ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
Sanskrit title (Tibetan script, as in the text) པཉྩ་བིང་ཤ་ཏི་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 84 · folio 279b
ཆོས་ཉེ་བར་བཟུང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའི་དོན་དམ་པར་ནི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། སྐྱེ་མཆེད་དམ། ཁམས་སམ།
རྟེན་ཅིང་འབྲེལ་པར་འབྱུང་བའམ། ཕ་རོལ་ཏུ་ཕྱིན་པ་རྣམས་སམ། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སམ། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་
པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་
པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་རམ། གང་བྱང་ཆུབ་ཏུ་སྤྱོད་པའི་ཆོས་དེ་ལྟ་བུ་ཡང་མེད་དེ། ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་སྟེ་བཏགས་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་བས་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཏུ་སྤྱོད་ཀྱང་སེམས་དེ་དག་མི་དམིགས་ཏེ། སེམས་ཅན་རྣམས་དང་བྱང་ཆུབ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡང་མི་དམིགས་སོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་གི་ཚེ་རབ་འབྱོར་
ཁྱོད་ཀྱིས་འཇིག་ཚོགས་ལ་ལྟ་བ་སྤང་བའི་ཕྱིར་དབང་པོ་རྣམས་ཐོབ་པར་འགྱུར་བ་དང་། བར་ཆད་མེད་པའི་ཏིང་ངེ་འཛིན་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དེའི་ཚེ་རྨི་ལམ་མམ།
སེམས་སམ། ལམ་མམ། འབྲས་བུ་དམིགས་པར་འགྱུར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ཅི་ལྟར་རབ་འབྱོར་ཞེས་བྱ་བའི་མིང་ཅན་གྱི་གནས་བརྟན་ཁྱོད་ཀྱིས་དགྲ་བཅོམ་པ་ཐོབ་བོ་ཞེས་བཏགས་པ་ཡིན། གསོལ་པ། བཅོམ་ལྡན་འདས་
Vol. 84 · folio 280a
འཇིག་རྟེན་གྱི་ཐ་སྙད་ཉེ་བར་བཟུང་ནས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །གཟུགས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་
བཏགས་པའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་
པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་
འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་གང་ལ་ཡང་འཕེལ་བར་བྱེད་པའམ། འགྲིབ་པར་བྱེད་པའམ། ཕན་འདོགས་པའམ། གནོད་པར་བྱེད་པ་དེ་ལྟ་བུ་
གང་ཡང་མི་དམིགས་ཏེ། ཆོས་ཀྱི་རང་བཞིན་ཉེ་བར་བཟུང་ནས་ཆོས་རྣམས་ཀྱི་ཆོས་ཀྱི་རང་བཞིན་དེ་ཡང་མ་དམིགས་ན། སེམས་དང་པོ་བསྐྱེད་པ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །ས་བཅུ་པའི་བར་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་
ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་
Vol. 84 · folio 280b
ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སུ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་
ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་
རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ་ཞེས་བྱ་བ་ནི་བརྡར་བཏགས་པའི་ཤེས་པ་ལ་འགོད་པའི་ཕྲིན་ལས་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། སྟོང་པ་ཉིད་བཅུ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་
འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་དང་། འཕགས་པའི་བདེན་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་
པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པས་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མ་མཆིས་ན། བཅོམ་ལྡན་འདས་དེ་ཅི་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་
Vol. 84 · folio 281a
པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་སྦྱིན་པ་དང་སྦྱིན་པའི་བདག་པོ་དང་ལེན་པ་ཡང་མི་དམིགས། ཆོས་དེ་དག་ལས་གཞན་དུ་ཡང་མི་སྤྱོད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། ཚུལ་ཁྲིམས་དང་ཚུལ་ཁྲིམས་དང་ལྡན་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུ་མི་སྤྱོད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
ཀྱང་། བཟོད་པ་དང་བཟོད་པ་དང་ལྡན་པ་ཡང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་
ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། བརྩོན་འགྲུས་
དང་བརྩོན་འགྲུས་རྩོམ་པ་ཡང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མ་དམིགས་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་
Vol. 84 · folio 281b
ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་།
བསམ་གཏན་དང་བསམ་གཏན་པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན།
ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཡང་ཤེས་རབ་དང་ཤེས་རབ་དང་ལྡན་
པའང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་སྤྱོད་ཀྱང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒོམ་པ་ཡང་མི་དམིགས། ཆོས་དེ་གཉིས་ལས་གཞན་དུའང་མི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
Vol. 84 · folio 282a
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་གཟུགས་ལ་མི་
སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུགས་ལ་ངོ་བོ་ཉིད་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་སྦྱར་བའམ་དབྱེ་བར་བྱེད་པའི་རྣམ་པར་ཤེས་པ་ལ་
ངོ་བོ་ཉིད་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་སྦྱར་བའམ་དབྱེ་བར་བྱ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ངོ་བོ་ཉིད་མེད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་
ཀྱི་ཆོས་རྣམས་ལ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་སྦྱར་བའམ་དབྱེ་བར་བྱ་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ངོ་བོ་ཉིད་མེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་
དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུངས་
ཀྱི་སྒོ་རྣམས་ལ་ངོ་བོ་ཉིད་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མི་སྦྱོར་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་
སྦྱར་བའམ། དབྱེ་བར་བྱ་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ངོ་བོ་ཉིད་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་གང་ལ་ཡང་སྦྱར་བའམ་དབྱེ་བར་བགྱི་བའི་ངོ་བོ་ཉིད་མ་མཆིས་ན། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བགྱི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་
Vol. 84 · folio 282b
ཕྱིན་པ་ཇི་ལྟར་མངོན་པར་སྒྲུབ་པར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་
དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། དེ་ཡང་ཐབས་མཁས་པས་ཡིན་གྱི།
ཐབས་མི་མཁས་པས་མ་ཡིན་ནོ། །ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ལ་ལ་ཞིག་གི་ངོ་བོ་ཉིད་དམིགས་ན་ནི་དེའི་ཕྱིར་འཛིན་པར་མི་འགྱུར་ན། འོན་ཏེ་མི་དམིགས་ན་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་
ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་རྣམས་སོ། །འདི་ནི་རྣམ་པར་ཤེས་པའོ་ཞེས་བྱ་བར་ཡང་ཅི་ཞིག་བཟུང་། འདི་དག་ནི་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའོ། །འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །
འདི་དག་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་
དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སོ། །འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །འདི་དག་ནི་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རོ་ཞེས་བྱ་བར་ཡང་ཅི་ཞིག་བཟུང་སྟེ། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་དུ་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་
Vol. 84 · folio 283a
པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མེད་དོ། །སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་གཟུང་དུ་མེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་།
མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ནི་གཟུང་དུ་མེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་
དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་གཟུང་དུ་མེད་པའོ། །ཤཱ་རིའི་བུ་དེ་ནི་གཟུང་དུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
བསླབ་པར་བྱ་སྟེ། དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སློབ་པར་བྱ་བ་ཡང་མི་དམིགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་ཅི་སྨོས། བྱང་ཆུབ་ལྟ་ཡང་ཅི་སྨོས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལྟ་ཡང་ཅི་སྨོས། སངས་རྒྱས་ཀྱི་ཆོས་རྣམས་ལྟ་ཡང་ཅི་སྨོས། རང་
སངས་རྒྱས་ཀྱི་ཆོས་རྣམས་ལྟ་ཡང་ཅི་སྨོས། ཉན་ཐོས་ཀྱི་ཆོས་རྣམས་ལྟ་ཡང་ཅི་སྨོས། སོ་སོའི་སྐྱེ་བོའི་ཆོས་རྣམས་ལྟ་ཡང་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་ཆོས་གང་ལ་ཡང་ངོ་བོ་ཉིད་མེད་དོ། །དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་སོ་སོའི་སྐྱེ་བོ་ནི་གང་རྒྱུན་དུ་
ཞུགས་པ་ནི་གང་ཞིག་ཡོད། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ནི་གང་ཞིག་ཡོད། བྱང་ཆུབ་སེམས་དཔའ་ནི་གང་ཞིག་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་ཞིག་ཡོད། གལ་ཏེ་གང་ཟག་
དེ་དག་དམིགས་སུ་མེད་ན། ཆོས་གང་གིས་སོ་སོའི་སྐྱེ་བོའམ། རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པ་དང་། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
Vol. 84 · folio 283b
རྒྱས་ཞེས་བྱ་བར་བརྗོད་པའི་ཆོས་དེ་དག་འབྱུང་བར་ཡང་ག་ལ་འགྱུར། གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལ་ནི་འདི་དག་ནི་སོ་སོའི་སྐྱེ་བོ་ཞེས་བགྱི་བ་ནས། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བགྱི་བའི་བར་
དུ་འབྱུང་བ་ཅིའི་སླད་དུ་དམིགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཅི་གཟུགས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་འགྱུར་བ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་
གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་
པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་
འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ལ་དངོས་པོ་མེད་པ་ཕྱིན་ཅི་ལོག་གི་དབང་གིས་སེམས་ཅན་རྣམས་རྣམ་པར་རྟོག་སྟེ། དེའི་ཕྱིར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་གོ་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཡེ་ཤེས་ལ་འགོད་པའི་ཕྲིན་ལས་ཡིན་ནོ།། །།གསོལ་པ། བཅོམ་
ལྡན་འདས་ཐབས་མཁས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་པའི་ཐབས་མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་
Vol. 84 · folio 284a
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་གང་ལ་ཐོགས་པར་འགྱུར་བའི་དངོས་པོའམ། གང་ལ་ཐོགས་པར་གྱུར་ནས་ཞུམ་པར་འགྱུར་བའམ། ཞུམ་པར་གྱུར་ནས་སྒྱིད་ལུག་པར་འགྱུར་བའམ། སྒྱིད་ལུག་པར་གྱུར་ནས་
ཚི་ཆད་པར་འགྱུར་བའམ། ཚི་ཆད་པར་གྱུར་ནས་ལེ་ལོར་འགྱུར་བའི་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤཱ་རིའི་བུ་སེམས་ཅན་རྣམས་རྨོངས་པས་ཕུང་པོ་ཞེས་བྱ་བའམ། སྐྱེ་མཆེད་ཅེས་བྱ་བའམ། ཁམས་ཞེས་བྱ་བའམ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའམ། རྟེན་ཅིང་འབྲེལ་པར་
འབྱུང་བའི་ཆོས་ཞེས་བྱ་བར་མངོན་པར་ཞེན་པ་མ་གཏོགས་པར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ། །སྲོག་མེད་པའོ། །སྲོག་དང་བྲལ་བའོ། །དངོས་པོ་མེད་པའི་ངོ་བོ་ཉིད་དོ། །རང་བཞིན་སྟོང་པའོ། །རང་གི་མཚན་ཉིད་སྟོང་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་བས་སྒྱུ་མའི་མཁན་པོ་ལྟ་བུའི་ལུས་བྱིན་གྱིས་བརླབས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སེམས་ཅན་གང་སེར་སྣ་ཅན་དུ་
གྱུར་པ་དེ་དག་ལ་སྦྱིན་པའི་གཏམ་བྱེད་དོ། །ཚུལ་ཁྲིམས་ངན་པ་ཅན་རྣམས་ལ་ཚུལ་ཁྲིམས་ཀྱི་གཏམ་བྱེད་དོ། །གནོད་སེམས་ཅན་རྣམས་ལ་བཟོད་པའི་གཏམ་བྱེད་དོ། །ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་གཏམ་བྱེད་དོ། །སེམས་གཡེང་བ་རྣམས་ལ་ཏིང་ངེ་འཛིན་གྱི་གཏམ་བྱེད་དོ། །ཤེས་རབ་
འཆལ་པ་ཅན་རྣམས་ལ་ཤེས་རབ་ཀྱི་གཏམ་བྱེད་དོ། །གང་གི་ཚེ་སེམས་ཅན་དེ་དག་སྦྱིན་པ་ལ་བཀོད་པར་གྱུར་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལ་བཀོད་པར་གྱུར་པ་དེའི་ཚེ། དེ་ལས་གོང་དུ་སེམས་ཅན་དེ་དག་ལ་འཕགས་པའི་གཏམ་
འབྱུང་བར་འགྱུར་བ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དང་། རང་བྱང་ཆུབ་ཐོབ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་
Vol. 84 · folio 284b
མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་བ་དེ་ལྟ་བུའི་གཏམ་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་སེམས་ཅན་མ་མཆིས་ཤིང་ཡང་དག་པར་མ་མཆིས་པ་རྣམས་སྦྱིན་པ་ལ་སྦྱོར། ཚུལ་
ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལ་སྦྱོར་ཞིང་དེ་ལས་གོང་དུ་འཕགས་པའི་གཏམ་འབྱུང་བར་འགྱུར་བ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་
དང་། རང་བྱང་ཆུབ་ཐོབ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་བ་དེ་ལྟ་བུའི་གཏམ་བགྱིད་པ་ཇི་ལྟར་དམིགས་པར་མ་མཆིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་སྤྱོད་པ་ལ་དམིགས་པ་གང་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཀུན་རྫོབ་ཀྱི་བརྡས་ཐ་སྙད་དུ་ཡོད་པ་མ་གཏོགས་པར་སེམས་ཅན་གང་ཡང་མི་དམིགས་ཏེ། ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། བདེན་པ་གཉིས་ལ་གནས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་། ཤཱ་རིའི་བུ་བདེན་པ་གཉིས་ལ་སེམས་ཅན་དུ་དམིགས་པ་མེད་དེ། སེམས་ཅན་དུ་གདགས་པ་ཡང་མེད་དོ། །འོན་ཀྱང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་ཆོས་སྟོན་ན་དེས་སེམས་ཅན་དེ་དག་ཚེ་འདི་ཉིད་ལ་བདག་ཏུ་མི་དམིགས་ན། གང་ཐོབ་པར་བྱ་བ་དང་། གང་གིས་ཐོབ་པར་བྱ་བ་ལྟ་ཅི་སྨོས་ཏེ། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་ལ་ཡང་གཅིག་པའམ་ཐ་དད་པར་མ་དམིགས་ན། འདི་ལྟ་བུའི་གོ་ཆ་
Vol. 84 · folio 285a
འཚལ་བ་དང་། གོ་ཆ་དེ་འཚལ་བས་འདོད་པའི་ཁམས་ན་ཡང་མི་གདའ། གཟུགས་མཆིས་པའི་ཁམས་ན་ཡང་མི་གདའ། གཟུགས་མ་མཆིས་པའི་ཁམས་ན་ཡང་མི་གདའ། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ན་ཡང་མི་གདའ་ལ། སེམས་ཅན་
རྣམས་ཁམས་གསུམ་ནས་འགྲེལ་ཞིང་སེམས་ཅན་དུ་ཡང་མི་དམིགས། སེམས་ཅན་དུ་གདགས་པ་ཡང་མི་དམིགས་པ་ནི་སྤྲོ་བ་ཆེན་པོ་དང་ལྡན་པ་སྟེ། སེམས་ཅན་དུ་གདགས་པ་མ་མཆིས་པས་སེམས་ཅན་བཅིངས་པ་དང་འགྲོལ་བ་མ་མཆིས། སེམས་ཅན་བཅིངས་པ་དང་འགྲོལ་བ་མ་མཆིས་པས་
ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མ་མཆིས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མ་མཆིས་པས། ལམ་གྱི་རྒྱུད་ཐ་དད་པ་མ་མཆིས། ལམ་གྱི་རྒྱུད་ཐ་དད་པ་མ་མཆིས་པ་ལས་དང་ཉོན་མོངས་པ་མ་མཆིས་ཏེ། ལས་དང་ཉོན་མོངས་པ་མ་མཆིས་ན་རྣམ་པར་སྨིན་པ་གང་གིས་བདག་གམ་
སེམས་ཅན་འགྲོ་བ་ལྔའི་འཁོར་བ་ན་གདའ་བར་གྱུར་པའི་རྣམ་པར་སྨིན་པ་དེ་ལྟ་བུ་ཡང་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཚིག་ཇི་སྐད་དུ་བརྗོད་པ་བཞིན་ཏེ། གལ་ཏེ་སྔོན་སེམས་ཅན་ཞིག་བྱུང་བར་གྱུར་པ་ཕྱིས་བྱུང་བ་མེད་པར་བྱུང་བར་གྱུར་ཏམ།
འོ་ན་དེ་ནི་དེ་བཞིན་དུ་སྔོན་ཡོད་པ་ལས་ཕྱིས་མེད་པར་གྱུར་ཏམ། འགྲོ་བ་ལྔའི་འཁོར་བ་སྔོན་ཡོད་པ་ལ་ཕྱིས་མེད་པར་གྱུར། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཡང་སྔོན་ཡོད་པ་ལས་ཕྱིས་མེད་པར་གྱུར་ན་ནི་སྐྱོན་འདིར་འགྱུར་བ་ཞིག་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་
རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་དེ་དག་ནི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་
མི་ཁྱབ་པའི་དབྱིངས་དེ་བཞིན་དུ་གནས་པ་སྟེ། དེ་ལ་བདག་ཀྱང་མེད། སེམས་ཅན་ཡང་མེད། སྲོག་ཀྱང་མེད། འགྲོ་བ་ཡང་མེད། གསོ་བ་ཡང་མེད། སྐྱེས་བུ་ཡང་མེད། གང་ཟག་ཀྱང་མེད། ཤེད་ཅན་ཡང་མེད། ཤེད་བདག་ཀྱང་མེད། བྱེད་པ་པོ་ཡང་མེད། ཚོར་བ་པོ་ཡང་མེད། ཤེས་པ་པོ་ཡང་
Vol. 84 · folio 285b
མེད། མཐོང་བ་པོ་ཡང་མེད་ན། དེ་ལ་གཟུགས་ལྟ་ག་ལ་ཡོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལྟ་ག་ལ་ཡོད། སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལྟ་ག་ལ་ཡོད། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ལྟ་ག་ལ་ཡོད། ཆོས་དེ་དག་
མེད་ན་འགྲོ་བ་ལྔའི་འཁོར་བ་གང་ན་སེམས་ཅན་སྒྲོལ་བར་བྱ་བ་དེ་ལྟ་བུ་དག་ལྟ་ག་ལ་ཡོད། ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་དེ་ལྟ་བུའི་ཆོས་ངོ་བོ་ཉིད་ཀྱིས་སྟོང་པ་དེ་དག་ཐོས་ནས་སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་སྟེ། ཕྱིན་ཅི་ལོག་གིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་མ་གཏོགས་པར་སེམས་ཅན་ནམ། ཆོས་གང་ཡང་དམིགས་པ་མེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་གོ་ཆ་ཆེན་པོ་གྱོན་ཏེ། གོ་ཆ་དེ་བགོས་པས་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། བདག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་བྱ་བ་མ་ཡིན་གྱིས། གདོན་མི་ཟ་བར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
འཚང་རྒྱ་བར་བྱའོ། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་ཀྱི་དོན་ཆོས་བཞིན་དུ་བྱས་ཏེ། དོན་བྱས་པ་དེས་སེམས་ཅན་རྣམས་ཕྱིན་ཅི་ལོག་ལས་ཡོངས་སུ་སྒྲོལ་བར་བྱའོ་སྙམ་མོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོས་སྤྲུལ་པའི་སྐྱེས་བུ་ཞིག་
གིས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་སྤྲུལ་ཏེ། སྤྲུལ་ནས་བཟའ་བ་དང་བཅའ་བ་ཞིམ་ཞིང་ཉམས་སུ་བདེ་བ་ཤིན་ཏུ་མང་བས་ཚིམ་པར་བྱས་ཏེ། དེ་ལྟར་ཚིམ་པར་བྱས་ནས་བདག་གིས་ནི་བསོད་ནམས་མང་པོ་སྤེལ་ཏོ། །བདག་གིས་ནི་བསོད་ནམས་མང་པོ་སྤེལ་ཏོ་ཞེས་ཆེད་དུ་བརྗོད་པ་
ཆེད་དུ་བརྗོད་ན། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅི་དེ་ལ་ལ་ལ་ཞིག་སྟོན་མོ་བྱས་པའམ། ཚིམ་པར་བྱས་པའམ། ལ་ལས་བསོད་ནམས་འཕེལ་བར་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་བྱང་
Vol. 84 · folio 286a
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་
དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་
སྒོ་ཐམས་ཅད་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་པ་དང་།
སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་ཚེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། སེམས་ཅན་ལ་ལ་ཞིག་དམིགས་པར་བྱས་ཤིང་གདུལ་བར་བྱ་བ་དེ་ལྟ་བུའི་སེམས་ཅན་གང་ཡང་མི་དམིགས་སོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་འགོད་པའི་ཕྲིན་ལས་ཡིན་ནོ།། །།
བམ་པོ་བདུན་ཅུ་གཅིག་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བྱང་ཆུབ་ཀྱི་ལམ་གང་ལ་སྤྱད་དེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་
སུ་དག་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ནང་སྟོང་པ་ཉིད་ལ་སྤྱོད། ཕྱི་སྟོང་པ་ཉིད་ལ་སྤྱོད། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
Vol. 84 · folio 286b
ཀྱི་བར་ལ་སྤྱོད། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་
དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་།
གཟུངས་ཀྱི་སྒོ་ཐམས་ཅད་ལ་སྤྱོད། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །
སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་བྱིན་ནས་འདི་སྐད་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། རིགས་ཀྱི་བུ་དག་སྦྱིན་པ་ལ་བཟུང་བས་མ་འཛིན་ཅིག །སྦྱིན་པ་ལ་བཟུང་བས་འཛིན་
ཞིང་ལུས་གང་མངོན་པར་གྲུབ་པས་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པར་གྱུར་ཏ་རེ། རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ནི་སྦྱིན་པ་ཡང་མེད། སྦྱིན་པའི་འབྲས་བུ་ཡང་མེད། སྦྱིན་པའི་བདག་པོ་ཡང་མེད། ལེན་པ་ཡང་མེད་དེ། ཆོས་དེ་དག་
ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའོ། །རང་བཞིན་གྱིས་སྟོང་པའི་ཆོས་ནི་ལེན་པ་ཡང་མེད་དེ། རང་བཞིན་གྱིས་སྟོང་པ་ཉིད་ནི་བཟུང་དུ་མེད་པའོ་ཞེས་འདེམས་ཤིང་རྗེས་སུ་སྟོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་སེམས་
Vol. 84 · folio 287a
ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་སྦྱིན་པ་མི་དམིགས་སོ། །སྦྱིན་པའི་བདག་པོ་མི་དམིགས་སོ། །ལེན་པ་མི་དམིགས་སོ། །དེ་ནི་མི་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་མི་དམིགས་པས་སེམས་
ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་སྦྱོར་རོ། །རང་བྱང་ཆུབ་ལ་སྦྱོར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་བསྐུལ་ལོ། །སྦྱིན་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ལེགས་པ་བརྗོད་ཅིང་
མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་ཞིང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་བདག་གི་
རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འཐོབ་བོ། །དེ་དེ་དག་ན་ཡང་སེམས་ཅན་དེ་དག་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ་བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱོད་པ་དང་། དོན་
མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་སྦྱིན་པས་ཡོངས་སུ་བསྡུས་པའི་སེམས་ཅན་དེ་ཡང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་དགོད་དོ། །བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལ་རབ་ཏུ་དགོད་དོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་
པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་དགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་དོ། །འཕགས་
Vol. 84 · folio 287b
པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་
མེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་དོ། །ཡང་དག་པའི་སྐྱོན་མེད་པར་འཇུག་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་
བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་ལོ། །ཀྱེ་སྐྱེས་བུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའ་སྟེ། ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཅན་རྣམས་
ཀྱི་ཁོང་དུ་མི་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མེད་ཀྱིས། ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ་འཁོར་བ་ལས་བདག་ཀྱང་ཐར་བར་གྱིས་ཤིག །གཞན་ཡང་ཐར་བར་གྱིས་ཤིག །དེ་ལྟར་
ཁྱེད་ཅག་ཀྱང་དོན་ཆེན་པོ་གྱིས་ཤིག །གཞན་ཡང་དོན་ཆེན་པོ་ལ་སྦྱོར་ཅིག་ཅེས་ཡང་དག་པར་སྐུལ་བར་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་
བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད་པར་མི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློང་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་། འཁོར་
ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་དུ་ན་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱོད་ལ་བྱིན་གྱིས་འདི་ནི་ངའི་མ་ཡིན་གྱི་ཁྱེད་ཀྱིའོ། །ང་ནི་ནང་གི་གཟུགས་ལ་ཡང་དོན་དུ་གཉེར་
Vol. 84 · folio 288a
བ་མེད་ན། གཞན་ལྟ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི །བདག་གི་དོན་དུ་ནི་འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ་ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང་སྙིང་རྗེ་ཆེན་པོས་སེམས་ཅན་
རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མི་དམིགས་ཏེ། གཞན་དུ་ན་འདུ་ཤེས་དང་། མིང་དང་ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ། རྣམ་པར་སྤྱོད་པ་དེ་ཡང་སྒྲ་བརྙན་ལྟ་བུར་རྣམ་པར་སྤྱད་དུ་མེད་པར་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུ་ཡང་མེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ།
བཅོམ་ལྡན་འདས་ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཕྱི་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་།
བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོ་བྱད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ནི་ཡོ་བྱད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་
Vol. 84 · folio 288b
ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་དེ། ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་
དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་སྦྱིན་པ་ཡང་ཡོངས་སུ་གཏོང་སྟེ། དེ་སྦྱིན་པ་གཏོང་བའི་ཚེ་འདི་སྐད་ཅེས་བརྗོད་དོ། །རིགས་ཀྱི་བུ་དག་ཚུར་ཤོག །ཚུལ་
ཁྲིམས་སྲུངས་ཤིག །ངས་ཁྱེད་ལ་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་།
དངུལ་དང་། མིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མེད་པར་བྱའོ། །ཁྱེད་ཀྱང་ཕོངས་པས་ཚུལ་ཁྲིམས་ངན་པ་ལ་སྤྱོད་གྲང་ན། ཁྱེད་ཡོ་བྱད་ཐམས་ཅད་དང་། རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མེད་པར་བྱས། དེས་ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་གནོས་ལ་རིམ་
གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་མཐར་ཕྱིན་པར་གྱིས་ཤིག་ཅེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་བསྲུངས་སོ། །
གཞན་ཡང་ཚུལ་ཁྲིམས་ལ་ཡང་དག་པར་བསྐུལ་ལོ། །ཚུལ་ཁྲིམས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་བསྲུང་བ་དེ་དག་གི་ཡང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་
Vol. 84 · folio 289a
དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཞིང་ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་
སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་གང་ཁྲོ་བ་དང་གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་ལ་འདི་སྐད་ཅེས་ཟེར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། ཁྱེད་གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་དེ་ང་ལས་ལོང་ཤིག །ངས་ཁྱེད་ཟས་དང་། སྐོམ་
དང་། མིའི་རྐྱེན་གྱི་ཡོ་བྱད་གང་ཅི་རུང་བའི་བར་གྱིས་ཕོངས་པ་མེད་པར་བྱས། ཁྲོ་བ་དང་གནོད་སེམས་མེད་པར་གྱིས་ཤིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་གིས་ཁྲོ་བ་སྐྱེ་
བར་གྱུར་པ་དེ་ནི་སྙིང་པོ་མེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང་གནོད་སེམས་སུ་བྱེད་པར་གྱུར་པ་དང་། དེ་ལྟར་འཐབ་ཅིང་འཁོན་ཏེ་གནོད་སེམས་སུ་གྱུར་ནས་དབྱིག་པ་འགྱེད་པ་དང་།
མཚོན་གྱིས་འདེབས་པ་དང་། ཕན་ཚུན་གྱི་སྲོག་ལ་རྒལ་བར་འགྱུར་བའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མེད་ན། དེ་ལྟར་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་
འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུ་ཡང་ཁྱེད་སྡུག་བསྔལ་མི་བཟད་པ་དང་། ཚ་ཞིང་རྩུབ་པ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་གྱིས། སྐྱེས་བུ་ཁྱེད་རྣམས་དངོས་པོ་མེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མིར་སྐྱེ་བ་ཡང་ཐོབ་
Vol. 84 · folio 289b
པར་མི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་མེད་པ་དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག །གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ནོ། །མིར་སྐྱེ་བ་ཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ། །དེ་ལྟར་
ཡིན་གྱི་དལ་བ་འདི་ནི་དོན་མེད་པར་མ་བྱེད་ཅིག །མི་ཁོམ་པར་གྱུར་ཅིང་གསོར་མི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་བོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་བསྐུལ་ལོ། །བཟོད་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་
བཟོད་པ་སྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཞིང་བཟོད་པ་ལ་རབ་ཏུ་བཀོད་དོ། །རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་བ་ན། འདི་སྐད་དུ་ཁྱོད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་རྩོམ་དུ་རུང་བ་
དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱས། བརྩོན་འགྲུས་རྩོམས་ཤིག་ཅེས་ནས་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་ལུས་སམ། སེམས་ཀྱིས་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་
Vol. 84 · folio 290a
ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་
བཅོམ་པ་ཉིད་འཐོབ་པོ། །རང་བྱང་ཆུབ་འཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་བསྐུལ་ལོ། །
བརྩོན་འགྲུས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱོར་ཞིང་བརྩོན་འགྲུས་ལ་རབ་ཏུ་བཀོད་
དོ། །རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེང་བར་གྱུར་པའི་སེམས་ཅན་དག་མཐོང་ན་འདི་སྐད་དུ་སེམས་ཅན་ཁྱེད་
ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་མི་འཇོག་ཅེས་བརྗོད་དོ། །དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་
ནང་གི་ཆོས་ལ་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབས་ཏེ། དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་
Vol. 84 · folio 290b
ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ། །བྱམས་པ་ལ་སྙོམས་པར་འཇུག་གོ། །སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སྙོམས་པར་འཇུག་གོ། །ནམ་མཁའ་
མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །དེ་དག་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་
སེམས་འདུལ་བར་གྱུར་པས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མོ། །
དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མི་ཉམས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་
ཤིང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་འཆལ་བར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མི་སྒོམ་ཞེས་བརྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག །བརྩོན་འགྲུས་རྩོམས་ཤིག །ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཅིག །རྣམ་པ་དེ་དག་ཡོངས་སུ་རྫོགས་
Vol. 84 · folio 291a
པར་གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོའམ། ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ།
གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའམ། ཕ་རོལ་ཏུ་ཕྱིན་པ་རྣམས་སམ། སྟོང་པ་ཉིད་ཐམས་ཅད་དམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སམ། འཕགས་པའི་བདེན་པའམ།
བསམ་གཏན་ནམ། ཚད་མེད་པའམ། གཟུགས་མེད་པའི་སྙོམས་པར་འཇུག་པའམ། རྣམ་པར་ཐར་པའམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པའམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པའམ། ཏིང་ངེ་འཛིན་ཏམ། གཟུངས་ཀྱི་སྒོའམ།
དེ་བཞིན་གཤེགས་པའི་སྟོབས་སམ། མི་འཇིགས་པའམ། སོ་སོ་ཡང་དག་པར་རིག་པའམ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ།
དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རམ། ཆོས་གང་ཡང་ཡོད་དམ། ཡོངས་སུ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ལ་ཡང་
དམིགས་པས་མངོན་པར་ཞེན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་མི་དམིགས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པས་ཆོས་གང་ཡང་སྐྱེ་བའམ་འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་འདི་ནི་སེམས་ཅན་
དམྱལ་བའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིགས་སུ་གཏོགས་པའོ། །འདི་ནི་ལྷའོ། །འདི་ནི་མིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་ངན་པ་ཅན་ནོ། །འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་
Vol. 84 · folio 291b
བའོ། །འདི་ནི་ཕྱིར་མི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་
ལ་ཡོ་བྱད་རྣམས་ཉེ་བར་བསྒྲུབས་ཏེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་མོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་མགོན་མེད་པ་སྡུག་བསྔལ་བ། ཁ་ཟས་དང་གོས་ཀྱིས་
ཕོངས་པ་དག་མཐོང་ན་འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རིགས་ཀྱི་བུ་དག་ཚུར་ཤེག །ང་ལས་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་བདུན་གྱི་བར་
དུ་ལོང་ལ། སེམས་ཅན་རྣམས་ལ་ཕན་ཐོགས་ཤིག །དེ་ནི་ཁྱེད་ལ་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་གྱིས། འདི་ལྟར་དོན་འདི་ནི་ཕ་བི་ཡིན་གྱི། བདག་གི་མ་ཡིན་ནོ་སྙམ་དུ་བསམ་པར་མི་བྱའོ། །དོན་འདི་ནི་བདག་གིས་ཡུན་རིང་པོ་ནས་སེམས་ཅན་རྣམས་ཀྱི་དོན་དུ་བསྒྲུབས་པ་ཡིན་ནོ་ཞེས་དེ་
Vol. 84 · folio 292a
ལྟར་ཁྱེད་ཀྱིས་བདག་གི་ཡིན་པར་སོམས་ལ། སེམས་ཅན་རྣམས་ལ་ཡོངས་སུ་ཐོང་ཤིག །སྦྱིན་པ་དེས་ཀྱང་ཚུལ་ཁྲིམས་ལ་སྦྱོར་ཅིག །བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སྦྱོར་ཅིག །སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་
ཆོས་རྣམས་ལ་སྦྱོར་ཅིག །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་
པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་སྦྱོར་ཅིག །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྦྱོར་ཅིག །དེ་ཙམ་གྱིས་དགའ་
བར་མ་སེམས་པར་གོང་དུ་འཕགས་པའི་ཆོས་ཟག་པ་མེད་པ་རྣམས་ལ་ཁོད་ཅིག །འདི་ལྟ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཁོད་ཅིག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལ་ཁོད་ཅིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་
ཐར་བ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་ཐར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་རྣམས་འདི་ལྟར་ཡོངས་སུ་སྨིན་པར་བྱའོ། །རྐྱེན་གང་དང་མ་ལྡན་པས་ཁྱེད་ཚུལ་ཁྲིམས་ངན་པར་བྱེད་པར་
འགྱུར་བའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱིས། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་སྟེ། རིན་པོ་ཆེ་བདུན་གྱི་བར་དུ་ལོང་ལ་སེམས་ཅན་རྣམས་ལ་ཕན་ཐོགས་
Vol. 84 · folio 292b
ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བླངས་ཤིང་གནས་ཏེ། དེ་དག་སྡོམ་པའི་ཚུལ་ཁྲིམས་མ་ཞིག་མ་
གོང་མ་འདྲེས་པ་སྐྱོན་མེད་པ་མ་ཉམས་པ་རང་དབང་ཡོད་པ་མཁས་པས་བསྔགས་པ་ཤིན་ཏུ་རྫོགས་པ་ཏིང་ངེ་འཛིན་གྱི་རྒྱུར་འགྱུར་བ་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་
སུ་ཐོབ་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་ཤེས་རབ་འཆལ་པར་གྱུར་པ་བློ་ཆུང་བ་
དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མ་ལྡན་པས་ཁྱེད་ཤེས་རབ་འཆལ་པར་འགྱུར་བའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱིས་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མིའི་རྐྱེན་
དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་བདུན་གྱི་བར་དུ་ལོང་ཤིག་ཅེས་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས་རྨོངས་པ་མེད་ཅིང་། ཤེས་རབ་དང་ལྡན་པར་གྱུར་པ་དེ་དག་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་
གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།
Vol. 84 · folio 293a
བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་སུ་ཐོབ་པར་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་
ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་སྨིན་པར་བྱས་པ་རྣམས། ངན་སོང་གསུམ་ནས་ཡོངས་སུ་ཐར་པ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་ཐར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
དེ་ལྟ་བུའི་གོ་བགོ་བར་བྱ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ནི་ཇི་ལྟ་བུ་ཞིག་ཡོད་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་སུ་ཆུད་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །རབ་འབྱོར་སྟོང་པ་ཉིད་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །རབ་འབྱོར་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་
པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་།
སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་གང་
Vol. 84 · folio 293b
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་མི་བྱ་བ་དང་། གང་ལ་མ་བསླབས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུའི་ཆོས་གང་ཡང་ཡོད་དམ། རབ་འབྱོར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་མི་
བྱ་བ་དེ་ལྟ་བུའི་ཆོས་གང་ཡང་མེད་དོ། །ཆོས་ཐམས་ཅད་ལ་མ་བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྟོང་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཆོས་ཐམས་ཅད་ལ་ཇི་ལྟར་བསླབ་པར་བགྱི་སྟེ། བཅོམ་ལྡན་འདས་འདི་སྙེད་དོ་ཞེས་བགྱི་བའམ། འདི་དག་གོ་ཞེས་བགྱི་བའམ། འཇིག་རྟེན་པའི་ཆོས་ནི་འདི་དག་གོ། །འཇིག་རྟེན་ལས་འདས་པའི་ཆོས་ནི་འདི་དག་གོ། །ཟག་པ་དང་བཅས་པའི་ཆོས་ནི་འདི་དག་གོ། །ཟག་པ་མེད་པའི་ཆོས་ནི་འདི་
དག་གོ། །འདུས་བྱས་ཀྱི་ཆོས་ནི་འདི་དག་གོ། །འདུས་མ་བྱས་ཀྱི་ཆོས་ནི་འདི་དག་གོ། །སོ་སོའི་སྐྱེ་བོའི་ཆོས་ནི་འདི་དག་གོ། །རྒྱུན་དུ་ཞུགས་པའི་ཆོས་ནི་འདི་དག་གོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ཆོས་ནི་འདི་དག་གོ། །རང་སངས་རྒྱས་ཀྱི་ཆོས་ནི་འདི་དག་གོ། །བྱང་ཆུབ་
སེམས་དཔའི་ཆོས་ནི་འདི་དག་གོ། །སངས་རྒྱས་ཀྱི་ཆོས་ནི་འདི་དག་གོ་ཞེས་བགྱི་བ་ནི་སྤྲོས་པ་མ་མཆིས་པ་འཕྲོ་བར་མི་བགྱིད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་སྟོང་པའོ། །རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་
མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ལ་བསླབས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་
ལ་བསླབས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་ཁྱོད་ཀྱིས་གཞན་ཡང་གང་འདི་སྐད་དུ་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙེད་དོ་ཞེས་བྱ་བའམ། འདི་དག་གོ་ཞེས་བྱ་བ་དང་།
Vol. 84 · folio 294a
འཇིག་རྟེན་པའི་ཆོས་ནི་འདི་དག་གོ། །འཇིག་རྟེན་ལས་འདས་པའི་ཆོས་ནི་འདི་དག་གོ། །ཟག་པ་དང་བཅས་པའི་ཆོས་ནི་འདི་དག་གོ། །ཟག་པ་མེད་པའི་ཆོས་ནི་འདི་དག་གོ། །འདུས་བྱས་ཀྱི་ཆོས་ནི་འདི་དག་གོ། །འདུས་མ་བྱས་ཀྱི་ཆོས་ནི་འདི་དག་གོ། །སོ་སོའི་སྐྱེ་བོའི་
ཆོས་ནི་འདི་དག་གོ། །རྒྱུན་དུ་ཞུགས་པའི་ཆོས་ནི་འདི་དག་གོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ཆོས་ནི་འདི་དག་གོ། །རང་སངས་རྒྱས་ཀྱི་ཆོས་ནི་འདི་དག་གོ། །བྱང་ཆུབ་སེམས་དཔའི་ཆོས་ནི་འདི་དག་གོ། །སངས་རྒྱས་ཀྱི་ཆོས་ནི་འདི་དག་གོ་ཞེས་བྱ་བར་ཇི་ལྟར་ཆོས་
རྣམ་པར་དབྱེ་བར་འགྱུར་ཞེས་བྱ་བ་ནི། རབ་འབྱོར་ཅི་སེམས་ཅན་འདི་དག་གིས་དེ་ལྟར་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བར་ཤེས་སམ། གལ་ཏེ་ཤེས་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དེ། རབ་
འབྱོར་སེམས་ཅན་འདི་དག་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བར་མི་ཤེས་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་རྣམ་པར་འགོད་པར་བྱས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་
ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་དགོད་པའི་ཕྲིན་ལས་ཡིན་ནོ།། །།རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པས་ཐོག་མ་ཉིད་དུ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། མངོན་པར་འདུ་བྱ་བ་མ་གཏོགས་པར་འདི་ལ་ཆོས་གང་ཡང་ངོ་བོ་ཉིད་ཀྱིས་
དམིགས་སུ་མེད་དོ་ཞེས་བྱ་བར་ཡོངས་སུ་བརྟག་པར་བྱའོ། །དེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་དེ་ལྟར་རྟོགས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་སམ། སྟོང་པ་ཉིད་ཐམས་ཅད་དམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནམ། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་
Vol. 84 · folio 294b
པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་
དང་། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་རམ། ཆོས་གང་ལ་ཡང་མངོན་པར་ཆགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་སྟོང་པ་སྟེ། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་མངོན་པར་ཞེན་
པར་མི་འགྱུར་རོ། །སྟོང་པ་ཉིད་ཀྱང་དམིགས་སུ་མེད་ན། གང་སྟོང་པ་ཉིད་ལ་མངོན་པར་ཞེན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་ཆོས་ཐམས་ཅད་ཀྱིས་རྣམ་པར་སྤྱོད་དོ། །དེ་བསླབ་པ་
འདི་ལ་གནས་ཤིང་སེམས་ཅན་འདི་དག་ཅི་ལ་སྤྱོད་ཅེས་སེམས་ཅན་གྱི་སྤྱོད་པ་ལ་ལྟ་སྟེ། དེ་འདི་སྙམ་དུ་ཀྱེ་མ་སེམས་ཅན་འདི་དག་ནི་ཡང་དག་པ་མ་ཡིན་པའི་འཛིན་པ་ལ་སྤྱོད་དོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཡང་དག་པ་མ་ཡིན་པའི་འཛིན་པ་ལས་དགྲོལ་བར་བྱ་བ་དཀའ་བ་མེད་དོ་ཞེས་ནས་དེའི་ཚེ་
ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་འདི་སྐད་དུ་སྟོན་ཏོ། །ཀྱེ་སེམས་ཅན་དག་ཚུར་ཤེག །སྦྱིན་པ་བྱིན་ཅིག །དེས་ཁྱེད་ལོངས་སྤྱོད་དང་ལྡན་པར་འགྱུར་གྱི། ལོངས་སྤྱོད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་
ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ཚུལ་ཁྲིམས་སྲུངས་ཤིག །ཚུལ་ཁྲིམས་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་བཟོད་པ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །བཟོད་པ་སྒོམས་ཤིག །བཟོད་པ་དེས་ཀྱང་རློམ་
སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་བརྩོན་འགྲུས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །བརྩོན་འགྲུས་རྩོམས་ཤིག །བརྩོན་འགྲུས་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་ལ་འདེམས་
Vol. 84 · folio 295a
ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཅིག །ཏིང་ངེ་འཛིན་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ཤེས་རབ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །ཤེས་རབ་སྒོམས་ཤིག །ཤེས་
རབ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་སྟོང་པ་ཉིད་ཐམས་ཅད་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །སྟོང་པ་ཉིད་སྒོམས་ཤིག །སྟོང་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་
ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམས་ཤིག །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་འཕགས་པའི་བདེན་པ་དང་། བསམ་གཏན་དང་།
ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་འདེམས་ཏེ། ཀྱེ་སེམས་
ཅན་དག་ཚུར་ཤེག །གཟུངས་ཀྱི་སྒོ་རྣམས་སྒོམས་ཤིག །གཟུངས་ཀྱི་སྒོ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་
དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམས་ཤིག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་
དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རྒྱུན་དུ་ཞུགས་པའི་འབྲས་བུ་སྒོམས་ཤིག །རྒྱུན་དུ་ཞུགས་པའི་འབྲས་བུ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་
Vol. 84 · folio 295b
འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་ཚུར་ཤེག །རང་བྱང་ཆུབ་སྒོམས་ཤིག །རང་བྱང་ཆུབ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འདེམས་ཏེ། ཀྱེ་སེམས་ཅན་དག་
ཚུར་ཤེག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམས་ཤིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ་ཞེས་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ལ་འདེམས་པ་དང་། རྗེས་སུ་སྟོན་པ་དང་། བྱང་ཆུབ་སེམས་དཔའི་ལམ་ལ་སྤྱད་ཀྱང་གང་ལ་ཡང་མངོན་པར་
ཞེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མངོན་པར་ཞེན་པ་མེད་པ་སྟེ། དེ་ནི་འདི་ལྟར་དེ་དག་ལ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། གང་གིས་མངོན་པར་ཞེན་པར་བྱ་བའི་ངོ་བོ་ཉིད་མེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་ཀྱང་གང་ལ་ཡང་
མི་གནས་ཏེ། དེ་གནས་པ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
ཀྱང་དེ་ལ་མི་གནས་སོ། །དེ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བསམ་གཏན་དང་པོ་ནི་བསམ་གཏན་གྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞོག་པ་དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་
པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་
ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་།
Vol. 84 · folio 296a
སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ངོ་། །གང་མཉམ་པར་གཞག་པ་
དེ་ཡང་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་གང་གིས་མཉམ་པར་གཞག་པའི་རྣམ་པ་དེ་དག་ཀྱང་རང་བཞིན་གྱིས་སྟོང་ངོ་། །དེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཀྱང་དེ་ལ་མི་གནས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་ཀྱང་དེ་ལ་མི་གནས་སོ། །
དེ་རང་བྱང་ཆུབ་ཐོབ་ཀྱང་དེ་ལ་མི་གནས་སོ། །གསོལ་པ། དེ་ཅིའི་སླད་དུ་མི་གནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་གཉིས་ཀྱི་ཕྱིར་མི་གནས་ཏེ། གཉིས་གང་ཞེ་ན། ངོ་བོ་ཉིད་དང་། ངོ་བོ་ཉིད་མེད་པ་སྟེ། དེ་གཉིས་ཀྱི་ཕྱིར་གང་ལ་གནས་པའམ། གང་གིས་གནས་པའམ། གང་
གནས་པར་འགྱུར་བ་དེ་ལྟ་བུའི་འབྲས་བུ་དེ་དག་ལ་གནས་མེད་དོ། །དེ་ཙམ་གྱིས་དགའ་བར་ཡང་མི་འཛིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མི་བྱའོ། །བདག་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་
དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་མི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མི་བྱའོ། །བདག་གིས་རང་སངས་རྒྱས་ཀྱི་སའི་བར་དུ་ཐོབ་པར་མི་བྱ་བ་མ་ཡིན་ཏེ། དེ་ལ་གནས་པར་མི་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་
འཚང་རྒྱ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་ས་དང་པོ་ནས་ཉེ་བར་བཟུང་སྟེ། བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བདག་གིས་ནི་ས་བཅུ་པའི་བར་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ། །བྱང་
Vol. 84 · folio 296b
ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་གཏོགས་པར་སེམས་གཞན་གང་ཡང་མ་བསྐྱེད་དོ་སྙམ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་གཡེང་བ་མེད་པར་ལུས་སམ། ངག་གམ་
ཡིད་ཀྱིས་གང་སྤྱོད་ཀྱང་རུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་མི་སྤྱོད་པ་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཀྱི་སེམས་ལ་གནས་ནས། ཡིད་གཡེང་བ་མེད་པར་བྱང་ཆུབ་ཀྱི་ལམ་སྒྲུབ་པོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་
ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཀྱི་ལམ་ཇི་ལྟར་སྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། དེ་ཇི་ལྟ་བུ་ཞེས་བྱ་ན། གང་མངོན་པར་འདུ་མི་བྱེད་པ་དེ་དག་ལ་ནི་ཆོས་
ཐམས་ཅད་མ་སྐྱེས་པའོ། །གསོལ་པ། བཅོམ་ལྡན་འདས་འོ་ན་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་དུ་གནས་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་
ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་དེ་བཞིན་དུ་གནས་སོ། །དེ་ལ་ཡང་གང་ཆོས་ཀྱི་གནས་ཉིད་དེ་ལྟ་བུ་མི་ཤེས་པ་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་
ཆུབ་ཀྱི་ལམ་བསྐྱེད་དེ། ལམ་དེས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱེད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་ལ་འགོད་པའི་ཕྲིན་ལས་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་ཅི་ལགས་སྐྱེས་པར་གྱུར་པའི་ལམ་གྱིས་བྱང་ཆུབ་འཐོབ་པར་
འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་མ་སྐྱེས་པའི་ལམ་གྱིས་བྱང་ཆུབ་འཐོབ་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་སྐྱེས་ཀྱང་
Vol. 84 · folio 297a
སྐྱེས་ལ་མ་སྐྱེས་ཀྱང་མ་སྐྱེས་པའི་ལམ་གྱིས་བྱང་ཆུབ་འཐོབ་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་སྐྱེས་པ་ཡང་མ་ལགས། མ་སྐྱེས་པ་ཡང་མ་ལགས་པའི་ལམ་གྱིས་བྱང་ཆུབ་འཐོབ་
པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ནི་ལམ་གྱིས་ཐོབ་པ་ཡང་མ་ཡིན། ལམ་མ་ཡིན་པས་ཐོབ་པ་ཡང་མ་ཡིན་ཏེ།
བྱང་ཆུབ་ཉིད་ཀྱང་ལམ་མོ། །ལམ་ཉིད་ཀྱང་བྱང་ཆུབ་པོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་ཉིད་ཀྱང་ལམ་མོ། །ལམ་ཉིད་ཀྱང་བྱང་ཆུབ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སྔ་ནས་ཀྱང་ཐོབ་པར་འགྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅོ་བརྒྱད་ཀྱིས་བརྗོད་དོ་ཞེས་ཀྱང་ཅིའི་སླད་དུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སངས་རྒྱས་ཤིག་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །སངས་རྒྱས་ནི་བྱང་ཆུབ་ཐོབ་པར་མི་མཛད་དོ། །སངས་
རྒྱས་ཉིད་ཀྱང་བྱང་ཆུབ་བོ། །བྱང་ཆུབ་ཉིད་ཀྱང་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སྔ་ནས་ཐོབ་པར་འགྱུར་རོ་ཞེས་སྨྲས་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱས། སྟོང་པ་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བྱས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བྱས། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་
Vol. 84 · folio 297b
མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱས། དེ་བཞིན་གཤེགས་པའི་སྟོབས་
བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཤིང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཕྱིན་ཆད་དེ་དེ་བཞིན་གཤེགས་པའི་ཐམས་ཅད་གཟིགས་པ། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཞེས་བྱའོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་
དགོད་པའི་ཕྲིན་ལས་ཡིན་ནོ།། །།རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ལ་གནས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་དང་གཞན་གྱི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་སྟེ། དེ་ཡོངས་སུ་དག་པར་བྱས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་
དག་པར་བྱེད་དོ།། །།བམ་པོ་བདུན་ཅུ་གཉིས་པ། གསོལ་པ། བཅོམ་ལྡན་འདས་ལུས་ཀྱི་གནས་ངན་ལེན་ནི་གང་ལགས། ངག་གི་གནས་ངན་ལེན་ནི་གང་ལགས། ཡིད་ཀྱི་གནས་ངན་ལེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་ཀྱི་ལས་མི་དགེ་བ་སྲོག་གཅོད་པ་
དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནས་ངན་ལེན་ཏོ། །ངག་གི་ལས་ནི་མི་དགེ་བ་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཞེ་གཅོད་པའི་ཚིག་དང་། ཚིག་འཁྱལ་པ་ནི་བྱང་ཆུབ་སེམས་དཔའི་ངག་གི་གནས་ངན་ལེན་ཏོ། །ཡིད་ཀྱི་ལས་མི་དགེ་བ་
Vol. 84 · folio 298a
ཆགས་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་སེར་སྣའི་སེམས་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །ཚུལ་ཁྲིམས་ངན་པའི་སེམས་དང་། འཁྲུགས་པའི་སེམས་
དང་། ལེ་ལོའི་སེམས་དང་། གཡེང་བའི་སེམས་དང་། མཉམ་པར་མ་བཞག་པའི་སེམས་དང་། ཤེས་རབ་འཆལ་བའི་སེམས་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར་
གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་བྲལ་བ་ནི་བྱང་
ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་
དང་བྲལ་བ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱེད་པའམ། དེ་ལ་འདོད་པ་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱེད་པའམ། དེ་ལ་འདོད་པ་བསྐྱེད་པ་ནི་བྱང་ཆུབ་
སེམས་དཔའི་གནས་ངན་ལེན་ཏོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་པའམ། དེ་ལ་འདོད་པ་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པའམ། དེ་ལ་འདོད་པ་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རང་བྱང་ཆུབ་མངོན་དུ་
བྱེད་པའམ། དེ་ལ་འདོད་པ་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་གནས་ངན་ལེན་ཏོ། །རབ་འབྱོར་གཞན་ཡང་གཟུགས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མིག་གི་འདུ་ཤེས་ནི་
Vol. 84 · folio 298b
གནས་ངན་ལེན་ཏོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །གཟུགས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མིག་གི་རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །
རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མིག་གི་འདུས་ཏེ་རེག་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་
དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་
བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །ཆུའི་ཁམས་དང་། མིའི་ཁམས་དང་། རླུང་གི་ཁམས་
དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །མ་རིག་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་།
སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །བུད་མེད་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །སྐྱེས་པའི་འདུ་ཤེས་ནི་གནས་ངན་ལེན་ཏོ། །འདོད་པའི་ཁམས་ཀྱི་འདུ་ཤེས་ནི་གནས་ངན་ལེན་ཏོ། །གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་ནི་
གནས་ངན་ལེན་ཏོ། །དགེ་བའི་འདུ་ཤེས་དང་། མི་དགེ་བའི་འདུ་ཤེས་དང་། འཇིག་རྟེན་པའི་འདུ་ཤེས་དང་། འཇིག་རྟེན་ལས་འདས་པའི་འདུ་ཤེས་དང་། ཟག་པ་དང་བཅས་པའི་འདུ་ཤེས་དང་། ཟག་པ་མེད་པའི་འདུ་ཤེས་དང་། འདུས་བྱས་ཀྱི་འདུ་ཤེས་དང་། འདུས་མ་བྱས་ཀྱི་འདུ་ཤེས་ནི་
Vol. 84 · folio 299a
གནས་ངན་ལེན་ཏོ། །རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གནས་ངན་ལེན་ཏོ། །ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གནས་ངན་ལེན་
དེ་ཐམས་ཅད་རྣམ་པར་སྤངས་ཤིང་བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་བསྐུལ་ཏེ། དེ་ཟས་འདོད་པ་ལ་ནི་ཟས་ཡོངས་སུ་གཏོང་ངོ་། །སྐོམ་འདོད་པ་ལ་ནི་སྐོམ། གོས་འདོད་པ་ལ་ནི་གོས་ཡོངས་སུ་གཏོང་ངོ་། །མིའི་རྐྱེན་དང་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་འདོད་
པ་ལ་ནི་དེ་དག་ཡོངས་སུ་གཏོང་སྟེ། གཞན་ཡང་མིའི་རྐྱེན་དང་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་ཡོངས་སུ་གཏོང་བ་ལ་ཡང་དག་པར་བསྐུལ་ཞིང་རབ་ཏུ་འགོད་དེ། དེའི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་
བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བདག་ཉིད་ཀྱང་ཚུལ་ཁྲིམས་བསྲུང་ངོ་། །གཞན་ཡང་ཚུལ་ཁྲིམས་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་བཟོད་པ་སྒོམ་མོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་བསྐུལ་
ལོ། །བདག་ཀྱང་བསམ་གཏན་ལ་སྙོམས་པར་འཇུག་གོ། །གཞན་ཡང་བསམ་གཏན་ལ་ཡང་དག་པར་བསྐུལ་ལོ། །བདག་ཀྱང་ཤེས་རབ་སྒོམ་མོ། །གཞན་ཡང་ཤེས་རབ་ལ་ཡང་དག་པར་བསྐུལ་ཞིང་གཞོག་གོ། །འདུལ་ལོ། །རབ་ཏུ་འགོད་དོ། །དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་སངས་
རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་དཀོན་མཆོག་གསུམ་ལ་འབུལ་བར་བྱེད་ཀྱང་དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་བདུན་གྱི་
རྒྱུ་ལས་གྲུབ་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྤྱན་མངའ་འམ། སངས་རྒྱས་ཀྱི་མཆོད་རྟེན་གྱི་དྲུང་དུ་ལྷ་རྫས་ཀྱི་རོལ་མོ་བརྡུང་བ་དཀྲོལ་བར་བྱེད་ཀྱང་དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་གི་
Vol. 84 · folio 299b
སངས་རྒྱས་ཀྱི་ཞིང་དུ་ལྷ་རྫས་ཀྱི་སྒྲ་ཡིད་དུ་འོང་བ་རྟག་ཏུ་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་རྫས་ཀྱི་སྤོས་ཀྱིས་ཡོངས་སུ་བཀང་ཞིང་སངས་རྒྱས་རྣམས་སམ། སངས་རྒྱས་ཀྱི་མཆོད་རྟེན་དག་
ལ་འབུལ་བར་བྱེད་ཀྱང་དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་དེར་རྟག་ཏུ་རྒྱུན་མི་འཆད་པར་ལྷ་རྫས་ཀྱི་སྤོས་ཀྱི་ངད་ལྡང་བར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རོ་བརྒྱ་དང་ལྡན་པའི་ཁ་ཟས་དེ་བཞིན་གཤེགས་
པ་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་ལ་འབུལ་བར་བྱེད་ཅིང་དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་དེར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་མན་བུས་
བརྩལ་རོ་བརྒྱ་དང་ལྡན་པ་མངོན་པར་འགྲུབ་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ལྷ་རྫས་ཀྱི་བྱུག་པ་ཡོངས་སུ་འབུལ་བར་བྱེད་ཀྱང་དེ་འདི་སྙམ་
དུ་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་ཀྱང་ལྷ་རྫས་ཀྱི་རེག་པ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་འདི་སྙམ་དུ་ཡིད་ཀྱིས་བསམས་པ་ཙམ་གྱིས་ཡིད་དུ་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་རྣམས་དང་། སེམས་ཅན་ཐམས་ཅད་ལ་དབུལ་ཞིང་ཡོངས་སུ་གཏང་བར་བྱའོ་སྙམ་དུ་སེམས་ཏེ། དེ་དེ་
ལྟར་སེམས་པའི་ཚེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་དེར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། སེམས་ཅན་ཐམས་ཅད་ཀྱང་ཡིད་ཀྱིས་བསམས་པ་ཙམ་གྱིས་
Vol. 84 · folio 300a
ཡིད་དུ་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ཡོངས་སུ་འགྲུབ་པར་གྱུར་ཅིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཏེ། མ་ལ་
བདག་ཉིད་ཀྱང་བསམ་གཏན་དང་པོ་ལ་མཉམ་པར་གཞག་གོ། །སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་དང་པོ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱང་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་མཉམ་པར་གཞག་གོ། །སེམས་ཅན་ཐམས་ཅད་ཀྱང་
བསམ་གཏན་བཞི་པ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱང་བྱམས་པ་ལ་མཉམ་པར་གཞག་གོ། །སེམས་ཅན་ཐམས་ཅད་ཀྱང་བྱམས་པ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་མཉམ་པར་གཞག་གོ། །སེམས་ཅན་ཐམས་ཅད་ཀྱང་བཏང་སྙོམས་ལ་འགོད་དོ། །
མ་ལ་བདག་ཉིད་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་གཞག་གོ། །སེམས་ཅན་ཐམས་ཅད་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་འགོད་དོ། །མ་ལ་བདག་ཉིད་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་
མཆེད་ལ་མཉམ་པར་གཞག་གོ། །སེམས་ཅན་ཐམས་ཅད་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་འགོད་དོ། །མ་ལ་བདག་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་ལ་འགོད་དོ། །མ་ལ་བདག་ཉིད་ཀྱང་
ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འགོད་དོ། །མ་ལ་བདག་ཉིད་ཀྱང་རྣམ་པར་ཐར་
པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འགོད་དོ་སྙམ་སྟེ། དེ་དེ་ལྟར་སེམས་པའི་ཚེ། དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་
Vol. 84 · folio 300b
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་བསམ་གཏན་བཞི་དང་མི་འབྲལ་ཞིང་ཚད་མེད་པ་བཞི་དང་མི་འབྲལ་བ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་།
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མི་འབྲལ་བར་ཤོག་ཤིག་ཅེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་
ནམ་བསམ་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དེ་བདག་ཉིད་ཀྱང་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པ་ཡིན། སེམས་ཅན་དེ་དག་ཐམས་ཅད་ཀྱང་དགེ་བའི་རྩ་བ་དང་ལྡན་པར་བྱེད་པ་
ཡིན་ཏེ། དེ་བདག་ཉིད་ཀྱི་ལུས་ཀྱང་མཛེས་པ་ཡིན་ཏེ། སེམས་ཅན་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་སྨིན་པར་བྱས་པ་དེ་དག་ཀྱང་འདི་ལྟ་སྟེ། བསོད་ནམས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་གཟུགས་བཟང་ཞིང་མཛེས་ལ་ཡིད་དུ་འོང་བའི་གཟུགས་མངོན་པར་འགྲུབ་
སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཞིང་དེ་ལྟར་ཡོངས་སུ་དག་པར་བྱེད་དེ། ཅི་ནས་ཀྱང་ངན་སོང་གསུམ་དུ་གདགས་པའི་མིང་ཡང་མི་སྲིད་པ་དང་། ལྟ་བའི་རྣམ་པར་གདགས་པའི་མིང་ཡང་མི་སྲིད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཏུ་
གདགས་པའི་མིང་ཡང་མི་སྲིད་པ་དང་། བུད་མེད་དང་། སྐྱེས་པར་གདགས་པའི་མིང་ཡང་མི་སྲིད་པ་དང་། ཐེག་པ་གཉིས་སུ་གདགས་པའི་མིང་ཡང་མི་སྲིད་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པར་གདགས་པའི་མིང་ཡང་མི་སྲིད་པ་དང་། ཡོངས་སུ་འཛིན་པར་གདགས་པའི་
མིང་ཡང་མི་སྲིད་པ་དང་། བདག་དང་བདག་གིར་བྱ་བར་གདགས་པའི་མིང་ཡང་མི་སྲིད་པ་དང་། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བར་གདགས་པའི་མིང་ཡང་མི་སྲིད་པ་དང་། ཕྱིན་ཅི་ལོག་ཏུ་གདགས་པའི་མིང་ཡང་མི་སྲིད་པ་དང་། འབྲས་བུར་གདགས་པའི་མིང་ཡང་མི་སྲིད་ཅིང་གཞན་དུ་ན་
Vol. 84 · folio 301a
སེམས་ཅན་དེ་དག་འདོད་པ་བཞིན་དུ་ཤིང་རླུང་གིས་བཏབ་པའམ་ཕྱི་ནང་གི་དངོས་པོ་དག་ལས་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། མི་སྐྱེ་མི་འགག་པའི་སྒྲ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་སྒྲ་དང་། ཆོས་
ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་པའི་སྒྲ་འབྱུང་བ་དང་། ཆོས་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་ངོ་བོ་ཉིད་མེད་པའི་སྒྲ་དང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །གང་སྟོང་པ་ཉིད་དེ་ལ་ནི་
མཚན་མ་མེད་དོ། །གང་ལ་ནི་མཚན་མ་མེད་པ་དེ་ལ་ནི་སྨོན་པ་མེད་དོ་ཞེས་བྱ་བའི་ཆོས་བསྟན་པའི་སྒྲ་ཉིན་མཚན་རྒྱུན་མི་འཆད་པར་འགྲོ་ཡང་རུང་། འདུག་ཀྱང་རུང་། ལྡང་ཡང་རུང་། ཉལ་ཡང་རུང་སྟེ། རྟག་ཏུ་རྒྱུན་མི་འཆད་པ་འབྱུང་བར་འགྱུར་བ་དེ་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ངོ་། །དེ་
ལྟ་བུའི་སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་
ཅིག་བཞུགས་པ་དེ་དག་ཐམས་ཅད་ལེགས་པ་བརྗོད་པར་འགྱུར་ཏེ། སེམས་ཅན་གང་གིས་དེ་བཞིན་གཤེགས་པའི་མཚན་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་དེས་ཆོས་བསྟན་ན། སེམས་ཅན་གང་ཡང་འདི་ནི་ཆོས་སོ། །འདི་ནི་ཆོས་མ་ཡིན་ཞེས་བྱ་བར་ཐེ་ཚོམ་ཟ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་ཆོས་མ་ཡིན་པ་གང་ཡང་མེད་དེ་ཐམས་ཅད་ཀྱང་ཆོས་སོ། །དེ་ལ་སེམས་ཅན་
གང་མི་དགེ་བའི་རྩ་བས་ནོན་པ་དང་། སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་དགེ་བའི་རྩ་བ་མ་བསྐྱེད་པ་མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། བདག་ཏུ་ལྟ་བར་བྱིང་བ་ནས་ལྟ་བའི་རྣམ་པ་ཐམས་ཅད་ཀྱི་བར་དུ་བྱིང་བ་རྟག་པའམ་ཆད་པའི་མཐའ་ལ་གནས་པ།
Vol. 84 · folio 301b
ལོག་པར་འཛིན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་འདུ་ཤེས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པ་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པར་འདུ་ཤེས་པ་དེ་དག་ནི་ཆོས་མ་ཡིན་པ་ཡང་
ཆོས་སོ་ཞེས་ཟེར། ཆོས་ལ་ཡང་ཆོས་མ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཆོས་སྤོང་བར་འགྱུར་ཏེ། དེ་ལྟར་ཆོས་སྤངས་ནས་ལུས་ཞིག་པའི་འོག་ཏུ་ཤི་ནས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་ལྟ་བུ་དག་ལ་ཡང་སངས་རྒྱས་བཅོམ་ལྡན་
འདས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཞིང་འཁོར་བའི་ཁོངས་སུ་ཆུད་པའི་སེམས་ཅན་དེ་དག་སྡིག་པར་ལྟ་བའི་རྣམ་པ་དེ་དག་ལས་རྣམ་པར་འགྲོལ་ཏེ། དེ་ལྟར་རྣམ་པར་བཀྲོལ་ནས་ངེས་པའི་ཕུང་པོར་རབ་ཏུ་བཀོད་དོ། །དེར་བཀོད་པ་
རྣམས་ཕྱིན་ཆད་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ཡིན་ཏེ། དེ་ལྟར་ཡོངས་སུ་སྦྱངས་པས་སེམས་ཅན་རྣམས་འཇིག་རྟེན་པའི་ཆོས་སམ། འཇིག་རྟེན་ལས་འདས་པའི་ཆོས་
སམ། ཟག་པ་དང་བཅས་པའི་ཆོས་སམ། ཟག་པ་མེད་པའི་ཆོས་སམ། འདུས་བྱས་ཀྱི་ཆོས་སམ། འདུས་མ་བྱས་ཀྱི་ཆོས་གང་ལ་ཡང་གནས་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ངེས་པར་འགྱུར་རོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་
དག་པ་ལ་འགོད་པའི་ཕྲིན་ལས་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་ཞེས་བགྱིའམ། མ་ངེས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་པ་སྟེ། མ་ངེས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཕུང་པོའམ། རང་སངས་རྒྱས་ཀྱི་ཕུང་པོའམ། སངས་རྒྱས་ཀྱི་ཕུང་པོའམ། ཕུང་པོ་གང་དུ་ངེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
Vol. 84 · folio 302a
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ཕུང་པོར་ངེས་པའམ། རང་སངས་རྒྱས་ཀྱི་ཕུང་པོར་ངེས་པ་མ་ཡིན་གྱི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཕུང་པོར་ངེས་སོ། །གསོལ་པ། བཅོམ་ལྡན་འདས་སེམས་
དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་ཞེས་བགྱིའམ། འོན་ཏམ་ཕྱིར་མི་ལྡོག་པར་ངེས་ཞེས་བགྱི། སྐྱེ་བ་གཅིག་གིས་ཐོགས་པར་ངེས་ཞེས་བགྱིའམ། འོན་ཏམ་སྲིད་པ་ཐ་མར་ངེས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་དང་པོ་བསྐྱེད་པའི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་པའོ། །ཕྱིར་མི་ལྡོག་པ་ནི་ངེས་པའོ། །སྲིད་པ་གཅིག་གིས་ཐོགས་པ་ནི་ངེས་པའོ། །གསོལ་པ། བཅོམ་ལྡན་འདས་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་རམ་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་འབྱོར་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངན་སོང་དུ་མི་སྐྱེའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བརྒྱད་པའམ། རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་ངན་སོང་དུ་སྐྱེ་བར་འགྱུར་རམ། གསོལ་
པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། ཏིང་ངེ་འཛིན་
ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་དོན་དུ་གནས་པ་དེ་ནི་ངན་སོང་དུ་སྐྱེ་བར་འགྱུར་བའི་གནས་མེད་དོ། །ལྷ་ཚེ་རིང་པོར་སྐྱེ་བའི་གནས་མེད་དོ། །གང་ན་དགེ་བའི་ཆོས་རྣམས་མི་སྤྱོད་པ་དེ་ལྟ་བུར་སྐྱེ་བའི་གནས་མེད་དོ། །གླེན་པ་དང་ལྐུགས་
པར་འགྱུར་བའི་ཡུལ་དུ་སྐྱེ་བའི་གནས་མེད་དོ། །མཐའ་འཁོབ་ཀྱི་ཀླ་ཀློ་དང་། མི་སྲུན་ཞིང་འཁོར་བཞི་རྒྱུར་མེད་པའི་ཡུལ་དུ་སྐྱེ་བའི་གནས་མེད་དོ། །ལོག་པར་ལྟ་བའི་རིགས་སུ་སྐྱེ་བའི་གནས་མེད་དོ། །གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང་། ཆོས་ཀྱི་སྒྲ་མི་གྲག་པ་དང་། དགེ་འདུན་གྱི་སྒྲ་མི་
Vol. 84 · folio 302b
གྲག་པར་འགྱུར་བ་དེ་ལྟ་བུར་སྐྱེ་བའི་གནས་མེད་དོ། །བྱ་བ་མ་ཡིན་པར་ལྟ་བར་ལྟུང་བའི་གནས་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པས་ཡང་དག་པར་ཞུགས་
པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་ཅེས་བྱ་བའི་གནས་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་དགེ་བའི་རྩ་བ་དང་ལྡན་ཞིང་ཚུལ་དང་མི་འདྲ་བའི་གནས་སུ་མི་སྐྱེ་བ་ལགས་ན། གང་འདི་ལྟར་དེ་བཞིན་གཤེགས་པ་
ཉིད་ཀྱང་བྱོལ་སོང་གི་རྒྱུད་དུ་སྐྱེས་པའི་རབས་བསྟན་ན། དེའི་ཚེ་དགེ་བའི་རྩ་བ་དེ་དག་གང་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་དགེ་བའི་ལས་ཀྱིས་བྱོལ་སོང་གི་རྒྱུད་དུ་སྐྱེ་བ་མ་ཡིན་གྱི། ལུས་གང་དང་གང་གིས་སེམས་ཅན་
རྣམས་དོན་དུ་འགྱུར་བ་དེ་དང་དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང་སེམས་ཅན་རྣམས་ཀྱི་དོན་དུ་ཡོངས་སུ་འཛིན་ཀྱང་། རབ་འབྱོར་དེ་ནི་འདི་ལྟར་ཐབས་མཁས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་ཤིང་དེ་ལ་ལ་ཞིག་གསོད་དུ་འོངས་ཀྱང་བླ་ན་མེད་པའི་བཟོད་
པས་བདག་ཡོངས་སུ་གཏོང་ཞིང་སེམས་ཅན་དེ་དག་ལ་གནོད་པར་མི་བྱེད་པ་དེ་ལྟ་བུའི་ཐབས་མཁས་པ་དག་དགྲ་བཅོམ་པའམ། རང་སངས་རྒྱས་དག་ལ་ཡོད་དམ། རབ་འབྱོར་དེ་བས་ན་རྣམ་གྲངས་དེས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་ཕྱིར་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང་བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བ་ཡང་བྱོལ་སོང་གི་སྐྱེ་གནས་ཀྱི་རྒྱུད་ཀྱི་ཉེས་པས་མི་གོས་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དགེ་བའི་ཆོས་གང་ལ་གནས་ཤིང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་རྫོགས་པར་མི་བྱ་བའི་དགེ་བའི་ཆོས་དེ་ལྟ་བུ་གང་ཡང་མེད་དེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི་བླ་ན་
Vol. 84 · folio 303a
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་འཇུག་གི་བར་དུ་དགེ་བའི་ཆོས་གང་ཡང་ཡོངས་སུ་རྫོགས་པར་མི་བྱ་བ་མེད་དོ། །དགེ་བའི་ཆོས་གང་
ཡང་ཡོངས་སུ་རྫོགས་པར་མ་བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་མེད་དེ། དེ་ནི་གནས་མ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་
བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པར་བྱ་སྟེ། དེ་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་བོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཀྱང་ཡོངས་སུ་སྤོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་དཀར་པོ་ཟག་པ་མ་མཆིས་པ་དེ་ལྟ་བུ་དང་ལྡན་པ་ངན་སོང་ངམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་འཕགས་པ་ཟག་པ་མེད་པ་ཡིན་ནམ། གསོལ་པ། བཅོམ་
ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ་དེ་བཞིན་གཤེགས་པ་ནི་འཕགས་ཤིང་ཟག་པ་མི་མངའ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པས་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་མངོན་པར་སྤྲུལ་པ་མཛད་
ཅིང་། དེ་མངོན་པར་སྤྲུལ་ནས་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེས་དེ་བཞིན་གཤེགས་པ་བྱོལ་སོང་གི་སྐྱེ་གནས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་
མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་བྱོལ་སོང་གི་སྐྱེ་གནས་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་
Vol. 84 · folio 303b
སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མེད་པ་དང་ལྡན་པ་ཡང་ཆེད་དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ལུས་དེ་དག་གིས་སེམས་ཅན་རྣམས་ཅི་རིགས་ཅི་ཚུལ་དུ་ཡོངས་སུ་སྨིན་པར་བྱེད་དོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། དགྲ་བཅོམ་པས་སྤྲུལ་པ་མངོན་པར་སྤྲུལ་
ན། སྤྲུལ་པ་དེས་དགྲ་བཅོམ་པའི་ལས་བྱས་ཤིང་ལས་དེས་གཞན་གྱི་དགེ་བའི་རྩ་བ་སྐྱེ་བར་འགྱུར་བ་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་འཕགས་པའི་ཆོས་ཟག་པ་མེད་པ་དང་ལྡན་པ་ཡང་ཆེད་དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ཅི་རིགས་ཅི་ཚུལ་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་ལྟ་བུའི་ལུས་དེས་སྡུག་བསྔལ་དུ་ཡང་མི་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་ཡང་ཉམས་སུ་མི་མྱོང་ངོ་། །རབ་འབྱོར་
དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོས་སྒྱུ་མ་ལས་གླང་པོའི་གཟུགས་སམ། རྟའི་གཟུགས་སམ། གླང་གི་གཟུགས་ཤིག་བསྟན་ཏམ། གཞན་ཡང་སྒྱུ་མ་རྣམ་པ་སྣ་ཚོགས་བསྟན་ན། དེ་དག་གླང་པོའི་གཟུགས་སམ། རྟའི་གཟུགས་སམ། གླང་གི་གཟུགས་སམ། སྲོག་ཆགས་ཀྱི་
རིགས་གཞན་དག་ཏུ་ཡང་འགྱུར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མེད་པ་དང་ལྡན་པ་ཡང་ཆེད་དུ་བསམས་ཤིང་དེ་ལྟ་བུའི་
ལུས་ཡོངས་སུ་འཛིན་ཏེ། ལུས་དེ་དག་གིས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། སྡུག་བསྔལ་གྱི་ཚོར་བར་འགྱུར་བ་གང་ཡང་མེད་དོ། །རབ་འབྱོར་གྱིས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཡེ་ཤེས་ཟག་པ་མ་མཆིས་པ་དང་ལྡན་
ཞིང་ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པ་ནི་ཐབས་ཤིན་ཏུ་མཁས་པ་སྟེ་དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་འཇོག་པའི་ཕྲིན་ལས་ཡིན་ནོ།། །།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
Vol. 84 · folio 304a
སེམས་དཔའ་ཆེན་པོ་ནི་ཆོས་དཀར་པོ་གང་དང་གང་ལ་གནས་ཤིང་དེ་ལྟ་བུའི་ཐབས་མཁས་པ་བགྱིད་ཀྱང་ལས་དེ་ལྟ་བུས་མི་གོས་པར་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་དེ། ཐབས་མཁས་པ་དེ་དག་གིས་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་དེས་དེ་ལ་གང་ཡང་རེག་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་རེག་པར་བྱེད་པ་དང་། གང་གིས་རེག་པར་བྱེད་པ་དང་། གང་ལ་རེག་པར་བྱ་བ་དེ་ལྟ་བུའི་ཆོས་གསུམ་པོ་དེ་དག་ཐམས་ཅད་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གསུམ་པོ་དེ་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པས་སྟོང་པ་ཉིད་ནི་སྟོང་པ་
ཉིད་ལ་རེག་པར་མི་བྱེད་དོ། །སྟོང་པ་ཉིད་ཀྱིས་ཆོས་གང་ལ་ཡང་རེག་པར་མི་འགྱུར་རོ། །སྟོང་པ་ཉིད་ཀྱང་རེག་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་སྟོང་པ་ཉིད་མི་དམིགས་སོ། །དེ་ནི་མི་དམིགས་པ་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཞན་ལ་མི་གནས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་གནས་ཤིང་རྣམ་པ་དེ་ལྟ་བུའི་ཐབས་
མཁས་པ་ལ་སྤྱོད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་མ་ཆུད་པ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་ཀྱིས་སྟོང་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་ཁོངས་སུ་ཆོས་ཐམས་ཅད་འདུས་པ་ལགས། བཅོམ་ལྡན་འདས་སྟོང་པ་ཉིད་ལ་ནི་ཆོས་གང་ཡང་ཁོངས་སུ་ཆུད་པའམ། ཁོངས་སུ་མ་ཆུད་པ་ཞེས་བགྱི་བ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་མི་སྟོང་ངམ། གསོལ་པ།
Vol. 84 · folio 304b
བཅོམ་ལྡན་འདས་སྟོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་སྟེ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མ་འདུས་སམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་
གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་པར་རིག་པར་བྱའོ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ཚད་མེད་པ་ལ་འགོད་པའི་ཕྲིན་ལས་ཡིན་ནོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་
གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཏེ། མངོན་པར་ཤེས་པ་གང་ལ་གནས་ཤིང་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་
གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མཆི་བ་དང་། འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ལ་ཡང་བསྙེན་བཀུར་བགྱིད་པ་དང་། ཆོས་ཉན་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དགེ་བའི་རྩ་བ་བསྐྱེད་པའི་
མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱོགས་
བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་། །འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་། །
གཞན་དུ་ན་མིང་དང་བརྡར་བཏགས་པ་ཉེ་བར་བཟུང་ཞིང་བསྟན་པ་མ་གཏོགས་ཏེ། གདགས་པ་ཀུན་ཀྱང་ངོ་བོ་ཉིད་ཀྱིས་སྟོང་ངོ་། །གལ་ཏེ་འཇིག་རྟེན་གྱི་ཁམས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མི་སྟོང་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མི་སྟོང་སྟེ། གདགས་པའི་རྒྱུ་དེ་དག་
Vol. 84 · folio 305a
ཀྱང་ངོ་བོ་ཉིད་ཀྱིས་མི་སྟོང་པ་ཞིག་ཡིན་ན་ནི། ཉི་ཚེའི་སྟོང་པ་ཉིད་དུ་འགྱུར་ཏེ། དེ་ཡང་སྟོང་པ་ཉི་ཚེ་བ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་སྟེ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབས་ཏེ། མངོན་པར་ཤེས་པ་དེ་དག་ལ་གནས་ཤིང་ལྷའི་མིག་དང་། ལྷའི་རྣ་བ་དང་། རྫུ་འཕྲུལ་གྱི་རྣམ་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དྲན་པ་དང་། འཆི་འཕོ་ཤེས་པ་མངོན་པར་
བསྒྲུབས་ཏེ། མངོན་པར་ཤེས་པ་མེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་མངོན་པར་
ཤེས་པའི་ཕ་རོལ་ཏུ་ཕྱིན་པར་འདུས་པ་སྟེ། མངོན་པར་ཤེས་པ་དེ་དག་ལས་བྱང་ཆུབ་ཡོངས་སུ་བཙལ་བར་བྱའོ། །དེ་ཚོལ་བའི་ཚེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་བདག་ཉིད་ཀྱང་དགེ་བའི་ཆོས་ཐམས་ཅད་མཐོང་ལ། གཞན་ཡང་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་ཏེ། དགེ་བའི་ཆོས་
དེ་དག་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ནི་གང་ལ་མངོན་པར་ཞེན་ཅིང་རོ་མྱོང་བར་བྱེད་པར་མངོན་པར་ཞེན་པར་འགྱུར་བ་མེད་དེ། སྟོང་པ་ཉིད་ནི་རོ་མྱོང་བར་བྱེད་པ་མེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷའི་མིག་མངོན་པར་བསྒྲུབས་ཏེ། ལྷའི་མིག་དེས་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཐོང་སྟེ། དེ་ཆོས་དེ་དག་ལ་གནས་ཤིང་ལས་མངོན་པར་སྒྲུབ་བོ། །ལས་མངོན་པར་སྒྲུབ་པ་དེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སེམས་
ཅན་ནམ་སེམས་ཅན་དུ་གདགས་པར་དམིགས་པ་མེད་དོ། །དེ་ལྟར་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབས་ཏེ། མངོན་པར་ཤེས་པ་དེ་དག་གིས་མངོན་པར་ཤེས་པར་བྱ་བའི་ཆོས་གང་ཇི་སྙེད་པ་དེ་དག་
Vol. 84 · folio 305b
བྱེད་དོ། །དེ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པ་དེ་ཉིད་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་
ཆོས་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་གྱིས་གནས་
པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་
ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བདག་གི་དོན་ཀྱང་མི་ནུས་ན། གཞན་
གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་གྱིས་ནོན་ཞིང་ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་ལས་མི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་
སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི་བདག་གི་དོན་ཡང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་
སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བདག་ཀྱང་གདོན་པར་མི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words