འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ

Sanskrit title (Tibetan script, as in the text) པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤཱ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་བྲྀཏྟི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 80 · folio 187a

མཚན་ཉིད་གཉིས་དང་། གཉིས་མེད་པ་ཡིན་པར་བསྟན་པ་དང་། གཉིས་དང་གཉིས་མེད་པ་ཡོངས་སུ་ཞུས་པ་ལ། གཟུགས་ཀྱི་འདུ་ཤེས་ནས། འདུས་མ་བྱས་དང་འདུས་བྱས་ཀྱི་ཁམས་ཀྱི་འདུ་ཤེས་ཀྱི་བར་དང་། དེ་བཞིན་དུ་དེ་དག་གི་འདུ་ཤེས་མེད་པ་

རྣམས་རིམ་པ་ཇི་ལྟ་བ་གཉིས་པ་དང་གཉིས་མེད་པར་བསྟན་པ་དང་། ཇི་སྲིད་དུ་གཉིས་ཡོད་པ་དེ་སྲིད་དུ་དངོས་པོའོ། །ཇི་སྲིད་དུ་དངོས་པོ་ཡོད་པ་དེ་སྲིད་དུ་འདུ་བྱེད་དོ། །ཇི་སྲིད་དུ་འདུ་བྱེད་ཡོད་པ་དེ་སྲིད་དུ་སེམས་ཅན་རྣམས་དགེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་ལས་མི་འགྲོལ་བ་དང་། གཉིས་

ཀྱི་འདུ་ཤེས་ཅན་ལ་སྦྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་མེད་པ་དང་། གལ་ཏེ་དེ་ལྟ་ཡིན་ན་དངོས་པོ་མེད་པའི་འདུ་ཤེས་ཅན་ལ་ཡང་རྣམ་པར་བྱང་བའི་ཆོས་ཐམས་ཅད་སྒོམ་པ་མེད་པར་ཐལ་བ་དང་། ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། ཞེས་ཞལ་གྱིས་བཞེས་ནས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བྱེད་པའི་བྱང་ཆུབ་སེམས་དཔའ་ལ་དངོས་པོ་དང་། དངོས་པོ་མེད་པའི་འདུ་ཤེས་ཐམས་ཅད་བཀག་པས་རྗེས་སུ་མཐུན་པའི་བཟོད་པའི་ལམ་དང་འབྲས་བུ་དག་བསྟན་པ་དང་། ལམ་དང་མངོན་པར་རྟོགས་པ་དག་དངོས་པོ་མེད་པ་ཉིད་ཀྱི་རྣམ་གྲངས་ཀྱི་

ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་མངོན་པར་རྟོགས་པའི་ཡེ་ཤེས་ཀྱི་དམིགས་པ་ལས་ཐ་དད་པའི་ཆོས་མེད་པར་ཤེས་པར་བྱེད་པ་དང་། གལ་ཏེ་དེ་ལྟ་ཡིན་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་དང་། དེ་ལ་མངའ་བསྒྱུར་བ་རྙེད་པ་ལ་

སོགས་པ་མེད་པར་ཐལ་བ་དང་། ང་སྔོན་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་ལ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་རྣམས་ཕུང་པོ་གསུམ་

དུ་ལུང་བསྟན་ཏོ་ཞེས་བདག་ཉིད་དབང་པོ་ཉིད་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་ཐུགས་སུ་ཆུད་པའི་ཆོས་བསྟན་པ་དང་། ཇི་ལྟར་ཞེས་བྱ་བས་རྣམ་པ་དེ་ལྟ་བུ་ཐུགས་སུ་ཆུད་པ་ཞུས་པ་ལ། རབ་འབྱོར་གལ་ཏེ་འདོད་པ་རྣམས་ལ་རང་གི་ངོ་བོའམ། དངོས་པོ་མེད་པ་ཞིག་ཡིན་པར་གྱུར་ན་ནི་ཞེས་བྱ་

Vol. 80 · folio 187b

བ་ནས་བརྩམས་ཏེ། མངོན་པར་བཞེད་པའི་ཐུགས་སུ་ཆུད་པའི་བསྟན་པ་དང་སྟེ། དེ་ལ་རང་གི་ངོ་བོ་ནི་དངོས་པོའོ། །ངོ་བོ་ནི་བྱ་བའོ། །དངོས་པོ་མེད་པ་ནི་དངོས་པོ་ཉེ་བར་ཆད་པའོ། །དེ་ལྟར་ན་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟེན་དུ་བྱས་ནས་རབ་ཏུ་སྨྲ་བ་རྣམས་ཀྱི་རྣམ་པར་

ངེས་པ་དང་བཅས་པའི་སྐབས་རྒྱ་ཆེར་བྱས་པས་ལོག་པར་རྟོག་པའི་གནས་རྣམ་པ་བཅུ་དྲུག་ཏུ་གྱུར་པ་ཡིན་ནོ། །དེ་དེ་ལྟར་བྱས་ན། དེ་ཡི་རྟགས་དང་རྣམ་འཕེལ་དང་། །བསྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་

པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས། ཞེས་གང་བསྟན་པ་དེ་བཤད་པ་ཡིན་པར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་

མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་རྩེ་མོའི་མངོན་པར་རྟོགས་པའི་སྐབས་བསླབ་པ་ཡོངས་སུ་དག་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །།ད་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་བརྗོད་པར་བྱ་བ་ཡིན་པས། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་རྟོགས་པའི་ཆོས་དངོས་

པོ་མེད་པའི་ངོ་བོ་ཉིད་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་མཐར་གྱིས་བགྱི་བ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་སྒྲུབ་པར་ཇི་ལྟར་གདགས་པར་འགྱུར་ཞེས་བྱ་བའི་དྲི་བས་མཐར་གྱིས་པའི་མངོན་པར་རྟོགས་

པ་ཉེ་བར་དགོད་པའི་དོན་ཏེ། བགྱི་བ་སྨོས་པ་ནི་སེམས་བསྐྱེད་པ་བཟུང་བའི་དོན་དུའོ། །བསླབ་པ་སྨོས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཤེས་པའི་དོན་དུའོ། །སྒྲུབ་པ་སྨོས་པ་ནི་མཐོང་བའི་ལམ་དང་། སྒོམ་པའི་ལམ་ཤེས་པའི་དོན་དུའོ། །གསུམ་སྨོས་པ་ནི་མངོན་པར་རྟོགས་

པའི་མཐར་གྱིས་པ་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །དེ་དང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོག་མ་ཉིད་དོ་ཞེས་བྱ་བ་ནས་སྐྲའི་རྩེ་མོའི་ཆ་ཙམ་ཡང་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། གལ་ཏེ་བདག་མངོན་པར་རྫོགས་པར་སངས་རྒྱས་སམ་མ་རྒྱས་ཀྱང་རུང་སྟེ།

Vol. 80 · folio 188a

ཆོས་ཐམས་ཅད་དངོས་པོ་མེད་པ་ཁོ་ནའོ། །ཞེས་ངེས་པར་བཟུང་ནས་དངོས་པོའི་འདུ་ཤེས་ཅན་རྣམས་ཀྱི་འདུ་ཤེས་དེ་བཟློག་པའི་དོན་དུ་རྫོགས་པའི་བྱང་ཆུབ་ལ་འཇུག་པ་དང་། མཐར་གྱིས་པའི་བྱ་བ་ལ་སོགས་པ་རྩོམ་པ་ཉེ་བར་བསྟན་པས་མངོན་པར་རྟོགས་

པའི་གོ་རིམས་ཀྱིས་གཞན་གྱི་དོན་ཁས་བླངས་པའི་ཕྱིར་བརྡ་ལས་བྱུང་བའི་དངོས་པོ་ཤེས་པར་བྱེད་པའི་དོན་དུ་གསུངས་པ་ཡིན་ནོ། །མཐར་གྱིས་པའི་མངོན་པར་རྟོགས་པ་འདིའང་རྣམ་པ་བཅུ་གསུམ་དུ་ཤེས་པར་བྱའོ། །ཇི་ལྟར་ཞེ་ན། སྦྱིན་པ་ཤེས་རབ་བར་དག་དང་། །སངས་

རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་མངོན་པར་རྟོགས་པ་ནི། བདག་ཉིད་ཀྱང་སྦྱིན་པ་སྦྱིན་པར་བྱེད་ལ་ཞེས་བྱ་བ་ནས་བརྩམས་ཏེ།

སྦྱིན་པས་མཐར་གྱིས་པའི་བྱ་བ་ལ་སོགས་པ་ཤེས་པའི་དོན་དུ་གང་གསུངས་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། ཚུལ་ཁྲིམས་ཀྱི་མཐར་གྱིས་པའི་བྱ་བ་ལ་སོགས་པ་ཤེས་པའི་དོན་དུ་

གང་གསུངས་པ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། བདག་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། བཟོད་པས་མཐར་གྱིས་པ་ལ་སོགས་པ་ཤེས་པའི་དོན་དང་། དེ་བཞིན་དུ་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རེ་རེ་ལ་མཐར་གྱིས་པ་རྣམ་པར་འཕེལ་བའི་བྱ་བ་རེ་རེ་མངོན་པར་བརྗོད་པས་མཐར་གྱིས་པའི་མངོན་པར་རྟོགས་པ་སྟོན་པས་གང་གསུངས་པ་ཡིན་ནོ། །སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པའི་མངོན་པར་རྟོགས་པ་ནི། ཡང་དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་

བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཅན་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ལྷག་པར་མོས་པ་དང་ལྡན་པ་ནི་དེ་བཞིན་གཤེགས་པ་ལ་གཟུགས་ལ་སོགས་པར་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་ནི་སངས་རྒྱས་རྗེས་སུ་དྲན་པ་དང་། དེ་ཅིའི་ཕྱིར་ཞེ་ན། གཟུགས་

Vol. 80 · folio 188b

ལ་སོགས་པ་ལ་ངོ་བོ་ཉིད་མེད་པའི་ཕྱིར་དངོས་པོ་མེད་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་ནི་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པ་མེད་པ་ཉིད་ཡིན་པ་དང་། དེ་བཞིན་དུ་རེ་རེ་ཞིང་གཏན་ཚིགས་ཀྱི་སྦྱོར་བ་དྲུག་པ་གཉིས་ཀྱིས་དེ་བསྟན་པ་ཡང་མཛད་ནས། ཡང་མཚན་

དང་དཔེ་བྱད་ལ་སོགས་པ་ཡིད་ལ་མི་བྱེད་པས་སངས་རྒྱས་རྗེས་སུ་དྲན་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པར་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་དང་། དེ་བཞིན་དུ་སྟོབས་བཅུ་ལ་སོགས་པར་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་དང་། རྟེན་ཅིང་འབྲེལ་པར་

འབྱུང་བར་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་སྟེ། དེ་ལྟར་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་ལྔའོ། །དེ་ལ་དང་པོས་ནི་སེམས་བསྐྱེད་པའོ། །བཞི་པོ་རྣམས་ཀྱིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའོ། །དེ་ལྟར་སློབ་པ་ན་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་

ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པས་ནི་མཐོང་བའི་ལམ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་བར་གྱིས་ནི་སྒོམ་པའི་ལམ་ཡིན་ཏེ། དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་མཐར་གྱིས་པའི་བྱ་བ་ལ་སོགས་པ་རབ་ཏུ་ཤེས་པ་ནི་སངས་རྒྱས་

རྗེས་སུ་དྲན་པ་སྒོམ་པར་རྟོགས་པར་བྱའོ། །དེ་ཁོ་ན་བཞིན་དུ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་སོགས་པའི་ཆོས་ཡིད་ལ་མི་བྱེད་པས་ཆོས་རྗེས་སུ་དྲན་པ་དང་། སྐྱེས་བུ་ཟུང་བཞི་པོ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། དངོས་པོ་མེད་པ་ཉིད་

དུ་ཡིད་ལ་བྱེད་པས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པས་དགེ་འདུན་རྗེས་སུ་དྲན་པ་དང་། དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། མ་ཉམས་པ། སྐྱོན་མེད་པ། མ་འདྲེས་པ། ནག་ནོག་མེད་པ། མཆོག་ཏུ་འཛིན་པ་མེད་པ། དབང་འབྱོར་པ། མཁས་པས་མངགས་པ་ཤིན་

ཏུ་རྫོགས་པའི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའི་ཚུལ་ཁྲིམས་ལ་གནས་པས། ཚུལ་ཁྲིམས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་མེད་ཅིང་ཡིད་ལ་བྱེད་པའི་ཚུལ་ཁྲིམས་རྗེས་སུ་དྲན་པ་དང་སྟེ། དེ་ལ་ཚུལ་ཁྲིམས་མ་ཉམས་པ་ནི་ཐེག་པ་གཞན་ལ་མི་བརྟེན་པས་སོ། །སྐྱོན་

Vol. 80 · folio 189a

མེད་པ་ནི་ཉམ་ང་བའི་སྐྱེ་བ་རྣམ་པར་སྤངས་པས་སོ། །མ་འདྲེས་པ་ནི་སྐྱེ་བོ་ངན་པ་དང་། ཉོན་མོངས་པ་དང་མ་འདྲེས་པ་ཉིད་ཀྱིས་སོ། །ནག་ནོག་མེད་པ་ནི་ཆ་གཅིག་ཏུ་དཀར་པོའི་ཆོས་རྣམ་པར་འཕེལ་བ་ཉིད་ཀྱིས་སོ། །མཆོག་ཏུ་འཛིན་པ་མེད་པ་ནི་སྐྱེ་བར་སྨོན་ལམ་

མི་འདེབས་པ་ཉིད་ཀྱིས་སོ། །དབང་འབྱོར་པ་ནི་ཇི་ལྟར་འདོད་པ་བཞིན་དུ་བགྲོད་པ་ཉིད་ཀྱིས་སོ། །མཁས་པས་བསྔགས་པ་ནི་མཛངས་པ་རྣམས་ཀྱིས་མ་སྨད་པ་ཉིད་ཀྱིས་སོ། །ཤིན་ཏུ་རྫོགས་པ་ནི་དབང་པོ་རྣམས་སྲུང་བ་ཉིད་ཀྱིས་སོ། །ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་ནི་བསམ་གཏན་

གྱི་ཡན་ལག་གི་ཚོགས་ཉེ་བར་སོགས་པ་ཉིད་ཀྱིས་སོ། །ཆོས་དང་ཟང་ཟིང་གི་སྦྱིན་པ་དག་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་གཏོང་བ་རྗེས་སུ་དྲན་པ་དང་། འདོད་པ་ན་སྤྱོད་པའི་ལྷའི་རིགས་དྲུག་ཏུ་སྐྱེས་པའི་རྒྱུན་དུ་ཞུགས་པ་རྣམས་དང་། གཟུགས་

དང་། གཟུགས་མེད་པ་ན་སྤྱོད་པའི་ཕྱིར་མི་འོང་བ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་དང་ཡིད་ལ་བྱེད་པ་མེད་པའི་ལྷ་རྗེས་སུ་དྲན་པས་མཐར་གྱིས་པའི་བྱ་བ་ལ་སོགས་པ་རབ་ཏུ་གདགས་པར་གང་གསུངས་པ་ཡིན་ནོ། །འོ་ན་མདོ་སྡེ་གཞན་ལས་འདི་སྐད་ཅེས་ལྷའི་

རིས་གཉིས་སུ་དྲན་པར་བྱ་སྟེ། དགའ་ལྡན་དང་། གནས་གཙང་མ་པའོ་ཞེས་གསུངས་པ་དེ་ཇི་ལྟར་ཞེ་ན། དེ་ནི་མ་འདྲེས་པའི་གང་ཟག་ལ་དགོངས་ནས་གསུངས་པ་ཡིན་པས་ཉེས་པ་མེད་དོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པས་མཐར་གྱིས་པའི་མངོན་པར་

རྟོགས་པ་ནི། དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་།

མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་དང་། སྙིང་རྗེ་ཆེན་པོ་ལ་སློབ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་

Vol. 80 · folio 189b

དུ་རྟོགས་པས་མཐར་གྱིས་པའི་བྱ་བ་ལ་སོགས་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་དང་། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་ཐམས་ཅད་མེད་པའི་ཕྱིར་མཐའ་གཅིག་ཏུ་ཆད་པ་མེད་པར་སྨྲ་བར་ཐལ་བར་འགྱུར་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་ཡོད་པའམ་མེད་པ་

མི་དམིགས་པས་དེ་སྤངས་པ་དང་། རང་ཉིད་ལ་ནེམ་ནུར་མེད་ཀྱང་མ་འོངས་པའི་སྐྱེ་བོ་ལ་ལྟོས་ནས་གནས་བརྟན་རབ་འབྱོར་གྱིས་ཞུས་པ་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་སེམས་ཅན་ལ་ལྟོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་མེད་པ་དང་།

དེ་ཉིད་ཀྱིས་དེ་ཡང་དག་པར་འགྲུབ་པ་དང་། དེ་ཅིའི་ཕྱིར་ཞེ་ན། དམིགས་པའི་འདུ་ཤེས་ཅན་ལ་ཐོབ་པ་དང་མངོན་པར་རྟོགས་པ་བཀག་པ་དང་། མི་དམིགས་པ་ཉིད་ཆོས་ཀྱི་དབྱིངས་འཁྲུག་པ་མེད་པ་ཡིན་པས་དེ་ཐོབ་པ་དང་མངོན་པར་རྟོགས་པ་མིན་པ་ཉིད་དང་། དེ་ཡིན་ན་ས་བཅུ་ལ་

སོགས་པར་རྣམ་པར་གཞག་པ་མེད་པ་དང་། དེ་ཉིད་ཀྱི་ཕྱིར་མངོན་པར་འདོད་པ་ཡང་དག་པར་གྲུབ་པ་དང་། མི་དམིགས་པ་དང་སྦྱིན་པ་ལ་སོགས་པ་རྣམས་ཐ་དད་དུ་བྱ་བ་བཀག་པ་དང་། དེ་མི་དམིགས་པའི་རྣམ་པར་སྒོམ་པར་བྱེད་པ་རྣམས་ལ་དེའི་ཁྱད་པར་ཞལ་གྱིས་བཞེས་པ་དང་།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །དེ་དེ་ལྟར་བྱས་ན་མཐར་གྱིས་པ་རྣམ་གསུམ་རྣམ་པ་བཅུ་ཞེས་གང་གསུངས་པ་དེ་ཡོངས་སུ་རྫོགས་པ་ཡིན་པར་ཤེས་པའོ། །ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་མཐར་གྱིས་མངོན་པར་རྟོགས་པའི་སྐབས་རིམ་གྱིས་འཇུག་པར་བསླབ་པའི་ལེའུ་སྟེ་དྲུག་པའོ།། །།ད་ནི་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་བརྗོད་པར་བྱ་བ་ཡིན་ཏེ།

དེས་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཇི་ལྟར་སེམས་ཀྱི་སྐད་ཅིག་མ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པར་བགྱིད་ཅེས་བྱ་བའི་དྲི་བར་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ཉེ་བར་དགོད་པའི་དོན་དུ་

Vol. 80 · folio 190a

གསུངས་པ་ཡིན་ནོ། །སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་འདིའང་རྣམ་པ་བཞིར་རིག་པར་བྱ་བ་ལས། སྦྱིན་པ་ལ་སོགས་པ་གང་ཡང་རུང་བས་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་བསྡུས་པའི་མཚན་ཉིད་ནི་གང་གི་དབང་དུ་མཛད་

ནས། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པའི་ཕྱིར། །རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་

ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་རྣམས་ཡོངས་སུ་ཟིན་པ་དང་། གཉིས་སུ་མེད་པའི་འདུ་ཤེས་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ཉིད་ཀྱི་དཀར་པོའི་ཆོས་ཐམས་ཅད་ཁོངས་སུ་འདུས་པ་དང་། ཟག་པ་མེད་པའི་སེམས་ལ་གནས་པ་ནི། །གང་ལ་གང་ཞིག་གང་གིས་སྦྱིན། །

ཞེས་བྱ་བར་དེའི་མཚན་མ་མི་མཐོང་བར་སྦྱིན་པ་བྱིན་པ་ནི་ཆོས་ཐམས་ཅད་མི་དམིགས་པའི་རྣམ་པར་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཡིན་པ་ཉིད་དང་། དེ་ལྟ་ཡིན་ན་མཚན་མ་མེད་ཅིང་མངོན་པར་འདུ་བྱ་བ་མེད་པ་རྣམས་ལ་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་མེད་པར་

ཐལ་བ་དང་། ཉེ་བར་མཁོ་བ་མེད་པའི་སྦྱིན་པ་རྒྱ་ཆེན་པོ་བཏང་བས་ཁྱོད་ལ་ཅི་ཞིག་བྱ་ཞེས་འདུན་པ་བཟློག་པ་ན། མི་དམིགས་པས་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པ་ལས་མི་ལྡོག་པ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བ་

ཐམས་ཅད་ཡོངས་སུ་རྫོགས་པར་བརྗོད་དེ་སྤངས་པས་གསུངས་པ་ཡིན་ཏེ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྒྱ་ཆེར་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །འདིའི་མདོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཡོ་བྱད་ཕུན་

སུམ་ཚོགས་པ་ཐམས་ཅད་ནི་བསམས་པ་ཙམ་གྱིས་འབྱུང་ངོ་། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཡང་ཇི་ལྟར་ན་ཟག་པ་མེད་པའི་

Vol. 80 · folio 190b

ཆོས་གཅིག་ལ་དམིགས་པའི་སྒོམ་པ་ལ་ཞུགས་པ་ན་ཟག་པ་མེད་པའི་ཆོས་ཐམས་ཅད་སྡུད་པ་ཡིན་ཞེ་ན། རེ་ཞིག་དོན་འདི་ལ་འཇིག་རྟེན་པའི་དཔེ་ཅུང་ཟད་ཀྱང་བསྟན་པར་བྱ་བ་ཡིན་པ་དེས་ན། ཇི་ལྟར་སྐྱེས་བུས་ཟོ་ཆུན་བརྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་

ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་བྱ་བ་གསུངས་ཏེ། འདི་ལ་སྔོན་གྱི་འཕེན་པའི་ཤུགས་ལས་ཤེས་པར་དགོས་པ་ཡིན་ནོ། །རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་ཀྱི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་

རྟོགས་པ་ནི་གང་གི་དབང་དུ་མཛད་ནས། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་བྱ་བ་གསུངས་ཏེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལ་ཡང་དག་པའམ་ཡོངས་སུ་གྲུབ་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནས་བརྩམས་ཏེ། རྒྱ་ཆེར་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་རྣམ་པར་སྨིན་པའི་གནས་སྐབས་སུ་རྣམ་པར་གཞག་པ་དང་། མཚན་མ་

མེད་པའི་སྦྱོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཉིད་ཀྱིས་རྣམ་པར་སྨིན་པ་ཅིག་ཅར་དུ་སྐྱེ་བ་དང་འགག་པར་ཤེས་པར་བྱེད་པའི་དོན་དུ་གང་གསུངས་པ་ཡིན་ནོ། །མཚན་ཉིད་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་

གཅིག་ལ་མངོན་པར་རྟོགས་པ་ནི་གང་གི་དབང་དུ་མཛད་ནས། སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་ཕན་ཚུན་ཤིན་ཏུ་ཐ་དད་

པའི་ཆོས་ཀྱི་མཚན་ཉིད་ཆོས་གཅིག་གི་ཁོངས་སུ་འདུས་པར་མི་འཐད་པས། སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་མེད་པར་ཐལ་བ་དང་། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་

Vol. 80 · folio 191a

པོ་ལྔ་གནས་ནས་ཞེས་བྱ་བ་ནས་བརྩམས་ཏེ། རྒྱ་ཆེར་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་སོ་ཞེས་བྱ་བའི་བར་གྱིས་ཆོས་ཐམས་ཅད་མཚན་ཉིད་མེད་པར་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཉིད་གསུངས་པ་ཡིན་ཏེ། རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་རྨི་ལམ་གྱི་

རང་བཞིན་ཅན་ནོ། །མཚན་ཉིད་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་སྟེ། འདི་ལྟར་ཆོས་མཐུན་པའི་དཔེའི་དོན་གང་ཡིན་པ་དེ་ནི་སྦྱིན་པ་ལ་སོགས་པ་དུས་སུ་བར་ཆད་དང་བཅས་པ་དང་བར་ཆད་མེད་པ་སྟོང་པ་ཉིད་ཡིད་ལ་བྱེད་པས་ལྷག་པར་སྤྱོད་པའི་ཕྱིར་དང་། ཚོགས་ལ་ཉེ་བར་མཁོ་

བ་ཉིད་དུ་ཉམས་སུ་མྱོང་ནས་དེ་རྟོགས་པའི་གནས་སྐབས་སུ་ཆོས་རྣམས་རོ་གཅིག་པ་ཉིད་ཀྱི་དབྱེ་བ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱི་དོན་ཡང་དག་པར་འགྲུབ་བོ། །ཇི་སྐད་དུ། སྲིང་མོ་ཕུང་པོ་ནི་རྨི་ལམ་ལྟ་བུ་སྟེ། ཤིན་ཏུ་ཡོངས་སུ་མ་གྲུབ་པའོ། །བྱང་ཆུབ་ཀྱང་རྨི་ལམ་གྱི་ངོ་བོ་ཉིད་དེ།

དེ་ལྟར་ན་ཕུང་པོ་དང་བྱང་ཆུབ་སེམས་དཔའ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་རྨི་ལམ་ལ་སོགས་པའི་དཔེས་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །གཉིས་སུ་མེད་པའི་

མཚན་ཉིད་དུ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ནི། གང་གི་དབང་དུ་མཛད་ནས། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་དམིགས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །ཞེས་བྱ་བ་གསུངས་སོ། །

ཇི་སྐད་དུ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་རྨི་ལམ་མི་མཐོང་། རྨི་ལམ་མཐོང་བ་པོ་མི་མཐོང་ཞེས་བྱ་བ་ནས་བརྩམས་ནས། དེ་དག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་

བས་ཆོས་ཐམས་ཅད་གཉིས་སུ་མེད་པའི་མཚན་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཉིད་དང་། ཆོས་ཐམས་ཅད་དབྱེར་མེད་ན་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་བསྟན་པ་མེད་པར་ཐལ་བ་དང་། དེར་བརྗོད་པ་ཡོད་པར་ཐལ་བས་དེར་མངོན་པར་བརྗོད་པ་འཇུག་པའི་རྒྱུ་མཚན་བཙལ་

Vol. 80 · folio 191b

བའི་དོན་དང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་བརྗོད་དུ་མེད་པ་ཉིད་དང་། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པ་ནི་ཆོས་ཀྱི་སྐུར་བཏགས་པ་ཡང་དག་པར་འགྲུབ་པར་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ། མཚན་ཉིད་ཀྱིས་ནི་རྣམ་པ་

བཞི། །ཞེས་གང་གསུངས་པ་དེའི་སྐབས་ཀྱི་འབྲེལ་པ་ཡིན་པར་བལྟ་བར་བྱའོ། །གང་དག་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ལ་ནི། འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་བར་ཡིད་ལ་བྱེད་པ་དང་། ཀུན་འབྱུང་ལ་ཀུན་འབྱུང་བར་ཡིད་ལ་བྱེད་པ་དང་། ལམ་ལ་

ལམ་གྱི་བར་དུ་ཡིད་ལ་བྱེད་པས་ནི་ཟག་པ་མེད་པ་ཡིད་ལ་བྱེད་པས་མཚུངས་པར་ལྡན་པའི་ཆོས་རྣམས་རྣམ་པར་འབྱེད་དོ་ཞེས་བྱ་བ་ལ་སོགས་པ་མདོ་དང་འགལ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་འཕགས་པ་ཉན་ཐོས་ཞེས་གསུངས་པའི་ཕྱིར་དེས་མི་གནོད་དེ། འདི་ནི་སངས་རྒྱས་ཀྱི་མངོན་པར་

རྟོགས་པ་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའི་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་དང་ཉེ་བར་འབྲེལ་པ་གང་ཡིན་པ་འཁོར་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་གོམས་པ་རབ་ཏུ་བརྟན་པས་ངེས་པར་སྦྱར་བ། དམིགས་པའི་དུག་གི་སྒྲེགས་པ་རྣམ་པ་འདི་ལྟ་བུ་རྣམས་

བཟློག་པར་བྱ་བའི་དོན་དུ་འདི་ལ་མཁས་པ་རྣམས་ཀྱི་བརྗོད་པར་བྱ་བ་རྣམ་པ་མང་དུ་ཡོད་དོ། །མངོན་པར་རྟོགས་པ་ཞེས་བྱ་བའི་དོན་ཅི་ཞིག་ཡིན་ཞེ་ན། མངོན་པ་ནི་མངོན་དུ་ཕྱོགས་པའོ། །སམ་གྱི་སྒྲ་ནི་ངེས་པར་མངོན་པར་བརྗོད་པའོ། །ཨ་ཡ་ནི་རྟོགས་པ་ལའོ། །དེས་ན་འདི་སྐད་དུ་མངོན་དུ་

ཕྱོགས་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་ངེས་པར་རྟོགས་པ་སྟེ། ཤེས་པའམ་ཁོང་དུ་ཆུད་པ་ནི་མངོན་པར་རྟོགས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་

པའི་སྐབས་བསླབ་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བདུན་པའོ།། །།ད་ནི་ཆོས་ཀྱི་སྐུ་བརྗོད་པར་བྱ་བ་ཡིན་ལ། དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །གང་གི་ཕྱིར་ངོ་བོ་ཉིད་ཀྱི་སྐུའི་དབང་དུ་མཛད་ནས། ཐུབ་

Vol. 80 · folio 192a

པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་གང་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་དང་ལྡན་པར་གྱུར་པ་ཟག་པ་མེད་པའི་ཆོས་ཐམས་ཅད་དུ་རྣམ་པར་དག་པའི་རང་བཞིན་ཏེ་

ངོ་བོ་ཉིད་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་དོན་གྱིས་ན། བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་ཤེས་པར་བྱ་སྟེ། ངོ་བོ་ཉིད་ཅེས་བྱ་བ་ནི་བཅོས་མ་མ་ཡིན་པ་ཞེས་བྱ་བ་ནི་འཇིག་རྟེན་ན་གྲགས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ནི་དེ་འཐོབ་པར་བྱེད་པ་ཡིན་གྱི།

བྱེད་པ་པོ་མ་ཡིན་ནོ། །གང་དག་གིས་རྣམ་པ་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཆོས་ཀྱི་སྐུར་འགྱུར་བ་ཟག་པ་མེད་པའི་ཆོས་དེ་རྣམས་ཀྱང་གང་ཞིག་ཡིན་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་

ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་

པ་ནི་བཞི་དག་དང་། །སྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་གཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་

པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སྨོས་པ་ཡིན་ཏེ། རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ཞེས་བྱ་སྟེ། གཞན་དུ་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་བཀག་པར་འགྱུར་བ་དང་། སྤྱོད་པའི་དོན་ཡིན་པའི་ཕྱིར་འདུས་བྱས་སུ་

འགྱུར་བའི་ཉེས་པ་ཡོད་དོ། །དེ་ལ་སྐུ་ཞེས་བརྗོད་པ་ནི་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་ཉེ་བར་བཏགས་པ་ཡིན་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བཤད་པ་དང་བཅས་པའི་སྐབས་རྒྱས་པར་ལམ་གྱི་ཚོགས་ལས་ཇི་སྐད་བཤད་པ་

Vol. 80 · folio 192b

དེ་བཞིན་དུ་ཤེས་པར་བྱའོ། །ཚད་མེད་པ་བྱམས་པ་ལ་སོགས་པ་ནི་ཚད་མེད་པའི་འཇུག་པར་ཇི་སྐད་བཤད་པ་བཞིན་ནོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་འདི་ནི་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བ་འདི་ནི་

གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་འདི་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བའི་རྣམ་པར་

ཐར་པ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་གཅིག་སྟེ། དེ་ལྟར་བརྒྱད་དུ་འགྱུར་རོ། །དེ་ལ་ཟད་པ་དང་། ཡོངས་སུ་ཆད་པ་དང་། ཀུན་ཏུ་ལོངས་སྤྱོད་པ་འདིའི་མཐའ་ཡོད་པ་མ་ཡིན་པས་ན་མཐའ་ཡས་སོ། །ནམ་མཁའ་མཐའ་མེད་པ་ནི་ནམ་མཁའ་མཐའ་ཡས་

ཡིན་ལ། ནམ་མཁའ་མཐའ་ཡས་ཉིད་ནི་ནམ་མཁའ་མཐའ་ཡས་པར་གྱུར་པ་ཡིན་ནོ། །འདི་ནི་རྒྱུ་མཚན་ནམ་མཁའི་མིང་ཡིན་ལ། རྟེན་གྱི་དོན་གྱིས་ན། བསམ་གཏན་འདི་ལ་ནམ་མཁའ་མཐའ་ཡས་པར་གྱུར་པ་དེའི་གནས་ཡོད་པས་ནམ་མཁའ་མཐའ་ཡས་ཀྱི་ཨ་ཡ་ཏ་ན་སྟེ། ལྷ་

རྣམས་ཀྱི་ལྷའི་ཨ་ཡ་ཏ་ན་ཞེས་བྱ་བ་བཞིན་ཏེ། ཨ་ཡ་ཏ་ན་ནི་གནས་ཡིན་ནོ། །ཡོངས་སུ་ཆོད་པ་དང་། ཀུན་དུ་ལོངས་སྤྱོད་པས་འདི་ལ་མཐའ་མེད་པས་ན་མཐའ་ཡས་སོ། །རྣམ་ཤེས་མཐའ་མེད་པ་ནི་རྣམ་ཤེས་མཐའ་ཡས་ཡིན་ལ། རྣམ་ཤེས་མཐའ་ཡས་ཉིད་ནི་རྣམ་ཤེས་མཐའ་

ཡས་པར་གྱུར་པ་ཡིན་ནོ། །འདི་ནི་ནམ་མཁའ་ལ་འཇུག་པའི་རྣམ་པར་ཤེས་པའི་མིང་ཡིན་ལ། སྔ་མ་བཞིན་དུ་བསམ་གཏན་འདི་ལ་རྣམ་ཤེས་མཐའ་ཡས་པར་གྱུར་པ་དེའི་གནས་ཡོད་པས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །འདི་ལ་ཡན་ལག་ཙམ་གྱི་ལྷག་མ་འམ་ཅུང་ཟད་

ལུས་པ་མེད་པས་ན་ཅུང་ཟད་མེད་པ་ཡིན་ལ། དེའི་དངོས་པོ་ནི་ཅུང་ཟད་མེད་པར་གྱུར་པ་ཡིན་ནོ། །འདི་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཤེས་པ་དང་བྲལ་བའི་མིང་ཡིན་ལ། སྔ་མ་བཞིན་དུ་བསམ་གཏན་འདི་ལ་ཅི་ཡང་མེད་པའི་གནས་ཡོད་པས་ན་ཅུང་ཟད་མེད་པའི་སྐྱེ་

Vol. 80 · folio 193a

མཆེད་དོ། །འདུ་ཤེས་རགས་པ་མེད་པའི་ཕྱིར་དང་། ཕྲ་མོ་ཡོད་པའི་ཕྱིར་ན་འདུ་ཤེས་ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་དང་མཚུངས་པར་ལྡན་པའི་བསམ་གཏན་ནི། འདུ་ཤེས་ཡོད་མིན་མེད་མིན་ནོ། །དེ་ནི་འདུ་ཤེས་ཡོད་མིན་ཡང་ཡིན་ལ། དེ་

ནི་འདུ་ཤེས་མེད་མིན་ཡང་ཡིན་ནོ། །ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་རྣམ་གྲངས་སུ་གྱུར་པའི་སྐྱེ་མཆེད་ཡིན་གྱི། དེ་སྐྱེ་མཆེད་གཞན་ནི་མ་ཡིན་ཏེ། དེས་ན་ཡོད་མིན་མེད་མིན་སྐྱེ་མཆེད་དོ། །འདི་དག་ཐམས་ཅད་དུ་ཡང་དམིགས་པ་ལས་ཡང་དག་པར་འདའ་བ་ཉིད་འཐོབ་ཀྱི་

ཡན་ལག་འདའ་བ་ནི་མ་ཡིན་ནོ། །དཔེར་ན་བསམ་གཏན་དང་པོ་ལ་སོགས་པ་རྣམས་ཟད་པར་ས་ལ་སོགས་པ་དམིགས་པ་གཅིག་ལ་དམིགས་པ་མ་སྤངས་པ་རྟོག་པ་ལ་སོགས་པའི་ཡན་ལག་ལས་ཡང་དག་པར་འདའ་བར་འགྱུར་བ་དེ་ལྟར་འདི་རྣམས་ནི་མ་ཡིན་ནོ། །འདི་རྣམས་ལ་

ནི་གཟུགས་ཀྱི་མཚན་མ་ལས་འདས་པས་དང་པོའོ། །ནམ་མཁའ་ལས་འདས་པ་ནི་གཉིས་པའོ། །ནམ་མཁའ་ལ་འཇུག་པའི་རྣམ་པར་ཤེས་པ་ལས་འདས་པ་ནི་གསུམ་པའོ། །ནམ་མཁའ་ལ་འཇུག་པའི་རྣམ་པར་ཤེས་པའི་དངོས་པོ་མེད་པ་ལས་འདས་པ་ནི་བཞི་པ་ཡིན་ཏེ། དེས་

ན་དེ་ལྟར་འདི་དག་ཐམས་ཅད་དུ་ནི་དམིགས་པ་ལས་ཡང་དག་པར་འདས་པ་ཉིད་འཐོབ་པོ། །ཡན་ལག་ལས་ཡང་དག་པར་འདའ་བ་ནི་མ་ཡིན་ཏེ། བཏང་སྙོམས་དང་སེམས་རྩེ་གཅིག་པའི་དབང་གིས་ནི་འདི་དག་ཐམས་ཅད་ཡན་ལག་གཉིས་དང་ལྡན་པ་ཡིན་ནོ། །ཇི་ལྟར་སྦོམ་པོ་དང་ཕྲ་

བ་དང་ཤིན་ཏུ་ཕྲ་བ་དང་ཆེས་ཕྲ་བའི་དོགས་པ་ལས་བཏགས་པའི་རས་ཡུག་ཆུ་ཞེང་མཉམ་པ་བཞི་པོ་རྣམས་ལ་ཚད་ཁྱད་པར་མེད་ཀྱང་རེག་ན་བདེ་བ་དང་སྲབ་པའི་ངོ་བོ་དང་རིན་ཐང་ཆེ་བ་ཉིད་རྣམས་ཀྱིས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཆེས་ཤིན་ཏུ་གྱ་ནོམ་པར་གྱུར་པ་དེ་བཞིན་དུ་འདི་རྣམས་ཡང་ཡན་ལག་

གི་ཁྱད་པར་མེད་ཀྱང་ཕྲ་བ་དང་ཞི་བའི་ངོ་བོ་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་སྔ་མ་ལས་གཞན་རྣམས་གྱ་ནོམ་པ་དང་། ཤིན་ཏུ་གྱ་ནོམ་པ་དང་། ཆེས་ཤིན་ཏུ་གྱ་ནོམ་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཐར་པའི་བཤད་པ་ལྷག་མ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་

Vol. 80 · folio 193b

ཇི་སྐད་བཤད་པ་བཞིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པའོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ནི་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་།

རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་སྟེ་ཟད་པར་བརྒྱད་དང་། ཟད་པར་རྣམ་པར་ཤེས་པ་དང་། ཟད་པར་ནམ་མཁའོ། །དེ་ལ་ཟད་པར་ས་ནི་རྣལ་འབྱོར་པ་གང་ཞིག་གོམས་པས་དབང་དུ་གྱུར་པའི་བསམ་གཏན་དང་པོའི་ཏིང་ངེ་འཛིན་ལས་ལངས་

ནས་སྙོམས་པར་འཇུག་པ་འདི་ནི་ཉེ་བར་གནས་པའི་སྒྲིབ་པའི་གཉེན་པོ་ཡིན་ཞིང་རྟོག་པ་རགས་པ་ཉིད་ཡིན་པའི་ཕྱིར། ཡན་ལག་སྟོབས་ཆུང་བ་ཡང་ཡིན་ནོ་ཞེས་བྱ་བར་དེའི་སྐྱོན་མཐོང་ནས། བསམ་གཏན་གཉིས་པ་ལ་ཞི་བ་ཉིད་དུ་ཡིད་ལ་བྱས་ཏེ། བསམ་གཏན་དང་པོ་ལ་

མཐའ་གཅིག་ཏུ་ཡོངས་སུ་མ་བཟུང་བར་གཉིས་པ་ཐོབ་པར་བྱ་བའི་དོན་དུ་ཡན་ལག་རྣམས་ལ་རྟོག་པ་ཙམ་རགས་པ་ཡིན་ཞིང་དཔྱོད་པ་ལ་སོགས་པ་ལ་ཞི་བ་ཉིད་དུ་ཉེ་བར་གནས་པ་ཡིན་ནོ། །འདི་རགས་པའི་ཡན་ལག་སྤང་བར་བྱ་བའི་ཕྱིར་དང་ཞི་བའི་ཡན་ལག་ཐོབ་པར་བྱ་བའི་ཕྱིར་

དེ་ཉིད་རྒྱུ་མཚན་དུ་བྱེད་པ་ཡང་མ་ཡིན་གྱི། སའོ་ཞེས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་ནི་ཟད་པར་སར་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཟད་པར་ཆུ་ལ་སོགས་པ་དགུ་པོ་རྣམས་ལ་ཡང་ཚུལ་འདི་ཉིད་ཡིན་པར་བལྟའོ། །སྔར་སྒོམ་པ་གོམས་པར་བྱས་པ་ལ་ནི་ཆུ་

ཀླུང་དང་། ལྟེང་ཀ་དང་། རྫིང་བུ་ལ་སོགས་པ་རྣམས་སུ་མ་བྱས་པ་ཁོ་ནར་ཟད་པར་ཆུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ནགས་ཀྱི་མེ་འབར་ཞིང་དུ་བ་འཐུལ་བ་རྣམས་སུ་ནི་ཟད་པར་མེའོ། །རླུང་གིས་བསྐྱོད་པའི་འོད་མ་དང་འཁྲི་ཤིང་གི་ལོ་མ་ལ་སོགས་པ་རྣམས་ལ་རླུང་འདི་ནི་

གནས་འདི་རབ་ཏུ་རྒྱུ་བ་ཡིན་ནོ་ཞེས་ཀུན་ཏུ་ལྟ་བ་ནི་རླུང་ངོ་། །མེ་ཏོག་དང་། ནོར་བུ་དང་། གོས་ལ་སོགས་པ་སྔོན་པོ་བཏིང་བ་ལ་ནི་ཟད་པར་སྔོན་པོའོ། །དེ་དག་ཉིད་སེར་པོ་དང་། དམར་པོ་དང་། དཀར་པོར་གྱུར་པ་ལ་ནི་ཟད་པར་སེར་པོ་ལ་སོགས་པའོ། །ཚོན་མོ་སྟེ་ས་དང་།

Vol. 80 · folio 194a

རླུང་དང་། ཟླ་བའི་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་ནི་ཟད་པར་དཀར་པོའོ། །སྐར་ཁུང་གི་ནང་ལ་སོགས་པར་ཞུགས་པའི་ཟླ་བ་དང་ཉི་མའི་འོད་རྣམས་ཀྱི་རྩིག་པ་དང་སའི་ཕྱོགས་སུ་བསྐྱེད་པའི་འོད་ཀྱི་དཀྱིལ་འཁོར་དང་། ཤིང་གི་ལོ་མའི་ཚོགས་ཀྱི་གསེབ་

ནས་བྱུང་བ་རྣམས་ཁོ་ནས་ས་གཞི་ལ་བསྐྱེད་པ་ཟླ་བའི་འོད་དང་ཉི་མའི་འོད་ཀྱི་ཐིག་ལེ་ལ་རྣམ་པར་ལྟ་བ་ནི་ཟད་པར་རྣམ་པར་ཤེས་པའོ། །སྐར་ཁུང་གི་ནང་དང་། རྩིག་པའི་བུ་ག་ལ་སོགས་པ་རྣམས་སུ་ཟད་པར་ནམ་མཁའ་སྐྱེ་བར་འགྱུར་རོ། །གང་ཞིག་སྔར་བསྒོམས་པ་གོམས་པར་

མ་བྱས་པ་ལས་དང་པོ་པའི་སྡོམ་བརྩོན་ལ་དེ་ལྟར་མི་སྐྱེ་བས་དེའི་ཡོངས་སུ་སྦྱོང་བའི་ཁྱད་པར་ཤེས་པར་བྱའོ། །དེས་ནི་སྔོན་པོ་ལ་སོགས་པའི་ཁ་དོག་གི་དབྱེ་བ་དང་བྲལ་བའི་ཆུ་དྲི་མ་མེད་པ་ནམ་མཁའ་ནས་བབ་པའམ་ཡོངས་སུ་དག་པའི་ཆུ་ཚགས་ལས་འཛག་པ་རྣམས་ཀྱིས་ལྷུང་བཟེད་དང་

ཁར་གཞོང་ལ་སོགས་པའི་སྣོད་གང་ཡང་རུང་བ་བཀང་ནས་རྗེས་སུ་མཐུན་པའི་གནས་སུ་འདུག་ཅིང་བདེ་བར་གནས་པས་ཡིད་ལ་བྱེད་པ་བརྩམ་པར་བྱ་སྟེ། འདི་ནི་ཟད་པར་ཆུའི་ཡོངས་སུ་སྦྱོང་བའོ། །སྣུམ་ཞིང་སྙིང་པོ་དང་བཅས་པའི་ཤིང་དུམ་བུར་གཏུབས་ནས་ཤིང་དྲུང་ངམ་

འགྲོན་ཁང་ཡང་རུང་སྟེ་རྗེས་སུ་མཐུན་པར་རྫ་སོ་གཏོང་བའི་ཚུལ་དུ་སྤུངས་ཏེ། མཐོ་གང་སོར་བཞིའི་ཚད་ཀྱི་བུ་ག་བྱས་པ་ཀུན་ཏུ་སྦར་ནས་པགས་པའམ་རེ་ལྡེ་གང་ཡང་རུང་བའི་སྟན་མདུན་དུ་བཏིང་བ་ལ་བདེ་བར་གནས་པས་འོག་ཏུ་ཤིང་དང་རྩྭ་དང་སྟེང་དུ་བྱ་འཕུར་བར་ཡིད་ལ་བྱ་ཞིང་

དབུས་སུ་མེ་འབར་བ་མཐུག་པོའི་ཕུང་པོ་རྒྱུ་མཚན་དུ་གཟུང་བར་བྱ་སྟེ། འདི་ནི་ཟད་པར་མེའི་ཡོངས་སུ་སྦྱོང་བའོ། །མེད་ན་བྱས་ཀྱང་རུང་སྟེ་རྩིག་པའི་བུ་གའམ། དེའི་སྐར་ཁུང་གི་བུ་གའམ། ཉེ་ཀོར་དུ་འདུག་སྟེ། ཡན་ལག་གི་ཕྱོགས་གང་ལ་རླུང་གི་རེག་པ་དེར་དྲན་པ་གཏད་པར་བྱ་

སྟེ། འདི་ནི་ཟད་པར་རླུང་གི་ཡོངས་སུ་སྦྱོང་བའོ། །ཨུཏྤལ་སྔོན་པོ་དང་གི་རི་ཀར་ནི་ཀ་ལ་སོགས་པ་ཡུ་བ་དང་། གེ་སར་གསལ་བ་དང་། གོས་དང་། སྣོད་དང་། ཟ་མ་ཏོག་སྔོན་པོ་ལ་སོགས་པ་རྣམས་གང་ཡང་རུང་བ་བཀྲམ་པས་ཁེང་པར་བྱས་པའམ། དེ་བཞིན་དུ་

Vol. 80 · folio 194b

རས་སྔོན་པོ་རྔ་བོ་ཆེའི་མཐིལ་ལྟར་བརྒྱངས་པ་ལ་ནི་ལ་ཀང་པ་དང་། པ་ལ་ཤ་སྔོན་པོ་དང་། མིག་སྨན་སྔོན་པོ་ལ་སོགས་པ་གང་ཡང་རུང་བའི་ཚོན་གྱིས་འཕོ་བ་དང་། མི་འཕོ་བའི་དཀྱིལ་འཁོར་བྱས་ནས་ཁ་དོག་མི་མཐུན་པ་གང་ཡང་རུང་བས་ཡོངས་སུ་བཅད་དེ། དེ་དང་ཉེ་བར་

སྟན་བདེ་བ་ལ་འདུག་ནས་ཡིད་ལ་བྱེད་པ་འཇུག་པར་བྱ་སྟེ། འདི་ནི་ཟད་པར་སྔོན་པོ་ཡོངས་སུ་སྦྱོང་བའོ། །ཟད་པར་སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ལ་ཡང་ཚུལ་འདི་ཉིད་ཡིན་ཏེ། འདིར་སྔོན་པོ་གང་ཡིན་པ་དེ་ནི་དེ་རྣམས་སུ་སེར་པོ་ལ་སོགས་པའི་ཁ་དོག་ཡིན་

པར་བཟུང་ངོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །ཡང་བུམ་པའི་ནང་དུ་མར་མེ་སྦར་བ་ཁ་བཅད་ནས་དེ་ལ་བུག་པ་ཧ་ཅང་མི་ཆེ་བ་གཏོད་དེ། རྩིག་པ་ལ་མངོན་དུ་ཕྱོགས་པས་བཞག་པ་དེ་ལས་བྱུང་བའི་མར་མེའི་འོད་ཀྱིས་རྩིག་པ་ལ་བསྐྱེད་པའི་སྣང་བའི་དཀྱིལ་འཁོར་ཡུན་རིང་དུ་གནས་

པར་གྱུར་པ་དེ་ཡིད་ལ་བྱ་སྟེ། འདི་ནི་ཟད་པར་རྣམ་པར་ཤེས་པའི་ཡོངས་སུ་སྦྱོང་བའོ། །རྩིག་པ་དང་རེ་ལྡེ་དང་སྣམ་བུ་རྣམས་གང་ཡང་རུང་བས་གཡོགས་པའི་གནས་སུ་མཐོ་གང་སོར་བཞི་པའི་བུ་ག་གཏོད་ནས་ཡིད་ལ་བྱེད་པ་འཇུག་པར་བྱ་སྟེ། ཡོངས་སུ་བཅད་པ་འདི་ནི་

ཟད་པར་ནམ་མཁའི་ཡོངས་སུ་སྦྱོང་བའོ། །དེ་ལྟ་བུ་ནི་རེ་ཞིག་འདི་རྣམས་ཀྱི་ཡོངས་སུ་སྦྱོང་བའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །བྱས་པའམ་མ་བྱས་པའི་ཟད་པར་དེ་རྣམ་པ་དགུ་ཆར་ལ་ཡང་འཛིན་པ་དང་སྣང་བ་ཞེས་བྱ་བའི་མཚན་མ་གཉིས་སྐྱེའོ། །དེ་ལ་ཟད་པར་ཆུའི་འཛིན་

པའི་མཚན་མ་ནི། དབུ་བ་དང་ཆུ་བུར་དང་འདྲེས་པའི་ཆུ་ལ་གཡོ་བའི་རྣམ་པ་དེ་འདྲ་བར་གྱུར་པ་ཉིད་དུ་གྱུར་ནས་ཉེ་བར་གནས་པར་འགྱུར་ཏེ། དེ་ལ་འབད་པ་བྱས་ན་སྐྱོན་དེ་སྤོང་བར་ནུས་ལ། མ་བྱས་ན་སྐྱོན་ནོ། །མ་བྱས་ན་ནི་ཟད་པར་གྱི་ཉེས་པར་གདགས་སོ། །སྣང་བའི་མཚན་མ་

ནི་ནམ་མཁའ་ལ་གནས་པའི་ནོར་བུའི་རླུང་ཡབ་ལྟ་བུ་དང་། ནོར་བུའི་རང་བཞིན་གྱི་མེ་ལོང་གི་དཀྱིལ་འཁོར་ལྟ་བུ་ཡོངས་སུ་མི་གཡོ་བའི་རྣམ་པ་ཅན་དུ་གྱུར་ནས་ཉེ་བར་གནས་པ་ཡིན་ནོ། །ཟད་པར་མེའི་འཛིན་པའི་མཚན་མ་ཡང་ཆད་ཅིང་ལྟུང་བ་ལྟ་བུར་གཡོ་བ་ཉེ་བར་གནས་པ་སྟེ།

Vol. 80 · folio 195a

མ་བྱས་ན་ནི་འདིར་ཟད་པར་གྱིས་ཉེས་པར་གདགས་ཤིང་འགལ་བ་དང་། སོལ་བ་དང་། ཐལ་བ་དང་། དུ་བ་རྣམས་ལ་ཅུང་ཟད་ཅུང་ཟད་ཉེ་བར་གནས་སོ། །སྣང་བའི་མཚན་མ་ནི་ནམ་མཁའ་ལ་གནས་པའི་ལྭ་བ་དམར་པོ་ལྟ་བུའམ། གསེར་གྱི་རླུང་ཡབ་

ལྟ་བུའམ། གསེར་གྱི་ཀ་བ་ལྟ་བུར་ཉེ་བར་གནས་པ་ཡིན་ནོ། །ཟད་པར་རླུང་གི་འཛིན་པའི་མཚན་མ་ནི་འོ་མ་བསྐོལ་བ་ཕོག་མ་ཐག་པའི་རླངས་པ་འཐུལ་བ་ལྟ་བུར་གྱུར་ནས་ཉེ་བར་གནས་སོ། །སྣང་བའི་མཚན་མ་ནི་འདུག་པ་ལྟ་བུར་མི་གཡོ་བར་གྱུར་པ་ཡིན་ནོ། །ཟད་པར་སྔོན་

པོ་ལ་ནི་མེ་ཏོག་གེ་སར་དང་སྡོང་བུ་མེད་པ་ལྟ་བུ་སྟེ། གེ་སར་དང་སྡོང་བུ་རྣམས་དང་། ཅིག་ཤོས་འདབ་མ་གཞན་དུ་བྱས་པ་ཞེས་བྱ་བ་འདི་ནི་ཟད་པར་གྱི་ཉེས་པར་གདགས་སོ། །སྣང་བའི་མཚན་མ་ནི་ཟད་པར་གྱི་དཀྱིལ་འཁོར་ལས་འཕགས་པས་ནོར་བུའི་རླུང་ཡབ་ལྟ་བུ་ནམ་མཁའ་ལ་སྣང་

བའོ། །ཟད་པར་སེར་པོ་ལ་སོགས་པ་རྣམས་ལ་ཡང་ཚུལ་འདི་ཉིད་ཡིན་ནོ། །ཟད་པར་རྣམ་པར་ཤེས་པའི་འཛིན་པའི་མཚན་མ་ནི་སའམ་རྩིག་པར་སྐྱེས་པར་གྱུར་པའི་དཀྱིལ་འཁོར་དང་འདྲ་བ་ཉིད་དུ་འགྱུར་བའོ། །སྣང་བའི་མཚན་མ་ནི་སྣང་བའི་ཚོགས་སྟུག་པོ་རབ་ཏུ་དང་བ་དང་འདྲ་བའོ། །

ཟད་པར་ནམ་མཁའི་འཛིན་པའི་མཚན་མ་ནི། རྩིག་པའི་མཐའ་ལ་སོགས་པ་དང་བཅས་པར་བུ་ག་དང་འདྲ་བ་ཉིད་དུ་འགྱུར་ལ་བསྐྱེད་ཀྱང་འཕེལ་བར་མི་འགྱུར་བ་དང་། སྣང་བའི་མཚན་མ་ནི་ནམ་མཁའི་དཀྱིལ་ལྟ་བུར་གྱུར་ནས་ཉེ་བར་གནས་ཤིང་བསྐྱེད་ན་ནི་འཕེལ་བར་འགྱུར་བའོ། །

དེ་ལྟར་ན་འདིར་བྱས་པའམ་མ་བྱས་པའི་ཟད་པར་གྱི་འཛིན་པ་དང་སྣང་བའི་མཚན་མ་དག་གི་ཁྱད་པར་ཤེས་པར་བྱའོ། །མཚན་མ་རྣམ་པ་འདི་དགུ་ཆར་ལ་ཡང་བདེ་བར་འདུག་ནས་ཁ་དོག་ལ་སོ་སོར་རྟོག་པ་དང་མཚན་ཉིད་ཡིད་ལ་བྱེད་པ་དག་སྤངས་ཏེ། ཟད་པར་ས་ལ་བརྗོད་པའི་ཚུལ་དུ་

བཏགས་པ་ཙམ་ལ་སེམས་བཞག་ནས་ཆུ་ཆུ་མེ་མེ་ཞེས་བྱ་བ་དེ་དང་དེའི་མིང་གསལ་བའི་དབང་ཉིད་ཀྱིས་གོམས་པར་བྱ་སྟེ། དེ་རྣམས་ཀྱི་དེ་དང་དེ་ལ་གོམས་པའི་ཁྱད་པར་ནི་དེ་ལྟ་བུ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་གོམས་པ་དེ་རྣམས་ལ་སྔ་མ་ཁོ་ན་བཞིན་དུ་ཡན་ལག་དང་བཅས་པའི་

Vol. 80 · folio 195b

ཏིང་ངེ་འཛིན་དེ་རྣམས་འབྱུང་བར་འགྱུར་རོ། །ཟད་པར་ས་ལ་དབང་དུ་གྱུར་པ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་དང་ལྡན་པར་གྱུར་པ་ན། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་ཞེས་བྱ་བ་དང་། སྣང་བར་གྱུར་པ་དང་། ནམ་མཁའ་འམ་ཆུ་ལས་སར་སྤྲུལ་ནས་རྐང་པ་གཉིས་ཀྱིས་

འགྲོ་བ་ལ་སོགས་པ་དང་། གཡོ་བར་བྱེད་པ་ལ་སོགས་པའི་ཁྱད་པར་འདི་འགྲུབ་པར་འགྱུར་རོ། །ཟད་པར་ཆུའི་དབང་གིས་ནི་ས་ལ་བྱེའུ་ཟུལ་བྱེད་པ་དང་། སྟེང་དུ་འབྱུང་བ་དང་། ཆུའི་ཆར་འབེབས་པ་དང་། ས་དང་རི་བོ་ལ་སོགས་པ་རྣམས་ཆུ་བོ་དང་རྒྱ་མཚོ་ལ་སོགས་པར་སྤྲུལ་

པ་ཡང་དག་པར་འགྲུབ་པོ། །ཟད་པར་མེའི་དབང་གིས་ནི་དུ་བ་འཐུལ་བའམ་མེ་རབ་ཏུ་འབར་བ་དང་། མེ་མདག་གི་ཆར་འབེབས་པ་དང་། མེ་ཀུན་དུ་ལེན་པ་དང་། གང་དང་གང་འདོད་པ་དེ་དང་དེ་བསྲེག་པར་ནུས་པ་ཉིད་དང་། ལྷའི་མིག་གིས་ཡུལ་གསལ་བར་བྱ་བའི་དོན་དུ་

སྣང་བར་བྱེད་པ་དང་། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་མེའི་ཁམས་ཀྱིས་ལུས་བསྲེག་པ་ལ་སོགས་པ་འགྲུབ་པར་འགྱུར་རོ། །ཟད་པར་རླུང་གི་དབང་གིས་ནི་རླུང་ལྟར་མགྱོགས་པར་འགྲོ་བ་དང་རླུང་གི་ཆར་རབ་ཏུ་འབེབས་པ་ལ་སོགས་པའོ། །ཟད་པར་སྔོན་པོའི་དབང་གིས་

ནི་གཟུགས་སྔོན་པོར་སྤྲུལ་པ་དང་། མུན་པར་བྱེད་པ་ལ་སོགས་པའོ། །ཟད་པར་སེར་པོའི་དབང་གིས་ནི་གཟུགས་སེར་པོར་སྤྲུལ་པ་དང་། གསེར་དུ་རྣམ་པར་འགྱུར་བ་ལ་སོགས་པའོ། །ཟད་པར་དམར་པོའི་དབང་གིས་ནི་གཟུགས་དམར་པོར་སྤྲུལ་པ་ལ་སོགས་པའོ། །ཟད་པར་

དཀར་པོའི་དབང་གིས་ནི་གཟུགས་དཀར་པོར་སྤྲུལ་པ་དང་། རྨུགས་པ་དང་། གཉིད་རིང་དུ་བྱེད་པ་དང་། མུན་པ་རྣམ་པར་འཇིག་པ་དང་ལྷའི་མིག་གིས་ནི་ཡུལ་སྣང་བར་བྱེད་པ་ལ་སོགས་པའོ། །ཟད་པར་རྣམ་པར་ཤེས་པའི་དབང་གིས་ནི་གཟུགས་གསལ་བ་དང་། རྨུགས་པ་དང་།

གཉིད་རྒྱང་རིང་བར་བྱེད་པ་དང་མིག་གིས་ཡུལ་སྣང་བར་བྱེད་པ་ལ་སོགས་པའོ། །ཟད་པར་ནམ་མཁའི་དབང་གིས་ནི་བསྒྲིབས་པ་རྣམས་རྣམ་པར་འབྱེད་པ་དང་། ས་དང་རི་བོ་ལ་སོགས་པ་རྣམས་ཀྱི་ནང་ན་ནམ་མཁར་སྤྲུལ་ནས་སྤྱོད་ལམ་བྱེད་པ་དང་། རྩིག་པ་ལ་སོགས་པ་ལ་ཐད་ཀར་ཐོགས་

Vol. 80 · folio 196a

པ་མེད་པར་འགྲོ་བ་ལ་སོགས་པ་འགྲུབ་པར་འགྱུར་རོ། །རྒྱུན་མི་འཆད་པར་ཁྱབ་པར་སྤྲོ་བ་ན་ཟད་པར་གྱི་སྐྱེ་མཆེད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་བརྒྱད་དེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཁ་དོག་བཟང་པོ་དང་། ཁ་དོག་

ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པར་གྱུར་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ཕྱི་རོལ་གྱི་གཟུགས་ཆེན་པོར་གྱུར་པ་ལ་ལ་ཡང་དེ་བཞིན་ནོ། །ནང་གཟུགས་མེད་པར་འདུ་ཤེས་

པ་ཉིད་ལ་དེ་བཞིན་དུ་སྦྱར་བ་བཞིན་དང་། ནང་གཟུགས་མེད་པར་འདུ་ཤེས་པ་ཉིད་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ལ་བལྟ་བ་སྟེ། དེ་ལྟར་བརྒྱད་དུ་འགྱུར་རོ། །དེ་ལ་སྔོན་པོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་བསྐྱེད་

པའི་སྔོན་པོ་ཉིད་ཡིན་པའི་ཕྱིར་རོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་སྔོན་པོ་ཉིད་ཡིན་པའི་ཕྱིར་རོ། །འོད་སྔོན་པོ་འབྱུང་བ་ཞེས་བྱ་བ་ནི་དེ་གཉིས་འོད་འཕྲོ་ཞིང་མདངས་གསལ་བ་ཡིན་པའི་ཕྱིར་རོ། །ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་དབང་བསྒྱུར་བས་སོ། །

ཤེས་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ་གྱིས་སོ། །ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིས་སོ། །དེ་ལྟར་འདུ་ཤེས་པར་གྱུར་པ་ཞེས་བྱ་བ་ནི་ཟིལ་གྱིས་མནན་ཏམ་མ་ནོན་ཀྱང་རུང་སྟེ། དེ་ལ་མངོན་པའི་ང་རྒྱལ་གྱི་འདུ་ཤེས་མེད་པའི་ཕྱིར་རོ། །གཅིག་ལ་

དཔེ་གཉིས་བཀོད་པ་ནི་ལྷན་ཅིག་སྐྱེས་པ་དང་སྦྱོར་བ་ལས་བྱུང་བའི་ཁ་དོག་བསྟན་པའི་དོན་དུའོ། །དཔེར་ན་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་དང་རས་དག་ལ་ཐུན་མོང་དུ་བསྟན་པའི་ཚིག་གོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་གི་དབང་དུ་བྱས་པ་སྟེ། དེ་ནི་ལྷན་ཅིག་སྐྱེས་པའི་སྔོན་པོ་ཉིད་ཡིན་

པའི་ཕྱིར་རོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་རས་ཀྱི་དབང་དུ་བྱས་པ་སྟེ། དེ་ནི་སྦྱོར་བ་ལས་བྱུང་བའི་སྔོན་པོ་ཉིད་ཡིན་པའི་ཕྱིར་རོ། །འོད་སྔོན་པོ་འབྱུང་བ་ཞེས་བྱ་བ་ནི་མེ་ཏོག་དང་རས་གཉི་གའི་དབང་དུ་བྱས་པ་སྟེ། མདངས་གསལ་བ་ཉིད་གཉི་ག་ལ་ཡོད་པའི་ཕྱིར་རོ། །

Vol. 80 · folio 196b

དེ་ལྟར་བྱས་ནས་དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཁ་དོག་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་ཞེས་དཔེ་དང་བཅས་པར་བསྟན་པ་ནི་རིག་པ་ཡིན་ཏེ། སེར་པོ་ལ་ནི་དོང་ཀའི་མེ་ཏོག །དམར་པོ་ལ་ནི་བན་དུ་ཛི་བ་ཀའི་མེ་ཏོག་གམ། དཀར་པོ་ལ་ནི་

སྐར་མ་པ་བ་སངས་སམ། རས་ཁ་དོག་ཕུན་སུམ་ཚོགས་པའོ། །དམིགས་པ་ཟིལ་གྱིས་གནོན་པས་དེ་ལ་དབང་བསྒྱུར་བའི་ཕྱིར། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དོ། །ཉོན་མོངས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་ཕ་རོལ་གྱི་ཉོན་མོངས་པ་སྐྱེ་བ་རྗེས་སུ་བསྲུང་བས་

གནས་པ་ཡང་དག་པར་གྲུབ་པ་ན། ཤེས་རབ་དང་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་ཡིན་པས་ཏེ། གཞན་གྱི་རྒྱུད་ལ་ཡོད་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མི་སྐྱེ་བས་ན་ཉོན་མོངས་པའོ། །དེ་ལ་ཉན་ཐོས་རྣམས་

ལ་སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་ཉོན་མོངས་མེད་པ་ནི། །མི་ཡི་ཉོན་མོངས་ཡོངས་སྤངས་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་གང་གསུངས་པ་ཡིན་ཏེ། འདི་ལྟར་

ཉན་ཐོས་རྣམས་ནི་གྲོང་ལ་སོགས་པ་རྣམས་སུ་སེམས་ཅན་གང་གི་ཉོན་མོངས་པ་སྤོང་བར་འདོད་པས་དེ་ལ་ལྟ་བར་མི་འདོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ང་ལ་དམིགས་ནས་ཉོན་མོངས་པ་རྒྱུན་དུ་གནས་པར་མ་གྱུར་ཅིག་ཅེས་ལྷག་པར་ཡང་དེ་ཉིད་ལ་གཟིགས་

པར་བཞེད་དོ། །སྨོན་ནས་མཁྱེན་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་འདི་ཤེས་པར་གྱུར་ཅིག་སྙམ་པའི་སྨོན་ལམ་གྲུབ་པ་ན་སྔ་མ་ལྟར་དེ་ཐོབ་པ་ནི་ཁམས་གསུམ་ན་གནས་པའི་ཤེས་བྱ་གང་དང་གང་མཁྱེན་པར་འདོད་པ་དེ་དང་དེ་ལ་འདི་ཤེས་པར་བྱའོ་སྙམ་དུ་ཡིད་ལ་སྨོན་ཏེ་བསམ་

གཏན་ལ་སྙོམས་པར་ཞུགས་ནས་དེ་ལས་ལངས་པ་ན་སྨོན་པ་དེས་ཤེས་བྱ་དེ་རིག་པར་བྱའོ། །དེ་ལ་ཉན་ཐོས་ལ་སོགས་པ་རྣམས་ལས་སངས་རྒྱས་ཀྱི་སྨོན་གནས་མཁྱེན་པའི་ཁྱད་པར་ནི་འདི་ཡིན་ཏེ། སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང་། །ཐོགས་པ་

Vol. 80 · folio 197a

མེད་དང་རྟག་གནས་དང་། །འདྲི་བ་ཀུན་ལན་འདེབས་པར་བྱེད། །ཅེས་གང་གསུངས་པ་ཡིན་ནོ། །དེ་ལ་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་ནི་རང་གི་ངང་གིས་འཇུག་པའོ། །ཆགས་སྤངས་ཞེས་བྱ་བ་ནི་རྒྱུན་མི་འཆད་པའོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་

ལས་འཇུག་པའོ། །རྟག་གནས་ཞེས་བྱ་བ་ནི་ཐུགས་རྟག་ཏུ་མཉམ་པར་གཞག་པས་གནས་པའོ། །འདྲི་བ་ཀུན་ལན་འདེབས་པར་ཞེས་བྱ་བ་ནི་ཞུས་པའི་ལན་ཐམས་ཅད་འདེབས་པར་མཛད་པའོ། །ཉན་ཐོས་རྣམས་ཀྱི་སྨོན་གནས་ཤེས་པ་དེ་ལས་བཟློག་པར་ངེས་པར་བྱའོ། །མངོན་པར་ཤེས་

པ་དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པའོ། །འདི་དག་གི་བཤད་པ་ནི་གདམས་ངག་གི་

སྐབས་སུ་ཇི་སྐད་བཤད་པ་བཞིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ། ཆོས་སོ་སོ་ཡང་དག་པར་རིག་པ་ནི་བསམ་གཏན་ལ་བརྟེན་ནས་དཔེར་ན་མ་རིག་པ་ལས་བརྩམས་ཏེ་མི་ཤེས་པ་དང་མི་མཐོང་བ་དང་མངོན་པར་མ་རྟོགས་པ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ལ་ཐོགས་པ་མེད་པ་ཡང་དག་

པར་གྲུབ་པ་ན་ཏིང་ངེ་འཛིན་གང་ཡིན་པའོ་ཞེས་ཐམས་ཅད་ལ་སྦྱར་རོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང་དོན་གཞན་ལ་དགོངས་པ་ལ་སོགས་པ་ལ་ཐོགས་པ་མེད་པར་ཡང་དག་པར་གྲུབ་པ་ཞེས་བྱ་བ་སྟེ། རྒྱ་ཆེར་རོ། །ངེས་པའི་ཚིག་སོ་སོ་ཡང་

དག་པར་རིག་པ་ནི་ཡུལ་གྱི་སྐད་ཡུལ་སོ་སོ་ལ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཕན་ཚུན་མིང་གཞན་གྱི་ཐ་སྙད་བྱེད་པ་དང་། དཔེར་ན་འཇིག་ཅིང་རབ་ཏུ་འཇིག་པ་དེའི་ཕྱིར་འཇིག་རྟེན་ནོ་ཞེས་བྱ་བ་དང་། གཟུགས་སུ་རུང་བས་ན་གཟུགས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ངེས་པའི་ཚིག་ལའོ། །

སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་ཆོས་ཀྱི་རབ་ཏུ་དབྱེ་བ་རྣམས་ཐོགས་པ་མེད་པར་ཡང་དག་པར་གྲུབ་པ་ནས་སྔ་མ་བཞིན་ནོ། །དེ་ལ་རབ་ཏུ་དབྱེ་བ་ནི་རྫས་སུ་ཡོད་པ་དང་། བཏགས་པར་ཡོད་པ་དང་དོན་དམ་པར་ཡོད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །རྣམ་པ་ཐམས་ཅད་དུ་

Vol. 80 · folio 197b

ཡོངས་སུ་དག་པ་བཞི་གང་ཞེ་ན། རྟེན་ལེན་པ་དང་གཏོང་བ་དང་གནས་པ་རྣམས་ལ་འདོད་པ་བཞིན་སྤྱོད་པའི་ཕྱིར་རྟེན་ཡོངས་སུ་དག་པ་དང་། དམིགས་པ་སྤྲུལ་པ་དང་སྒྱུར་བ་དག་ལ་འདོད་པ་བཞིན་དུ་སྤྱོད་པའི་ཕྱིར་དམིགས་པ་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ལ་མངའ་བརྙེས་པའི་

ཕྱིར་ཐུགས་ཡོངས་སུ་དག་པ་དང་། ཡེ་ཤེས་ལ་མངའ་བརྙེས་པའི་ཕྱིར་ཡེ་ཤེས་ཡོངས་སུ་དག་པའོ། །དབང་བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེ་ལ་དབང་བ་ནི་འདོད་པ་བཞིན་འཆི་བས་བསྡུས་པ་ཉིད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པར་བྱ་བ་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། ལོངས་སྤྱོད་བྱིན་པས་སེམས་ཅན་རྣམས་ཀྱི་ཚེའི་རྒྱུར་འགྱུར་བའི་ཕྱིར་རོ། །སེམས་ལ་དབང་བ་ནི་མངོན་པར་འདོད་པ་ཇི་ལྟ་བ་བཞིན་དུ་སེམས་ལ་འཇུག་པས་བསྡུས་པ་དེ་ཐོབ་པར་བྱ་བ་ཉིད་དེ། ལོངས་སྤྱོད་བྱིན་པས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་

སེམས་ཀྱི་རྗེས་སུ་གཙོར་འཇུག་པའི་ཕྱིར་རོ། །ཡོ་བྱད་ལ་དབང་བ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོ་བྱད་ཉེ་བར་གནས་པར་བྱེད་པས་དེ་ཐོབ་པར་བྱ་བ་ཉིད་དེ། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཡོ་བྱད་རབ་ཏུ་སྦྱིན་པའི་ཕྱིར་རོ། །ལས་ལ་དབང་བ་ནི་མངོན་པར་འདོད་པ་ཇི་ལྟ་བ་

བཞིན་དུ་ལུས་དང་ངག་གི་ལས་ཉེ་བར་བསྡུས་པས་གནས་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ལུས་ཀྱི་ལས་དང་ངག་གི་ལས་ཁ་ན་མ་ཐོ་བ་མེད་པ་ལ་བསམ་པ་ཇི་ལྟ་བ་བཞིན་དུ་བསྐུལ་བའི་ཕྱིར་རོ། །

སྐྱེ་བ་ལ་དབང་བ་ནི་ཇི་ལྟར་མངོན་པར་འདོད་པ་བཞིན་འགྲོ་བར་སྐྱེ་བས་བསྡུས་པ་སྟེ། དེ་ཐོབ་པར་བྱ་བ་ཉིད་དོ། ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་གྲུབ་པའི་ཕྱིར་རོ། །མོས་པ་ལ་དབང་བ་ནི། མོས་པ་ཇི་ལྟ་བ་བཞིན་དུ། ས་ལ་སོགས་པ་རྣམས་

གསེར་ལ་སོགས་པའི་དངོས་པོར་དེའི་མོས་པའི་རྗེས་སུ་བྱེད་པས་བསྡུས་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔོན་གྱི་ཚེ་རབས་རྣམས་སུ་བཟོད་པ་དེས་སེམས་ཅན་གྱི་མོས་པའི་རྗེས་སུ་ཞུགས་པའི་ཕྱིར་རོ། །སྨོན་ལམ་ལ་

Vol. 80 · folio 198a

དབང་བ་ནི་ཇི་ལྟར་སྨོན་པ་བཞིན་ཡང་དག་པར་འགྲུབ་པས་བསྡུས་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་མ་བཏང་བའི་ཕྱིར་རོ། །མངོན་

པར་ཤེས་པ་ལྔས་བསྡུས་པའི་རྫུ་འཕྲུལ་ལ་དབང་བ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པར་བྱ་བ་ཡིན་ཏེ། སྔོན་སེམས་ཅན་རྣམས་ཀྱི་དགོས་པ་ཇི་ལྟ་བ་བཞིན་བསམ་གཏན་ལ་སྙོམས་པར་ཞུགས་པའི་ཕྱིར་རོ། །ཡེ་ཤེས་ལ་དབང་བ་ནི་ཇི་ལྟར་འདོད་པ་

བཞིན་དུ་ཡེ་ཤེས་མངོན་དུ་བྱེད་པས་བསྡུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པར་བྱ་སྟེ། སྔོན་སེམས་ཅན་རྣམས་ཀྱི་འདོད་པ་ཇི་ལྟ་བ་བཞིན་དུ་མངོན་དུ་བྱེད་པ་ལ་སྦྱར་བའི་ཕྱིར་རོ། །ཆོས་ལ་དབང་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པ་མངོན་པར་

འདོད་པ་ཇི་ལྟ་བ་བཞིན་སྟོན་པས་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པར་བྱ་བ་ཉིད་དེ། སྔོན་སེམས་ཅན་རྣམས་འདོད་པ་དང་མཐུན་པར་མདོ་ལ་སོགས་པའི་ཆོས་ལ་སྦྱར་བའི་ཕྱིར་རོ། །སྟོབས་བཅུ་ནི་འདི་ལྟ་སྟེ། གནས་དང་གནས་མ་ཡིན་

པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་།

ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །འདི་རྣམས་ཀྱི་དོན་ནི་རྒྱ་ཆེར་

གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ལ་སོགས་པའི་མདོ་སྡེ་ལས་གསུངས་པར་བལྟའོ། །མི་འཇིགས་པ་བཞི་ནི། ཀྱེ་མ་ང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་དམ་བཅས་པ་ལ་ཁྱོད་ཀྱི་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་བྱ་བར། དེར་ང་ལ་འགའ་

Vol. 80 · folio 198b

ཞིག་གི་རྩོད་པའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རྒྱུ་དེ་ངས་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་ཅིང་བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པས་གནས་པ་འདི་ནི་དང་པོའོ། །དེ་བཞིན་དུ་ཀྱེ་མ་ཟག་པ་འདི་དག་ཟད་དོ་ཞེས་དམ་བཅས་པ་ལ་ཁྱོད་ཀྱི་ཟག་པ་འདི་དག་མ་ཟད་དོ་

ཞེས་དེར་ང་ལ་རྩོད་པ་མེད་དོ་ཞེས་བྱ་བ་སྔ་མ་བཞིན་ཏེ་འདི་ནི་གཉིས་པའོ། །གང་ཡང་ངས་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བའི་ལམ་བསྟན་པ་ན་དེ་བསྟེན་ཀྱང་སྡུག་བསྔལ་ཡང་དག་པར་ཟད་པའི་ཕྱིར་ན་སྡུག་བསལ་མཐར་བྱ་བའི་ཕྱིར། ངེས་པར་འབྱིན་པ་མ་ཡིན་ནོ་ཞེས་འདི་འགའ་ཞིག་

རྒོལ་བའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་བ་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་གསུམ་པའོ། །གང་ཡང་ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་བསྟན་པ་དེ་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ང་ལ་འགའ་ཞིག་རྒོལ་བའི་རྒྱུ་མཚན་སྔ་མ་བཞིན་ཏེ། འདི་ནི་

མི་འཇིགས་པ་བཞི་པའོ། །བསྲུང་བ་མེད་པ་གསུམ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་སྟེ། གང་ཞིག་གཞན་འགའ་ཞིག་གིས་ཤེས་པར་འང་ཞེས་དེ་བཞིན་གཤེགས་པ་འཆབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་སྐུའི་སྤྱོད་པ་ཡོངས་སུ་མ་དག་

པ་མི་མངའ་བ་འདི་ནི་བསྲུང་བ་མེད་པ་དང་པོའོ། །སྐུའི་ཕྲིན་ལས་ཇི་ལྟ་བ་བཞིན་དུ་གསུང་དང་ཐུགས་ཀྱི་ཕྲིན་ལས་ལ་ཡང་བརྗོད་པར་བྱའོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་པ་ན་ཁ་ཅིག་གུས་པར་ཉན་ཞིང་རྣ་བ་གཏོད་ལ་ཀུན་

ཤེས་པའི་སེམས་ཉེ་བར་འཇོག་སྟེ། ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་ན། དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར། ཡིད་བདེ་བར་མི་འགྱུར། ཐུགས་ཡེང་ཡེང་པོར་མི་འགྱུར་བ་ཉིད་དང་། གཞན་གུས་པར་མི་ཉན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཟློག་པ་ན།

དེ་དེ་བཞིན་གཤེགས་པ་ཁོང་ཁྲོ་བར་མི་འགྱུར། མི་བཟོད་པར་མི་འགྱུར། ཐུགས་མི་ཆེས་པར་མི་འགྱུར་བ་ཉིད་དང་། ཁ་ཅིག་གུས་པར་ཉན་ཞིང་ཁ་ཅིག་གུས་པར་མི་ཉན་ན། དེ་དེ་བཞིན་གཤེགས་པ་དགྱེས་པའམ་ཁོང་ཁྲོ་བ་གཉིས་སུ་མི་འགྱུར་ཏེ། ཐམས་ཅད་དུ་དྲན་

Vol. 80 · folio 199a

པ་དང་ཤེས་བཞིན་དང་ལྡན་པས་བཏང་སྙོམས་སུ་གནས་པའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི། སངས་རྒྱས་རྣམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དུས་ལ་མི་འདའ་བ་སྟེ། དེ་ཉིད་ཀྱི་ཕྱིར་ན་དེ་རྣམས་ཀྱི་མཛད་པ་འབྲས་བུ་ཡོད་པར་འཐད་

པ་ཡིན་ནོ། །བག་ཆགས་ཡང་དག་པར་བཅོམ་པ་ནི། ཉོན་མོངས་པ་མ་སྤངས་པ་བཞིན་དུ་སྤྱོད་པ་ནི་འདིར་ཉོན་མོངས་པའི་བག་ཆགས་ཡིན་པར་བརྗོད་ལ། སངས་རྒྱས་བཅོམ་ལྡན་འདས་ལ་ནི། དེའང་ནུབ་པ་ཡིན་ཏེ། དེས་ན་དེ་ལ་ཉོན་མོངས་པའི་བག་ཆགས་ཡང་དག་

པར་བཅོམ་པ་ཞེས་བརྗོད་དོ། །ཐུགས་རྗེ་ཆེན་པོ་ནི་ཕན་པར་དགོངས་པ་ཉིད་དེ། གང་གིས་དུས་ཐམས་ཅད་དུ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ། ཉིན་ཞག་གཅིག་ལ་ལན་དྲུག་ཏུ་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ལ་སོ་སོར་རྟོག་པ་ཡིན་ནོ། །

ཇི་ལྟར་རྟོག་ཅེ་ན། སུ་ནི་ཡོངས་སུ་དགེ་བའི་རྩ་བ་སྨིན། སུ་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན། སུ་ནི་མངོན་པར་མཐོ་བ་བསྟན་པའི་སྣོད་ཡིན། སུ་ནི་ངེས་པར་ལེགས་པ་བསྟན་པའི་སྣོད་ཡིན། སུ་ནི་སངས་རྒྱས་ཀྱི་འབྱོར་པའི་སྣོད་ཡིན། གང་ཞིག་ལ་ཅི་ཞིག་བྱ་ཞེས་སོ་

སོར་རྟོག་གོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །དགོངས་པ་ཉམས་པ་མི་མངའོ། །ཐུགས་མཉམ་པར་མ་བཞག་པ་མི་མངའོ། །འདུ་ཤེས་སྣ་ཚོགས་པ་མི་མངའོ། །སོ་སོར་མ་བརྟགས་པའི་

བཏང་སྙོམས་མི་མངའོ། །འདུན་པ་ཉམས་པ་མི་མངའོ། །བརྩོན་འགྲུས་ཉམས་པ་མི་མངའོ། །དྲན་པ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཉམས་པ་མི་མངའོ། །ཤེས་རབ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཉམས་པ་མི་མངའོ། །འདས་པ་ལ་མ་ཆགས་པ་མ་ཐོགས་

པའི་ཡེ་ཤེས་འཇུག་གོ། །ད་ལྟར་དང་། མ་འོངས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་འཇུག་གོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །

Vol. 80 · folio 199b

ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། མ་འདྲེས་པའི་བཤད་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་ཇི་སྐད་དུ་བཤད་པ་བཞིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཁ་ཅིག་ནི་བདེན་པ་བཞི་ལ་དམིགས་

པའི་ཤེས་པ་རྣམ་པ་བཅུ་དྲུག་གིས་བསྡུས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་དེའང་ཆོས་ཐམས་ཅད་ངོ་བོ་མེད་པ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པའི་རྣམ་པའི་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ་ཞེས་ཟེར་

རོ། །གཞན་དག་ནི་འདིར་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་རྣམ་པ་བརྗོད་པར་མི་འདོད་ཀྱི། ཡིད་བཞིན་གྱི་ནོར་བུ་ལྟར་དེ་ལས་སེམས་ཅན་གྱི་དོན་དུ་གཉེར་བའི་དོན་ཁ་ན་མ་ཐོ་བ་མེད་པ་འགྲུབ་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་དག་ནི་སྤངས་པའི་རྣམ་པ་ཐམས་ཅད་ཀྱི་གཞི་

ཡིན་པའི་ཕྱིར་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེ་ལ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང་བག་ཆགས་ཀྱི་སྒྲིབ་པ་སྤངས་པ་ནི་རྣམ་པ་གསུམ་ཆར་ཡང་མངའ་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འགྲེལ་པ་འདི་ཐམས་ཅད་ཀྱང་ལེགས་

ན། སློབ་དཔོན་བཟང་སྐྱོང་གིས་སྐབས་སུ་བབ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པའི་ཤེས་བྱ་རྣམ་པ་བཅུས་བསྡུས་པའི་སྙིང་པོ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་འདི་ནི་ཤིན་ཏུ་ཆེས་ལེགས་ཏེ། ཡོངས་སུ་གྲུབ་པ་ལ་དམིགས་པས་

སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་མཛད་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །བདག་པོ་ནི་དྲན་པའོ། །རྣམ་པ་ནི་ཞི་བ་སྟེ་མཚན་ཉིད་མེད་པའོ་ཞེས་གསུངས་སོ། །དེ་ལ་བདག་པོ་དྲན་པ་ནི་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཞེས་དེ་དང་དེར་གསུངས་པ་ཡིན་ནོ། །ངོ་བོ་ཉིད་དང་ལྡན་པའི་ཆོས་ཀྱི་སྐུ་དེའང་། རྒྱུ་ནི་ཡོངས་སུ་སྨིན་གྱུར་ན། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །སྤྲུལ་པ་སྣང་ངོ་ཞེས་བྱ་བ་

Vol. 80 · folio 200a

ནི་འདིའི་དགོས་པ་ཡིན་ནོ། །དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དགོས་དགུ་སྒྲུབ་པའི་ཚུལ་དུ་གནས་པ་ཡིན་ཡང་རང་གི་རྒྱུ་ཡོངས་སུ་སྨིན་པ་མ་ཚང་བའི་ཕྱིར་དཔུང་ཡང་

སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་ལས་རྣམ་པར་མ་གྲོལ་བ་ནི་འཐད་པ་ཡིན་ནོ། །འདིར་གསུངས་པ་ནི། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་བྱ་བའོ། །དེ་

ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །དེ་ལྟར་ན་དགོས་པ་འདིས་སངས་རྒྱས་ཐམས་ཅད་དུ་སོང་བ་དང་། རྟག་པ་ཡིན་པར་བཤད་པས་བསྟན་བཅོས་དང་འགལ་བ་མེད་དོ། །

ངོ་བོ་ཉིད་ཀྱི་སྐུ་བཤད་ཟིན་ཏོ།། །།ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་བརྗོད་པར་བྱ་བ་ཡིན་ཏེ། དེས་ན། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །

ཅེས་བྱ་བ་གསུངས་ཏེ། སྐུ་དེས་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་ཞུགས་པ་རྣམས་དང་ཐབས་ཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་སོ་སོར་མྱོང་བར་མཛད་པ་ཡིན་ནོ། །སྐྱེས་བུ་ཆེན་པོའི་

མཚན་སུམ་ཅུ་རྩ་གཉིས་ཀྱང་གང་ཞེ་ན། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །

ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ནེ་ཡ་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །

Vol. 80 · folio 200b

འདི་ཡི་དཔུང་པའི་མགོ་ཟླུམ་ཕྲག་པ་རྒྱས། །འདི་ལ་རོ་མི་ཞིམ་པ་འང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚེམས་མཉམ་ཐགས་བཟང་དང་། །

གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་བྱ་བ་གསུངས་སོ། །དེ་ལ་ཕྱག་ཞབས་འཁོར་ལོས་མཚན་དང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་རྣམས་ལ་འཁོར་

ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་དང་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འདི་ལྟ་སྟེ་དཔེར་ན་རུས་པའམ་བ་སོ་ལ་གཟུགས་སུ་བརྐོས་པ་དང་འདྲ་བ་མངའ་བ་ཡིན་ནོ། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་ཞབས་རྙོངས་པ་མེད་པས་ཞབས་ཤིན་

ཏུ་གནས་པ་དང་། ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་པས་ཕྱག་དང་ཞབས་དྲ་བས་འབྲེལ་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་ཤིང་བལ་གྱི་འདབ་མ་ལྟར་ཤིན་ཏུ་འཇམ་ཞིང་གཞོན་ཤ་ཆགས་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། ཕྱག་དང་

ཞབས་དང་ཕྲག་པ་གཉིས་དང་ལྟག་པའི་ཕྱོགས་མཐོ་བས་བདུན་མཐོ་བ་དང་། ཕྱག་དང་ཞབས་ཀྱི་སེར་མོ་རིང་བས་སོར་མོ་རིང་བ་དང་། རྟིང་པ་རིང་བས་རྟིང་པ་ཡངས་པ་དང་། སྐུ་ཁྲུ་བདུན་ཙམ་དུ་འཕགས་ཤིང་ཡ་ཡོ་མེད་པས་སྐུ་ཆེ་ཞིང་དྲང་བ་ཉིད་དང་། པུས་མོའི་ལྷ་ང་དང་ལོང་

བུ་མཛེས་པར་ནུབ་པས་ཞབས་འབར་འབུར་མི་མངོན་པ་དང་། བ་སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བས་སྐུའི་སྤུ་གྱེན་དུ་ཕྱོགས་པ་དང་། བྱིན་པ་རི་དགས་ཤ་ར་བྷ་དང་། ཨེ་ནེ་ཡ་ལྟ་བུ་ཡིན་པའི་ཕྱིར་ཡོངས་སུ་མ་ཉམས་ཤིང་རིམ་པར་འཚམ་ལ་རྒྱས་ཤིང་ཟླུམ་པས་བྱིན་པ་རི་དགས་

ཨེ་ནེ་ཡའི་ལྟ་བུ་དང་། ཞབས་དང་ཕྱག་མཉམ་པའི་ཕྱིར་མ་བཏུད་པར་ཕྱག་གི་མཐིལ་གཉིས་ཀྱིས་པུས་མོའི་ལྷ་ང་ལ་སླེབས་པས་ཕྱག་རིང་ཞིང་མཛེས་པ་ཉིད་དང་། གླང་པོ་དང་རྟ་ཅང་ཤེས་ལྟར་གསང་བའི་མཚན་མ་ཤིན་ཏུ་མཛེས་པར་སྦུབས་སུ་ནུབ་པས་མདོམས་(གྱི་‚ཀྱི་)སྦ་བ་སྦུབས་སུ་ནུབ་པ་

Vol. 80 · folio 201a

དང་། ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པས་གསེར་གྱི་ཁ་དོག་འདྲ་བ་ཉིད་དང་། དངུལ་དང་གསེར་ས་ལེ་སྦྲམ་ལེགས་པར་ཡོངས་སུ་སྦྱངས་པ་དང་འདྲ་བར་པགས་པ་ཤིན་ཏུ་འཇམ་ཞིང་སྙོམས་པའི་ཕྱིར་དང་། སྐུ་ལ་རྡུལ་གྱིས་མ་གོས་པས་

པགས་པ་འཇམ་པ་ཉིད་དང་། བ་སྤུ་ཤིན་ཏུ་རྣམ་པར་ཕྱེ་ཞིང་རེ་རེ་ནས་གཉིས་པ་མེད་པར་སྐྱེས་པས་བ་སྤུ་རེ་རེ་བ་ཉིད་དང་། འདིའི་ཞལ་གྱི་སྨིན་མའི་བར་ཀུན་ད་དང་བའི་འོ་མ་དང་ཁ་བ་ལྟར་དཀར་ཞིང་ཟླ་བ་དང་ཉི་མ་བས་ལྷག་པའི་འོད་དང་ལྡན་པའི་སྤུས་བརྒྱན་པས་ཞལ་མཛོད་སྤུས་མཚན་པ་

ཉིད་དེ། མཛོད་སྤུ་ཞེས་བྱ་བ་ནི་སྤུ་དཀར་ཞིང་འཇམ་པས་གཡས་སུ་འཁྱིལ་བར་གནས་པའོ། །སྐུའི་སྟོད་འཕེལ་ཀ་ཆེ་བས་རོ་སྟོད་སེང་གེ་འདྲ་བ་ཉིད་དང་། མགྲིན་པ་ལེགས་པར་འབྲེལ་ཞིང་ཀུན་ནས་ཟླུམ་པས་དཔུང་མགོ་ཤིན་དུ་ཟླུམ་པ་ཉིད་དང་། གསེར་གྱི་གླེགས་མ་ཤིན་ཏུ་ཕྱིས་

པ་ལྟར་ཐོང་ཀ་རྒྱས་པས་ཕྲག་པའི་བར་རྒྱས་པ་ཉིད་དང་། ལྗགས་རླུང་དང་མཁྲིས་པ་དང་བད་ཀན་གྱིས་མ་ཉམས་པའི་ཕྱིར་དང་རོ་བྲོ་བ་སོ་སོར་མྱོང་བ་དང་མཐུན་པའི་རྣམ་པར་ཤེས་པ་མངའ་བས་རོ་བྲོ་བ་མཁྱེན་པ་ཉིད་དང་། སྐུའི་ཁྱོན་དང་འདོམ་གྱི་ཚད་དུ་མཉམ་པས་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་

ཉིད་དང་། དབུའི་གཙུག་ཏོར་ཟླུམ་ཞིང་ཀུན་ནས་མཉམ་པས་གཡས་སུ་འཁྱིལ་བ་དང་ལྡན་ཞིང་དབུ་མཉམ་པ་ལ་ལེགས་པར་རྒྱས་ཤིང་ལྟ་ན་སྡུག་པའི་གཙུག་ཏོར་དང་ལྡན་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། ཨུཏྤལ་དམར་པོའི་འདབ་མའི་མདོག་འདྲ་ཞིང་ཡངས་པས་ལྗགས་རིང་ཞིང་

སྲབ་པ་ཉིད་དང་། དབྱིག་གི་སྙིང་པོ་དང་། བྱ་ཀ་ལ་པིང་ཀའི་ལྟ་བུའི་གསུང་མངའ་བས་ཚངས་པའི་དབྱངས་ཉིད་དང་། འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་ཟླུམ་ལ་རྒྱས་ཤིང་ལྟ་ན་སྡུག་པས་འགྲམ་པ་སེང་གེ་ལྟ་བུ་ཉིད་དང་། ཀུན་ད་དང་དུང་བཅག་འཕྲོ་ལྟར་

ཤིན་ཏུ་དཀར་བའི་ཚེམས་མངའ་བས་ཚེམས་དཀར་བ་ཉིད་དང་། ཚེམས་ལ་མཐོན་དམན་མེད་པས་ཚེམས་མཉམ་པ་ཉིད་དང་། ཚེམས་ལ་མཚམས་མ་དོད་པས་ཚེམས་ཐགས་བཟང་བ་ཉིད་དང་། ཚེམས་བླ་འོག་ལྷག་ཆད་མེད་པས་ཚེམས་བཞི་བཅུ་མཉམ་པ་ཉིད་དང་། དཀར་ནག་

Vol. 80 · folio 201b

གི་ཆ་མ་འདྲེས་ཤིང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དང་དམར་པོ་ར་རི་དང་མ་འབྲེལ་བས་སྤྱན་མཐོན་མཐིང་ཉིད་དང་། འོག་ན་གནས་པ་དང་སྟེང་ན་གནས་པའི་རྫི་མ་རྣམས་ལེགས་པར་གཞོལ་བའི་ཕྱིར་དང་མ་འདྲེས་པས་དེ་བཞིན་གཤེགས་པའི་རྫི་མ་བའི་རྫི་མ་ལྟ་བུ་ཉིད་དོ། །འདི་ལ་མཚན་

ནི་གང་གང་གི། །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་འདི་རྣམས་ཀྱང་སྔོན་གྱི་ཡོངས་སུ་སྦྱོང་བ་ཡོངས་སུ་རྫོགས་པའི་མཚན་ཉིད་ལས་གྲུབ་པར་རིག་པར་བྱའོ། །ཡང་མཚན་

གང་གི་སྔོན་གྱི་ཡོངས་སུ་སྦྱོང་བའི་རྒྱུ་གང་ཞེ་ན། བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླང་བ་བརྟན་པ་དང་། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་བར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་

དང་། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་མདོ་ལས། བླ་མ་རྣམས་ལ་བསུ་བ་དང་། སྐྱེལ་བ་དག་དང་། ཆོས་ཉན་པ་དང་། མེ་ཏོག་གི་ཕྲེང་བ་འབུལ་བ་དང་། གཙུག་ལག་ཁང་དང་མཆོད་རྟེན་ལ་སོགས་པའི་གན་དུ་འགྲོ་བ་དང་།

གཡོག་འཁོར་བྱིན་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཡིན་ཏེ། དེ་ནི་འཁོར་ཤིན་ཏུ་མང་བའི་སྔ་ལྟས་སོ། །ཡི་དམ་ལ་ཤིན་ཏུ་བརྟན་པས་ན་ཞབས་ཤིན་ཏུ་གནས་པ་སྟེ། དེ་ནི་གང་གིས་རང་གི་རྟོགས་པའི་ཆོས་ལ་གཞན་གྱིས་གཡོ་བར་མི་ནུས་པ་མི་གཡོ་བའི་སྔ་

ལྟས་སོ། །བསྡུ་བའི་དངོས་པོ་བཞི་བསྟེན་པས་ན་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་པ་སྟེ། དེ་ནི་གང་གིས་མ་བསྡུས་པའི་སེམས་ཅན་རྣམས་སྡུད་པར་བྱེད་པ་མྱུར་དུ་སྡུད་པའི་སྔ་ལྟས་སོ། །བཟའ་བ་དང་བཏུང་བ་དང་། བལྡག་པ་དང་བཅའ་བ་གྱ་ནོམ་པ་རྣམས་བྱིན་པས་ན་ཕྱག་

དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བདུན་མཐོ་བ་སྟེ། དེ་གཉིས་ནི་བཟའ་བ་དང་། བཏུང་བ་དང་། བལྡག་པ་དང་། བཅའ་བ་གྱ་ནོམ་པ་འཐོབ་པའི་སྔ་ལྟས་སོ། །བཅིངས་པ་ཐར་བར་བྱ་བའི་ཕྱིར་དང་། སྲོག་བསྲུང་བའི་ཕྱིར་དང་། སྲོག་གཅོད་པ་ལས་སླར་ལྡོག་

Vol. 80 · folio 202a

པ་བསྟེན་པས་ན་སོར་མོ་རིང་བ་དང་རྟིང་པ་ཡངས་པ་དང་སྐུ་ཆེ་ཞིང་དྲང་བ་སྟེ། དེ་ནི་ཚེ་རིང་བའི་སྔ་ལྟས་སོ། །དགེ་བའི་ཆོས་ཡང་དག་པར་བླངས་ཤིང་གཟུང་བ་ཡང་དག་པར་སྤེལ་བའི་ཕྱིར་དང་། ཉམས་པར་མ་བྱས་པ་ན་ཞབས་ཀྱི་འབར་འབུར་མི་མངོན་པ་ཉིད་དང་།

སྐུའི་སྤུ་གྱེན་དུ་ཕྱོགས་པ་སྟེ། དེ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཉིད་དམ་གདུལ་བྱའི་སྔ་ལྟས་ཏེ། འདིར་གདུལ་བྱ་ནི་ཡང་དག་པར་བསྡུས་པའི་སེམས་ཅན་གྱི་ཁམས་གང་ཡིན་པ་ཡོངས་སུ་སྨིན་པའོ། །གུས་པར་བྱས་ཏེ་རིགས་དང་བཟོའི་ལས་རྣམས་ཉེ་བར་བྱིན་པའི་ཕྱིར་དང་། ལྷྭམ་བྱིན་

པས་ན་བྱིན་པ་ཨེ་ནེ་ཡའི་ལྟ་བུ་སྟེ། དེ་ནི་གང་གིས་བཤད་པར་བྱ་བ་དང་དགོངས་པ་དྲངས་ཟིན་པའི་དོན་འཛིན་པར་བྱེད་པ་མྱུར་དུ་འཛིན་པའི་སྔ་ལྟས་སོ། །རང་ལ་བདོག་པའི་ནོར་སླངས་ན་སྟེར་བ་དང་། མེད་ཅེས་མི་སྤྱོད་པའི་ཕྱིར་ཕྱག་རིང་ཞིང་མཛེས་པ་སྟེ། ཕྱག་དྲང་ཞིང་རིང་བ་ཞེས་

བྱ་བའི་དོན་ཏོ། །དེ་ལ་དྲང་བ་ཉིད་ནི་བདོག་པའི་ནོར་སླངས་པ་མི་སྦེད་པའི་གྱ་གྱུ་མེད་པ་ལས་ཡིན་ལ། རང་ཉིད་ནི་སློང་མོ་པ་མ་སྤངས་ཤིང་སྐབས་ཕྱེ་བ་ལས་སོ། །དེ་ནི་དབང་དུ་གྱུར་པ་དང་འདུལ་བའི་སྔ་ལྟས་ཏེ། སེམས་དབང་དུ་གྱུར་པས་སེར་སྣའི་གཞན་གྱི་དབང་དུ་མི་

འགྱུར་བའི་ཕྱིར་དང་། ཉོན་མོངས་པ་འདུལ་བས་ཐམས་ཅད་ཀྱི་ཚེ་མི་མཐུན་པའི་ཕྱོགས་དང་མ་འབྲེལ་པའི་ཕྱིར་རོ། །གྲོགས་པོ་དང་། རང་གི་སྐྱེ་བོ་དང་འབྲེལ་པ་དང་། ལྷན་ཅིག་འགྲོགས་པ་རྣམས་ཕན་ཚུན་མི་འབྱེད་པའི་ཕྱིར་དང་། སེམས་ཅན་བྱེ་བ་རྣམས་བསྡུམས་པའི་ཕྱིར་

དང་། ཚངས་པར་སྤྱོད་པ་ཡང་དག་པར་བླངས་པའི་ཕྱིར་དང་། གསང་བའི་གྲོས་བསྲུངས་པའི་ཕྱིར་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། དེ་ནི་འཁོར་བ་ཇི་སྲིད་པར་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པའི་ཕྱིར་སྲས་མང་བའི་སྔ་ལྟས་སོ། །གདིང་བ་དང་། དགབ་པ་དང་། གོས་

དང་། ཁང་བཟངས་དང་། གཞལ་ཡས་ཁང་དང་། གནས་ཁང་གྱ་ནོམ་པ་རྣམས་བྱིན་པས་ན་མདོག་གསེར་འདྲ་བ་དང་པགས་པ་འཇམ་པས་ཏེ། དེ་གཉིས་ནི་གདིང་བ་དང་། དགབ་པ་དང་། གོས་དང་། ཁང་བཟངས་དང་། གཞལ་ཡས་ཁང་དང་། གནས་ཁང་གྱ་ནོམ་པ་རྣམས་

Vol. 80 · folio 202b

རྙེད་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པའི་ཕྱིར་དང་། མཁན་པོ་དང་། སློབ་དཔོན་དང་། མ་དང་། ཕ་དང་། སྤུན་ཟླ་དང་། སྲིང་མོ་རྣམས་དང་། བླ་མ་རྣམས་ཇི་ལྟ་བ་བཞིན་རྗེས་སུ་མཐུན་པའི་གནས་སུ་བཀོད་པའི་ཕྱིར་དང་། དེ་ལ་བསྙེན་བཀུར་བྱེད་པའི་རིམ་གྲོ་པ་བྱིན་པས་

ན་བ་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ནི་དོ་ཟླ་མེད་པའི་སྔ་ལྟས་སོ། །མུ་ཅོར་མི་སྨྲ་བ་དང་། གཞན་ལ་མི་སྨོད་པ་དང་། སྙན་པར་སྨྲ་བ་དང་། ལེགས་པར་བཤད་པ་ལ་རྗེས་སུ་མཐུན་པར་བྱེད་པས་ན་རོ་སྟོད་སེང་གེ་ལྟ་བུ་དང་། དཔུང་

མགོ་ལེགས་པར་ཟླུམ་པ་སྟེ། དེ་ནི་ཐོགས་པ་མེད་པའི་སྔ་ལྟས་ཏེ། ཡེ་ཤེས་དང་མཐུ་ཐམས་ཅད་དུ་ཐོགས་པ་མེད་པའི་ཕྱིར་རོ། །ནད་པ་རྣམས་ལ་སྨན་དང་རིམ་གྲོ་པ་དང་སྨན་པ་དང་ཕན་པའི་ཟས་བྱིན་པ་དང་རིམ་གྲོ་བྱས་པས་ན་ཕྲག་པའི་བར་རྒྱས་པ་སྟེ། འདིའི་ཕྲག་པ་གཉིས་ཀྱི་བར་

རྣམས་ཤིན་ཏུ་རྒྱས་པའོ། །རོ་བྲོ་བ་མཁྱེན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རྣམ་པར་སྨིན་པས་ཐོབ་པ་ཉིད་ཀྱིས་ལྗགས་ཀྱི་དབང་པོ་འདི་འདྲ་བར་གྱུར་པ་ཡིན་ཏེ། དབང་པོ་དང་རོ་ངན་པ་ཕྲད་དུ་ཟིན་ཀྱང་དེ་རོ་བྲོ་བ་མཆོག་ཉིད་དུ་ཡང་དག་པར་མྱོང་བར་མཛད་པ་སྟེ། དེ་ནི་གནོད་པ་ཉུང་བའི་སྔ་ལྟས་

སོ། །ཀུན་དགའ་ར་བ་དང་། འདུན་ས་དང་། བསིལ་ཁང་དང་། ཁྲོན་པ་དང་། བགྲོད་དཀའ་བར་ཟམ་པ་བཏགས་པ་དང་། ཁ་ཟས་དང་། མེ་ཏོག་ཕྲེང་བ་དང་། གཙུག་ལག་ཁང་དང་། འདུག་གནས་བྱེད་པ་ལ་སོགས་པ་ལ་ཐོག་མར་འགྲོ་ཞིང་གཞན་དག་ཀྱང་སྤྲོ་བ་བསྐྱེད་པའི་

ཕྱིར་དང་། སྔ་མ་རྣམས་ལས་ལྷག་པར་བྱེད་པའི་ཕྱིར་ཕྱག་གཉིས་བརྐྱང་བའི་ཞེང་གི་ཆ་ཇི་ཙམ་ཡིན་པ་འོག་གི་ཞབས་ནས་བརྩམས་ཏེ་སྤྱི་བོའི་བར་གྱི་ཁྱོན་དེ་སྲིད་ཡིན་པས་ན་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་དབུ་གཙུག་ཏོར་དང་ལྡན་པ་སྟེ། དེ་ནི་མངའ་བརྙེས་པའི་སྔ་ལྟས་སོ། །ཡུན་རིང་

པོ་ནས་འཇམ་ཞིང་སྙན་ལ་མཉེན་པའི་ཚིག་བརྗོད་པས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཇི་ཙམ་བཞེད་པའི་བར་དུ་ལྗགས་ཀྱིས་ཁེབས་པར་མཛད་པའི་ཕྱིར་དང་། ངག་གཅིག་བརྗོད་པ་རྣམ་པར་རིག་པ་དུ་མའི་རྒྱུ་མཚན་ཡིན་པའི་ཕྱིར་ལྗགས་རིང་བ་དང་། འཇིག་རྟེན་གྱི་

Vol. 80 · folio 203a

ཁམས་མང་པོས་བར་དུ་ཆོད་པ་དང་། གམ་ལ་གནས་པའི་གདུལ་བྱ་རྣམས་ཀྱི་རྣ་བའི་དབང་པོའི་ཡུལ་དུ་མཚུངས་པར་གྱུར་པའི་གསུང་དབྱངས་མངའ་བའི་ཕྱིར་ཚངས་པའི་དབྱངས་ཏེ། དེ་རྣམས་ནི་ངག་གི་ལམ་ཡན་ལག་ལྔ་དང་ལྡན་པའི་གསུང་དབྱངས་ཐོབ་པའི་སྔ་

ལྟས་ཏེ། ངག་གི་ལམ་ཡན་ལག་ལྔ་དང་ལྡན་པའི་གསུང་དབྱངས་ནི། ཀུན་ཤེས་པར་བྱ་ཞིང་རྣམ་པར་ཤེས་པར་བྱ་བ་དང་། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་རྗེས་སུ་སྒྲོགས་པ་དང་། མི་ཚུགས་ཤིང་རྣར་སྙན་པ་དང་། རིག་ཅིང་ཁྱབ་པར་བྱེད་པའོ། །

རིག་ཅིང་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་ཞེས་བརྗོད་པ་ཡིན་ཏེ། དེ་ཉིད་ཀྱིས་ན་ཁྱབ་པར་བྱེད་པ་ཞེས་གསུངས་ཏེ། གདུལ་བྱའི་སྐྱེ་བོ་སྣ་ཚོགས་ཀྱི་རྒྱུད་རྟོགས་པར་བྱེད་པའི་ཕྱིར་རོ། །ཡུན་རིང་པོར་ཚིག་རྐྱལ་པ་ལས་ལོག་པ་དང་། དུས་སུ་སྨྲ་བས་ན་འགྲམ་པ་སེང་གེ་འདྲ་བ་སྟེ། དེ་ནི་ངག་

བཙུན་པའི་སྔ་ལྟས་སོ། །རིམ་གྲོར་བྱེད་པ་དང་། མི་བརྙས་པ་དག་དང་། འཚོ་བ་ཡོངས་སུ་དག་པས་ན་ཚེམས་ཤིན་ཏུ་དཀར་བ་ཚེམས་མཉམ་པ་སྟེ། དེ་ནི་འཁོར་སྔ་ནས་བསགས་པའི་སྔ་ལྟས་སོ། །ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མེད་པའི་ཚིག་ཀུན་ཏུ་སྤྱད་པས་ན་ཚེམས་ཐགས་

བཟང་བ་དང་བཞི་བཅུ་མངའ་བས་ཏེ། དེ་ནི་འཁོར་མི་ཕྱེད་པའི་སྔ་ལྟས་སོ། །འཁྱུད་པར་བྱེད་པ་དང་སྨོད་པར་བྱེད་པ་ལ་ཡང་ཆགས་པ་དང་སྡང་བ་མེད་ཅིང་རྨོངས་པ་མེད་པའི་སྤྱན་གྱིས་གཟིགས་པས་ན་སྤྱན་མཐོན་མཐིང་དང་རྫི་མ་བའི་ལྟ་བུ་སྟེ། དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་ཏེ། སྤྱན་ཕྱེ་བའི་རང་བཞིན་ཅན་

དང་ཆོས་མཚུངས་སོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་བཤད་ཟིན་ཏོ།། །།དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་བརྗོད་པར་བྱ་བ་ཡིན་ཏེ། དེས་ན་གསུངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུ་བྱེད་ཐམས་ཅད་ལ་ཆགས་པ་དང་བྲལ་བས་ན་སེན་མོ་ཟངས་ཀྱི་

མདོག་ལྟ་བུ་དང་། །རང་གི་སྐྱེ་བོ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་དགོངས་པའི་ཐུགས་མངའ་བས་ན་སེན་མོ་སྣུམ་པ་དང་། རིགས་དང་རྒྱུད་མཐོན་པོར་བལྟམས་པས་ན་སེན་མོ་མཐོ་བ་དང་། ཚུལ་ཁ་ན་མ་ཐོ་བ་མི་མངའ་བས་ན་སོར་མོ་རྣམས་ཟླུམ་པ་དང་།

Vol. 80 · folio 203b

དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པས་ན། སོར་མོ་རྣམས་རྒྱས་པ་དང་། དགེ་བའི་རྩ་བ་རྣམས་རིམ་གྱིས་ཡང་དག་པར་བསགས་པས་ན། སོར་མོ་རྣམས་རིམ་གྱིས་ཕྲ་བ་དང་། སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་ཀྱི་མཐའ་དང་། འཚོ་བ་དག་པ་སྦས་པས་རྩ་མི་

མངོན་པ་དང་། ཉོན་མོངས་པའི་མདུད་པ་གྲོལ་བར་མཛད་པས་ན། རྩ་ལ་མདུད་པ་མེད་པ་དང་། ཤིན་ཏུ་ལེགས་པར་སྦས་པའི་ཆོས་ཉིད་ཅན་ཡིན་པས་ན། ལོང་བུ་མི་མངོན་པ་དང་། ཉམ་ང་བ་ཐམས་ཅད་ལས་ངེས་པར་སྒྲོལ་བར་མཛད་པས་ན། ཞབས་མི་མཉམ་

པ་མེད་པ་དང་། མིའི་སེང་གེ་ཡིན་པས་ན། སེང་གེའི་སྟབས་སུ་གཤེགས་པ་དང་། མིའི་གླང་པོ་ཆེ་ཡིན་པས་ན་གླང་པོའི་སྟབས་སུ་གཤེགས་པ་དང་། ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་གཤེགས་པས་ན་ངང་པའི་སྟབས་སུ་གཤེགས་པ་དང་། སྐྱེས་བུའི་ཁྱུ་མཆོག་ཡིན་པས་ན་

ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། མཐུན་པའི་ལམ་མངའ་བས་ན་གཡས་ཕྱོགས་སུ་གཤེགས་པ་དང་། བལྟ་ན་མཛེས་པས་ན་མཛེས་པར་གཤེགས་པ་དང་། རྟག་ཏུ་ཐུགས་གྱ་གྱུ་མི་མངའ་བས་ན་སྐུ་དྲང་བ་དང་། ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་སྟོན་པར་མཛད་པས་

ན་སྐུ་འཁྲིལ་བག་ཆགས་པ་དང་། སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་པས་ན་སྐུ་བྱི་དོར་བྱས་པ་ལྟ་བུ་དང་། ཆོས་རིམ་གྱིས་སྟོན་པར་མཛད་པས་ན་སྐུ་རིམ་པར་འཚམ་པ་དང་། སྐུ་དང་གསུང་དང་ཐུགས་གཙང་བ་དང་ལྡན་པས་ན་སྐུ་གཙང་བ་དང་། རང་བཞིན་གྱིས་ཐུགས་འཇམ་

པས་ན་སྐུ་འཇམ་པ་དང་། རང་བཞིན་གྱིས་ཐུགས་རྣམ་པར་དག་པས་ན་སྐུ་རྣམ་པར་དག་པ་དང་། ཆོས་འདུལ་བ་ལེགས་པར་ཡོངས་སུ་རྫོགས་པས་ན་མཚན་ཡོངས་སུ་རྫོགས་པ་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་བརྗོད་པར་མཛད་པས་ན་སྐུའི་ཁོ་ལག་ཡངས་ཤིང་བཟང་བ་དང་། ཐམས་

ཅད་ལ་ཐུགས་སྙོམས་པས་ན་གོམ་པ་སྙོམས་པ་དང་། གཟིགས་པ་ཤིན་ཏུ་རྣམ་པར་དག་པས་ན་སྤྱན་རྣམ་པར་དག་པ་དང་། ཤིན་ཏུ་འཇམ་པས་ཆོས་སྟོན་པར་མཛད་པས་ན་སྐུ་ཤིན་ཏུ་གཞོན་ཤ་ཅན་དང་། རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བས་ན་སྐུ་ཞུམ་པ་མེད་པ་དང་། མི་དགེ་བའི་རྩ་

Vol. 80 · folio 204a

བ་རྣམས་བཅོམ་པས་ན་སྐུ་རྒྱས་པ་དང་། ཡང་སྲིད་པ་དང་རྗེས་སུ་འབྲེལ་པ་ཟད་པས་ན་སྐུ་ཤིན་ཏུ་གྲིམས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་དང་ཉིང་ལག་ལེགས་པར་སྟོན་པར་མཛད་པས་ན་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་

པ་དང་། གཟིགས་པ་རྣམ་པར་དག་པས་ན་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་སློབ་མ་མངའ་བས་ན་དཀུ་ཟླུམ་པ་དང་། འཁོར་བའི་སྐྱོན་རབ་ཏུ་སྦྱངས་པས་ན་དཀུ་སྐབས་ཕྱིན་པ་དང་། ང་རྒྱལ་གྱི་དྲེག་པ་བཅོམ་པས་ན་དཀུ་

མ་རྙོངས་པ་དང་། ཆོས་ཟད་པ་རྣམ་པར་བཟློག་པར་མཛད་པས་ན་ཕྱལ་ཕྱང་ངེ་བ་དང་། ཆོས་ཟབ་མོ་མངོན་དུ་མཛད་པས་ན་ལྟེ་བ་ཟབ་པ་དང་། མཐུན་པར་འཛིན་པའི་སློབ་མ་མངའ་བས་ན་ལྟེ་བ་གཡས་སུ་འཁྱིལ་བ་དང་། ཀུན་ནས་མཛེས་པའི་སློབ་མའི་ཚོགས་མངའ་བས་ན་ཀུན་ནས་

མཛེས་པ་དང་། ཐུགས་མཆོག་ཏུ་གཙང་བས་ན་ཀུན་དུ་སྤྱོད་པ་གཙང་བ་དང་། ཆོས་འདུལ་བ་ནག་པོ་སྟོན་པ་དང་བྲལ་བས་ན་སྐུ་ལ་སྨེ་བ་དང་གནག་བག་མེད་པ་དང་། ཤིང་བལ་དང་འདྲ་བར་ཡང་བའི་ལུས་ཐོབ་པར་བྱེད་པའི་ཆོས་སྟོན་པར་མཛད་པས་ན་ཕྱག་ཤིང་བལ་ལྟར་འཇམ་པ་

དང་། རང་གི་སྐྱེ་བོ་དང་སྐྱེ་བོ་ཕལ་པོ་ཆེ་ལ་སྙོམས་པར་བྱས་པས་དགེ་སྦྱོང་ཆེན་པོ་བརྙེས་པས་ན་ཕྱག་གི་རི་མོ་མདངས་ཡོད་པ་དང་། མཆོག་ཏུ་ཟབ་ཅིང་བརྟན་པར་གནས་པས་ན་ཕྱག་གི་རི་མོ་ཟབ་པ་དང་། རྒྱ་ཆེན་པོ་ལ་བཟོད་པའི་ཆོས་སྟོན་པར་མཛད་པས་ན་ཕྱག་གི་རི་མོ་རིང་བ་དང་།

ཤིན་ཏུ་རླབས་པོ་ཆེ་མ་ཡིན་པའི་བསླབ་པའི་གཞི་འཆའ་བར་མཛད་པས་ན་ཞལ་ཧ་ཅང་མི་རིང་བ་དང་། འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་འདྲ་བར་སྟོན་པས་ན་ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་དང་། འཇམ་པ་སྔོན་དུ་བཏང་ནས་འདུལ་བས་ན་ལྗགས་མཉེན་པ་དང་།

ཡོན་ཏན་ཕྲ་མོའི་ཚོགས་དང་ལྡན་པས་ན་ལྗགས་སྲབ་པ་དང་། བྱིས་པའི་སྐྱེ་བོ་ཆགས་པ་ཅན་རྣམས་གཏིང་དཔག་དཀའ་བའི་ཆོས་ཀྱིས་འདུལ་བས་ན་ལྗགས་དམར་བ་དང་། གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་རྣམས་ལ་བསྙེམས་པ་མི་མངའ་བས་གླང་པོ་ཆེ་དང་འབྲུག་གི་

Vol. 80 · folio 204b

སྒྲ་དབྱངས་དང་ལྡན་པ་དང་། སྙན་ཞིང་མཉེན་ལ་འཇམ་པས་སྨྲ་བའི་སློབ་མ་མངའ་བས་ན་གསུང་སྙན་ཞིང་མཉེན་ལ་འཇམ་པ་དང་། སྲིད་པ་ཀུན་ཏུ་སྦྱོར་བ་བསྡམས་པས་ན་མཆེ་བ་ཟླུམ་པ་དང་། སྐྱེ་བོ་རྣོན་པོས་འདུལ་བ་ལ་མཁས་པས་ན་མཆེ་བ་རྣོ་བ་དང་། ཆོས་འདུལ་བ་མཆོག་ཏུ་དཀར་

བས་ན་མཆེ་བ་དཀར་བ་དང་། སའི་ཆ་མཉམ་པ་ལ་ཞུགས་པས་ན་མཆེ་བ་མཉམ་པ་དང་། མངོན་པར་རྟོགས་པ་རིམ་གྱིས་སྟོན་པར་མཛད་པས་ན་མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པས་ན་ཤངས་མཐོ་བ་དང་། གདུལ་བྱའི་སྐྱེ་བོ་གཙང་མ་ཡིད་ཆེས་པས་

ན་ཤངས་གཙང་བ་དང་། སངས་རྒྱས་ཀྱི་ཆོས་མཆོག་ཏུ་ཡངས་པ་དང་ལྡན་པས་ན་སྤྱན་ཡངས་པ་དང་། སེམས་ཅན་གྱི་ཚོགས་བསགས་པས་ན་རྫི་མ་སྟུག་པ་དང་། ལྷ་དང་ལྷ་མ་ཡིན་དང་མིའི་ན་ཆུང་ལྟར་མིག་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རངས་པ་ལྟ་བུ་དང་ལྡན་པས་མཆོག་

རྣམས་ཀྱིས་མངོན་པར་བསྟོད་པས་ན་སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རངས་པ་ལྟ་བུ་དང་། རྟག་ཏུ་ཡངས་པ་སྟོན་པས་ན་སྨིན་ཚུགས་རིང་བ་དང་། འཇམ་པོས་འདུལ་བ་ལ་མཁས་པས་ན་སྨིན་མ་འཇམ་པ་དང་། སྐྱོན་ཀུན་ནས་མཁྱེན་པས་ན་སྨིན་མའི་སྤུ་མཉམ་པ་དང་།

དགེ་བའི་རྩ་བ་ཉེ་བར་སྣུམ་པས་རྒྱུད་སྣུམ་པར་གྱུར་པའི་སྐྱེ་བོ་རྣམས་འདུལ་བས་ན་སྨིན་མ་སྣུམ་པ་དང་། མཆོག་ཏུ་རྒྱས་ཤིང་རིང་བའི་ཕྱག་མངའ་བས་ན་ཕྱག་རྒྱས་ཤིང་རིང་བ་དང་། ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བས་ན་སྙན་མཉམ་པ་དང་། མ་ཉམས་པའི་སེམས་ཅན་གྱི་རྒྱུད་

འདུལ་བར་མཛད་པས་ན་སྙན་གྱི་དབང་པོ་མ་ཉམས་པ་དང་། བལྟ་བར་བྱ་བ་ཐམས་ཅད་རྣམ་པར་སྤང་བས་ན་དཔྲལ་བ་ལེགས་པར་འབྱེས་པ་དང་། དགེ་སྦྱོང་དང་བྲམ་ཟེ་དང་ཕས་ཀྱི་རྒོལ་བ་རྣམས་རབ་ཏུ་བཅོམ་པས་ན་དཔྲལ་བའི་དབྱེས་ཆེ་བ་དང་། སྨོན་ལམ་གྱི་མཆོག་ཏུ་ཡོངས་སུ་རྫོགས་

པས་ན་ཡན་ལག་གི་མཆོག་ཤིན་ཏུ་རྒྱས་པ་དང་། ཡུལ་གྱི་བུང་བའི་དགའ་བ་རྣམ་པར་བཟློག་པས་ན་དབུ་སྐྲ་བུང་བ་ལྟར་གནག་པ་དང་། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པས་ན་དབུ་སྐྲ་སྟུག་པ་དང་། བློ་འཇམ་པོས་བསྟན་པའི་སྙིང་པོ་མངོན་པར་མཁྱེན་པས་ན་དབུ་སྐྲ་

Vol. 80 · folio 205a

འཇམ་པ་དང་། རྟག་ཏུ་མ་འཁྲུགས་པའི་ཐུགས་མངའ་བས་ན་དབུ་སྐྲ་མ་འཛིངས་པ་དང་། རྟག་ཏུ་མ་བརླང་བའི་གསུང་མངའ་བས་ན་དབུ་སྐྲ་མི་བཤོར་བ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་དྲི་ཞིམ་པོས་སྐྱེ་བོ་རྣམས་མཐུན་པར་བསྒྲུབས་པས་ན་དབུ་སྐྲ་

དྲི་ཞིམ་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་དཔལ་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བས་བརྒྱན་པ་ཡིན་ནོ། །མདོའི་ཚིག་ལྷུག་པ་བསྡུ་བར་བྱ་བའི་དོན་དུ་ཚིག་ལེའུར་བྱས་པ་ཚིགས་སུ་བཅད་པ་འདི་ཡིན་ཏེ། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་

སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་པ་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་

འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་

པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་

གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་

ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་གཙང་བ་ཉིད་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་

Vol. 80 · folio 205b

མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་

གྱི་བེའུ་དང་བཀྲ་ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ལོངས་སྤྱོད་རྫོགས་པའི་སྐུ་བཤད་ཟིན་ཏོ།། །།འདི་གཉིས་ཀྱི་བཤད་པ་ནི་སྤྲུལ་པའི་སྐུའི་ཕྲིན་ལས་སྟོན་པའི་མདོ་ལས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པའི་བསྡུ་བའི་དངོས་པོ་ཉིད་ཀྱིས་སྟོན་

པར་འགྱུར་ཏེ། དེས་ན་དང་པོར་མ་གསུངས་སོ། །སྤྲུལ་པའི་སྐུ་གང་ཞེ་ན། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །དེ་བཞིན་འགྲོ་ལ་ཇི་སྲིད་འདིའི། །ལས་ཀྱང་རྒྱུན་མི་

འཆད་པར་འདོད། །ཅེས་གསུངས་སོ། །དེས་ན་འདི་ཕན་ཆད་ནི་འབྲས་བུའི་གནས་སྐབས་རྣམ་པ་ཐམས་ཅད་ལེགས་པར་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྐུ་ཐོབ་པ་ནི་འཁོར་བ་ཇི་སྲིད་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲུལ་པ་རྣམས་ཀྱིས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་

འཆད་པར་སེམས་ཅན་གྱི་དོན་སྣ་ཚོགས་པ་འཇུག་པར་བྱེད་པའི་སྒོ་ནས་གནས་ཡོངས་སུ་གྱུར་པའི་ཕྲིན་ལས་ཀྱི་དབང་དུ་མཛད་དོ། །བཅོམ་ལྡན་འདས་རྨི་ལམ་ལྟ་བུ་དངོས་པོ་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱི་སྟོང་པའི་ཆོས་རྣམས་ལ་དགེ་བ་དང་།

མི་དགེ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གཞག་ཅེས་བྱ་བའི་དྲི་བ་དེའི་མཛད་པ་ཉེ་བར་འགོད་པའི་དོན་དང་། རབ་འབྱོར་འདི་ལ་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་ལྡན་པས་ནི་རྨི་ལམ་ཡང་མི་དམིགས་སོ་ཞེས་བྱ་བ་ནས་བརྩམས་

པ་འཁོར་བའི་རྨི་ལམ་ལ་དགོངས་པ་དང་། རྨི་ལམ་མཐོང་བ་ཡང་མི་དམིགས་སོ་ཞེས་བྱ་བ་དེ་ལས་སད་པའི་གང་ཟག་ལ་དགོངས་པ་དང་། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ལ་དེ་མི་མངའ་བར་གསུངས་པས་དྲིས་པའི་ལན་བསྟན་པས་ཏེ། རིམ་པ་

Vol. 80 · folio 206a

ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉེ་བར་མི་དམིགས་པ་ཤེས་པར་བྱེད་པའི་དོན་ཅན་དང་། དཀའ་བ་བྱེད་པ་རྣམས་ཀྱི་ཆོས་རྣམ་པར་གཞག་པར་བྱ་དཀའ་བ་ངོ་མཚར་ཆེ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །འདི་བཞིན་འདི་

ཡི་ལས་ཀྱང་ནི། །འཁོར་བ་ཇི་སྲིད་མི་འཆད་དོ། །ཡང་ཆོས་ཀྱི་སྐུའི་ཕྲིན་ལས་རྣམ་པ་དུ་ཞིག་ཡིན་ཞེ་ན། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམས་བཞི་ལ་འགོད་པ་དང་། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང་། །བདག་

ཉིད་ཇི་བཞིན་སེམས་ཅན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང་། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང་། །བརྡ་དང་དམིགས་པ་མེད་པ་དང་། །ལུས་ཅན་རྣམས་ནི་ཡོངས་སྨིན་དང་། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །

མངོན་པར་ཞེན་པ་བཟློག་པ་དང་། །བྱང་ཆུབ་ཐོབ་དང་རྒྱལ་བའི་ཞིང་། །རྣམ་པར་དག་དང་ངེས་པ་དང་། །སེམས་ཅན་དོན་ནི་ཚད་མེད་དང་། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང་། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང་། །ཕྱིན་

ཅི་ལོག་ནི་སྤང་བ་དང་། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང་། །མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །

ཅེས་གསུངས་སོ། །དེ་ལ་འགྲོ་བ་རྣམས་ཞི་བའི་ཕྲིན་ལས་ནི་འགྲོ་བ་རྣམ་པ་ལྔས་བསྡུས་པ་ཡིན་ཏེ། གང་གི་ཕྱིར་དམྱལ་བའི་འགྲོ་བ་ཞི་བའི་ཕྲིན་ལས་ཀྱི་དབང་དུ་མཛད་ནས། རབ་འབྱོར་འདི་ལ་ངས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བསམས་བཞིན་དུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སོང་སྟེ་ཞེས་བྱ་བ་ནས་བརྩམས་ནས་སེམས་ཅན་དེ་དག་དེ་ནས་ཐར་ཏེ་ཐེག་པ་གསུམ་པོ་དག་གིས་རིམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་ངོ་ཞེས་བྱ་བའི་བར་དང་། ཕྱོགས་

Vol. 80 · folio 206b

བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དུད་འགྲོའི་སྐྱེ་གནས་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཡོངས་སུ་གཏོང་བ་ལ་སོགས་པས་དུད་འགྲོའི་སྐྱེ་གནས་ཞི་བའི་ཕྲིན་ལས་དང་། དེ་བཞིན་དུ་ཡི་དགས་ཀྱི་ཡུལ་གྱི་སྡུག་བསྔལ་རྒྱུན་གཅོད་པས་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཞི་བའི་ཕྲིན་ལས་

དང་། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ལ་ཆོས་བསྟན་པའི་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཚངས་པ་རྣམས་ཀྱི་ལྟ་བའི་རྣམ་པ་དང་ཕྲལ་བ་ན་ལྷའི་འགྲོ་བ་ཞི་བའི་ཕྲིན་ལས་དང་། རབ་འབྱོར་འདི་ལ་ངས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་

རྟེན་ལ་གཟིགས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པར་བྱེད་དེ་ཞེས་བྱ་བ་ནས་བརྩམས་ཏེ། རྒྱ་ཆེར་སེམས་ཅན་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ཡིན་པར་བརྗོད་དོ་ཞེས་བྱ་བའི་བར་

འདིས་ནི་མིའི་འགྲོ་བ་ཞི་བའི་ཕྲིན་ལས་དང་། གལ་ཏེ་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་དེ་ལྟ་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཁྱད་པར་མེད་པར་ཐལ་བས་བརྩད་པ་དང་། གཉི་གའང་ཆེད་དུ་བྱ་བ་གཅིག་

པ་ཡིན་གྱི། མངོན་དུ་བྱེད་པ་དང་མི་བྱེད་པས་ནི་མ་ཡིན་ནོ་ཞེས་དེ་ལྟར་ཁྱད་པར་ཁས་བླངས་པའི་ལན་བཏབ་པས་གསུངས་པ་ཡིན་ནོ། །བསྡུ་བའི་དངོས་པོ་བཞི་ལ་འགོད་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་སྦྱིན་པ་དང་། སྙན་པར་སྨྲ་བ་

དང་། དོན་སྤྱོད་པ་དང་། དོན་མཐུན་པ་རྣམས་དང་། སྟོང་པ་ཉིད་རྣམས་ཀྱི་རྗེས་སུ་གཟུང་བ་རྨད་དུ་བྱུང་བའི་ཆོས་ཉིད་ཡིན་པའི་བར་གྱིས་གང་གསུངས་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྟོགས་པ་ལ་འགོད་པ་ནི། རབ་འབྱོར་གཞན་ཡང་བྱང་

ཆུབ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའ་ཆེན་པོ་གཞན་དག་ལ་འདི་སྐད་འདོམ་ཞིང་འདི་སྐད་རྗེས་སུ་སྟོན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཡི་གེ་མངོན་པར་སྒྲུབ་པའི་ཚིག་ལ་མཁས་པའི་དབང་དུ་བྱས་ནས་རྩོད་པ་དང་བཅས་པའི་ལན་རྒྱས་པ་དང་། དེ་བཞིན་གཤེགས་པའི་

Vol. 80 · folio 207a

སྤྲུལ་པ་དཔེར་བརྗོད་པ་དང་བཅས་པས་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བ་ཉིད་དང་། མི་གནས་པའི་སྦྱོར་བ་དང་འཕགས་པའི་གང་ཟག་ཐམས་ཅད་ལ་མཉེས་པར་བྱས་པ་མ་ཡིན་པ་ནས། ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལས་ཀྱང་

ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་མི་ལྡོག་པ་མངོན་པར་བརྗོད་པ་དང་། དེ་གཞན་མ་ཡིན་པའི་བསམ་པས་གལ་ཏེ་ཆོས་ཀྱི་དབྱིངས་ལ་སོགས་པ་ལས་མི་ལྡོག་ན། འོ་ན་ཆོས་ཀྱི་དབྱིངས་གཞན་ལ་གཟུགས་ཀྱང་གཞན་ནམ་ཅི་ཞེས་བྱ་བས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་

སོགས་པ་ལས་གཞན་ཡིན་པར་དྲིས་པས་གཟུགས་ལ་སོགས་པ་རྣམས་ལས་ཀྱང་མི་ལྡོག་པར་ཐལ་བར་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་དུ་སྟོན་པར་བྱེད་པའི་དོན་དང་། རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ནས་ཞེས་བྱ་བས་དེ་རྣམ་པར་གཞག་

པ་དང་། གལ་ཏེ་འབྲས་བུ་རྣམ་པར་གཞག་པ་ཀུན་རྫོབ་ཡིན་གྱི། དོན་དམ་པ་མ་ཡིན་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་རྒྱུན་དུ་ཞུགས་པ་ལ་སོགས་པའི་དངོས་པོར་ཐལ་བ་དང་། དེ་རྣམས་ཀྱི་བདེན་པ་གཉིས་རབ་ཏུ་མ་ཤེས་པའི་ལན་ནས་བརྩམས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་

ཁམས་དག་ཆར་རྣམ་པར་བཅད་པས་འབྲས་བུ་རྣམ་པར་འཇོག་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྣམ་པར་གཞག་པ་དང་། ཆོས་ཀྱི་དབྱིངས་ཆར་མི་གཅོད་པ་ཡིན་ན་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་འབྲས་བུ་དང་པོ་ཡིན་པ་དང་། འདོད་པའི་

འདོད་ཆགས་དང་གནོད་སེམས་བསྲབས་པ་ཉིད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིན་པ་དང་། འོག་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པ་ཕྱིར་མི་འོང་བའི་འབྲས་བུ་ཡིན་པ་དང་། གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པ་དགྲ་བཅོམ་པའི་འབྲས་བུ་ཡིན་པར་

ཇི་ལྟར་འགྱུར་ཞེས་བྱ་བ་ནས་རྒྱ་ཆེར་བྱང་ཆུབ་ཅེས་བྱ་བའི་བར་གྱི་འབྲས་བུ་ཆར་དབྱེ་བ་མེད་པར་འགྱུར་བས་དྲིས་པ་དང་། དུས་གང་གི་ཚེ་སྐད་ཅིག་མ་གཅིག་གིས་ཆོས་ཐམས་ཅད་རྟོགས་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་སྤྲུལ་པ་དཔེར་བརྗོད་པ་དང་བཅས་པ་ནས་ཆོས་ཀྱི་མཚན་ཉིད་རྟོགས་པ་

Vol. 80 · folio 207b

ཞེས་བྱ་བའི་བར་གྱིས་དེའི་ལན་བཏབ་པ་དང་། ཆོས་ཀྱི་མཚན་ཉིད་རྟོགས་པ་ཉིད་ཞུས་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་དཔེར་བརྗོད་པས་དེའི་ལན་བཏབ་པ་དང་། སྤྲུལ་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་ལམ་སྒོམ་པ་བཞིན་དུ་དངོས་པོ་མེད་པའི་ཆོས་ལེགས་

པར་རྟོགས་པ་དང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་པས་སྒྱུ་མ་ལྟ་བུའི་ཆོས་མཐོང་བ་བྱང་ཆུབ་སེམས་དཔའི་སྐྱེས་བུའི་བྱེད་པ་ཡིན་པ་ཉིད་དང་། དེ་ལྟ་བུ་ཡིན་ན་སེམས་ཅན་གྱི་དོན་དུ་འཇུག་པ་དོན་མེད་པར་ཐལ་བ་དང་། སེམས་ཅན་རྣམས་རང་ཉིད་དེ་ལྟར་མ་ཤེས་པས་དེ་འབྲས་

བུ་དང་བཅས་པ་ཡིན་པར་གང་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཕྲིན་ལས་འོག་མ་འོག་མ་རྣམས་ལ་ཡང་བརྒལ་བ་དང་ལན་དང་མཚམས་སྦྱར་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བརྗོད་པའི་གནས་སྐབས་རྒྱ་ཆེར་ནི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་སྟེ། ཁོ་བོས་གཞུང་མངས་པའི་ཉེས་པ་

སྤང་བའི་དོན་དུ་བསྡུ་བ་ཙམ་བྱས་པ་ཡིན་ནོ། །བདག་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་ལ་འགོད་པ་ནི་སྒྱུ་མ་མཁན་གྱི་དཔེས་སེམས་བསྐྱེད་པ་དང་སྒྲུབ་པ་དང་ཐོབ་པའི་མཚན་ཉིད་ཐོག་མ་དང་ཐ་མ་རྣམས་སུ་ཆོས་ཀྱི་དབྱིངས་མི་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་བདག་ཉིད་

ཇི་ལྟ་བ་བཞིན་དུ་རྟོགས་པས་ན་གཞན་རྣམས་ཡང་དག་པའི་མཐའ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་ནི་དེའི་རྗེས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ལམ་

ལ་འགོད་པ་ནི་དེའི་འོག་ཏུ་དགེ་བ་བཅུའི་ལས་ཀྱི་ལམ་ནས་བརྩམས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །རང་བཞིན་གྱི་སྟོང་པ་ཉིད་ལ་འགོད་པ་ནི། དེའི་འོག་ཏུ་རང་བཞིན་གྱི་སྟོང་པ་ཉིད་ལ་རབ་ཏུ་འཇོག་པའི་

ཕྲིན་ལས་རྒྱས་པར་བསྟན་པས་གང་གསུངས་པ་ཡིན་ནོ། །གཉིས་སུ་མེད་པའི་ཆོས་ལ་འགོད་པ་དེའི་རྗེས་ལ། དེ་བཞིན་གཤེགས་པའི་སྤྲུལ་པ་དང་། དགྲ་བཅོམ་པའི་རྨི་ལམ་གྱི་དཔེ་དག་གིས་གཉིས་སུ་མེད་པའི་མངོན་པར་རྟོགས་པ་ལ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་

Vol. 80 · folio 208a

པ་ཡིན་ནོ། །བརྡ་ལས་བྱུང་བ་ཤེས་པ་འགོག་པ་ནི། དེའི་འོག་ཏུ་གནས་བརྟན་རབ་འབྱོར་བདག་ཉིད་དབང་དུ་བྱས་པའི་དཔེས་ཆོས་ཐམས་ཅད་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །དམིགས་སུ་མེད་པའི་ཡེ་ཤེས་ལ་

འགོད་པ་ནི་དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ལ་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་། སྒོམ་པ་དམིགས་སུ་མེད་པའི་ཡེ་ཤེས་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པ་ལ་འགོད་པ་ནི་དེའི་འོག་ཏུ་ཕ་རོལ་ཏུ་

ཕྱིན་པ་དྲུག་པོ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པ་ནི། དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་

ཀྱིས་གང་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་ལ་འགོད་པ་ནི། དེའི་འོག་ཏུ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་

འགོད་པ་ནི། དེའི་འོག་ཏུ་བྱང་ཆུབ་ཐོབ་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འགོད་པ་ནི། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་

ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་པར་སོ་སོར་ངེས་པ་ལ་འགོད་པ་ནི། དེའི་འོག་ཏུ། སེམས་དང་པོ་བསྐྱེད་པ་དང་ཕྱིར་མི་ལྡོག་པ་དང་། སྲིད་པ་ཐ་མ་པ་སོ་སོར་ངེས་པ་ཉིད་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །སེམས་ཅན་གྱི་

དོན་ཚད་མེད་པ་ལ་འགོད་པ་ནི། དེའི་འོག་ཏུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཚད་མེད་པའི་དོན་ཐོབ་པར་མཛད་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་དྲུང་དུ་ཉེ་བར་འགྲོ་བ་དང་བསྙེན་བཀུར་བྱ་བ་ལ་སོགས་པ་ལ་འགོད་པ་

Vol. 80 · folio 208b

ནི་དེའི་འོག་ཏུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཀྱིས་སངས་རྒྱས་ཀྱི་ཞིང་དུ་ཉེ་བར་འགྲོ་བ་དང་བསྙེན་བཀུར་བྱེད་པ་ནས་བརྩམས་ཏེ། མངོན་པར་ཤེས་པ་མངོན་པར་སྒྲུབ་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དང་བྲལ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་

བས་ཕན་འདོགས་པར་བྱེད་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པ་ནི། དེའི་འོག་ཏུ། བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པའི་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་

ནོ། །ལས་དང་འབྲས་བུར་འབྲེལ་པ་ཆུད་མི་ཟ་བ་ལ་འགོད་པ་ནི། དེའི་འོག་ཏུ། ལས་དང་འབྲས་བུར་འབྲེལ་པའི་ཐ་དད་དང་ལྡན་པ་འགྲོ་བ་ལྔའི་འཁོར་བ་ཆུད་མི་ཟ་བ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །བདེན་པ་མཐོང་བ་ལ་འགོད་

པ་ནི། དེའི་འོག་ཏུ། འཕགས་པའི་བདེན་པ་བཞི་པོ་མཉམ་པ་ཉིད་དུ་རྗེས་སུ་རྟོགས་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །ཕྱིན་ཅི་ལོག་སྤངས་པ་ལ་འགོད་པ་ནི། དེའི་འོག་ཏུ། ཕྱིན་ཅི་ལོག་བཞི་སྤང་བ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་

ཀྱིས་གང་གསུངས་པ་ཡིན་ནོ། །གཞི་མེད་པའི་ཕྱིན་ཅི་ལོག་ཤེས་པ་ལ་འགོད་པ་ནི། དེའི་འོག་ཏུ། སྐྲའི་རྩེ་མོ་བྱེ་བར་གཤགས་པའི་ཚད་ཙམ་གྱི་དངོས་པོའང་བཀག་པ་དང་། རྨི་ལམ་དང་། གཟུགས་བརྙན་དང་། བྲག་ཅ་དང་། སྨིག་རྒྱུ་དང་། དྲི་

ཟའི་གྲོང་ཁྱེར་དང་། སྤྲུལ་པའི་དཔེ་རྣམས་ཀྱིས་གཞི་མེད་པའི་ཕྱིན་ཅི་ལོག་ཤེས་པ་ལ་རབ་ཏུ་འགོད་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །རྣམ་པར་བྱང་བ་ལ་རབ་ཏུ་འཇོག་པ་ནི། དེའི་འོག་ཏུ། ཐ་སྙད་ལ་བརྟེན་ནས་རྣམ་པར་བྱང་བ་ལ་རབ་ཏུ་འཇོག་པའི་

ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །དེའི་ཚོགས་ལ་འགོད་པ་ནི། དེའི་འོག་ཏུ་ཚོགས་ཡོངས་སུ་རྫོགས་པ་ལ་རབ་ཏུ་འཇོག་པ་ནས་བརྩམས་ཏེ། མཐའ་གཉིས་མཉམ་པ་ཉིད་དུ་མངོན་པར་རྟོགས་པ་ཉིད་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་

Vol. 80 · folio 209a

ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་འགོད་པ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དག་ཕན་ཚུན་ཐ་དད་པར་མི་ནུས་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། དེ་དག་མངོན་པར་རྟོགས་པའི་

དུས་སུ་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པ་ཉིད་ལ་སོགས་པ་དང་། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཉིད་དང་། དོན་དམ་པར་མངོན་པར་རྟོགས་པར་འདུ་བྱེད་བཀག་པའི་རྣམ་གྲངས་གཞན་རྗེས་སུ་གནང་བ་དང་། སྟོང་པ་ཉིད་ཀྱི་

ཆོས་ཉིད་དུ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར། སེམས་ཅན་རྣམས་འདུ་ཤེས་ཐམས་ཅད་དང་བྲལ་བར་བྱེད་པའི་ཕྱིར། དེ་བཞིན་གཤེགས་པ་སྐྱེས་བུའི་ཁྱུ་མཆོག་ཉིད་དུ་ཞལ་གྱིས་བཞེས་པས་གང་གསུངས་པ་ཡིན་ནོ། །ཕྲིན་ལས་ཉི་ཤུ་རྩ་བདུན་པ་མྱ་ངན་ལས་

འདས་པ་ལ་འགོད་པ་ནི། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་པ་ཉིད་ཀྱིས་སྐྱེ་བ་དང་འགག་པ་ལས་རྣམ་པར་གྲོལ་བའི་ཆོས་མ་ལུས་པ་སྤྲུལ་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་སྤྲུལ་པ་མ་ཡིན་པ་ཉིད་དང་། ཇི་ལྟར་སྙེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་

ཡོངས་སུ་རྫོགས་པའི་ཚིག་གིས། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་ཀྱིས་གང་གསུངས་པ་ཡིན་ནོ། །ཕྲིན་ལས་འདི་རྣམས་ཀྱི་གོ་རིམས་དང་སོ་སོའི་རང་བཞིན་གྱི་ཁྱད་པར་ནི་དེ་དང་དེའི་ཕྲིན་ལས་ཀྱི་མཚན་ཉིད་ཀྱི་རྗེས་སུ་འབྲངས་

ཏེ་བལྟས་ལ་བརྗོད་པར་བྱའོ། །དོན་ཡོངས་སུ་བསལ་བས་ཁོ་བོ་ཅག་གིས་ནི་རྣམ་པར་མ་ཕྱེ་སྟེ། བཏགས་པ་ལ་འཐག་པས་ཅི་ཞིག་བྱ། དེ་ལྟར་བྱས་ན། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཞེས་བྱ་བ་རྣམ་པ་གསུམ་དང་།

ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་བསྟན་པ་གང་ཡིན་པ་དེ་བཤད་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། ཆོས་ཀྱི་སྐུའི་སྐབས་བསླབ་པའི་འབྲས་བུའི་

Vol. 80 · folio 209b

ལེའུ་སྟེ་བརྒྱད་པའོ།། །།འོན་ཏེ་གླེང་གཞིའི་ལེའུ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་པདྨ་ཆེན་པོ་ངོ་མཚར་ཅན་གྱི་སྐྱེས་བསྐུར་བ་དང་། གཞལ་དུ་མེད་པའི་བྱང་ཆུབ་སེམས་དཔའི་ཚོགས་འོངས་

པ་དེ་ཅིའི་དོན་དུ་ཡིན་ཞེ་ན། སེམས་བསྐྱེད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་ཡོངས་སུ་རྫོགས་ཀྱི་བར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱིན་གྱིས་བརླབས་པར་ཤེས་པར་བྱེད་པའི་དོན་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་སེམས་ཅན་

རྣམས་ཡང་དག་པར་སྡུད་པས་སེམས་ཅན་གྱི་ཁམས་བརྗོད་དུ་མེད་པ་ལ་དམིགས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཤེས་པར་བྱ་བའི་དོན་དང་། འཇུག་པ་དང་། ཚོགས་ཡོངས་སུ་རྫོགས་པ་མཉམ་པའི་བྱང་ཆུབ་སེམས་དཔའ་རྣམས་སོ་སོ་རང་གི་སངས་རྒྱས་ཀྱི་

ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྲིད་པའི་ཕྱིར་སངས་རྒྱས་མང་པོ་ཉིད་དུ་ཤེས་པར་བྱེད་པའི་དོན་དང་། མངོན་པར་ཤེས་པས་བརྩེ་བའི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཁམས་ཕན་ཚུན་གྱི་སངས་རྒྱས་ཀྱི་དྲུང་དུ་འགྲོ་བ་དང་བལྟ་བ་དང་ཆོས་ཉན་པ་

དང་མཆོད་པ་དང་། བསྙེན་བཀུར་བྱེད་པས་སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་དོན་དང་། རང་གི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དང་། ཇི་ལྟར་མངོན་པར་འདོད་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡོངས་སུ་གཟུང་བའི་དོན་དུ་ཡིན་ནོ་

ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །གང་གི་ཕྱིར་གཞུང་སྟོང་ཕྲག་ཉི་ཤུ་རྩ་ལྔ་པོ་འདི་རྣམས་ཀྱི་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ། ཡོངས་སུ་རྫོགས་པའི་བར་གྱིས་དངོས་པོ་རྣམས་གཅིག་ཏུ་བསྡུས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ལ་སོགས་པ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་མཐར་ཐུག་པ་དངོས་པོ་བརྒྱད་དུ་འགྱུར་རོ། །དེས་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་

Vol. 80 · folio 210a

མངོན་པར་རྫོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་གང་གསུངས་པ་ཡིན་ནོ། །ཡང་འདི་ཉིད་བཤད་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་

ནི་མཚན་ཉིད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བའོ། །རྩེ་མོའི་མངོན་པར་རྟོགས་པ་ནི་རབ་ཏུ་གྱུར་པ་དང་ལྡན་པའོ། །མཐར་གྱིས་པའི་མངོན་པར་རྟོགས་པ་ནི་གོ་རིམས་དང་ལྡན་པའོ། །སྐད་ཅིག་མ་

གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཐར་ཐུག་པའོ། །ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་རྣམ་པར་སྨིན་པ་སྟེ། དེ་ལྟར་འདི་ནི་བཤད་པའི་རྣམ་གྲངས་གཞན་ཡིན་ནོ། །དེས་ན་འདི་སྐད་ཅེས། མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་ཡི་རབ་དེའི་གོ་རིམས་

དང་། །དེའི་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་དེ་རྣམ་པ་དྲུག །ཅེས་བྱ་བ་འདི་གསུངས་པ་ཡིན་ནོ། །ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཡུལ་ཡིན་ནོ། །མངོན་པར་རྟོགས་པ་བཞི་ནི་རྒྱུ་ཡིན་ནོ། །ཆོས་ཀྱི་སྐུ་རྣམ་པ་གསུམ་ནི་དེའི་འབྲས་བུ་

ཡིན་ལ། སེམས་ཅན་གྱི་དོན་རྣམ་པ་ཉི་ཤུ་རྩ་བདུན་ནི་དེའི་ཕྲིན་ལས་ཡིན་ནོ་ཞེས་བྱ་བ་འདི་ནི་རྣམ་གྲངས་གཞན་ཡིན་ནོ། །དེས་ན་འདི་སྐད་ཅེས། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་

གཞན་ཏེ་རྣམ་པ་གསུམ། །ཞེས་བྱ་བ་འདི་གསུངས་པ་ཡིན་ནོ། །འོན་ཏེ་དེ་དང་དེར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུངས་པ་གང་ཡིན་པ་དེ་རྣམས་ཀྱི་སོ་སོའི་ཁྱད་པར་གང་ཡིན་ཞེ་ན། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་པ་དེ་དག་ནི་ཉན་ཐོས་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལས་ཁྱད་པར་རྣམ་པ་དྲུག་གིས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དམིགས་པའི་ཁྱད་པར་གྱིས་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་རྣམ་པར་

Vol. 80 · folio 210b

མི་རྟོག་པ་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་གྱིས་ནི། མངོན་པར་ཞེན་པ་མེད་པ་ལ་སོགས་པ་རྣམས་ཡིན་པའི་ཕྱིར་རོ། །རྒྱུའི་ཁྱད་པར་གྱིས་ནི་ཐེག་པ་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་དག་པར་འཛིན་པའི་ཁྱད་པར་གྱིས་ནི་ཐབས་

མཁས་པ་དང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་འཛིན་པ་ཡིན་པའི་ཕྱིར་རོ། །མཚུངས་པར་ལྡན་པའི་ཁྱད་པར་གྱིས་ནི་རྣམ་པར་རྟོག་པ་རྣམ་པ་བཞི་དང་མཚུངས་པར་ལྡན་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ཅན་གྱིས་ནི་རྣམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡིན་ཏེ།

དེ་ལྟར་ན་ཅིག་ཤོས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལས་རང་བཞིན་ཁྱད་པར་ཅན་ཡིན་ཏེ། ཇི་སྐད་དུ་དེ་ཉིད་ལས། དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལམ་ཤེས་

པ་ཉིད་ཀྱི་སྐབས་སུ། ཉན་ཐོས་ཀྱི་ལམ་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུངས་པ་གང་ཡིན་པ་དང་དེ་དག་ཀྱང་སྔ་མ་རྣམས་ལས་དམིགས་པ་དང་རྣམ་པ་དག་གི་ཁྱད་པར་ཅན་ཡིན་ཏེ། དམིགས་པའི་ཁྱད་པར་གྱིས་ནི། གཟུགས་ལ་སོགས་པའི་ཕུང་པོ་

སྟོང་པ་ཉིད་ལ་དམིགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་གྱིས་ནི་གཟུགས་ལ་སོགས་པའི་སྟོང་པ་ཉིད་རྣམས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་རྣམ་པ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་དེ་ཉིད་ལས། གཟུགས་སོགས་ཕུང་པོའི་སྟོང་ཉིད་ཕྱིར། །སྟོང་པ་ཉིད་

རྣམས་དབྱེར་མེད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རང་བྱང་ཆུབ་ཀྱི་ལམ་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུངས་པ་གང་ཡིན་པ་དེ་དག་ཀྱང་སྔ་མ་དག་ལས་དམིགས་པ་དང་། རྣམ་པའི་ཁྱད་པར་དག་གིས་ཁྱད་པར་དུ་གྱུར་པ་ཡིན་ཏེ། དམིགས་

པའི་ཁྱད་པར་གྱིས་ནི། ཆོས་ཐམས་ཅད་བཏགས་པ་ཙམ་ལ་མི་དམིགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་གྱིས་ནི། བཏགས་པ་དང་མི་འགལ་བར་ཆོས་ཉིད་སྟོན་པ་རྣམ་པ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས་ཇི་སྐད་དུ། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་

Vol. 80 · folio 211a

པ་དྲོར་གྱུར་པ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུངས་པ་གང་ཡིན་པ་དེ་དག་ནི། སེམས་ཅན་ཐམས་ཅད་ལ་བརྟེན་པའི་སྦྱོར་བའི་ལམ་གྱིས་ཡིན་པས། སེམས་

ཅན་ཐམས་ཅད་ལ་དམིགས་པའི་ཁྱད་པར་དང་། དེ་དག་སེམས་མཉམ་པ་ཉིད་ལ་སོགས་པའི་རྣམ་པའི་ཁྱད་པར་གྱིས་བདག་ཉིད་ཇི་ལྟ་བ་བཞིན་དུ་ཁྱད་པར་དུ་གྱུར་པ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བརྗོད། །དེ་

དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ནི་རེ་ཞིག་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱི་ཁྱད་པར་གྱི་མཚན་ཉིད་ཡིན་ནོ། །འོན་ཏེ་དེ་དང་དེར་མཐོང་བའི་ལམ་མང་པོ་རྣམ་པ་མང་པོས་བསྟན་པ་

གང་ཡིན་པ་དེའི་སོ་སོའི་ཁྱད་པར་ཅི་ཞིག་ཡིན་ཞེ་ན། རེ་ཞིག་ལམ་ཤེས་པ་ཉིད་ཀྱི་མཐོང་བའི་ལམ་གང་ཡིན་པ་དེ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བར་མི་ལྟུང་བའི་ཕྱིར་མི་གནས་པའི་ལམ་ཡིན་ནོ། །འདི་ལྟར་དེ་ཉིད་ལས། རབ་འབྱོར་བྱང་ཆུབ་སེམས་དཔས་ལམ་

ཐམས་ཅད་བསྐྱེད་པར་བྱ་སྟེ། འདིས་ཡང་དག་པའི་མཐའ་ནི་མངོན་དུ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ཀྱི་མཐོང་བའི་ལམ་གང་ཡིན་པ་དེ་ནི་ཐེག་པ་དམན་པ་ལས་ཡང་དག་པར་འདའ་བའི་ལམ་ཡིན་ནོ། །འདི་ལྟར་དེ་ཉིད་ལས་ཉན་ཐོས་དང་

རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་བྱའོ་ཞེས་བྱ་བ་དང་། ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤངས་པ་གང་ཡིན་པ་ནི། བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་ཀྱང་གསུངས་

པ་ཡིན་ནོ། །རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་ཁྱད་པར་གྱི་མཚན་ཉིད་ཀྱི་དབང་དུ་མཛད་ནས། མཐོང་བའི་ལམ་གསུངས་པ་གང་ཡིན་པ་དེ་ནི་ཁྱད་པར་གྱི་ལམ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། བསམ་མི་ཁྱབ་སོགས་ཁྱད་པར་གྱི། །ཁྱད་ཞུགས་བདེན་པའི་སྤྱོད་

Vol. 80 · folio 211b

ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དབང་དུ་མཛད་ནས་དེ་ཉིད་དུ་གསུངས་པ་གང་ཡིན་པ་དེ་ནི་སློབ་པའི་ལམ་ཡིན་ཏེ། སློབ་པའི་གནས་སྐབས་ན་ཡོད་

པ་ཡིན་པའི་ཕྱིར་རོ། །དེ་ཉིད་ལས་ཇི་སྐད་དུ། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་དུ་སྐད་ཅིག་ནི་ཇི་སྲིད་ཀྱིས་ཞེས་བྱ་བ་ལ། ཤེས་

པ་སྐྱེ་བ་འབྲས་བུ་ཡོངས་སུ་རྫོགས་པའི་མཚན་ཉིད་དུ་རིག་པར་བྱའོ། །རྩེ་མོའི་མངོན་པར་རྟོགས་པའི་མཐོང་བའི་ལམ་གསུངས་པ་གང་ཡིན་པ་དེ་ནི་གཉེན་པོའི་ལམ་ཡིན་པར་ཤེས་པར་བྱ་སྟེ། དེ་ཉིད་ལས་ཇི་སྐད་དུ། མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་

རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་འདི་རྣམས་ནི་མཐོང་བའི་ལམ་རྣམས་ཀྱི་ཁྱད་པར་གྱི་མཚན་ཉིད་དུ་རིག་པར་བྱའོ། །འདི་ནི་ཕྱོགས་ཙམ་ཡིན་ཏེ། ཕྱོགས་འདིས་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མངོན་པར་

པར་རྫོགས་པར་རྟོགས་པར་སྒོམ་པའི་ལམ་གྱི་སྦྱོར་བ་དང་། རྣམ་པར་རྟོག་པ་དེ་དང་དེ་དག་གི་རབ་ཏུ་དབྱེ་བའི་ཁྱད་པར་གྱི་མཚན་ཉིད་བསྟན་པ་གང་ཡིན་པ་བརྟགས་ཤིང་བཤད་པར་བྱའོ། །དེ་ལྟར་འཇིག་རྟེན་འདི་ནི་སོང་ཞིང་རྗེས་སོང་ལམ་ལ་བརྟེན་པ་ཞེས་བྱ་དང་། །གང་ཕྱིར་སངས་རྒྱས་ལམ་གང་

ཡིན་པར་བློས་བྱས་མིན་ཡང་མཐོང་བ་ལྐོག་གྱུར་པ། །དེས་ན་ཁོ་བོས་འགྲོ་བ་རྣམས་ལ་ཕན་ཕྱིར་མི་ཡིས་སྔོན་ཆད་མ་མྱོང་འདི། །ཤེས་རབ་ཕ་རོལ་ཕྱིན་ཚུལ་མཁས་པ་རྣམས་ལ་ཕྱོགས་ཙམ་གསལ་བར་བྱས་པ་ཡིན། །ཀྱེ་མ་མ་ལ་མི་ཤེས་རང་བཞིན་སྡིག་པ་ཡིས། །གང་ཕྱིར་འཕགས་

པའི་མིག་ནི་ཤིན་ཏུ་བཀག་གྱུར་པ། །དེས་ན་སྐྱེ་དགུ་འདི་དག་རབ་ཏུ་གསལ་བ་དང་། །བསོད་ནམས་དབང་ལྡན་རབ་ཏུ་འཇུག་པ་མི་འདོར་མཚར། །རྟོག་གེའི་འཐད་ལས་རབ་ཏུ་བྱུང་བའི་ལམ་དུ་ནི། །ཐར་འདོད་རྣམས་ཀྱི་ཡིད་ཀྱིས་གོམ་འདོར་མི་ནུས་པས། །རབ་གྲགས་ཙམ་གྱི་ཇི་བཞིན་དོན་ཉིད་གང་

Vol. 80 · folio 212a

ཡིན་པ། །དེ་ཡི་དོན་དུ་རྫོགས་སངས་འབྲས་ཅན་བསྟན་པ་ཡིན། །དེ་ལྟ་དེ་ལྟར་གཞན་ལ་བརྟེན་པའི་འགྲོ་བ་འདི། །སོང་རྗེས་འགྲོ་བས་གླང་ཆེན་ཕྲུག་གུ་ལྟ་བུ་སྟེ། །གང་ཞིག་རང་གི་སྟོབས་ཀྱིས་བགྲོད་དཀའ་འཇིགས་བྱེད་པ། །གླང་ཆེན་དེ་ཉིད་ལ་

ནི་སྡེ་རྣམས་སྟེན་པར་བྱེད། །ཚིགས་སུ་བཅད་པ་འདི་གསུམ་ནི། ཀུན་ཏུ་རྨོངས་པ་དང་། ལོག་པར་ཞུགས་པ་དང་། ཡང་དག་པར་ཞུགས་པའི་སེམས་ཅན་གྱི་ཚོགས་རྣམ་པ་གསུམ་མོ། །གོ་རིམས་ཇི་ལྟ་བ་བཞིན་གཞུག་པར་འདོད་པ་དང་། རབ་ཏུ་རྟོགས་པར་

འདོད་པ་དང་། ཁྱད་པར་དུ་འགྲོ་བར་འདོད་པ་ཉིད་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་དག་གི་ངལ་བསོའི་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །འཕགས་པ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་གི་བསྟན་བཅོས་ཀྱི་འགྲེལ་པ་ལེགས་པར་སྤྱད་པའི་ལས་ཅན། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ། འཕགས་པ་མང་པོས་བཀུར་བ་ཀུ་རུ་ཀུལླེའི་སྡེ་པ་གཙུག་ལག་ཁང་རྒྱ་ཆེན་པོ་དུ་

མའི་བདག་པོ། སློབ་དཔོན་སངས་རྒྱས་འབངས་ཀྱི་ཚ་བོ། ཤཱཀྱའི་དགེ་སློང་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པ་རྫོགས་སོ།། །།གང་དུ་དངོས་པོར་དམིགས་པས་དཀྲུགས་པ་མང་པོས་བཀུར་བ་བཞིན་དུ་འཁྲུལ་གྱུར་

པས། །ཤེས་རབ་ཕ་རོལ་ཕྱིན་ཚུལ་གང་ཞིག་ཐེག་ཆེན་ལམ་ལ་གཞན་གྱིས་མ་རྟོགས་པ། །དེས་ན་འཕགས་པ་གསལ་བའི་བློ་མངའ་དེ་ཡིས་རྒྱལ་ལ་མངོན་སུམ་ཉིད་ཞུས་ནས། །གྲངས་དོན་གོ་རིམས་མིང་དང་དབྱེ་བ་འབྲས་བུའི་སྒོ་ནས་འདི་བཤད་ངོ་མཚར་

ཆེ། །རྒྱ་གར་གྱི་མཁན་པོ་ཤར་ཕྱོགས་ཀྱི་དགེ་བསྙེན་ཆེན་པོ་དཔལ་གོ་མི་འཆི་མེད་དང་། ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་ལེགས་པར་གཏན་ལ་ཕབ་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words