ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
Sanskrit title (Tibetan script, as in the text) པཉྩ་བིང་ཤ་ཏི་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 83 · folio 137a
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་འཁོར་དེ་ནས་གུད་དུ་འདོང་འདོང་བ་སྟེ། དེ་དག་ནི་ད་ལྟར་བྱུང་བའི་ཚེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་འཁོར་དེ་ནས་གུད་དུ་
འདོང་བར་འགྱུར་གྱི། ལུས་དང་སེམས་ཀྱི་མཐུན་པར་སྤྱོད་པར་མི་འགྱུར་བར་ཤེས་རབ་འཆལ་པར་འགྱུར་བའི་ལས་བསོག་པར་འགྱུར་རོ། །དེ་དག་ཤེས་རབ་འཆལ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་སྤོང་བར་འགྱུར་ཏེ།
དེ་སྤངས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་སྤངས་ནས། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལོ་
མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོའི་བར་དུ་སེམས་ཅན་དམྱལ་བ་ཆེན་པོར་འཕེན་པར་འགྱུར་རོ། །དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འདོང་བའི་ཚེ། མེས་ཡོངས་སུ་འཇིག་
པའམ། ཆུས་ཡོངས་སུ་འཇིག་པའམ། རླུང་གིས་ཡོངས་སུ་འཇིག་པ་འབྱུང་བར་འགྱུར་ལ། དེ་རྣམས་དེ་དག་གིས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ། ཡང་འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཏུ་འཕེན་པར་འགྱུར་རོ། །དེ་དག་དེར་སྐྱེ་སྟེ་དམྱལ་བ་
ཆེན་པོ་ནས་དམྱལ་བ་ཆེན་པོར་འདོང་བར་འགྱུར་རོ། །དེ་དག་དམྱལ་བ་ཆེན་པོ་ནས་དམྱལ་བ་ཆེན་པོར་འདོང་བའི་ཚེ་ཡང་ཡོངས་སུ་འཇིག་པ་འབྱུང་བར་འགྱུར་ཏེ། དེ་དག་ཡོངས་སུ་འཇིག་པ་དེ་དག་འབྱུང་བའི་ཚེ་ཡང་ཤར་ཕྱོགས་ཀྱི་དམྱལ་བ་ཆེན་པོ་དེ་དག་ཏུ་འཕེན་པར་འགྱུར་རོ། །ལྷོ་དང་། ནུབ་
དང་། བྱང་དང་། མཚམས་རྣམས་དང་། འོག་དང་། སྟེང་གི་ཕྱོགས་རྣམས་ཀྱི་དམྱལ་བ་ཆེན་པོ་དེ་དག་ཏུ་འཕེན་པར་འགྱུར་རོ། །དེ་དག་ཏུ་ཡང་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་འཇིག་རྟེན་གྱི་ཁམས་གཞན་དག་གི་དམྱལ་བ་ཆེན་པོ་དེ་དག་ཏུ་འཕེན་པར་འགྱུར་རོ། །དེ་དག་འཇིག་རྟེན་གྱི་
Vol. 83 · folio 137b
ཁམས་དེ་རྣམས་ལས་ཡོངས་སུ་འཇིག་པ་འབྱུང་བའི་ཚེ་ཡང་དམྱལ་བ་ཆེན་པོ་རྣམས་ནས་ཤི་འཕོས་ནས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དེ་མ་ཟད་པས་ཡང་འདིར་སྐྱེ་བར་འགྱུར་ཏེ། དེ་དག་དམྱལ་བ་ཆེན་པོ་ནས་དམྱལ་བ་ཆེན་པོར་འདོང་བར་འགྱུར་རོ། །དེ་དག་དམྱལ་བ་ཆེན་པོ་དེ་རྣམས་སུ་སྐྱེས་
ནས་དམྱལ་བ་ཆེན་པོའི་སྡུག་བསྔལ་ཤིན་ཏུ་དྲག་ལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བར་འགྱུར་རོ། །དེ་དག་གིས་ཡང་ཇི་སྲིད་ཡོངས་སུ་འཇིག་པ་མ་བྱུང་གི་བར་དུ་དམྱལ་བའི་སྡུག་བསྔལ་དེ་དག་ཉམས་སུ་མྱོང་བར་འགྱུར་རོ། །དེ་དག་ཡོངས་སུ་འཇིག་པ་བྱུང་ནས་ཀྱང་དེ་དག་ནས་ཤི་
འཕོས་ནས་ཡང་འཇིག་རྟེན་གྱི་ཁམས་གཞན་དག་རྣམས་སུ་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཡང་དེ་དག་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་རྣམས་དང་སྐལ་བ་མཉམ་པར་སྐྱེ་
བར་འགྱུར་རོ། །དེ་དག་ཏུ་ཡང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ནས་ཤིན་ཏུ་དྲག་ཅིང་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་བྱས་ནས་ལས་དེ་ཟད་པར་འགྱུར་ཏེ། དེ་དག་གི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་
འགྱུར་བའི་ལས་ཟད་པར་བྱས་ནས་ཅི་སྟེ་བརྒྱ་ལ་མིར་སྐྱེ་བ་ཐོབ་པར་གྱུར་ན་ཡང་གང་དང་གང་དུ་སྐྱེས་པ་དེ་དང་དེར་དམུས་ལོང་དུ་འགྱུར། དམུས་ལོང་གི་རིགས་སུ་སྐྱེ་བར་འགྱུར། གདོལ་པའི་རིགས་རྣམས་སམ། གཡུང་པོའི་རིགས་རྣམས་སམ། བྱ་བའི་རིགས་རྣམས་སམ། ཕག་འཚོང་
གི་རིགས་རྣམས་སམ། ཤན་པའི་རིགས་རྣམས་སམ། དམངས་རིགས་རྣམས་སམ། ཕྱག་དར་བའི་རིགས་རྣམས་སམ། དམན་པའི་སྤྱོད་པ་བྱེད་པ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དང་དེར་སྐྱེས་ནས་ཀྱང་ལོང་བའམ། ཞར་བའམ། ལྕེ་མེད་པའམ། ལག་པ་མེད་པའམ། རྐང་པ་མེད་པའམ།
རྣ་བ་མེད་པའམ། སྣ་མེད་པར་འགྱུར་བ་ཡིན། གང་ལས་སངས་རྒྱས་ཀྱི་སྒྲ་མི་ཐོས་པར་འགྱུར་བ་དང་། ཆོས་ཀྱི་སྒྲ་མེད་པ་དང་། དགེ་འདུན་གྱི་སྒྲ་མེད་པ་དང་། བྱང་ཆུབ་སེམས་དཔའི་སྒྲ་མེད་པ་དང་། རང་སངས་རྒྱས་ཀྱི་སྒྲ་ཐོས་པ་མེད་པར་འགྱུར་བ་དང་། དགྲ་བཅོམ་པའི་སྒྲ་ཐོས་པ་མེད་
Vol. 83 · folio 138a
པར་འགྱུར་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔས་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་བགྱིས་པ་དང་། བསགས་པ་འདིའི་གཟུགས་བརྙན་ཙམ་དུ་
ཡང་མི་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པའི་ཚེ་ཕྱིར་སྤང་བར་སེམས་ཤིང་འདི་ལ་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདི་ནི་འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །
འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་ཞིང་། དེ་བདག་ཉིད་ཀྱང་ཕྱིར་སྤང་བར་བྱ་བར་སེམས་ལ། སེམས་ཅན་གཞན་ཡང་མོས་པ་མེད་པར་བྱེད་པར་འགྱུར་རོ། །བདག་གི་རྒྱུད་ཉམས་པར་བྱས་ནས་གཞན་
གྱི་རྒྱུད་ཉམས་པར་བྱེད་པ་དང་། བདག་གི་རྒྱུད་དུག་ཅན་དུ་བྱས་ནས་གཞན་གྱི་རྒྱུད་དུག་ཅན་དུ་བྱེད་པར་འགྱུར་རོ། །བདག་ཀྱང་ཆུད་གསོན་ཞིང་གཞན་ཆུད་གསོན་པར་བྱེད་པར་འགྱུར་བ་དང་། བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་ཤེས་མི་རིག་པས་ཕྱིར་སྤང་བར་འདོད་
ལ་གཞན་ཡང་དེ་བཞིན་དུ་འཛིན་དུ་འཇུག་པར་འགྱུར་བ་དེའི་གཟུགས་བརྙན་ཙམ་དུ་ཡང་འགྱུར་རེ་སྐན། ཤཱ་རིའི་བུ་ངས་ནི་གང་ཟག་དེ་ལྟ་བུ་ཐོས་པར་བྱ་བར་ཡང་མ་གནང་ལ་སྨྲ་བ་དང་ཕྲད་པར་ཡང་མི་བྱ་སྟེ། འགྲོགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དག་
ནི་ཆོས་ལ་སྐྱོན་འདོགས་པར་རིག་པར་བྱ་སྟེ། ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དག་ནི་ལོ་འདབ་རུལ་པའི་ཚུལ་ཅན་ནག་པོའི་ཕྱོགས་ཀྱི་ཚུལ་ཅན་དུ་རིག་པར་བྱའོ། །ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དག་གི་ངག་མཉན་པར་སེམས་པའམ། དེ་དག་ལ་ཡིད་ཆེས་པར་བྱ་བར་སེམས་པ་དེ་དག་ཀྱང་ཕུང་བར་འགྱུར་
རོ། །ཤཱ་རིའི་བུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོན་འདོགས་པ་དེ་ནི་ཆོས་ལ་སྐྱོན་འདོགས་པའི་གང་ཟག་ཏུ་རིག་པར་བྱའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེར་སྐྱེས་པ་དེའི་ལུས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་ད་དུང་མ་གསུངས་སོ། །བཅོམ་
Vol. 83 · folio 138b
ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེའི་དེར་སྐྱེས་པའི་ལུས་ཀྱི་ཚད་ནི་ཞོག་ཤིག །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཆོས་ལ་སྐྱོན་འདོགས་པ་དེའི་ལུས་ཀྱི་ཚད་ཐོས་ན་མོད་ལ་ཁྲག་སྐྱུག་པར་འགྱུར་བའམ། འཆི་བའམ། སྲོག་ལ་བབ་པའི་སྡུག་བསྔལ་བའམ།
མྱ་ངན་གྱི་ཟུག་རྔུ་སྐྱེ་བའམ། ལྡུམ་བུ་བརྔས་པ་ལྟར་བསྐམ་པའམ། དྲི་མ་ཅན་ནམ། སྔོན་པོའམ། སྔོ་སྐྱར་འགྱུར་དུ་འོང་བའི་ཕྱིར་ཏེ། གང་ཟག་ཆོས་ལ་སྐྱོན་འདོགས་པ་དེའི་ལུས་ཀྱི་ཚད་དེ་འདྲ་བ་ཐོས་ན་ཡང་ཉེས་པ་དེ་ལྟ་བུ་ཡོད་པས། དེའི་ལུས་ཀྱི་ཚད་ནི་འདི་ཡིན་ནོ་ཞེས་བཅོམ་ལྡན་འདས་
ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྐབས་དབྱེ་བ་མ་མཛད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་བགྱིས་ཤིང་བསགས་པ་དེས་ཆོས་ལ་སྐྱོན་འདོགས་པའི་གང་ཟག་ལུས་འདི་འདྲ་བ་ཡོངས་སུ་འཛིན་པར་འགྱུར་རོ་ཞེས་བགྱི་
བས་ནི་མ་བྱུང་བའི་ངོ་བོ་རྣམས་ལ་སྣང་བ་བགྱིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདིས་ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་བྱས་པ་དང་། བསགས་པ་འདིས་དམྱལ་བ་ཆེན་པོའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །སྡུག་བསྔལ་ཚད་མེད་པ་མང་
པོ་འདི་ལྟ་བུ་དུས་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་བྱ་བ་དེ་གཉིས་ཀྱིས་ཀྱང་མ་བྱུང་བའི་སྐྱེ་བོ་རྣམས་ལ་སྣང་བར་བྱས་པར་འགྱུར་ཏེ། དཀར་པོའི་ཆ་དང་ལྡན་པའི་གང་ཟག་རྣམས་ངེད་ཀྱིས་ཀྱང་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་དུ་འོང་ཞེས་སྲོག་གི་དོན་དུ་ཡང་དམ་པའི་ཆོས་མི་
སྤོང་ཞིང་དེ་དག་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལམ་རྣམས་ལས་བཟློག་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་མྱོང་དུ་འོང་ངོ་། །དེ་བཞིན་གཤེགས་པ་མི་མཐོང་བ་དང་།
ཆོས་མི་ཐོས་པ་དང་། དགེ་འདུན་མི་མཐོང་བར་འགྱུར་དུ་འོང་ངོ་། །སངས་རྒྱས་འབྱུང་བ་མེད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་བུ་འོང་ངོ་། །མི་ཕོངས་པར་འགྱུར་དུ་འོང་ངོ་། །ངག་མི་བཙུན་པར་འགྱུར་དུ་འོང་ངོ་ཞེས་བགྱི་བར་ལུས་དང་། ངག་དང་། ཡིད་ཀྱི་ལས་ཤིན་ཏུ་བསྡམས་པར་བགྱིའོ། །བཅོམ་
Vol. 83 · folio 139a
ལྡན་འདས་ཆོས་སྤོང་བའི་ཚིག་གི་ལས་བགྱིས་ཤིང་བསགས་པ་འདིས་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བགྱིས་ཤིང་བསགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དམ་པའི་ཆོས་སྤོང་བའི་ཚིག་གི་ལས་བྱས་ཤིང་བསགས་པ་
འདིས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པར་འགྱུར་ཏེ། རབ་འབྱོར་སྐྱེས་བུ་གླེན་པ་དེ་ནི་རང་ཉིད་ཀྱིས་དམ་པའི་ཆོས་འདུལ་བ་དེ་ཉིད་ལས་རབ་ཏུ་འབྱུང་བར་འགྱུར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོན་འདོགས་པར་བྱ་བར་སེམས་པར་འགྱུར། ཕྱིར་སྤང་བར་
བྱ་བར་སེམས་པར་འགྱུར། ཕྱིར་བརྒལ་བར་སེམས་པར་འགྱུར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོན་འདོགས་པར་འགྱུར། ཕྱིར་རྒོལ་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་སྐྱོན་འདོགས་ཤིང་ཕྱིར་རྒོལ་བར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་སྐྱོན་
འདོགས་ཤིང་ཕྱིར་སྤངས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྐྱོན་བཏགས་ཤིང་ཕྱིར་སྤང་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྐྱོན་བཏགས་ཤིང་ཕྱིར་སྤངས་པས། ཆོས་ཕྱིར་སྤང་
བར་འགྱུར་རོ། །ཆོས་ཕྱིར་སྤངས་པས་དགེ་འདུན་ཕྱིར་སྤང་བར་འགྱུར་རོ། །དགེ་འདུན་ཕྱིར་སྤངས་པས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཕྱིར་སྤངས་པ་ཡིན་ནོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་
ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཕྱིར་སྤངས་པ་ཡིན་ནོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་རྣམས་ཕྱིར་སྤངས་པ་ཡིན་ནོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ཕྱིར་སྤངས་པ་ཡིན་ནོ། །དེ་བཞིན་གཤེགས་
Vol. 83 · folio 139b
པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཕྱིར་སྤངས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཕྱིར་སྤངས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཕྱིར་སྤངས་པས་
བསོད་ནམས་མ་ཡིན་པའི་ཕུང་པོ་ཚད་མེད་གྲངས་མེད་གཞལ་དུ་མེད་པ་ཡོངས་སུ་གཟུང་བ་ཡིན་ནོ། །བསོད་ནམས་མ་ཡིན་པའི་ཕུང་པོ་ཚད་མེད་གྲངས་མེད་གཞལ་དུ་མེད་པས་ཡོངས་སུ་བཟུང་བ་དེས་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཚད་མེད་གྲངས་མེད་གཞལ་དུ་མེད་པ་མྱོང་བ་ཡིན་ནོ་ཞེས་བྱ་བ་
ནི་ཆོས་ཀྱིས་ཕོངས་པའི་ལས་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སླར་སྤོང་བར་འགྱུར་བ་དེ་རྣམ་པ་དུ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སླར་སྤོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་སྐྱེས་བུ་གླེན་པ་དེ་དག་རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིར་སྤོང་བར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྐྱེས་བུ་གླེན་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བ་དང་། ཆོས་ཟབ་མོ་རྣམས་ལ་མོས་པ་མེད་པར་འགྱུར་ཞིང་རབ་ཏུ་དད་པར་མི་འགྱུར་བ་དང་། ཕུང་པོ་ལྔ་
ལ་སོགས་པ་ལ་མངོན་པར་ཞེན་པར་འགྱུར་བ་དང་། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས་ཞེ་སྡང་གི་སྤྱོད་པ་ཅན་བདག་ལ་སྟོད་ཅིང་གཞན་ལ་སྨོད་པར་འགྱུར་བ་ཡིན་ཏེ། རབ་འབྱོར་རྣམ་པ་བཞི་པོ་དེ་དག་དང་ལྡན་ན་སྐྱེས་བུ་གླེན་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཕྱིར་སྤང་བར་འགྱུར་
རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་བརྩོན་འགྲུས་ཆུང་བ་དང་། དགེ་བའི་རྩ་བ་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོའི་སུག་པར་མཆིས་པ་རྣམས་ཀྱིས་མོས་པར་དཀའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་
དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྩོན་འགྲུས་ཆུང་བ་དང་། དགེ་བའི་རྩ་བ་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་ལྷུང་བ་རྣམས་ཀྱིས་མོས་པར་དཀའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་མོས་པར་དཀའ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་
Vol. 83 · folio 140a
ཙམ་དུ་ཟབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ལ་རང་བཞིན་མེད་པ་དེ་ནི་གཟུགས་ཡིན་པའི་ཕྱིར་རོ། །ཚོར་བ་ལ་རང་བཞིན་མེད་པ་དེ་ནི་ཚོར་བ་ཡིན་པའི་ཕྱིར་
རོ། །འདུ་ཤེས་ལ་རང་བཞིན་མེད་པ་དེ་ནི་འདུ་ཤེས་ཡིན་པའི་ཕྱིར་རོ། །འདུ་བྱེད་རྣམས་ལ་རང་བཞིན་མེད་པ་དེ་ནི་འདུ་བྱེད་རྣམས་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ལ་རང་བཞིན་མེད་པ་ནི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །
རབ་འབྱོར་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མེད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་མ་
བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ལ་རང་བཞིན་མེད་པ་ནི་ནང་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་རང་བཞིན་མེད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་དྲན་པ་ཉེ་བར་གཞག་
པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ལ་རང་བཞིན་མེད་པ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཡིན་པའི་ཕྱིར་རོ། །རབ་འབྱོར་ལམ་རྣམས་ཀྱི་བར་དུ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་རྣམས་ལ་རང་བཞིན་མེད་པ་ནི་
ལམ་རྣམས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་
Vol. 83 · folio 140b
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རང་བཞིན་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱི་སྔོན་གྱི་མཐའ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། །ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྔོན་གྱི་མཐའ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྔོན་གྱི་མཐའ་ནི་མ་
བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱི་ཕྱི་མའི་མཐའ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་
གཟུགས་ཡིན་པའི་ཕྱིར་རོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕྱི་མའི་མཐའ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཕྱི་མའི་མཐའ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་
ན། རབ་འབྱོར་ད་ལྟར་བྱུང་བའི་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བའི་དངོས་པོ་མེད་པའི་རང་
བཞིན་ནི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བའི་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གྱིས་
Vol. 83 · folio 141a
གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཆུང་བ་དང་། དགེ་བའི་རྩ་བ་མ་སྐྱེས་པ། སྡིག་པའི་གྲོགས་པོའི་ལག་ཏུ་ལྟུང་བ། བདུད་ཀྱི་དབང་དུ་གྱུར་པ། ལེ་ལོ་ཅན། བརྩོན་འགྲུས་བཏང་བ། དྲན་པ་ཉམས་པ་ཤེས་བཞིན་དང་མི་ལྡན་པ་རྣམས་
ཀྱིས་མོས་པར་དཀའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཆུང་བ་དང་། དགེ་བའི་རྩ་བ་མ་བསྐྱེད་པ་དང་། སྡིག་པའི་གྲོགས་པོའི་ལག་ཏུ་ལྟུང་བ་དང་། བདུད་ཀྱི་དབང་དུ་གྱུར་པ་དང་། ལེ་ལོ་
ཅན་དང་། བརྩོན་འགྲུས་བཏང་བ། དྲན་པ་ཉམས་པ། ཤེས་བཞིན་དང་མི་ལྡན་པ་རྣམས་ཀྱིས་མོས་པར་དཀའོ་ཞེས་བྱ་བ་ནི་ལས་ཀྱི་སྒྲིབ་པའི་རྒྱུ་བཞི་ཡིན་ནོ། །རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་
དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །
ནང་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་
ཉིད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་རྣམས་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་
Vol. 83 · folio 141b
རྣམ་པར་དག་པ་ཉིད་དོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །མངོན་པར་ཤེས་པ་དྲུག་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །ཏིང་ངེ་འཛིན་ཐམས་ཅད་དང་།
གཟུངས་ཀྱི་སྒོ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །བྱང་ཆུབ་སེམས་དཔའི་ས་བཅུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །བྱང་ཆུབ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །རབ་འབྱོར་གཞན་ཡང་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །
འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་རྣམ་པར་དག་པ་གང་ཡིན་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་
པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཉིད་དེ། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ་ཞེས་བྱ་བ་ནི་རྣམ་པར་དག་པ་སྤྱིར་
བསྟན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བདག་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་བདག་རྣམ་པར་དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་
Vol. 83 · folio 142a
དེ་ཐ་མི་དད་ཅིང་མ་ཆད་པའོ། །དེ་བཞིན་དུ་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་བུ་དང་། ཤེད་ལས་སྐྱེས་པ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་
རྣམ་པར་དག་པ་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་མཐོང་བ་པོའི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་མཐོང་བ་པོའི་བར་དུ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་གང་ཡིན་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །དེ་བཞིན་དུ་མཐོང་བ་པོའི་
བར་དུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་མཐོང་བ་པོའི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་
པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །རབ་འབྱོར་གཞན་ཡང་འདོད་ཆགས་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་འདོད་ཆགས་རྣམ་པར་དག་པ་དང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །དེ་བཞིན་དུ་ཞེ་སྡང་དང་། གཏི་མུག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ།
དེ་ལྟར་ན་ཞེ་སྡང་དང་། གཏི་མུག་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །རབ་འབྱོར་གཞན་ཡང་དེ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་དག་པས། གཟུགས་
རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ་
Vol. 83 · folio 142b
ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་
འབྲས་བུ་རྣམ་པར་དག་པ། དེ་བཞིན་དུ་མ་རིག་པའི་བར་དུ་རྣམ་པར་དག་པས། འདུ་བྱེད་རྣམ་པར་དག་པ་འདུ་བྱེད་རྣམ་པར་དག་པས། རྣམ་པར་ཤེས་པ་རྣམ་པར་དག་པ་རྣམ་པར་ཤེས་པ་རྣམ་པར་དག་པས། མིང་དང་གཟུགས་རྣམ་པར་དག་པ་མིང་དང་གཟུགས་རྣམ་པར་དག་པས། སྐྱེ་
མཆེད་དྲུག་རྣམ་པར་དག་པ་སྐྱེ་མཆེད་དྲུག་རྣམ་པར་དག་པས། རེག་པ་རྣམ་པར་དག་པ་རེག་པ་རྣམ་པར་དག་པས། ཚོར་བ་རྣམ་པར་དག་པ་ཚོར་བ་རྣམ་པར་དག་པས། སྲེད་པ་རྣམ་པར་དག་པ་སྲེད་པ་རྣམ་པར་དག་པས། ལེན་པ་རྣམ་པར་དག་པ་ལེན་པ་རྣམ་པར་དག་པས། སྲིད་པ་རྣམ་
པར་དག་པ་སྲིད་པ་རྣམ་པར་དག་པས། སྐྱེ་བ་རྣམ་པར་དག་པ་སྐྱེ་བ་རྣམ་པར་དག་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམ་པར་དག་པ་དང་། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་།
ཡིད་མི་བདེ་བ་དང་། འཁྲུག་པ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་
པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ་ཞེས་བྱ་བ་ནི་རང་སངས་རྒྱས་རྣམས་ཀྱི་ཤེས་བྱའི་སྒྲིབ་པ་ཕྱོགས་གཅིག་པ་རྣམ་པར་དག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་
པར་དག་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
Vol. 83 · folio 143a
རྣམ་པར་དག་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། ནང་སྟོང་པ་ཉིད་རྣམ་པར་དག་པ་ནང་སྟོང་པ་ཉིད་རྣམ་པར་དག་པས། ཕྱི་སྟོང་པ་ཉིད་རྣམ་པར་
དག་པ་ཕྱི་སྟོང་པ་ཉིད་རྣམ་པར་དག་པས། ཕྱི་ནང་སྟོང་པ་ཉིད་རྣམ་པར་དག་པ་ཕྱི་ནང་སྟོང་པ་ཉིད་རྣམ་པར་དག་པས། དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པས། དྲན་པ་ཉེ་བར་གཞག་པ་རྣམ་པར་
དག་པ། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པས། ཡང་དག་པར་སྤོང་བ་རྣམ་པར་དག་པ། ཡང་དག་པར་སྤོང་བ་རྣམ་པར་དག་པས། རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པ། རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པས། དབང་པོ་རྣམ་པར་དག་པ། དབང་པོ་རྣམ་པར་དག་པས། སྟོབས་རྣམ་པར་
དག་པ། སྟོབས་རྣམ་པར་དག་པས། བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དག་པ། བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དག་པས། ལམ་རྣམ་པར་དག་པ། ལམ་རྣམ་པར་དག་པས། འཕགས་པའི་བདེན་པ་རྣམ་པར་དག་པ། འཕགས་པའི་བདེན་པ་རྣམ་པར་དག་པས། ཚད་མེད་པ་རྣམ་པར་དག་པ།
ཚད་མེད་པ་རྣམ་པར་དག་པས། བསམ་གཏན་རྣམ་པར་དག་པ། བསམ་གཏན་རྣམ་པར་དག་པས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པར་དག་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པར་དག་པས། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ། རྣམ་པར་ཐར་པ་བརྒྱད་རྣམ་པར་
དག་པས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་དག་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་དག་པས། ཏིང་ངེ་འཛིན་ཐམས་ཅད་རྣམ་པར་དག་པ། ཏིང་ངེ་འཛིན་ཐམས་ཅད་རྣམ་པར་དག་པས། གཟུངས་ཀྱི་སྒོ་ཐམས་ཅད་རྣམ་པར་དག་པ། གཟུངས་
ཀྱི་སྒོ་ཐམས་ཅད་རྣམ་པར་དག་པས། སྟོབས་བཅུ་དང་། མི་འཇིགས་པ་རྣམ་པར་དག་པ། སྟོབས་བཅུ་དང་། མི་འཇིགས་པ་རྣམ་པར་དག་པས། སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པ། སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་
Vol. 83 · folio 143b
དག་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམ་པར་དག་
པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་གསུམ་གྱི་སྒྲིབ་པ་རྣམ་པར་དག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་
དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་རྣམ་པར་དག་པ། རྣམ་པར་ཤེས་པ་རྣམ་པར་
དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་
དད་ཅིང་མ་ཆད་པའོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་
དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་
Vol. 83 · folio 144a
ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་རྣམ་པར་དག་པ། རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་
པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ་ཞེས་
བྱ་བ་ནི་ལམ་ཆུང་ངུའི་ཆུང་ངུའོ། །རབ་འབྱོར་གཞན་ཡང་ནང་སྟོང་པ་ཉིད་རྣམ་པར་དག་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ནང་སྟོང་པ་ཉིད་རྣམ་པར་དག་པ་དང་། དངོས་
པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་དག་པས།
སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་།
ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་རྣམ་པར་དག་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམ་པར་དག་པ་
Vol. 83 · folio 144b
གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །རབ་འབྱོར་གཞན་ཡང་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ་ཞེས་བྱ་བ་ནི་ལམ་ཆུང་ངུའི་འབྲིང་ཡིན་ནོ།། །།བམ་པོ་སུམ་ཅུ་བརྒྱད་པ། རབ་འབྱོར་གཞན་ཡང་འདུས་བྱས་
རྣམ་པར་དག་པས། འདུས་མ་བྱས་རྣམ་པར་དག་པ་འདུས་མ་བྱས་རྣམ་པར་དག་པས། འདུས་བྱས་རྣམ་པར་དག་པ་སྟེ། དེ་ལྟར་ན་འདུས་བྱས་རྣམ་པར་དག་པ་དང་། འདུས་མ་བྱས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །རབ་འབྱོར་
གཞན་ཡང་འདས་པ་རྣམ་པར་དག་པས། མ་འོངས་པ་རྣམ་པར་དག་པ། མ་འོངས་པ་རྣམ་པར་དག་པས། འདས་པ་རྣམ་པར་དག་པ། འདས་པ་དང་། མ་འོངས་པ་རྣམ་པར་དག་པས། ད་ལྟར་བྱུང་བ་རྣམ་པར་དག་པ། ད་ལྟར་བྱུང་བ་རྣམ་པར་དག་པས། འདས་པ་དང་། མ་འོངས་པ་
རྣམ་པར་དག་པ་སྟེ། དེ་ལྟར་ན་འདས་པ་དང་། མ་འོངས་པ་རྣམ་པར་དག་པ་དང་། ད་ལྟར་བྱུང་བ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ་ཞེས་བྱ་བ་ནི་ལམ་ཆུང་ངུའི་ཆེན་པོ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་
ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་དག་པ་འདི་ནི་ཟབ་པོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། གང་ཤིན་ཏུ་རྣམ་པར་དག་པའི་སླད་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་
བུ་གཟུགས་རྣམ་པར་དག་པའི་ཕྱིར་རོ། །རྣམ་པར་དག་པ་ཟབ་པོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་པོ། །སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་
Vol. 83 · folio 145a
ཁམས་དང་། རྣམ་པར་ཤེས་པའི་ཁམས་རྣམ་པར་དག་པའི་ཕྱིར་ཟབ་པོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམ་པར་དག་པའི་ཕྱིར་ཟབ་པོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམ་པར་དག་པའི་ཕྱིར་
ཟབ་པོ། །སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་ཟབ་པོ། །ནང་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར་ཟབ་པོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རྣམ་པར་དག་པའི་ཕྱིར་
ཟབ་པོ། །དྲན་པ་ཉེ་བར་གཞག་པ་རྣམས་རྣམ་པར་དག་པའི་ཕྱིར་ཟབ་པོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་རྣམ་པར་དག་པའི་ཕྱིར་ཟབ་པོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་རྣམས་རྣམ་པར་དག་པའི་ཕྱིར་ཟབ་པོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་དག་པའི་ཕྱིར་ཟབ་པོ། །མངོན་པར་ཤེས་པ་རྣམས་རྣམ་པར་དག་པའི་ཕྱིར་ཟབ་པོ། །ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་
རྣམ་པར་དག་པའི་ཕྱིར་ཟབ་པོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྣམ་པར་དག་པའི་ཕྱིར་ཟབ་པོ། །བྱང་ཆུབ་སེམས་དཔའ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་
པའི་ཕྱིར་རྣམ་པར་དག་པ་ཟབ་པོ་ཞེས་བྱ་བ་ནི་ལམ་འབྲིང་གི་ཆུང་ངུ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་བར་གྱུར་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ནི་སྣང་བའོ། །
ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་གང་རྣམ་པར་དག་པའི་སླད་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་དང་།
Vol. 83 · folio 145b
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །ནང་སྟོང་པ་ཉིད་རྣམ་པར་དག་
པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་
པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །
རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །
ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྣང་བའོ་ཞེས་བྱ་བ་ནི་ལམ་འབྲིང་གི་འབྲིང་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཉིང་མཚམས་སྦྱོར་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་གང་ལ་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ། །ཚོར་
Vol. 83 · folio 146a
བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་
ནི་ལམ་འབྲིང་གི་ཆེན་པོ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་གང་ལ་
ཀུན་ནས་ཉོན་མོངས་པ་མ་མཆིས་པའི་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རྣམ་པར་དག་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་ཀུན་
ནས་ཉོན་མོངས་པ་མེད་པའི་ཕྱིར་རྣམ་པར་དག་པའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རྣམ་པར་དག་པའོ་ཞེས་བྱ་བ་ནི་ལམ་ཆེན་པོའི་ཆུང་ངུ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཐོབ་པ་དང་།
མངོན་པར་རྟོགས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་ཐོབ་པ་དང་། མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་གང་ལ་ཐོབ་པ་མ་མཆིས་པ་དང་། མངོན་པར་རྟོགས་པ་མ་མཆིས་པ་རྣམ་པར་དག་པ་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཐོབ་པ་མེད་པ་དང་། མངོན་པར་རྟོགས་པ་མེད་པ་ནི་རྣམ་པར་དག་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཐོབ་པ་མེད་པ་དང་། མངོན་པར་རྟོགས་པ་མེད་པ་ནི་རྣམ་པར་དག་པའོ། །དེ་བཞིན་དུ་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པ་མེད་པ་དང་། མངོན་པར་རྟོགས་པ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ནི་ལམ་ཆེན་པོའི་འབྲིང་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
Vol. 83 · folio 146b
ཤཱ་རིའི་བུ་ཤིན་ཏུ་མངོན་པར་མ་གྲུབ་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ནི་ལམ་ཆེན་པོའི་ཆེན་པོ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རྣམ་
པར་དག་པ་ནི་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདོད་པའི་ཁམས་རང་བཞིན་གྱིས་མི་སྐྱེ་བའི་ཕྱིར་རྣམ་པར་དག་པ་མི་སྐྱེ་བའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་གཟུགས་ཀྱི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་
པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པ་གཟུགས་ཀྱི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་ཀྱི་ཁམས་རང་བཞིན་གྱིས་མི་སྐྱེ་བའི་ཕྱིར་རྣམ་པར་དག་པ་མི་སྐྱེ་བའོ། །ཤཱ་རིའི་བུས་
གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པ་གཟུགས་མེད་པའི་
ཁམས་སུ་སྐྱེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་མེད་པའི་ཁམས་རང་བཞིན་གྱིས་མི་སྐྱེ་བའི་ཕྱིར་རྣམ་པར་དག་པ་མི་སྐྱེ་བའོ་ཞེས་བྱ་བ་ནི་ཁམས་གསུམ་པའི་གཉེན་པོའི་བསྒོམ་པའི་ལམ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རྣམ་པར་
Vol. 83 · folio 147a
དག་པ་ནི་འཚལ་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པ་འཚལ་བ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། ཤཱ་རིའི་བུ་ཆོས་རྣམས་བེམས་པོ་ཡིན་པའི་ཕྱིར་རྣམ་པར་དག་པ་ལ་ཤེས་པ་མེད་པའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས་གཟུགས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་
གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་གཟུགས་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས་གཟུགས་མི་ཤེས་སོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་
པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་འཚལ་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་རྣམ་པར་དག་པས། ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཤེས་སོ། །ཤཱ་རིའི་བུས་
གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས་ཆོས་ཐམས་ཅད་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་ཆོས་ཐམས་ཅད་མ་འཚལ་བ་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་མི་ཤེས་སོ་ཞེས་བྱ་བ་ནི་ཤེས་པ་དང་ཤེས་བྱ་མ་ཉམས་པ་ཉིད་ཀྱི་ལམ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་
Vol. 83 · folio 147b
ཉིད་ལ་སྨད་པར་མི་བགྱིད། གནོད་པར་མི་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨད་པར་མི་བགྱིད། གནོད་པར་མི་བགྱིད་
པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་གནས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་མི་བྱེད། གནོད་པར་མི་བྱེད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་
དག་པ་ནི་ཆོས་འགའ་ཡང་ཡོངས་སུ་འཛིན་པར་མི་བགྱིད་པ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཆོས་འགའ་ཡང་ཡོངས་
སུ་འཛིན་པར་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་ཀྱི་དབྱིངས་ཡོངས་སུ་གཟུང་བ་མེད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་
གཟུགས་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་བདག་མེད་པའི་ཕྱིར་གཟུགས་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
Vol. 83 · folio 148a
རབ་འབྱོར་བདག་མེད་པའི་ཕྱིར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་
པའོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་རྣམ་པར་དག་པའི་སླད་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །
བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་རྣམ་པར་དག་པའི་སླད་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་བཅུ་དང་། བྱང་ཆུབ་ཀྱི་ཡན་ལག་དང་།
ལམ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་
པའི་སླད་དུ་ནང་སྟོང་པ་ཉིད་རྣམ་པར་དག་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་སྟོབས་བཅུ་
དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་
Vol. 83 · folio 148b
གྱིས་གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པས་ཆོས་ཐམས་ཅད་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས་ཆོས་ཐམས་
ཅད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་མེད་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་རྣམ་པར་དག་
པའོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་རྣམ་པར་དག་པའི་སླད་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་
དག་པས་བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གཉིས་སུ་མ་མཆིས་ཤིང་རྣམ་པར་དག་པ་ལ་ནི་ཐོབ་པ་མ་མཆིས། མངོན་པར་རྟོགས་པ་མ་མཆིས་
པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་
Vol. 83 · folio 149a
གྱིས་གསོལ་པ། བཅོམ་ལྡན་འདས་གཉིས་སུ་མ་མཆིས་ཤིང་རྣམ་པར་དག་པ་ལ་ནི་ཐོབ་པ་མ་མཆིས། མངོན་པར་རྟོགས་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་ཅིའི་སླད་དུ་གཉིས་སུ་མ་མཆིས་ཤིང་རྣམ་པར་དག་པ་ལ་ཐོབ་པ་མ་མཆིས་མངོན་པར་རྟོགས་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཆོས་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་བདག་ཀུན་ཏུ་མཐའ་ཡས་པའི་སླད་དུ་གཟུགས་ཀུན་ཏུ་མཐའ་ཡས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་ཀུན་ཏུ་མཐའ་ཡས་པས།
གཟུགས་ཀུན་ཏུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ཀུན་ཏུ་མཐའ་ཡས་པའི་སླད་དུ་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་ཏུ་མཐས་ཡས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་ཀུན་ཏུ་མཐའ་ཡས་
པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་
པ། བཅོམ་ལྡན་འདས་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ལྟ་བུ་བྱང་
Vol. 83 · folio 149b
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བ་ནི་
ལམ་གྱི་ཀླན་ཀ་ཡོངས་སུ་སྤངས་པ་ཡིན་ནོ། །འདི་དག་ནི་ཤིན་ཏུ་རྣམ་པར་དག་པའི་བསྒོམ་པའི་ལམ་ཡིན་ཏེ། དེ་ལྟར་ལམ་ཤེས་པ་ཉིད་གསུངས་པ་ཡིན་ནོ། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་
འབྲངས་ནས་དག་པར་གཏུགས་པ་ལས། ལམ་ཤེས་པའི་དབང་དུ་མཛད་པ་མཐའ་གཉིས་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ།། །།རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུ་
རོལ་གྱི་མཐའ་མ་ལགས། ཕ་རོལ་གྱི་མཐའ་མ་ལགས། གཉིས་ཀའི་བར་ན་མི་དམིགས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུ་རོལ་གྱི་མཐའ་མ་ལགས། ཕ་རོལ་གྱི་མཐའ་མ་ལགས། གཉིས་ཀའི་བར་ན་མི་དམིགས་ཏེ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དུས་གསུམ་གྱི་ཆོས་ཐམས་ཅད་
མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་དུ་
ཤེས་པར་བགྱིད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདོར་བར་འགྱུར། རིང་དུ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། རབ་འབྱོར་མིང་ལས་ཀྱང་ཆགས་སོ། །མཚན་མ་ལས་ཀྱང་ཆགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་
Vol. 83 · folio 150a
ཐམས་ཅད་ནི་མཚན་མ་མེད་པ་མིང་མེད་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་མིང་ལས་ཀྱང་ཆགས། མཚན་མ་ལས་ཀྱང་ཆགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ།
རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མིང་དང་། མཚན་མ་ལས་ཀྱང་འཛིན་པར་འགྱུར་ཞིང་མིང་དང་མཚན་མར་འཛིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་བར་འགྱུར་རིང་དུ་བྱེད་པར་འགྱུར་ཏེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདོར་བར་འགྱུར། རིང་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ཐབས་མ་ཡིན་པས་རིང་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆགས་པ་དང་། མ་ཆགས་པ་མ་མཆིས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་
བཤད་པ་དང་། ལེགས་པར་མཐར་ཕྱུང་བའི་བར་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་ཐབས་ཀྱིས་མི་རིང་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆགས་པ་དང་བཅས་པ་ནི་གང་ཡིན། མ་ཆགས་པ་ནི་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐབས་མི་མཁས་པས་གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་
ཆགས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་
Vol. 83 · folio 150b
པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཡང་དག་པར་སྤོང་བ་དང་། རྫུ་
འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །འཕགས་པའི་བདེན་པ་རྣམས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་
སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དེ་བཞིན་དུ་
མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པས་འདས་པའི་
ཆོས་རྣམས་ལ་འདས་པའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །མ་འོངས་པའི་ཆོས་རྣམས་ལ་མ་འོངས་པའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ད་ལྟར་བྱུང་བའི་ཆོས་རྣམས་ལ་ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པའི་ཚུལ་གྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
Vol. 83 · folio 151a
དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །ཡང་དག་པར་སྤོང་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་
ཡན་ལག་དང་། ལམ་ལ་སྤྱོད་ན་ཆགས་པའོ། །དེ་བཞིན་དུ་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ན་ཆགས་པའོ། །འཕགས་པའི་བདེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་
པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་སྤྱོད་ན་ཆགས་པའོ། །སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་ན་ཆགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ན་ཆགས་པའོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ། མ་ཆགས་པ་ནི་གང་ཡིན་ཞེས་ཟེར་བ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་གཟུགས་ལ་གཟུགས་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །མ་འོངས་པའི་ཆོས་རྣམས་ལ་མ་འོངས་པའི་ཆོས་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །ད་ལྟར་བྱུང་བའི་ཆོས་
རྣམས་ལ་ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་བདག་གིས་སྦྱིན་པ་ཞིག་སྦྱིན་ནོ། །འདི་ལ་སྦྱིན་པ་ཞིག་སྦྱིན་ནོ། །སྦྱིན་པ་ནི་འདི་ལྟ་བུ་ཞིག་སྦྱིན་ནོ་
Vol. 83 · folio 151b
ཞེའམ། བདག་གིས་ཚུལ་ཁྲིམས་བསྲུང་ངོ་། །ཚུལ་ཁྲིམས་ནི་འདི་ལྟ་བུ་ཞིག་བསྲུང་ངོ་། །འདི་རྣམས་ལ་ཚུལ་ཁྲིམས་བསྲུང་ངོ་ཞེའམ། བདག་གིས་བཟོད་པ་ཞིག་བསྒོམ་མོ། །བཟོད་པ་ནི་འདི་ལྟ་བུ་ཞིག་བསྒོམ་མོ། །འདི་རྣམས་ལ་བཟོད་པ་བསྒོམ་མོ་ཞེའམ། །བདག་གིས་བརྩོན་འགྲུས་ཤིག་
བརྩམ་མོ། །བརྩོན་འགྲུས་ནི་འདི་ལྟ་བུ་ཞིག་བརྩམ་མོ། །འདི་རྣམས་ཀྱི་དོན་དུ་བརྩོན་འགྲུས་བརྩམ་མོ་ཞེའམ། བདག་གིས་བསམ་གཏན་ཞིག་ལ་མཉམ་པར་གཞག་གོ། །བསམ་གཏན་ནི་འདི་ལྟ་བུ་ཞིག་ལ་མཉམ་པར་གཞག་གོ། །འདི་ལྟར་བསམ་གཏན་ལ་མཉམ་པར་གཞག་གོ་ཞེའམ།
བདག་གིས་ཤེས་རབ་ཅིག་བསྒོམ་མོ། །ཤེས་རབ་ནི་འདི་ལྟ་བུ་ཞིག་བསྒོམ་མོ། །འདི་རྣམས་ལ་ཤེས་རབ་བསྒོམ་མོ་ཞེའམ། བདག་གིས་བསོད་ནམས་ཤིག་བསྐྱེད་དོ། །བསོད་ནམས་འདི་ལྟ་བུ་ཞིག་བསྐྱེད་དོ། །བསོད་ནམས་འདི་ཙམ་ཞིག་བསྐྱེད་དོ་ཞེའམ། བདག་གིས་ནི་བྱང་ཆུབ་
སེམས་དཔའི་སྐྱོན་མེད་པར་ཆུད་པར་བྱའོ་ཞེའམ། བདག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་ཞེའམ། བདག་གིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེའམ། བདག་གིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་སེམས་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་
རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་རྟོག་པ་དེ་ལྟ་བུ་ཐམས་ཅད་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་
ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་ཆགས་པའོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་
ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་རྣམ་གྲངས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆགས་པར་འགྱུར་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་སུ་འདུ་ཤེས་པ་དང་། སྦྱིན་པར་འདུ་ཤེས་
Vol. 83 · folio 152a
པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཏུ་འདུ་ཤེས་པ་དང་། ནང་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། ཕྱི་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། ཕྱི་ནང་སྟོང་པ་ཉིད་དུ་འདུ་ཤེས་པ་དང་། དངོས་པོ་མེད་པའི་
ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འདུ་ཤེས་པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་།
དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་འདུ་ཤེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་སུ་འདུ་ཤེས་པ་དང་། སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་དག་ཏུ་འདུ་ཤེས་
ནས་དགེ་བ་དེ་དག་མངོན་པར་བསྡུས་ཏེ་གཅིག་ཏུ་བསྡོམས་ཤིང་གཞལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་འདི་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆགས་པ་སྟེ། གང་གིས་ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་པའི་ཕྱིར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་སོ་སོ་བ་དང་།
བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་
རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་
Vol. 83 · folio 152b
རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་པའི་ཕྱིར་རོ། །ཀཽ་ཤི་ཀ་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཞན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་པར་འདོད་པ་
དང་། ལེན་དུ་གཞུག་པར་འདོད་པ་དང་། གཟེངས་བསྟོད་པར་འདོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱ་བར་འདོད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་སོང་བའི་ཡིད་ཀྱིས་གཞན་ལ་ཡང་དག་པར་བསྟན་པར་བྱའོ། །ལེན་དུ་གཞུག་པར་བྱའོ། །གཟེངས་བསྟོད་པར་བྱའོ། །ཡང་
དག་པར་རབ་ཏུ་དགའ་བར་བྱའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ནི་སྦྱིན་པ་གཏོང་བའོ། །བདག་ནི་ཚུལ་ཁྲིམས་བསྲུང་བའོ། །བདག་ནི་བཟོད་པ་བསྒོམ་པའོ། །བདག་ནི་བརྩོན་འགྲུས་བརྩམ་པའོ། །བདག་ནི་
བསམ་གཏན་ལ་སྙོམས་པར་འཇུག་པའོ། །བདག་ནི་ཤེས་རབ་བསྒོམ་པའོ། །བདག་ནི་ནང་སྟོང་པ་ཉིད་ལ་སྤྱོད་དོ། །བདག་ནི་ཕྱི་སྟོང་པ་ཉིད་ལ་སྤྱོད་དོ། །བདག་ནི་ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་དོ། །བདག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་དོ། །བདག་ནི་བྱང་ཆུབ་ཀྱི་ཕྱོགས་
ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའོ། །བདག་ནི་འཕགས་པའི་བདེན་པ་རྣམས་བསྒོམ་པའོ། །བདག་ནི་ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་འཇུག་གོ། །བདག་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པའོ། །
བདག་ནི་རྣམ་པར་ཐར་པ་བརྒྱད་བསྒོམ་པའོ། །བདག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་གོ། །བདག་ནི་མངོན་པར་ཤེས་པ་རྣམས་ལེན་ནོ། །བདག་ནི་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་གོ། །བདག་ནི་གཟུངས་ཀྱི་སྒོ་རྣམས་ལ་སྙོམས་པར་འཇུག་གོ། །བདག་ནི་
Vol. 83 · folio 153a
སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་མོ། །བདག་ནི་བྱང་ཆུབ་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཞན་ལ་ཡང་དག་པར་
བསྟན་པར་བྱ། ལེན་དུ་གཞུག་པར་བྱ། གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་སྟེ། བདག་ཉིད་ཀྱང་རྨ་འབྱུང་བར་མི་འགྱུར་ཞིང་གཞན་ཡང་སངས་རྒྱས་ཀྱིས་གནང་བའི་ལེན་དུ་གཞུག་པས་ལེན་དུ་གཞུག་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱའོ། །ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་པར་བྱའོ། །ལེན་དུ་གཞུག་པར་བྱའོ། །གཟེངས་བསྟོད་པར་བྱའོ། །ཡང་དག་པར་རབ་ཏུ་དགའ་བར་བྱའོ། །དེ་ལྟར་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཆགས་པའི་མཐའ་ཐམས་ཅད་ཡོངས་
སུ་སྤོང་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆགས་པའི་མཐའ་འདི་དག་མདོར་བསྟན་པ་ལེགས་སོ་ལེགས་སོ། །རབ་འབྱོར་དེ་བས་ན་
ང་ཆགས་པའི་མཐའ་ཕྲ་བ་ངས་རྒྱས་པར་བསྟན་པར་བྱས། དེ་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས་ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་
འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་བཞིན་གཤེགས་པ་མཚན་མར་ཡིད་ལ་བྱེད་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་གྱུར་པ་དེ་ཙམ་དུ་ཆགས་པའོ། །གང་ཡང་དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་དང་
པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་དང་། དམ་པའི་ཆོས་གནས་ཀྱི་བར་གྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་མཚན་མར་ཡིད་ལ་བྱེད་ཅིང་ཡིད་ལ་བྱས་ནས་བླ་ན་
Vol. 83 · folio 153b
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པའོ། །གང་ཡང་དེ་བཞིན་གཤེགས་པ་ཆགས་པ་ཐམས་ཅད་དང་བྲལ་བ་དང་། ཆགས་པ་ཐམས་ཅད་དང་བྲལ་བའི་དགེ་བའི་རྩ་བ་དེ་དག་དང་། དེ་མ་ཡིན་པའི་སེམས་ཅན་
གཞན་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་མཚན་མར་ཡིད་ལ་བྱེད་ཅིང་ཡིད་ལ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་
གཤེགས་པ་ནི་མཚན་མར་ཡིད་ལ་བྱར་མེད་པའི་ཕྱིར་རོ། །དེ་རྣམས་སམ་གཞན་རྣམས་ཀྱི་དགེ་བའི་རྩ་བ་ཡང་མཚན་མར་ཡིད་ལ་བྱར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆགས་པ་ཕྲ་མོ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་མ་བྱས་མངོན་པར་འདུས་མ་བྱས་ཏེ། དེ་ནི་སུས་ཀྱང་མངོན་པར་འཚང་རྒྱ་བར་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་ཆོས་ཟབ་མོ་ཉིད་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མངོན་པར་རྫོགས་པར་བྱང་ཆུབ་པར་དཀའོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ། རབ་འབྱོར་ཆོས་ཀྱི་རང་བཞིན་ནི་གཅིག་ཏུ་ཟད་དོ། །ཆོས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་རང་བཞིན་མ་ཡིན་ནོ། །གང་རང་བཞིན་མ་ཡིན་པ་དེ་ནི་མངོན་པར་འདུས་མ་བྱས་པའོ། །རབ་འབྱོར་དེ་ལྟར་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་རང་བཞིན་གཅིག་པོར་རང་བཞིན་མ་ཡིན་པར་མངོན་པར་འདུས་མ་བྱས་པ་ཤེས་ཤིང་མཐོང་ན་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་ཆགས་པ་ཐམས་ཅད་སྤོང་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་
Vol. 83 · folio 154a
ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་མ་མཐོང་མ་ཐོས་མ་ངེས་རྣམ་པར་མ་ཤེས་མངོན་པར་སངས་མ་རྒྱས་སོ་ཞེས་བྱ་བ་ནི་
རྟོགས་པར་དཀའ་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་རྣམ་པར་མ་ཤེས་ཏེ། གཟུགས་
དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་མ་ཤེས་སོ། །སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བས་མ་ཤེས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། ཕ་རོལ་ཏུ་ཕྱིན་
པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་མི་ཤེས་སོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་
པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཀྱིས་མ་ཤེས་སོ། །སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ཀྱིས་མ་ཤེས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་མ་ཤེས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྱིད་པ་པོ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ནི་བྱེད་པ་པོ་མེད་པའོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །འདི་དག་གིས་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་གསུངས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཇི་
Vol. 83 · folio 154b
ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་
པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་པ་རྣམས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །འཕགས་པའི་བདེན་པ་རྣམས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པ་རྣམས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་སྦྱོར་བ་ཡིན་ནོ། །གལ་ཏེ་གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཟུགས་བདེ་ཞེས་བྱ་
བའམ། སྡུག་བསྔལ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཟུགས་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཟུགས་སྡུག་ཅེས་བྱ་བའམ། མི་སྡུག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
Vol. 83 · folio 155a
དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པར་ཤེས་པ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་དོ། །རྣམ་པར་ཤེས་པ་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པར་ཤེས་པ་སྡུག་ཅེས་བྱ་བའམ། མི་སྡུག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་
པའི་བདེན་པ་དང་། ཚད་མེད་པ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་།
དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་སྡུག་ཅེས་བྱ་བའམ། མི་སྡུག་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པའམ་མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་གམ་བདག་མེད་པའམ། སྡུག་པའམ་མི་སྡུག་པར་འགྱུར་བ་དེ་བཞིན་དུ་གཟུགས་དེ་ནི་མེད་དོ། །
Vol. 83 · folio 155b
གང་རྟག་པའམ་མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་གམ་བདག་མེད་པའམ། སྡུག་པའམ་མི་སྡུག་པར་འགྱུར་བ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དེ་ནི་མེད་དོ། །དེ་བཞིན་དུ་གང་རྟག་པའམ་མི་རྟག་པའམ། བདེ་
བའམ་སྡུག་བསྔལ་བའམ། བདག་གམ་བདག་མེད་པའམ། སྡུག་པའམ་མི་སྡུག་པར་འགྱུར་བ་དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། འཕགས་
པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་།
སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེ་ནི་མེད་དོ་
ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མི་རྟག་པ་ལ་སོགས་པའི་སྦྱོར་བ་ཡིན་ནོ།། །།བམ་པོ་སུམ་ཅུ་དགུ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་
ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་
Vol. 83 · folio 156a
ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་
པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡོངས་སུ་མ་རྫོགས་པ་དང་རྫོགས་པ་གང་ཡིན་པ་དེ་གཟུགས་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་རྫོགས་པ་དང་རྫོགས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་བར་དུ་ཡོངས་སུ་མ་རྫོགས་པ་དང་རྫོགས་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མ་རྫོགས་པ་དང་རྫོགས་པའི་སྦྱོར་བ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།
Vol. 83 · folio 156b
ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་རྣམས་ལ་ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། གཟུགས་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད་དོ། །མིག་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་དོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་རྣམས་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་
Vol. 83 · folio 157a
ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་
རྣམས་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་
གཟུགས་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་།
སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་རྣམས་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་
མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆགས་པ་དང་བཅས་པ་དང་། མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་ཆགས་པ་མེད་པའི་སྦྱོར་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་
Vol. 83 · folio 157b
རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་མི་འགྲིབ་མ་བསྟན་ཀྱང་ཡོངས་སུ་མི་འགྲིབ། བསྟན་ཀྱང་ཡོངས་སུ་མི་འཕེལ། མ་བསྟན་ཀྱང་ཡོངས་སུ་མི་འཕེལ་བ་ངོ་མཚར་ཆེའོ། །དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་མི་འགྲིབ། མ་བསྟན་ཀྱང་ཡོངས་སུ་མི་འགྲིབ། བསྟན་ཀྱང་ཡོངས་སུ་མི་འཕེལ། མ་བསྟན་ཀྱང་ཡོངས་
སུ་མི་འཕེལ་ལོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་འཚོའི་བར་དུ་བཞུགས་ཤིང་ནམ་མཁའི་བསྔགས་པའམ། བསྔགས་པ་མ་ཡིན་པ་བརྗོད་ཀྱང་། ནམ་མཁའ་ལ་ནི་བསྔགས་པ་བརྗོད་པས་ཡོངས་སུ་འཕེལ་བ་མེད་
དོ། །བསྔགས་པ་མ་ཡིན་པ་བརྗོད་པས་ཡོངས་སུ་འགྲིབ་པ་མེད་དོ། །ནམ་མཁའ་ནི་བསྔགས་པ་བརྗོད་ཀྱང་མི་འཕེལ་བ་མེད་དོ། །བསྔགས་པ་མ་ཡིན་པ་བརྗོད་ཀྱང་མི་འགྲིབ་པ་མེད་དོ་ཞེས་བྱ་བ་ནི་གཞན་དུ་མི་འགྱུར་བའི་སྦྱོར་བ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་ནི་
བསྔགས་པ་བརྗོད་ཀྱང་འཕེལ་བ་མེད་དོ། །བསྔགས་པ་མ་ཡིན་པ་བརྗོད་ཀྱང་ཡོངས་སུ་འགྲིབ་པ་མེད་དོ། །བསྔགས་པ་བརྗོད་ཀྱང་ཆགས་པར་འགྱུར་བ་མེད་དོ། །བསྔགས་པ་མ་ཡིན་པ་བརྗོད་ཀྱང་ཁོང་ཁྲོ་བར་འགྱུར་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་
བསྟན་ཀྱང་དེ་བཞིན། མ་བསྟན་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་བྱེད་པ་པོ་མ་ཡིན་པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ན་སེམས་ཞུམ་པ་དང་།
གཡེངས་པར་མི་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་བརྩོན་པར་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པ་ན་དཀའ་བ་བགྱིད་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་
Vol. 83 · folio 158a
རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པའི་སླད་དུ་སྟེ། ནམ་མཁའ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཏགས་པ་མ་མཆིས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་མ་མཆིས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་མ་མཆིས་སོ། །བཟོད་པའི་ཕ་
རོལ་ཏུ་ཕྱིན་པར་མ་མཆིས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་མ་མཆིས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་གཟུགས་སུ་བཏགས་པ་མ་མཆིས་སོ། །ཚོར་བར་མ་མཆིས་སོ། །འདུ་ཤེས་སུ་མ་མཆིས། འདུ་བྱེད་རྣམས་སུ་མ་
མཆིས། ནམ་མཁའ་ལ་ནི་རྣམ་པར་ཤེས་པར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ནང་སྟོང་པ་ཉིད་དུ་བཏགས་པ་མ་མཆིས་སོ། །ཕྱི་སྟོང་པ་ཉིད་དུ་བཏགས་པ་མ་མཆིས་སོ། །ཕྱི་ནང་སྟོང་པ་ཉིད་དུ་བཏགས་པ་མ་མཆིས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་
དུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་།
ལམ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་འཕགས་པའི་བདེན་པ་རྣམས་སུ་བཏགས་པ་མ་མཆིས་སོ། །ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་རྣམ་
པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ཏིང་ངེ་འཛིན་རྣམས་དང་།
གཟུངས་ཀྱི་སྒོ་རྣམས་སུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ཞི་གནས་དང་ལྷག་མཐོང་དུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞིར་
Vol. 83 · folio 158b
བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་
ལན་ཅིག་ཕྱིར་མི་འོང་བའི་འབྲས་བུར་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་དགྲ་བཅོམ་པ་ཉིད་དུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་རང་བྱང་ཆུབ་ཏུ་བཏགས་པ་མ་མཆིས་སོ། །ནམ་མཁའ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཏགས་པ་མ་མཆིས་སོ། །
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གིས་གོ་ཆ་འདི་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གང་གིས་གོ་ཆ་འདི་བགོས་པ་དེ་དག་ནི་ནམ་མཁའི་དོན་དུ་སྦྱོར་བར་འཚལ། བསྐུལ་བར་འཚལ། ཁྱབ་པར་འཚལ་བ་
དག་སྟེ། བཅོམ་ལྡན་འདས་གང་གིས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་བགོས་པ་དེ་དག་ནི་ནམ་མཁའ་ཡོངས་སུ་དགྲོལ་བར་འཚལ་ལོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་བགོས་པ་དེ་དག་ནི་གོ་ཆ་ཆེན་པོ་བགོས་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་དང་མཉམ་པའི་ཆོས་རྣམས་ཀྱི་སླད་དུ་གོ་ཆ་བགོས་པའོ་ཞེས་བྱ་བ་ནི་ཆེད་དུ་བྱ་བ་དཀའ་བའི་སྦྱོར་བ་ཡིན་ནོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་འཆལ་བ་དེ་དག་ནི་ནམ་མཁའ་བར་སྣང་ལ་ལྡེག་པར་འཚལ་བའོ་ཞེས་བྱ་བ་ནི་སྦྱོར་བ་དཀའ་བ་
ཉིད་ཀྱི་སྦྱོར་བ་ཡིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚལ་བ་དེ་དག་ནི་བརྩོན་འགྲུས་ཆེན་པོ་ཐོབ་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་འདི། འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། འབྲས་ཀྱི་ཞིང་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་ལ་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་བསྐལ་པའམ། བསྐལ་པ་ལས་
Vol. 83 · folio 159a
ལྷག་པར་ཆོས་བསྟན་ཏེ། དེ་བཞིན་གཤེགས་པ་རེ་རེས་སེམས་ཅན་ཚད་མ་མཆིས། གྲངས་མ་མཆིས། གཞལ་དུ་མ་མཆིས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་ལ་འབྲི་བའམ་གང་བར་བཏགས་པ་མི་གདའོ། །དེ་ཅིའི་
སླད་དུ་ཞེ་ན། སེམས་ཅན་མ་མཆིས་པའི་སླད་དུ་དང་། སེམས་ཅན་དབེན་པའི་སླད་དུའོ། །དེ་བཞིན་དུ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ།
འབྲས་ཀྱི་ཞིང་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་ལ་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཆོས་བསྟན་ཏེ། དེ་བཞིན་གཤེགས་པ་རེ་རེས་སེམས་ཅན་ཚད་མ་མཆིས་པ་གྲངས་མ་མཆིས་པ། གཞལ་དུ་མ་མཆིས་པ་
ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གྱི་ཁམས་ལ་འབྲི་བའམ་གང་བར་བཏགས་པ་མི་གདའོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་མ་མཆིས་པའི་སླད་དུ་དང་སེམས་ཅན་དབེན་པའི་སླད་དུ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི་ནམ་མཁའ་ཡོངས་སུ་དགྲོལ་བར་འཚལ་བ་ལགས་ཞེས་མཆིའོ་ཞེས་བྱ་བ་ནི་ལས་བྱ་དཀའ་བ་ཉིད་ཀྱི་སྦྱོར་བ་ཡིན་ནོ། །དེ་ནས་དགེ་སློང་གཞན་ཞིག་གིས་འདི་སྙམ་དུ་གྱུར་ཏེ། གང་ལ་ཆོས་གང་ཡང་སྐྱེ་བའམ་འགག་
པ་ཡང་མེད་ལ། ཚུལ་ཁྲིམས་ཀྱི་ཕུང་པོར་གདགས་སུ་ཡོད། ཏིང་ངེ་འཛིན་གྱི་ཕུང་པོར་གདགས་སུ་ཡོད། ཤེས་རབ་ཀྱི་ཕུང་པོར་གདགས་སུ་ཡོད། རྣམ་པར་གྲོལ་བའི་ཕུང་པོར་གདགས་སུ་ཡོད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོར་གདགས་སུ་ཡོད། རྒྱུན་དུ་ཞུགས་པའི་
འབྲས་བུར་གདགས་སུ་ཡོད། ལན་ཅིག་ཕྱིར་འོང་བའི་འབྲས་བུར་གདགས་སུ་ཡོད། ཕྱིར་མི་འོང་བའི་འབྲས་བུར་གདགས་སུ་ཡོད། དགྲ་བཅོམ་པ་ཉིད་དུ་གདགས་སུ་ཡོད། རང་བྱང་ཆུབ་ཏུ་གདགས་སུ་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་
Vol. 83 · folio 159b
གདགས་སུ་ཡོད། དཀོན་མཆོག་གསུམ་དུ་གདགས་སུ་ཡོད། ཆོས་ཀྱི་འཁོར་ལོ་བསྐོར་བར་གདགས་སུ་ཡོད་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་སྙམ་པ་དང་ཞེས་བྱ་བ་ནི་དོན་ཡོད་པའི་སྦྱོར་བ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་
རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་པ་ཞིག་ཡོད་ན་དེ་གང་ལ་བརྩོན་པར་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་
བསླབ་པར་བྱ་བར་སེམས་པ་དེ་དག་ནི་ནམ་མཁའ་ལ་བརྩོན་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར། འཆང་བར་འགྱུར།
ཀློག་པར་འགྱུར། ཀུན་ཆུབ་པར་བགྱིད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བ་དེ་དག་ལ་བཅོམ་ལྡན་འདས་བདག་གིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་ཇི་ལྟ་བུ་ཞིག་ཏུ་བགྱི། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ཁྱོད་ཀྱིས་གང་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་
བྱ་བའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མཐོང་ངམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་བདག་གིས་གང་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱ་བ་དེ་ལྟ་བུའི་ཆོས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་
མོ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན་དེ་ཉིད་དེའི་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་འགྱུར་རོ། །གལ་ཏེ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་གྱུར་ན་དེ་ལ་མིའམ་མི་མ་ཡིན་པ་གླགས་ཚོལ་བ་རྣམས་ཀྱིས་གླགས་རྙེད་པར་འགྱུར་རོ། །ཀཽ་ཤི་ཀ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་སེམས་པ་དེ་དག་ནི་ནམ་མཁའ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་སེམས་པའོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྒྱུ་མ་དང་། སྨིག་རྒྱུ་དང་།
Vol. 83 · folio 160a
རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་གང་སེམས་པ་དེ་ནི་བསམས་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་དེ་བཞིན་གཤེགས་པའམ།
དེ་བཞིན་གཤེགས་པའི་སྤྲུལ་པ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་
རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་གང་སེམས་པ་དེ་ནི་བསམས་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་
བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་
བར་གང་སེམས་པ་དེ་ནི་བསམས་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱི་རྐྱེན་གྱིས་མི་འགྲོ་བའི་སྦྱོར་བ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་
ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྲ་བརྙན་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་བ་ཡིན། རབ་འབྱོར་གྱིས་སྨྲས་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་
Vol. 83 · folio 160b
སེམས་དཔའ་ཆེན་པོས་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་པ་དེའི་ཚེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའི་བར་དུ་ཡོངས་སུ་ཤེས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་བདུན་དུ་སྣང་བའི་ཤེས་པའི་སྦྱོར་བ་ཡིན་ཏེ། འདི་དག་གིས་ནི་སྦྱོར་བ་གསུངས་སོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད། རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་
ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་
བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པས་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པ་ལ་རློམ་སེམས་སུ་མི་བྱེད། རྨི་ལམ་རློམ་སེམས་སུ་མི་
བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་
བྱེད། དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་
Vol. 83 · folio 161a
ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་
པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རློམ་སེམས་སུ་
མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རློམ་སེམས་སུ་མི་བྱེད། རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་
བདག་གི་ཞེས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་དོ། །ཞེས་བྱ་བ་ནི་སྦྱོར་བའི་མཉམ་པ་ཉིད་ཡིན་ནོ། །
དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་།
ཚངས་འཁོར་བ་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་གང་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ལྷ་རྫས་ཀྱི་ཙནྡན་གྱི་ཕྱེ་མས་བཅོམ་ལྡན་འདས་ལ་མངོན་པར་འཐོར་ཞིང་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་
ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་དང་། ཚངས་པ་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་རྣམས་ཀྱིས་སངས་རྒྱས་ཀྱི་མཐུས། སངས་རྒྱས་སྟོང་ཡི་གེ་འདི་
Vol. 83 · folio 161b
ཉིད་དང་། མིང་འདི་ཉིད་དང་། རབ་འབྱོར་ཞེས་བྱ་བའི་དགེ་སློང་ཁོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཞུ་བ་བྱས་ཤིང་སྟོན་པར་བྱེད་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཞུ་བར་བྱེད་ཅིང་ཆོས་སྟོན་པར་མཛད་པ་སེམས་ཀྱིས་མཐོང་
བར་གྱུར་ཏོ། །དེ་བཞིན་དུ་ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་གི་ཕྱོགས་རྣམས་དང་། མཚམས་རྣམས་ཐམས་ཅད་ན་སངས་རྒྱས་སྟོང་ཡི་གེ་འདི་ཉིད་དང་། མིང་འདི་ཉིད་དང་། རབ་འབྱོར་ཞེས་བྱ་བའི་དགེ་སློང་ཁོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་
ཞུ་བ་བྱས་ཤིང་སྟོན་པར་བྱེད་པ་དང་། ཐམས་ཅད་དུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཞུ་བར་བྱེད་ཅིང་ཆོས་སྟོན་པར་མཛད་པ་རྣམས་སེམས་ཀྱིས་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཡང་སའི་ཕྱོགས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར་རོ། །གང་ཡང་བསྐལ་པ་བཟང་པོ་འདི་ལ་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་འབྱུང་བ་དེ་དག་ཀྱང་སའི་ཕྱོགས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར་རོ་ཞེས་བྱ་བ་ནི་
མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་པོ་དབང་དུ་གྱུར་པར་ཤེས་པར་བྱེད་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་
Vol. 83 · folio 162a
པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། བདག་ཅེས་བྱ་བའམ། བདག་མེད་
ཅེས་བྱ་བའམ། སྡུག་ཅེས་བྱ་བའམ། མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་བཅིངས་ཞེས་བྱ་བའམ་གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་
བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བའམ། བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བའམ། སྡུག་ཅེས་བྱ་བའམ་མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །རྣམ་པར་ཤེས་པ་བཅིངས་ཞེས་བྱ་བའམ། གྲོལ་ཞེས་བྱ་བར་
ཆོས་སྟོན་པར་མི་འགྱུར་རོ། །གཟུགས་འདས་ཞེས་བྱ་བའམ། མ་འོངས་པ་ཞེས་བྱ་བའམ། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པ་ཞེས་བྱ་བའམ། མ་འོངས་པ་ཞེས་བྱ་བའམ།
ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་སོ་སོ་བ་དང་། བསྡུས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་
སྒོ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་རྣམས་དང་། མཐར་གྱིས་གནས་པའི་སྙོམས་
པར་འཇུག་པ་དགུ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་
Vol. 83 · folio 162b
ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདས་པ་ཞེས་བྱ་བ་དང་། མ་འོངས་པ་ཞེས་བྱ་བ་དང་། ད་ལྟར་བྱུང་བ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་ཆོས་སྟོན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་བྱ་བར་ཆོས་སྟོན་པར་འགྱུར་རོ། །ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་གོ་ཞེས་བྱ་བར་ཆོས་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་དང་། བྱང་ཆུབ་
ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་གོ་ཞེས་བྱ་བར་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་གཟུགས་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་
Vol. 83 · folio 163a
དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་
ལྟར་ན་གཟུགས་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། ཇི་ལྟར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། དེ་བཞིན་དུ་ཕུང་པོ་
དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་
པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་
རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་།
Vol. 83 · folio 163b
ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་གཟུགས་ཡོངས་སུ་དག་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་རྣམ་པར་
ཤེས་པ་ཡོངས་སུ་དག་པའོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་
ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང་། ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་
པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ཡོངས་སུ་དག་པའི་སླད་དུ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ནམ་མཁའ་ལྟར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཤེས་རབ་
Vol. 83 · folio 164a
ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །རབ་འབྱོར་ནམ་མཁའ་གོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་
མཁའ་གོས་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་ལ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གོས་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཀུན་
འབྱུང་ལ་ཆོས་ཤེས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ནམ་མཁའ་གཟུང་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་གཟུང་དུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་
པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་ལྟར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཟུང་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །གང་རབ་འབྱོར་ནམ་མཁའ་ལ་ཐ་
སྙད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ལ་ཐ་སྙད་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་
ན། ནམ་མཁའ་ལ་བྲག་ཅ་གཉིས་ཀྱི་སྒྲ་ཇི་ལྟ་བ་དེ་བཞིན་དུ་རབ་འབྱོར་ནམ་མཁའ་ལྟར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐ་སྙད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ནོ། །གང་རབ་འབྱོར་ནམ་མཁའ་བརྗོད་དུ་མེད་
པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་བརྗོད་དུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་ནི་གང་ཡང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words