ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
Sanskrit title (Tibetan script, as in the text) པཉྩ་བིང་ཤ་ཏི་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 84 · folio 30b
འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་འགྱུར་བའི་སྟོང་པ་ཉིད་མངོན་དུ་མི་བྱེད་ཅིང་། ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་མཚན་མ་མེད་
པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་མངོན་དུ་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྒོམ་པ་ཡིན་ཞེས་དྲི་བར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའ་
དག་གིས་འདི་སྐད་དུ་དྲིས་པ་ན། འདི་སྐད་དུ་ཁྱེད་ཀྱིས་སྟོང་པ་ཉིད་ཁོ་ན་ཡིད་ལ་བྱ། ཁྱེད་ཀྱིས་མཚན་མ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་སྨོན་པ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་མངོན་པར་འདུ་བྱ་བ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་སྐྱེ་བ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་འགག་
པ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་དངོས་པོ་མེད་པ་ཉིད་ཡིད་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མི་གཏང་བར་བྱའོ་ཞེས་ལུང་སྟོན་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སངས་
རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་བརྗོད་དོ། །དེ་ལུང་སྟོན་
ཏོ། །དེ་རབ་ཏུ་འབྱེད་དོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་དེ་སྐད་དུ་དྲིས་ན་འདི་སྐད་དུ་ཁྱེད་ཀྱིས་སྟོང་པ་ཉིད་ལ་ཡོངས་སུ་འདྲེས་པར་མི་བྱའོ། །ཁྱེད་ཀྱིས་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་
དང་། དངོས་པོ་མེད་པ་ལ་ཡོངས་སུ་འདྲིས་པར་མི་བྱ་སྟེ། ཁྱེད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ཀུན་ཏུ་དམིགས་པར་ཡང་མི་བྱའོ་ཞེས་ལུང་སྟོན་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་
Vol. 84 · folio 31a
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་མི་བརྗོད་ཅིང་ལུང་མི་སྟོན་ལ། རབ་ཏུ་མི་འབྱེད་པའི་ཕྱིར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་གང་ཡིན་པ་དེ་མི་བརྗོད་པ་དང་། ལུང་མི་སྟོན་པ་དང་། རབ་ཏུ་མི་འབྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཡོངས་སུ་འདྲིས་པར་བྱས་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་མི་ལྡོག་པའི་ས་ནོན་པས་བསྲབས་པའི་ས་ནོན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལ་མཁས་པ་ཡིན་ནོ།། །།གསོལ་པ།
བཅོམ་ལྡན་འདས་གང་གིས་སླར་མི་ལྡོག་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་ཡོད་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོས་ཀྱང་རུང་། མ་ཐོས་ཀྱང་རུང་སྟེ། ཕྱིར་མི་
ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་བ་བཞིན་དུ་ལན་ལྡོན་པའོ། །གསོལ་པ། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་ཏུ་སྤྱོད་པ་ནི་མང་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྦྱངས་པའི་སའམ། ཡོངས་སུ་སྦྱངས་པ་མ་
ལགས་པའི་ས་ལ་གནས་པ་བཞིན་དུ་ལན་འདེབས་པ་ནི་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་
བསྟན་པ་དེ་དག་ནི་ཉུང་སྟེ། གང་ལུང་བསྟན་པ་དེ་དག་ནི་རྣམ་པ་དེ་བཞིན་དུ་ལན་ལྡོན་ཏེ། གང་རྣམ་པ་ལྟར་ལན་ལྡོན་པ་དེ་དག་ནི་དགེ་བའི་རྩ་བ་འབར་བ་བསྐྱེད་པར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་
Vol. 84 · folio 31b
མི་འཕྲོགས་པ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་ཚད་མེད་པ་ལ་ཐབས་མཁས་པ་ཡིན་ཏེ། འདི་དག་གིས་ནི་ཐབས་ལ་མཁས་པ་གསུངས་སོ། །དེ་ལྟར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ།
མངོན་པར་རྟོགས་པ་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་བྱས་པ་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བ་དང་། མིག་ཡོར་དང་འདྲ་བ་དང་། སྤྲུལ་པ་དང་འདྲ་བ་དང་། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་ལྟ་བ་མངོན་དུ་བྱེད་ན།
རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་དང་པོ་ཡིན་ནོ།། །།རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་ཉན་ཐོས་ཀྱི་སའམ། རང་
སངས་རྒྱས་ཀྱི་སའམ། ཁམས་གསུམ་པ་ལ་འདོད་པའི་སེམས་མི་བསྐྱེད། ལེགས་པའི་སེམས་མི་བསྐྱེད་ན། རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་རྟགས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་གཉིས་པ་ཡིན་ནོ།། །།རབ་
འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞམ་འབྲིང་བརྒྱ་ཕྲག་དུ་མ་དང་། ཞམ་འབྲིང་སྟོང་ཕྲག་དུ་མ་དང་། ཞམ་འབྲིང་བརྒྱ་སྟོང་ཕྲག་དུ་མ་དང་། ཞམ་འབྲིང་བྱེ་
བ་ཕྲག་དུ་མ་དང་། ཞམ་འབྲིང་བྱེ་བ་བརྒྱ་ཕྲག་དུ་མ་དང་། ཞམ་འབྲིང་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། ཞམ་འབྲིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་མངའ་བ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་།
Vol. 84 · folio 32a
དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མང་པོས་ཀུན་ནས་བསྐོར་ཞིང་མདུན་དུ་བྱས་ཏེ་ཆོས་སྟོན་པ་མཐོང་ལ། དེས་ཆོས་དེ་ཐོས་ཏེ་ཐོས་ནས་ཆོས་དེའི་དོན་ཤེས་པར་བྱའོ་ཞེས་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་
ཤིང་གནས་པ་དང་། མཐུན་པར་ཞུགས་ཏེ་རྗེས་སུ་མཐུན་པའི་ཆོས་ལ་སྤྱོད་པ་མཐོང་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་གསུམ་པ་ཡིན་ནོ།། །།རབ་འབྱོར་
གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་ལ་ཡང་འཕགས་ཤིང་དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་པ་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། འོད་འདོམ་
གང་པ་མངའ་བ། རྫུ་འཕྲུལ་དང་ཆོ་འཕྲུལ་མང་པོ་སྟོན་པ། སྤྲུལ་པ་མང་པོས་སྤྲུལ་པ་མཛད་ཅིང་། སྤྲུལ་པ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སངས་རྒྱས་ཀྱི་བྱ་བ་བྱེད་པ་མཐོང་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་བཞི་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་ཡང་གྲོང་བཅོམ་པ་དང་། གྲོང་ཁྱེར་བཅོམ་པ་དང་། མེ་ཐར་བའམ། གཅན་གཟན་ཁྲོ་བོ་མཐོང་ངམ། དེ་མ་
ཡིན་པའི་རི་དྭགས་གཏུམ་པོའི་རྣམ་པ་མཐོང་ངམ། མགོ་བཅད་པར་གྱུར་པ་མཐོང་ངམ། དེ་མ་ཡིན་པའི་འཇིགས་ཤིང་མི་བཟད་པ་དང་དངང་བར་གྱུར་པ་མཐོང་ངམ། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་མཐོང་ངམ། བཀྲེས་པའམ་སྐོམ་པ་མཐོང་ངམ། ཕ་
ཤི་བའམ། མ་ཤི་བའམ། ཕུ་ནུ་ཤི་བའམ། བུ་སྲིང་ཤི་བའམ། གྲོགས་པོའམ་གཉེན་བཤེས་ཤི་བ་མཐོང་ན་མྱ་ངན་དང་། འཇིགས་པ་དང་། བྲེད་པ་དང་། ཀུན་ཏུ་སྐྲག་པར་མི་འགྱུར་ཏེ། མི་དངང་། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ཏེ། རྨི་ལམ་དེ་རྨིས་
Vol. 84 · folio 32b
པའི་འོག་ཏུ་སད་ནས་ཀྱང་འདི་སྙམ་སྟེ། ཀྱེ་མ་ཁམས་གསུམ་པ་འདི་དག་ཀྱང་རྨི་ལམ་ལྟ་བུ་སྟེ། བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་རྨི་ལམ་ལྟ་བུར་བསྟན་པར་བྱའོ་སྙམ་ན།
རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་ལྔ་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། དེའི་སངས་རྒྱས་ཀྱི་ཞིང་ན་ངན་སོང་གསུམ་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་བར་ཇི་ལྟར་རིག་པར་བྱ་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་དུ་སེམས་ཅན་
དམྱལ་བ་པའི་སེམས་ཅན་མཐོང་ངམ། བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་ནམ། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་མཐོང་ན། དྲན་པ་གང་ཐོབ་པས་འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་
ཀྱི་ཞིང་དེ་ན་ངན་སོང་གསུམ་པོ་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་ན་དེ་ལྟར་སྤྱད་དོ་སྙམ་པ་དེ་ལྟ་བུའི་དྲན་པ་ཐོབ་པོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་གང་ཡིན་པ་དང་། རྨི་ལམ་གྱི་མཐའ་གང་ཡིན་པ་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་སྙམ་སྟེ། རབ་
འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་དྲུག་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་མམ་སད་པའི་ཚེ། གྲོང་
ཁྱེར་ཚིག་པར་གྱུར་པ་ན་འདི་སྙམ་དུ་བདག་གི་རྨི་ལམ་མམ་སད་པའི་ཚེ། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་མཐོང་བའི་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་
Vol. 84 · folio 33a
པར་རིག་པར་བྱ་བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་གལ་ཏེ་བདག་ལ་ཡོད་ན། བདེན་པ་དེ་དང་བདེན་པའི་ཚིག་འདིས་གྲོང་ཁྱེར་མེས་ཚིག་པ་དེ་ཞི་བར་གྱུར་ཅིག །བསིལ་བར་གྱུར་ཅིག །མེད་པར་གྱུར་ཅིག་སྙམ་དུ་སེམས་པ་ལ་
གཉིད་ལོག་པར་གྱུར་པའམ་སད་པས་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་མཐོང་བ་དག་གལ་ཏེ་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཡིན་པའི་རྣམ་པ་དེ་དག་དང་
རྟགས་དེ་དག་དང་མཚན་མ་དེ་དག་ང་ལ་ཡོད་པ་ཡིན་ན། བདེན་པ་དང་བདེན་པའི་ཚིག་དེས་གྲོང་ཁྱེར་ཚིག་པ་ཞི་བར་གྱུར་ཅིག །བསིལ་བར་གྱུར་ཅིག །མེད་པར་གྱུར་ཅིག་སྙམ་དུ་སེམས་པས། གལ་ཏེ་ཞི་བ་དང་བསིལ་བ་དང་མེད་པར་གྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་ཡང་མེའི་ཕུང་པོ་དེ་བདེན་པའི་ཚིག་དེ་ལས་འདས་ཏེ་ཁྱིམ་ནས་ཁྱིམ་དུ་ཚིག་སྲང་ནས་སྲང་དུ་ཚིག་སྟེ། ཁྱིམ་ལ་ལ་ནི་ཚིག །ཁྱིམ་ལ་ལ་
ནི་མ་ཚིག །སྲང་ལ་ལ་ནི་ཚིག །སྲང་ལ་ལ་ནི་མ་ཚིག་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་འདི་དག་གི་ཁྱིམ་ལ་ལ་ནི་ཚིག །ཁྱིམ་ལ་ལ་ནི་མ་ཚིག་པ་ལས་ན། སེམས་ཅན་དེ་དག་གིས་ཆོས་སྤོང་བའི་ལས་བྱས་པས། དེ་དག་གི་ལས་ཚེ་འདི་ལ་
རྣམ་པར་སྨིན་ཏེ། དེ་དག་ཆོས་ལ་སྐུར་པ་དེ་ཉིད་ཀྱི་ལས་ཀྱི་ལྷག་མ་ལ་ཡང་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བར་རིག་པར་བྱ་སྟེ། རབ་འབྱོར་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུ་དང་རྐྱེན་ཏེ། རྒྱུ་དེ་དག་དང་རྐྱེན་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ་ཞེས་བྱ་བ་ནི་རྟགས་བདུན་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་རྣམ་པ་གང་དག་དང་རྟགས་གང་དག་དང་། མཚན་མ་གང་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱ་བའི་རྣམ་
Vol. 84 · folio 33b
པ་དེ་དག་དང་རྟགས་དེ་དག་དང་། མཚན་མ་དེ་དག་བསྟན་པར་བྱའོ། །རབ་འབྱོར་གལ་ཏེ་བུད་མེད་དམ་སྐྱེས་པ་གང་ལ་ལ་ཞིག་མི་མ་ཡིན་པས་བྱིན་གྱིས་བརླབས་ན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ། གལ་ཏེ་བདག་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། བདག་གི་བསམ་པ་ཡོངས་སུ་དག་ཅིང་། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ། བདག་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡིད་ལ་བྱེད་པ་ཡོངས་སུ་དག་པ་སྟེ། བདག་ལ་ཉན་ཐོས་ཀྱི་སེམས་མེད། བདག་ལ་རང་སངས་རྒྱས་ཀྱི་སེམས་མེད། ཉན་ཐོས་
དང་རང་སངས་རྒྱས་ཀྱི་སེམས་མེད་པས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་མ་ཡིན་གྱིས། བདག་གདོན་མི་
ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ཤིང་། འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ནི་གང་ཅི་ཡང་མ་མཁྱེན་པའམ། མ་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། མངོན་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་གང་ཡང་མེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བར་བདག་གི་བསམ་པ་ཐུགས་སུ་ཆུད་ཅེ་ན། བདེན་པ་དེ་དང་བདེན་པའི་ཚིག་དེས་སྐྱེས་པའམ་བུད་མེད་འདི་མི་མ་ཡིན་པ་གང་གིས་བཟུང་བའམ་གཙེས་པར་གྱུར་པའི་མི་མ་ཡིན་པ་དེ་གུད་དུ་འགྲོ་
Vol. 84 · folio 34a
བར་གྱུར་ཅིག་ཅེས་བསམས་ཏེ་སྨྲས་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་དུ་བརྗོད་པས་མི་མ་ཡིན་པ་དེ་གུད་དུ་མ་སོང་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བརྗོད་པས། མི་མ་ཡིན་པ་དེ་གུད་དུ་སོང་ན། རབ་འབྱོར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་
མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལ་ཐབས་ལ་མཁས་པ་དང་མི་ལྡན་པ། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་
པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་།
རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མ་སྤྱད་པ་དང་། བྱང་ཆུབ་སེམས་དཔའ་སྐྱོན་མེད་པར་མ་ཆུད་པའི་བདེན་པའི་བྱིན་གྱི་རླབས་ལ་བདུད་སྡིག་ཅན་ཉེ་བར་འོངས་ཏེ། རབ་འབྱོར་
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེན་པའི་བྱིན་གྱི་རླབས་བྱེད་ཅིང་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་
Vol. 84 · folio 34b
པའི་བདེན་པ་དང་། བདེན་པའི་ཚིག་དེས་མི་མ་ཡིན་པ་དེ་གུད་དུ་འགྲོ་བར་གྱུར་ཅིག་ཅེས་བརྗོད་པས། བདུད་སྡིག་ཅན་དེས་མི་མ་ཡིན་པར་གྱུར་པ་དེ་ཅི་ནས་ཀྱང་གུད་དུ་འགྲོ་བར་བྱ་བའི་ཕྱིར་ནན་ཏན་དུ་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདུད་སྡིག་ཅན་ནི་མི་མ་ཡིན་པ་དེ་བས་ཀྱང་ཆེས་
མཐུ་དང་ལྡན་ཞིང་ཆེས་གཟི་བརྗིད་དང་ལྡན་པས། དེའི་ཕྱིར་བདུད་སྡིག་ཅན་དེའི་བྱིན་གྱི་རླབས་ཀྱིས་མི་མ་ཡིན་པ་དེ་གུད་དུ་སོང་བར་གྱུར་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་སྟེ། འདི་ལྟར་བདག་གི་མཐུས་མི་མ་ཡིན་པ་དེ་གུད་དུ་སོང་ངོ་སྙམ་ནས། བདུད་ཀྱི་
མཐུས་མི་མ་ཡིན་པ་དེ་གུད་དུ་སོང་བར་ནི་མ་ཤེས་ཏེ། དེ་དེའི་རྒྱུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་བརྙས་པ་དང་། འཕྱ་བ་དང་། འཐིང་སླད་བྱེད་ཅིང་སྨོད་པ་ཁྱད་དུ་གསོད་ཅིང་། བདག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་གྱི། འདི་དག་གཞན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ་ཞེས། དེ་དེ་ཙམ་གྱིས་ང་རྒྱལ་འཕེལ་བར་བྱེད་པ་དང་། ང་རྒྱལ་སྐྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་རིང་དུ་བྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་རིང་དུ་བྱེད་ན། དེ་ལྟར་ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་ཙམ་གྱིས་ལྷག་པའི་ང་རྒྱལ་སྐྱེས་པ་དེས་ས་གཉིས་པོར་འགྲོ་བར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་
སའམ། རང་སངས་རྒྱས་ཀྱི་སའོ། །དེ་ལྟར་ན་བདེན་པའི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བདུད་ཀྱི་ལས་འབྱུང་སྟེ་དེ་ལ་དགེ་བའི་བཤེས་གཉེན་ལ་མི་བརྟེན་ཅིང་མི་འགྲོགས་ལ་བསྙེན་བཀུར་མི་བྱེད་ན། དེ་ཉིད་དུ་བདུད་ཀྱིས་བཅིངས་པ་དེ་
དམ་པོར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པ་དང་། ཐབས་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ།། །།
Vol. 84 · folio 35a
བམ་པོ་ལྔ་བཅུ་གསུམ་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མ་སྤྱད་པ། རྣམ་པར་ཐར་པའི་སྒོ་གསུམ་ལ་མ་སྤྱད་པ། སྐྱོན་མེད་པར་མ་
ཆུད་པའི་དྲུང་དུ་བདུད་སྡིག་ཅན་མིང་གི་བྱིན་གྱི་རླབས་ཀྱིས་ཉེ་བར་འོང་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བདུད་སྡིག་ཅན་ཆ་བྱད་གང་ཡང་རུང་བས་ཉེ་བར་འོངས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། ཁྱོད་ཀྱི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་ཕའི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མའི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་ཕུ་ནུའི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་བུ་སྲིང་གི་མིང་
ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མཛའ་བོ་དང་། བློན་པོ་དང་། གཉེན་བཤེས་ཀྱི་མིང་ནི་འདི་ཞེས་བྱའོ་ཞེས་བྱ་བ་ནས་ཕ་མའི་ཟུང་རབས་བདུན་ཉེ་བར་སྟོན་ཞིང་། ཁྱོད་ནི་ཡུལ་ཆེ་གེ་མོ་ཞིག་དང་། གྲོང་ཁྱེར་ཆེ་གེ་མོ་ཞིག་དང་། ཕྱོགས་ཆེ་གེ་མོ་ཞིག་ནས། ཡུལ་ཆེ་གེ་མོ་ཞིག་ཏུ་
སྐྱེས་སོ། །གྲོང་ཁྱེར་ཆེ་གེ་མོ་ཞིག་དང་། གྲོང་རྡལ་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །གལ་ཏེ་ངང་གིས་འཇམ་པ་ཞིག་ཡིན་ན་དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་བཞིན་དུ་འཇམ་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་རྣོ་བ་ཞིག་ཡིན་ན་དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་བཞིན་དུ་རྣོ་བར་
གྱུར་ཏོ་ཞེས་ཟེར། གལ་ཏེ་དགོན་པ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་དགོན་པ་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ནམ། གལ་ཏེ་ཕྱག་དར་ཁྲོད་པ་ཞིག་ཡིན་ནམ། གལ་ཏེ་བསོད་སྙོམས་ཕྱིས་མི་ལེན་པ་ཞིག་ཡིན་ནམ། གལ་ཏེ་སྟན་
གཅིག་པ་ཞིག་ཡིན་ནམ། གལ་ཏེ་ཅི་ཐོབ་པའི་བསོད་སྙོམས་པ་ཞིག་ཡིན་ནམ། གལ་ཏེ་དུར་ཁྲོད་པ་ཞིག་ཡིན་ནམ། གལ་ཏེ་བླ་གབ་མེད་པ་ཞིག་ཡིན་ནམ། གལ་ཏེ་ཤིང་དྲུང་པ་ཞིག་ཡིན་ནམ། གལ་ཏེ་ཅོག་བུ་པ་ཞིག་ཡིན་ནམ། གལ་ཏེ་གཞི་ཇི་བཞིན་པ་ཞིག་ཡིན་
Vol. 84 · folio 35b
ནམ། གལ་ཏེ་ཆོས་གོས་གསུམ་པ་ཞིག་ཡིན་ནམ། གལ་ཏེ་འདོད་པ་ཆུང་བ་ཞིག་ཡིན་ནམ། གལ་ཏེ་ཆོག་ཤེས་པ་ཞིག་ཡིན་ནམ། གལ་ཏེ་དབེན་པ་ཞིག་ཡིན་ནམ། གལ་ཏེ་རྐང་པ་བསྐུ་བ་དང་བྲལ་བ་ཞིག་ཡིན་ནམ། གལ་ཏེ་སྨྲ་བ་ཉུང་བ་ཞིག་ཡིན་ན་དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་
ཡང་སྨྲ་བ་ཉུང་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་འཐབ་པ་ཉུང་བ་ཞིག་ཡིན་ན་དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འཐབ་པ་ཉུང་བར་གྱུར་ཏོ་ཞེས་ཟེར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཁྱོད་ལ་རྣམ་པ་དེ་ལྟ་བུའི་སྦྱངས་པའི་ཡོན་ཏན་དག་ཡོད་པས་ན། གདོན་མི་ཟ་བར་སྔོན་ཡང་སྦྱངས་
པའི་ཡོན་ཏན་དང་སྡོམ་པ་འདི་དག་དང་ལྡན་པར་མ་གྱུར་མི་སྲིད་དོ་ཞེས་ཟེར་བ་ལ། དེ་དེ་ལྟར་སྔོན་གྱི་མིང་དང་རུས་བསྟན་པ་དང་། དེ་ལྟར་བྱུང་བའི་སྦྱངས་པའི་ཡོན་ཏན་དང་སྡོམ་པ་བསྟན་པས་རློམ་སེམས་བསྐྱེད་པས་དེ་ལྟར་བདུད་སྡིག་ཅན་དེའི་དྲུང་དུ་ཉེ་བར་འོངས་ཤིང་། འདི་སྐད་དུ་
རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་ལ་ཡོན་ཏན་ཡོད་པ་ཅི་འདྲ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་ཏོ་ཞེས་ཟེར་ཏེ། རེས་འགའ་ནི་དགེ་སློང་གི་ཆ་བྱད་དུ་ཉེ་བར་འོང་།
རེས་འགའ་ནི་དགེ་སློང་མའི་ཆ་བྱད་དུ་ཉེ་བར་འོང་། རེས་འགའ་ནི་ཁྱིམ་བདག་གི་ཆ་བྱད་དུ་ཉེ་བར་འོང་། རེས་འགའ་ནི་མའི་ཆ་བྱད་དུ་ཉེ་བར་འོང་། རེས་འགའ་ནི་ཕའི་ཆ་བྱད་དུ་ཉེ་བར་འོང་ཞིང་འོངས་ནས་ཀྱང་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཁྱོད་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གང་ཇི་སྙེད་པ་དེ་དག་ཡོད་དོ་ཞེས་ཟེར་ལ། རབ་འབྱོར་
ངས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང་། རྟགས་དང་། མཚན་མ་གང་དག་བཤད་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་མེད་ན། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་གཞན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་
Vol. 84 · folio 36a
ཆེན་པོ་འདི་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་ཀྱང་མེད་ལ་མིང་
བསྟན་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་བརྙས་པ་དང་། འཕྱ་བ་དང་། སྨད་པ་བྱེད་ཅིང་ཁྱད་དུ་གསོད་པས་སྨོད་པར་བྱེད་པའི་ཕྱིར་རོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱི་རླབས་ཀྱིས་བདུད་ཀྱི་ལས་སུ་
རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པས་ཕུང་
པོའི་བདུད་མི་ཤེས་ཏེ། གཟུགས་མི་ཤེས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཤེས་པས་དེ་ལ་བདུད་སྡིག་ཅན་མིང་གི་བྱིན་གྱི་རླབས་ཀྱིས་ལུང་སྟོན་ཞིང་། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
སངས་རྒྱས་ནས་མིང་འདི་ཞེས་བྱ་བར་འགྱུར་རོ་ཞེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གང་བསམས་པ་དང་། དཔྱད་པ་དེ་ཉིད་བརྗོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་འཆལ་པའི་ངང་ཚུལ་ཅན་ཐབས་ལ་མི་མཁས་པ་དེ་འདི་སྙམ་སྟེ། བདག་གིས་
མིང་གང་ཡིད་ཀྱིས་རྣམ་པར་བརྟགས་ཏེ་བསམས་པ་དང་། རྗེས་སུ་དཔྱད་པ་དེ་ཉིད་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་མིང་དུ་འགྱུར་རོ་སྙམ་སྟེ། ཇི་ལྟ་ཇི་ལྟར་བདུད་སྡིག་ཅན་ནམ། བདུད་ཀྱི་རིས་ཀྱི་ལྷའམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་དགེ་སློང་
དག་སྟོན་པ་དེ་ལྟ་དེ་ལྟར་སེམས་ཤིང་། ཇི་ལྟར་བདག་གིས་སེམས་བསྐྱེད་པ་དང་། བདག་གི་མིང་ཇི་ལྟ་བ་བཞིན་དུ་དགེ་སློང་འདིས་བསྟན་ཏེ་མིང་དང་མིང་དུ་མཐུན་གྱི། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་
Vol. 84 · folio 36b
རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་གང་ངས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་། རྟགས་དང་། མཚན་མར་བཤད་པ་དེ་དག་ཀྱང་མེད་ལ། མིང་དེ་དང་ལུང་བསྟན་
པར་བརྗོད་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཁྱད་དུ་གསོད་ན། དེ་རློམ་སེམས་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རིང་དུ་འགྱུར་རོ། །དེ་ལྟར་ཐབས་ལ་མཁས་པ་དང་མི་ལྡན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་།
དགེ་བའི་བཤེས་གཉེན་དང་བྲལ་ཏེ། སྡིག་པའི་གྲོགས་པོས་ཡོངས་སུ་བཟུང་བ་དེའི་ས་ནི་གཉིས་སུ་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སའོ། །ཡང་ན་ནི་ཤིན་ཏུ་ཡུན་རིང་པོར་འཁོར་ཞིང་འཕྱན་འཕྱན་ནས། དགེ་བའི་བཤེས་གཉེན་ལ་བསྙེན་པ་
དང་། བསྟེན་པ་དང་། རིམ་གྲོར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་དང་ཡང་དགེ་བའི་བཤེས་གཉེན་བལྟ་བ་
དང་བསྙེན་བཀུར་བར་མ་གྱུར་ལ། ལུས་ཐོབ་པ་དེས་སེམས་བསྐྱེད་པ་སྔ་མ་དག་མི་སྨོད་མི་ཆགས་ན་དེ་ནི་ས་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའོ། །འདི་ལྟ་སྟེ་དཔེར་ན། དགེ་སློང་ཉན་ཐོས་ཀྱི་ཐེག་པ་པས་ལྟུང་བའི་རྩ་བ་བཞི་
ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན། དགེ་སློང་མ་ཡིན། ཤཱཀྱའི་བུ་མ་ཡིན་པར་འགྱུར་ཏེ། དེ་ནི་ལུས་དེ་ཉིད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་ལས་དགེ་སྦྱོང་གི་འབྲས་བུ་གང་ཡང་རུང་བ་ལ་ལ་ཐོབ་པར་འགྱུར་བའི་སྐལ་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གང་མིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་པའི་སེམས་བསྐྱེད་ཅིང་མིང་ཙམ་བརྗོད་པ་དེས་བྱང་ཆུབ་སེམས་དཔའ་གཞན་དག་ལ་བརྙས་པ་དང་། འཕྱ་བ་དང་། ཁྱད་དུ་གསོད་པའི་སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་སྟེ། སེམས་བསྐྱེད་པ་
Vol. 84 · folio 37a
དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་མིང་བསྟན་པས་བདུད་ཀྱི་ལས་ཤིན་ཏུ་ཕྲ་བ་དེ་དག་སྐྱེ་བར་འགྱུར་རོ། །རབ་འབྱོར་ལྟུང་བའི་རྩ་བ་བཞི་པོ་ལྟ་ཞོག་གི་བྱང་ཆུབ་སེམས་དཔའི་མིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་པའི་
སེམས་བསྐྱེད་པ་སྐྱེས་པ་དེ་ནི་མཚམས་མེད་པ་ལྔ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དབེན་པའི་ཡོན་ཏན་སྟོན་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཉེ་བར་འོངས་ཏེ། འདི་སྐད་
དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དབེན་པའི་ཡོན་ཏན་གསུངས་པའོ་ཞེས་ཟེར་ཏེ། རབ་འབྱོར་ངས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པའམ། ནགས་འདབ་བམ། བས་མཐའི་གནས་དབེན་པར་མ་བཤད་དོ། །
གསོལ་པ། བཅོམ་ལྡན་འདས་གལ་ཏེ་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་དབེན་པ་མ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ནི་གང་ཞིག་མཆིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ནི་
ཅི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པས་དབེན་ན། དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་ན་རྣམ་པར་སྤྱོད་པ་ནི་ཡིན་ཏེ། རབ་
འབྱོར་དེ་ནི་དབེན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ངས་གནང་བའོ། །གལ་ཏེ་དབེན་པ་འདིས་ཉིན་མཚན་དུ་རྣམ་པར་སྤྱོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་དབེན་པས་དབེན་པ་རྣམ་པར་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་ན་རྣམ་པར་སྤྱོད་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་འདྲེས་པས་རྣམ་པར་སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབེན་པ་རྣམ་པར་སྤྱོད་པ་མ་ཡིན་ནོ། །གལ་ཏེ་
Vol. 84 · folio 37b
གྲོང་ན་སྤྱོད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་འདྲེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབེན་པ་རྣམ་པར་སྤྱོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དབེན་པའི་རྣམ་པ་དེ་ལྟ་བུ་ངས་གནང་བ་ལས་དྲངས་ཤིང་།
བདུད་སྡིག་ཅན་དེ་ལ་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་སུ་རྣམ་པར་སྤྱོད་ཅིག་ཅེས་དབེན་པ་སྟོན་ཏེ། དེ་དབེན་པ་དེས་འདུ་འཛིར་གྱུར་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དང་ལྡན་པའི་ཡིད་ལ་བྱ་བ་དང་འདྲེས་པར་གནས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་བརྩོན་པ་མ་ཡིན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེ་ལྟར་རྣམ་པར་སྤྱོད་ཅིང་། ཡིད་ལ་བྱ་བ་ཡོངས་སུ་མ་དག་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲོང་འདབ་ན་གནས་པར་སྤྱོད་ཅིང་། ཡིད་ལ་བྱ་བ་ཡོངས་སུ་དག་པ་དང་
ལྡན་པ། ཉན་ཐོས་ཀྱི་སེམས་དང་མ་འདྲེས་པ། རང་སངས་རྒྱས་ཀྱི་སེམས་དང་མ་འདྲེས་པ། དེ་མ་ཡིན་པའི་སྡིག་པའི་སེམས་གཞན་དང་མ་འདྲེས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་ཡོངས་སུ་
རྫོགས་པར་གྱུར་པ་དག་ལ་བརྙས་པའི་སེམས་བསྐྱེད་དེ། ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེས་དགོན་པ་དང་། སྦྲུལ་དང་། རི་དྭགས་དང་། བྱ་ཡོད་པ་དང་། རྐུན་པོ་དང་། སྨེ་ཤ་ཅན་དང་། གཅན་གཟན་མཆེ་བ་ཅན་དང་། སྲིན་པོ་རྒྱུ་བ། དཔག་ཚད་བརྒྱ་ཙམ་དུ་
འཕགས་པ་དེའི་ནང་ན་འདུག་ཅིང་། ལོ་གཅིག་གམ། ལོ་བརྒྱའམ། ལོ་སྟོང་ངམ། ལོ་བརྒྱ་ཕྲག་སྟོང་ངམ། ལོ་བྱེ་བའམ། ལོ་བྱེ་བ་ཕྲག་བརྒྱའམ། ལོ་བྱེ་བ་ཕྲག་སྟོང་ངམ། ལོ་བྱེ་བ་བརྒྱ་ཕྲག་སྟོང་ངམ། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ངམ། དེ་བས་ཀྱང་ལྷག་པར་གནས་
སུ་ཟིན་ཀྱང་། དབེན་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཡང་དག་པར་གནས་ཤིང་རྣམ་པར་སྤྱོད་པ་དེ་ལྟ་བུའི་དབེན་པ་ཤེས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་
Vol. 84 · folio 38a
ཡིད་ལ་བྱ་བས་མང་པོ་དང་འདྲེས་པ་ཉིད་དུ་རྣམ་པར་སྤྱོད་པར་འགྱུར་ཏེ། དབེན་པ་དེ་གནས་ཤིང་ཆགས་པ་དང་། མངོན་པར་ཞེན་པ་དང་། ཀུན་ནས་ཉོན་མོངས་པར་འགྱུར་ཞིང་དེ་ཙམ་གྱིས་ནི་ངའི་སེམས་རངས་པར་མི་འགྱུར་ཏེ། ངས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་ལ་དབེན་པ་གང་བཤད་པའི་དབེན་པ་དེ་དང་མི་ལྡན་པས་དབེན་པ་དེ་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དབེན་པ་དེ་དང་བྲལ་བའི་ཕྱིར་ཏེ། དེ་ལྟར་དེའི་དྲུང་དུ་བདུད་སྡིག་ཅན་ཉེ་བར་འོངས་ཤིང་། སྟེང་གི་བར་སྣང་ལ་གནས་ཏེ། འདི་སྐད་དུ་རིགས་ཀྱི་
བུ་ལེགས་སོ། །ལེགས་སོ། །འདི་ནི་དེ་བཞིན་གཤེགས་པས་བསྟན་པའི་དབེན་པ་མ་ནོར་བ་ཡིན་གྱིས། ཁྱོད་དབེན་པ་འདི་ཉིད་ཀྱིས་རྣམ་པར་སྤྱོད་ཅིང་། དེས་ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཟེར། དེའི་རྒྱུས་
དབེན་པ་དེ་བས་དབེན་པ་དེ་གཅེས་པར་འཛིན་ཞིང་ཕྱིར་གྲོང་འདབ་ཏུ་འོངས་ནས། དགེ་སློང་བྱང་ཆུབ་སེམས་དཔའི་ཐེག་པ་བ་སེམས་དང་ཡིད་ལ་བྱ་བ་ཡོངས་སུ་དག་པ་དེས་དགེ་བའི་ཆོས་དང་ལྡན་པ་གཞན་དག་ལ། ཚེ་དང་ལྡན་པ་འདི་དག་ནི་འདུ་འཛིའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་དོ་ཞེས་
ཁྱད་དུ་གསོད་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པར་སྤྱོད་པ་དེ་དག་ལ་འདུ་འཛིས་རྣམ་པར་སྤྱོད་པ་སྐྱོན་དུ་གདགས་པ་དང་། འདྲེས་པར་རྣམ་པར་སྤྱོད་པ་སྐྱོན་དུ་གདགས་པས་བརྙས་པའི་སེམས་བསྐྱེད་དོ། །གང་འདུ་འཛིའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པ་དེ་དག་
ལ་ནི། དབེན་པས་རྣམ་པར་སྤྱོད་པར་འཛིན་ཞིང་དེ་དག་ལ་རིམ་གྲོ་བསྐྱེད་དོ། །གང་ལ་རིམ་གྲོ་བསྐྱེད་པར་བྱ་བ་དེ་དག་ལ་ནི་ང་རྒྱལ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདག་ནི་མི་མ་ཡིན་པས་བསྐུལ་བའོ། །མི་མ་ཡིན་པས་དྲན་པར་བྱས་པའོ། །རྣམ་པར་སྤྱོད་པ་
གང་གིས་བདག་སྤྱོད་པ་དེ་ནི་རྣམ་པར་སྤྱོད་པ་མ་ནོར་བ་སྟེ། གྲོང་འདབ་ན་སྤྱོད་པ་ལྟ་ལ་སུ་ཞིག་བསྐུལ་བར་འགྱུར། གྲོང་འདབ་ན་སྤྱོད་པ་ལྟ་ལ་སུ་ཞིག་དྲན་པར་བྱེད་པར་འགྱུར་ཞེས་ང་རྒྱལ་བསྐྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་
Vol. 84 · folio 38b
རིགས་ཀྱི་བུ་གཞན་དག་ལ་སྨོད་པར་བྱེད་དེ་རབ་འབྱོར་གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་གདོལ་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་གཟུགས་བརྙན་དུ་རིག་པར་བྱའོ། །དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་
རྟེན་གྱི་རྐུན་པོ་སྟེ། དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དགེ་སྦྱོང་གི་ཆ་བྱད་ཅན་གྱི་རྐུན་པོར་རིག་པར་བྱ་སྟེ། ངང་ཚུལ་དེ་ལྟ་བུ་དང་ལྡན་པའི་གང་ཟག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་བསྙེན་པར་མི་བྱ། བསྟེན་
པར་མི་བྱ། རིམ་གྲོར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་ཟག་དེ་ལྟ་བུ་དག་ནི་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ནི་རྟགས་བརྒྱད་པ་ཡིན་ནོ།། །།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་མ་
བཏང་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་མ་བཏང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཐག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་
འདོད་པས་དེས་གང་ཟག་དེ་ལྟ་བུའི་ངང་ཚུལ་ཅན་བསྙེན་པར་མི་བྱ། བསྟེན་པར་མི་བྱ། རིམ་གྲོ་མི་བྱའི། རང་གི་དོན་དང་ལྡན་པར་འགྱུར་བ་ལ་བརྩོན་པར་བྱ་སྟེ། འཁོར་བ་ལ་རྟག་ཏུ་སྐྱོ་ཞིང་འཇིགས་པའི་ཡིད་ཀྱིས་ཁམས་གསུམ་དང་མ་འདྲེས་པར་སྤྱད་པར་བྱའོ། །བྱང་ཆུབ་སེམས་
དཔའ་གདོལ་པ་དེ་ལ་ཡང་བྱམས་པ་བསྐྱེད་པར་བྱ་སྟེ། དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་སྙིང་རྗེ་བསྐྱེད་པར་བྱའོ། །དགའ་བ་དང་བཏང་སྙོམས་བསྐྱེད་པར་བྱའོ། །དེས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ཅི་ནས་ཀྱང་བདག་གིས་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མེད་ཅིང་མི་སྐྱེ་བར་
འགྱུར་བ་དེ་ལྟར་བྱའོ། །གལ་ཏེ་སྐྱེས་ནས་ད་མྱུར་དུ་སྤང་བར་བྱའོ་ཞེས་བསླབ་པར་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་གི་མངོན་པར་ཤེས་པས་ཕ་རོལ་གནོན་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
Vol. 84 · folio 39a
སེམས་དཔའ་ཆེན་པོས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱའོ། །བསྟེན་པར་བྱའོ། །རིམ་གྲོ་བྱའོ། །གསོལ་པ། བཅོམ་
ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་དུ་རིག་པར་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་
གཉེན་དུ་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་ཉན་ཐོས་གང་ཕ་རོལ་ཏུ་ཕྱིན་པ་དྲུག་བརྗོད་ཅིང་སྟོན་པ་དང་། འཆད་ཅིང་འགྲེལ་པ་
དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་
བའི་བཤེས་གཉེན་དུ་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་
པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་
པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
Vol. 84 · folio 39b
བཅྭ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །
རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །ཕ་རོལ་
ཏུ་ཕྱིན་པ་དྲུག་ནི་དཔུང་གཉེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མགོན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་
ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་།
མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་
དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་
ལམ་མོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྣང་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དཔུང་གཉེན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྐྱབས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མགོན་ནོ། །
Vol. 84 · folio 40a
ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཕའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་
རྩ་བདུན་པོ་འདི་དག་ནི་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་ཏོ། །རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་མ་འོངས་
པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་ད་ལྟར་ཕྱོགས་བཅུའི་འཇིག་
རྟེན་གྱི་ཁམས་འདི་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འདི་ལས་བྱུང་བ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཏེ། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པར་འགྲོ་བར་
འདོད་པ་དང་། གཞན་གྱི་དྲིང་མི་འཇོག་པ་ལ་གནས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅད་པར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་འདོད་པས་བསྡུ་བའི་དངོས་པོ་བཞིས་སེམས་
ཅན་རྣམས་ཡོངས་སུ་བསྡུ་བར་བྱའོ། །བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་སྟེ། རབ་འབྱོར་ངས་དོན་གྱི་དབང་དེ་མཐོང་བས་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་
Vol. 84 · folio 40b
སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་དང་། མ་དང་། ཕ་དང་། གནས་དང་། སྐྱོབ་པ་དང་། གླིང་དང་། སྐྱབས་དང་། དཔུང་གཉེན་ཡིན་ནོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་རྟགས་དགུ་པ་ཡིན་ནོ།། །།རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པར་
བྱ་བར་འདོད་པ་དང་། གཞན་གྱི་དྲིང་མི་འཇོག་པ་ལ་གནས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
ཉིད་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ལ་བསླབ་པར་བྱ་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བ་ནི་རྟགས་བཅུ་པ་ཡིན་ནོ།། །།རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལྟར་ཆགས་པ་མེད་པའི་མཚན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་མཚན་ཉིད་གང་ཡང་མེད་དོ། །གསོལ་པ། བཅོམ་ལྡན་འདས་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆིས་པའི་མཚན་ཉིད་དེས་ཆོས་ཐམས་ཅད་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་
ནོ། །དེ་དེ་བཞིན་ཏེ། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་པ་སྟེ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་དབེན་པའོ། །ཆོས་ཐམས་
ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པའོ། །རབ་འབྱོར་རྣམ་གྲངས་དེས་ན་འདི་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དབེན་པའི་མཚན་ཉིད་དུ་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེས་ཆོས་ཐམས་ཅད་ཡོད་དོ། །རབ་འབྱོར་གྱིས་གསོལ་པ།
Vol. 84 · folio 41a
བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་དབེན་པ་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་སྟོང་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་ཅི་ལྟར་མཆིས་པར་འགྱུར། བཅོམ་ལྡན་འདས་དབེན་
པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར། སྟོང་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར། དབེན་པ་དང་སྟོང་པ་ཉིད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དབེན་
པ་དབེན་པས་ནི་སྟོང་པ་ཉིད་ལ་ཆོས་གང་ཡང་མི་དམིགས། དབེན་པས་ནི་སྟོང་པ་ཉིད་ལ་སེམས་ཅན་གང་ཡང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུ་མི་དམིགས་ན། བཅོམ་ལྡན་འདས་ཀྱིས་བསྟན་པ་དེའི་དོན་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལ་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་
བདག་གིར་བགྱི་བ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་འོན་ཀྱང་བདག་དང་བདག་གིར་བྱ་བ་དབེན་ཞིང་སྟོང་ངམ། གསོལ་པ། བཅོམ་ལྡན་འདས་དབེན་ནོ། །བདེ་བར་གཤེགས་པ་སྟོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འོན་ཀྱང་བདག་དང་བདག་གིར་བྱ་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་བར་གྱུར་ཏམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ། བདག་དང་བདག་གིར་བགྱི་བས་
སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་འཁོར་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ཡོད་པ་ཡིན་ཏེ། གང་ལ་བདག་ཏུ་བྱ་བ་མེད་པ་དང་། བདག་གིར་བྱ་བ་མེད་པ་དེ་ལ་འཛིན་པ་མེད། གང་ལ་
Vol. 84 · folio 41b
འཛིན་པ་མེད་པ་དེ་ལ་སེམས་ཅན་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་བ་མེད་དེ། དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡང་མེད་པས། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱི་རྣམ་པར་བྱང་བ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རྟགས་བཅུ་གཅིག་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་གཟུགས་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པ་ལ་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། ནང་སྟོང་པ་ཉིད་ལ་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་
བར་ལ་མི་སྤྱོད། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་སྤྱོད། འཕགས་པའི་བདེན་པ་དང་། བསམ་གཏན་དང་།
ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་
ཀྱི་སྒོ་ལ་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་སྤྱོད། དེ་ཅིའི་
སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་ལ་སྤྱོད་པ་དང་། གང་གིས་སྤྱོད་པ་དང་། གང་ལ་སྤྱོད་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མི་དམིགས་སོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་
Vol. 84 · folio 42a
འཇིག་རྟེན་གྱིས་མི་ཐུབ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར། འདི་ལྟ་སྟེ། བྱང་
ཆུབ་སེམས་དཔའི་སྐྱོན་མ་མཆིས་པའི་གནས་ཟིལ་གྱིས་མི་གནོན་པ་ལ་གནས་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བགྱིད་པ་དང་མ་བྲལ་བ་ནི་ཟིལ་གྱིས་མི་གནོན་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ལགས་སོ་ཞེས་བྱ་བ་ནི་རྟགས་བཅུ་གཉིས་པ་སྟེ། འདི་དག་གིས་ནི་རྟགས་གསུངས་པ་ཡིན་ནོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་
སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་བཞུགས་པ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་
གྲོར་བྱས། བཀུར་སྟིར་བྱས། བསྟི་སྟོང་དུ་བྱས། མཆོད་པར་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་
པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་
པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ནམས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་
Vol. 84 · folio 42b
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་དག་ནམ་འཚོའི་བར་དུ་བཞུགས་
པ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་
ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་
རྣམ་པར་སྤྱོད་ན། དེའི་བསོད་ནམས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་
དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་།
རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་
Vol. 84 · folio 43a
མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་
དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་འབྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྲོ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྤྱོད་པ་དེ་ལྟ་བུ་ནི་སེམས་ཅན་གང་ལ་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱམས་པ་ཆེན་པོ་མངོན་པར་བསྒྲུབས་ཏེ། དེ་དག་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་གསད་པར་འགྱུར་བ་དང་འདྲ་བར་བལྟ་སྟེ། དེ་དག་སྙིང་རྗེ་ཆེན་པོ་ཐོབ་བོ། །དེ་དག་གནས་པ་དེས་གནས་པ་ན་དགའ་བས་རབ་ཏུ་དགའ་བ་དང་། མངོན་པར་དགའ་བར་འགྱུར་ཏེ། དེ་དག་དགའ་བ་ཆེན་པོ་མངོན་པར་སྒྲུབ་
པོ། །དེ་དག་མཚན་མ་དེ་དག་ལྷན་ཅིག་ཏུ་མི་གནས་ཏེ། དེ་དག་བཏང་སྙོམས་ཆེན་པོ་འཐོབ་བོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་སྣང་བ་ཆེན་པོ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །རིགས་ཀྱི་བུ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་སེམས་ཅན་ཐམས་
Vol. 84 · folio 43b
ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་སྤྱོད་པའི་ཕྱིར། སུའི་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་
བྱད་ལ་ཡོངས་སུ་སྤྱོད་པའི་གཏོང་བ་དང་། སྦྱིན་བདག་གི་སྦྱིན་པ་དག་པར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་རོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་པར་ཁམ་གྱི་བསོད་སྙོམས་ལ་ཡོངས་སུ་སྤྱད་པར་འདོད་པ་དང་།
སེམས་ཅན་ཐམས་ཅད་ཀྱི་ལམ་བསྟན་པར་འདོད་པ་དང་། སྣང་བ་ཆེན་པོ་དབྱུང་བར་འདོད་པ་དང་། ཁམས་གསུམ་གྱི་བཙོན་ར་ན་གནས་པའི་སེམས་ཅན་རྣམས་ཡོངས་སུ་དགྲོལ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་ཤེས་རབ་ཀྱི་མིག་བསྐྱེད་པར་འདོད་པས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་རྟག་ཏུ་རྒྱུན་མི་འཆད་པར་གནས་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བ་འདི་ཡིད་ལ་བྱའོ་སྙམ་ན་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་འདི་ཉིད་ཀྱི་གཏམ་བརྗོད་
པར་བྱའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་དང་པོའོ།། །།དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གཏམ་བརྗོད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་ཉིད་ཡིད་ལ་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་གནས་པ་དེས་ནི་ཡིད་ལ་
བྱེད་པ་གཞན་རྣམས་ཡིད་ལ་བྱེད་པར་འགྱུར་བའི་གོ་སྐབས་དབྱེ་བར་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་ཉིད་ཀྱིས་ཉིན་མཚན་དུ་བརྩོན་པ་མི་འདོར་བར་གནས་པ་དེ་ལྟར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྔོན་ཆད་ནོར་བུ་རིན་པོ་ཆེ་རྙེད་མ་མྱོང་བའི་སྐྱེས་བུ་
ཞིག་ཡོད་ལ། དེས་དུས་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རྙེད་པར་གྱུར་ཏེ། དེ་ནོར་བུ་རིན་པོ་ཆེ་དེ་རྙེད་པས་དགའ་བ་དང་། སྤྲོ་བ་དང་། ཡིད་བདེ་བ་དང་ལྡན་པར་གྱུར་པ་ལས། དེས་ནོར་བུ་རིན་པོ་ཆེ་དེ་རྙེད་མ་ཐག་ཏུ་སྟོར་བར་གྱུར་ན། དེའི་རྒྱུས་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཆེན་པོ་
Vol. 84 · folio 44a
དང་ལྡན་པར་འགྱུར་ཏེ། རྟག་ཏུ་རྒྱུན་མི་འཆད་པར་ཀྱི་ཧུད་བདག་ནི་ཡིད་དུ་འོང་བའི་ནོར་བུ་རིན་པོ་ཆེ་དེ་དང་བྲལ་བར་གྱུར་ཏོ་ཞེས་ནོར་བུ་རིན་པོ་ཆེ་དང་ལྡན་པའི་ཡིད་ལ་བྱ་བ་ཤ་སྟག་རྒྱུན་དུ་འབྱུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
འདི་ནི་རིན་པོ་ཆེའོ་སྙམ་དུ་བསམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་དེ་སྟོར་བར་ཡང་མི་བྱ་སྟེ། དེ་ལྟར་ནི་རྟག་ཏུ་བདེ་བ་དང་། ཡིད་བདེ་བ་མང་པོ་དང་ལྡན་པར་འགྱུར་རོ། །གསོལ་པ།
བཅོམ་ལྡན་འདས་ཡིད་ལ་བགྱི་བ་དེ་དག་ཐམས་ཅད་ཀྱང་རང་བཞིན་དང་བྲལ་བ་སྟེ། ཡིད་ལ་བགྱི་བ་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ལགས་ན། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བགྱི་བ་དང་མ་བྲལ་བ་ལགས།
ཡིད་ལ་བགྱི་བ་དང་མ་བྲལ་བ་ལ་ནི་བྱང་ཆུབ་སེམས་དཔའ་མི་དམིགས། ཡིད་ལ་བགྱི་བ་མི་དམིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཆོས་ཐམས་ཅད་
ནི་རང་བཞིན་དང་བྲལ་བ་སྟེ། དེ་དག་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མ་མཛད་དེ། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་ངེས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་
ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་འདི་ནི་གནས་པ་ཡིན་ནོ་ཞེས་བྱ་བར་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་
ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་དབེན། རང་བཞིན་གྱིས་སྟོང་པ་སྟེ། དེ་ལ་འཕེལ་བ་མེད་དོ། །ཡོངས་སུ་འགྲིབ་པ་མེད་དོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་གཉིས་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་དབེན་ཞིང་
Vol. 84 · folio 44b
རང་བཞིན་གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྒྲུབས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྒྲུབས་ཀྱང་རྣམ་པར་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དེ། ཡང་དག་པའི་མཐའ་ལ་རྣམ་པར་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །ཆོས་ཀྱི་དབྱིངས་
ལ་རྣམ་པར་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཅིག་ཀྱང་མ་ཡིན། གཉིས་ཀྱང་མ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་སྐད་དུ་བཤད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ། མི་འགོང་། མི་
འཇིགས། མི་དངང་། སྐྲག་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པའི་དབྱིངས་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་གཏོགས་པར་རིག་པར་བྱའོ། །རབ་འབྱོར་གྱིས་
གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་
མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་གང་ཡང་དམིགས་སུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་
འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་
Vol. 84 · folio 45a
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྟོང་པ་ཉིད་ལས་གུད་དུ་སྟོང་པ་ཉིད་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་
ཅི་ལགས། གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་
འདས་ཅི་ལགས། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་
པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འཕགས་པའི་བདེན་པ་དང་། བསམ་གཏན་དང་།
ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་།
དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས།
Vol. 84 · folio 45b
གཟུགས་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་གང་།
ཆོས་ངེས་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་
ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་ངེས་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་
ལགས། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་།
ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་ངེས་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །
གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་
Vol. 84 · folio 46a
པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་
འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ལུས་པ་ཉིད་དང་།
སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་ངེས་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་དེ་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས།
ཆོས་གང་ཁྱོད་ཀྱིས་མ་མཐོང་བའི་ཆོས་དེ་དམིགས་སུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་གང་དམིགས་སུ་མེད་པ་དེ་སྐྱེ་བའམ་འགག་པར་འགྱུར་རམ་ཅི། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་
Vol. 84 · folio 46b
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྟེ། རབ་འབྱོར་བཟོད་པ་དེ་ལྟ་བུའི་རང་བཞིན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། རབ་འབྱོར་དེ་ནི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ལམ་ཞེས་བྱ་སྟེ། ལམ་དེར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་དེ་ལྟར་སྤྱོད། དེ་ལྟར་རྩོལ། དེ་ལྟར་འབད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར་ཞེས་བྱ་བའི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་ཏེ། འདི་ལྟར་ཇི་སྲིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་ལ་གཞོལ་བར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་གསུམ་པ་ཡིན་ནོ།། །།རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་
ལགས། ཆོས་ཐམས་ཅད་མི་སྐྱེ་བའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྐྱེ་བའི་
སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་མི་སྐྱེ་བའི་སླད་དང་། སྐྱེ་བའི་སླད་དུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་བསྟན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
Vol. 84 · folio 47a
དེ་ཇི་སྙམ་དུ་སེམས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་ལྟ་བུ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་ཆོས་གང་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་ནི་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་ཆོས་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་དེ་
ལྟ་བུའི་ཆོས་ཀྱང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་མི་དམིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་ནི་མངོན་པར་རྫོགས་པར་འཚང་
རྒྱའོ། །འདིས་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །འདི་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་རྣམ་པར་རྟོག་པ་དེ་
ཐམས་ཅད་མེད་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཞི་པ་ཡིན་ནོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་ཟབ་པའོ། །བལྟ་དཀའ་བའོ། །རྟོགས་པར་དཀའ་བའོ། །བརྟག་ཏུ་མ་མཆིས་པའོ། །བརྟག་པའི་སྤྱོད་ཡུལ་མ་ལགས་སོ། །ཞི་བ་ཕྲ་བ་ཞིབ་པའོ། །མཁས་ཤིང་རིག་པས་རྟོགས་པར་བགྱི་བའོ། །བཅོམ་ལྡན་འདས་སེམས་ཅན་གང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བགྱིད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་
Vol. 84 · folio 47b
གྱི་གོ་མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ངན་དོན་དང་ལྡན་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་
པར་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་
སེམས། འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ལ། རིགས་ཀྱི་བུ་དང་
རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཞིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པར་འགྱུར་ཏེ། བཟུང་ཞིང་བཅངས་ཏེ། བཀླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་ན་ཀཽ་ཤི་ཀ་དགེ་བའི་རྩ་བ་འདི་ལ་སྔ་མའི་དགེ་བའི་རྩ་བ་
དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་བར་གྱི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ནས་དགེ་སློང་གཅིག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་
འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན་བཞི་དང་ལྡན་པ། ཚད་མེད་པ་བཞི་དང་ལྡན་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། དེ་དག་
ཐམས་ཅད་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་གཡེང་བའི་སེམས་ཀྱིས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་ཅིང་བླ་ན་མེད་པ་ཡང་དག་
Vol. 84 · folio 48a
པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མི་འབྱེད་པ་དེ་དག་གིས་ཟིལ་གྱིས་གནོན་ཏོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་
སོ། །དགེ་སློང་འཛམ་བུའི་གླིང་གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན་བཞི་དང་ལྡན་པ། ཚད་མེད་པ་བཞི་དང་ལྡན་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་ཐམས་ཅད་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཀྱང་ཟིལ་གྱིས་གནོན་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་
ལ་བྱེད་པ་དང་། བཟུང་ཞིང་བཅངས་ཏེ། བཀླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་
ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་ཞིང་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཞིང་འགྲོ་བར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཞིང་འགྲོ་བར་འགྱུར་རོ། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་
དང་། རང་སངས་རྒྱས་སུ་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་དག་ཀྱང་ཟིལ་གྱིས་གནོན་ཞིང་འགྲོ་བར་
Vol. 84 · folio 48b
འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་
དག་ཀྱང་ཟིལ་གྱིས་གནོན་ཞིང་འགྲོ་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཞིང་འགྲོ་བར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཞིང་འགྲོ་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་
ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཞིང་འགྲོ་བར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་སྐད་དུ་བསྟན་པ་བཞིན་དུ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་བསྟན་པ་དང་མཐུན་པར་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིགས་རྒྱུན་མི་འཆད་པའི་དོན་དུ་གནས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
Vol. 84 · folio 49a
དེ་བཞིན་གཤེགས་པ་རིང་དུ་མི་བྱེད་པའོ། །དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྙིང་པོ་བྱང་ཆུབ་དང་འཕང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སེམས་ཅན་བྱིང་བ་རྣམས་གདོན་པར་འདོད་པའོ། །
དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་སྟེ། ཉན་ཐོས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་ལྔ་པ་ཡིན་ནོ།། །།དེ་ལྟར་སློབ་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞིས་ཀྱང་འགྲོ་བར་བྱ་བར་སེམས་ཏེ། ཉེ་བར་འདོང་ཞིང་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཆེན་པོ་མྱུར་དུ་སློབས་ཤིག །སྐྱེས་བུ་ཆེན་པོ་སྐྱེན་པར་སློབས་ཤིག །ལྷུང་བཟེད་བཞི་པོ་འདི་དག་ནི་ཁྱོད་ཀྱིས་སྙིང་པོ་བྱང་ཆུབ་
ལ་འདུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བླང་བར་བྱ་བ་སྟེ། འདི་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཞེས་པའོ་ཞེས་ཟེར་ཞིང་སྟོན་པའོ། །དེ་ལྟར་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །དེའི་དྲུང་དུ་བདག་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །
ལྷའི་དབང་པོ་རབ་འཐབ་བྲལ་ཡང་འཐབ་བྲལ་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་རབ་དགའ་ལྡན་ཡང་དགའ་ལྡན་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ཡང་འཕྲུལ་དགའི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་
སེམས་སོ། །ལྷའི་རྒྱལ་པོ་དབང་སྒྱུར་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ཚངས་པ་མི་མཇེད་ཀྱི་བདག་པོ་ཡང་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ཚད་མེད་དགེ་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །
Vol. 84 · folio 49b
དགེ་རྒྱས་དང་། འབྲས་བུ་ཆེ་བ་དང་། མི་སྤོང་བ་དང་། མི་གདུང་བ་དང་། ལེགས་མཐོང་དང་། རབ་བལྟ་དང་། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་ལྟར་
སྤྱོད་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྟག་ཏུ་དགོངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་ལྟར་སྤྱོད་པ་དེའི་ལུས་ལ་ནི་འཇིག་རྟེན་པའི་སྡུག་བསྔལ་གཞན་གྱིས་གནོད་པར་བྱས་པ་གང་ཇི་སྙེད་ཅིག་ལུས་ལ་འབྱུང་
བ་དེ་དག་ཀྱང་ཐམས་ཅད་དུ་ཐམས་ཅད་ལུས་ལ་མི་འབྱུང་ཞིང་མི་འབབ་སྟེ། དེ་དགེ་སློང་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ་འདིའི་ཡོན་ཏན་དུ་འགྱུར་བ་སྟེ། འདུས་པའི་ནད་རྣམས་གང་ཇི་སྙེད་པ་འདི་ལྟ་སྟེ། མིག་
གི་ནད་དང་། རྣ་བའི་ནད་དང་། སྣའི་ནད་དང་། ལྕེའི་ནད་དང་། ལུས་ཀྱི་ནད་དང་། སྙིང་གི་ནད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ལུས་ལ་མི་འབྱུང་ཞིང་མི་འབབ་སྟེ། འདི་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་
ཚེ་འདིའི་ཡོན་ཏན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་དྲུག་པ་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་གྱུར་ཏེ། ལྷའི་དབང་པོ་བརྒྱ་བྱིན་འདི་རང་གི་སྤོབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ལེགས་པ་
བརྗོད་དམ། འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་སྙམ་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བདག་དེ་ལྟར་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་། ལེགས་པ་བརྗོད་པ་ནི་སངས་རྒྱས་ཀྱི་མཐུས་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་དབང་པོ་བརྒྱ་བྱིན་
Vol. 84 · folio 50a
གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་དང་ལེགས་པ་བརྗོད་པ་དེ་ནི་དེ་བཞིན་གཤེགས་པའི་མཐུའོ། །དེ་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་སོ། །ཀུན་དགའ་བོ་གང་གི་ཚེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དེའི་ཚེ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་སྡིག་ཅན་གང་ཇི་སྙེད་ཅིག་ཡོད་པ་
དེ་དག་ཐམས་ཅད་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཡང་དག་པའི་མཐའ་མངོན་དུ་བྱས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་འགྱུར་
རམ། འོན་ཏེ་མ་ཡིན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་སྟེ། དོགས་པ་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་མ་བྲལ་བར་གྱུར་པ་དེའི་ཚེ། བདུད་སྡིག་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཅན་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་སེམས་གཅིག་ཙམ་འཁྲུག་པར་འགྱུར་བ་དང་། ཞུམ་པར་འགྱུར་བ་དང་། སྤུ་གཡོ་བར་འགྱུར་བར་སྐར་མདའ་ལྟུང་བ་གཏོང་ཞིང་འཇིགས་པ་བསྐྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཅན་བརྩེ་བའི་བསམ་པས་མཆི་བར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་
Vol. 84 · folio 50b
སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཏོ་ཅན་བརྩེ་བའི་བསམ་པས་འོང་བ་མ་ཡིན་ནོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟ་བུས་དྲུང་དུ་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་
གིས་སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། སེམས་མོས་པར་མ་བྱས་པ་དེའི་དྲུང་དུ་བདུད་སྡིག་ཅན་དག་བརྩེ་བའི་བསམ་པས་ཉེ་བར་འོང་ངོ་། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་བསྟན་པའི་ཚེ། འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། འོན་ཏམ་མ་ཡིན་ཞེས་ཐེ་ཚོམ་དུ་གྱུར་པ་དེ་དག་གི་དྲུང་དུ་བདུད་སྡིག་ཏོ་ཅན་བརྩེ་བའི་བསམ་པས་ཉེ་བར་འོང་ངོ་། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་བྲལ་ན་དེས་
དགེ་བའི་བཤེས་གཉེན་མ་མཐོང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་ཐོས་སོ། །མ་ཐོས་པས་མི་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་སྒོམ་པ་མ་ཤེས་པས་དེ་བཞིན་ཉིད་དུ་ནན་ཏན་མི་བྱེད་དེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཅན་
གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་བྱེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་
འགྱུར་རོ། །ཀུན་དགའ་བོ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་མ་ཡིན་པ་ལ་བསྔགས་པ་བརྗོད་ན། དེ་ལ་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། གང་དམ་པའི་ཆོས་མ་ཡིན་པའི་བསྔགས་པ་སྨྲ་བ་ནི་བདག་གི་གྲོགས་ཡིན་ཏེ། གང་
དམ་པའི་ཆོས་མ་ཡིན་པའི་བསྔགས་པ་སྨྲ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་མང་པོའི་ནང་ནས་བདག་གི་གྲོགས་སུ་རྙེད་པ་སྟེ། དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་གཉིས་ལས་གཅིག་ཏུ་གནས་པར་གྱུར་པ་ནི་དེ་
Vol. 84 · folio 51a
བདག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ་སྙམ་སྟེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ལ་བདུད་ཀྱིས་གླགས་རྙེད་པར་འགྱུར་ཞེ་
ན། བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཟབ་སྟེ། ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པས་ཅི་ཞིག་བྱ། བསྒོམ་པ་དང་། གཟུང་བ་དང་། བཅང་བ་དང་།
ཀུན་ཆུབ་པར་བྱས་པས་ཁྱོད་ལ་ཅི་ཞིག་བྱ། ངས་ཀྱང་དེའི་གཏིང་མ་རྙེད་ན། ཁྱོད་ཀྱིས་ལྟ་རྙེད་རེ་སྐན་ཞེས་ཟེར་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གཞན་ལ་བྱང་ཆུབ་སེམས་དཔའ་བརྙས་པ་བསྐྱེད་ཅིང་། ང་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ང་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ཁྱོད་ནི་སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་རློམ་སེམས་སུ་བྱེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་
པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་བདག་ཉིད་མཆོག་ཏུ་རློམ་སེམས་བསྐྱེད་ན། ཀུན་དགའ་བོ་དེའི་ཚེ་བདུད་སྡིག་ཅན་དགའ་བ་དང་། སྤྲོ་བ་དང་། ཉམས་བདེ་བ་དང་། རབ་ཏུ་དགའ་བ་དང་། ཚིམ་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་ཏེ། ཀུན་
དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའི་མིང་བརྗོད་པའམ། རུས་བརྗོད་པ་ཀུན་ཏུ་གྲགས་པར་གྱུར་ན། དེ་མིང་བརྗོད་པའམ། རུས་བརྗོད་པ་དེས་བྱང་ཆུབ་སེམས་
Vol. 84 · folio 51b
དཔའ་སེམས་དཔའ་ཆེན་པོ་གཞན་དགེ་བའི་ཆོས་ཅན་དག་ཁྱད་དུ་གསོད་ཅིང་བདག་བསྟོད་གཞན་ལ་སྨོད་ལ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང་། རྟགས་དང་། མཚན་མར་བྱ་བའི་ཡོན་ཏན་དེ་དག་ཀྱང་དེ་ལ་མེད་པར་རྣམ་པ་དང་། རྟགས་
དང་། མཚན་མ་དེ་དག་གིས་ཉོན་མོངས་པ་བསྐྱེད་ཅིང་། བདག་བསྟོད་གཞན་སྨད་དེ། འདི་སྐད་དུ་ཇི་ལྟར་ང་བྱང་ཆུབ་སེམས་དཔའི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པར་སྣང་བ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པར་མི་སྣང་ངོ་། །བྱང་
ཆུབ་སེམས་དཔའི་རིགས་ལ་གནས་པར་མི་སྣང་ངོ་ཞེས་དེ་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་དེ་དག་ལ་མི་སྙན་པ་བརྗོད་ཅིང་སྨོད་ན། དེ་ལ་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། བདག་གི་གནས་ནི་སྟོངས་པར་མི་འགྱུར་རོ། །སེམས་ཅན་དམྱལ་བ་ཆེན་པོ་དང་། བྱོལ་སོང་གི་སྐྱེ་གནས་
དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དྭགས་ཀྱི་ཡུལ་ཤིན་ཏུ་འཕེལ་བར་འགྱུར་རོ་ཞེས་ཅི་ནས་ཀྱང་། དེའི་ཚིག་བཟུང་དུ་རུང་བར་འགྱུར་བ་དེ་ལྟ་དེ་ལྟར་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའ་དེ་བྱིན་གྱིས་རློབ་སྟེ། དེའི་ཚིག་བཟུང་དུ་རུང་བར་སྐྱེ་བོ་མང་པོ་དག་ཀྱང་མཉན་པ་དང་ཡིད་
ཆེས་པར་བྱ་བར་སེམས་ཏེ། དེ་ལ་དེ་དག་གིས་ཐོས་སམ་མཐོང་ན་མཐུན་པར་སྤྱོད་པར་འགྱུར་ཏེ། དེ་ལ་དེ་དག་གིས་ཐོས་སམ་མཐོང་ན་མཐུན་པར་སྤྱོད་ཅིང་དེ་བཞིན་དུ་སློབ་སྟེ། དེ་དག་དེ་བཞིན་དུ་སློབ་ཅིང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པའི་ཚེ། ཉོན་མོངས་པ་ཤིན་ཏུ་འཕེལ་བར་
འགྱུར་ཏེ། དེ་ལྟར་དེ་དག་བསམ་པ་ཕྱིན་ཅི་ལོག་ཏུ་གྱུར་པས་ལུས་དང་ངག་དང་ཡིད་ཀྱི་ལས་གང་དང་གང་བརྩམས་པ་དེ་དག་ཐམས་ཅད་མི་འདོད་པ་དང་། མི་སྡུག་པ་དང་། ཡིད་དུ་མི་འོང་བར་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཀྱང་རབ་ཏུ་འཕེལ་བར་
འགྱུར། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དྭགས་ཀྱི་ཡུལ་ཡང་རབ་ཏུ་འཕེལ་བར་འགྱུར་ཏེ། བདུད་ཀྱི་གནས་ཀྱང་ཤིན་ཏུ་འཕེལ་བར་འགྱུར་བས། ཀུན་དགའ་བོ་དོན་གྱི་དབང་དེ་མཐོང་བས་བདུད་སྡིག་ཏོ་ཅན་དགའ་བ་དང་། སྤྲོ་བ་དང་། ཚིམ་
Vol. 84 · folio 52a
པ་དང་། ཡིད་བདེ་བ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དང་རྩོད་ཅིང་ང་ནི་མཆོག་ཏུ་གྱུར་པ་ཡིན་གྱི། ཁྱོད་ནི་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་བདུད་སྡིག་ཅན་འདི་སྙམ་
དུ་སེམས་ཏེ། ཀྱེ་རིགས་ཀྱི་བུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཐབ་མོ་དང་། འཁྲུག་པ་དང་། རྩོད་པ་དང་། མཚང་འབྲུ་བ་འདི་དག་ནི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ལམ་མ་ཡིན་ཏེ། །དེ་ནི་སེམས་ཅན་དམྱལ་བ་པའི་ལམ་མོ། །དེ་ནི་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་མོ། །དེ་ནི་གཤིན་རྗེའི་འཇིག་རྟེན་གྱི་ལམ་མོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་
ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གཞན་དུ་འཐབ་ཅིང་རྩོད་ལ་འཁྲུག་ཅིང་མཚང་འབྲུ་ན་དེ་ལ་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། འདི་གཉིས་ཀ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་པའོ། །འདི་གཉིས་ཀ་ཡང་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་གཉིས་ཀྱིས་གང་བརྩམས་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན། རིགས་ཀྱི་བུ་འདི་གཉིས་ཀྱིས་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་
གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་བརྩམས་སོ་ཞེས་ནས་དགའ་ཞིང་སྤྲོ་བ་དང་། ཚིམ་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་པ་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ལ་གནོད་པར་སེམས་ཤིང་འཐབ་
ཅིང་རྩོད་ལ་འཁྲུག་ཅིང་མཚང་འབྲུ་ན། གལ་ཏེ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏོང་ཞེ་ན། ཅི་ཙམ་དུ་སྡིག་པའི་སེམས་བསྐྱེད་པ་སྐྱེས་པ་དང་། འཐབ་ཅིང་རྩོད་པ་དང་འཁྲུག་ཅིང་མཚང་འབྲུ་བར་གྱུར་པ་དེ་སྲིད་དུ་བསྐལ་པར་གོ་ཆ་བགོ་བར་བྱའོ། །ཀུན་དགའ་
Vol. 84 · folio 52b
བོས་གསོལ་པ། བཅོམ་ལྡན་འདས་དེ་དག་གིས་སེམས་བསྐྱེད་པ་དེ་དག་ལ་འབྱུང་བ་གཞན་མཆིས་སམ། འོན་ཏེ་མ་ལགས་ཀྱིས་བསྐལ་པ་དེ་སྙེད་ཁོ་ནར་གོ་ཆ་བགོ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་
དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ངས་འབྱུང་བ་དང་བཅས་པའི་ཆོས་བསྟན་ཏེ། ཀུན་དགའ་བོ་དེ་ལ་གང་ཟག་དེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དང་འཐབ་ཅིང་རྩོད་ལ། གཤེ་པའི་མི་སྙན་པ་བརྗོད་པ་དང་།
འཐབ་ཅིང་རྩོད་དེ་གཤེ་བ་དང་། མི་སྙན་པ་བརྗོད་པ་བྱས་ནས། ཕྱིར་མི་འཆགས་པར་མདུད་པར་འཛིན་ཞིང་འཁོན་དུ་བཟུང་སྟེ་གནས་ན། ཀུན་དགའ་བོ་དེ་ལ་གང་ཟག་དེ་ནི་འབྱུང་བར་ང་མི་སྨྲ་སྟེ། གང་ཟག་དེས་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏོང་
ཞེ་ན། གདོན་མི་ཟ་བར་བསྐལ་པ་དེ་སྙེད་དུ་གོ་ཆ་བགོ་བར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཐབ་ཅིང་རྩོད་དེ། གཤེ་བ་དང་མི་སྙན་པར་བརྗོད་པར་གྱུར་ན་ཡང་མདུད་པར་མི་འཛིན་ལ། ཕྱིན་ཆད་སྡོམ་པ་འཛིན་ཞིང་བདག་གིས་ནི་ཐོབ་པར་
བྱ་བ་ཉེས་པར་ཐོབ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་དགོས་ན་དེ་ལྟར་བདག་སྨྲས་པ་ལ་ཕྱིར་སྨྲ་བ་དང་། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཟམ་པར་གྱུར་པར་བྱ་དགོས་ན། དེ་ལྟར་བདག་གཞན་ལ་མི་སྙན་པར་སྨྲ་ཞིང་ཕྱིར་བཟློག་པ་ནི་མི་ཚུལ་གྱིས་
བདག་གིས་དེ་ལྟར་མི་བྱའི། བདག་གིས་གླན་པ་དང་ལྐུགས་པ་བཞིན་དུ་བྱའོ། །བདག་གིས་བསམ་པ་ལ་འཁྲུག་པ་མེད་པར་བྱའོ། །སེམས་ཅན་འདི་དག་ནི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཡོངས་
སུ་མྱ་ངན་ལས་འདའ་བར་བྱ་དགོས་ན། དེ་དག་ཉིད་ལ་བདག་ངན་སེམས་སུ་བྱེད་པ་དང་། དེ་དག་ཉིད་ལ་བདག་འཁྲུག་པ་ནི་ཚུལ་མ་ཡིན་གྱིས། བདག་གིས་དེ་དག་ལ་གནོད་སེམས་སུ་མི་བྱའོ། །བདག་གིས་དེ་དག་ལ་འཁྲུག་པར་མི་བྱའོ་སྙམ་ན། ཀུན་དགའ་བོ་བྱང་ཆུབ་
Vol. 84 · folio 53a
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འབྱུང་བ་ཡོད་པར་ངས་བཤད་དེ། དེ་ལ་བདུད་སྡིག་ཅན་གླགས་ལྟ་ཞིང་གླགས་ཚོལ་བས་ཀྱང་གླགས་མི་རྙེད་དོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དག་
དང་འགྲོགས་པར་མི་བྱའོ། །དེ་དག་དང་ལྷན་ཅིག་ཏུ་གནས་པར་མི་བྱའོ། །འདུག་པར་མི་བྱའོ། །གལ་ཏེ་འདུག་ན་ཡང་དེས་སུ་ལ་གནོད་སེམས་སུ་མི་བྱ། འཁྲུག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་བདག་གིས་འདི་དག་ལ་གནོད་སེམས་སུ་བྱ་བ་དང་། འཁྲུག་པར་བྱ་བ་དེ་ནི་
བདག་ལ་མི་ཚུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་དགྲོལ་བར་བྱ་བ་དག་གོ་སྙམ་དུ་བྱའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བདུན་པ་ཡིན་ནོ།། །།
བམ་པོ་ལྔ་བཅུ་བཞི་པ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་དང་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། སྟོན་པ་
དང་ཇི་ལྟར་གནས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་གནས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་བདག་གི་གྲོགས་ཏེ་གྲུ་གཅིག་ཏུ་ཞུགས་པའོ། །འདིས་ཇི་ལྟར་བསླབ་པར་བྱ་བ་དེ་བཞིན་དུ་བདག་གིས་ཀྱང་བསླབ་
པར་བྱའོ། །འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོང་པ་ཉིད་ཐམས་ཅད་དང་།
བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་
Vol. 84 · folio 53b
དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གང་ལ་བསླབ་པར་བྱ་བ་དེ་ཉིད་ལ་བདག་གིས་ཀྱང་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དོ། །དེས་གཞན་ཡང་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྟོན་པ་སྟེ། གལ་ཏེ་དེས་འདྲེས་
པར་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་བྲལ་བར་གྱུར་ན། དེ་ལ་བདག་གིས་བསླབ་པར་མི་བྱའི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བར་གནས་ན། བདག་
གིས་ཀྱང་དེ་ལྟར་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དེ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ་ཉམས་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་མཉམ་པ་ཉིད་གང་ལ་བསླབ་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་
མཉམ་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །ཕྱི་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །གཟུགས་ནི་གཟུགས་ཀྱིས་སྟོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་
Vol. 84 · folio 54a
རྟེན་ཅིང་འབྲེལ་པར་འབྱུང་བས་སྟོང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་སྟོང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པས་སྟོང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་
དང་། གཟུངས་ཀྱི་སྒོ་ནི་གཟུངས་ཀྱི་སྒོས་སྟོང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པས་སྟོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱིས་སྟོང་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་
བརྒྱད་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། གཟུགས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་འགག་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ། རྣམ་པར་ཤེས་པ་
Vol. 84 · folio 54b
འགག་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བས་པར་བགྱི་
བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདོད་ཆགས་དང་བྲལ་བར་བགྱི་བ་དང་། འགག་པར་བགྱི་བ་དང་། མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་
པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་
འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭ་བརྒྱད་བས་པར་བགྱི་བ་དང་། འདོད་ཆགས་དང་བྲལ་བར་བགྱི་བ་དང་། འགག་པར་བགྱི་བ་དང་། མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བས་པར་བགྱི་བ་
དང་། འདོད་ཆགས་དང་བྲལ་བར་བགྱི་བ་དང་། འགག་པར་བགྱི་བ་དང་། མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གནས་བརྟན་རབ་འབྱོར་གྱིས་
གང་འདི་སྐད་དུ་གཟུགས་ཟད་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་
Vol. 84 · folio 55a
ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ནམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟད་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ།
རྣམ་པར་ཤེས་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟད་པར་བྱ་བ་དང་། འདོད་ཆགས་དང་བྲལ་བར་བྱ་བ་དང་། འགག་པར་བྱ་བ་དང་། མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་དུ་སློབ་པ་ཡིན་ནམ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་
པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་།
མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཟད་པར་བྱ་བ་དང་། འདོད་ཆགས་དང་བྲལ་བར་བྱ་བ་དང་། འགག་པར་བྱ་བ་དང་། མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཟད་པར་བྱ་བ་དང་། འདོད་ཆགས་དང་བྲལ་བར་བྱ་བ་དང་། འགག་པར་བྱ་བ་དང་། མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ཞེས་སྨྲས་པ་དེ་ནི་མ་ཡིན་ནོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་
Vol. 84 · folio 55b
ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དེ་
བཞིན་ཉིད་གང་ཡིན་པ་དང་། སྟོང་པ་ཉིད་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། འཕགས་པའི་བདེན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་
འཛིན་དང་། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་
འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ལ་གང་གིས་དེ་བཞིན་གཤེགས་པས་ཞེས་བརྗོད་པའི་དེ་བཞིན་ཉིད་དེ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ།
སྐྱེ་བའམ། འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་
སློབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན། དེ་བཞིན་ཉིད་ནི་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་བ་མེད་དེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་ཉིད་ལ་སློབ་པ་སྟེ། རྣམ་པ་ཐམས་
Vol. 84 · folio 56a
ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་ཡིན། སྟོང་པ་ཉིད་ཐམས་ཅད་ལ་སློབ་པ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ལ་སློབ་པ་ཡིན། ཡང་དག་པར་སྤོང་བ་དང་།
རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་པ་ཡིན། འཕགས་པའི་བདེན་པ་རྣམས་ལ་སློབ་པ་ཡིན། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་རྣམས་ལ་སློབ་པ་ཡིན། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སློབ་པ་ཡིན། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་སློབ་
པ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་བ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཕམ་པར་མི་ནུས་པ་ཡིན། རབ་འབྱོར་དེ་ལྟར་
སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་གི་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་སྤྱོད་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་མགོན་དུ་འགྱུར་བའི་ཆོས་རྣམས་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་
Vol. 84 · folio 56b
རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་བཅུ་གཉིས་
ལན་གསུམ་དུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་རིགས་རྒྱུན་མི་གཅད་པའི་ཕྱིར་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་འཆི་བ་མེད་པའི་སྒོ་དབྱེ་བར་བྱའོ་ཞེས་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུས་མ་བྱས་ཀྱི་ཁམས་བསྟན་པར་བྱའོ་ཞེས་སློབ་པ་ཡིན་ཏེ། རབ་འབྱོར་སེམས་ཅན་དམན་པས་ནི་བསླབ་པ་རྒྱ་ཆེན་པོ་འདི་དག་
ལ་བསླབ་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པར་འདོད་པ་སྟེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བར་མི་སྐྱེ།
བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་མི་སྐྱེའོ། །ཡུལ་མཐའ་འཁོབ་ཏུ་མི་སྐྱེའོ། །གདོལ་པའི་རིགས་སུ་མི་སྐྱེའོ། །དམའ་བ་དང་དམན་པའི་སྤྱོད་པ་དང་། བཙོག་པའི་རིགས་རྣམས་སུ་མི་སྐྱེའོ། །ཞར་བར་མི་འགྱུར་རོ། །སྒུར་པོར་མི་འགྱུར་རོ། །
ཞ་བོར་མི་འགྱུར་རོ། །ཡན་ལག་སྐྱོན་ཅན་དུ་མི་འགྱུར་རོ། །འོན་པར་མི་འགྱུར་རོ། །ལག་པ་མེད་པར་མི་འགྱུར་རོ། །དབང་པོ་དང་མི་ལྡན་པར་མི་འགྱུར་ཏེ། དབང་པོ་ཡོངས་སུ་ཚང་ཞིང་དབང་པོ་མ་ཚང་བར་མི་འགྱུར་རོ། །སྲོག་གཅོད་པར་མི་འགྱུར་རོ། །མ་བྱིན་
པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པར་མི་འགྱུར་རོ། །བརྫུན་དུ་སྨྲ་བ་དང་། ཕྲ་མ་ཅན་དང་། ཚིག་རྩུབ་པོ་སྨྲ་བ་དང་། ཚིག་ཀྱལ་པ་ཅན་དང་། བརྣབ་སེམས་ཅན་དང་། གནོད་སེམས་ཅན་དང་། ལོག་པར་ལྟ་བར་མི་འགྱུར་རོ། །འཚོ་བ་ལོག་པས་འཚོ་བར་
Vol. 84 · folio 57a
མི་འགྱུར་རོ། །ཡང་དག་པ་མ་ཡིན་པ་ཡོངས་སུ་འཛིན་པར་མི་འགྱུར་རོ། །ཚུལ་ཁྲིམས་ངན་པ་ཅན་དུ་མི་འགྱུར་རོ། །ཚུལ་ཁྲིམས་ངན་པ་ཡོངས་སུ་འཛིན་པར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ནི་ལྷ་ཚེ་རིང་པོའི་ནང་དུ་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་དེ་དག་དང་། གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་ཚེ་རིང་པོར་མི་སྐྱེ་བའི་ཐབས་མཁས་པ་དེ་ལྟ་བུ་དེ་ལ་ཡོད་དེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་ཉིད་ལས་ཐབས་མཁས་པ་བསྟན་པ་སྟེ། ཐབས་མཁས་པ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་རྣམས་ལ་ཡང་སྙོམས་པར་འཇུག །ཚད་མེད་པ་རྣམས་ལ་ཡང་སྙོམས་པར་འཇུག །གཟུགས་མེད་པའི་སྙོམས་
པར་འཇུག་པ་རྣམས་ལ་ཡང་སྙོམས་པར་འཇུག་སྟེ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དབང་གིས་ཀྱང་མི་སྐྱེའོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟ་
སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱ་བའི་དྲི་མ་ཡོངས་སུ་དག་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟོབས་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལགས་ན།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་གི་ཡོངས་སུ་དག་པ་ཐོབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་
གྱིས་ཡོངས་སུ་དག་པ་སྟེ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་དག་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཞུམ་པ་མེད་ཅིང་འགོང་བ་མེད་པ་དེ་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱིས་
Vol. 84 · folio 57b
པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི་ཆོས་ཉིད་དེ་མི་ཤེས་མི་མཐོང་བས་སེམས་ཅན་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ནང་སྟོང་པ་ཉིད་ལ་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད། ཡང་དག་པར་སྤོང་བ་དང་། རྫུ་
འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད།
རྣམ་པར་ཐར་པ་བརྒྱད་ལ་སྤྱོད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སྤྱོད། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད། དེ་བཞིན་གཤེགས་པའི་སྟོབས་
བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་དེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་
སྟོབས་དང་། མི་འཇིགས་པ་ཉིད་རབ་ཏུ་ཐོབ་པར་འགྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་། གཡོ་བ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་
རོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་དགུ་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། ས་ཆེན་པོའི་ཕྱོགས་གང་ན་འཛམ་བུའི་ཆུ་ཀླུང་གི་གསེར་གྱི་ས་ལེ་སྦྲམ་འབྱུང་བ་དེ་ལྟ་བུ་ནི་ཉུང་ངོ་། །རབ་འབྱོར་དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདི་ལ་སློབ་པའི་
Vol. 84 · folio 58a
སེམས་ཅན་དེ་ལྟ་བུ་ཡང་ཉུང་སྟེ། སེམས་ཅན་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུ་ནི་དེ་བས་ཆེས་མང་ངོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་འཁོར་ལོས་
སྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པ་དེ་ལྟ་བུ་ནི་ཉུང་སྟེ། སེམས་ཅན་གང་ཁམས་ཀྱི་རྒྱལ་ཕྲན་དུ་འགྱུར་བའི་ལས་ཡང་དག་པར་བླངས་ཤིང་གནས་པ་དེ་ལྟ་བུ་ནི་ཆེས་མང་ངོ་། །རབ་འབྱོར་དེ་བཞིན་དུ་སེམས་ཅན་གང་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་
འདིར་འཇུག་པ་དེ་ལྟ་བུ་ཡང་ཉུང་སྟེ། སེམས་ཅན་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུ་ནི་དེ་བས་ཆེས་མང་ངོ་། །རབ་འབྱོར་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་
དག་པར་ཞུགས་པ་དེ་དག་པས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་སེམས་ཅན་གང་ཉན་ཐོས་སམ། རང་སངས་རྒྱས་སུ་གནས་པར་འགྱུར་བ་དེ་ལྟ་བུ་ནི་ཆེས་མང་ངོ་། །རབ་འབྱོར་གང་ཡང་བྱང་ཆུབ་སེམས་
དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་ཐེ་ཚོམ་མེད་པར་ཕྱིར་མི་ལྡོག་པའི་ས་གནོན་པ་དེ་དག་པས་ནི་གང་ཕྱིར་མི་ལྡོག་པའི་ས་གནོན་པར་འགྱུར་བ་དེ་ལྟ་བུ་ཆེས་མང་ངོ་། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ས་ཐོབ་
པར་འདོད་པ་དང་། ཕྱིར་མི་ལྡོག་པའི་སར་ཆུད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་འཕེལ་བ་བཅུ་གཅིག་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པའི་ཚེ། སེར་སྣ་དང་ལྡན་པའི་སེམས་མི་སྐྱེའོ། །ཚུལ་ཁྲིམས་ངན་པ་དང་ལྡན་པའི་སེམས་མི་སྐྱེའོ། །འཁྲུགས་པ་དང་ལྡན་པའི་སེམས་མི་སྐྱེའོ། །ལེ་ལོ་དང་ལྡན་པའི་སེམས་མི་སྐྱེའོ། །གཡེང་བ་དང་ལྡན་པའི་སེམས་མི་སྐྱེའོ། །ཤེས་རབ་འཆལ་པ་དང་ལྡན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words