No title in the text — opening words: དེ་ཁོ་ན་ཉིད་བསྡུས་པའི་མན་ངག་བཞུགས
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 79 · folio 127b
༄། །དེ་ཁོ་ན་ཉིད་བསྡུས་པའི་མན་ངག་བཞུགས།། ༄༅༅། །བཅོམ་ལྡན་འདས་རྡོ་རྗེ་སེམས་
དཔའ་ལ་ཕྱག་འཚལ་ལོ། །དེ་ལ་གང་ཟག་གཅིག་གི་ཉིན་ཞག་གཅིག་གི་བྱ་བ་བརྗོད་པར་བྱ་སྟེ། དང་པོ་ཐོ་རངས་ཀྱི་ཆ་ནས་བརྩམས་ཏེ་ཇི་སྲིད་ཉལ་བ་ལ་ཐུག་པའི་བར་ལ་བྱ་བ་བསྡུས་པ་ནི་རྣམ་པ་བརྒྱད་དེ། གོས་དང་ཁྲུས་དང་བླ་མ་མཆོད། །ཟས་དང་སྐོམ་དང་སྤྱོད་ལམ་དང་། །ཏིང་འཛིན་ཉལ་
Vol. 79 · folio 128a
བའི་མཐར་ཐུག་པ། །བརྒྱད་པོ་འདི་ནི་བསྡུས་པའོ། །ཞེས་སྤྲིན་ལས་གྲོལ་བས་གསུངས་ཏེ་མདོར་བསྡུས་པའོ། །ད་ནི་དེ་དག་གི་མཚན་ཉིད་རེ་རེ་ནས་རྒྱས་པར་བཤད་པར་བྱ་སྟེ་དེ་ལ་དང་པོར་གོས་དང་ཞེས་པ་ནི། ཐོག་མར་མལ་ནས་ལངས། གོས་བགོ་བའི་ཕྱིར་གོས་ཀྱི་
རྣལ་འབྱོར་བྱ་སྟེ་རང་གིས་བྱིན་གྱིས་བརླབས་པའམ། མ་བརླབས་པ་ཡང་རུང་སྟེ་གོས་ཅུང་ཟད་སྟོང་པ་ཉིད་དུ་བསམས་ཏེ། རང་གི་སྙིང་ག་ནས་འོད་འཕྲོས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ཐུགས་ཀར་ཕོག་སྟེ་དེ་ལས་ཡི་གེ་ཧཱུཾ་དཔག་ཏུ་མེད་པ་བཀུག་སྟེ་རང་གི་གོས་ལ་བསྟིམ། དེ་ཞུ་རྡོ་
རྗེ་རྒྱ་གྲམ་དུ་གྱུར། །རང་གི་སྔགས་བརྗོད་གོས་གྱུར་ཏེ། །རང་ལྷའི་ང་རྒྱལ་ལ་གནས་པས། །བགོས་པས་བར་ཆད་རྣམས་སེལ་དང་། །མ་འོངས་པ་ན་རྡོ་རྗེ་འཆང་། །འགྲོ་བའི་དོན་རྣམས་བྱེད་པར་འགྱུར། །དེ་ཕྱིར་ནན་ཏན་ཐམས་ཅད་ཀྱིས། །དང་པོ་དབང་བསྐུར་དུས་དག་
ཏུ། །གོས་ཀྱི་དབང་བསྐུར་བྱ་བ་གཅེས། །ཁྲུས་དང་ཞེས་པ་ནི། དེ་ནས་ཁྲུས་ཀྱི་དུས་དག་ཏུ། །རང་གི་ལྷ་ཡི་ང་རྒྱལ་གྱིས། །བུམ་པའམ་གཞན་ཡང་རུང་བ་ནི། །ཆུ་ཡིས་བཀང་སྟེ་མདུན་བཞག་ནས། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །དབང་བསྐུར་བླ་མའི་ཐུགས་ཀར་
ཕོག །དེ་ལས་ཀྱང་འོད་འཕྲོས་པ་ལས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །རང་འདོད་ལྷ་ཡི་འོད་ཟེར་ལས། །སྒྲ་བྱུང་གསོལ་བ་བཏབ་པར་བསམ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུའོ། །ནམ་
མཁའ་རྡོ་རྗེ་དེང་བདག་སྩོལ། །ཞེས་བསྐུལ་བས་དེ་དག་གི་ཐུགས་ཀ་ནས། བགེགས་རྣམས་མ་ལུས་ཚར་གཅོད་པའི། །རིག་པའི་རྒྱལ་པོ་མ་ལུས་དང་། །བྱང་ཆུབ་སེམས་དཔའ་གྲངས་མེད་རྣམས། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་
ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཧཱུཾ། ཞེས་བརྗོད་མཁའ་ལ་སྤྲིན་ཕུང་བཞིན། །ལྷ་མོ་ཕྱག་ན་བུམ་པ་ནི། །བདུད་རྩིས་གང་བ་པད་ཀོར་གྱི། །ཕྱག་རྒྱས་གཟུང་སྟེ་གླུ་འདི་ལེན། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་
Vol. 79 · folio 128b
གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་འདི། །སངས་རྒྱས་ཀུན་གྱིས་བྱིན་པ་ཡིན། །ཞེས་པས་བདག་ལ་དབང་བསྐུར་བསམ། །ལུས་ཀྱི་དྲི་མ་དག་པ་ལྟར། །སྒྲིབ་པ་རྣམས་ནི་དག་པར་བསམ། །ཆུ་ཡི་ཟེར་མ་འཕྲོས་པ་ལས། །མཐའ་ཡས་སེམས་ཅན་
མ་ལུས་པའི། །སྒྲིབ་པ་རྣམས་ནི་དག་པར་བསམ། །རང་གི་ཁྲུས་ཟིན་སྤྱི་བོར་ནི། །མི་བསྐྱོད་བསམ་ཞིང་སྔགས་འདི་བཟླས། །ཨོཾ་བཛྲ་སྣཱ་ན་ཧཱུཾ། བླ་མ་མཆོད་ཅེས་པ་ནི། དེ་ནས་བླ་མ་མཆོད་པ་ནི། །དད་ལ་མཎྜལ་བྱུག་བྱ་ཞིང་། །བྱིན་གྱིས་བརླབ་པར་བྱ་བ་སྟེ། །ལྕི་བ་ཆུ་དང་
བཅས་པ་ཡིས། །བཛྲ་རེ་ཁེ་ཞེས་བརྗོད་ཅིང་། །ར་རི་ཡ་ཡོ་མེད་པར་བྱུག །དེ་ནས་རང་སྙིང་ས་བོན་ལས། །ཡི་གེ་ཏྲཱཾ་འཕྲོས་མཎྜལ་སྟེང་། །གནས་ལ་སྔགས་འདི་བརྗོད་པར་བྱ། །ཨོཾ་ཏྲཱཾ་རཏྣ་མཎྜལ་བཛྲ་རེ་ཁེ་ཧཱུཾ། ལན་བདུན་གསུམ་མམ་གཅིག་ཀྱང་རུང་། །བརྗོད་པས་ཞུ་སྟེ་
ས་གཞི་ནི། །རིན་པོ་ཆེ་ཡི་རང་བཞིན་གྱུར། །དེ་ཡི་སྟེང་དུ་ཨ་དཀར་འཕྲོས། །སྔགས་འདི་བཟླས་ལ་ཟླ་བར་བསམ། །ཨོཾ་ཙནྡྲ་མཎྜལ་ལ་བཛྲ་རེ་ཁེ་ཧཱུཾ། དེ་ཡི་སྟེང་དུ་ཙནྡན་གྱི། །ཆུས་གཏོར་ཡི་གེ་ཧཱུཾ་གྱུར་ཏེ། །སྔགས་འདི་བཟླས་ཞུ་དྲི་ཞིམ་པའི། །རང་བཞིན་མཎྜལ་གྱུར་པར་
བྱ། །ཨོཾ་དྷཱུཾ་པ་ར་ཡ་རཏྣ་མཎྜལ་བཛྲ་རེ་ཁེ་ཧཱུཾ། དེ་ནས་ནོར་བུའམ་སྨན་ནམ་འབྲུ། །མེ་ཏོག་ཉིད་ཀྱིས་དགྲམ་བྱ་སྟེ། །རང་གི་འདོད་པའི་བྱེ་བྲག་གིས། །ཇི་སྙེད་འདོད་པའི་ཚོམ་བུ་བྱ། །དེ་དག་པཾ་བསམ་སྔགས་འདིས་ཞུ། །པདྨའི་གདན་དུ་གྱུར་པར་བསམ། །ཨོཾ་པཾ་པདྨ་མཎྜལ་
བཛྲ་རེ་ཁེ་ཧཱུཾ། དེ་ཡི་སྟེང་དུ་བྷྲཱུཾ་ཡིག་བསམ། །ཨོཾ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ་མཎྜལ་བཛྲ་རེ་ཁེ་ཧཱུཾ། རིན་ཆེན་ལས་བྱུང་གཞལ་ཡས་ཁང་། །མཛེས་པ་ཉིད་དུ་གྱུར་པར་བསམ། །དེ་དབུས་བླ་མ་ཡི་དམ་ལྷ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །སྲས་དང་བཅས་པ་སྤྱན་
དྲངས་ལ། །དང་པོར་ལུས་ངག་ཡིད་ཀྱིས་ནི། །གུས་པ་ཡིས་ནི་ཕྱག་འཚལ་ཏེ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་པའི་སྤྲིན་གྱིས་མཆོད་པར་བྱ། །བླ་མ་དཀོན་མཆོག་གསུམ་པོ་དང་། །ཞེས་པ་ལ་སོགས་ཚིག་རྣམས་ཀྱིས། །སྡིག་བཤགས་སྡོམ་པ་གཟུང་བར་བྱ། །དེ་
Vol. 79 · folio 129a
ཡིས་རང་རྒྱུད་དག་འགྱུར་ཏེ། །བདུད་རྩིའི་སྣོད་དེ་འགྱུར་བ་ཡིན། །དེ་ནས་ཡི་གེ་བརྒྱ་བརྗོད་ཅིང་། །བཟོད་གསོལ་ཨོཾ་ཨཱཿཧཱུཾ་མུཿཡིས། །གཤེགས་གསོལ་སྨོན་ལམ་གདབ་པར་བྱ། །ཟས་དང་ཞེས་པ་ནི། དེ་ནས་ཟས་ཀྱི་དུས་དག་ཏུ། །སྦྱང་བ་རྣམ་པ་བཞི་བྱ་སྟེ། །
ཟས་སྦྱང་གཏོར་མ་དང་མཐུན་ནོ། །དེ་ནས་ལྟེ་བའི་ལྐོག་ཏུ་ཡཾ། །ཞུ་བས་རླུང་གི་དཀྱིལ་འཁོར་བསམ། །དེ་སྟེང་རཾ་ལས་ཙཎྜ་ལཱི། །མར་མེའི་རྩེ་མོ་ལྟ་བུར་གསལ། །དེ་ནི་ལྟོ་བ་སྦྱང་བའོ། །དེ་ནས་རླུང་གིས་མེ་སྦར་བས། །སྙིང་ནས་ལྷ་དང་ཕུང་པོ་ཁམས། །སྐྱེ་མཆེད་ལ་སོགས་ལྷར་
གསལ་བྱ། །དེ་ནི་སྙིང་གར་སྦྱར་བར་འདོད། །གལ་ཏེ་ལ་ལ་འདི་སྐད་དུ། །སྙིང་གའི་ལྷ་ཉིད་གསལ་བ་ནི། །སྙིང་ག་སྦྱང་བར་རིགས་མོད་ཀྱི། །ཕུང་པོ་ཁམས་ལ་སོགས་པ་ལ། །སྙིང་ག་སྦྱང་ཞེས་ཅི་ཡི་ཕྱིར། །ཞེ་ན་དེ་ནི་གཙོ་བོ་སྟེ། །དང་པོ་དབང་བསྐུར་དུས་ན་ནི། །ཡེ་ཤེས་ལྷ་ནི་དུ་
མ་དག །ལུས་ལ་བཅུག་ཅིང་བྱིན་བརླབས་ལ། །སྙིང་ག་གཅིག་པུར་བཅུག་པ་ནི། །མཐོང་དང་ཐོས་པ་མེད་ཕྱིར་དང་། །རྣལ་འབྱོར་རྒྱུད་ནི་དུ་མ་ལས། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ལྷ་ཉིད་ཡིན་པར་གསུངས་ཕྱིར་རོ། །དེ་ནས་ཁ་ནི་ཐབ་ཁུང་ལ། །ལྕེ་ལ་མེ་ལྷ་རྣམ་
པར་བསམ། །དེ་ནས་ལག་གཉིས་དགང་བླུགས་ཀྱིས། །ཟས་ཟ་སྦྱིན་སྲེག་ཡིན་པར་འདོད། །ཡང་ན་ལྕེ་ལ་རྡོ་རྗེ་ལ། །རྐན་ལ་པདྨ་རབ་བསམས་ཏེ། །དེ་གཉིས་སྦྱོར་བ་བྱས་པ་ལས། །བྱང་ཆུབ་སེམས་བྱུང་ལྷ་རྣམས་ཀུན། །ཚིམ་པར་བྱེད་པ་ལ་ལ་འདོད། །དེ་ནི་ལྕེ་ལྐོག་སྦྱང་
བའོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་ནི། །ཚིམ་པར་བྱ་ཕྱིར་མ་ཡེངས་པར། །ཟ་བ་འདི་ནི་མཆོག་ཡིན་ནོ། །སྐོམ་དང་ཞེས་པ་ནི། དེ་ནས་སྐོམ་གྱི་རྣལ་འབྱོར་ནི། །རང་ཉིད་ལྷ་ཡི་རྣལ་འབྱོར་གྱིས། །ལག་མཐིལ་གཡས་པར་ཉི་མ་ནི། །མཾ་ལས་སྐྱེས་པ་བལྟ་བར་བྱ། །དེ་སྟེང་
ཆང་སྣོད་ཨ་ལས་ནི། །ཐོད་པ་ཆང་གིས་བཀང་བ་ཡི། །ཁ་ནི་ཟླ་བས་མནན་པའོ། །དེ་ནང་ཧ་ཞུ་ཁ་དོག་སྦྱངས། །ཧོས་ནི་རོ་ཡི་རྟོག་པ་སྦྱངས། །ཧྲཱིཿས་ནི་བདུད་རྩི་ཆེན་པོར་ཞུ། །དེ་ནས་ཡེ་ཤེས་དབབ་པའི་ཕྱིར། །སྲིན་ལག་ཚིགས་ནི་དང་པོ་ལ། །མཐེ་བོ་རྩེ་མོ་སྦྱར་བྱས་ཏེ། །སུཾ་
Vol. 79 · folio 129b
ལས་སྲིན་ལག་རི་རབ་བསྐྱེད། །ཧཱུཾ་ལས་མཐེ་བོང་ས་གཞིར་བསམ། །བར་དུ་མཾ་དམར་བསམ་བྱས་ཏེ། །དེ་ལས་འོད་འཕྲོས་འོག་མིན་དུ། །རང་འདོད་ལྷ་ཡི་སྨིན་མཚམས་ཕོག །ཡབ་ཡུམ་སྙོམས་ཞུགས་བདུད་རྩི་དབབ། །ཐོད་པར་བབ་སྟེ་ས་གཞི་དང་། །རི་རབ་བཅས་པ་
དཀྲུགས་པས་ནི། །ས་གཞི་རི་རབ་ཉིད་ཀྱང་ཞུ། །ཨོཾ་ཨཱཿཧཱུཾ་ངམ་ཧ་ཧོ་ཧྲཱིཿ། །ལན་གསུམ་བདུན་སོགས་བཟླས་པར་བྱ། །དེ་ཡི་ནང་དུ་ཆོས་འབྱུང་དང་། །ཟླ་བ་ལྟ་བུ་བྲི་བྱ་ལ། །དེ་སྟེང་བླ་མ་ཡི་དམ་ལྷ། །གཞན་སོགས་བསམས་ཏེ་མཆོད་པའམ། །ཡང་ན་མདུན་གྱི་བར་སྣང་ལ། །དེ་
དག་བསམས་ལ་མཆོད་པར་བྱ། །རང་རང་སྔགས་ལ་བདུད་རྩིའི་སྔགས། །བཏགས་པས་ལུས་ངག་ཡིད་གསུམ་དང་། །བླ་མ་ལ་ནི་དབུལ་བར་བྱ། །དེ་ནས་གོང་དུ་བཤད་མཆོད་བྱ། །དེ་ནས་ཇི་རན་གནོད་མེད་པར། །ཚོད་ཟིན་པར་ནི་བཏུང་བར་བྱ། །ཚོགས་ཀྱི་མཆོད་པའི་
དུས་སུ་ནི། །ནད་ལ་གནོད་པར་གྱུར་ན་ཡང་། །ཐིགས་པ་གསུམ་ནི་དམ་ཚིག་གོ། །དེ་ལྟར་མ་བྱས་གླང་པོ་ཆེ། །སྨྱོན་པ་བཞིན་དུ་འཐུང་བྱེད་ན། །སྐྱེ་བ་ལྔ་བརྒྱར་སྨྱོན་པར་འགྱུར། །སྤྱོད་ལམ་དང་ཞེས་པ་ནི། དེ་ནས་སྤྱོད་ལམ་གྱི་དུས་སུ་སོ་སོར་བརྟག་པ་རྣམ་པ་གཉིས་ཏེ། སྣོད་
ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་བྱེ་བྲག་གི །ལྷ་དང་ལྷ་མོར་མོས་པར་བྱ། །རང་གི་བྱ་བ་ཅི་བྱེད་ཀྱང་། །ལྷ་ཡི་ང་རྒྱལ་ལ་གནས་ནས། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །པོ་ཏི་ཀློག་པའི་ཚེ་བདག་ཉིད། །ལྕེ་ལ་རྔ་རྡུང་རྡོ་རྗེ་བསམ། །རྐན་ལ་རྔ་ཆེན་
རབ་བསམས་ཏེ། །རྡོ་རྗེས་རྔ་ལ་རབ་བརྡུངས་པས། །སྒྲ་སྐད་ཆེན་པོས་ཕྱོགས་བཅུར་ཁྱབ། །མཐའ་ཡས་སེམས་ཅན་མ་ལུས་ཀྱི། །རྣ་བར་གང་དང་གང་མོས་ལ། །དེ་དང་དེ་ལྟར་རྟོགས་པར་བསམ། །ཡང་ན་མཐའ་ཡས་སེམས་ཅན་རྣམས། །མ་ལུས་མདུན་དུ་བཀུག་བྱས་
ལ། །བདག་གི་སྐད་ནི་གང་མོས་པར། །སོ་སོར་གོ་བར་ཆོས་བཤད་ལ། །རྟག་ཏུ་དག་པར་བསྒྲག་པར་བྱ། །འདིར་མང་སྨྲ་བས་ཅི་ཞིག་བྱ། །གང་བྱེད་ལྷ་ཡི་ང་རྒྱལ་གྱིས། །བདག་དང་གཞན་གྱིས་བྱང་ཆུབ་ནི། །ཐོབ་པར་བསམ་ཞིང་བྱ་བའོ། །ཏིང་ངེ་འཛིན་ཞེས་པ་ནི། དེ་ནས་ཕྱི་དྲོའི་
Vol. 79 · folio 130a
ཐུན་དག་ལ། །རང་གི་རྟོག་པའི་དོན་ལ་ནི། །བློ་གཞག་ལྷ་ཡི་ང་རྒྱལ་ནི། །ཆོ་ག་ལྔའམ་ཆོ་ག་གསུམ། །སྐད་ཅིག་བསྡུས་རྒྱས་ཤིན་ཏུ་བསྡུས། །གང་མོས་པ་ལ་བློ་བཞག་ལ། །ཐུན་མོང་དངོས་གྲུབ་འདོད་པའམ། །ངག་གི་སྒྲིབ་པ་སྦྱོང་འདོད་པས། །བཟླས་པ་གང་མོས་
ལས་བཞི་ལ། །མི་སྐྱོའི་བར་དུ་བཟླས་པར་བྱ། །བཟླས་པས་སྐྱོ་ན་རྫོགས་རིམ་ནི། །སྟེང་དང་འོག་གི་སྒོ་དག་ལ། །བསྟེན་ནས་བསྒོམ་པར་བྱ་བའོ། །དེ་ནས་གལ་ཏེ་གཏོང་འདོད་ན། །མན་ངག་བཞིན་དུ་གཏོར་མ་ནི། །བྱིན་གྱིས་བརླབས་ཏེ་དབུལ་བར་བྱའོ། །དེ་ནས་བསྟོད་དང་
བཤགས་པ་དང་། །ཕྲིན་ལས་བཅོལ་ལ་གཤེགས་སུ་གསོལ། །རང་གི་ཡེ་ཤེས་གཤེགས་པར་བྱའོ། །དེ་ནས་སྨོན་ལམ་གདབ་པ་དང་། །སྟོང་པ་ཉིད་ཀྱི་རྒྱས་གདབ་བྱ། །ཉལ་བའི་མཐར་ཐུག་ཞེས་པ་ནི། །དེ་ནས་ཉལ་ན་རྣམ་གསུམ་སྟེ། །སྟོང་པ་ཉིད་ཀྱིས་ཉལ་བ་དང་། །བསྐྱེད་
པའི་རིམ་པའི་ཉལ་ལུགས་དང་། །འཆི་བ་སླུ་བའི་ཉལ་ལུགས་སོ། །སྟོང་པ་ཉིད་ཀྱིས་ཉལ་བ་ནི། །སྣོད་ཀྱི་འཇིག་རྟེན་བཅུད་ལ་བསྡུ། །བཅུད་ཀྱི་སེམས་ཅན་ཡུམ་ལ་བསྡུ། །ཡུམ་ཡང་བདག་ལ་བསྡུས་ནས་ནི། །བདག་ཉིད་ཡེ་ཤེས་སེམས་དཔའ་ལའོ། །ཡེ་ཤེས་སེམས་དཔའ་རྡོ་རྗེ་
ལའོ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་རིམ་གྱིས། །ནཱ་དའི་བར་དུ་བསྡུ་བའོ། །ནཱ་ད་སྟོང་པ་ཉིད་ལ་བསྡུ། །དེ་ཡི་ངང་ལ་ཉལ་བའོ། །བསྐྱེད་པའི་རིམ་པའི་ཉལ་ལུགས་ནི། །ཡེ་ཤེས་ལྷ་རྣམས་གཤེགས་གསོལ་ཏེ། །དམ་ཚིག་སེམས་དཔའི་ང་རྒྱལ་གྱིས། །གཉིད་ཀྱིས་དུབ་པ་བསལ་བ་དང་། །སྔ་བར་
ལྡང་ཞིང་སྣང་བ་ཡི། །དྲན་པ་ཡིད་ལ་བཞག་པས་ཉལ། །འཆི་བ་སླུ་བ་ཀ་པཱ་ལ། །སྐམ་པོ་དམིགས་ཏེ་ཉལ་བའོ། །བརྒྱད་པ་འདི་ནི་བསྡུས་པའོ། །ཞེས་པའི་དོན་ནི། ནང་པར་ལངས་ཏེ་སྔ་མ་བཞིན། །གོས་ནས་བརྩམས་ཏེ་ཉལ་བའི་བར། །བྱ་བ་བརྒྱད་པོ་རྫོགས་པར་བྱ། །འདི་
ལྟའི་བྱ་བ་བརྒྱད་པོ་ནི། །དབང་བསྐུར་ཐོབ་ཅིང་དམ་ཚིག་སྐྱོང་། །བླ་མ་ལ་གུས་གཏོང་ཕོད་ཆེ། །དད་ལྡན་བརྩོན་འགྲུས་ཆེ་བ་དང་། །ལུས་ངག་སྤྱོད་པ་མཛེས་པ་ཡིས། །བླ་མ་རྡོ་རྗེ་སྤུན་ལ་གུས། །ང་རྒྱལ་ཆུང་ཞིང་བཤགས་ལ་བརྩོན། །གསོང་པོར་སྨྲ་ཞིང་གཞན་དོན་བྱེད། །དེ་
Vol. 79 · folio 130b
ལྟ་བུ་ལ་སྦྱིན་བྱ་ཡི། །བླ་མ་མི་བསྟེན་དམ་ཚིག་མེད་དང་རྣམ་པར་སྨིན་ལ་མི་འཛེམ་རང་ཚུལ་དྲེགས། །ཐོས་བསམ་བསྒོམ་ལ་མ་སྦྱངས་བློ་ནི་རྟོག་པའི་དྲ་བས་རྣམ་པར་གཡེངས། །ཙནྡན་ཤིང་བཞིན་ཡོན་ཏན་ཆུང་ལ་ང་རྒྱལ་ཆེ་ཕྱིར་བླ་མ་རྡོ་རྗེ་སྤུན་སོགས་ལ། །བཀུར་སྟིའི་སེམས་བྲལ་
འཇིག་རྟེན་གྲགས་པ་དོན་དུ་གཉེར་ཞིང་གཞན་ཚིག་ཁྱད་དུ་གསོད། །འདི་འདྲའི་གང་ཟག་རྣམས་དང་སྟན་གཅིག་ལ་ཡང་མི་འདུག་པོ་ཏིའང་མི་བསྟན་ན། །བཤད་དང་གདམས་ངག་སྦྱིན་པར་བྱ་བ་ཡིད་ཀྱིས་ཀྱང་ནི་བསམ་པར་མི་བྱ་དངོས་སུ་སྨོས་ཅི་དགོས། །དེ་ཁོ་ན་ཉིད་བསྡུས་པའི་མན་ངག་
སློབ་དཔོན་ཤཱི་ལ་སམྦྷ་བས་ལས་དང་པོའི་ངོར་བསྡུས་ཏེ་མཛད་པ་རྫོགས་སོ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words