པ་དང་རྩེ་གསུམ་འཛིན་པ་དྲག་པོ། གཡོན་བརྐྱང་གིས་མནན་པའི་བཅོམ་ལྡན་འདས་འབྱུང་པོ་འདུལ་

བྱེད་དྲག་པོ་ཆེན་པོ་སྐུ་མདོག་སྔོན་པོ་ཐོད་པ་ལྔས་མཚན་པའི་ཅོད་པན་ལ་དེ་བཞིན་གཤེགས་པ་ལྔའི་དབུ་སྐྲ་དམར་སེར་གྱེན་དུ་འབར་བས་བཅིངས་པ་གོས་སྔོན་པོ་གོན་པ་ཞལ་མཆེ་བ་གཙིགས་པ་སྤྱན་གསུམ་དམར་བ་སྒེག་པའི་གད་མོ་མཛད་པ། ཕྱག་བཞི་པའི་གཡས་

པས་རྡོ་རྗེ་སྔོན་པོ་འཇིགས་པ་གསོར་ཞིང་གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ་ཕྱག་གཉིས་ཀྱིས་ཕྱག་རྒྱ་མཛད་པའོ། །ཕྱག་རྒྱ་ནི་སྲིན་ལག་གཉིས་བསྣོལ་ནས་མཛུབ་མོ་གཉིས་བསྐུམ་པར་བྱའོ། །མཐེ་ཆུང་དང་གུང་མོ་ཡང་མཐེ་བོང་རྒན་པོས་མནན་པར་

Vol. 75 · folio 136b

བྱའོ་ཞེས་པ་འདི་གསུངས་སོ། །ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ་སྟེ་དེ་ལ་ཀརྐོ་ཊ་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་མགུལ་རྒྱན་བྱས་པ། དགའ་བོ་དང་ཉེར་དགའ་བོ་སེར་པོས་རྣ་བ་བརྒྱན་པ་སེར་པོ་གཅིག་པས་གཅིག་ཏུ་བགྲང་ངོ་། །མཐའ་ཡས་དཀར་

པོས་ཚངས་སྐུད། ནོར་རྒྱས་དཀར་པོས་སྐ་རགས། ཕྱག་རྒྱ་བཅིངས་པའི་ཕྱག་གཉིས་ཀྱིས་དཔུང་པར་རིགས་ལྡན་ཕུག་རོན་གྱི་མདོག་ལྟ་བུས་བརྒྱན་པ། དུང་སྐྱོང་དཀར་པོས་ཕྱག་གཞན་གཉིས་ཀྱིས་དཔུང་པ་ལ་བརྒྱན་པ། པདྨ་དང་པདྨ་ཆེན་པོ་དམར་པོས་རྐང་གདུབ་བྱས་པའོ། །

མདོག་གཅིག་པས་གཅིག་ཉིད་དོ། །ཤར་ཕྱོགས་ཀྱི་རེ་མིག་ལ་གླང་དང་ཉི་མ་ལ་དབང་ཕྱུག་ཆེན་པོ་མཚན་མ་གྱེན་དུ་ལངས་ལ་ཐོད་པ་ཅན་ཐལ་བའི་མདོག་སྤྱན་གསུམ་པ་ཟླ་བ་ཕྱེད་ཀྱིས་མཚན་པའི་རལ་པའི་ཐོར་ཅོག་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་དང་བཅས་པའི་ཕྱག་བཞི་པ་ཕྱག་

གཡས་པ་གཉིས་ཀྱིས་གྲི་གུག་དང་ཌ་མ་རུ་འཛིན་པ་གཡོན་གཉིས་ཀྱིས་ཐོད་པ་དང་རྩེ་གསུམ་པའོ། །ལྷོ་རུ་ནམ་མཁའ་ལྡིང་གི་སྟེང་དུ་ཉི་མ་ལ་ཁྱབ་འཇུག་ནག་པོ་ཅོད་པན་དམར་པོ་ཅན། ཕྱག་གཡས་པ་གཉིས་ཀྱིས་རྔ་ཡབ་དང་དུང་འཛིན་པ། གཡོན་པ་གཉིས་ཀྱིས་འཁོར་ལོ་དང་

དབྱུག་ཏོ་འཛིན་པའོ། །ནུབ་ཏུ་ངང་པ་དང་ཟླ་བའི་སྟེང་དུ་ཚངས་པ་དཀར་པོ་ཞལ་བཞི་པ་གཡས་པ་གཉིས་ཀྱིས་བགྲང་ཕྲེང་དང་གདུགས་ཀྱི་ཡུ་བ་འཛིན་པ་གཡོན་པ་གཉིས་ཀྱིས་པདྨ་དང་སྤྱི་བླུགས་འཛིན་པའོ། །བྱང་དུ་རྨ་བྱ་དང་ཉི་མའི་སྟེང་དུ་སྨིན་དྲུག་གི་བུ་དམར་པོ་གཙུག་ཕུད་གསུམ་དང་

ལྡན་པ་གཡས་པས་རྔ་ཡབ་གཡོན་པས་ཤཀ་ཏི་འཛིན་པའོ། །དབང་ལྡན་དུ་བྲ་བ་བྱི་བ་དང་ཟླ་བ་ལ་ཚོགས་བདག་དཀར་པོ་གླང་པོ་ཆེའི་ཞལ་སྤྱན་གསུམ་པ་སྤྱི་བོར་ཟླ་བ་ཕྱེད་པས་མཚན་པ་ཕྱག་གཡས་པ་གཉིས་ན་ལ་ཕུག་དང་དགྲ་སྟ་གཡོན་གཉིས་ན་རྩེ་གསུམ་དང་ཐོད་པ་འཛིན་པའོ། །

མེར་ཉི་མའི་དཀྱིལ་འཁོར་ལ་ཉི་མ་དམར་པོ་གཡས་པ་དང་གཡོན་པ་གཉིས་ཀྱིས་མཚོ་སྐྱེས་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །བདེན་བྲལ་དུ་ཤིང་རྟའི་སྟེང་དུ་ཉི་མ་དང་ཟླ་བ་ལ་གནས་པའི་སྒྲ་གཅན་དམར་ནག་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་སྨིན་མ་དང་མིག་དང་སྨ་ར་

Vol. 75 · folio 137a

དམར་སེར་འབར་བ་མཆེ་བ་བཞི་པ་ཞལ་གདངས་པ་གཡས་གཡོན་གྱི་ཕྱག་གཉིས་ཀྱིས་ཉི་མ་དང་ཟླ་བར་བཅས་པའི་ཐལ་མོ་སྦྱར་བའོ། །རླུང་དུ་ཟླ་བའི་སྟེང་དུ་དགའ་བྱེད་དབང་ཕྱུག་སེར་པོ་གར་བྱེད་ཅིང་སྤྱི་བོར་ཟླ་བ་ཕྱེད་པ་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་དང་ལྡན་པ།

གཡས་པ་དང་ཅིག་ཤོས་དག་གིས་ཌ་མ་རུ་དང་རྩེ་གསུམ་པ་འཛིན་པའོ། །རིམ་པ་གཉིས་པ་ལ་ཤར་གྱི་ཕྱོགས་སུ་ཟླ་བ་ལ་དཔལ་མོ་དཀར་མོ་ཐུགས་ཀར་ཐལ་མོ་སྦྱར་བས་མེ་ཏོག་པདྨ་འཛིན་པའོ། །ལྷོའི་ཕྱོགས་སུ་ཟླ་བ་ལ་ཐིག་ལེ་མཆོག་མ་དམར་མོ་གར་བྱེད་ཅིང་སྤོས་སྣོད་འཛིན་པའོ། །

ནུབ་ཏུ་ཟླ་བ་ལ་ཟླ་བ་མོ་དམར་མོ་མར་མེ་འཛིན་པའོ། །བྱང་དུ་ཟླ་བ་ལ་དཀའ་བཟློག་མ་སེར་མོ་གདེངས་ཀའི་ལག་པ་བཟློག་ནས་སྤྱི་བོར་བཞག་ནས་གར་བྱེད་པའོ། །མེར་ཟླ་བ་ལ་རིན་ཆེན་དཔལ་མོ་དམར་མོ་དྲིའི་དུང་ཆོས་འཛིན་པའོ། །བདེན་བྲལ་དུ་ཟླ་བ་ལ་དབྱངས་ཅན་མ་ལྗང་གུ་པི་ཝང་

གི་སྒྲ་སྒྲོགས་པའོ། །རླུང་དུ་ཟླ་བ་ལ་ལྷ་མཛེས་མ་ནག་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །དབང་ལྡན་དུ་ཟླ་བ་ལ་དབང་པོ་འབྱོར་མ་སེར་མོ་གར་བྱེད་མ་ཕྱག་ན་རྡོ་རྗེ་རྩེ་གསུམ་པ་འཛིན་པའོ། །རིམ་པ་གསུམ་པའི་ཤར་དུ་གླང་པོ་ས་སྲུང་དཀར་པོ་དང་ཟླ་བ་ལ་བརྒྱ་བྱིན་སེར་པོ་མིག་སྟོང་དང་

ལྡན་པ་རིན་པོ་ཆེའི་ཅོད་པན་ཅན་ཕྱག་གཡས་པ་སྐྱབས་སྦྱིན་གཡོན་པས་རྡོ་རྗེ་འཛིན་པའོ། །ལྷོར་མ་ཧེ་དང་ཉི་མ་ལ་གཤིན་རྗེ་ནག་པོ་གསུས་པ་འཕྱང་བ་སྤྱན་གསུམ་དང་སྨིན་མ་དང་སྨ་ར་དང་རལ་པ་དམར་སེར་ཅན་ན་བཟའ་སེར་པོ་མནབས་པ་ཕྱག་གཡས་པས་ཐོད་པས་མཚན་

པའི་དབྱུག་པ་འཛིན་པ། གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །ནུབ་ཏུ་སྦྲུལ་དང་ཟླ་བ་ལ་ཆུ་ལྷ་དཀར་པོ་སྦྲུལ་གྱི་གདེངས་ཀ་བདུན་དང་ལྡན་པ། གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་སྦྲུལ་གྱི་ཞགས་པ་འཛིན་པའོ། །བྱང་

དུ་གནོད་སྦྱིན་གྱི་སྟེང་དུ་ལུས་ངན་པོ་སེར་པོ་ཤ་རྒྱས་ཤིང་གསུས་པ་འཕྱང་བ་རིན་པོ་ཆེའི་ཅོད་པན་ཅན་གཡས་པ་དང་གཡོན་པ་གཉིས་ཀྱིས་དབྱུག་ཏོ་དང་ནེའུ་ལེ་འཛིན་པའོ། །མེར་ར་དང་ཉི་མ་ལ་མེ་ལྷ་དམར་པོ་རལ་པ་གསུམ་དང་ལྡན་པ་སྐྲ་དང་སྨ་ར་སེར་ཞིང་འབར་བ་གསུས་པ་འཕྱང་

Vol. 75 · folio 137b

བ་ཕྲག་པ་ལ་ཕྱག་ཚང་ཀུ་བ་བཏགས་པ་མཆོད་ཕྱིར་ཐོགས་པ་ཅན་གཡས་པ་གཉིས་ཀྱིས་མཆོག་སྦྱིན་དང་བགྲང་ཕྲེང་འཛིན་པ་གཡོན་པ་གཉིས་ཀྱིས་དབྱུག་པ་རྩེ་གསུམ་པ་དང་སྤྱི་བླུགས་འཛིན་པའོ། །བདེན་བྲལ་དུ་རོ་ལངས་དང་ཉི་མ་ལ་སྲིན་པོ་ནག་པོ། སྨིན་མ་ནག་པོ་དང་། སྨ་ར་

དམར་སེར་འབར་བ་དང་ལྡན་པ་ཕྱག་གཡས་ཀྱིས་རལ་གྲི་དང་གཡོན་གྱིས་མི་ཤས་གང་བའི་ཐོད་པ་འཛིན་པའོ། །རླུང་དུ་རི་དགས་དང་ཟླ་བ་ལ་རླུང་ལྷ་སྔོན་པོ་གཙུག་ཕུད་གསུམ་དང་ལྡན་པ་ཕྱག་གཉིས་ཀྱིས་རླུང་རས་འཛིན་པའོ། །དབང་ལྡན་དུ་ངང་པ་དང་ཟླ་བ་ལ་ཟླ་བ་དཀར་པོ་གཡས་

པས་ཀུ་མུ་ད་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གཡོན་པས་མཆོག་སྦྱིན་ནོ། །དབང་ལྡན་ཡང་དབང་ཕྱུག་ཆེན་པོ་ལྟ་བུའོ། །རིམ་པ་བཞི་པའི་ཤར་དུ་ཟླ་བ་ལ་སེང་གེའི་རྒྱལ་མཚན་འཛིན་མ་དཀར་མོ་སེང་གེའི་རྒྱལ་མཚན་འཛིན་པའོ། །ལྷོར་ཟླ་བ་ལ་གནས་པའི་རྣམ་པར་རྒྱལ་

མ་དམར་མོ་ལྕགས་ཀྱུ་འཛིན་པའོ། །ནུབ་ཏུ་ཟླ་བ་ལ་པད་ལྡན་མ་ཆེན་མོ་དཀར་མོ་གཞུ་དང་མདའ་འཛིན་པའོ། །བྱང་དུ་ཟླ་བ་ལ་ཆང་འཕྲོག་མ་དམར་མོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པའོ། །དབང་ལྡན་དུ་ཟླ་བ་ལ་མཆོག་འཕྲོག་མ་སེར་མོ་ཐུགས་ཀར་མེ་ཏོག་དང་བཅས་པའི་

ཐལ་མོ་ཁ་སྦྱོར་བའོ། །མེར་ཟླ་བ་ལ་རིན་ཆེན་དབང་ཕྱུག་མ་སེར་མོ་སྤོས་ཕོར་འཛིན་པའོ། །བདེན་བྲལ་དུ་ཟླ་བ་ལ་རྒྱན་མ་སེར་མོ་དྲིའི་དུང་ཆོས་འཛིན་པའོ། །རླུང་དུ་ཟླ་བ་ལ་འགྲོ་སྐྱོང་མ་སེར་མོ་མར་མེའི་མཆོད་སྡོང་འཛིན་པའོ། །འདིར་གང་ལ་ཁྱད་པར་གྱི་ཚིག་མེད་པ་དེ་རྣམས་ལ་

ཉི་མ་དང་ཟླ་བ་ཐམས་ཅད་ནི་སྣ་ཚོགས་པདྨ་ལ་གནས་པའོ། །ལྷ་ཐམས་ཅད་སེམས་དཔའི་སྐྱིལ་ཀྲུང་ཅན་གོས་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །འདིར་དཀྱིལ་འཁོར་གྱི་བདག་པོའི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པའོ། །ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཧཱུཾ་བཛྲ་ཕཊ་ཅེས་

པ་ནི་སྙིང་པོའོ། །ཡང་ན་ཨོཾ་བྷཱུ་ཏཌ་མ་ར་བྷཱུ་ཏ་ཨ་དྷི་པ་ཏི་ཨཀྵོ་བྷྱ་ཀཱི་རཱི་ཊི་ན་སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ན་ས་དྷཱ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ལས་ཐམས་ཅད་པའི་སྔགས་ཀྱང་དེ་ཉིད་དོ། །ཡང་ན་བགེགས་མཐར་བྱེད་ཀྱིས་སོ།། །།མཁའ་འགྲོ་ལྔའི་དཀྱིལ་འཁོར་ལ། རྡོ་རྗེའི་ས་གཞི་ལ་སོགས་པ་

Vol. 75 · folio 138a

ནས་བཟུང་ནས་གཞལ་ཡས་ཁང་གི་བར་དུ་སྔར་གྱི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བཞིན་དུ་ཤེས་པར་བྱའོ། །དེ་ལ་དབུས་ཀྱི་གཞལ་ཡས་ཁང་གི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་གཽ་རཱི་ལ་སོགས་པ་རྣམས་དང་།

དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་པུཀྐ་སཱི་ལ་སོགས་པའོ། །དེ་ལ་གཽ་རཱི་དཀར་མོ་གཡས་པས་ལྕགས་ཀྱུ་འཛིན་པའོ། །ཙཽ་རཱི་དམར་མོ་ཞགས་པ་འཛིན་པའོ། །བེ་ཏཱ་ལཱི་དམར་མོ་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན་པའོ། །གྷསྨ་རཱི་ལྗང་གུ་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །

པུཀྐ་སཱི་སྔོན་མོ་ཕྱག་ན་བྱང་ཆུབ་སེམས་ཀྱི་བུམ་པ་འཛིན་པའོ། །ཤ་བ་རཱི་དཀར་མོ་རི་རབ་འཛིན་པའོ། །ཙཎྜ་ལཱི་སྔོན་མོ་མེ་ཐབ་འཛིན་པའོ། །ཌོཾ་བི་ནཱི་སྐུ་མདོག་སྣ་ཚོགས་མ་རྒྱལ་མཚན་ཆེན་པོའི་བ་དན་འཛིན་པའོ། །ཤར་ཕྱོགས་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཟླ་བའི་སྟེང་དུ་སངས་རྒྱས་མཁའ་

འགྲོ་དཀར་པོ་སྟེ། རྩ་བའི་ཞལ་དཀར་པོ་གཡོན་པ་དམར་པོ་གཞན་ཐམས་ཅད་སྔོན་པོའོ། །གཡས་པའི་ཕྱག་བརྒྱད་ཀྱི་ཐོད་པ་ན་རྨ་བྱ་དང་མ་ཧེ་དང་། ཆུ་སྲིན་དང་ཉ་དང་རྒྱལ་པོ་དང་རུས་སྦལ་དང་། ལྷག་པའི་ཀླུ་དང་ངང་པ་རྣམས་སོ། །གཡོན་པ་བརྒྱད་ཀྱི་ཐོད་པ་རྣམས་ནི་དཔྱིད་དང་

སྲོག་ཆགས་ཛྱེཥྛ་དང་སྦྲུལ་ཧ་ལ་ཧ་ལ་དང་ཨ་ཛ་ནཱ་བྷྱོ་དང་བྱི་བ་དང་གཡག་དང་དྲི་ཅན་དང་ཅོ་ག་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པ་རྣམས་སུ་རིམ་པ་བཞིན་དུ་སྐམ་པ་མོ་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་ལ་སྐམ་པ་མོ་སྔོན་མོ་ཕྱག་གཡས་པ་ན་སྐམ་པ་

འཛིན་པ། ཞགས་ལྡན་མ་སེར་མོ་ཞགས་པ་འཛིན་པའོ། །དོལ་ཟླུམ་མ་དམར་མོ་ཉ་རྒྱ་ཟླུམ་པོ་འཛིན་པའོ། །ལྕགས་ཀྱུ་མ་ལྗང་གུ་ལྕགས་ཀྱུ་འཛིན་པའོ། །མེ་ཏོག་མ་དཀར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པའོ། །བདུག་སྤོས་མ་ནག་མོ་སྤོས་ཕོར་འཛིན་པའོ། །མར་མེ་མ་སེར་

མོ་མར་མེའི་མཆོད་སྡོང་འཛིན་པའོ། །དྲི་ཆབ་མ་སེར་མོ་དྲི་སེར་པོས་བཀང་བའི་དུང་འཛིན་པའོ། །ལྷོ་ཕྱོགས་ཀྱི་གཞལ་ཡས་ཁང་གི་དབུས་སུ་རིན་ཆེན་མཁའ་འགྲོ་སེར་པོ་སྟེ། འདིའི་རྩ་བ་དང་གཡོན་པ་གཉིས་སེར་པོ་དང་དཀར་པོ་ལྷག་མ་རྣམས་ནི་སྔོན་པོ། གཡས་པའི་ཐོད་

Vol. 75 · folio 138b

པ་རྣམས་ན་བྱ་ཀ་རཎྜ། ངུར་པ་དང་ལུག་དང་བྱ་ཙ་ཀོ་ར་དང་ཁྲ་དང་ཧོར་པ་དང་འོལ་བ་དང་བྱ་ཀུ་རའོ། །གཡོན་པ་རྣམས་ན་སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་རིགས་ལྡན་དང་པདྨ་དང་པདྨ་ཆེན་པོ་དང་། འཇོག་པོ་དང་ནོར་རྒྱས་དང་མཐའ་ཡས་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་

དབང་ལྡན་ལ་སོགས་པའི་མཚམས་སུ་ལྷ་མོ་རྣམས་ཏེ། དེ་ལ་ཉི་ཕྱག་མ་དཀར་མོ་ཉི་མའི་དཀྱིལ་འཁོར་འཛིན་པའོ། །མར་མེ་མ་སྔོན་མོ་མར་མེའི་མཆོད་སྡོང་འཛིན་པའོ། །རིན་ཆེན་དཀར་མདའ་མ་སེར་མོ་རིན་པོ་ཆེ་འཛིན་པའོ། །གློག་ཕྱག་མ་ལྗང་གུ་གློག་གི་ཕྲེང་བ་འཛིན་པའོ། །

སྒེག་མོ་དམར་མོ་སྙེམས་པ་དང་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་འཛིན་པའོ། །ཕྲེང་བ་མ་དམར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །ཀླུ་མ་དམར་སྐྱ་ཕྱག་གཉིས་ཀྱིས་ཏིང་ཏིང་ཤག་འཛིན་པའོ། །གར་མ་སྣ་ཚོགས་པའི་མདོག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་བཅས་

པས་གར་བྱེད་པའོ། །ནུབ་ཀྱི་གཞལ་ཡས་ཁང་གི་དབུས་སུ་པདྨ་མཁའ་འགྲོ་དམར་པོ་སྟེ། འདིའི་རྩ་བའི་ཞལ་དང་གཡོན་པ་ནི་དམར་པོ་དང་དཀར་པོ་དང་ལྷག་མ་རྣམས་ནི་ནག་པོའོ། །ཕྱག་གཡས་པའི་ཐོད་པ་རྣམས་ན་དོམ་དང་བྱ་རྒོད་དང་། བསེ་དང་བ་མན་དང་སྟག་དང་

སྤྲེའུ་དང་། ཆུ་སྲིན་ནཱ་ཀྲ་དང་ཅེ་སྤྱང་རྣམས་སོ། །གཡོན་པ་རྣམས་ན་ཁྭ་དང་འུག་པ་དང་སོ་བྱ་དང་སེང་གེ་དང་བྱ་ས་ར་ས་དང་ར་དང་རི་དགས་དང་ཕག་པ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པ་རྣམས་ལ་ལྷ་མོ་རྣམས་སོ། །དེ་ལ་ཤར་ཕྱོགས་སུ་པདྨ་

དཀར་པོ་པདྨ་འཛིན་པའོ། །ཆོས་འབྱུང་མ་སེར་མོ་ཆོས་འབྱུང་འཛིན་པའོ། །ལྕགས་སྒྲོག་མ་ནག་མོ་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན་པའོ། །རང་འཁྱུད་མ་ལྗང་གུ་སངས་རྒྱས་ཐམས་ཅད་ལ་རྗེས་སུ་ཆགས་པའི་ཕྱག་ན་རྡོ་རྗེ་དང་ཐོད་པ་བཟུང་བས་རང་ལ་འཁྱུད་པའོ། །གླིང་བུ་མ་

དམར་མོ་ཕྱག་གཉིས་ཀྱིས་གླིང་བུ་བཟུང་ནས་སྒྲ་སྒྲོགས་པའོ། །པི་ཝང་མ་སེར་མོ་ཕྱག་གཉིས་ཀྱིས་པི་ཝང་བསྒྲེང་བ་ལ་བརྩོན་པའོ། །མུ་ཀུཎྜ་མ་དཀར་མོ་ཕྱག་གཉིས་ཀྱིས་རྔ་བོ་ཆེ་བརྡུང་བའོ། །རྫ་རྔ་མ་དུ་བའི་མདོག་ཅན་ཕྱག་གཉིས་ཀྱིས་རྫ་རྔ་བརྡུང་བའོ། །བྱང་གི་གཞལ་ཡས་ཁང་གི་

Vol. 75 · folio 139a

དབུས་སུ་སྣ་ཚོགས་མཁའ་འགྲོ་དཱུར་བ་ལྟར་ལྗང་གུ་སྟེ། དེའི་རྩ་བའི་ཞལ་ནི་རྟའི་གདོང་ལྗང་གུའོ། །གཞན་རྣམས་ལྷའི་ཞལ་ལོ། །ཕྱོགས་གཅིག་ལ་རྩ་བའི་ཞལ་ཡང་ལྷའི་ཞལ་ལོ། །གཡོན་པ་དཀར་པོ་ལྷག་མ་རྣམས་ནག་པོའོ། །ཕྱག་གཡས་པའི་ཐོད་པ་རྣམས་

ན་གཟའ་ལག་པ་དང་ཕུར་བུ་དང་མཇུག་རིངས་དང་སྒྲ་གཅན་འཛིན་དང་མིག་དམར་དང་པ་ཝ་སངས་དང་སྤེན་པ་དང་ཁྱབ་འཇུག་རྣམས་སོ། །གཡོན་པ་རྣམས་ལ་དབང་པོ་དང་ཆུ་ལྷ་དང་ཚངས་པ་དང་དྲག་པོ་དང་འདོད་པའི་ལྷ་དང་སྟོབས་བཟངས་དང་ཐགས་བཟངས་རིས་དང་སྟོབས་ཅན་རྣམས་སོ། །

ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པར་ལྷ་མོ་རྣམས་སོ། །དེ་ལ་སྒོ་ལྕགས་མ་དཀར་མོ་ནི་སྒོ་ལྕགས་འཛིན་པའོ། །ལྡེ་ཀྱོག་མ་སེར་མོ་ལྡེ་ཀྱོག་འཛིན་པའོ། །སྒོ་གླེགས་མ་དམར་མོ་སྒོ་གླེགས་འཛིན་པའོ། །ཡོལ་བ་འཛིན་མ་ནག་མོ་ཕྱག་གཉིས་ཀྱིས་ཡོལ་བ་འཛིན་

པའོ། །སྤྱན་མ་དཀར་མོ་འཁོར་ལོ་འཛིན་པའོ། །མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པའོ། །གོས་དཀར་མོ་དམར་མོ་ཕྱག་ན་པདྨ་འཛིན་པའོ། །སྒྲོལ་མ་ལྗང་གུ་ཕྱག་ན་ཨུཏྤ་ལ་སྔོན་པོ་འཛིན་པའོ། །གཞལ་ཡས་ཁང་ཆེན་པོའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པ་རྣམས་སུ་གཽ་རཱི་ལ་སོགས་པ་དང་པུཀྐ་

སཱི་ལ་སོགས་པ་སྟེ་སྔར་བཞིན་ནོ། །འདིར་རྡོ་རྗེ་མཁའ་འགྲོ་ནི་གདན་དང་མདོག་དང་དབྱིབས་དང་ཞལ་དང་ཕྱག་ལ་སོགས་པ་རྣམས་ནི་ཧེ་རུ་ཀ་ལྷ་དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ལ་ཇི་ལྟར་ཕྱག་བཅུ་དྲུག་པའི་དགྱེས་པའི་རྡོ་རྗེ་དང་འཁྱུད་པའི་ཡུམ་བདག་མེད་མ་ཡང་དེ་བཞིན་ནོ། །འཁོར་ལོའི་

མཁའ་འགྲོ་མ་ལ་སོགས་པ་བཞི་པོ་འདི་ནི་བཤད་པའི་ཁྱད་པར་རྣམས་ལས་ཁྱད་པར་གཞན་རྣམས་ནི་རྡོ་རྗེ་མཁའ་འགྲོ་དང་མཚུངས་པའོ། །དེ་ནས་འཁྱུད་པའི་ལྷ་མོ་རྣམས་ནི་གོ་རིམས་ཇི་ལྟ་བར་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ནི་དཀར་མོ་དང་སེར་མོ་དང་དམར་མོ་དང་ལྗང་གུ་སྟེ་

གྲི་གུག་དང་སྡིགས་མཛུབ་དང་ལྡན་པའི་ཕྱག་གཉིས་པ་རྣམས་སོ། །མཁའ་འགྲོ་མ་ལྔ་པོ་རྣམས་ཀྱང་རེ་རེ་ཞིང་དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན་ནོ། །གཞལ་ཡས་ཁང་གི་ལྷ་མོ་རྣམས་ནི་གཅེར་བུ་སྤྱན་གསུམ་དམར་ལ་ཟླུམ་པ་མཆེ་བ་གཙིགས་པ་ཞལ་གཅིག་པ་ཕྱག་གཉིས་པ་དབུ་སྐྲ་

Vol. 75 · folio 139b

འབར་བ་གྱེན་དུ་བརྫེས་པ་དཔྲལ་བའི་དབྱེས་ལ་ཐོད་པ་ལྔ་དང་མི་མགོ་སྐམ་པོའི་དོ་ཤལ་དང་ཕྱག་རྒྱ་ལྔས་བརྒྱན་པའོ། །སྣ་ཚོགས་པདྨ་དང་རོ་དང་ཉི་མ་རྣམས་ལ་གཡས་བསྐུམ་གཡོན་བརྐྱང་གི་གར་གྱིས་གནས་པའོ། །གང་ཁྱད་པར་མ་བཤད་པ་རྣམས་ནི་གཡོན་པའི་ཁུ་ཚུར་གྱིས་སྡིགས་མཛུབ་སྙིང་

གར་འཛིན་པས་སྡིགས་པར་མཛད་དོ། །འཁྱུད་པའི་ལྷ་མོ་རྣམས་ལ་ནི་གདན་ཐ་དད་པ་མེད་དོ། །གཽ་རཱི་ལ་སོགས་པ་བརྒྱད་ལ་རིམ་པ་བཞིན་དུ་རོའི་གདན་གྱི་གནས་སུ་ཚངས་པ་དང་དབང་པོ་དང་ཉེ་བའི་དབང་པོ་དང་། དྲག་པོ་དང་གཤིན་རྗེ་དང་། ལུས་ངན་པོ་དང་སྲིན་པོ་དང་། ཐགས་བཟངས་རིས་

རྣམས་ཞེས་པ་ནི་ཕྱོགས་གཞན་ནོ། །མཁའ་འགྲོ་མ་རྣམས་དང་གཽ་རཱི་ལ་སོགས་པ་རྣམས་རྡོ་རྗེ་མཁའ་འགྲོ་ལ་ཞལ་མངོན་པར་ཕྱོགས་པའོ། །ལྷ་གཞན་རྣམས་ནི་རང་རང་གི་བདག་པོ་ལ་མངོན་པར་ཕྱོགས་པའོ། །དགྱེས་པ་རྡོ་རྗེའི་སྤྱི་བོར་རྡོ་རྗེ་འཛིན་པ་དང་རྡོ་རྗེའོ། །སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ལ།

ཐུགས་དང་། རྟག་པ་དང་། རིན་འབྱུང་དང་། འོད་དཔག་མེད་རྣམས་སོ། །རྟག་པའི་སྤྱི་བོར་འཁོར་ལོ་འཛིན་པ་དང་འཁོར་ལོའོ། །སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ལ་ཐུགས་དང་། རིན་འབྱུང་དང་འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་སོ། །རྡོ་རྗེ་ཉི་མའི་སྤྱི་བོར་རིན་འབྱུང་དང་ཡིད་བཞིན་

ནོར་བུའོ། །དེའི་སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ཀྱི་ནི་སྐུ་དང་ཐུགས་དང་། འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །པདྨ་གར་གྱི་དབང་ཕྱུག་གི་སྤྱི་བོར་པདྨ་འཛིན་པ་དང་། རྡོ་རྗེ་པདྨའོ། །དེའི་སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ཀྱི་ནི་སྐུ་རྡོ་རྗེ་དང་རིན་ཆེན་འབྱུང་ལྡན་དང་མི་བསྐྱོད་པ་དང་ཚེ་

དཔག་མེད་རྣམས་སོ། །རྟ་མཆོག་གི་སྤྱི་བོར་རལ་གྲི་འཛིན་པ་དང་རལ་གྲིའོ། །སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ཀྱི་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་། འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །ཕྱི་རོལ་གྱི་གཽ་རཱི་ལ་སོགས་པ་རྣམས་སྔར་དང་མཚུངས་པའོ། །རྡོ་རྗེ་མཁའ་འགྲོ་ལ་སོགས་

པའི་མཁའ་འགྲོ་རྣམས་ཀྱི་ཐུགས་ཀའི་ས་བོན་ནི་གོ་རིམས་བཞིན་དུ་ཧཱུཾ་ཨོཾ་ཏྲཱཾ་ཨཱཿཁཾ་ཞེས་བྱ་བ་རྣམས་སོ། །སྙིང་པོའི་སྔགས་རྣམས་ནི། ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མརྡ་མརྡ་བཛྲ་དྷྲྀཀ་ཕཊ་སྭཱ་ཧཱ། ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཏ་ཨེ་ཧྱེ་ཧི་ཛི་ན་ཛིཀ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཱུརྱ་ཏ་མོ་བི་དྷ་མ་ན་ས་

Vol. 75 · folio 140a

མ་ཡ་སྟྭཾ། ཨ་ཧཾ་རཏྣ་དྷྲྀཀ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ས་མ་ཡ་སྟྭཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལྀཀ་ཕཊ་སྭཱ་ཧཱ། ཨོཾ་ཕུ་ཕུ་ཧི་ཧི་པྲཛྙཱ་དྷྲྀཀ་ཕཊ་སྭཱ་ཧཱ། ཞེས་བྱ་བའོ། །ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་བཛྲ་ཀྲོ་དྷ་ཡ་མ་ཧཱ་དཾ་ཥྚྲོཏྐ་ཊ་བྷཻ་ར་བཱ་ཡ། བཛྲ་སནྡོ་ཧ་དརྤཱ་ཡ་ཨམྲྀ་ཏ་ཀུཎྜ་ལི་ཧཱུཾ་ཞེས་བྱ་བ་ནི་

བགེགས་མཐར་བྱེད་ཀྱི་སྔགས་ཏེ། ལས་ཐམས་ཅད་པའོ། །མཁའ་འགྲོ་ལྔ་པོ་འདི་དག་གང་ཡང་རུང་བའི་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱ་བ་དེ་རེ་རེ་ཡང་སོ་སོའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སངས་རྒྱས་མགོན་པོ་གང་ཞིག་ཉིད། །དབུས་སུ་གྱུར་པའི་དཀྱིལ་

འཁོར་ནི། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་གསུངས། །སྙིང་པོ་ལེན་ཕྱིར་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །ཞེས་གསུངས་སོ།། །།འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་ལ། །རྡོ་རྗེའི་ས་གཞི་ལ་སོགས་པ་དང་། འཁོར་ལོ་

རྩིབས་བཅུ་པའི་བར་དུ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་བཤད་པ་ཇི་ལྟ་བའི་རྩིབས་བཅུ་པའི་འཁོར་ལོའོ། །ཁྲོ་བོ་བཅུ་ནི་གཞན་ཏེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཁྲོ་བོའི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེའི་དབྱུག་པ་ལ་སོགས་པ་ནས་རྡོ་རྗེས་འོག་གི་བར་ལྟ་བུའོ་ཞེས་པར་ནི་ཁྱད་པར་

རོ། །འཁོར་ལོ་རྩིབས་བཅུ་པ་འདིའི་ལྟེ་བའི་ནང་གི་ཆོས་འབྱུང་གི་དབུས་སུ་རླུང་དང་མེ་དང་ཆུ་དང་གསེར་གྱི་རང་བཞིན་གྱི་ས་གཞིའི་དཀྱིལ་འཁོར་དང་། རི་རབ་ཀྱི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གཞལ་ཡས་ཁང་ཆེན་པོའོ། །ཕྱོགས་གཞན་ལ་འདིར་ཆོས་འབྱུང་མེད་དོ་ཞེས་པའོ། །

གཞལ་ཡས་ཁང་ཆེན་པོའི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས་སུ་གནས་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པའི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ་ཞེས་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས་གསུངས་པས། །ཉི་མ་ལ་གནས་པའི་འཇིགས་

བྱེད་དང་གཽ་རཱི་དག་གི་སྟེང་དུ་རྡོ་རྗེ་སྐྱིལ་གྲུང་གིས་གནས་པའི་ཡེ་ཤེས་མཁའ་འགྲོ་རྡོ་རྗེ་སེམས་དཔའ་དཀར་པོའམ་ནག་པོ་རྡོ་རྗེ་དང་བཅས་པའི་རྡོ་རྗེ་དྲིལ་བུ་དང་ལྡན་པའི་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གིས་ཡུམ་ལ་འཁྱུད་པའོ། །ལྷ་མོ་དེ་ནི་རྡོ་རྗེ་དང་སྡིགས་མཛུབ་དང་བཅས་པའི་ཕྱག་གཡས་བརྐྱང་བ་

Vol. 75 · folio 140b

ཁྲག་གིས་གང་བའི་ཐོད་པ་དབུལ་བའི་ཕྱག་གཡོན་གྱིས་ཡབ་ལ་འཁྱུད་པ་སྐུ་མདོག་དམར་མོ་ཡེ་ཤེས་མཁའ་འགྲོ་མ་སྟེ། མིང་གཞན་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པ་དང་རྡོ་རྗེ་ཕག་མོ་ཞེས་ཀྱང་གྲགས་སོ། །དེ་ནས་ཤར་ལ་སོགས་པའི་ཕྱོགས་ལ་གཡས་སྐོར་གྱིས་སངས་རྒྱས་མཁའ་

འགྲོ་ལ་སོགས་པ་ལྔ་པོ་དགོད་པར་བྱ་སྟེ། དེ་དག་གི་འཁོར་རྣམས་དཀྱིལ་འཁོར་སོ་སོར་ཤར་ལ་སོགས་པའི་སྒོ་རྣམས་སུ་གཡོན་སྐོར་གྱིས་དགོད་ཅིང་མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་སྐོར་གྱིས་དགོད་པར་བྱའོ། །རྡོ་རྗེ་སེམས་དཔའ་ཕྱོགས་བྲལ་རྣམས་ལ་རིམ་པ་ཇི་ལྟ་བས་མཁའ་

འགྲོ་མ་དང་ལཱ་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ནི་སྔོན་མོ་དང་། སེར་མོ་དང་། དམར་མོ་དང་། ལྗང་གུ་རྣམས་གཡས་བརྐྱང་གིས་བཞུགས་པའོ། །སྒོ་རྣམས་སུ་ཐོད་པའི་དུམ་བུ་དང་། ཀེང་རུས་ཆེན་པོ་དང་ཀེང་རུས་དང་། མཆེ་བ་རྣམ་པར་གཙིགས་པ་རྣམས་སྐུ་མདོག་ནག་

པོ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་རབ་ཏུ་གཏུམ་མོ་དང་གཏུམ་པའི་མིག་ཅན་དང་། འོད་ལྡན་མ་དང་སྣ་ཆེན་མ་ཐལ་བ་དཀར་པོའི་མདོག་ཅན་རྣམས་ལ་འཁྱུད་པའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་གི་དབུས་སུ་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་

པའི་ཚངས་པའི་སྙིང་གར་སངས་རྒྱས་མཁའ་འགྲོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོས་མཚན་པའི་དྲིལ་བུ་འཛིན་པའི་ཕྱག་གཡས་དང་གཡོན་གཉིས་ཀྱིས་སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པའོ། །སྒོ་རྣམས་ལ་ཆང་དགྲ་དང་། འོད་དཔག་མེད་དང་། རྡོ་རྗེ་འོད་

དང་རྡོ་རྗེ་ལུས་རྣམས་ནི་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོས་མཚན་པའི་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་དཔའ་བོའི་བློ་གྲོས་མ་དང་མིའུ་ཐུང་མ་དང་ལང་ཀའི་དབང་ཕྱུག་མ་དང་ཤིང་གྲིབ་མ་རྣམས་སེར་མོ་ལ་འཁྱུད་པའོ། །རིན་ཆེན་འབྱུང་ལྡན་གྱི་གཞལ་ཡས་ཁང་གི་དབུས་སུ་རྟའི་སྟེང་དུ་སྣ་

ཚོགས་པདྨ་དང་ཉི་མ་ལ་གནས་པའི་ལྷའི་བུ་ཉི་མའི་སྙིང་གར་རིན་ཆེན་མཁའ་འགྲོ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་སྐུ་མདོག་སེར་པོ་རིན་པོ་ཆེ་དང་རིན་པོ་ཆེས་མཚན་པའི་དྲིལ་བུ་འཛིན་པའི་ཕྱག་གཡས་པ་དང་གཡོན་པ་གཉིས་ཀྱིས་རིན་ཆེན་མཁའ་འགྲོ་མ་སེར་མོ་ལ་འཁྱུད་པའོ། །སྒོ་རྣམས་ལ་མྱུ་གུ་ཅན་

Vol. 75 · folio 141a

དང་། རྡོ་རྗེ་རལ་པ་ཅན་དང་། དཔའ་བོ་ཆེན་པོ་དང་། རྡོ་རྗེ་ཧཱུཾ་མཛད་རྣམས་སྐུ་མདོག་སེར་པོ་རིན་པོ་ཆེ་དང་། རིན་པོ་ཆེས་མཚན་པའི་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་ས་སྲུང་མ་དང་འཇིགས་བྱེད་ཆེན་མོ་དང་རླུང་ཤུགས་མ་དང་ཆང་འཐུང་མ་རྣམས་ལྗང་གུའི་ཁ་དོག་དང་ལྡན་པ་ལ་

འཁྱུད་པའོ། །སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་རྨ་བྱའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་དབང་ཕྱུག་ཆེན་པོའི་སྙིང་གར་པདྨ་མཁའ་འགྲོ་དམར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་སྐུ་མདོག་དམར་པོ་པདྨ་དང་པདྨས་མཚན་པའི་དྲིལ་བུ་དང་ལྡན་པའི་ཕྱག་གཡས་པ་དང་གཡོན་

པ་གཉིས་ཀྱིས་པདྨ་མཁའ་འགྲོ་དམར་མོ་ལ་འཁྱུད་པའོ། །སྒོ་རྣམས་ལ་ཤིན་ཏུ་བཟང་པོ་དང་རྡོ་རྗེ་བཟང་པོ་དང་འཇིགས་བྱེད་ཆེན་པོ་དང་། མིག་མི་བཟང་རྣམས་དམར་མོ་པདྨ་དང་ཉི་མས་མཚན་པའི་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་ལྷ་མོ་སྔོ་བསངས་མ་དང་། ཤིན་ཏུ་བཟང་མོ་དང་། རྟ་རྣ་མོ་

དང་། བྱ་རོག་གདོང་རྣམས་སྐུ་མདོག་དཀར་མོ་ལ་འཁྱུད་པའོ། །མི་བསྐྱོད་པའི་གཞལ་ཡས་ཁང་གི་དབུས་སུ་གླང་པོ་ཆེའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཁྱབ་འཇུག་གི་སྙིང་གར་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་རྡོ་རྗེ་མཁའ་འགྲོ་ནག་པོ་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དྲིལ་བུར་ལྡན་པའི་ཕྱག་

གཡས་དང་གཡོན་པ་གཉིས་རྡོ་རྗེ་མཁའ་འགྲོ་མ་ལ་འཁྱུད་པ་སྟེ། ལྷ་མོ་དེ་ནི་དམར་མོའམ་ནག་མོའོ། །སྒོ་རྣམས་ལ་སྟོབས་པོ་ཆེ་དང་། རིན་ཆེན་རྡོ་རྗེ་དང་། རྟ་མགྲིན་དང་། ནམ་མཁའི་སྙིང་པོ་རྣམས་ནག་པོ་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་འཁོར་

ལོའི་ཤུགས་ཅན་མ་དང་། དུམ་སྐྱེས་མ་དང་། ཆང་འཐུང་མ་དང་། འཁོར་ལོའི་གོ་ཆ་མ་རྣམས་སེར་མོ་ལ་འཁྱུད་པའོ། །དོན་ཡོད་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་ནམ་མཁའ་ལྡིང་གི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ལྷའི་བུ་ཟླ་བའི་སྙིང་གར་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་

སྣ་ཚོགས་མཁའ་འགྲོ་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་། སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་བཟུང་བའི་ཕྱག་གཉིས་ཀྱིས་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ་ལ་འཁྱུད་པའོ། །སྒོ་རྣམས་སུ་ཧེ་རུ་ཀ་དང་པདྨ་གར་གྱི་དབང་ཕྱུག་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་རྣམས་སྐུ་མདོག་

Vol. 75 · folio 141b

ལྗང་གུ་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པའི་ཕྱག་གཉིས་ཤིན་ཏུ་དཔའ་མོ་དང་། སྟོབས་ཆེན་མོ་དང་། འཁོར་ལོས་སྒྱུར་བ་དང་། བརྩོན་འགྲུས་ཆེན་མོ་རྣམས་དུ་བ་ལྟ་བུའི་སྔོ་སྐྱའི་མདོག་ཅན་མ་ལ་འཁྱུད་པའོ། །དེ་ལྟར་དཔའ་མོ་ཉི་ཤུ་རྩ་བཞི་ནི་གཡས་བརྐྱང་གིས་གནས་པའོ། །འདིར་

མཁའ་འགྲོ་མ་ལ་སོགས་པ་བཞི་ནི་གཡོན་པ་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་གཡས་པས་ཌ་མ་རུ་འཛིན་པའོ། །ཡེ་ཤེས་མཁའ་འགྲོ་མ་དང་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་ནི་ཕྱག་གཡས་པས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་གདེངས་པའོ། །སངས་རྒྱས་མཁའ་འགྲོ་མ་དང་དཔའ་བོའི་བློ་གྲོས་མ་ལ་སོགས་

མ་རྣམས་ཀྱིས་ནི་འཁོར་ལོ་དང་བཅས་པའི་སྡིགས་མཛུབ་བོ། །རིན་ཆེན་མཁའ་འགྲོ་མ་དང་ས་སྲུང་མ་ལ་སོགས་པ་རྣམས་ནི་རིན་པོ་ཆེ་དང་བཅས་པའི་སྡིགས་མཛུབ་བོ། །པདྨ་མཁའ་འགྲོ་མ་དང་ལྷ་མོ་སྔོ་བསངས་མ་ལ་སོགས་པ་རྣམས་ནི་པདྨ་དང་བཅས་པའི་སྡིགས་མཛུབ་པོ། །རྡོ་རྗེ་མཁའ་འགྲོ་མ་

དང་ཤུགས་ཅན་མ་འཁོར་ལོ་ལ་སོགས་པ་རྣམས་ནི་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་པོ། །སྣ་ཚོགས་མཁའ་འགྲོ་མ་དང་ཤིན་ཏུ་དཔའ་མོ་ལ་སོགས་པ་རྣམས་ནི་སྣ་ཚོགས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་པོ། །ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་ལ་ཡང་འཁྱུད་པར་བྱེད་པའི་གཡོན་

པའི་ཕྱག་ཏུ་འཛག་པ་དང་བཅས་པའི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པའོ། །དཀྱིལ་འཁོར་ཆེན་པོའི་སྒོ་རྣམས་ལ་ཁྭ་གདོང་མ་དང་། འུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་རྣམས་མིང་གི་རྗེས་སུ་མཐུན་པའི་ཞལ་ཏེ་རིམ་པ་ཇི་ལྟ་བས་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་མདོག་ཅན་

རྣམས། ཕྱག་གཡས་པ་རྣམས་ན་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་འཛིན་པའོ། །མཚམས་རྣམས་ལ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་རྣམས་ནི་མི་མོའི་གདོང་པ་ཅན་ནོ། །གཡས་དང་གཡོན་པའི་

ལྷ་མོའི་ཁ་དོག་གཡས་གཡོན་གྱི་སྐུ་ཕྱེད་ཕྱེད་དང་ལྡན་པ་རྣམས་ཏེ། ཕྱག་གཡས་པ་ན་མེ་ལོང་དང་པི་ཝང་དང་དྲིའི་དུང་ཆོས་དང་རོའི་སྣོད་རྣམས་འཛིན་པའོ། །ལྷ་མོ་བརྒྱད་པོ་འདི་དག་ཀྱང་ཕྱག་གཡོན་པས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་གཡས་བརྐྱང་གིས་གནས་པའོ། །གཞལ་ཡས་ཁང་དྲུག་

Vol. 75 · folio 142a

པོ་རྣམས་ཀྱི་ཡང་མཚམས་སུ་སྣ་ཚོགས་པདྨ་ལ་གནས་པའི་བྱང་ཆུབ་སེམས་ལ་སོགས་པས་གང་བའི་ཐོད་པ་རྣམས་སོ། །མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་མཐར་ཐུག་པ་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་རོ་རྣམས་ལ་བཞུགས་པའོ། །འཁོར་

ལོས་སྒྱུར་བ་རྣམས་ཀྱང་རོ་ལ་གནས་པའོ་ཞེས་པ་ཕྱོགས་གཞན་ནོ། །ལྷ་མོ་རྣམས་ནི་སྐུ་རྒྱབ་ཏུ་འཕྱང་བའི་སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ་མཆོད་ཕྱིར་ཐོགས་པ་ཅན་མི་མགོ་རློན་པའི་ཕྲེང་བ་མགྲིན་པ་ལ་འཕྱང་བ་རལ་པ་ནག་པོའི་ཐོར་ཅོག་ཅན་ནོ། །ལྷ་མོ་རྣམས་ནི་གཅེར་བུ་སྐྲ་ནག་པོ་

གྲོལ་ཞིང་མི་མགོ་སྐམ་པོའི་ཕྲེང་བ་མགྲིན་པ་ལ་འཕྱང་བའོ། །ལྷ་བཞི་བཅུ་རྩ་གཉིས་ཀྱང་ཞལ་གཅིག་པ་ཕྱག་གཉིས་པ་སྤྱན་གསུམ་པ་རྡོ་རྗེ་ཕྲེང་བས་མཚན་པའི་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་པ་དཔུང་རྒྱན་དང་གཡེར་ཁ་ལ་སོགས་པས་བརྒྱན་པ་ཕྱག་རྒྱ་ལྔ་དང་ལྡན་པའོ། །འཁོར་ལོས་སྒྱུར་བ་

རྣམས་ཁོ་ན་ཕྱག་རྒྱ་དྲུག་དང་ལྡན་པ། ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན་དག་གོ། །ལྷ་མོ་སུམ་ཅུ་རྩ་བཞི་རྣམས་རང་རང་གི་དཀྱིལ་འཁོར་གྱི་བདག་པོ་ལ་མངོན་པར་ཕྱོགས་པའོ། །འཁོར་ལོས་སྒྱུར་བ་རྣམ་པ་ལྔ་དང་ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱིས་དབུས་ཀྱི་

དཀྱིལ་འཁོར་གྱི་བདག་པོ་ལ་མངོན་པར་ཕྱོགས་པའོ། །དཔའ་བོ་རྣམས་ནི་རང་རང་གི་ཤེས་རབ་མ་ལ་མངོན་པར་ཕྱོགས་པའོ། །དེ་ལྟར་བཤད་པ་འདི་ནི་ཕྱོགས་གཅིག་གོ། །འཁོར་ལོས་སྒྱུར་བ་དྲུག་པོ་འདི་དག་ཀྱང་ཞབས་གཡས་བརྐྱང་ངོ་ཞེས་བྱ་བ་ནི། ཁྱད་པར་ནི་ཕྱོགས་གཉིས་པའོ། །ཕྱོགས་གཉིས་

པོ་འདི་དག་ལ་ཡེ་ཤེས་མཁའ་འགྲོ་དང་སངས་རྒྱས་མཁའ་འགྲོ་དང་དེ་དག་གི་འཁོར་རྣམས་ཀྱང་སེང་གེའི་སྟེང་དུ་གནས་པ་དང་། རིན་ཆེན་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་རྟའི་སྟེང་དུ་གནས་པ་དང་། པདྨ་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་རྨ་བྱའི་སྟེང་དུ་གནས་པ་དང་། རྡོ་རྗེ་མཁའ་འགྲོ་དང་དེའི་འཁོར་

རྣམས་ཀྱང་གླང་པོ་ཆེའི་སྟེང་དུ་གནས་པ་དང་། སྣ་ཚོགས་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་ནམ་མཁའ་ལྡིང་གི་སྟེང་དུ་གནས་པའོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་སོགས་པ་འདི་དག་རྡོ་རྗེ་སྐྱིལ་ཀྲུང་ཅན་ནོ། །ཁྭ་གདོང་མ་ལ་སོགས་པ་བརྒྱད་པོ་འདི་དག་ཕྱོགས་སྐྱོང་བརྒྱད་རྣམས་ལ་གཡས་བརྐྱང་གིས་གནས་

Vol. 75 · folio 142b

པའོ་ཞེས་པ་ནི་ཕྱོགས་གསུམ་པའོ། །ཕྱོགས་འདི་རྣམས་དང་ཕྱོགས་གཞན་རྣམས་ལ་ཡང་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣམས་ནི་ཞལ་གཅིག་ཕྱག་བཞི་པ་ལ་སོགས་པ་ཉིད་དང་། ཞལ་གསུམ་ཕྱག་དྲུག་ལ་སོགས་པ་ཉིད་དང་། ཞལ་ལྔ་ཕྱག་བརྒྱད་པ་ལ་སོགས་པ་ཉིད་དང་། ཞལ་བཞི་ཕྱག་བཅུ་གཉིས་

པ་ལ་སོགས་པ་ཉིད་དང་། ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལ་སོགས་པ་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་རབ་ཏུ་སྤྲོས་ནས་གསུངས་ཏེ། གཞུང་མངས་པས་འཇིགས་པས་འདིར་མ་བསྟན་ཏོ། །རང་རང་གི་འཁོར་རྣམས་ལ་དཀྱིལ་འཁོར་གྱི་རིགས་ཀྱི་བདག་པོ་ནི་འཁོར་ལོས་སྒྱུར་བ་དྲུག་གིས་སོ། །འཁོར་ལོས་

སྒྱུར་བ་ལྔ་ལ་ནི་རྡོ་རྗེ་མཁའ་འགྲོས་སོ། །དེ་ཉིད་ལ་ནི་ཡེ་ཤེས་མཁའ་འགྲོས་སོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ལ་ནི་སྣ་ཚོགས་མཁའ་འགྲོ་སྟེ། ཡེ་ཤེས་མཁའ་འགྲོའོ་ཞེས་བྱ་བ་ནི་ཁ་ཅིག་གོ། །ཡེ་ཤེས་མཁའ་འགྲོ་ལ་སོགས་པའི་རིམ་པ་ཇི་ལྟ་བར་ཐུགས་ཀའི་ས་བོན་རྣམས་ལ་ནི་བཾ་བྷྲཱུཾ་ཨཱཾ་ཏྲཱཾ་ཧཱུཾ་ཁཾ་

ངོ་། །སྙིང་པོའི་སྔགས་རྣམས་ནི་ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་སཏྭ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བུདྡྷ་ཌཱ་ཀ་ཨ་ལ་ལ་ལ་བྷྲཱུཾ་ཨཱཿཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀ་ཏྲཱཾ་ཨཱཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀ་ཧྲཱིཿཨཱཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཌཱ་ཀ་ཨཱཿཧཱུཾ་ཕཊ་ཌཱ་

ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བི་ཤྭ་ཌཱ་ཀ་ཧོཿཁཾ་ཨཱཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའོ། །ཨོཾ་ཁཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་དུམ་སྐྱེས་མ་སྟེ་ལས་ཐམས་ཅད་པའི་སྔགས་སོ།། །།དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ། རྡོ་རྗེ་གུར་གྱི་ནང་དུ་སྲུང་བའི་འཁོར་ལོ་རྩིབས་བཅུ་པ་སྟེ། དེའི་

ཤར་དང་ལྷོ་དང་ནུབ་དང་བྱང་གི་རྩིབས་རྣམས་ལ་ཤིན་ཏུ་སྟོབས་བྱེད་དང་། རྨོངས་བྱེད་དང་། རེངས་བྱེད་དང་། རྒྱལ་བྱེད་རྣམས་ཏེ། གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་ཅེས་བྱ་བ་མིང་གི་རྣམ་གྲངས་སོ། །མེ་ལ་སོགས་པའི་རྩིབས་རྣམས་ལ་

དབྱུག་པ་སྔོན་པོ་དང་འདོད་པའི་རྒྱལ་པོ་དང་། སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་སོ། །སྟེང་གི་རྩིབས་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །འོག་གི་རྩིབས་ལ་གནོད་མཛེས་རྒྱལ་པོའོ། །དེ་སྐད་དུ་ཡང་རྩ་བ་ལས། དེ་རྗེས་འཁོར་ལོ་རྩིབས་བཅུ་པ་ནི་ཕྱོགས་དང་ཕྱོགས་བྲལ་ལ་གནས་ཁྲོ་

Vol. 75 · folio 143a

བོའི་ཚོགས་རྣམས་བསྒོམ་པར་བྱ། ཞེས་པ་དང་། དྲི་མ་མེད་པའི་འོད་ལས་ཀྱང་སྲུང་བའི་འཁོར་ལོ་ལས་ཁྲོ་བོ་ལ་སོགས་པ་སྤྲོ་བར་བྱ་སྟེ། དཀྱིལ་འཁོར་གྱི་ས་གཞི་སྲུང་བའི་དོན་དུའོ་ཞེས་གསུངས་སོ། །ཁྲོ་བོ་འདི་རྣམས་འཆད་པར་འགྱུར་བའི་གཟུགས་ཅན་ནོ། །སྲུང་བའི་

འཁོར་ལོའི་ལྟེ་བའི་ནང་དུ་ཆོས་འབྱུང་ངོ་། །དེ་སྐད་དུ་དྲི་མ་མེད་པའི་འོད་ལས་གསུངས་པ་ཕྱི་རོལ་དུ་སྐྱེ་བའི་དོན་དུ་ནམ་མཁའི་ཁམས་མཐའ་ཡས་པ་སྟེ། ནང་དུ་ཤེས་རབ་ཆོས་འབྱུང་ཟུར་གསུམ་པའོ་ཞེས་སོ། །དཀྱིལ་འཁོར་དུ་ནམ་མཁའི་ཁམས་ཉིད་ཆོས་འབྱུང་གི་གཟུགས་སུ་བསྒོམ་

པའོ། །ཆོས་འབྱུང་གི་དབུས་སུ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་ལ་གནས་པའི་རི་རབ་དང་སྣ་ཚོགས་པདྨ་དང་ཟླ་བ་དང་། ཉི་མ་དང་། ཐིག་ལེ་ནག་པོའི་གཟུགས་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་ཕྱི་རོལ་ནས་རྡོ་རྗེ་འོད་ཟེར་དང་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་

ཁོར་ཡུག་གིས་ཡོངས་སུ་བསྐོར་བཞིན་པའི་གཞལ་ཡས་ཁང་ཆེན་པོའོ། །ཡང་ན་སྲུང་བའི་འཁོར་ལོ་ནི་བགེགས་ཉེ་བར་ཞི་བ་ཙམ་གྱི་དགོས་པའོ་ཞེས་པ་སྟེ། བགེགས་བཅོམ་པའི་རྗེས་ལ་བསྒོམ་པར་མ་བྱས་ཤིང་ཆོས་འབྱུང་ཡང་བསྒོམ་པར་མ་བྱས་ནས་སྲུང་བའི་གུར་གྱི་ནང་དུ་ནམ་མཁའི་

ནང་དུ་རླུང་ལ་སོགས་པའི་དཀྱིལ་འཁོར་དང་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་མཐར་ཐུག་པའི་སྟེང་དུ་གནས་པའི་ཕྱི་རོལ་ནས་འོད་ཟེར་ལ་སོགས་པའི་ཟླུམ་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་ཆེན་པོའོ། །དེའི་ཕྱེད་ཀྱིས་གསུང་གི་དཀྱིལ་འཁོར་རོ། །དེའི་ཕྱེད་ཀྱིས་ཐུགས་ཀྱི་དཀྱིལ་

འཁོར་རོ། །དེའི་ཕྱེད་ཀྱིས་བདེ་ཆེན་གྱི་འཁོར་ལོའོ། །དེའི་ཕྱེད་ཀྱིས་བཅོམ་ལྡན་འདས་ཀྱི་པདྨ་ལྗང་གུའོ། །པདྨའི་སུམ་ཆ་གཅིག་གིས་ཟེ་འབྲུའོ། །དེའི་སྟེང་ནས་སྟེང་དུ་གནས་པའི་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་ཀྱི་མེའི་དཀྱིལ་འཁོར་གྱི་སྟེང་དུ་གན་རྐྱལ་དུ་གནས་པའི་ཡན་ལག་མེད་པ་

དང་དྲག་པོའི་སྙིང་གར་གཡས་བརྐྱང་གིས་གར་བྱེད་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནག་པོ། ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཚུགས་ཅན། རྡོ་རྗེ་ནོར་བུ་དང་རྡོ་རྗེའི་རྣ་ཆ་དང་། རྡོ་རྗེའི་མགུལ་རྒྱན་དང་། རྡོ་རྗེའི་ལག་གདུབ་དང་། རྡོ་རྗེའི་སྐ་རགས་

Vol. 75 · folio 143b

དང་། རྡོ་རྗེའི་རྐང་གདུབ་དང་། རྡོ་རྗེའི་དར་དཔྱངས་དང་། རྡོ་རྗེའི་ཕྲེང་བ་དང་། སྟག་གི་པགས་པ་འཕྱང་བའི་གོས་བསྣམས་པ་ཞལ་བཞི་པ་ཕྱག་བཅུ་གཉིས་པའོ། །དེ་ལ་རྩ་བའི་ཞལ་ནི་ནག་པོ་མཆེ་བ་གཙིགས་པ་དྲག་པོ་གཡས་དམར་པོ་ཆགས་པ་དང་བཅས་པ། ནུབ་སེར་པོ་ཏིང་ངེ་འཛིན་ལ་

གནས་པ། གཡོན་དཀར་པོ་ཞི་བའོ། །སྔོན་པོ་དང་དམར་པོ་དང་དཀར་པོ་དབུས་དང་གཡས་དང་གཡོན་གྱི་མགྲིན་པ་གསུམ་སྟེ། བཅོམ་ལྡན་འདས་མགྲིན་པ་གསུམ་པའོ། །གཡས་པའི་དཔུང་མགོ་དང་པོ་སྔོན་པོ་གཉིས་པ་དམར་པོ་གསུམ་པ་དཀར་པོའོ། །དེ་བཞིན་དུ་གཡོན་པ་སྔོན་པོ་དང་

དམར་པོ་དང་དཀར་པོ་སྟེ། འདི་དག་དཔུང་མགོ་དྲུག་གོ། །བར་ལྷུ་དཔུང་པ་བཅུ་གཉིས་སོ། །ཉེ་བའི་ཕྱག་དཔུང་པ་ནས་བརྩམས་ནས་ཕྱག་ཉི་ཤུ་རྩ་བཞིའོ། །དེ་ལ་གཡས་ཀྱི་དཔུང་པ་གཉིས་སྔོན་པོའོ། །གཉིས་དམར་པོ། གཉིས་དཀར་པོ་སྟེ། དེ་བཞིན་དུ་གཡོན་པ་དག་ཀྱང་ངོ་། །དེ་

བཞིན་དུ་ཕྱག་བཞི་ནག་པོ་བཞི་དམར་པོ་བཞི་དཀར་པོ་སྟེ། གཡས་པ་དང་གཡོན་པ་རྣམས་ཀྱང་ངོ་། །ཕྱག་རེ་རེ་ལ་སོར་མོ་ལྔ་ལྔ་སྟེ། དེ་དག་རེ་རེ་ཞིང་ཚིགས་རྣམ་པ་གསུམ་གསུམ་མོ། །དེ་ལ་མཐེ་བོང་སེར་པོ་མཛུབ་མོ་དཀར་པོ་གུང་མོ་དམར་པོ་སྲིན་ལག་ནག་པོ་མཐེའུ་ཆུང་ལྗང་གུའོ། །ཕྱག་གི་

མཐིལ་ནས་སོར་མོ་ཐམས་ཅད་ཀྱི་ཚིགས་དང་པོའི་ཕྲེང་བ་ནག་པོ་གཉིས་པ་དམར་པོ་གསུམ་པ་དཀར་པོ་སྟེ། དེ་རྣམས་ཀྱང་སོར་གདུབ་རྣམས་ཀྱི་འོད་དང་ལྡན་པའོ། །གཡས་པའི་ཕྱག་ནག་པོ་རྣམས་ལ་རྡོ་རྗེ་དང་རལ་གྲི་དང་རྩེ་གསུམ་དང་གྲི་གུག་གོ། །དམར་པོ་རྣམས་ལ་མེའི་མདའ་དང་རྡོ་རྗེ་ལྕགས་

ཀྱུ་དང་། ཌ་མ་རུ་དང་ཐོ་བའོ། །དཀར་པོ་རྣམས་ལ་འཁོར་ལོ་དང་མདུང་དང་དབྱུག་པ་དང་། དགྲ་སྟ་རྣམས་སོ། །གཡོན་པའི་ནག་པོ་རྣམས་ལ་རྡོ་རྗེ་དྲིལ་བུ་དང་ཕུབ་དང་ཁ་ཊྭཱཾ་ག་ཁ་བྱེ་བ་དང་། ཁྲག་གིས་གང་བའི་ཐོད་པའོ། །དམར་པོ་རྣམས་ལ་གཞུ་དང་ཞགས་པ་དང་ནོར་བུ་རིན་པོ་ཆེ་དང་པདྨ་

དཀར་པོ་རྣམས་སོ། །དཀར་པོ་རྣམས་ལ་དུང་དང་། མེ་ལོང་དང་རྡོ་རྗེ་ལྕགས་སྒྲོག་དང་། ཚངས་པའི་མགོ་བོ་རྣམས་སོ། །བརླ་ནས་བརྩམས་ནས་ཞབས་གཡས་པ་དམར་པོའི་མཐིལ་དམར་པོས་འདོད་པའི་ལྷ་དམར་པོ་ཞལ་གཅིག་ཕྱག་བཞི་ན་མེ་ཏོག་ལྔའི་མདའ་དང་གཞུ་དང་ཞགས་པ་དང་།

Vol. 75 · folio 144a

ལྕགས་ཀྱུ་འཛིན་པའི་སྙིང་གར་མནན་པའོ། །བརླ་ནས་བརྩམས་ནས་ཞབས་གཡོན་པ་དཀར་པོའི་མཐིལ་དཀར་པོས་དྲག་པོ་དཀར་པོ་ཞལ་གཅིག་སྤྱན་གསུམ་པ་ཕྱག་བཞི་པ་རྩེ་གསུམ་ཌ་མ་རུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་སྙིང་གར་མནན་པའོ། །འདོད་ལྷའི་གཞོགས་སུ་

དགའ་བ་མོ་དང་དབང་ཕྱུག་ཆེན་པོའི་གཞོགས་སུ་དཀར་མོའོ། །ལྷ་མོ་འདི་དག་ནི་བཅོམ་ལྡན་འདས་ཀྱི་ཞབས་ལ་འཇུས་པ་དམན་པའི་བཞིན་ཅན་ནོ། །བཅོམ་ལྡན་འདས་ཀྱིས་འཁྱུད་པའི་སྣ་ཚོགས་ཡུམ་ནི་གཡོན་བརྐྱང་གིས་གནས་པ་གསེར་གྱི་མདོག་ལྟ་བུ་ཕྱག་གཡས་པ་རྣམས་ཀྱིས་གྲི་

གུག་དང་ལྕགས་ཀྱུ་དང་ཌ་མ་རུ་དང་། བགྲང་ཕྲེང་དང་། གཡོན་པ་རྣམས་ན་ཤཀ་ཏི་དང་ཞགས་པ་དང་། པདྨ་དཀར་པོ་དང་རིན་པོ་ཆེ་རྣམས་འཛིན་པའོ། །ཤར་གྱི་འདབ་མ་ལ་ནག་མོ་འབར་མ་ནི་ནག་མོ་ཕྱག་གཡས་པ་རྣམས་ཀྱིས་སྤོས་སྣོད་དང་ཙནྡན་གྱི་སྣོད་དང་གུར་གུམ་གྱི་སྣོད་དང་གླ་རྩི་

དང་བཅས་པའི་ག་པུར་གྱི་སྣོད་དང་། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་པདྨ་དང་ལྷའི་ལྗོན་ཤིང་གི་མེ་ཏོག་དང་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་འཛིན་པའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་དམར་མོ་འབར་མ་དམར་མོ་གཡས་པ་རྣམས་ཀྱིས་མར་མེ་དང་དོ་ཤལ་དང་ཅོད་པན་དང་ལག་གདུབ་དང་།

གཡོན་པ་རྣམས་ཀྱིས་གོས་དང་སྐ་རགས་དང་རིན་པོ་ཆེའི་རྣ་རྒྱན་དང་། རྐང་གདུབ་འཛིན་པའོ། །ནུབ་ཏུ་སེར་མོ་འབར་མ་སྐུ་མདོག་སེར་མོ། གཡས་པ་རྣམས་ཀྱིས་དུང་དང་གླིང་བུ་དང་ནོར་བུ་དང་། ཅང་ཏེའུ་དང་། གཡོན་པ་རྣམས་ཀྱིས་པི་ཝང་དང་རྔ་ཟླུམ་དང་འཁར་རྔ་དང་དུང་འཛིན་

པའོ། །བྱང་དུ་དཀར་མོ་འབར་མ་དཀར་མོ་གཡས་པ་རྣམས་ཀྱིས་འོ་མའི་སྣོད་དང་ཆུའི་སྣོད་དང་ལྷའི་སྨན་གྱི་སྣོད་དང་ཆང་གི་སྣོད་དང་། གཡོན་པ་རྣམས་ན་བདུད་རྩིའི་སྣོད་དང་། བཅུད་ལེན་གྲུབ་པའི་སྣོད་དང་ཤིང་ཐོག་གི་སྣོད་དང་བཟའ་བའི་སྣོད་འཛིན་པའོ། །མེ་ལ་སོགས་པ་རྣམས་སུ་དུ་

བ་མ་དང་སྨིག་རྒྱུ་མ་དང་མར་མེ་མ་དང་མཁའ་གསལ་མ་རྣམས་ཀྱི་ལྷ་མོ་སྟེ། རིམ་པ་ཇི་ལྟ་བར་ནག་མོ་དང་དམར་མོ་དང་སེར་མོ་དང་། དཀར་མོའི་མདོག་ཅན་ཕྱག་བརྒྱད་ཀྱིས་རང་རང་གི་མདོག་དང་མཚུངས་པའི་རྔ་ཡབ་བརྒྱད་འཛིན་པའོ། །དེ་དག་གི་རྒྱབ་ཀྱི་ཕྱི་རོལ་དུ་ཡིད་བཞིན་གྱི་ནོར་བུ་དང་ཆོས་

Vol. 75 · folio 144b

ཀྱི་གཎྜཱི་དང་དཔག་བསམ་གྱི་ཤིང་དང་ཆོས་ཀྱི་དུང་རྣམས་ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོའོ། །ནག་པོ་འབར་མ་ལ་སོགས་པ་འདི་བརྒྱད་ནི་ཞབས་གཉིས་མཉམ་པའི་སྟང་སྟབས་ཀྱིས་གནས་པའོ། །སྣ་ཚོགས་ཡུམ་ལ་སོགས་པའི་ལྷ་མོ་ཐམས་ཅད་ནི་ཕྱག་རྒྱ་ལྔ་དང་ལྡན་པ་ཕྱག་བརྒྱད་པ་ཞལ་

བཞི་པ་སྤྱན་བཅུ་གཉིས་པའོ། །དེ་ལ་སྣ་ཚོགས་ཡུམ་གྱི་ཤར་དང་ལྷོ་དང་ནུབ་དང་བྱང་གི་རིམ་པས་སེར་པོ་དང་དཀར་པོ་དང་། སྔོན་པོ་དང་དམར་པོའི་ཞལ་རྣམས་ཏེ་དེ་ལྟར་ལྷ་མོ་སེར་མོ་རྣམས་སོ། །ནག་པོ་རྣམས་ཀྱི་ནི་ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོའི་ཞལ་རྣམས་སོ། །དམར་པོ་རྣམས་

ཀྱི་ནི་དམར་པོ་དང་སེར་པོ་དང་། དཀར་པོ་དང་སྔོན་པོའི་ཞལ་རྣམས་སོ། །དཀར་པོ་རྣམས་ཀྱི་ནི་དཀར་པོ་དང་། ནག་པོ་དང་དམར་པོ་དང་སེར་པོའི་ཞལ་རྣམས་སོ། །རིམ་པ་གཉིས་པ་དང་གསུམ་པ་དག་གི་ལྷ་རྣམས་ནི་ཕྱག་དྲུག་པ་ཞལ་གསུམ་པ་སྤྱན་དགུ་པ་རྣམས་སོ། །དེ་ལ་ཤར་གྱི་ཕྱོགས་

རྣམས་སུ་དོན་ཡོད་གྲུབ་པ་ནག་པོ་དང་དམར་པོ་དང་དཀར་པོའི་ཞལ་ལོ། །ཕྱག་གཡས་པ་རྣམས་ཀྱིས་རལ་གྲི་དང་གྲི་གུག་དང་རྩེ་གསུམ་པ་དང་། གཡོན་པ་རྣམས་ཀྱིས་ཕུབ་དང་། ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་སྤྱན་མས་འཁྱུད་པའོ། །ལྷོའི་ཕྱོགས་སུ་རིན་ཆེན་འབྱུང་ལྡན་དམར་པོ་དམར་པོ་

དང་དཀར་པོ་དང་ནག་པོའི་ཞལ་ལོ། །གཡས་པ་རྣམས་ཀྱིས་མེའི་མདའ་དང་རྡོ་རྗེ་ལྕགས་ཀྱུ་དང་ཅང་ཏེའུ་བསྣམས་པ། གཡོན་པ་རྣམས་ནི་གཞུ་དང་རྡོ་རྗེ་ཞགས་པ་དང་རིན་པོ་ཆེ་ཆ་དགུ་པ་འཛིན་པ་མཱ་མ་ཀཱི་ལ་འཁྱུད་པའོ། །ནུབ་ཏུ་རྣམ་པར་སྣང་མཛད་སེར་པོ་སེར་པོ་དང་དཀར་པོ་དང་ནག་པོའི་

ཞལ་ལོ། །གཡས་པ་རྣམས་ཀྱིས་འཁོར་ལོ་དང་དབྱུག་པ་དང་། མི་འཇིགས་པའི་ཕྱག་རྒྱས་རྡོ་རྗེའོ། །གཡོན་པ་རྣམས་ཀྱིས་མདུང་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་འཛིན་པ་སྒྲོལ་མ་ལ་འཁྱུད་པའོ། །བྱང་དུ་སྣང་བ་མཐའ་ཡས་དཀར་པོ་དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་ལོ། །

གཡས་པ་རྣམས་ཀྱིས་ཐོ་བ་དང་མདུང་དང་རྩེ་གསུམ་པའོ། །གཡོན་པ་རྣམས་ཀྱིས་པདྨ་དཀར་པོ་དང་། མེ་ལོང་དང་བགྲང་ཕྲེང་རྣམས་འཛིན་པ་གོས་དཀར་མོ་ལ་འཁྱུད་པའོ། །བཞི་པོ་འདི་དག་ནི་པདྨ་དཀར་པོ་དང་ཉི་མ་ལ་གནས་པ་རལ་པའི་ཐོར་ཚུགས་ཅན་རྩ་བ་དང་གཡས་གཡོན་གྱི་

Vol. 75 · folio 145a

རིམ་པས་ཞལ་རྣམས་སོ། །མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ་པདྨ་དམར་པོ་དང་ཟླ་བའི་གདན་ལ་སྒྲོལ་མ་དང་གོས་དཀར་མོ་དང་། སྤྱན་མ་དང་མཱ་མ་ཀཱི་རྣམས་རིམ་པ་བཞིན་དུ་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་དང་། རྟག་པ་དང་། སྣང་

བ་མཐའ་ཡས་དང་མཚུངས་པ་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་རྣམས་ཀྱིས་སྙོམས་པར་ཞུགས་པའོ། །ཡང་ན་སྒྲོལ་མའི་ཁ་ཊྭཱཾ་གའི་གནས་སུ་ཨུཏྤ་ལའོ། །གཞོགས་བརྒྱད་དུ་བདུད་རྩིའི་བུམ་པ་བརྒྱད་དོ། །རིམ་པ་

གསུམ་པའི་སྣམ་བུ་ལ་ཤར་སྒོའི་གཡོན་ངོས་སུ་ཀུན་དུ་བཟང་པོ་སྔོན་པོ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། གྲི་གུག་དང་དགྲ་སྟ་འཛིན་པ་གཡོན་པ་རྣམས་དྲིལ་བུ་དང་། ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ་སྟེ་ཚངས་པའི་མགོ་བོའི་གནས་སུ་ཡང་ན་ཨུཏྤ་ལའོ། །འདི་ནི་ཆོས་ཀྱི་དབྱིངས་

ཀྱི་རྡོ་རྗེ་མ་ལ་སྙོམས་པར་ཞུགས་པའོ། །ཤར་སྒོའི་ལྷོ་རུ་ནམ་མཁའི་སྙིང་པོ་དོན་ཡོད་གྲུབ་པ་ལྟ་བུའི་དྲི་རྡོ་རྗེ་མ་ལ་འཁྱུད་པའོ། །ལྷོ་སྒོའི་གཡོན་ལོགས་སུ་ཕྱག་ན་རྡོ་རྗེ་ལྗང་གུ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ་དང་། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་། ཐོད་པ་དང་ཚངས་

པའི་མགོ་བོ་འཛིན་པ། སྒྲ་རྡོ་རྗེ་མ་ལ་འཁྱུད་པའོ། །གཡས་སུ་སའི་སྙིང་པོ་རིན་ཆེན་འབྱུང་ལྡན་ལྟ་བུ་གཟུགས་རྡོ་རྗེ་མ་ལ་སྙོམས་པར་ཞུགས་པའོ། །ནུབ་ཀྱི་སྒོའི་གཡོན་ལོགས་སུ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་ལྟ་བུ་ཀུན་དུ་བཟང་པོས་འཁྱུད་པའོ། །གཡས་ལོགས་སུ་སྒྲིབ་པ་ཐམས་

ཅད་རྣམ་པར་སེལ་བ་རྣམ་པར་སྣང་མཛད་ལྟ་བུ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པའོ། །བྱང་སྒོའི་གཡོན་ལོགས་སུ་སྒྲ་རྡོ་རྗེ་མ་ཀུན་དུ་བཟང་པོ་ལྟ་བུ་ཕྱག་ན་རྡོ་རྗེས་འཁྱུད་པའོ། །གཡས་ལོགས་སུ་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་དང་མཚུངས་པ་རོ་རྡོ་རྗེ་མ་ལ་འཁྱུད་པའོ། །ཕྱོགས་བྲལ་རྣམས་ཀྱི་

མེར་རེག་བྱ་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་སྒྲིབ་པ་རྣམ་པར་སེལ་བས་སྙོམས་པར་ཞུགས་པའོ། །བདེན་བྲལ་དུ་རོ་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པའོ། །རླུང་དུ་དྲི་རྡོ་རྗེ་མ་སྤྱན་མ་ལྟ་བུ་ནམ་མཁའི་སྙིང་པོས་འཁྱུད་པའོ། །དབང་ལྡན་དུ་གཟུགས་རྡོ་རྗེ་མ་མཱ་མ་ཀཱི་ལྟ་བུ་སའི་

Vol. 75 · folio 145b

སྙིང་པོས་འཁྱུད་པའོ། །འདིར་དོན་ཡོད་གྲུབ་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་གདན་གྱིས་བཞུགས་པའོ། །སྒྲོལ་མ་ལ་སོགས་པའི་ལྷ་མོ་རྣམས་ནི་པདྨའི་གདན་གྱི་འདུག་སྟངས་ཀྱིས་བཞུགས་པའོ། །ཤར་གྱི་སྒོ་ལ་

ཁྲོ་བོ་ཤིན་ཏུ་སྟོབས་དོན་ཡོད་གྲུབ་པ་ལྟ་བུ་རེངས་བྱེད་མས་ཡང་དག་པར་འཁྱུད་པ་དེ་ཡང་སྤྱན་མ་ལྟ་བུའོ། །ལྷོ་སྒོ་ལ་རྨོངས་བྱེད་ནི་རིན་ཆེན་འབྱུང་ལྡན་ལྟ་བུ་ལ་རྒྱལ་བྱེད་མས་སྙོམས་པར་ཞུགས་པ་དེ་ཡང་མཱ་མ་ཀཱི་ལྟ་བུའོ། །ནུབ་སྒོར་རེངས་བྱེད་ནི་རྣམ་པར་སྣང་མཛད་ལྟ་བུ་ཤིན་ཏུ་

སྟོབས་མ་ལ་འཁྱུད་པ་དེ་ཡང་སྒྲོལ་མ་ལྟ་བུའོ། །བྱང་སྒོར་ང་རྒྱལ་བྱེད་ནི་ཚེ་དཔག་མེད་ལྟ་བུ་རྨོངས་བྱེད་མ་ལ་ཡང་དག་པར་འཁྱུད་པ་དེ་ཡང་གོས་དཀར་མོ་ལྟ་བུའོ། །འོན་ཀྱང་ཁྲོ་བོ་འདི་རྣམས་ནི་གཡས་བརྐྱང་གིས་གནས་པའོ། །ཁྲོ་བོའི་ལྷ་མོ་རྣམས་ནི་གཡོན་བརྐྱང་གིས་གནས་

པའོ། །དེ་ལ་ལྷ་ཕོ་རྣམས་ཀྱི་གདན་ནི་པདྨ་དཀར་པོ་དག་ལ་ཉི་མ་རྣམས་སོ། །ལྷ་མོ་རྣམས་ཀྱི་གདན་ནི་པདྨ་དམར་པོ་དག་ལ་ཟླ་བའི་དཀྱིལ་འཁོར་རྣམས་སོ། །ཡང་ན་ནག་པོ་དང་། དཀར་པོ་དང་། ལྗང་གུ་རྣམས་ཟླ་བ་ལ་གནས་པའོ། །དམར་པོ་རྣམས་དང་། སེར་པོ་

རྣམས་དང་། ཀུན་དུ་བཟང་པོ་དང་། སྒྲ་རྡོ་རྗེ་མ་ནི་ཉི་མ་ལ་གནས་པའོ། །དེ་དག་གི་རིགས་པ་ཡང་དྲི་མ་མེད་པའི་འོད་ལས་གསུངས་སོ། །འདིར་ནི་གང་གི་གནས་སུ་ལྷ་རྣམས་གང་གསུངས་པ་དེ་དང་དེར་ནི་གཙོ་བོ་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་བདག་པོ་ལ་ཞལ་མངོན་པར་ཕྱོགས་

པ་སྟེ་དེའི་པང་དུ་གནས་པ་ནི་མ་ཡིན་ནོ། །འདིར་འདབ་མ་ལ་གནས་པའི་ལྷ་མོ་བརྒྱད་དང་། བུམ་པ་རྣམས་དང་། ཆོས་ཀྱི་དུང་ལ་སོགས་པ་སྤངས་པར་འགྱུར་བས་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་ཡང་བསྒོམ་པར་བྱའོ། །དེའི་ཚེ་བཅོམ་ལྡན་འདས་སྟེང་དུ་གནས་པར་གྱུར་ཏེ་དཔལ་

གསང་བ་འདུས་པ་ལྟ་བུའོ། །ཤར་གྱི་འདོད་ཡོན་ལ་རྟ་བབས་ཀྱི་གཡོན་གྱི་ཀ་བའི་རྩ་བའི་གཡོན་པ་ལ་དྲི་ཆབ་མ་ནག་མོ་དྲིའི་དུང་ཕོར་ཕྱག་ན་འཛིན་པའོ། །གཡས་ཀྱི་ཀ་བའི་རྩ་བའི་གཡས་ལ་ཕྲེང་བ་མ་སྔོན་མོ་མེ་ཏོག་གི་ཕྲེང་བ་འཛིན་པའོ། །ལྷོའི་སྣམ་བུ་ལ་བདུག་སྤོས་མ་

Vol. 75 · folio 146a

དམར་མོ་ཕྱག་ན་བདུག་སྤོས་ཀྱི་སྣོད་འཛིན་པའོ། །མར་མེ་མ་དམར་མོ་ཕྱག་ན་མར་མེའི་མཆོད་སྡོང་འཛིན་པའོ། །ནུབ་ཏུ་སྒེག་མོ་སེར་མོ་ཅོད་པན་སེར་པོ་འཛིན་པའོ། །བཞད་མ་སེར་མོ་དོ་ཤལ་སེར་པོ་འཛིན་པའོ། །བྱང་དུ་བདུད་རྩི་མ་

ཞལ་ཟས་མ་ཞེས་བྱ་བའི་མིང་གི་རྣམ་གྲངས་ཅན་དཀར་མོ་ཕྱག་ན་འབྲས་བུ་དཀར་པོ་འཛིན་པའོ། །འབྲས་བུ་མི་ཟད་པའམ། བདུད་རྩིའི་འབྲས་བུ་ཞེས་མིང་གི་རྣམ་གྲངས་ཅན་ཕྱག་ན་བདུད་རྩི་དཀར་པོས་གང་བའི་སྣོད་འཛིན་པའོ། །སྟེགས་བུ་ཐམས་ཅད་ལ་ཡང་མཆོད་

པ་སྣ་ཚོགས་འཛིན་པའི་ལྷ་མོ་གྲངས་མེད་པའོ། །ཤར་གྱི་རྟ་བབས་ཀྱི་མཆོད་པའི་ལྷ་མོའི་གནས་སུ་གར་མ་སྔོན་མོ་གར་གྱི་ཚུལ་གྱིས་གོས་འཛིན་པའོ། །ལྷོར་འདོད་པ་མ་དམར་མོ་པདྨ་ཕྱག་ན་ལྡན་པའོ། །ནུབ་ཏུ་སྒྲ་མ་སེར་མོ་རྔ་པ་ཊ་ཧ་བརྡུང་བའོ། །བྱང་དུ་གླུ་མ་དཀར་མོ་

རྡོ་རྗེ་འཛིན་མའོ། །བདུད་རྩི་མ་ལ་སོགས་པའི་དགོད་པ་འདི་དག་ནི་དབང་བསྐུར་བའི་ལེའུའི་འགྲེལ་པའི་རིམ་པའོ། །དེ་སྐད་དུ་སྒྲུབ་ཐབས་ཀྱི་ལེའུའི་འགྲེལ་པ་ལས་བྱང་ཕྱོགས་སུ་སྒྲ་མ་དང་། གར་མ་དང་། ནམ་མཁའ་རུ་གླུ་མ་དང་འདོད་མའོ། །འོག་གི་འདོད་ཡོན་གྱི་སྣམ་

བུ་ལ་ཞལ་ཟས་མ་དང་། བདུད་རྩིའི་འབྲས་བུ་མ་ཞེས་གསུངས་པ། དེ་དག་ལ་ཡང་དབང་བསྐུར་གྱི་ལེའུ་ལས་གསུངས་པའི་དགོད་པ་ཁོ་ནས་རིག་པར་བྱ་སྟེ། དེའི་རྗེས་སུ་མཐུན་པའི་གཞུང་གི་སྦྱོར་བ་ཉིད་ཀྱིས་སོ། །དེ་ལས་གཞན་དུ་ནི་སྔ་མ་དང་ཕྱི་མ་འགལ་བར་འགྱུར་

རོ། །ལྷ་མོ་བཅུ་གཉིས་པོ་འདི་དག་ནི་པདྨའི་འདུག་སྟངས་ཀྱིས་གནས་པའོ། །གསུང་གི་དཀྱིལ་འཁོར་ལ་ཕྱོགས་ཀྱི་པདྨ་རྣམས་ནི་དམར་པོ་དང་། མཚམས་ཀྱི་རྣམས་ནི་དཀར་པོའོ། །དེ་རྣམས་ཟླ་བ་དང་། ཉི་མའི་གདན་དང་བྲལ་བ་ས་གའི་འདུག་སྟངས་ཀྱིས་གནས་པའི་

ལྷ་མོ་རྣམས་སོ། །དེ་ལ་ཡི་དགས་དམར་པོའི་སྟེང་དུ་གནས་པའི་ཤར་གྱི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་ཙརྩི་ཀ་ནག་པོ་ཞལ་གཅིག་པ་སྤྱན་གསུམ་པ་གཡས་པའི་ཕྱག་གཉིས་ཀྱིས་གྲི་གུག་དང་། རྩེ་གསུམ་པ་གཡོན་པ་གཉིས་ཀྱིས་ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ་དབང་པོ་ལ་འཁྱུད་པའོ། །

Vol. 75 · folio 146b

ཤར་ལ་སོགས་པའི་འདབ་མ་བརྒྱད་ལ་འཇིགས་བྱེད་མ་དང་། དྲག་མོ་དང་། མཆེ་བ་ནག་མོ་དང་། ཁ་ནས་མེ་འབར་བ་དང་། རླུང་ཤུགས་མ་དང་། རབ་གཏུམ་མོ་དང་། དྲག་མིག་མ་དང་། སྣ་སྦོམ་མོ་རྣམས་སོ། །ནམ་མཁའ་ལྡིང་གི་སྟེང་དུ་མེའི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་ཁྱབ་འཇུག་མ་

ནག་མོ་གཡས་དག་གིས་འཁོར་ལོ་དང་དབྱུག་ཏོ། གཡོན་པ་གཉིས་ཀྱིས་པདྨ་དང་། དུང་འཛིན་པ་ཚངས་པ་ལ་འཁྱུད་པའོ། །འདབ་མ་རྣམས་ལ་དཔལ་མོ་དང་། སྒྱུ་མ་མོ་དང་། གྲངས་མ་དང་། ཕུན་སུམ་ཚོགས་མ་དང་། རྣམ་པར་རྒྱལ་མ་དང་། དཔལ་རྒྱལ་བྱེད་མ་དང་། དཔལ་

འཁོར་ལོ་མ་རྣམསོ། །མ་ཧེའི་གདན་ལ་ལྷོའི་པདྨའི་ཟེ་འབྲུ་ལ་གནས་པའི་ཕག་མོ་དམར་མོ་ཕག་གདོང་མ་གཡས་གཉིས་ན་དབྱུག་པ་དང་རལ་གྲི། གཡོན་པ་གཉིས་ན་ལྕགས་སྒྲོག་དང་། ཕུབ་འཛིན་པ་དྲག་པོ་ལ་འཁྱུད་པའོ། །འདབ་མ་རྣམས་ལ་ཀེང་རུས་མ་དང་། དུས་མཚན་མ་དང་།

རབ་ཏུ་ཁྲོ་གདོང་མ་དང་། ལྕེ་ནག་མ་དང་། གཙིགས་མ་དང་། ནག་མོ་དང་། འཇིགས་མ་དང་། གཟུགས་ངན་མ་རྣམས་སོ། །རྨ་བྱའི་སྟེང་དུ་བདེན་བྲལ་གྱི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་གནས་པའི་གཞོན་ནུ་མ་དམར་མོ་ཞལ་དྲུག་མ། ཕྱག་གཡས་པ་གཉིས་ན་ཤཀ་ཏི་དང་ལྕགས་ཀྱུ། གཡོན་

པ་གཉིས་ན་རིན་པོ་ཆེ་དང་། ཞགས་པ་ཚོགས་ཀྱི་བདག་པོ་ལ་ཡང་དག་པར་འཁྱུད་པའོ། །འདབ་མ་རྣམས་ལ་པདྨ་དང་། ཡན་ལག་མེད་མ་དང་། གཞོན་ནུ་མ་དང་། རིགས་ཀྱི་བདག་པོའི་འགྲོས་མ་དང་། རིན་ཆེན་ཕྲེང་མ་དང་། ཤིན་ཏུ་སྤྱན་མ་དང་། སྡུག་མ་དང་བཟང་མོའོ། །

ས་སྲུང་གི་སྟེང་དུ་ནུབ་ཀྱི་པདྨའི་ཟེ་འབྲུ་ལ་དབང་མོ་སེར་མོ་གཡས་པ་གཉིས་ན་རྡོ་རྗེ་དང་མདའ། གཡོན་པ་གཉིས་ན་དྲིལ་བུ་དང་། གཞུ་འཛིན་པ་བདེན་བྲལ་གྱིས་འཁྱུད་པའོ། །འདབ་མ་རྣམས་ལ་རྡོ་རྗེ་འོད་མ་དང་། རྡོ་རྗེ་ལུས་ཅན་མ་དང་། གསེར་ལྡན་མ་དང་། ལས་དབང་མ་དང་། རི་མོ་

སྣ་ཚོགས་མ་དང་། ཆུ་ཤིང་མ་དང་། ཨ་ཧ་ལགས་དང་། ཤིན་ཏུ་མིག་འབྲས་མ་རྣམས་སོ། །ངང་པའི་སྟེང་དུ་རླུང་གི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་ཚངས་པ་མ་སེར་མོ་ཞལ་བཞི་མ་ཕྱག་གཡས་པ་གཉིས་ན་པདྨ་དང་། ཚངས་པའི་དབྱུག་པ་དང་། གཡོན་པ་གཉིས་ན་སྤྱི་བླུགས་དང་སྣོད་འཛིན་

Vol. 75 · folio 147a

པ་ཁྱབ་འཇུག་ལ་ཡང་དག་པར་འཁྱུད་པའོ། །འདབ་མ་རྣམས་ལ་སཱ་བིད་ཏྭཱི་དང་། པདྨ་ཅན་དང་། ཆུ་སྐྱེས་ཅན་མ་དང་། བློ་མ་དང་། ངག་གི་དབང་ཕྱུག་མ་དང་། གླུ་མཁན་མ་དང་། གློག་མ་དང་། དྲན་མ་རྣམས་སོ། །གླང་གི་སྟེང་དུ་བྱང་གི་ཆུ་སྐྱེས་ཟེ་འབྲུ་ལ་

དྲག་མོ་དཀར་མོ་གཡས་པ་གཉིས་ན་རྩེ་གསུམ་པ་དང་ཅང་ཏེའུ། གཡོན་པ་གཉིས་ན་ཁ་ཊྭཱཾ་ག་དང་། སྦྲུལ་འཛིན་པ། གཤིན་རྗེ་ལ་འཁྱུད་པའོ། །འདབ་མ་རྣམས་ལ་གཽ་རཱི་དང་། གང་ག་མ་དང་། གཏུམ་མ་དང་། མྱུར་མ་དང་། ཏེ་ཏེ་ལ་དང་། མཚན་ཉིད་མ་དང་། དམར་སེར་མ་

དང་། ནག་མོ་རྣམས་སོ། །སེང་གེའི་སྟེང་དུ་དབང་ལྡན་གྱི་པདྨའི་ཟེ་འབྲུ་ལ་ཕུན་སུམ་ཚོགས་མ་དཀར་མོ་གཡས་པ་གཉིས་ན་པདྨ་དང་བགྲང་ཕྲེང་། གཡོན་པ་གཉིས་ན་པདྨ་དང་རིན་ཆེན་འཛིན་པ། གདོང་དྲུག་གིས་འཁྱུད་པའོ། །འདབ་མ་རྣམས་ལ་དཔལ་མོ་དང་། ཟླ་བའི་རི་མོ་

དང་། རི་བོང་འཛིན་པའི་ཞལ་མ་དང་། ངང་པའི་མདོག་ཅན་མ་དང་། ཉམས་དགའ་མ་དང་། པདྨའི་དབང་ཕྱུག་མ་དང་། སྤྱན་མྱུར་མ་དང་། དྲི་མ་མེད་པའི་རི་བོང་འཛིན་པའོ། །ཙརྩི་ཀ་ལ་སོགས་པ་ལྷ་མོ་བདུན་ཅུ་རྩ་གཉིས་པོ་འདི་དག་ནི་ཕྱག་བཞི་པ་སྤྱན་གསུམ་པ་སྟེ།

འདིར་ཁྱད་པར་ནི་འདབ་མའི་ལྷ་མོ་རྣམས་ནི་རོལ་པའི་འདུག་སྟངས་ཀྱིས་གནས་པ་ཁ་དོག་ལ་སོགས་པ་རྣམས་རང་རང་གི་གཙོ་མོ་དང་མཚུངས་པ། རང་རང་གི་གཙོ་མོ་ལ་གཟིགས་པའོ། །གཙོ་མོ་བརྒྱད་པོ་འདི་དག་ནི་ས་གའི་རྐང་སྟབས་ཀྱིས་གནས་པ། འཁོར་ལོའི་དབང་ཕྱུག་

ལ་གཟིགས་པའོ། །བརྒྱད་པོ་འདི་རྣམས་ཀྱིས་འཁྱུད་པ་ས་གའི་རྐང་སྟབས་ཀྱིས་གནས་པ། རྗེས་སུ་གཙོ་བོ་རྣམས་དེ་ལ་མངོན་དུ་ཕྱོགས་པའོ། །སྐུའི་དཀྱིལ་འཁོར་གྱི་སྣམ་བུ་རྣམས་ལ་ཉི་ཟླ་གཉིས་དང་བྲལ་བའི་པདྨ་བཅུ་གཉིས་སོ། །དེ་ལ་ཕྱོགས་ཀྱི་པདྨ་རྣམས་ནི་དམར་

པོའོ། །མཚམས་ལ་གནས་པ་རྣམས་ནི་དཀར་པོའོ། །པདྨ་རེ་རེ་ལ་འདབ་མ་རྣམས་ཀྱི་རིམ་པ་དང་པོ་ལ་འདབ་མ་བཞི་དང་། གཉིས་པ་ལ་བརྒྱད་དང་། གསུམ་པ་ལ་བཅུ་དྲུག་སྟེ། དེ་དག་གི་ཕྱི་རོལ་གྱི་རིམ་པའི་ཤར་གྱི་འདབ་མ་ནས་བརྩམས་ནས་གཡས་སྐོར་གྱིས་ཚེས་

Vol. 75 · folio 147b

གཅིག་ལ་སོགས་པའི་ཚེས་བརྒྱད་ཀྱི་ལྷ་མོ་རྣམས་དགོད་པར་བྱའོ། །ཟེ་འབྲུ་ལ་ཉ་དང་སྟོང་ནི་གཙོ་བོ་ཉིད་ཀྱིས་གནས་པའོ། །དེ་ལ་ཉ་ནི་ཤེས་རབ་མ། སྟོང་ནི་ཐབས་བདེན་བྲལ་ལ་སོགས་པའོ། །ལྷ་དེ་རྣམས་ཐམས་ཅད་ཀྱང་ཕྱག་བཞི་པའོ། །དེ་ལ་ཤར་གྱི་སྒོའི་གཡས་

ལོགས་སུ་ཡི་དགས་དམར་པོའི་སྟེང་དུ་པདྨའི་ཟེ་འབྲུ་ལ་བདེན་བྲལ་ནག་པོ་ཕྱག་གཡས་གཉིས་ན་རལ་གྲི་དང་གྲི་གུག་གོ། །གཡོན་གཉིས་ན་ཕུབ་དང་ཐོད་པའོ། །ཁ་ལ་མེ་འབར་བའི་སྲིན་མོ་ལ་ཡང་དག་པར་འཁྱུད་པའོ། །འདིའི་ནག་པ་ཟླ་བའི་ཚེས་རྣམས་སོ། །མེར་རི་དགས་ཀྱི་

སྟེང་དུ་པདྨའི་ཟེ་འབྲུ་ལ་རླུང་ལྷ་ནག་པོ་གཡས་པ་གཉིས་ན་དཔག་བསམ་ཤིང་དང་། མེ་ཏོག་པ་རི་ཛ་ཏའོ། །གཡོན་པ་གཉིས་ན་རིན་པོ་ཆེ་ཨིནྡྲ་ནཱི་ལ་དང་། ཨུཏྤ་ལ་སྔོན་པོ་འཛིན་པའོ། །རབ་ཏུ་གཏུམ་མོ་ལ་འཁྱུད་པའོ། །འདིའི་ས་གའི་ཟླ་བའི་ཚེས་རྣམས་སོ། །ལྷོ་སྒོའི་གཡོན་ལོགས་

སུ་མ་ཧེའི་སྟེང་དུ་པདྨའི་ཟེ་འབྲུ་ལ་གཤིན་རྗེ་དམར་པོ་ནག་པོ་ལ་ཡང་དག་པར་འཁྱུད་པ་གཡས་གཉིས་ན་དབྱུག་པ་དང་རལ་གྲི་གཡོན་གཉིས་ན་ལྕགས་སྒྲོག་དང་ཞགས་པའོ། །འདིའི་སྦོའི་ཟླ་བའི་ཚེས་རྣམས་སོ། །གཡས་ངོས་སུ་ལུག་གི་སྟེང་དུ་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་མེ་ལྷ་དམར་མོ་ཆུ་ལྷ་མ་ལ་

འཁྱུད་པ་ཕྱག་གཉིས་ན་ཤཀ་ཏི་དང་དབྱུག་པ། གཡོན་པ་གཉིས་ན་པདྨ་དང་སྤྱི་བླུགས་སོ། །འདིའི་སྣྲོན་གྱི་ཟླ་བའི་ཚེས་རྣམས་སོ། །བདེན་བྲལ་དུ་རྨ་བྱའི་སྟེང་དུ་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་གདོང་དྲུག་དམར་པོ་གཡས་པ་གཉིས་ན་ཤཀ་ཏི་དང་མདུང་། གཡོན་པ་གཉིས་ན་རིན་པོ་ཆེ་དང་མེ་ལོང་

འཛིན་པ། ཕུན་སུམ་ཚོགས་མ་ལ་འཁྱུད་པའོ། །འདིའི་ཆུ་སྟོད་ཀྱི་ཟླ་བའི་ཚེས་རྣམས་སོ། །ནུབ་ཀྱི་སྒོའི་གཡོན་ངོས་སུ་གླང་པོ་ཆེའི་སྟེང་དུ་པདྨའི་ཟེ་འབྲུ་ལ་ལུས་ངན་པོ་སེར་པོ་ལུས་ངན་མ་ལ་ཡང་དག་པར་འཁྱུད་པ་ཕྱག་གཡས་པ་གཉིས་ན་ནོར་བུ་རིན་པོ་ཆེ་དང་དབྱུག་ཏོ། གཡོན་པ་

གཉིས་ན་ནེའུ་ལེ་དང་པདྨའོ། །འདིའི་རྒྱལ་གྱི་ཟླ་བའི་ཚེས་རྣམས་སོ། །གཡས་ཕྱོགས་སུ་གླང་པོ་ཆེའི་སྟེང་དུ་པདྨའི་ཟེ་འབྲུ་ལ་དབང་པོ་སེར་པོ་རླུང་ལྷ་མ་ལ་ཡང་དག་པར་འཁྱུད་པའོ། །གཡས་པ་གཉིས་ན་རྡོ་རྗེ་དང་མེའི་མདའ་གཡོན་གཉིས་ན་དྲིལ་བུ་དང་གཞུའོ། །འདིའི་ཐ་སྐར་གྱི་ཟླ་བའི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words