འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ
Sanskrit title (Tibetan script, as in the text) པཉྩ་བིཾ་ཤ་ཏ་ས་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་ཀཱ་རི་ཀཱ་བརྟི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 81 · folio 30a
ཆེན་པོའི་བྱེ་བྲག་ཁྱད་པར་དུ་འཕགས་པ་བསྟན་ནས། ད་ནི་རྣམ་པར་རྟོག་པའི་སྦྱོར་བ་རྣམས་བརྗོད་པར་བྱའོ། །མཐོང་བའི་ལམ་གྱིས་སྤང་བར་བྱ་བ་བཞི་པོ་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པའི་བྱེ་བྲག་ལས་འདིར་ངེས་པར་འབྱེད་པའི་ཆ་གང་ཡིན་པའི་རྣམ་
པར་རྟོག་པ་གང་ཡིན་པ་རྣམ་པར་གཞག་པར་བྱའོ། །དེ་ལ་རྣམ་པར་རྟོག་པ་དེ་དག་ནི་རྣམ་པ་བཞི་ལས་གཟུང་བའི་རྣམ་པར་རྟོག་པ་གཉིས་ཏེ། དངོས་པོའི་རྟེན་ཅན་དང་། གཉེན་པོའི་རྟེན་ཅན་ནོ། །འཛིན་པའི་རྣམ་པར་རྟོག་པ་ཡང་དབྱེ་བ་རྣམ་པ་གཉིས་ཏེ། གང་ཟག་རྫས་སུ་ཡོད་
པའི་རྟེན་ཅན་དང་། བཏགས་པའི་རྟེན་ཅན་ནོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་ན་རིམ་པ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པར་གྱུར་པ་གཉིས་དང་ངོ་། །གསུམ་པ་དང་བཞི་པ་གང་ཡིན་པ་ནི་ཡང་འཛིན་པའི་རྣམ་པར་རྟོག་པ་གཉིས་དང་ཡིན་ནོ། །གནས་
བརྟན་རབ་འབྱོར་ཉོན་མོངས་པ་མེད་པར་གནས་པའི་ཡོན་ཏན་བརྗོད་པའི་ཕྱིར་རྣམ་པར་རྟོག་པའི་མཚན་ཉིད་སྟོན་པ་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཡིན་ཏེ། དེས་བདག་དང་གཞན་གྱི་རྟེན་ཅན་གྱི་རྣམ་པར་རྟོག་པ་འགེགས་པ་ལ་མཁས་པ་སྟོན་པའི་དབང་དུ་མཛད་པར་ཤེས་པར་བྱ་
བའི་ཕྱིར་རོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པའི་དབྱེ་བ་ནི་རྣམ་པ་དགུར་རིག་པར་བྱའོ། །རྣམ་པར་བྱང་བ་ལ་དམིགས་པའི་རྣམ་པར་རྟོག་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་མི་དམིགས་
པའི་རྣལ་འབྱོར་ལ་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་པར་སྟོན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་དམིགས་པའི་རྣལ་འབྱོར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའོ་ཞེས་བྱ་བ་ལ་སོགས་པ་
གསུངས་པ་ཡིན་ནོ། །སེམས་ཅན་ལ་དམིགས་པའི་རྣམ་པར་རྟོག་པ་ནི་གང་བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་རྣམས་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་
Vol. 81 · folio 30b
རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་དང་། སངས་རྒྱས་ཀྱི་ཆོས་
ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ནས་དམིགས་པར་བསྟན་པ་ཡིན་ཏེ། དེའི་མདོ་ནི་ཤཱ་རིའི་བུ་བདག་མི་དམིགས། སེམས་ཅན་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པ་གང་མ་སྐྱེས་པ་དང་། མ་
བྱུང་བ་དང་། མི་དམིགས་པ་མངོན་པར་འདུ་བྱེད་པ་མེད་པ་ནི་རྣམ་པར་དག་པ་ཡིན་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཤཱ་རིའི་བུ་མ་སྐྱེས་པ་མི་དམིགས་ཤིང་མངོན་པར་འདུ་བྱེད་པ་མེད་པ་ནི་རྣམ་པར་དག་པ་ཞེས་བརྗོད་དོ་ཞེས་གསུངས་པ་ཡིན་ནོ། །མ་རིག་པའི་རྣམ་པར་རྟོག་
པ་ནི་ཆོས་འགའ་ཞིག་ལ་ཇི་ལྟ་བ་བཞིན་མ་ཡིན་པར་མངོན་པར་ཞེན་པ་ནི་མ་རིག་པ་ཡིན་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཅུང་ཟད་ཀྱང་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་ཆོས་འདི་དག་བྱིས་པ་སོ་སོའི་
སྐྱེ་བོས་ཇི་ལྟར་མངོན་པར་ཞེན་པར་བྱ་བ་དེ་ལྟ་བུའི་རྣམ་པ་ཡོད་པ་མ་ཡིན་ཏེ། ཇི་ལྟར་མེད་པ་དེ་ལྟར་ཡོད་དོ། །དེ་ལྟར་མེད་པས་ན་མ་རིག་པ་ཞེས་བརྗོད་དོ་ཞེས་གསུངས་པ་ཡིན་ནོ། །ཕུང་པོ་ལ་སོགས་པ་དམིགས་པའི་རྣམ་པར་རྟོག་པ་གང་དེ་གྲུབ་པའི་ཆེད་དུ་ཕུང་པོ་ལ་སོགས་པ་
རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། མི་འཇིགས་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་ཉེ་བར་བཟུང་ནས་ཡང་དག་པར་མེད་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ་ཤཱ་རིའི་བུ་གཟུགས་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ་ནང་སྟོང་པ་ཉིད་ཉེ་བར་བཟུང་ནས་ཞེས་བྱ་བ་ལ་སོགས་
པ་གསུངས་པ་ཡིན་ནོ། །མིང་དང་གཟུགས་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་། མཐའ་གཉིས་ལ་ཆགས་པའི་རྣམ་པར་རྟོག་པ་ཡང་གཉིས་པོ་དེའི་དབང་དུ་བྱས་ནས་མ་རིག་པ་དང་། སྲེད་པ་ཉིད་ཀྱིས་མིང་དང་གཟུགས་ལ་མངོན་པར་ཞེན་ཅིང་མཐའ་གཉིས་ལ་ཆགས་པ་
Vol. 81 · folio 31a
ཡིན་ཏེ། དེ་ལ་བྱིས་པ་རྣམས་མ་རིག་པ་དང་། སྲེད་པས་མིང་དང་གཟུགས་སུ་མངོན་པར་ཞེན་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་རྣམས་སུ་མངོན་པར་ཞེན་ཅིང་མངོན་པར་ཞེན་པས་མཐའ་གཉིས་ལ་ཆགས་པས་ནི་ཡང་དག་པར་མེད་པའི་ཕྱིར་ཆོས་སུ་བཏགས་
པ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་དེ་དག་ལ་ཡིད་ཆེས་པས་གཟུགས་རྣམས་དང་། ཀུན་ནས་ཉོན་མོངས་པ་རྣམས་དང་། རྣམ་པར་བྱང་བ་མི་ཤེས་པས་འདོད་པའི་ཁམས་ལ་སོགས་པ་ལས་ངེས་པར་མི་འབྱུང་
བར་བཤད་པ་ཡིན་ཏེ། དེའི་མདོ་ནི། དེས་གཟུགས་མི་ཤེས་མི་མཐོང་། ཚོར་བ་དང་། འདུ་ཤེས་ཞེས་བྱ་བ་ནས་བྱིས་པའི་གྲངས་སུ་འགྲོ་བ་སྟེ། འདོད་པའི་ཁམས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་ནི་གང་གཟུགས་ལ་
སོགས་པ་སྟོང་པ་ཉིད་ལ་མངོན་པར་མི་དད་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་ལ་མི་གནས་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། གཟུགས་གཟུགས་ཀྱིས་སྟོང་པར་མི་དད་ཅིང་ཞེས་བྱ་བ་ནས་བྱང་ཆུབ་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་
བར་མི་དད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་དང་པོའོ། །དེ་ཐབས་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་རྣམས་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་ཞེས་བྱ་བ་ནས་མ་འདྲེས་པའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྟོག་ཅིང་མངོན་པར་ཞེན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། མི་དམིགས་པའི་སྦྱོར་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་
གཉིས་པའོ། །དེའི་མདོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་ཅིང་མངོན་པར་ཞེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དངོས་པོ་ཐམས་ཅད་ཀྱི་གཞི་ཅན་ནི་དང་པོ་ཡིན་ལ། རྣམ་པར་བྱང་བའི་དངོས་པོའི་གཞི་ཅན་ཉིད་
Vol. 81 · folio 31b
ཀྱིས་གཉིས་པ་དེ་ལྟ་བུ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་ཀྱི་ཁྱད་པར་ཡིན་ནོ། །དེ་ལྟར་བྱས་ན་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་དེ་གཉིས་པ་ཡང་དེ་ཉིད་ཡིན་ནོ་ཞེས་བཤད་པ་སྔ་མས་སྟོན་པར་བྱེད་པ་ཡིན་པས་རེ་ཞིག་དང་པོ་གང་ཡིན་པ་དེ་གཉིས་པ་ཡིན་ཏེ། འདི་ལྟ་སྟེ།
གཞིའི་དངོས་པོ་ཐམས་ཅད་པའི་རྣམ་པར་རྟོག་པ་དང་པོ་ནི་གཉིས་པར་འགྱུར་བ་ཉིད་ཡིན་ནོ། །གཉིས་པ་ནི་དང་པོ་མ་ཡིན་ཏེ། འདི་ལྟ་སྟེ། རྣམ་པར་བྱང་བ་ཙམ་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ནི་དང་པོ་མ་ཡིན་ནོ། །གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པའི་
རྣམ་པར་རྟོག་པའི་དབང་དུ་མཛད་ནས་དེ་ཡང་མི་དམིགས་པའི་སྦྱོར་བ་ཞེས་བྱ་བ་ནས་བརྩམས་ཏེ། ཕུང་པོ་རྣམས་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་མི་དམིགས་པའི་རྣལ་འབྱོར་གྱིས་ཅི་སྒྱུ་མའི་སྐྱེས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངམ་ཞེས་བྱ་
བ་ནས་བརྩམས་ཏེ་ཕུང་པོ་རྣམས་ཀྱི་བར་དང་། མི་འཇིགས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། སྒྱུ་མ་ཕན་ཚུན་ངོ་བོ་གཅིག་པར་བསྟན་པས་སྒྱུ་མ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སྐྱེ་བ་དང་། འགག་པ་བཀག་པར་གྱུར་པས་དེ་ཕ་རོལ་ཏུ་ཕྱིན་
པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ཡིན་ནམ་ཞེས་བྱ་བས་ནི་ངེས་པར་འབྱུང་བ་བཀག་པ་གསུངས་པ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་དང་པོའོ། །གཉིས་པ་འཛིན་
པའི་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་དབང་དུ་མཛད་ནས་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བྱང་ཆུབ་སེམས་དཔའ་བཏགས་པ་བསྟན་པ་ཡིན་ཏེ། དེའི་མདོ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་འདི་ལ་འདུ་ཤེས་པ་དང་། ཀུན་ཤེས་པ་དང་། བཏགས་པ་དང་།
ཐ་སྙད་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གང་། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བུ་གཞན་དུ་ཡང་མདོ་ཟུར་གཉིས་དང་ཡང་བསྟན་བཅོས་སྦྱར་བར་བྱ་སྟེ།
Vol. 81 · folio 32a
བདག་གིས་ནི་གཞུང་མངས་པའི་ཉེས་པ་སྤང་བའི་ཕྱིར་གང་དུ་ཡང་མཚོན་པར་མ་བྱས་སོ། །ཕུང་པོ་ལ་སོགས་པའི་བཏགས་པའི་སྐྱེ་བ་དང་འགག་པའི་སྒོ་ནས་གང་ཡང་རུང་བ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ལ་དམིགས་པར་སྦྱོར་བས་ངེས་པར་
འབྱུང་བ་དེའི་རྗེས་སུ་འཇུག་པས་སྒྱུ་མའི་སྐྱེས་བུ་ཉིད་དེ་ལྟར་བསླབ་པར་བྱའོ་ཞེས་ངེས་པར་གཟུང་བ་ཤེས་པར་བྱ་བ་ཉིད་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ཕུང་པོ་ལྔ་པོ་དེ་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱིའོ་ཞེས་བྱ་བ་དང་། གཟུགས་ལ་སོགས་པའི་ཕུང་པོ་རྣམས་རྨི་ལམ་དང་། སྒྲ་
བརྙན་དང་། མིག་ཡོར་དང་། ཆུ་ཟླ་དང་། སྨིག་རྒྱུ་དང་། སྤྲུལ་པ་ལྟ་བུ་ཞེས་བྱ་བའི་དཔེས་དངོས་པོ་མེད་པའི་ངོ་བོ་ཉིད་མི་དམིགས་པས་དཔེ་དོན་དང་འགལ་བ་ཅན་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་གཟུགས་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ནས་བརྩམས་ཏེ། ནང་སྟོང་པ་ཉིད་ལ་
སོགས་པས་ཕུང་པོ་ལ་སོགས་པ་དམིགས་སུ་མེད་པས་དཔེ་དོན་མི་འཐད་པའི་ཕྱིར་སེམས་ཞུམ་པ་མེད་པ་ཉིད་དང་། སྐྲག་པ་མེད་པ་ལ་སོགས་པ་དང་། མི་ཞུམ། མི་འགོང་། འགྱོད་པར་མི་འགྱུར་ཞེས་བྱ་བའི་ཚིག་གསུམ་དང་། མི་འཇིགས། མི་དངང་། སྐྲག་པར་མི་འགྱུར་ཞེས་བྱ་
བའི་ཚིག་གསུམ་གོ་རིམས་བཞིན་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་གནས་མ་ཡིན་པ་ལ་འཇིགས་པ་ནི་འཇིགས་པ་སྟེ། ལམ་ལོག་པ་དང་འདྲའོ། །དེ་མེད་པས་མི་ཞུམ་པའོ། །རྟག་ཏུ་སྐྲག་པ་ནི་ཀུན་ཏུ་དངང་བ་སྟེ། འཇིགས་པ་སྐྱེས་པ་ལས་མ་བཟློག་པའོ། །དེ་མེད་
པས་ན་མི་འགོང་བའོ། །ཀུན་ཏུ་དངང་བའི་ངེས་པར་གྱུར་པ་ནི་སྐྲག་པ་སྟེ། དེ་མེད་པས་ན་འགྱོད་པར་མི་འགྱུར་བའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པའོ། །དེ་དང་དེ་ནས་བརྩམས་ཏེ་འདི་དང་འདིར་སྦྱར་རོ། །འདི་ལྟར་མེད་པས་ན་མ་རིག་པ་ཞེས་བརྗོད་དོ་ཞེས་བྱ་བས་མ་རིག་པ་སྟེ་དང་
པོའོ། །ཐབས་ལ་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོག་ཅིང་མངོན་པར་ཞེན་པ་ཞེས་བྱ་བ་ནི་གཉིས་པའོ། །ལམ་ཤེས་པས་ངེས་པར་མི་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་མི་འཐོབ་ཅེས་བྱ་བས་ནི་གཟུགས་བརྙན་ལྟ་བུའི་ཕུང་པོ་རང་བཞིན་མེད་དོ་ཞེས་བྱ་བའི་
Vol. 81 · folio 32b
བར་གྱིས་ནི་བཞི་པའོ། །དེ་རྣམས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞི་དང་། མཚུངས་པར་ལྡན་པ་ཡིན་ཏེ། མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པ་གཟུང་བ་དང་འཛིན་པས་ཕྱེ་བས་རིམ་པ་བཞིན་དུ་བསྟན་ཏོ། །རྣམ་པར་བཤད་པ་བྱེད་པས་གཞུང་གི་
དོན་གཏན་ལ་ཕབ་པ་ཇི་སྐད་བསྟན་པ་དང་། རབ་ཏུ་བྱེད་པས་འབྲེལ་པར་སྦྱར་རོ། །ཡང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པའང་ཡོད་དོ། །རྗེས་ཐོགས་ལ་བསྒྲུབ་པ་དང་དགག་པར་ནུས་པ་ཡིན་ཏེ། མཐོང་བའི་ལམ་དུ་ཉེ་བར་བཀོད་པ་ལས་གཞན་པ་འདི་ལྟར་
བསྒོམ་པའི་ལམ་གྱི་ཡིན་པར་ངེས་པར་གཟུང་སྟེ། གཞན་དུ་ས་གཉིས་པ་ལ་སོགས་པ་དོན་མེད་པ་ཐོབ་པར་འགྱུར་བའི་ཕྱིར་རོ། །མཚུངས་པར་ལྡན་པས་ཁྱད་པར་དུ་འཕགས་པ་བསྟན་ན། ཇི་སྐད་དུ་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བས་
ཁྱད་པར་དུ་འཕགས་སོ་ཞེས་བསྟན་པ་དེ་ལས་ཐབས་ལ་མཁས་པའི་དབང་དུ་བྱས་ནས་གསུངས་པ་ནི་སེམས་ཞུམ་པ་མེད་པ་ཉིད་དང་། མི་སྐྲག་པ་ལ་སོགས་པའི་རྒྱུ་ནས་བཟུང་སྟེ། ཐབས་ལ་མཁས་པའི་ཡོངས་སུ་བཟུང་བ་ནས་བརྩམས་ཏེ། གཟུགས་ཀྱི་ཕུང་པོ་རྣམས་རེ་རེ་ནས་མི་
རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པ་དང་། ཞི་བ་དང་། དབེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་སེམས་ཀྱིས་སོ་སོར་ཕྱེ་ནས་མི་དམིགས་པས། དེ་
རྣམས་ཉིད་མི་རྟག་པ་ལ་སོགས་པར་ཆོས་སྟོན་པ་ན་དམིགས་སུ་མེད་པར་སྦྱོང་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱེད་པ་དང་རབ་ཏུ་ལྡན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། མི་རྟག་པ་ལ་སོགས་པ་དེ་རྣམས་ཉིད་ཡིད་ལ་བྱེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་
ཏུ་འཛིན་པ་མེད་པ་ཉིད་དང་། དེ་བཞིན་དུ་ས་ལ་སོགས་པའི་ཁམས་དྲུག་པོ་མི་རྟག་པ་ལ་སོགས་པར་བཟོད་པ་དང་། སྨོན་པ་དང་། སོ་སོར་རྟོག་པར་བྱེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། འདིར་ཡང་བུ་ག་ནམ་མཁའི་ཁམས་ཞེས་བྱ་བ་དེས་མི་རྟག་པར་བྱའོ། །ཕུང་པོ་ལ་སོགས་པ་
Vol. 81 · folio 33a
ལ་མི་རྟག་པ་ལ་སོགས་པར་སོ་སོར་རྟོག་ཅིང་མི་དམིགས་པ་དང་ལྡན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པ་མི་གཏོང་ཞིང་མི་འདོར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐེག་པ་དམན་པའི་སེམས་དང་ལྡན་པའི་ཡིད་ལ་བྱེད་པའི་སྐབས་
མི་འབྱེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱིས་སྟོང་པ་ཉིད་དེ་སྟོང་པ་ཉིད་དུ་རྟོགས་ཤིང་དེ་རྣམས་དང་སྟོང་པ་ཉིད་ཀྱང་གཅིག་ལ་གཅིག་དེའི་ངོ་བོར་རྗེས་སུ་འབྲེལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ཕུང་
པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་དང་མ་བྲལ་བས་ཞེས་བྱ་བ་ཡིན་ཏེ། འདིའི་མདོ་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འདི་ལྟར་སོ་སོར་རྟོག་སྟེ། གཟུགས་མི་སྟོང་པ་གཟུགས་ཉིད་མ་ཡིན། གཟུགས་ཉིད་སྟོང་པ་ཉིད། སྟོང་
པ་ཉིད་ཀྱང་གཟུགས་སོ། །ཚོར་བ་མི་སྟོང་པ་ཚོར་བ་ཉིད་མ་ཡིན། ཚོར་བ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐབས་ལ་མཁས་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་འཛིན་པ་བསྟན་པ་ནི། ཕུང་པོ་ལ་སོགས་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་
རྣམས་ཀྱི་བར་དུ་མི་རྟག་པ་ལ་སོགས་པར་བསྟན་པ་དང་། དགེ་བའི་རྩ་བ་དེ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་ནི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་བསྟན་ཏེ། དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་ཡང་ཐབས་ལ་མི་མཁས་པ་གང་ཞེ་ན། གང་
ཇི་སྐད་དུ་བསྟན་པའི་ཐབས་ལ་མཁས་པ་ལས་བཟློག་པ་ཡིན་པར་རྟོགས་པར་བྱ་བ་སྟེ། གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་དང་བྲལ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རབ་ཏུ་ལྡན་པའི་ཡིད་ལ་བྱེད་པས་སྒོམ་ཞིང་དེ་དམིགས་པའི་ཡིད་ཀྱིས་སྐྲག་པ་ལ་སོགས་པ་
ཐབས་ལ་མི་མཁས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མི་དགེ་བའི་བཤེས་གཉེན་གང་ཡིན་ཞེ་ན། དེ་གང་ཇི་སྐད་བཤད་པའི་མོས་པ་བཟློག་པ་ནི་སྡིག་པའི་གྲོགས་པོ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་རང་བཟོར་བྱས་པ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་ཅིང་། སངས་
Vol. 81 · folio 33b
རྒྱས་ཀྱི་ཆ་ལུགས་ཀྱིས་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་དང་། རང་གི་ལས་ཉན་ཐོས་ཀྱི་ཐེག་པ་དང་རབ་ཏུ་ལྡན་པའི་མདོ་སྡེ་ལ་སོགས་པ་སྟོན་ཅིང་། ཁྱེད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་
པ་སླུ་བའི་ཚིག་སྟོན་པར་བྱེད་པ་དང་། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་བདག་གམ་བདག་གིས་སྟོང་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཁྱེད་ལ་ཅི་ཞིག་བྱ་ཞེས་འདིར་སླུ་བའི་
ཆོས་སྟོན་པའི་སྨྲ་བ་པོ་ནི་བདུད་ཡིན་ནོ། །དེ་བཞིན་དུ་རང་སངས་རྒྱས་དང་། ཉན་ཐོས་དང་། མཁན་པོ་དང་། སློབ་དཔོན་དང་། ཚངས་པར་སྤྱོད་པའི་ཆ་ལུགས་ཀྱིས་སྨྲ་བར་བྱེད་པའི་བར་དུ་སྟེ། འདི་དག་ཀྱང་བདུད་ཀྱི་ལས་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་མི་སྟོན་པ་ནི་སྡིག་པའི་
གྲོགས་པོར་རིག་པར་བྱའོ་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔས་སྤང་བར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་མི་མཐུན་པ་དང་། གཉེན་པོ་རྣམ་པར་གཞག་ནས་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བསྟན་པས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཡོངས་སུ་
འཛིན་པས་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །དེ་ལྟ་བུའི་དབང་དུ་བྱས་ནས་ཇི་ལྟར། དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་བཟུང་བ་ཡིས། །ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཚིག་ལེའུར་བྱས་པའི་རྐང་པ་དོན་དང་ལྡན་པར་བསྡུས་ནས་བསྟན་པའི་ངེས་པར་འབྱེད་
པའི་ཆ་ཞེས་བྱ་བའི་དོན་ཅི་ཞིག་ཡིན་ཞེ་ན། ངེས་པར་འབྱེད་པའི་རྣམ་པར་མི་རྟོག་པ་རྟོགས་པར་བྱེད་པའི་ཕྱིར་རོ། །རྣམ་པ་བཞི་པོ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཀྱིས་གཉེན་པོ་ནི་མཐོང་བའི་ལམ་ཡིན་ནོ། །དེའི་ཕྱོགས་གཅིག་ཐོབ་པར་བྱེད་པའི་ཕན་པ་ཉིད་ཀྱིས་ན་ངེས་
པར་འབྱེད་པའི་ཆ་དང་མཐུན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རྣམ་པར་འགྲེལ་པའོ།། །།ངེས་པར་འབྱེད་པའི་ཆ་དང་མཐུན་པར་བཤད་ནས་བསྒྲུབ་པའི་རྟེན་བརྗོད་པར་བྱའོ། །
Vol. 81 · folio 34a
རིགས་ཞེས་བྱ་བའི་དོན་ཏོ། །བསྒྲུབ་ཆོས་དེ་ནི་གནས་སྐབས་ཀྱི་དབྱེ་བས་རྣམ་པ་བཅུ་བཞིར་འགྱུར་རོ། །ཇི་ལྟ་ཞེ་ན། རྟོག་པའི་ཆོས་དྲུག་སྟེ། དེ་ཅི་ཞིག་ཅེ་ན། ཞབས་སུ་འཇུག་པའི་རྟེན་པ་ལ་རིགས་ཞེས་མཐར་གསུངས་པ་ཡིན་ནོ། །འདི་ལྟ་སྟེ། ངེས་པར་འབྱེད་
པའི་ཆ་བཞི་དང་། མཐོང་བ་དང་། བསྒོམ་པའི་ལམ་དག་གོ། །གང་གི་ཕྱིར་སེམས་བསྐྱེད་པ་ནས་བརྩམས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དུ་གསུངས་པའོ། །དེ་དང་དེས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཞེས་གསུངས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་གང་ལགས། རྟོགས་པའི་ཆོས་གང་ཡིན་པ་དེ་དང་། དེའི་རྟེན་གང་ཡིན་པ་དེ་ལས་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཏུ་སྐྱེ་བ་དང་། ཡོད་པ་བཀག་པས་བྱང་ཆུབ་སེམས་དཔའི་ཚིག་
གི་དོན་མེད་དོ་ཞེས་བྱ་བ་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ནི་སྐྱེ་བའམ། ཡོད་པའམ། མེད་པ་ཉེ་བར་མི་དམིགས་སོ་ཞེས་གསུངས་པ་ཡིན་ནོ། །ནམ་མཁའ་ལ་བྱའི་རྗེས་
མེད་ཅིང་མི་དམིགས་པའི་དཔེ་དང་། འདི་ལྟར་རྨི་ལམ་གྱི་དངོས་པོ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་ལ་གནས་མེད་ཅིང་དམིགས་སུ་མེད་པའི་དཔེས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དང་པོའི་
རྟེན་ཡིན་ནོ། །དཔེ་ཡང་དོན་གྱི་ཁྱད་པར་ལས་ཡིན་ཏེ། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་མཚུངས་པར་ལྡན་པ་རྣམ་པར་རྟོག་པ་དང་པོ་དགུའི་དབྱེ་བ་བསྟན་པ་ཡིན་ཏེ། དེའི་དབྱེ་བ་དང་། སོ་སོར་སྦྱར་བ་ཡིན་པ་ལས། གཞུང་མངས་ཀྱིས་དོགས་ནས་ཁོ་བོས་རྣམ་པར་མ་ཕྱེའོ། །
དེ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་གཞན་དག་མཐོང་བ་དང་། བསྒོམ་པའི་ལམ་དག་ཀྱང་རང་རང་གི་རྣམ་པར་རྟོག་པ་དང་། དཔེ་རྣམས་དོན་གྱི་ཁྱད་པར་རེ་རེ་ནས་སྦྱར་ཏེ་བརྗོད་པར་བྱའོ། །ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་
Vol. 81 · folio 34b
མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། བདེན་པ་ཉིད་ལ་གནས་མེད་ཅིང་དམིགས་སུ་མེད་པ་ཉིད་ཀྱི་དཔེས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཉིས་པའི་རྟེན་ཡིན་ནོ། །སྒྱུ་མའི་སྐྱེས་བུའི་
གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་མེད་ཅིང་མི་དམིགས་པའི་དཔེས་དེ་ཉིད་ཀྱི་མིག་ལ་སོགས་པའི་ཚིག་གི་དོན་དང་། དེ་ཉིད་ཀྱི་གཟུགས་ལ་སོགས་པའི་ཚིག་གི་དོན་དང་། དེ་ཉིད་ཀྱི་མིང་དང་གཟུགས་ལ་སོགས་པའི་ཚིག་གི་དོན་
དང་། དེ་ཉིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པའི་ཚིག་གི་དོན་མེད་ཅིང་མི་དམིགས་པ་དེ་ཉིད་ཀྱི་དཔེས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་པའི་རྟེན་བསྟན་ཏོ། །སྒྱུ་མའི་ནང་སྟོང་པ་ཉིད་ལ་སོགས་པ་ནས་མ་འདྲེས་པ་རྣམས་ལ་སྤྱོད་པ་ན་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེས་ངེས་པར་
འབྱེད་པའི་ཆ་དང་མཐུན་པ་བཞི་པའི་རྟེན་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེ་དང་། དེ་ཉིད་ཀྱི་མིག་ལ་སོགས་པ་ནས་ཡིད་ཀྱི་བར་གྱི་ཚིག་གི་དོན་
དང་། དེ་ཉིད་ཀྱི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་རྣམས་དང་། མ་འདྲེས་པ་རྣམས་ཀྱི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེ་དང་། འདུས་མ་བྱས་ཀྱི་ཁམས་ལ་འདུས་བྱས་ཀྱི་ཚིག་གི་དོན་དང་། འདུས་བྱས་ཀྱི་ཁམས་ལ་འདུས་མ་བྱས་ཀྱི་ཁམས་ཀྱི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་
དཔེས་མཐོང་བའི་ལམ་གྱི་རྟེན་བསྟན་ཏོ། །འདིར་ཡང་དཔེ་དུ་མ་རྣམས་ཟློས་པའི་སྐྱོན་ནི་མེད་དེ། མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་པོ་དེ་རྣམས་གཟུགས་བརྙན་དང་མཚུངས་པར་བསྟན་པའི་ཕྱིར་རོ། །སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་
མེད་པ་དང་། འབྱུང་བ་མེད་པ་དང་། མི་དམིགས་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་ཅིང་མི་དམིགས་པའི་དཔེས་བསྟན་ནས། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་
Vol. 81 · folio 35a
པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། མི་དམིགས་པ་ལ་གནས་མེད་དོ་ཞེས་བྱ་བའི་དཔེ་དང་། ཡང་དེ་
རྣམས་ཉིད་རྣམ་པར་དབེན་པ་ཉིད་དང་། མཚན་མ་མེད་པའི་གནས་དང་། ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་ཅིང་ཉེ་བར་མི་དམིགས་པའི་དཔེས་བསྟན་ཏེ། སྐྱེ་བ་མེད་པ་ལ་སོགས་
པ་དང་། མཚན་མའི་གནས་མེད་པ་དང་། ཤིན་ཏུ་རྣམ་པར་དག་པའི་རྣམ་པ་སྟེ། རྣམ་པ་གསུམ་གྱིས་བསྒོམ་པའི་ལམ་གྱི་རྟེན་བསྟན་པ་ཡིན་ནོ། །གཉེན་པོ་དང་ནི་སྤོང་བ་དག །དེ་ཇི་ལྟ་བུ་ཞེ་ན། རྟེན་ནི་རིགས་ཡིན་པར་གནས་སྐབས་ཀྱིས་སོ། །དེ་ལྟར་ཡང་ཉི་མའི་དཀྱིལ་འཁོར་
གྱི་འོད་ཟེར་ལ་མུན་པའི་གནས་མེད་ཅིང་མི་དམིགས་པའི་དཔེས་གཉེན་པོ་བསྐྱེད་པ་གསུངས་པ་ཡིན་ནོ། །བསྐལ་པའི་མེ་འབར་བ་ལ་འདུ་བྱེད་ཀྱི་གནས་མེད་ཅིང་རྗེས་སུ་མི་དམིགས་པའི་དཔེས་མི་མཐུན་པའི་ཕྱོགས་སྤངས་ནས་གཉེན་པོ་བསྐྱེད་དེ་མི་མཐུན་པའི་ཕྱོགས་སྤངས་པ་དང་། གཉེན་པོ་དེ་
དག་ཉིད་དེ་དག་ཡོངས་སུ་བཏགས་པ་སྟེ་རྟེན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱིས་རྣམ་པར་རྟོག་པ་སྤོང་བའི་རྟེན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་
དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམས་ལ། དེ་དང་དེའི་མི་མཐུན་པའི་ཕྱོགས་མེད་ཅིང་ཉེ་བར་མི་དམིགས་པའི་དཔེས་ཤེས་བྱའི་སྒྲིབ་པ་སྤངས་པའི་དོན་བསྟན་ཏོ། །ཤེས་རབ་སྙིང་བརྩེར་བཅས་པ་དང་། །ཞེས་བྱ་བ་དེ་ཅི་ཞིག་ཅེ་ན། རྟེན་ནི་
རིགས་ཡིན་ནོ། །དེ་ལྟར་ཡང་ཤེས་རབ་དང་། སྙིང་རྗེས་གསལ་ཞིང་མཛེས་པ་རྣམས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་སོ་ཞེས་གསུངས་པ་ཡིན་ནོ། །སློབ་མ་ཐུན་མོང་མིན་ཉིད་དང་སྟེ། རྟེན་ཡིན་ནོ་ཞེས་བྱ་བའི་རྗེས་སུ་འཇུག་གོ། །དེ་ལྟར་ཡང་གཟའ་དང་། སྐར་མ་དང་།
Vol. 81 · folio 35b
ཉན་ཐོས་ལ་སོགས་པའོ། །ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་ཡེ་ཤེས་ཀྱི་སྣང་བ་ཉིད་ཀྱིས་ཁྱབ་པར་གསུངས་པ་ཡིན་ནོ། །གཞན་གྱི་དོན་གྱི་གོ་རིམས་དང་ཞེས་བྱ་བ་རྟེན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་ལྷའི་
རིགས་སུ་རྣམ་པར་གཞག་པ་དང་འདྲ་བར་འཇིག་རྟེན་པའི་གོང་ནས་གོང་དུ་ལེགས་པའི་ཁྱད་པར་དུ་འགྲོ་བའི་རྒྱུ་ཉིད་ཡིན་པར་བསྟན་པ་ཡིན་ནོ། །ཡེ་ཤེས་རྩོལ་བར་མི་མངའ་བར། །ཞེས་བྱ་བ་ཇི་ལྟ་བུར་རྟོགས་པར་བྱ་ཞེ་ན། འཇུག་པའི་རྟེན་ལ་རིགས་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡང་ལྷུན་གྱིས་
གྲུབ་པར་སེམས་ཅན་གྱི་དོན་ལ་འཇུག་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའོ་ཞེས་བསྟན་པ་ཡིན་ནོ། །འདིའི་མདོ་ནི་རབ་འབྱོར་འདི་ལྟར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་
གི་དོན་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལ་དངོས་པོ་གནས་མེད་ཅིང་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དངོས་པོ་རབ་ཏུ་གནས་པ་མེད་ཅིང་མི་དམིགས་ཞེས་བྱ་བའི་བར་གྱིས་ཡོད་པ་དང་མེད་པ་མི་དམིགས་པ་གསལ་བར་བསྟན་ཏོ། །དཔེ་
དེ་དང་དེ་རྣམས་ཀྱིས་དོན་བསྟན་པ་ཡིན་ནོ། །ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་པ་ཡིན་ཏེ། ཇི་སྐད་དུ། རབ་འབྱོར་དེ་ཅིའི་ཕྱིར། འདི་ལྟར་གང་བྱང་ཆུབ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་
པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། འདི་ལྟར་མཚན་ཉིད་མེད་ཅིང་མཚན་ཉིད་གཅིག་པའོ་ཞེས་གསུངས་པ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་བཞི་ནས་བརྩམས་ཏེ་བསྒོམ་པའི་ཞེས་བྱ་བའི་བར་དང་། རྐང་པའི་བཀོད་པའི་
ཁྱད་པར་མ་མཐོང་བ་མཐོང་བ་དང་། མཐོང་བ་མངོན་དུ་ཕྱོགས་པའི་གནས་སྐབས་རྣམས་སུ་གོ་རིམས་བཞིན་དུ་སྦྱར་ཏེ། དངོས་པོའི་གནས་སྐབས་ལ་ལྡན་པ་དང་། མི་ལྡན་པ་དག་ལྟ་བས་མཐོང་བ་དང་། ཅིག་ཤོས་དག་ཏུ་འབྲེལ་པའི་སྔོན་མེད་པ་སྐྱེས་པ་དག་དང་། དེའི་ངོ་བོ་གོང་དུ་འཇུག་པ་མེད་
Vol. 81 · folio 36a
པའི་དངོས་པོ་དང་ཐ་མི་དད་པའི་དབང་དུ་བྱས་པ་ཡིན་པ་སྟེ། འདི་ལྟ་སྟེ། དངོས་པོ་མེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་དབྱིངས་ཉིད་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རིགས་ནི་རྟེན་ཡིན་པར་གསལ་བར་བསྟན་ཏོ། །རང་བཞིན་གྱིས་གནས་པ་
འདི་ཡང་རིགས་ཡིན་གྱི་རྐྱེན་ལས་བྱུང་བ་ནི་མ་ཡིན་ནོ། །འགའ་ཞིག་རང་བཞིན་གྱིས་གནས་པ་ལ་རིགས་ཞེས་བྱ་བར་འདོད་ན་འཁོར་བ་ཐོག་མ་མེད་པ་ནས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཀྱང་རང་བཞིན་གྱིས་གནས་པའི་རིགས་དང་ལྡན་པའི་སྲོག་ཆགས་
རྣམས་ད་རུང་ཡང་མྱ་ངན་ལས་མ་འདས་པ་ཅིའི་ཕྱིར་ཞེ་ན། དེ་ཉེས་དམིགས་བཞི་དང་ལྡན་པ་ཡིན་ཏེ། གང་ཇི་སྐད་དུ། ཉོན་མོངས་པ་དང་བཤེས་གཉེན་ངན། །བར་ཆད་གཞན་གྱི་དབང་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །ཡང་འདིར་ནི་རྒྱུན་མི་འཆད་པ་ཁོ་ནར་རང་བཞིན་གྱིས་གནས་
པའི་རིགས་སུ་འདོད་དོ། །གཞན་དག་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ནི་རིགས་ཡིན་ལ། དེ་ཡང་རྐྱེན་ཚོགས་པ་ལས་བྱུང་བ་དང་། རང་བཞིན་གྱིས་གནས་པ་རྣམ་པ་གཉིས་སུ་འདོད་དོ། །རང་བཞིན་གྱིས་གནས་པའི་རིགས་ལ་རང་བཞིན་ཞེས་བྱ་བར་བརྗོད་ན་རྒྱུའི་རྣམ་གྲངས་ཡིན་ནོ། །དེ་དེ་ལྟར་ན་
ཚོགས་པ་ལས་བྱུང་བ་དང་ཞེས་བྱ་བ་དང་དོན་ལ་ཁྱད་པར་ཅི་ཞིག་ཡོད། ཆོས་ཉིད་ཀྱི་རྣམ་གྲངས་ལ་ཡང་ཉེས་པ་དེས་གོས་པ་མེད་དོ། །ཡང་ན་དེ་རྣམས་ཀྱི་རིགས་ནི་བཏགས་པ་ཡིན་ལ། དེ་མཚན་ཉིད་དང་ལྡན་པ་ཡིན་པའི་ཕྱིར་དེ་དང་འདི་འབྲེལ་པ་མེད་དོ། །ཆོས་ཀྱི་དབྱིངས་རིགས་ཡིན་ན་དེ་ནི་སྤྱིར་
ཁྱབ་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་རིགས་ལ་གནས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་གྱུར་པ་དེ་ལྟར་རིགས་ཞེས་བཤད་པ་ཡིན་ནམ། འདིར་ཤིན་ཏུ་ཐལ་ཆེས་པར་ཅིའི་ཕྱིར་རྟོག་པར་བྱེད། དེ་ལྟར་ཡིན་ཡང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །
རིགས་ནི་ཐ་དད་རུང་མ་ཡིན། །ཞེས་བྱ་བས་འདི་ནི་ཉན་ཐོས་ཀྱི་རིགས་སོ། །འདི་ནི་རང་སངས་རྒྱས་ཀྱི་རིགས་སོ། །འདི་ནི་སངས་རྒྱས་ཀྱི་རིགས་ཞེས་བྱ་བ་དང་། ཇི་སྐད་དུ། འཇམ་དཔལ་ཆོས་ཀྱི་དབྱིངས་གཅིག་དང་། དེ་བཞིན་ཉིད་གཅིག་དང་། ཡང་དག་པའི་མཐའ་གཅིག་ཡིན་ན།
Vol. 81 · folio 36b
སྣོད་དམ། སྣོད་མ་ཡིན་པ་ཇི་ལྟར་བརྟག་པར་བྱ་ཞེ་ན། དེ་ནི་བདེན་མོད་ཀྱི། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ངོ་བོའི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་པ་དང་། ཇི་སྐད་དུ་མདོ་དེ་ལས། བཙུན་པ་རབ་འབྱོར་འདི་ལྟ་སྟེ། རྫ་མཁན་གཅིག་གིས་འཇིམ་པ་ལས་
སྣོད་ཐ་དད་པ་བྱས་ཏེ། དེ་དག་ལས་ཁ་ཅིག་སྦྲང་རྩི་དང་། ཤ་ཀ་རའི་སྣོད་དུ་གྱུར། ཁ་ཅིག་ནི་མར་ཁུའི་སྣོད་དུ་གྱུར། ཁ་ཅིག་ནི་དམན་པ་མི་གཙང་བའི་སྣོད་དུ་གྱུར་ཀྱང་སྣོད་ས་ཉིད་དུ་ཁྱད་པར་དང་ཐ་དད་པར་བྱས་པ་འགའ་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་
མདོ་གཞན་དག་ལས། གང་དུ་སུས་ཀྱང་འདུས་མ་བྱས་པ་དེ་ནི་འདུས་མ་བྱས་ལ། གང་འདུས་མ་བྱས་པ་དེ་ནི་འཕགས་པའི་རིགས་ཡིན་ཞིང་། རིགས་དེ་ནི་ནམ་མཁའ་དང་མཉམ་པར་བྱེ་བྲག་མེད་པར་ཀུན་ཏུ་ཁྱབ་པ་ཡིན་ཏེ། ཆོས་ཀྱི་དབྱིངས་རོ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །རྟག་
ཅིང་ཆོས་ཀྱི་དེ་ཁོ་ན་ཉིད་ཡིན་པ་ལ་སོགས་པས་རིགས་པ་དེ་ནི་རྟག་པ་ཡིན་ནོ། །ངེས་པའི་ཚིག་ཏུ་ནི་ཡོན་ཏན་བསྐྱེད་པའི་དོན་གྱིས་ནི་རིགས་ཏེ། དེ་ལས་ཡོན་ཏན་དང་དེ་སྐྱེ་ཞིང་འབྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱས་ན་འཕགས་པའི་གང་ཟག་ཐམས་ཅད་དུ་ནི་འདུས་མ་བྱས་པ་
ལས་བྱུང་བ་ཡིན་ནོ་ཞེས་བཤད་དོ། །ཡང་གཞན་དག་ན་རེ་གོ་ཞེས་བྱ་བའི་སྒྲ་ནི་ས་ཡིན་ལ་ས་ནི་གནས་ཡིན་ནོ། །དེ་ལ་གནས་དང་ལྷན་ཅིག་སྤྱོད་པའི་སྲོག་ཆགས་རྣམས་ལ་གོའི་སྒྲ་ཉེ་བར་འདོགས་སོ། །དེ་བས་ན་གོ་ཞེས་བྱ་བ་སེམས་ཅན་དུ་བསྡུས་པ་ཡིན་ལ། ཏྲ་ནི་དེ་རྣམས་སྐྱོབ་པ་ཡིན་པས་
རིགས་ལ་གོ་ཏྲ་ཞེས་བྱའོ། །ཡང་ན་ཕྱོགས་ལ་གོ་ཞེས་བྱ་སྟེ། ཕྱོགས་རྣམས་ན་གནས་པའི་སྲོག་ཆགས་རྣམས་ལ་གོ་ཞེས་བྱ་བར་ཉེ་བར་འདོགས་སོ། །དེ་བས་ན་གོ་སྐྱོབ་པས་ན་གོ་ཏྲ་ཞེས་བྱའོ། །སེམས་བསྐྱེད་པ་དང་། ཐར་པ་དང་། ངེས་པར་འབྱེད་པའི་ཆ་རྣམས་ཀྱི་སྔོན་དུ་དེ་འགྲོ་
བ་ཡིན་པས་དང་པོ་ཁོ་ན་རིགས་བཤད་པར་བྱ་བ་ཡིན་པ་དེ་ནི་དོན་གྱི་གོ་རིམས་ཡིན་ལ། འདི་ནི་འབྲས་བུས་རྒྱུ་བཤད་པ་ཡིན་པས་བཤད་པའི་གོ་རིམས་ཡིན་ལ། དེ་ཡང་རིགས་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཞན་དུ་གྱུར་པ་དག་སྣང་སྟེ། དཔེར་ན་མཚན་ཉིད་ལས། སློབ་མ་རིགས་
Vol. 81 · folio 37a
ལས་བཟློག་གཉིས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་བཤད་པ་ཡིན་ནོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་ལས་བསྒྲུབ་པའི་རྟེན་གྱི་རྣམ་པར་འགྲེལ་པའོ།། །།རྟེན་དུ་གྱུར་པའི་
དམིགས་པ་བཤད་པར་བྱའོ། །ཡང་དམིགས་པ་རྣམས་ཆོས་ཐམས་ཅད་དེ་ཞེས་བྱ་བ་སྨོས་ཏེ། དེ་དག་ཀྱང་གང་ཞེ་ན། འཇིག་རྟེན་དགེ་དང་མི་དགེ་བ། །འཇིག་རྟེན་རྟོགས་པ་ཞེས་བྱ་དང་། །གང་དག་འཇིག་རྟེན་འདས་འདོད་དང་། །ཟག་བཅས་ཟག་པ་མེད་ཆོས་དང་། །གང་དག་
འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང་། །གང་དག་སྟོན་པའི་སྟོབས་ལ་སོགས། །ཞེས་བྱ་བ་ལ། དེ་ལ་འཇིག་རྟེན་པའི་དགེ་བའི་ཆོས་ནི་འདི་ལྟ་སྟེ། མར་འཛིན་པ་དང་། དགེ་སྦྱོང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འཇིག་རྟེན་པའི་མི་དགེ་བའི་ཆོས་ནི་སྲོག་
གཅོད་པ་དང་། མ་བྱིན་པར་ལེན་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ལུང་དུ་མ་བསྟན་པ་ནི་དེ་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་དང་། འབྱུང་བ་ཆེན་པོ་དང་། དབང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། གཟུགས་མེད་པ་རྣམས་དང་། ཕུང་པོ་དང་། ཁམས་དང་། སྐྱེ་
མཆེད་དང་ཞེས་བྱ་བ་རྣམས་ཡིན་ཏེ། དགེ་བ་དང་མི་དགེ་བའི་རབ་ཏུ་དབྱེ་བས་གང་ཞིག་ལུང་དུ་མ་བསྟན་པའི་ཆོས་གསུམ་པའི་དབྱེ་བ་སྲིད་པ་གདོན་མི་ཟ་བར་བསྡུས་པས་ཚིག་ལེའུར་བྱས་པ་འདིར་མ་སྨོས་སོ། །དེ་ལ་འཇིག་རྟེན་པའི་རྟོགས་པའི་ཆོས་ནི་ཕུང་པོ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་
སོགས་པའོ། །ཟག་པ་དང་བཅས་པ་ནི་ཕུང་པོ་ལྔ་ནས་གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་དུའོ། །ཟག་པ་མེད་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་ནས་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུའོ། །འདུས་བྱས་ནི་འདོད་ཁམས་ལ་སོགས་
པ་དང་འབྲེལ་པའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཡིན་ནོ། །འདུས་མ་བྱས་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཤེས་པ་དང་། གཞན་མ་ཡིན་པར་ཤེས་པ་འདི་ལྟ་སྟེ། འདོད་ཆགས་ཟད་པ་ལ་སོགས་པ་དང་། དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་དང་ཞེས་བྱ་བ་ལ་སོགས་
Vol. 81 · folio 37b
པའོ། །ཐུན་མོང་གི་ཆོས་ནི་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའོ། །ཐུན་མོང་མ་ཡིན་པའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་དང་། རྣམ་པར་གྲོལ་བ་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡིན་ནོ། །འཇིག་རྟེན་པའི་དགེ་བའི་ཆོས་ཞེས་བསྟན་པ་ཞེས་བྱ་བ་ལ་སོགས་པ་དེ་དག་གིས་ཆོས་ཐམས་ཅད་བསྟན་ཏོ། །ཡང་འགའ་ཞིག་གིས་ཆོས་ཀྱི་དབྱིངས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་ན། དམིགས་སུ་མེད་པ་དེས་གོང་ནས་གོང་དུ་
རྣམ་པར་དག་པའི་ཁྱད་པར་དུ་འགྲོ་བ་ཅི་ལྟ་བུ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་ཡིན་ཞེ་ན། དེ་ལྟར་ན་མི་མཐུན་པ་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤོང་བ་མེད་པས་དག་པ་ཕྱོགས་གཅིག་
པར་ཐལ་བར་འགྱུར་རོ། །གལ་ཏེ་ཁྱེད་ཀྱི་ཕྱོགས་ལྟར་ན་ཡང་རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དམིགས་པ་མེད་པའོ་ཞེས་བྱ་བའི་དམིགས་པ་རྣམ་པར་དག་པའི་མཐར་ཐུག་ཐོབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་འཁྲུལ་པ་ཙམ་ཉིད་ཡིན་པའི་ཕྱིར་
རོ། །འོག་ནས་ཀྱང་རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་པ་ནི་དངོས་པོ་མེད་པའོ་ཞེས་བཤད་པས་དངོས་པོ་ཡང་གཞན་ཅི་ཞིག་ཏུ་འགྱུར་ཏེ། གཉིས་མེད་པ་ལས་གཞན་པ་ནི་འཁྲུལ་པ་ཞེས་བྱའོ་ཞེ་ན། མངོན་པར་ཞེན་པ་ནི་གཉིས་ཀྱི་མཚན་ཉིད་ཡིན་གྱི་འཁྲུལ་པ་ནི་མ་ཡིན་ཏེ། དེ་ནི་གཟུང་
བ་དང་འཛིན་པའི་ཚུལ་དུ་བརྗོད་དུ་རུང་བ་མ་ཡིན་པ་ཉིད་ཡིན་ན་འདི་ལ་ཁྱེད་འཁྲུལ་པར་ཟད་དོ། །དེ་ལྟར་བྱས་ན་རང་བཞིན་གཙོ་བོ་ནི་རིག་ཡིན་ལ། འགྱུར་བ་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཞིང་དེ་དག་གཉིས་ཀ་ཡང་གཉིས་ཀ་ཡིན་པ་ལ་འགལ་བ་མེད་དོ་ཞེས་བྱ་བ་ནི་རྟེན་དང་དམིགས་པའི་མཚན་ཉིད་
ཀྱི་དབྱེ་བ་ཡིན་པས་དམིགས་པ་དག་ལ་རྟོགས་པ་ཡང་འཐད་པར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མ་ཆགས་པ་ཉིད་དང་། ཡང་དག་པ་མ་ཡིན་པས་འབྱུང་བ་ཉིད་དུ་བསླབ་པར་བྱའོ་ཞེས་གསུངས་པའི་དོན་གང་ཡིན་ཞེ་ན།
Vol. 81 · folio 38a
རང་བཞིན་དང་རྗེས་སུ་འབྲེལ་པའི་འགྱུར་བ་ནི་དམིགས་པ་ཡིན་གྱི་གཞན་དུ་འགྱུར་བ་ཙམ་ནི་མ་ཡིན་ནོ། །གཉིས་སུ་མེད་པའི་སྦྱོར་བས་ཀྱང་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དེ། རྟོག་པ་མེད་པ་དང་། བརྟག་ཏུ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པ་རྣམ་པར་གཞག་
པ་ནི་གཟུང་བ་དང་འཛིན་པ་རྣམ་པ་གཉིས་སོ། །བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི་ཤིན་ཏུ་སྤྲོས་པས་ཆོག་གོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་ལས་བསྒྲུབ་པའི་དམིགས་པ་བསྟན་པའི་རྣམ་པར་འགྲེལ་པའོ།། །།བསྒྲུབ་པའི་དམིགས་
པ་བསྟན་ནས་ཆེད་དུ་བྱ་བ་བརྗོད་པར་བྱ་བ་ཡིན་པས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་འབྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་བྱ་བ་དེ་ལ་བསྒྲུབ་པའི་ཆེད་དུ་བྱ་བར་གྱུར་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སེམས་
བསྐྱེད་པ་ཆེན་པོ་ཉིད་དང་། སྤོང་བ་ཆེན་པོ་ཉིད་དང་། རྟོགས་པ་ཆེན་པོ་ཉིད་དོ། །འདི་ལྟར་སེམས་བསྐྱེད་པ་ཆེན་པོ་ཉིད་ཀྱི་དབང་དུ་མཛད་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་འཇུག་པའི་རྒྱུ་མཚན་ནས་བརྩམས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ཉིད་དང་། སེམས་
ཅན་གྱི་ཚོགས་ཆེན་པོ་བརྒྱད་ལ་སོགས་པས་ངེས་པར་འབྱུང་བ་ནས་ཕྱིར་མི་འོང་བའི་བར་དུ་མཆོག་ཏུ་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་དེ་ལ་སེམས་ཅན་གྱི་ཕུང་པོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཚོགས་རྣམས་སོ། །ཆེན་པོ་ཞེས་བྱ་བ་ནི་དཔག་ཏུ་མེད་པའོ། །སེམས་ཅན་གྱི་ཚོགས་ཞེས་བྱ་བ་ནི་སེམས་ཅན་
དུ་མ་ཡིན་ལ། གཅིག་ཅིག་ཀྱང་འཁོར་བ་ཐོག་མ་མེད་པར་འཇུག་པས་ན་ཆེན་པོ་ཉིད་ཡིན་པས་ཆེན་པོ་ཞེས་བྱ་བར་འགྱུར་རོ། །ཕུང་པོ་ཞེས་སྨོས་པས་ནི་སེམས་ཅན་གྱི་ཚོགས་རྒྱུན་ཏུ་ཞུགས་པ་དང་། ལམ་གྱི་འབྲས་བུ་ལ་གནས་པའི་སྡེ་ཅན་གྱི་དབྱེ་བས་ཀྱང་ངོ་། །དེ་རྣམས་ཀྱང་ཆོས་དུ་
ཞིག་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེད་པར་འགྱུར་བར་བསྟན་པ་ནི་དཔག་ཏུ་མེད་པའི་འཁོར་བ་ཡོངས་སུ་འཛིན་པ་ཞེས་སྨོས་པ་སྟེ། ཇི་སྐད་དུ་མདོ་ལས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། དཔག་ཏུ་མེད་པའི་འཁོར་བར་བདག་གིས་གོ་ཆ་
Vol. 81 · folio 38b
བགོའི་ཞེས་བྱ་བ་ལ་སོགས་པ་དང་། བདག་གིས་ཐམས་ཅད་ལ་ཡོངས་སུ་གཏང་བར་བྱའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཀྱིས་དེ་རྣམས་ཀྱང་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱས་ཀྱང་སེམས་ཅན་འགའ་ཡང་མྱ་ངན་ལས་འདས་པ་མེད་དོ། །དེ་
ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པར་རྟོགས་པར་བྱ་ཞིང་མ་འདྲེས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །ཐམས་ཅད་དུ་ཁྱབ་པའི་ཡེ་ཤེས་རྟོགས་པ་ཡོངས་སུ་རྫོགས་པར་བསླབ་པར་བྱའོ་ཞེས་གསུངས་སོ། །ཕུང་པོ་ལ་
སོགས་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། ཆོས་ཀྱི་ཚུལ་གཅིག་ཏུ་བསྒྲུབ་པར་རྟོགས་པ་ཉིད་ལ་བསླབ་པར་བྱ་ཞིང་། སེམས་ཅན་ངན་འགྲོར་སྐྱེས་པ་ཐམས་ཅད་ལ་སེམས་ཅན་རེ་རེའི་
དོན་གྱི་ཕྱིར་ཡང་དེ་རྣམས་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་རང་ཉིད་ཀྱིས་སྡུག་བསྔལ་དེ་དག་ཉམས་སུ་མྱོང་བར་བྱའོ་ཞེས་ཁས་བླངས་པའི་རྗེས་ལ་རང་གི་ཚོགས་ཡོངས་སུ་རྫོགས་པར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཀྱིས་སེམས་དང་པོ་བསྐྱེད་ཕྱིན་ཆད་འདོད་
ཆགས་ལ་སོགས་པ་དང་། ཉན་ཐོས་ལ་སོགས་པའི་སེམས་མི་བསྐྱེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཉིད་ཀྱི་ཕྱིར་སེམས་གཞན་མི་བསྐྱེད་པས་སེམས་ཅན་ཐམས་ཅད་སྐྱོབ་ཅིང་ཡོངས་སུ་མི་གཏོང་བ་དག་དང་། དེས་རློམ་སེམས་སུ་འགྱུར་བ་མེད་པ་དང་། ཕན་པ་
དང་བདེ་བའི་སེམས་ཀྱིས་བྱའོ། །གང་སེམས་དབྱེར་མེད་པ་སྟེ། དེ་ལ་འདོད་ཅིང་མངོན་པར་དགའ་བ་གང་ཡིན་པ་འདི་ནི་ཆོས་ལ་དགའ་བའོ། །དེའི་བསྒོམ་པའི་མིང་དུ་བྱེད་པ་གང་ཡིན་པ་འདི་ནི་ཆོས་ལ་དགའ་བ་ཞེས་བྱ་བ་སྟེ་ཆོས་ལ་དགའ་བ་ཉིད་དང་། ཆོས་ལ་དགའ་བའི་རྣལ་འབྱོར་དང་ལྡན་པས་ནང་
སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་གནས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནས་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ལ་གནས་ནས་ཐམས་
Vol. 81 · folio 39a
ཅད་དུ་ཡང་མི་དམིགས་པའི་སྦྱོར་བ་མཆོག་གིས་འབྱེད་པ་ཡིན་ཏེ། སེམས་བསྐྱེད་པའི་ཆེ་བའི་བདག་ཉིད་བསྟན་ནས་སྤོང་བ་ཆེ་བའི་བདག་ཉིད་ཀྱི་དབང་དུ་བྱས་ཏེ། ཡང་གནས་བརྟན་ཤཱ་རིའི་བུས་སྤོབས་པ་སྐྱེས་སོ་ཞེས་བྱ་བ་ནས་བརྩམས་ཏེ། བདག་དང་། སེམས་ཅན་
དང་། སྐྱེས་བུ་ལ་སོགས་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། ཡོད་པ་དང་། མེད་པར་ལྟ་བ་དང་། ཕུང་པོ་ལ་སོགས་པ་རྣམས་སུ་ལྟ་བ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་ལྟ་བ་ཞེས་བྱ་བའི་བར་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་།
སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་། བྱང་ཆུབ་ཁོང་དུ་ཆུད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་སྤང་བར་བྱ་བའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་ཉིད་དེ་བསྟན་པ་ཡིན་ནོ། །ཐབས་ལ་མཁས་པ་མི་དམིགས་པས་དམིགས་པ་ལ་སྦྱོར་བ་ནི། ཇི་སྐད་དུ། ལྟ་བའི་ཚོགས་
མི་སྐྱེ་བའི་རྒྱུ་ཡིན་པར་བསྟན་པ་ཉིད་ཀྱིས་བཤད་མ་ཐག་པའི་མི་དམིགས་པའི་ཐབས་ལ་མཁས་པས་ཁྱད་པར་དུ་བྱས་པའི་དོན་ཡིན་ནོ་ཞེས་བསྟན་ཏོ། །སྤངས་པ་ཆེ་བའི་བདག་ཉིད་བསྟན་ནས་རྟོགས་པ་ཆེ་བའི་བདག་ཉིད་ཀྱི་དབང་དུ་བྱས་ཏེ། ཡང་གནས་བརྟན་རབ་འབྱོར་གྱིས་སྤོབས་པ་སྐྱེས་སོ་ཞེས་བྱ་བ་
ནས་བརྩམས་ཏེ། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་ཐུན་མོང་མ་ཡིན་པའི་སེམས་ཆགས་པ་མེད་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་སེམས་མེད་པས་ཟག་པ་མེད་པ་ཁོངས་སུ་མ་གཏོགས་པ། སྐྱེ་བ་ལ་སོགས་པ་ལས་རྣམ་པར་གྲོལ་བ། མི་མཉམ་པ་དང་མཉམ་པ། ཐུན་མོང་
མ་ཡིན་པའི་མཚན་ཉིད་དུ་བསྟན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་གང་ལ་ཡང་སྐྱེ་བའམ་འགག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ན་འདི་ལྟར་བྱང་ཆུབ་
སེམས་དཔའི་མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བརྡར་བཏགས་པའི་ཆོས་གང་ཡང་སྐྱེ་བའམ་འགག་པར་
Vol. 81 · folio 39b
ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་དྲོད་ཀྱི་དུས་སུ་སྟེ། སྔོན་དང་ཕྱི་མའི་གནས་སྐབས་དག་ཏུ་སྐྱེ་བ་དང་འགག་པ་དག་མི་དམིགས་པའི་ཚུལ་གྱིས་སོ། །འཕེལ་བ་མེད་པ་དང་། འགྲིབ་པ་མེད་པ་ཞེས་བྱ་བ་ནི་རྩེ་མོའི་དུས་ཏེ། སྔོན་དང་ཕྱི་མའི་གནས་སྐབས་དག་ཟད་པ་དང་། ཁྱད་པར་
དུ་འགྲོ་བ་མི་དམིགས་པའི་ཚུལ་གྱིས་སོ། །འོང་བ་མེད་ཅིང་འགྲོ་བ་མེད་པ་ཞེས་བྱ་བ་ནི་བཟོད་པའི་དུས་ཏེ། རྟོགས་པའི་ཆོས་ཀྱི་ཉེ་བ་དང་རིང་བ་དང་མི་དམིགས་པའི་ཚུལ་གྱིས་སོ། །ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་
དུས་ཏེ། མི་མཐུན་པ་དང་། གཉེན་པོའི་ཕྱོགས་མ་ལུས་པ་ལ་དམིགས་པའི་ཚུལ་གྱིས་སོ། །གང་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་མཐོང་བའི་ལམ་ཡིན་ནོ། །ལུགས་ལས་བཟློག་པའི་གོ་རིམས་ཀྱིས་ནི་མཐོང་བའི་ལམ་གསལ་བར་
སྟོན་པ་ཡིན་ཏེ། ཅི་མཐོང་བ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ལ་ཉན་ཐོས་ཀྱི་སེམས་མེད་དོ། །རང་སངས་རྒྱས་ཀྱི་སེམས་མེད་དོ་ཞེས་བྱ་བ་ནི་སེམས་བསྐྱེད་པ་མི་མཉམ་པ་དང་མཉམ་པ་གསལ་བར་སྟོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ལ་ཡང་དག་པར་ཆགས་པ་མེད་དོ་ཞེས་
བྱ་བ་ནས་བརྩམས་ཏེ། རང་བཞིན་གྱིས་སྟོང་པ་ཉིད་ཉེ་བར་བཟུང་ནས་ཆོས་ཐམས་ཅད་ལ་ཆགས་པ་མེད་པ་ཉིད་དུ་ཁས་བླངས་པས་ནི་རྟོགས་པའི་ཡུལ་ཤེས་པར་བྱ་བའི་ཆེད་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མེད་པ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མེད་པ་ཉིད་ཁས་བླངས་པ་དང་། སེམས་དེ་ལ་མངོན་པར་ཞེན་པའི་རློམ་སེམས་སུ་འགྱུར་བ་བཀག་པས་ནི་མི་དམིགས་པའི་རྣལ་འབྱོར་གྱིས་རྟོགས་པ་ལ་ཆགས་པ་བཀག་པའི་ཕྱིར་རོ། །
རྟོགས་པ་ཆེན་པོ་ཉིད་ཡིན་པ་དེ་བས་སྤངས་པ་དང་། རྟོགས་པ་ཆེན་པོ་ཁྱད་པར་དུ་འཕགས་པའི་ཕྱིར་སེམས་ཅན་གྱི་ཚོགས་ཆེན་པོ་ཉིད་དེ། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་གྱུར་པར་བྱེད་པའི་མཚན་ཉིད་ནི་མ་རྒྱལ་བ་ལས་རྒྱལ་བར་བྱ་བའི་ཆེད་དང་། མཐུན་པར་བསྒྲུབ་པའི་ཆེད་དུ་བྱ་
Vol. 81 · folio 40a
བ་བསྟན་པས་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འཕགས་པར་ཤེས་པར་བྱའོ། །དམིགས་པ་དང་། ཆེད་དུ་བྱ་བའི་ཁྱད་པར་ཅི་ཡོད་ཅེ་ན། དམིགས་པ་ནི་དེའི་ཚེ་འཕྲལ་དུ་བྱུང་བ་ཡིན་ལ་སེམས་ཅན་གྱི་ཆེད་དུ་བྱ་བ་ཕྱིས་འབྱུང་བ་ཡིན་ཏེ། སྟོང་པ་བསྒྲུབ་པའི་ཆོས་ནི་
དམིགས་པའོ། །ཕྱིས་ཡུན་རིང་བ་ནི་ཆེད་དུ་བྱ་བ་སྟེ། དམིགས་པ་དང་། ཆེད་དུ་བྱ་བ་དག་ནི་མདའ་ལྟོང་སྦྱར་བ་དང་། འབེན་ལ་སོགས་པ་དང་ཆོས་དང་མཐུན་པ་ཡིན་ནོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་ཆེད་དུ་བྱ་བའི་རྣམ་པར་
འགྲེལ་པའོ།། །།བསྒྲུབ་པའི་རྟེན་ས་དང་། དམིགས་པ་དང་། ཆེད་དུ་བྱ་བ་བསྟན་ནས། ད་ནི་བསྒྲུབ་པ་བརྗོད་པར་བྱའོ། །དེ་ལ་དཀར་པོའི་རྟེན་ཅན་གྱི་བྱ་བ་ནི་བསྒྲུབ་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བདུན་གྱི་དབྱེ་བ་མངོན་པར་
རྟོགས་པ་རེ་རེ་ཞིང་འདོར་བ་དང་། འགྲོ་བ་དང་། རྟོགས་པ་ནི་བསྒྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དབྱེ་བ་རྣམ་པ་བཞི་སྟེ། གོ་ཆའི་བསྒྲུབ་པ་དང་། འཇུག་པའི་བསྒྲུབ་པ་དང་། ཚོགས་ཀྱི་བསྒྲུབ་པ་དང་། ངེས་པར་འབྱུང་བའི་བསྒྲུབ་པའོ། །རྣམ་པ་དྲུག་ཉིད་ཀྱི་དབང་དུ་བྱས་
ནས། སྦྱིན་ལ་སོགས་པ་རྣམ་དྲུག་ལ། དེ་དག་སོ་སོར་བསྡུས་པ་ཡིས། །གོ་ཆའི་བསྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་བསྟན་པ་ཡིན་ཏེ། ཇི་ལྟར་ན་དྲུག་ལ་དྲུག་ཡོད་ཅེ་ན། ཡང་གནས་བརྟན་གང་པོ་སྤོབས་པ་སྐྱེས་པས་གོ་ཆ་ཆེན་པོ་བགོས་ཏེ།
སེམས་ཅན་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ཏེ། འདི་སྙེད་དོ་ཞེས་ཡོངས་སུ་ཆད་པ་མེད་པའི་སེམས་ཅན་གྱི་ཁམས་ཀྱི་དོན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལེགས་པར་སྤྱོད་པའི་གོ་ཆ་ཉིད་ཀྱིས་དེ་དག་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པ་དང་། དེ་དག་ཉིད་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འཇོག་ཅིང་བདག་དང་གཞན་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་ལ་རབ་ཏུ་འཇོག་གོ་ཞེས་བྱ་བའི་བར་གྱིས་ནི་བསྒྲུབ་པའི་རྟེན་ཆེན་པོ་ཉིད་ཀྱིས་ཁྱད་པར་དུ་འཕགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་སྒྲ་འཇུག་པའི་
Vol. 81 · folio 40b
རྒྱུ་མཚན་གསལ་བར་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་སྦྱིན་པ་གཏོང་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཉིད་དང་། དེ་ཉིད་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་བྲལ་བས་ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གོ་ཆ་བགོས་པ་ཉིད་དང་། ཆོས་དེ་དག་ལ་བཟོད་པ་དང་། མོས་པ་དང་ཉེ་བར་རྟོགས་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཉིད་དང་། དེ་ཉིད་ཀྱི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བརྩོན་
འགྲུས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཉིད་དང་། དེ་ཉིད་ཀྱི་ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ཉིད་ཀྱིས་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཉིད་དང་། དེ་
ཉིད་ཀྱི་སྒྱུ་མར་བྱས་པའི་འདུ་ཤེས་ལ་ཉེ་བར་གནས་ཏེ་སྦྱིན་པ་དང་། གཏོང་བ་པོ་དང་ལེན་པ་པོ་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་ནོ། །དེ་དག་ནི་གོ་ཆའི་བསྒྲུབ་པ་དང་པོ་ཡིན་པ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ལ་དྲུག །དེ་བཞིན་དུ་དེ་ཉིད་ཀྱི་ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཉིས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གསུམ་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བཞི་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ལྔ་པའོ། །དེ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དྲུག་པའོ། །དེ་
ལྟར་དྲུག་པོ་དེ་དག་དྲུག་དྲུག་ཏུ་འགྱུར་མོད་ཀྱི་གོ་ཆ་རྣམས་སྦྱིན་པ་ལ་སོགས་པ་ཆོས་དྲུག་དང་ཆོས་མཐུན་པས་གོ་ཆའི་བསྒྲུབ་པ་དྲུག་ཏུ་བཤད་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མཚན་མ་མེད་པ་དང་། དམིགས་སུ་མེད་པའི་གོ་ཆ་ཆེན་པོ་
བགོས་པ་ཉིད་ཀྱིས་གོ་ཆའི་བསྒྲུབ་པ་རང་གི་ངོ་བོ་ཆེན་པོ་ཤེས་པར་བྱ་བའི་ཆེད་དུ་དེ་བསམ་གཏན་ལ་སོགས་པ་ལ་ཡང་སྙོམས་པར་འཇུག་པར་བྱེད་ཅིང་དེ་རྣམས་ཀྱི་རོ་མྱོང་བར་བྱེད་པ་ཡང་མ་ཡིན་ལ། དེ་ལ་ཆགས་པར་བྱེད་པ་ཡང་མ་ཡིན། དེ་རྣམས་ཀྱི་དབང་གིས་སྐྱེ་བ་ལེན་པར་བྱེད་པའང་མ་ཡིན།
Vol. 81 · folio 41a
བསམ་གཏན་ལ་སོགས་པ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ལྟ་བས་གནས་ཀྱང་ཡང་དག་པའི་མཐའ་སྔོན་དུ་བྱེད་པ་ནི་མ་ཡིན་ཏེ། ཐབས་ལ་མཁས་པ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པའི་ཕྱིར་རོ། །གོ་ཆའི་
བསྒྲུབ་པ་ཐབས་ལ་མཁས་པས་ཡོངས་སུ་བཟུང་བའི་ཆེ་བ་ཉིད་ཤེས་པར་བྱ་བའི་ཆེད་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བསྔགས་པ་ལ་སོགས་པ་གསུངས་པ་ནི་གོ་ཆའི་བསྒྲུབ་པ་ལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་ཆེ་བ་ཉིད་ཤེས་པར་བྱ་བའི་
ཆེད་དུ་ཡིན་ནོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་གོ་ཆའི་བསྒྲུབ་པའི་རྣམ་པར་འགྲེལ་པའོ།། །།གོ་ཆའི་བསྒྲུབ་པ་བསྟན་ནས་འཇུག་པའི་བསྒྲུབ་པ་བརྗོད་པར་བྱའོ། །དེ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ཐེག་
པ་ཆེན་པོ་ལ་ཞུགས་པ་དང་། དེ་ལ་ཞོན་པའོ། །དེ་ལྟར་བྱས་ན་མདོ་ནི་ཚེ་དང་ལྡན་པ་གང་པོ་བཟང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཞུགས་པ་དང་། ཐེག་པ་ཆེན་པོ་ཞོན་པར་གྱུར་པ་ཞེས་བྱ་ཞེ་ན་ཞེས་གསུངས་པ་ཡིན་ནོ། །དེ་ཡང་ཐེག་པ་ཆེན་པོ་ལ་འཇུག་པས་ཐེག་པ་
ལ་ཞོན་པ་ཡིན་ལ། ཞོན་པ་ལ་ཡང་ཐེག་པ་ལ་འཇུག་པ་ཞེས་བྱ་སྟེ། དོན་གཅིག་པ་ཉིད་ཀྱིས་མིང་གཅིག་ཏུ་རྣམ་པར་གཞག་ཀྱང་དབྱེ་བ་རྣམ་པ་དགུར་འགྱུར་ཏེ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ལམ་དང་བྱམས་པ་ལ་སོགས་དང་། །དམིགས་པ་མེད་དང་ལྡན་རྣམས་དང་། །
འཁོར་གསུམ་རྣམ་པར་དག་རྣམས་དང་། །ཆེད་དུ་བྱ་དང་མངོན་ཤེས་རྣམས། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་བསྒྲུབ་པ་ཐེག་ཆེན་ལ། །ཞོན་པ་ཡིན་པར་ཤེས་པར་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་དེའི་དབྱེ་བ་དགུ་ནི་འདི་ལྟ་སྟེ། བསམ་གཏན་དང་། གཟུགས་མེད་
པའི་སྙོམས་པར་འཇུག་པ་ལས་ལྡན་པའི་འཇུག་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་དང་། ཚད་མེད་པའི་འཇུག་པ་དང་། མི་དམིགས་པ་དང་ལྡན་པའི་འཇུག་པ་དང་། འཁོར་གསུམ་རྣམ་པར་དག་པའི་འཇུག་པ་དང་། ཆེད་དུ་བྱ་བའི་འཇུག་པ་དང་། མངོན་པར་ཤེས་པའི་འཇུག་
Vol. 81 · folio 41b
པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པའོ། །དེ་ལ་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་བསྒྲུབ་པ་ནི་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ནམ་མཁའི་རྣམ་པ་དང་། རྟགས་དང་།
མཚན་མས་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་འཇུག་ཅིང་ལྡང་བར་གྱུར་པ་ན་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་ནམ་མཁའི་རྣམ་པ་དང་། རྟགས་དང་། མཚན་
མ་ཞེས་བྱ་བའི་བར་དང་། དེ་ལ་རྣམ་པས་དབེན་པ་ནི་འདོད་པས་དབེན། སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནས་རྟགས་ནི་རྟོག་པ་དང་བཅས། དཔྱོད་པ་དང་བཅས་ཞེས་བྱ་བ་ལ་སོགས་པ་དང་། མཚན་མ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་ཞེས་བྱ་བ་ལ་སོགས་པས་བསྟན་པ་
ཡིན་ནོ། །ཡང་ས་འོག་མ་དང་། གོང་མའི་དབྱེ་བས་རགས་པ་དང་། ཞི་བའི་རྣམ་པའོ། །ས་གང་ལ་ཚོར་བ་གང་ཞིག་ཡོད་པ་དེ་རྟགས་སོ། །མཚན་མ་ནི་སྙོམས་པར་འཇུག་པའི་རོ་མྱང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་ནི་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་
ཡིད་ལ་བྱེད་པས། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རབ་ཏུ་སྤང་བའི་ཕྱིར་ཆོས་བསྟན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དོ། །དེ་ཉིད་ཐེག་པ་དམན་པའི་སེམས་ཀྱི་གོ་སྐབས་མི་འབྱེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའོ། །དེ་ཉིད་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་
པའི་ཐེག་པ་ཆེན་པོ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་པའི་ཡིད་ལ་བྱེད་པ་དེ་དག་ལ་བཟོད་པ་དང་། མོས་པ་དང་། རྟོགས་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། སེམས་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དོ། །དང་བ་ཙམ་ཉིད་ལ་
མི་མཐུན་པ་མེད་པ་ནི་མོས་པའོ། །གཉིས་པ་ལ་སོགས་པའི་སྐད་ཅིག་མ་རྒྱུན་རྗེས་སུ་འབྲེལ་པ་དང་ལྡན་པ་ནི་བཟོད་པའོ། །གཞུང་སྣ་ཚོགས་པ་གཞན་ལ་རིགས་པ་རྟོག་པ་ནི་ཉེ་བར་རྟོག་པའོ། །ཡོངས་སུ་བརྟགས་པའི་དོན་བསྐྱང་བར་བྱ་བའི་ཕྱིར་དང་། དེ་ཉམས་པར་བྱེད་པའི་རྐྱེན་ཤེས་པ་
Vol. 81 · folio 42a
ཁོ་ན་ཁོང་དུ་ཆུད་པར་བྱེད་པའོ། །དོན་དེ་ལ་ཡིད་ཆེས་པར་བྱ་བའི་ཕྱིར་བློ་མ་ལུས་པས་གནོད་པར་བྱེད་པ་ནི་སེམས་པའོ། །དེ་ཉིད་བརྩོན་འགྲུས་ཉམས་པར་མི་བྱེད་པའི་ཡིད་ལ་མི་བྱེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དོ། །དེ་ཉིད་ཀྱི་བསམ་
གཏན་དང་པོ་ལ་སོགས་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དོ། །དེ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡིད་ལ་བྱེད་པ་དང་ལྡན་པའི་བསམ་གཏན་དང་པོའི་ཡན་ལག་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་
བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་དོ་ཞེས་བསྟན་ཏོ། །འཕགས་པའི་ལམ་གྱི་འཇུག་པ་ནི་གང་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། རྣམ་པར་ཐར་
པའི་སྒོ་རྣམས་དང་ཞེས་བྱ་བ་ནས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་ནི་ཐེག་པ་ཆེན་པོ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དེའི་མདོ་ནི་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཐེག་པ་ནི་རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་ཞེས་བྱ་བ་ལ་
སོགས་པ་གསུངས་པ་ཡིན་ནོ། །ཚད་མེད་པའི་འཇུག་པ་ནི་གང་ཚད་མེད་པ་བཞི་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བཟོད་པ་ཉིད་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་ཀྱིས་ཐེག་པ་དམན་པའི་སེམས་དང་། མ་འདྲེས་པ་ཉིད་
དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་ཀྱིས་བསམ་གཏན་གྱི་རོ་མྱང་བ་མེད་པ་ཉིད་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་ཀྱིས་ཚད་མེད་པ་བཞི་ལ་སྙོམས་པར་འཇུག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་ཀྱིས་སེམས་ཅན་རྣམས་ཟག་པ་
ཟད་པར་ངེས་པར་འདྲེན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཉིད་ཀྱིས་བསམ་གཏན་དང་། ཚད་མེད་པ་རྣམས་དང་། རྟགས་དང་། མཚན་མ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ཡིན་པར་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པའི་གོ་རིམས་འདི་ནི་
Vol. 81 · folio 42b
ཚད་མེད་པ་བཞི་ལ་གནས་པའི་གང་ཟག་གི་བྱ་བའི་དབང་དུ་བྱས་པ་ཡིན་ཏེ། དེ་ཉིད་ལ་དེ་ལྟ་བུ་སྲིད་པ་ཤེས་པར་བྱའོ། །ཡང་ཚད་མེད་པ་ནི་བཞི་སྟེ། འདི་ལྟ་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་ཡང་དེ་དག་རེ་རེ་ཞིང་རྣམ་པ་གསུམ་སྟེ། སེམས་
ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་རྒྱུ་རྣམ་པ་བཞིས་རྣམ་པར་གཞག་སྟེ། ཉེ་བར་བསྡུས་པ་ཉིད་དང་། མི་མཐུན་པའི་གཉེན་པོའི་ཕྱོགས་ཉིད་དང་། རྣམ་པར་དག་པ་ཉིད་དང་། འབྲས་བུ་ཡོངས་སུ་འཛིན་
པ་ཉིད་དོ། །ཇི་ལྟར་ཉེ་བར་བསྡུ་བ་ཡིན་ཞེ་ན། བདེ་བ་གསུམ་གྱིས་ཉེ་བར་བསྡུས་པའི་ཕྱིར་ཏེ། དེ་བྱམས་པ་དང་ལྡན་པའི་སེམས་ཞེས་བྱ་བ་ནི་ཕན་པ་དང་བདེ་བས་ཉེ་བར་བསྡུས་པའི་དོན་དུ་ཉེ་བར་གནས་སོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་བདེ་བས་བསྡུས་པའི་ཕྱིར་རོ། །ཆེན་པོར་
གྱུར་པ་ཞེས་བྱ་བ་ནི་དགའ་བ་དང་བཅས་པའི་བསམ་གཏན་དང་པོ་དང་། གཉིས་པའི་ས་ཡིན་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ན་དགའ་བ་ཡོད་པའི་ཕྱིར་རོ། །མི་གཉིས་པ་ཞེས་བྱ་བ་ནི་དགའ་བ་མེད་པའི་བསམ་གཏན་གསུམ་པའི་ས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་སྡུག་བསྔལ་དང་བྲལ་བ་
ཉིད་ཡིན་པའི་ཕྱིར་གཉིས་སུ་མེད་པའོ། །ཚད་མེད་པ་ཞེས་བྱ་བ་ནི་འབྲས་བུ་ཚད་མེད་པས་ན་ཆུ་བོ་ཆེན་པོ་བཞིའི་ཆུ་འདུས་པ་དང་འདྲ་བར་དེ་ཉིད་ཚད་མེད་པར་ཤེས་པར་བྱ་སྟེ། དེ་ལྟར་ཡང་བདེ་བ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཉེ་བར་བསྡུས་པ་ཉིད་ཡིན་ནོ། །
ཇི་ལྟར་ན་མི་མཐུན་པའི་གཉེན་པོའི་ཕྱོགས་ཉིད་ཡིན་ཞེ་ན། གཅུགས་མེད་པ་ཞེས་བྱ་སྟེ། མི་སྡུག་པས་ཉེ་བར་བསྡུས་པ་དང་། སྡུག་པས་ཉེ་བར་བསྡུས་པའི་འགལ་བར་གྱུར་པ་གནོད་སེམས་ཀྱི་གཉེན་པོ་ཡིན་པས་སོ། །ཇི་ལྟར་ན་རྣམ་པར་དག་པ་ཡིན་ཞེ་ན། གནོད་པ་མེད་པ། སྒྲིབ་པ་མེད་
པ་ཞེས་བྱ་བ་སྟེ། གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པའི་སྒྲིབ་པ་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་སྤངས་ནས་དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར་རོ། །འབྲས་བུ་ཡོངས་སུ་འཛིན་པ་ནི་འཚེ་བ་མེད་པ་ཞེས་བྱའོ། །འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་རྣམ་པར་སྨིན་པ་དང་།
Vol. 81 · folio 43a
རྒྱུ་མཐུན་པ་གནོད་པ་མེད་པ་ཉིད་ཀྱིས་ཅི་རིགས་པར་འབྲས་བུ་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་སེམས་ཅན་ལ་དམིགས་པ་ནི་རྒྱུ་རྣམ་པ་བཞིས་རྣམ་པར་གཞག་པ་ཡིན་ནོ། །ཆོས་ལ་དམིགས་པ་ཞེས་བྱ་བ་ནི་གཅིག་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡིན་ཏེ།
ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཉིད་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང་། སློབ་པ་ཇི་སྙེད་པའོ། །ཆོས་གང་ཡིན་པ་སྟེ། གང་དག་ལ་སེམས་ཅན་དུ་བཏགས་པར་བྱས་པའོ། །དེ་ལ་དམིགས་པ་ཉིད་ནི་ཤིན་ཏུ་བསྒོམས་པ་ཞེས་བྱ་སྟེ། ལེགས་
པར་གོམས་པར་བྱ་བའི་ཕྱིར་རོ། །དམིགས་པ་མེད་པ་ཡང་རྒྱུ་རྣམ་པ་གཉིས་ཏེ། ཆོས་ཀྱི་དབྱིངས་མཆོག་འཇིག་རྟེན་ཞེས་བྱ་བའི་མཚན་ཉིད་ལ་དམིགས་པ་ཡིན་ཏེ། འཇིག་རྟེན་པའི་ཆོས་ལས་བདག་མེད་པ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རོ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཞེས་བྱ་བ་
ནི་མཐའ་མེད་པ་དང་། ཡོངས་སུ་ཆད་པ་མེད་པ་སྟེ། དེ་ལྟར་ན་དམིགས་པ་མེད་པ་ཡིན་ནོ། །བྱམས་པ་དང་ལྡན་པའི་སེམས་དེས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་ཐམས་ཅད་དང་ལྡན་པའི་ཕྱོགས་བཅུ་རྒྱས་པར་བཀང་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་
ཅད་དུ་ལྷག་པའི་བསམ་པས་ལྷག་པར་མོས་པས་སྤྲོས་པ་ཉིད་ཀྱིས་ཁྱབ་ཅེས་བྱ་བའི་ཐ་ཚིག་གོ། །ལྡན་པ་ནི་དུ་མར་ཤེས་པར་བྱས་ཏེ། མ་ཏྲ་ལ་སོགས་པ་མཐའ་ཡས་པས་པདྨ་ཅན་བཞིན་དུ་རིང་པོ་ཉིད་ཡིན་ནོ། །ཉེ་བར་རྫོགས་པར་བྱས་ཏེ་ཞེས་བྱ་བ་ནི་བློས་དེ་དང་དེར་ཉེ་བར་ཡང་དག་པར་སོང་སྟེ་དེའི་ཉེ་བར་
འཚེ་བ་བསལ་ཞེས་བྱ་བའི་དོན་ཏོ། །ཚིག་གི་ཕྲད་དང་། སྐད་ཀྱི་དབྱིངས་ཀྱི་དོན་ནི་དེ་ཡིན་པའི་ཕྱིར་རོ། །སྙིང་རྗེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །མི་དམིགས་པ་དང་ལྡན་པའི་འཇུག་པ་ནི་གང་ནང་སྟོང་པ་ཉིད་ལ་སོགས་པ་མི་དམིགས་པ་དང་ལྡན་པར་ཤེས་པ་ཉིད་ཀྱིས་ཆོས་ཐམས་ཅད་
གཡེང་བ་མེད་པས་མཉམ་པར་གཞག་པར་ཤེས་པ་དང་། རྟག་པ་དང་། བདེ་བ་དང་། བདག་དང་། མ་ཞི་བ་དང་། སྟོང་པ་མ་ཡིན་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ལ་དེ་དང་མཐུན་པའི་ཤེས་པ་འཇུག་པ་དང་། དུས་གསུམ་མི་དམིགས་པའི་ཡེ་ཤེས་དང་། ཁམས་གསུམ་
Vol. 81 · folio 43b
མི་དམིགས་པའི་ཡེ་ཤེས་དང་། ཡང་འཇིག་རྟེན་པ་ཟག་པ་དང་བཅས་པ་དང་། འདུས་བྱས་དང་། དེ་དང་མི་མཐུན་པ་རྣམས་ཡང་སྦྱིན་པ་ལ་སོགས་པ་ལ་མི་དམིགས་པའི་རྣལ་འབྱོར་པའི་ཤེས་པ་ནི་ཐེག་པ་ཆེན་པོ་དེ་ལ་ཞོན་པ་ཡིན་ཞེས་བསྟན་ཏེ། དེའི་མདོ་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་ཤཱ་
རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་སྟོང་པ་ཉིད་ཤེས་ཀྱང་མི་དམིགས་པའི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཁོར་གསུམ་རྣམ་པར་དག་པའི་འཇུག་པ་ནི། གང་ཡང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཁོར་གསུམ་རྣམ་པར་དག་
པས་མི་དམིགས་པའི་རྣལ་འབྱོར་གྱིས་ཞོན་པའོ་ཞེས་བསྟན་པ་ཡིན་ནོ། །དེའི་མདོ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཞོན་ནས་བྱང་ཆུབ་སེམས་དཔའ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་རབ་ཏུ་འཛིན་ཏེ་ཞེས་བྱ་བ་
ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་མི་དམིགས་པ་ཉེ་བར་བཟུང་ནས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། ཁམས་ལ་སོགས་པ་རྣམས་ནས་མ་འདྲེས་པ་རྣམས་ཀྱི་བར་དང་། སྟོང་པ་ཉིད་ཐམས་ཅད་དང་། དེ་བཞིན་ཉིད་ལ་སོགས་པ་རྣམས་དང་།
བྱང་ཆུབ་དང་། སངས་རྒྱས་གང་ཡིན་པ་དེ་དག་མི་དམིགས་པ་ཉིད་ཉེ་བར་བཟུང་ནས་མིང་ཙམ་ཉིད་དུ་ཤེས་པའི་ཕྱིར་ཐེག་པ་ཆེན་པོ་དེ་ལ་དེ་ཞོན་པ་ཡིན་ནོ་ཞེས་བསྟན་ཏོ། །དེའི་མདོ་ནི་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པའི་མ་འདྲེས་པའི་སེམས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
སུམ་ཅུ་རྩ་བདུན་སྒོམ་པར་བྱེད་ཅིང་བསྒོམ་པ་དང་རྣམ་པར་བསྒོམ་པའི་ཆེད་དུ་མི་དམིགས་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མངོན་པར་ཤེས་པའི་འཇུག་པ་ནི་གང་གཞན་ཡང་མངོན་པར་ཤེས་པ་རྣམས་ཐོབ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་
ཞིང་ཡོངས་སུ་སྦྱོང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་དང་། ཆོས་ཉན་ཞིང་གཉིས་སུ་མེད་པའི་ས་ལ་གནས་ཏེ་ཐེག་པ་ཆེན་པོ་དང་ནམ་དུ་ཡང་མི་འབྲལ་ཏེ། རང་གི་ངོ་བོ་ཡོངས་སུ་འཛིན་པ་ཡིན་ནོ་ཞེས་བསྟན་ཏོ། །དེའི་མདོ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་
Vol. 81 · folio 44a
ཀྱི་སྙིང་པོ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་རྫོགས་པ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པ་ནི་གང་དེས་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་གང་ཡིན་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་དེའི་མིང་སྨོས་པར་མཛད་ཅིང་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་
རབ་ཏུ་སྐོར་བར་བྱེད་དོ་ཞེས་གྲགས་པ་སྒྲོགས་ཤིང་དབྱངས་བརྗོད་པར་མཛད་པས་ཐེག་པ་ཆེན་པོ་ལ་ཞོན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་འཇུག་པའི་བསྒྲུབ་པའི་རྣམ་པར་འགྲེལ་
པའོ།། །།འཇུག་པའི་བསྒྲུབ་པ་བཤད་ནས་ཚོགས་ཀྱི་བསྒྲུབ་པ་བཤད་པར་བྱ་སྟེ། དེ་ནི་སྙིང་རྗེ་ཆེན་པོ་ལ་སོགས་པའི་དབྱེ་བས་རྣམ་པ་བཅུ་དྲུག་ཏུ་གྱུར་པ་ནི། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང་། །ཟུང་དུ་འབྲེལ་པའི་ལམ་གང་དང་། །ཐབས་
ལ་མཁས་པ་གང་ཡིན་དང་། །ཡེ་ཤེས་དང་ནི་བསོད་ནམས་དང་། །ལམ་དང་ས་བཅུ་གང་ཡིན་དང་། །གཉེན་པོ་ཚོགས་ཀྱི་བསྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཚོགས་ཀྱི་བསྒྲུབ་པ་རྣམ་པ་བཅུ་དྲུག་ནི་འདི་ལྟ་སྟེ། སྙིང་རྗེ་ཆེན་པོའི་ཚོགས་དང་།
སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། བཟོད་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། བསམ་གཏན་གྱི་ཚོགས་དང་། ཤེས་རབ་ཀྱི་ཚོགས་དང་། ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། ཟུང་དུ་འབྲེལ་པའི་ལམ་གྱི་ཚོགས་དང་། ཐབས་
ལ་མཁས་པའི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་དང་། ལམ་གྱི་ཚོགས་དང་། སའི་ཚོགས་དང་། གཉེན་པོའི་ཚོགས་ཞེས་བྱ་བ་ཡིན་ནོ། །དེ་ལ་སྙིང་རྗེ་ཆེན་པོའི་ཚོགས་ནི་གང་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བའི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་པའི་སྒོ་ནས་
Vol. 81 · folio 44b
ཚོགས་ཀྱི་བསྒྲུབ་པའི་དབང་དུ་མཛད་ནས་ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་རང་གི་ལུས་ཀྱི་འོད་ཀྱིས་སྣང་བར་བྱས་ནས་སྡུག་བསྔལ་དེ་དང་དེ་ཉེ་བར་ཞི་
བར་བྱ་བའི་ཕྱིར་སངས་རྒྱས་ལ་སོགས་པ་ལ་ཕྱག་འཚལ་བ་ཐོས་ནས། དགེ་བ་དེས་དེ་རྣམས་ངན་སོང་དེ་རྣམས་ལས་ཐར་ནས་བྱང་ཆུབ་པའི་བར་དུ་སངས་རྒྱས་མཉེས་པ་དང་རྗེས་སུ་མཐུན་པའི་རིགས་ཡང་དག་པར་འཛིན་པས་སྡུག་བསྔལ་དང་བྲལ་བའི་ཐུགས་རྗེས་བྱས་པ་ཡིན་པར་བསྟན་ཏོ། །སྦྱིན་
པའི་ཚོགས་ནི་གང་སྦྱིན་པའི་ཚོགས་ཀྱིས་སེམས་ཅན་དེ་སྙེད་ཅིག་ཟས་ལ་སོགས་པའི་ཡོ་བྱད་དེ་དང་དེ་འདོད་པ་རྣམས་ལ་ཟས་ལ་སོགས་པའི་ཡོ་བྱད་དེ་དང་དེ་སྦྱིན་པ་ཉིད་དང་། ཆོས་བསྟན་པ་དེས་བྱང་ཆུབ་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་སྟོན་པ་དང་ནམ་ཡང་འབྲལ་བར་མི་འགྱུར་རོ་ཞེས་བསྟན་ཏོ། །
ཚུལ་ཁྲིམས་ཀྱི་ཚོགས་ནི་གང་སེམས་ཅན་དེ་སྙེད་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་བྱང་ཆུབ་ཀྱི་བར་དུ་ཆོས་བསྟན་པ་དེས་བཀོད་པ་ཡིན་ནོ་ཞེས་བསྟན་ཏོ། །བཟོད་པའི་ཚོགས་ནི་གང་སེམས་ཅན་ཐམས་ཅད་དེ་སྙེད་ཅིག་བདག་ལ་
དབྱུག་པ་དང་། བོང་བ་དང་། ཁུ་ཚུར་གྱིས་བརྡེག་ཀྱང་དེ་ལ་བདག་གིས་འཁྲུག་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་བྱའོ། །རང་གི་བཟོད་པ་དེ་དང་འདྲ་བ་ལ་གཞན་དག་རབ་ཏུ་དགོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བརྩོན་འགྲུས་ཀྱི་ཚོགས་ནི་གང་སེམས་ཅན་དེ་སྙེད་ཅིག་ནི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་ལྡན་པས་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་རབ་ཏུ་འཇོག་གོ། །འགོད་པ་དང་། ཡང་དག་པར་སྦྱོར་བ་དང་། རབ་ཏུ་འཇོག་པ་དང་མི་འབྲལ་བར་བྱེད་པའི་ཚིག་གི་དོན་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བསམ་གཏན་གྱི་ཚོགས་ནི་གང་སེམས་ཅན་དེ་སྙེད་ཅིག་
རང་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མཉམ་པ་ཉིད་ལ་གནས་ཤིང་ཆོས་གང་ལ་ཡང་འཁྲུལ་པའམ། འཁྲུལ་པ་མེད་པར་རྗེས་སུ་མི་མཐོང་བ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་དེ་ཉིད་ལ་ཡང་དག་པར་བསྐུལ་ཞིང་འཇོག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཚོགས་ནི་གང་འདི་ལྟར་ཆོས་གང་ལ་ཡང་
Vol. 81 · folio 45a
ཚུ་རོལ་ལམ། ཕ་རོལ་མི་དམིགས་པ་དེ་བཞིན་དུ་དེ་རྣམས་ཀྱང་དེ་ལ་ཡང་དག་པར་བསྐུལ་ཞིང་འཇོག་པ་ཡིན་ནོ། །དེ་ལ་ཚུ་རོལ་ནི་འཁོར་བ་སྟེ། བྱིས་པ་རྣམས་ཀྱིས་རེ་ཞིག་མྱངས་པ་ཙམ་ཡིན་པའི་ཕྱིར་རོ། །ཕ་རོལ་ནི་མྱ་ངན་ལས་འདས་པ་སྟེ། རང་གི་དོན་ལ་མཆོག་
ཏུ་གཞོལ་བ་རྣམས་བརྩོན་འགྲུས་ལ་རབ་ཏུ་སྦྱོར་བས་ཕ་རོལ་ཏུ་སེམས་དགའ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཞི་གནས་ཀྱི་ཚོགས་ནི་གང་ཡང་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པ་བཞིན་དུ་སེམས་ཅན་གྱི་ཁམས་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་
དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ནས་མ་འདྲེས་པ་རྣམས་ཀྱི་བར་ལ་འདི་སྙེད་ཅེས་བྱ་བར་ཡོངས་སུ་ཆད་པ་མེད་པའི་སེམས་ཅན་གྱི་ཁམས་ལ་དམིགས་པས་ཡང་དག་པར་བསྐུལ་ཞིང་བཞག་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཚེ་འདི་ཉིད་
ལ་བདེ་བས་བསྡུས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཚེ་ཕྱི་མའི་བདེ་བས་བསྡུས་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་གཅིག་ཏུ་བདེ་བས་བསྡུས་པ་ཡིན་ཏེ། བཟོད་པ་དང་། སྤྲོ་བ་དང་། རྩེ་གཅིག་པས་གཅིག་ཏུ་བདེ་བ་དང་ལྡན་
པའི་འབྲས་བུ་འཐོབ་པར་བྱེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བས་ཉེ་བར་བསྡུས་པའོ་ཞེས་བསྟན་པ་ཡིན་ནོ། །ལྷག་མཐོང་གི་ཚོགས་ནི་གང་སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ཞེས་བྱ་བའི་ཚིག་གཉིས་
པས་ནི་འགའ་ཡང་མེད་ཀྱི་རང་ཉིད་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་བཞིན་ནོ། །ཅི་ཞིག་ཏུ་འགྱུར་རམ་ཞེས་བྱ་བའི་ཚིག་གིས་ཇི་ལྟར་བསྟན་པར་འགྱུར་ཞེ་ན། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཅི་ཡང་རུང་བའི་རང་བཞིན་དུ་ཡོད་པ་ནི་མི་རིགས་ཏེ། དེ་ནི་བརྗོད་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་
ཕྱིར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་བའི་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཡིན་པའི་ཕྱིར་ཏེ་ཞེས་གསུངས་པ་ཡིན་ནོ། །རྟོག་གེས་ཡོངས་སུ་མ་བསྐྱོད་ཅིང་སུན་མ་ཕྱུང་བའི་འཇིག་རྟེན་ཐམས་ཅད་ལ་ནི་སྣང་བ་ཙམ་དུ་གྱུར་པ་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་བར་
Vol. 81 · folio 45b
དུའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ནས་དེའི་དོན་འཚལ་བ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་མ་འཚལ་བ་ལགས་པར་རིག་པར་བགྱི་སྟེ། རང་གི་
མཚན་ཉིད་སྟོང་པ་ཉིད་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་བ་ལགས་པའི་ཕྱིར་རོ་ཞེས་བྱ་བ་དང་། གནས་བརྟན་རབ་འབྱོར་གྱི་ཤེས་པ་གསལ་བར་བྱས་པ་ནས་བརྩམས་ཏེ། དེ་ཅིའི་སླད་དུ་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་།
སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་ནས་མ་འདྲེས་པའི་བར་དང་། བྱང་ཆུབ་སེམས་དཔའ་དང་། ཐེག་པ་ཆེན་པོའི་གོ་ཆ་དང་། གཟུགས་ལ་སོགས་པ་ནས་ཐེག་པ་ཆེན་པོའི་གོ་ཆའི་བར་དུ་རྣམ་གྲངས་སྟོང་པ་ཉིད་ཀྱིས་གོ་ཆ་མེད་པའི་གོ་ཆ་བགོས་པ་ཡིན་པར་རྗེས་སུ་བསྟན་
པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱེད་པ་པོ་ཉེ་བར་མི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནས་སེམས་ཅན་དུ་བསྟན་ཅིང་བརྗོད་པའི་བར་དུ་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་པ་ཉིད་ཀྱིས་ན་ཕུང་པོ་ལ་སོགས་པ་རྣམས་དང་། བདག་དང་།
སེམས་ཅན་ལ་སོགས་པ་རྣམས་དང་། རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྨིག་རྒྱུ་དང་། སྤྲུལ་པ་རྣམས་ཡིན་ཏེ། མ་འདྲེས་པའི་བར་དུ་དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་དང་།
ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་ངེས་པ་ཉིད་དང་། ཡང་དག་པའི་མཐའ་རྣམས་སུ་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་མི་དམིགས་པའི་ཕྱིར། དེ་ཉིད་ཉེ་བར་བཟུང་ནས་བྱས་པ་དང་། རྣམ་པར་བྱས་པ་དང་། མངོན་པར་འདུས་བྱས་པ་བཀག་པས་ཞེས་
བསྟན་པ་ཡིན་ནོ། །དེ་ལ་གོ་ཆ་དང་། འཇུག་པ་དང་། ཚོགས་ཀྱི་བསྒྲུབ་པ་རྣམས་མ་སྐྱེས་པ་བསྐྱེད་པ་དང་། དེ་ཁྱད་པར་དུ་འགྲོ་བ་དང་། འབྲས་བུ་ཐོབ་པ་མངོན་དུ་བྱེད་པའི་དབང་དུ་མཛད་ནས་ཚིག་གཅིག་དང་། གཅིག་དང་། གཅིག་གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ་ཞེས་
Vol. 81 · folio 46a
བསྟན་པ་ཡིན་ནོ། །ཟུང་དུ་འབྲེལ་པའི་ལམ་གྱི་ཚོགས་ནི་གང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་མི་དམིགས་པ་ཉེ་བར་བཟུང་ནས་མི་བྱེད། རྣམ་པར་མི་བྱེད། མངོན་པར་མི་བྱེད་དོ་ཞེས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་ཞེས་བྱ་བ་ནས་བརྩམས་ཏེ།
མེད་པ་དང་། དབེན་པ་དང་། མ་སྐྱེས་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མ་བྱས་པ་དང་། མ་སྐྱེས་པ་ཉིད་ཀྱིས་ན་ཤིན་ཏུ་མི་དམིགས་པའི་རྣམ་པས་ཕུང་པོ་ལ་སོགས་པ་རྣམས་ནས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་།
མ་འདྲེས་པ་རྣམས་ཀྱི་བར་དང་། བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་། སངས་རྒྱས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། སངས་རྒྱས་དེ་དག་ལས་ཆོས་ཉན་ཞིང་། མངོན་པར་ཤེས་པ་དང་། སྤྱན་ལྔ་དང་། གཟུངས་
དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་ཅིང་གནས་ནས་ལམ་གྱི་རྣམ་པ་ཤེས་པ་ཉིད་བསྟན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་བྱང་ཆུབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཅན་རྣམས་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་ཀྱང་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་
མ་བཅིངས་མ་གྲོལ་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་ཤེས་རབ་ཀྱིས་ཡོངས་སུ་བཟུང་བས་ནི་མ་བཅིངས་པ་ཡིན་ལ། སྙིང་རྗེས་ཡོངས་སུ་བཟུང་བས་ནི་མ་གྲོལ་བར་རིག་པར་བྱའོ། །དེ་ལྟར་རིགས་པས་བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི་སྲིད་པར་གནས་པའི་རྒྱུ་ཡིན་ལ། ཤེས་པས་དེ་རུ་གནས་
བྱས་ཀྱང་། །འཁོར་བར་ཆགས་པར་མི་བྱེད་དོ། །དྲན་པ་ཡིས་ནི་བསྡམས་པའི་སེམས། །ཕྱི་རོལ་དུ་ནི་འཇུག་མི་འགྱུར། །སོ་སོར་རྟོག་པའི་ལྕག་བརྡབས་པས། །ཕུན་ཚོགས་གནས་སུ་འདྲེན་པར་བྱེད། །སྐྱེ་བའི་སེམས་ལ་བརྟེན་པ་དག །འགའ་ཞིག་མྱ་ངན་འདའ་བར་འདོད། །འཇིག་
རྟེན་ལེགས་པ་ལ་བརྟེན་ལ། །འགའ་ཞིག་འཁོར་བར་འཁོར་བར་འདོད། །ཅེས་གསུངས་པ་ཡིན་ནོ། །ཤེས་རབ་དང་སྙིང་རྗེའི་སྦྱོར་བ་དང་། དེ་དག་ཕན་ཚུན་ཐ་མི་དད་པ་དང་། མི་མཐུན་པའི་ཕྱོགས་ལས་འདས་པ་དང་། སྦྱོར་བ་ལ་ཤིན་ཏུ་སྦྱངས་པ་དང་། རྟོགས་པ་པོའི་དབང་དུ་མཛད་
Vol. 81 · folio 46b
ནས་སྦྱོར་བ་ནི་གང་གིས། གང་ལས། གང་དུ། གང་ཞིག་ངེས་པར་འབྱུང་ཞེས་གང་གིས་སྟོན་པའི་ཞུས་པ་ལྔ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ལགས། གང་དེ་ལ་ཇི་ལྟར་ན་ཞུགས་པར་རིག་པར་བགྱི། གང་ལས་ངེས་པར་འབྱུང་བ་ལགས།
གང་དུ་གནས་པར་འགྱུར་བ་ལགས། གང་ཞིག་འདིས་ངེས་པར་འབྱུང་བར་འགྱུར་ཞེས་བསྟན་པ་ཡིན་ནོ། །དེ་ལ་དང་པོ་ཞུས་པ་ནས་བརྩམས་ཏེ། ཐབས་ལ་མཁས་པའི་ཚོགས་ནི་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཕ་རོལ་ཏུ་ཕྱིན་པ་རྣམས་རེ་རེ་ཞིང་མི་
དམིགས་པའི་རྣལ་འབྱོར་གྱིས་བདག་ཉིད་གནས་ཤིང་གཞན་དག་ཀྱང་ཡང་དག་པར་བསྐུལ་བ་ནི་ཐེག་པ་ཆེན་པོ་ཞེས་བསྟན་པ་ཡིན་ནོ། །ཡང་ཡེ་ཤེས་ཀྱི་ཚོགས་ནི་ཉི་ཤུར་གཅིག་གིས་མ་ཚང་བའི་སྟོང་པ་ཉིད་ནི་ཡེ་ཤེས་ཀྱི་ཚོགས་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་འདིར་ཉི་ཤུར་གཅིག་
གིས་མ་ཚང་བའི་སྟོང་པ་ཉིད་ནི་ནང་གི་མིག་ལ་སོགས་པ་ལྔ་རྟག་པ་མ་ཡིན་ཏེ། འཇིག་པ་མ་ཡིན་པ་དེ་བཞིན་ཉིད་དེ། དེའི་རང་བཞིན་དེ་ཡིན་པ་ཉེ་བར་བཟུང་བའི་ཕྱིར་ནང་སྟོང་པ་ཉིད་དོ། །ཕྱི་རོལ་གྱི་གཟུགས་ལ་སོགས་པ་རྟག་པ་མ་ཡིན། འཇིག་པ་མ་ཡིན་པ་ཉིད་དེའི་རང་བཞིན་དེ་ཡིན་
པར་ཉེ་བར་བཟུང་བའི་ཕྱིར་ཕྱི་སྟོང་པ་ཉིད་དོ། །དེ་བཞིན་དུ་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་དེའི་རང་བཞིན་དེ་ཡིན་པར་ཉེ་བར་བཟུང་བའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱང་སྟོང་པ་ཡིན་པས་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཕྱོགས་བཅུ་པོ་ནི་ཕྱོགས་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་
ཆེན་པོ་སྟོང་པ་ཉིད་དོ། །དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། མྱ་ངན་ལས་འདས་པའི་དོན་གྱི་ཚུལ་གྱིས་སྟོང་པས་ན་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཁམས་གསུམ་པོ། ཁམས་གསུམ་པོ་ཉིད་ཀྱིས་སྟོང་པས་ན་འདུས་བྱས་སྟོང་པ་ཉིད་དོ། །འདུས་མ་བྱས་ནི་སྐྱེ་བ་
མེད་པ་དང་། འགག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་ནི་དེ་ཉིད་ཀྱིས་སྟོང་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་ནི་མཐའ་སྟོང་པ་ཉིད་ཀྱིས་ན་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་། དབུས་དང་། ཐ་མར་གྱུར་པ་རྣམས་དེས་སྟོང་པ་
Vol. 81 · folio 47a
ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་ནི་སྤངས་པ་སྟེ། ཡོངས་སུ་སྤངས་པའི་མཚན་ཉིད་ཅན་གྱི་དོར་བ་ལས་གོ་བཟློག་པ་ཉིད་ཀྱིས་ན་དོར་བ་མེད་པ་སྟེ། དེ་ནི་དེས་སྟོང་པ་ཉིད་ཀྱི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་དོ། །འཕགས་པ་ཐམས་ཅད་ཀྱིས་མ་
བྱས་པའི་རང་བཞིན་ཏེ། དེ་ནི་དེས་སྟོང་པ་ཉིད་ཀྱི་ཕྱིར་རང་བཞིན་སྟོང་པ་ཉིད་དོ། །ཆོས་རྣམས་ནི་ཆོས་རྣམས་ཀྱིས་སྟོང་པ་ཡིན་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །གཟུགས་ལ་སོགས་པའི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རང་
གི་མཚན་ཉིད་སྟོང་པ་ཉིད་དོ། །གང་ལ་དུས་གསུམ་མི་དམིགས་པ་ནི་དེ་ཉིད་ཀྱིས་སྟོང་པའི་ཕྱིར་མི་དམིགས་པ་སྟོང་པ་ཉིད་དོ། །འདུས་པའི་ཆོས་རྣམས་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ཡིན་པའི་ཕྱིར་དང་། དེ་ནི་འདུས་པས་སྟོང་པ་ཉིད་ཡིན་
པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་མེད་པ་ནི་ཉེ་བར་ལེན་པའི་ཕུང་པོའི་མཚན་ཉིད་ནི་དེས་སྟོང་པ་ཉིད་ཡིན་པའི་ཕྱིར་དངོས་པོ་སྟོང་པ་ཉིད་དོ། །དངོས་པོ་མེད་ཅིང་འདུས་མ་བྱས་པ་ནི་དེ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་
ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱིས་ཤེས་པ་དང་། མཐོང་བས་མ་བྱས་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ་ཞེས་བྱ་བ་ནི་གཞན་གྱི་བྱེད་པ་སྟོང་པས་ན་གཞན་གྱི་དངོས་པོ་སྟོང་པ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །
ཕྱོགས་འདིས་ནི་རབ་ཏུ་བྱེད་པའི་གོ་རིམས་མ་ཚང་བའི་རབ་ཏུ་བྱེད་པའི་དོན་སྟོན་པ་ཡིན་པར་ཡང་བརྗོད་པར་བྱའོ། །དེ་དག་ནི་གཞན་དགག་པའི་སྒོ་ནས་སྟོང་པ་ཉིད་འབའ་ཞིག་སྟོན་པ་ཡིན་པས་དེ་དག་ལ་ནི་མངོན་པར་རྟོགས་པའི་གོ་རིམས་འགའ་ཡང་ཡོད་པ་མ་ཡིན་ཞིང་། དེ་རྣམས་ནི་རབ་ཏུ་བྱེད་
པའི་དོན་ཁོ་ན་རྗོད་པར་བྱེད་ཀྱི་བསྟན་བཅོས་དོན་གཙོ་བོར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་སྟོང་པ་ཉིད་ཀྱི་རབ་ཏུ་བྱེད་པའི་སོང་བ་དང་། འོང་བའི་བྱ་བའི་རིམ་པ་མེད་པས་ཆེད་དུ་བྱ་བ་ལས་ཉམས་པ་སྲིད་པར་བསྟན་པ་ཡིན་ནོ། །འདིར་ཡང་ཅི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་ཅི་
Vol. 81 · folio 47b
ཞིག་ཡིན་ཞེ་ན། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་བསྟན་ཏོ། །འདི་ལྟར་གང་མི་དམིགས་པ་དེ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །སྟོང་པ་ཉིད་འདི་ཡང་རྣམ་པར་མི་རྟོག་པའི་སེམས་ཀྱིས་མ་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྟོང་པ་
ཉིད་མེད་པས་ཆོས་ཐམས་ཅད་ཡོད་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་འདིར་དཔྱད་པར་བྱ་སྟེ། འདི་ནི་ཆོས་ཐམས་ཅད་ལ་དམིགས་པ་དང་བྲལ་བས་སྟོང་པ་ཉིད་ཅེས་བྱ་བ་ནི་གང་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཉིད་ཡིན་ནོ་ཞེས་བྱ་བར་འདོད་དོ། །
ཁ་ཅིག་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཆ་གཉིས་པ་ཉིད་ཀྱིས་ན་ཆ་གཅིག་ལ་གནས་པ་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་དོ། །ལ་ལ་ན་རེ་དེ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དམིགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། གང་ཆོས་ཐམས་ཅད་ངོ་བོ་ཉིད་སྟོང་པ་ཉིད་
ལ་དམིགས་པར་འགྱུར་བ་དེ་ནི་རྨི་ལམ་གྱི་རྟ་ལ་སོགས་པ་རང་བཞིན་གྱིས་སྟོང་པ་ལ་དམིགས་པ་ཅན་གྱི་ཤེས་པ་བཞིན་ནོ། །སྔ་མའི་ཕྱོགས་གཉིས་པོ་དེ་དག་ཀྱང་ཡེ་ཤེས་ཀྱི་དངོས་པོ་མེད་པ་ཡུལ་དུ་འགྱུར་ལ། སྟོང་པ་ཉིད་འདུས་བྱས་སུ་ཐལ་བར་འགྱུར་རོ། །ཕྱོགས་གསུམ་པ་ལ་
ཉེས་པ་ཡོད་པར་མི་བརྗོད་དམ་ཞེ་ན། ཉེས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ལྷ་སྦྱིན་བསད་ནས་ཡང་འབྱུང་བར་འགྱུར་བ་ནི་མ་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བ་ནི་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི་ཡེ་ཤེས་ཀྱི་ཚོགས་བཞག་པ་འདི་ནི་ཕྱོགས་ཙམ་མོ། །བསོད་
ནམས་ཀྱི་ཚོགས་ནི་གང་དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གང་ཞེ་ན། ཞེས་བྱ་བ་ནས་བརྩམས་ནས་གང་གསུངས་ཞེས་བྱ་བའི་བར་དུའོ། །ནམ་མཁའ་ལྟར་ཆགས་པ་མེད་པ་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནས་ཏིང་ངེ་འཛིན་བརྒྱ་རྩ་གཅིག་བསྟན་པ་ནི། ཇི་
སྐད་དུ། ངེས་པར་འབྱུང་བ་དང་མི་འབྲལ་བར་འགྱུར་བ་དང་། ཉེ་བར་འགྱུར་བ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་གསུངས་པ་ཡིན་ནོ། །གོ་ཆ་དང་། འཇུག་པ་དང་། ཚོགས་ཀྱི་བསྒྲུབ་པ་ནས་བརྩམས་ཏེ། ཏིང་ངེ་འཛིན་བསྒོམ་
Vol. 81 · folio 48a
པ་ཡིན་ཞེས་སོང་ཟིན་པ་དང་སྦྱོར་བར་བལྟ་བར་བྱའོ། །ལམ་གྱི་ཚོགས་ནི་གང་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ནས་བརྩམས་ཏེ་བསླབ་པ་ལས་འདས་པ་དང་། རྣམ་པར་གཡེང་བའི་གཉེན་པོར་གནས་པ་དང་། འདུག་པ་ལ་སོགས་པའི་སྤྱོད་ལམ་རྣམས་དང་། འགྲོ་
བ་དང་། འོང་བ་དང་། ལྟ་བ་དང་རྣམ་པར་ལྟ་བའི་བྱ་བ་རྣམས་དང་། དབུགས་འབྱུང་བ་དང་། རྔུབ་པ་རྣམས་ལ་རྫ་མཁན་གྱི་དཔེས་རིང་བ་དང་། ཐུང་བར་རབ་ཏུ་ཤེས་པ་དང་། ལུས་ཀྱི་གཉེན་པོའི་འདུ་ཤེས་བ་ལང་གི་ཤན་པའི་དཔེས་བསྟན་པ་དང་། ཁམས་རྣམས་ལ་སོ་སོར་
བརྟགས་ནས་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་ཆུད་པའི་སྣོད་ཀྱི་དཔེས་མི་གཙང་བར་སོ་སོར་བརྟགས་པ་དང་། མི་དམིགས་པའི་ཚུལ་གྱིས་ནང་དང་། དེ་བཞིན་དུ་ཕྱི་རོལ་དང་། ཕྱི་དང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བས། དྲན་པ་ཉེ་བར་གཞག་པ་ན་ལུས་དེ་ཡང་འདི་ལྟ་བུའི་
ཆོས་ཅན་ནོ། །སྐྱེ་བ་འདིའིའོ། །འདི་ལྟ་བུའི་རང་བཞིན་ཏེ་ཞེས་བྱ་བ་ལ་གསུངས་ཏེ། ཁུ་བ་དང་། ཁྲག་གི་གནས་སྐབས་དང་། གནས་སྐབས་དེ་ཉིད་འཕེལ་བར་གྱུར་པ་ལས་འཆི་བ་ལ་ཐུག་པའི་མི་རྟག་པ་ཉིད་ཀྱིས་ཆོས་ཉིད་བསྒྲུབ་པ་དེ་ལ་སྦྱོར་བ་ཡིན་ཏེ། ཚིག་གཉིས་པོ་
འདིས་ཤེས་པར་བྱའོ། །གང་ཡང་མེ་ལ་སོགས་པས་མཐར་ཐུག་པར་བྱས་པ་དེ་ལ་ཡང་ཆོས་ཉིད་འདི་ལས་མ་འདས་སོ་ཞེས་བྱ་བའི་ཚིག་གསུམ་ཡིན་ནོ། །གདུང་ཅན་ཞེས་བྱ་བ་ལ་སྟོབས་ཟད་པ་དང་། ཟས་གཅོད་པ་དང་། སྡུག་བསྔལ་བ་དང་། ཤིན་ཏུ་ལྡན་པའི་དོན་ཏེ། གང་དེ་
ཡོད་པ་དེ་ནི་མྱུར་བའི་འབད་པ་ཅན་ནོ། །ཤེས་བཞིན་དང་ལྡན་པ་ཞེས་བྱ་བ་ནི་ཡང་དག་པར་ཤིན་ཏུ་རིག་པའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་དམིགས་པ་མ་བརྗེད་པའོ། །རྣམ་པར་བསལ་བ་ཞེས་བྱ་བ་ནི་ཕྱིར་བཟློག་པའོ། །ཅི་ཞིག་ལས་ཤེ་ན། འཇིག་རྟེན་གྱི་ཆགས་སེམས་
དང་། ཡིད་མི་བདེ་བ་དག་ལས་སོ། །དེ་ལ་ང་དང་ངའི་ཞེས་བྱ་བ་མངོན་དུ་བྱས་ནས་ལུས་ལ་སེམས་པ་ནི་ཆགས་པས་སོ། །ཚོར་བ་མི་སྡུག་པ་དང་། རབ་ཏུ་ལྡན་པའི་སེམས་ཞུམ་པ་ཉིད་ནི་ཡིད་མི་བདེ་བའོ། །དེ་བཞིན་དུ་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོ་ཚོར་བ་དྲན་པ་ཉེ་བར་གཞག་
Vol. 81 · folio 48b
པ་དང་། རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོ་སེམས་དྲན་པ་ཉེ་བར་གཞག་པ་དང་། བདག་ཏུ་ཕྱིན་ཅི་ལོག་པའི་གཉན་པོ་ཆོས་དྲན་པ་ཉེ་བར་གཞག་པའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་དང་། དགེ་བའི་ཆོས་མ་
སྐྱེས་པ་རྣམས་སྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་གནས་པ་དང་ཕྱིར་ཞིང་བསྒོམ་པ་ལ་སོགས་པའི་ཕྱིར་འདུན་པ་བསྐྱེད་ཀྱང་གནས་ཏེ། བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་འཇོག་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་མི་སྤོང་བ་དང་། ཚུལ་
བཞིན་དུ་སོ་སོར་རྟོག་པའི་དབང་དུ་མཛད་ནས་ཚིག་གཅིག་དང་། གཉིས་དང་། གཉིས་ཀྱིས་གསུངས་པར་ཤེས་པར་བྱའོ། །མོས་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་རྫུ་འཕྲུལ་གྱི་
རྐང་པའོ། །དེ་ལ་མོས་པ་ནི་བྱེད་འདོད་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ། དེས་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་མངོན་པར་འདུ་བྱེད་པས་ན་དེ་ནི་འདུ་བྱེད་དོ། །དེ་ཡོད་པས་ན་དེ་དང་ལྡན་པའོ། །གང་དེས་ཡོན་ཏན་སྣ་ཚོགས་བསྒྲུབས་པས་ན་རྐང་པའོ། །དེའི་ཡན་ལག་
ཡིན་ཞེས་བྱ་བའི་དོན་ཏོ། །སྒོམ་མོ་ཞེས་བྱ་བའི་སྒོམ་པ་ནི་གོམས་པར་བྱེད་པ་སྟེ། སྦྱོར་བ་རྒྱས་པའོ། །དེ་ཡང་སྦྱོར་བ་ལས་སུ་རུང་བ་ཉིད་དམ། སྦྱོར་བ་བརྟན་པར་གྱུར་པའམ། མི་དགེ་བའི་ཚོགས་དང་མ་འདྲེས་པའོ། །སྒོམ་པ་ཡང་ཆོས་མངོན་པ་བདག་རྣམ་པ་གཉིས་སུ་འདོད་དོ། །
ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམ་པ་གསུམ་དང་། བཅོས་མ་དང་བྲལ་བའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། མཐོང་བའི་ཆོས་དེ་ཉིད་ལ་བདེ་བར་གནས་པའི་འབྲས་བུའོ། །གཞན་དག་ནི་བཞིར་འདོད་དེ་སྒོམ་པ་རྣམ་པར་བསྒོམ་པ་ནི་ལུས་ཀྱིའོ། །ཡོངས་སུ་སྦྱངས་
པ་བསྒོམ་པ་ནི་ཚུལ་ཁྲིམས་ཀྱིའོ། །གནོད་པ་མེད་པ་ནི་སེམས་ཀྱིའོ། །མ་ལུས་པར་བརྟེན་པ་བསྒོམ་པ་ནི་ཤེས་རབ་ཀྱིའོ་ཞེས་བསྟན་ཏོ། །དབེན་པ་ལ་གནས་པ་བསམ་གཏན་དང་པོ་དང་ལྡན་པར་གྱུར་པས་དེས་འདོད་པ་ལ་སོགས་པ་ལས་རྣམ་པར་དབེན་པ་ཉིད་ཡིན་པའི་ཕྱིར་རོ། །འདོད་
Vol. 81 · folio 49a
ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་དང་ལྡན་པར་གྱུར་པས་དེས་རྣམ་པར་རྟོག་པ་ལ་སོགས་པ་དང་། འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འགོག་པ་ལ་གནས་པ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་ལྡན་པར་གྱུར་པ་སྟེ། དགའ་
བའི་འདོད་ཆགས་དང་བྲལ་བ་ནི་དེ་འགག་པ་ཡིན་པའི་ཕྱིར་རོ། །རྣམ་པར་སྤོང་བ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་དང་། གཟུགས་མེད་པ་དང་ཅི་རིགས་པར་ལྡན་པར་ཤེས་པ་སྔོན་དུ་འགྲོ་བས་དོར་བྱ་བསལ་བས་ན་རྣམ་པར་སྤོང་བ་ཞེས་བྱའོ། །ཡང་བག་ལ་ཉལ་བ་
ཡང་དག་པར་བཅོམ་པ་ནི་དབེན་པའོ། །ཀུན་ནས་ལྡང་བའི་འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་དང་བྲལ་བའོ། །ཀུན་ཏུ་སྦྱོར་བ་ཡང་དག་པར་གཅོད་པ་ནི་འགོག་པའོ། །ཉེ་བར་ལེན་པ་ཐམས་ཅད་ཡོངས་སུ་སྤངས་པ་ནི་རྣམ་པར་སྤངས་པའོ། །ཡང་ཆོས་མངོན་པ་བ་རྣམས་ནི་དབེན་
པས་ན་ཁམས་ལས་དབེན་པའོ། །འདོད་ཆགས་ལས་བྲལ་བས་ན་ཉོན་མོངས་པའི་འདོད་ཆགས་དང་བྲལ་བའོ། །འགོག་པས་ན་ལས་འདོད་པའོ། །རྣམ་པར་སྤོང་བས་ན་དངོས་པོ་རྣམ་པར་སྤོང་བ་སྟེ། ཚིག་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་ཉིད་སྟོན་པ་ཡིན་ནོ་ཞེས་ཆོས་མངོན་པ་བ་
རྣམས་འཆད་དོ། །དམིགས་པ་ལ་བརྟེན་པའི་སྟོབས་ཀྱིས་སྔ་མའི་རྟེན་གཏོང་བ་ནི་རྣམ་པར་སྤོང་བ་ཞེས་བྱའོ་ཞེས་གནས་བརྟན་སངས་རྒྱས་བཤེས་གཉེན་གྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རབ་ཏུ་བྱེད་པར་བཤད་དོ། །འདིར་ཡང་བདག་གིས་ནི་རྣམ་པར་རྟོག་པ་བཞིའི་གཉེན་པོ་རྣམ་པ་བཞི་ནི་མཐོང་
བའི་ལམ་ཡིན་ནོ། །དེ་ལ་རྟོག་པ་དེ་རྣམས་དང་། དབེན་པ་ལ་གནས་ཞེས་བྱ་བ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱ་བ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་རྣམས་མཐོང་བའི་ལམ་གྱིས་ཡང་དག་པར་བསྡུས་པའི་ཕྱིར་རོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི་
དབེན་པ་སྟེ། དེས་རྣམ་པར་བྱང་བའི་ཕྱོགས་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་སྤང་བྱ་རྣམ་པར་དབྱེ་བའི་ཕྱིར་རོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི་འདོད་ཆགས་དང་བྲལ་བ་སྟེ། དེས་དགེ་བའི་ཆོས་ལ་འདུན་པ་ནི་འདོད་ཆགས་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །འཛིན་
Vol. 81 · folio 49b
པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི་འགོག་པ་སྟེ། དེས་བདག་རང་དབང་ཅན་ལ་སོགས་པའི་འཛིན་པ་མ་ལུས་པར་འགོག་ཅིང་སྤོང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི་རྣམ་པར་སྤོང་བ་སྟེ། དེས་བདག་ཏུ་བཏགས་པའི་མཚན་མ་སྣ་
ཚོགས་དང་། ཕུང་པོ་ལ་སོགས་པ་ཇི་ལྟ་བ་ཉིད་ཡོངས་སུ་ཤེས་པས་སྤོང་བའི་ཕྱིར་རོ། །དེ་བཞིན་དུ་དད་པ་ལ་སོགས་པ་ལྔ་པོ་དབང་བྱེད་པའི་དོན་གྱིས་ན་དབང་པོ་ཡིན་ནོ། །ལྔ་པོ་དེ་དག་ཉིད་མི་ཐུབ་པའི་དོན་གྱིས་ན་སྟོབས་སོ། །དྲན་པ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་།
ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་མཐོང་བའི་ལམ་གྱི་ཡན་ལག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་།
ཡང་དག་པའི་ཏིང་ངེ་འཛིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པའི་དོན་གྱིས་ན་ལམ་མོ། །སྒྲ་ཇི་བཞིན་ཤེས་པ་དང་བཅས་པའི་ཤེས་པ་བཅུ་གཅིག་དང་། མི་ཤེས་པ་ཀུན་ཤེས་པ་ལ་སོགས་པའི་དབང་པོ་དང་། རྟོག་པ་དང་བཅས།
དཔྱོད་པ་དང་བཅས་པ་ལ་སོགས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། སྐྱེ་བ་དང་། འཆི་བ་དང་། ལུས་སུ་གྱུར་པའི་བཟའ་བ་དང་། བཏུང་བ་དྲན་པ་རྣམས་དང་བཅས་པ་དང་། རྗེས་སུ་དྲན་པ་བཅུ་པོ་རྣམས་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་
རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། གཟུངས་ཀྱི་སྒོ་རྣམས་དང་། ཐམས་ཅད་མི་དམིགས་པའི་རྣམ་པ་དང་། གཞུང་གི་ཚོགས་བརྩམས་པ་
དང་། བསྟན་པ་དེ་དག་ནི་ལམ་གྱི་ཚོགས་ཡིན་པར་རིག་པར་བྱའོ། །ཆོས་དེ་དང་དེ་དག་ཐམས་ཅད་མཐོང་བ་དང་། བསྒོམ་པའི་ལམ་གྱིས་བསྡུས་པའི་ཕྱིར་རོ། །སའི་ཚོགས་ནི་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་སྦྱོང་བའི་དབྱེ་བས་རྣམ་པ་བཅུར་འགྱུར་བར་རིག་པར་བྱའོ། །གང་ཡང་རབ་
Vol. 81 · folio 50a
འབྱོར་ཁྱོད་ཇི་སྐད་དུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ནི་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ས་ནས་སར་འཕར་བ་ཡིན་ཞེ་ན། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་འགྲོ་བ་
དང་། འོང་བ་བཀག་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡང་ས་གང་ལ་ཆོས་དུ་ཞིག་ཡོངས་སུ་སྦྱོང་བར་འགྱུར་ཞེ་ན། རྣམ་པ་བཅུས་ས་དང་པོ་ཡོངས་སུ་སྦྱོང་བ་ཡིན་ཏེ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང་། །སེམས་
ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང་། །དམ་ཆོས་དམིགས་པ་ཚོལ་བ་དང་། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། །སངས་རྒྱས་བཀུར་འདོད་དགའ་བ་དང་། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པོ་ཡིན་པར་འདོད། །འདི་དག་རང་
བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །མདོ་ལས་ཇི་སྐད་དུ་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་མི་དམིགས་པའི་རྣལ་འབྱོར་དང་། ཕན་པའི་དངོས་པོ་ཡོངས་སུ་སྦྱོང་བ་མཚན་མ་མི་དམིགས་པ་ཉེ་བར་གཟུང་སྟེ་ཞེས་བྱ་བ་ལ་སོགས་པ་
གསུངས་པ་ཡིན་ནོ། །རྣམ་པ་བརྒྱད་ཀྱིས་ནི་ས་གཉིས་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་རྗེ་ཆེ། །བཀུར་སྟི་གུས་པར་ཉན་པ་དང་། །བརྒྱད་པ་སྦྱིན་ལ་སོགས་པར་བརྩོན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་
ལ་བྱས་པ་གཟོ་བ་ནི་ཆུང་ངུ་བྱས་པ་ལས་ལྷག་པར་བྱེད་པ་སྟེ། ཆུད་མི་གསོན་པ་ཡིན་པའི་ཕྱིར་རོ། །རྣམ་པ་ལྔས་ནི་ས་གསུམ་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང་། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །འཁོར་བས་ཡོངས་སུ་
མི་སྐྱོ་དང་། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །ཞེས་གསུངས་པ་ཡིན་ནོ། །རྣམ་པ་བཅུས་ས་བཞི་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། ནགས་གནས་འདོད་ཆུང་ཆོག་ཤེས་དང་། །སྦྱངས་པ་ཡང་དག་སྡོམ་བསྟེན་དང་། །བསླབ་པ་ཡོངས་སུ་མི་གཏོང་
Vol. 81 · folio 50b
དང་། །འདོད་པ་རྣམས་ལ་སྨོད་པ་དང་། །མྱ་ངན་འདས་དང་བདོག་ཀུན་གཏོང་། །མི་ཞུམ་པ་དང་ལྟ་བ་མེད། །ཇི་སྐད་དུ་མདོ་ལས། དགོན་པ་ལ་གནས་པ་དང་། འདོད་པ་ཆུང་བ་ལ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་འདོད་པ་ཆུང་བ་ནི་གང་མ་རྙེད་པ་དེ་
རྙེད་པར་མི་འདོད་པའོ། །ཆོག་ཤེས་པ་ནི་ཇི་ལྟར་རྙེད་པ་ལས་ལྷག་པར་མི་འདོད་པ་གང་ཡིན་པའོ། །རྣམ་པ་བཅུས་ནི་ས་ལྔ་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །འདུ་འཛིར་གྱུར་པའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང་། །མི་དགེ་ལས་ཀྱི་
ལམ་བཅུ་དང་། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །ཡིད་གཉིས་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ནས། །ས་ནི་ལྔ་པ་ཡང་དག་འཐོབ། །ཅེས་གསུངས་པ་ཡིན་ནོ། །རློམ་པ་ཉིད་ནི་ཁེངས་པ་སྟེ། མཐོ་བ་ལ་སོགས་པའི་རྣམ་པའོ། །རྣམ་པ་དྲུག་གིས་ནི་ས་དྲུག་
པ་ཡོངས་སུ་སྦྱོང་བ་ཡིན་ཏེ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པ། །ཞེས་བྱ་བའི་མདོ་ནི་ཇི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་
སྤངས་པ། །སློང་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང་། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་ཐོབ། །ཅེས་གསུངས་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། ཉན་ཐོས་འདོད་པའི་སེམས་ཡོངས་སུ་སྤང་བར་བྱའོ། །རང་སངས་རྒྱས་འདོད་པའི་
སེམས་ཡོངས་སུ་སྤང་བར་བྱའོ། །འཁོར་བ་ལ་སྐྲག་པའི་སེམས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དབྱེ་བ་ཉི་ཤུས་ས་བདུན་པ་ཡོངས་སུ་སྦྱོང་བ་ཡིན་ནོ། །བདག་དང་སེམས་ཅན་འཛིན་པ་དང་། །སྲོག་དང་གང་ཟག་ཆད་རྟག་དང་། །མཚན་མ་རྒྱུ་དང་
ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་ཆགས་གནས་དང་། །སེམས་ནི་ཀུན་ཏུ་ཞུམ་པ་དང་། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང་། །དེར་ལྟ་བ་ལ་མངོན་ཞེན་དང་། །སྟོང་པ་ཉིད་ལ་རྩོད་པ་དང་། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་
Vol. 81 · folio 51a
གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་ཐོབ། །ཅེས་གསུངས་པ་ཡིན་ནོ། །གང་གིས་དྲི་མ་ཉི་ཤུ་རྣམ་པར་སྤངས་པས་ས་བདུན་པ་གནོན་པ་ཡིན་ནོ། །ཡང་དེ་ཉིད་ལ་རྣམ་པ་ཉི་ཤུས་ཡིན་ཏེ། རྣམ་ཐར་སྒོ་གསུམ་ཤེས་པ་དང་། །འཁོར་གསུམ་རྣམ་པར་
དག་ཉིད་དང་། །སྙིང་རྗེས་རློམ་པ་མེད་པ་དང་། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་ལ་བཟོད་པ་དང་། །ཆོས་རྣམས་རྣམ་པ་གཅིག་སྟོན་པ། །རྟོག་པ་ཀུན་ཏུ་འཇོམས་པ་དང་། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང་། །ཞི་གནས་ངེས་པར་སེམས་པ་དང་། །ལྷག་མཐོང་
ལ་ནི་མཁས་པ་དང་། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང་། །ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང་། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །ཞེས་བྱ་བ་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་
ལས། སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། མཚན་མ་མེད་པ་མངོན་སུམ་དུ་བྱས་པ་དང་། སྨོན་པ་མེད་པའི་ཡེ་ཤེས་དང་། བརྩེ་བ་ནི་སྙིང་རྗེ་བའོ། །དེ་དག་དང་རློམ་པ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་སྙིང་རྗེ་ནི་སྐལ་བ་དམན་པ་རྣམས་ལའོ། །ཕན་གདགས་
པའི་དུས་ལ་རྟོག་པའི་བསམ་པས་སྙིང་རྗེ་བྱ་བ་དང་ལྡན་པའི་སྐལ་བ་དང་ལྡན་པ་རྣམས་ལ་ཕན་གདགས་པས་བསྡུ་བར་སྦྱོར་བ་ཡིན་ནོ། །དབྱེ་བ་རྣམ་པ་བཞིས་ས་བརྒྱད་པ་ཡོངས་སུ་སྦྱོང་ངོ་། །ཡང་རྣམ་པ་བཞི་ནི་འདི་དག་ཡིན་ཏེ། སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་རྩེ་
བ་དང་། །སངས་རྒྱས་ཞིང་བཟངས་བསྒྲུབ་པ་དང་། །སངས་རྒྱས་བསྟེན་དང་དབང་པོ་ཤེས། །ཞིང་གི་སྦྱོང་བ་སྒྱུ་མ་ཡི། །ཏིང་ངེ་འཛིན་ནི་ཐོབ་པ་དང་། །བསམས་བཞིན་སྲིད་པ་ལེན་པ་དང་། །ལས་ནི་རྣམ་པ་བརྒྱད་དུ་འདོད། །ཅེས་བསྟན་པ་ཡིན་ནོ། །ཞིང་སྦྱོང་ཞེས་བྱ་བ་ནི་སེམས་
ཅན་གྱི་འཇིག་རྟེན་ནི་སེམས་ཅན་གྱི་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་ལྟ་བུའོ། །ཆོས་རྣམ་པ་བཅུ་གཉིས་བསྒྲུབས་པས་ས་དགུ་པ་ཡོངས་སུ་སྦྱོང་བ་ཡིན་ཏེ། སྨོན་ལམ་དག་ནི་མཐའ་ཡས་དང་། །ལྷ་ལ་སོགས་པའི་སྐད་ཤེས་དང་། །སྤོབས་པ་ཆུ་བོ་ལྟ་བུ་
Vol. 81 · folio 51b
དང་། །མངལ་དུ་འཇུག་པའི་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་གནས་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱིས། །ཡོན་ཏན་ཕུན་ཚོགས་རྫོགས་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །ས་བཅུ་པ་ཉིད་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་
དོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་མཛད་པ་ཉེ་བར་གནས་པས་དེ་ལ་དེ་བཞིན་གཤེགས་པར་བརྗོད་ཀྱི་དེ་བཞིན་གཤེགས་པའི་ཐུགས་སུ་ཆུད་པ་ལས་དགོངས་པ་མ་ཡིན་ནོ། །ས་དང་པོ་ལ་སོགས་པ་དེ་དག་གི་ཡང་ཡོངས་སུ་སྦྱོང་བའི་ཆོས་བསྟན་ཏེ། དེ་ལ་བཤད་
པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་ཞེས་བྱ་བའི་བར་དུ་སྟེ། རང་གི་མཚན་ཉིད་རེ་རེ་ནས་མི་དམིགས་པའི་རྣམ་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའི་ས་བཅུ་པ་
ཇི་ལྟ་བུ་ཞེ་ན། ས་དགུ་ལས་ཤིན་ཏུ་འདས་ནས་སངས་རྒྱས་ཀྱི་ས་ལ་འཇུག་པ་ཡིན་ཏེ། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་ས་དགུ་ནི་འདི་ལྟ་སྟེ།
དཀར་པོ་རྣམ་པར་མཐོང་བའི་ས་ནི་དད་པ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། མོས་པས་སྤྱོད་པའི་ས་ཡིན་ནོ། །དེ་ལ་རིགས་ཀྱི་ས་ནི་ཉན་ཐོས་ལ་སོགས་པའི་རིགས་ཀྱི་མཚན་ཉིད་ཡིན་ནོ། །དེ་ལ་ཡང་བརྒྱད་པའི་ས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་པོ་ཡིན་ནོ། །དེ་ལ་ཡང་མཐོང་བའི་ས་ནི་རྒྱུན་
དུ་ཞུགས་པའི་ས་ཡིན་ནོ། །དེ་ལ་ཡང་བསྲབས་པའི་ས་ནི་ལན་ཅིག་ཕྱིར་འོང་བའི་ས་ཡིན་ནོ། །འདོད་ཆགས་དང་བྲལ་བའི་ས་ནི་དེ་ཡང་ཕྱིར་མི་འོང་བའི་ས་ཡིན་ནོ། །བྱས་པ་རྟོགས་པའི་ས་ནི་དེ་ཡང་དགྲ་བཅོམ་པའི་ས་ཡིན་ནོ། །རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་རྣམ་པ་
དགུ་ཡིན་ནོ། །སའི་ཚོགས་བསྟན་ནས་གཉེན་པོའི་ཚོགས་བརྗོད་པར་བྱ་སྟེ། མཐོང་དང་གོམས་པའི་ས་དག་ལ། །གཟུང་དང་འཛིན་པའི་དབྱེ་བ་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་ཡང་རྣམ་པར་རྟོག་པ་བརྒྱད་དོ། །
Vol. 81 · folio 52a
འདི་དག་ནི་རེ་ཞིག་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་ཡིན་ནོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། དངོས་པོའི་རྟེན་ཅན་དང་། གཉེན་པོའི་རྟེན་ཅན་ནོ། །འཛིན་པའི་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། གང་ཟག་
རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ། །བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱང་བཞི་པོ་ཁོ་ན་ཡིན་ནོ། །དངོས་པོའི་རྣམ་པ་ཙམ་གྱི་རྟེན་ཅན་དང་། གཉེན་པོའི་རྣམ་པའི་རྟེན་ཅན་ཏེ། རྣམ་པ་གཉིས་སོ། །འཛིན་པའི་རྣམ་པར་རྟོག་པ་ཡང་
འཕགས་པའི་གང་ཟག་ཐམས་ཅད་བཏགས་པའི་རྟེན་ཅན་དང་། བཏགས་པ་དེའི་མཚན་མའི་རྟེན་ཅན་ཏེ། རྣམ་པ་གཉིས་སོ། །རྣམ་པར་རྟོག་པ་དེ་དག་ནི་ཁམས་གསུམ་ཀའི་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རབ་འབྱོར་ཁྱོད་ཀྱིས་གང་འདི་སྐད་དུ་དེ་གང་ལས་ངེས་པར་འབྱུང་བར་འགྱུར་
ཞེས་སྨྲས་པ་ནི་ཁམས་གསུམ་ལས་ངེས་པར་འབྱུང་བར་འགྱུར་རོ། །གང་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་ནི་གཉིས་སུ་མེད་པའི་རྣལ་འབྱོར་རོ། །ཇི་ལྟར་གནས་པར་འགྱུར་བ་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་གཉིས་མཐོང་བ་དང་། སྒོམ་པ་གཉིས་ཀྱི་མི་དམིགས་
པའི་རྣལ་འབྱོར་གྱིས་རྣམ་པར་མི་རྟོག་པ་ལ་སྦྱོར་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉི་ག་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་ཞེས་བྱ་བ་ལ་
སོགས་པས་ནི་དེ་ལ་མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དང་པོའི་གཉེན་པོའི་དབང་དུ་མཛད་ནས་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ནམ་མཁའ་དང་། སྤངས་པ་དང་། འདོད་ཆགས་དང་བྲལ་བའི་དབྱིངས་རྣམས་དང་།
སྐྱེ་བ་མེད་པ་དང་། འགོག་པ་དང་། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ལ་སོགས་པ་ངེས་པར་འབྱུང་བ་མི་འཐད་པ་ཉིད་ཀྱི་ཕྱིར་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་སོགས་པ་ངེས་པར་འབྱུང་བ་
Vol. 81 · folio 52b
མི་འཐད་པས་མཚན་མ་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་རྣམས་ནི་གཟུགས་ལ་སོགས་པས་སྟོང་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་དང་། ཁམས་གསུམ་
ལས་ངེས་པར་འབྱུང་བ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་བཀག་པས་རྨི་ལམ་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྤྲུལ་པ་རྣམས་ངེས་པར་འབྱུང་བ་མི་འཐད་པས་མཚན་ཉིད་མེད་
པའི་ཆོས་རྣམས་འབྱུང་བར་འདོད་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན་ཁམས་གསུམ་ལས་ངེས་པར་འབྱུང་བ་བཀག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ཡིན་པ་བཀག་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན་དེ་དག་སྟོང་པ་
ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །མཐོང་བའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ངེས་པར་འབྱུང་བ་མི་འཐད་པས་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
དེ་རྣམས་ཀྱི་ངོ་བོ་དང་། ཁམས་གསུམ་ལས་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཀག་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །མཐོང་བའི་ལམ་གྱི་འཛིན་པའི་དབང་དུ་མཛད་ནས་
དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ངེས་པར་འབྱུང་བར་མི་འཐད་པས་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བ་ལ་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དེ་དག་གིས་སྟོང་པའི་
ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་དང་། ཁམས་གསུམ་ལས་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་གིས་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་
Vol. 81 · folio 53a
འབྲས་བུ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྟོན་པ་ཡིན་ནོ། །མཐོང་བའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་མིང་དང་། མཚན་མ་དང་། བརྡ་
དང་། ཐ་སྙད་དང་། གདགས་པ་རྣམས་ངེས་པར་འབྱུང་བ་མི་འཐད་པས་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བ་ལ་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་དེ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་དང་། ཁམས་
གསུམ་ལས་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་མིང་དུ་བཏགས་པ་ནི་འདུ་ཤེས་དང་། གཟུགས་དང་། ཚོར་བ་དང་ཞེས་བྱ་བ་ལ་སོགས་པའོ། །
མཚན་མར་བཏགས་པ་ནི་དངོས་པོ་འདི་ནི་གཟུགས་སུ་རུང་བའི་མཚན་ཉིད་ཡིན་པས་གཟུགས་སོ་ཞེས་བྱ་བ་ལ་སོགས་པའོ། །ཚོར་བ་ནི་ཉམས་སུ་མྱོང་བའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བརྡར་བཏགས་པ་ནི་ཁམས་དང་། འགྲོ་བ་དང་། སྐྱེ་གནས་ལས་སྐྱེས་པའི་དབྱེ་བས་སེམས་ཅན་
རྣམས་རང་གི་སྐད་དང་བརྡར་ཇི་ལྟར་གྲགས་པའོ། །འདི་དག་ཐམས་ཅད་ཀྱི་དབྱེ་བ་ཡང་རྣམ་པ་གསུམ་སྟེ། ཐ་སྙད་དང་། བཏགས་པ་དང་། ཐ་སྙད་ཇི་ལྟ་ཇི་ལྟ་བའི་རྗེས་སུ་འཇུག་པ་ཙམ་ཉིད་ཡིན་གྱི་དོན་དམ་པ་སྟོང་པ་ཉིད་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་
དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། མངོན་པར་འདུས་མ་བྱས་པ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པའི་གཉེན་པོའི་དབང་དུ་མཛད་ནས་རབ་འབྱོར་ཁྱོད་ཀྱིས་གང་འདི་སྐད་དུ་དེ་གང་དུ་
གནས་པར་འགྱུར་ཞེས་སྨྲས་པ་ནི་ཐེག་པ་དེ་གང་དུ་ཡང་གནས་པར་འགྱུར་བ་མེད་དེ། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་མི་གནས་པ་སྟེ། ཡང་རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་མི་གནས་པར་གནས་པའི་རྣལ་འབྱོར་གྱིས་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཀྱི་དབྱིངས་དང་། སྐྱེ་བ་
Vol. 81 · folio 53b
མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ཉིད་ཐེག་པ་ཆེན་པོ་ལ་གནས་པ་དང་། མི་གནས་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དེ་དག་གིས་སྟོང་པའི་ཕྱིར་རོ། །དེ་ཅིའི་
ཕྱིར་ཞེ་ན། སྟོང་པ་ཉིད་ལ་གནས་པ་དང་། མི་གནས་པ་ལ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་གི་ངོ་བོ་དེ་དག་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་
རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེས་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་ཐེག་པ་དེས་གང་ཡང་ངེས་པར་འབྱུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་། གང་ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་
ཅིང་མི་དམིགས་ན་ཆོས་རྣམས་ལས་ཆོས་གང་གིས་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་རྣམས་ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་བའི་ཕྱིར་དམིགས་སུ་མེད་དོ། །ཆོས་ཀྱི་དབྱིངས་ལ་
སོགས་པ་རྣམས་དང་། ཕུང་པོ་རྣམས་ནས་མ་འདྲེས་པའི་བར་རྣམས་ཀྱང་། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་བའི་ཕྱིར་མི་དམིགས་ཏེ། སོ་སོར་རང་གི་ངོ་བོར་དམིགས་པ་ཉེ་བར་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་དམིགས་སུ་མེད་དོ་ཞེས་བྱ་
བ་ནས་མ་འདྲེས་པ་རྣམས་ཀྱི་བར་དུ་དམིགས་པ་མི་དམིགས་སོ་ཞེས་བྱ་བ་བསྟན་པ་ཡིན་ནོ། །འདིར་ཤིན་ཏུ་རྣམ་པར་དག་པ་སྨོས་པ་ནི་བསྒོམ་པའི་ལམ་གྱི་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཚན་ཤེས་པ་ཡིན་པའི་ཕྱིར་རོ། །བསྒོམ་པའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོའི་དབང་དུ་མཛད་
ནས་རྒྱུན་ཏུ་ཞུགས་པ་ལ་སོགས་པ་རྣམས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་བའི་ཕྱིར་དམིགས་སུ་མེད་དོ། །གང་དག་དམིགས་སུ་མེད་ཅེ་ན། རང་གི་ངོ་བོ་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པ་དམིགས་
Vol. 81 · folio 54a
སུ་མེད་དོ་ཞེས་བྱ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་མི་དམིགས་སོ་ཞེས་བསྟན་པ་ཡིན་ནོ། སྒོམ་པའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་རྒྱུན་ཏུ་ཞུགས་པ་ལ་སོགས་
པའི་འབྲས་བུ་རྣམས་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རྣམས་དང་། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་།
རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་ས་རྣམས་ལམ་གྱི་འབྲས་བུར་གྱུར་པ་འཕགས་པའི་གང་ཟག་ཐམས་ཅད་གདགས་པའི་རྒྱུ་མཚན་མི་དམིགས་སོ་ཞེས་བསྟན་པ་ཡིན་ནོ། །ཡང་གང་རྣམ་པར་རྟོག་པ་བཞི་པོ་སྔར་བསྟན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་འབྲེལ་པ་ཡིན་ནོ། །
དེ་ལྟར་འདིར་ནི་ཡང་གཉེན་པོའི་དབང་དུ་མཛད་པའི་རྣམ་པར་རྟོག་པ་བརྒྱད་བསྟན་པ་ཡིན་ནོ། །སྙིང་རྗེ་ལ་སོགས་པ་འདི་དག་ནི་བྱང་ཆུབ་ཀྱི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་ཚོགས་ཞེས་བྱའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་ཚོགས་ཀྱི་བསྒྲུབ་པའི་
རྣམ་པར་འགྲེལ་པའོ།། །།ཚོགས་ཀྱི་བསྒྲུབ་པ་བཤད་ནས་ངེས་པར་འབྱུང་བའི་བསྒྲུབ་པ་བཤད་པར་བྱ་སྟེ། ཆེད་དུ་བྱ་དང་མཉམ་ཉིད་དང་། །སེམས་ཅན་དོན་ལ་འབད་མེད་དང་། །ཤིན་ཏུ་ངེས་པར་འབྱུང་བ་དང་། །ཐོབ་པའི་ངེས་པར་འབྱུང་ཉིད་དང་། །རྣམ་པ་ཐམས་ཅད་
མཁྱེན་ཉིད་དུ། །ངེས་པར་འབྱུང་བའི་ལམ་ཉིད་དང་། །རྣམ་པ་བརྒྱད་ཀྱི་བདག་ཉིད་ནི། །ངེས་འབྱུང་བསྒྲུབ་པ་ཡིན་ཞེས་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་ངེས་པར་འབྱུང་བའི་བསྒྲུབ་པ་ནི་རྣམ་པ་བརྒྱད་དུ་འགྱུར་ཏེ། འདི་ལྟ་སྟེ། ཆེད་དུ་བྱ་བའི་ངེས་པར་འབྱུང་བ་དང་། མཉམ་པ་
ཉིད་ཀྱི་ངེས་པར་འབྱུང་བ་དང་། སེམས་ཅན་གྱི་དོན་གྱི་ངེས་པར་འབྱུང་བ་དང་། ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་དང་། ཤིན་ཏུ་ངེས་པར་འབྱུང་བ་དང་། ཐོབ་པའི་ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་དང་། ལམ་གྱི་ངེས་པར་འབྱུང་བའོ། །དེ་ལ་
Vol. 81 · folio 54b
ཆེད་དུ་བྱ་བའི་ངེས་པར་འབྱུང་བ་ནི་རྣམ་པ་གསུམ་སྟེ། མཆོག་ཏུ་ངེས་པར་འབྱུང་བ་དང་། སྤངས་པའི་ངེས་པར་འབྱུང་བ་དང་། རྟོགས་པའི་ངེས་པར་འབྱུང་བའོ། །གང་དུ་མཆོག་ཉིད་ངེས་པར་འབྱུང་བའི་དབང་དུ་མཛད་ནས། ཇི་ལྟར་འདི་ལྟར་དེ་དང་དེ། །ཞེས་བྱ་བ་ནས་བརྩམས་ཏེ། གོ་ཆ་
ཆེན་པོ་བགོས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གོ་ཆའི་བསྒྲུབ་པ་ཆེན་པོ་ཉིད་དང་། ཐེག་པ་ཆེན་པོ་ལ་ཡང་ཞོན་པ་ཞེས་བྱ་བ་འཇུག་པའི་ཆེ་བ་ཉིད་དང་། ཅིའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བའི་ཚོགས་ཀྱི་བསྒྲུབ་པའི་ཆེ་བ་ཉིད་ཀྱིས་འདིའི་ཆེན་པོ་རྣམ་པ་གསུམ་པོ་ངེས་པར་འབྱུང་བའི་བསྒྲུབ་
པ་ནས་བརྩམས་ཏེ། དེ་ནི་འཆད་པར་འགྱུར་བ་ཡིན་ནོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བས་ཞེས་གནས་བརྟན་རབ་འབྱོར་གྱིས་ངེས་པར་འབྱུང་བའི་བསྒྲུབ་པ་བསྟན་ནས། དེ་ཉིད་
བསྟན་པ་ནི་རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། མ་
འདྲེས་པའི་བར་དུ་ཇི་སྐད་བསྟན་པ་རྣམས་ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་ནས་བརྩམས་ཏེ། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་ནི་རབ་འབྱོར་གལ་ཏེ་འདོད་པའི་
ཁམས་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ཏེ། དེ་ཁོ་ན་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་
པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་རབ་འབྱོར་འདོད་པའི་ཁམས་དེ་རྣམ་པར་རྟག་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟག་པའི་མ་རིག་པས་རྣམ་པར་གཞག་ཅིང་དེ་ནི་རྐྱེན་གྱི་འདུ་བྱེད་ཀྱིས་རྣམ་པར་བསྒྲུབས་པ་སྲེད་པ་དང་། ལེན་པ་དང་།
Vol. 81 · folio 55a
སྲིད་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ། །དེ་བས་ན་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་གྲགས་པ་ཙམ་གྱི་དོན་ཇི་ལྟ་བ་ཉིད་མ་ཡིན་
པས་མངོན་པར་རྟོགས་པའི་འབྲས་བུའི་ཐེག་པ་ཆེན་པོ་ནི་དེ་ལ་མངོན་པར་ཞེན་པའི་བཅིངས་པ་ཉིད་ཡིན་ཞེས་བསྟན་པའི་ཕྱིར་རོ། །གཞན་དུ་ན་ཐེག་པ་ཆེན་པོ་གཉེན་པོ་ཉིད་ནི་དོན་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལ་དམིགས་པ་དང་། དམིགས་པ་པོ་དང་། གཉི་གའི་དབང་དུ་མཛད་ནས་ཚིག་
དང་པོ་དང་། བཞི་པ་དང་། བདུན་པའོ། །གཉིས་པ་གཉིས་ནི་སྔ་མ་དག་གིས་བཤད་པ་དག་གི་ཚིག་ཡིན་ལ། དེ་ནས་དེ་ལ་གཞན་གསུམ་གྱི་དབང་དུ་བྱས་ནས་ནི་ཚིག་གསུམ་ཡིན་ནོ། །དེ་བཞིན་དུ་དམིགས་པ་ལ་སོགས་པ་དེ་རྣམས་ཀྱིས་མཉམ་པའི་ངེས་པར་འབྱུང་བར་འགྱུར་བས་གཞན་
དུ་འགྱུར་བའི་ཆོས་ཅན་ནི་ཚིག་བཅུ་གཅིག་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་གཟུགས་དང་། གཟུགས་མེད་པའི་ཁམས་དང་། ཕུང་པོ་ལ་སོགས་པ་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་མ་འདྲེས་པའི་བར་དུ་དངོས་པོ་དང་
དངོས་པོ་མེད་པ་བཀག་པར་གསུངས་པ་ནི་ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་ཡིན་པར་འདོད་པའི་འོག་མ་རྣམས་ལ་ཡང་ཁས་བླང་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྤངས་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་སའི་ཆོས་དང་། རྒྱུན་ཏུ་ཞུགས་པ་ལ་
སོགས་པའི་ཆོས་རྣམས་དང་། རིགས་ཀྱི་སའི་གང་ཟག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དང་། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་
དངོས་པོ་དང་། དངོས་པོ་མེད་པ་བཀག་པས་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་བསྟན་པ་ཡིན་ནོ། །རྟོགས་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེམས་བསྐྱེད་པ་རྣམས་དངོས་པོ་དང་། དངོས་པོ་མེད་
Vol. 81 · folio 55b
པ་བཀག་པས་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་བསྟན་པ་ཡིན་ནོ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་པོ་དང་དངོས་པོ་མེད་པ་བཀག་པས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཐོབ་པ་དང་། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་དང་དངོས་པོ་མེད་པ་བཀག་པས་བསྟན་ཏོ། །སངས་རྒྱས་ཀྱིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གཟི་བརྗིད་དང་དཔལ་གྱིས་མནན་ཅིང་། དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དངོས་པོ་དང་དངོས་པོ་མེད་པ་བཀག་པ་བསྟན་ཏོ། །སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རང་གི་སྐུའི་འོད་ཀྱིས་རྒྱས་པར་འགེངས་པར་མཛད་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་
དངོས་པོ་དང་དངོས་པོ་མེད་པ་བཀག་པ་བསྟན་ཏོ། །སངས་རྒྱས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཚད་མེད་ཅིང་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་གསུང་གིས་གོ་བར་མཛད་པ་སྔ་མ་བཞིན་ནོ། །དེ་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་ལས་དེ་ལས་ཀྱང་མཉེན་པ་གང་ཞེ་ན།
འདི་ལྟར་སངས་རྒྱས་ཀྱིས་དགེ་བའི་རྩ་བ་ཉེ་བར་སྟོན་པར་མཛད་པའི་ཕྱིར་མཉེན་པའོ། །མཐོང་བའི་ཆོས་ཉིད་ལ་བདེ་བར་ངེས་པར་མཛད་པའི་ཕྱིར་འཇམ་པའོ། །དོན་བཟང་བའི་ཕྱིར་ཡིད་དུ་འོང་བའོ། །ཡི་གེ་བཟང་བའི་ཕྱིར་ཡིད་དུ་འཐད་པའོ། །འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་
རྗེས་ལ་ཐོབ་པའི་ཕྱིར་དག་པའོ། །ཉོན་མོངས་པའི་བག་ལ་ཉལ་གྱི་བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །ཚིག་དང་ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རབ་ཏུ་གསལ་བའོ། །མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་རྣམ་པར་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་
སྙན་ཅིང་འཇེབས་པའོ། །བསྒྲུབས་པ་ངེས་པར་འབྱུང་བ་དང་ལྡན་པའི་ཕྱིར་མཉན་པར་འོས་པའོ། །ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྩོལ་བའི་ཕྱིར་མི་ཚུགས་པའོ། །ཐམས་ཅད་དགའ་བར་བྱེད་པའི་ཕྱིར་སྙན་པའོ། །འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པའི་ཕྱིར་དུལ་བའོ། །
Vol. 81 · folio 56a
བསླབ་པ་བཅས་པའི་ཐབས་བདེ་བ་མངའ་བའི་ཕྱིར་མི་རྩུབ་པའོ། །དེ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་མི་བརླང་བའོ། །ཐེག་པ་གསུམ་གྱིས་འདུལ་བ་སྟོན་པའི་ཕྱིར་རབ་ཏུ་དུལ་བའོ། །རྣམ་པར་གཡེང་བའི་གཉེན་པོ་ཡིན་
པའི་ཕྱིར་རྣར་སྙན་པའོ། །ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་ལུས་སིམ་པར་བྱེད་པའོ། །ལྷག་མཐོང་གིས་རབ་ཏུ་དགའ་བ་སྐྱེད་པར་མཛད་པའི་ཕྱིར་སེམས་ཚིམ་པར་བྱེད་པའོ། །ཐེ་ཚོམ་གཅོད་པར་མཛད་པའི་ཕྱིར་སྙིང་དགའ་བར་བྱེད་པའོ། །ལོག་པར་ངེས་པ་དང་མ་ངེས་པ་སེལ་བས་ན་དགའ་
བ་དང་བདེ་བ་སྐྱེད་པའོ། །བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའོ། །ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་ཀུན་ཤེས་པར་བྱ་བའོ། །བསམས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རྣམ་པར་རིག་
པར་བྱ་བའོ། །སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་བར་ཆོས་སྟོན་པར་མཛད་པའི་ཕྱིར་རྣམ་པར་གསལ་བའོ། །རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་དགའ་བར་བྱེད་པའོ། །རང་གི་དོན་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པའི་ཕྱིར་མངོན་པར་དགའ་བར་བྱེད་པའོ། །
བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་ཀུན་ཤེས་པར་བྱེད་པའོ། །བསམ་དུ་རུང་བའི་ཆོས་རྣམས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་རྣམ་པར་རིག་པར་བྱེད་པའོ། །ཚད་མ་དང་མི་འགལ་བའི་ཕྱིར་རིགས་པའོ། །གདུལ་བྱ་རྣམས་ལ་ཇི་ལྟར་རིགས་པར་སྟོན་པར་
མཛད་པའི་ཕྱིར་འབྲེལ་པའོ། །དོན་མེད་པ་མི་གསུང་བའི་ཕྱིར་ཟློས་པའི་སྐྱོན་མེད་པའོ། །མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའི་ཕྱིར་སེང་གེའི་ཤུགས་སོ། །གསུང་རྒྱ་ཆེ་བའི་ཕྱིར་གླང་པོ་ཆེའི་སྒྲ་སྐད་དོ། །ཟབ་པའི་ཕྱིར་འབྲུག་གི་སྒྲ་དབྱངས་སོ། །གཟུང་བར་འོས་པའི་
ཕྱིར་ཀླུའི་དབང་པོའི་སྒྲའོ། །སྙན་པའི་ཕྱིར་དྲི་ཟའི་གླུ་དབྱངས་སོ། །རྣོ་བ་དང་འཇིགས་པའི་ཕྱིར་ཀ་ལ་པིཾ་ཀའི་སྒྲ་དབྱངས་སོ། །ཐག་རིང་པོར་གྲག་པའི་ཕྱིར་ཚངས་པའི་སྒྲ་དབྱངས་སུ་བསྒྲགས་པའོ། །གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་ཤེས་པ་ཡིན་པའི་ཕྱིར་ཤང་ཤང་ཏེའུའི་སྒྲ་དབྱངས་
Vol. 81 · folio 56b
སུ་གྲག་པའོ། །དེ་ལ་སྒྲ་སྨོས་པས་ནི་དོན་སྟོན་པའི་མཚན་ཉིད་སྒྲ་ཡིན་པར་གོ་བར་བྱ་བའི་དོན་ཏོ། །དབྱངས་སྨོས་པ་ནི་དེའི་བརྡ་གོ་བར་བྱེད་པའི་དོན་ཏོ། །གྲག་པ་སྨོས་པས་ནི་བརྡ་དེ་དང་རྗེས་སུ་སྒྲོགས་པ་གོ་བར་བྱེད་པའི་དོན་ཡིན་ནོ། །འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ལྷའི་དབང་པོའི་དབྱངས་
ལྟར་སྙན་པའོ། །བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བའི་ཕྱིར་རྔའི་སྒྲའོ། །བསྟོད་པས་ཀུན་ནས་ཉོན་མོངས་པ་མི་མངའ་བའི་ཕྱིར་མ་ཁེངས་པའོ། །སྨད་པས་ཞུམ་པ་མི་མངའ་བའི་ཕྱིར་མི་དམའ་བའོ། །སྒྲའི་བསྟན་བཅོས་ཐམས་ཅད་ལ་རྣམ་པ་ཐམས་
ཅད་ཀྱི་མཚན་ཉིད་རྗེས་སུ་ཞུགས་པ་ཉིད་ཡིན་པའི་ཕྱིར་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའོ། །བསྙེལ་ཏེ་གསུང་བ་མི་མངའ་བའི་ཕྱིར་ཚིག་ཟུར་ཆག་པ་མེད་པའོ། །གདུལ་བྱ་རྣམས་ཀྱི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པར་མཛད་པའི་ཕྱིར་མ་ཚང་བ་མེད་པའོ། །རྙེད་པ་དང་
བཀུར་སྟི་ལ་མི་རྟོན་པའི་ཕྱིར་མ་ཞུམ་པའོ། །བསྙེངས་པ་དང་བྲལ་བའི་ཕྱིར་མི་ཞན་པའོ། །སྐྱོ་བ་མེད་པ་ལ་མངའ་བརྙེས་པའི་ཕྱིར་རབ་ཏུ་དགའ་བའོ། །རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་ཁྱབ་པའོ། །སེམས་ཅན་གྱི་དོན་དེ་དག་ཐམས་ཅད་རྫོགས་པར་མཛད་
པའི་ཕྱིར་ཆུབ་པའོ། །རྒྱུན་ཆད་པ་མེད་པའི་ཕྱིར་རྒྱུན་ཆགས་པའོ། །རྣམ་པ་སྣ་ཚོགས་པའི་རྣམ་པར་རབ་ཏུ་གནས་པའི་ཕྱིར་འབྲེལ་པའོ། །གསུང་གཅིག་ལས་སྒྲའི་རྣམ་པ་དུ་མར་གནས་པའི་ཕྱིར་སྒྲ་ཐམས་ཅད་རྫོགས་པར་བྱེད་པའོ། །གཅིག་ལས་དོན་དུ་མའི་རྣམ་པར་རིག་པར་ཉེ་
བར་གནས་པའི་ཕྱིར་དབང་པོ་ཐམས་ཅད་ཚིམ་པར་བྱེད་པའོ། །ཇི་ལྟར་བཅས་པ་བཞིན་མཛད་པའི་ཕྱིར་མ་སྨད་པའོ། །ཕྱིས་དུས་ལ་བབ་པར་རབ་ཏུ་སྦྱོར་བའི་ཕྱིར་མི་འགྱུར་བའོ། །རྟབ་རྟབ་པོར་མི་གསུང་བའི་ཕྱིར་མ་རྟབས་པའོ། །འཁོར་ཐག་རིང་བ་དང་ཉེ་བར་མཚུངས་པར་ཐོས་པའི་ཕྱིར་
ཀུན་ཏུ་གྲག་པའོ། །འཇིག་རྟེན་པ་ཐམས་ཅད་ཀྱི་དོན་དང་། འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་དཔེ་ཆོས་སུ་བསྒྱུར་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ་ཞེས་འཕགས་པ་ཐོགས་མེད་ཀྱིས་གསུངས་སོ། །ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་བ་རྣམ་པ་བཅུ་གཉིས་ཀྱི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words