འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ

Sanskrit title (Tibetan script, as in the text) ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨཥྚ་ས་ཧ་སྲི་ཀཱ་བྱཱ་ཁྱཱ་ཨ་བྷི་ས་མ་ཡཱ་ལཾ་ཀ་ར་ཨཱ་ལོ་ཀ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 85 · folio 162b

ཐ་དད་མིན་ཕྱིར་རིགས་དེ་ཡང་། །ཇི་ལྟར་སྣང་བ་བཞིན་དུ་གནས། །ཞེས་བྱ་བའི་ཚུལ་གྱིས་བདག་དང་བདག་གི་ལ་སོགས་པར་མངོན་པར་ཞེན་པ་དང་བྲལ་བས་གཟུགས་ལ་སོགས་པ་སྒྱུ་མ་ལྟ་བུར་གྱུར་པའི་རྣམ་པར་དག་པ་ཡིན་པ་དེ་ཉིད་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་ན་

རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་ཡིན་ལ། དེ་བཞིན་དུ་འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་རྣམ་པར་དག་པ་ཡིན་པས་གཉིས་སུ་བྱར་མེད་པ་ཡིན་པའི་ཕྱིར་ཐ་དད་དེ་མ་ཆད་པའོ། །དེ་བས་འབྲས་བུ་རྣམ་

པར་དག་པས་གཟུགས་ལ་སོགས་པ་རྣམ་པར་དག་པ་དང་། དེ་བཞིན་དུ་གཟུགས་ལ་སོགས་པ་རྣམ་པར་དག་པས་འབྲས་བུ་རྣམ་པར་དག་པའོ་ཞེས་བྱ་བར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་

མ་ཡིན་ཞིང་། །གཅད་དུ་མེད་པས་དག་པར་བརྗོད། །ཅེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་རྣམ་པར་དག་པ་སྤྱིར་བརྗོན་ནས། ཁྱད་པར་དུ་བསྟན་པའི་ཕྱིར་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཞེས་བྱ་བ་ནི། ཐམས་ཅད་

མཁྱེན་པ་ཉིད་གསུམ་རྣམ་པར་དག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་འདི་སྐད་དུ་ཉན་ཐོས་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། རང་སངས་རྒྱས་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་སྤངས་པས་ཐམས་ཅད་

མཁྱེན་པ་ཉིད་རྣམ་པར་དག་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་སྤངས་པས་ལམ་ཤེས་པ་ཉིད་རྣམ་པར་དག་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་

པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ལས་བྱུང་བ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང་། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང་། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་

Vol. 85 · folio 163a

རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་གསུངས་པ་ཡིན་ནོ། །ལམ་ཤེས་ཉིད་ཀྱི་སྐབས་སུ་རྣམ་པར་དག་པ་བཤད་པའི་ཞར་ལ། དེ་བཞིན་གཤེགས་པ་རྣམས་དང་ཉན་ཐོས་ལ་སོགས་པའི་རྣམ་པར་དག་པ་གོ་རིམས་བཞིན་དུ་ཤིན་ཏུ་བ་དང་། ཅིག་ཤོས་སུ་བཤད་

པ་དེ་ཇི་ལྟ་བུ་ཞེ་ན། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཟབ་པོ་ཞེས་བྱ་བ་དང་། གསལ་བར་བགྱིད་པ་དང་། སྣང་བར་བགྱིད་པ་དང་། མཚམས་སྦྱོར་བ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། ཐོབ་པ་མ་མཆིས་

པ་དང་། མངོན་པར་རྟོགས་པ་མ་མཆིས་པ་དང་། མངོན་པར་གྲུབ་པ་མ་མཆིས་པ་དང་། ཤིན་ཏུ་སྐྱེ་བ་མ་མཆིས་པ་སྟེ། འཕགས་པ་ཤཱ་རིའི་བུས་གསོལ་པའི་ཚིག་དགུ་ནི་གོ་རིམས་བཞིན་དུ་ཆུང་ངུའི་ཆུང་ངུ་ལ་སོགས་པ་བསྒོམ་པའི་ལམ་རྣམ་པ་དགུའི་རང་བཞིན་དུ་བརྗོད་པར་བྱའོ། །ཚིག་རེ་རེ་

ཞིང་བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པའི་ཕྱིར་རོ་ཞེས་གསུངས་པ་ནི། ཆེན་པོའི་ཆེན་པོ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམ་པ་དགུ་སྤངས་པ་དང་སྦྱར་བར་བྱའོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་ཞེས་སྨོས་པས་ན་འདོད་པའི་

ཁམས་ལ་སོགས་པའི་ས་དགུ་པོ་བསྒོམ་པའི་ལམ་གཟུང་བར་བྱའོ། །གང་ཡང་འདོད་པའི་ཁམས་དང་སྲིད་རྩེ་ན། །བྱང་ཆུབ་ལམ་གྱི་ཡན་ལག་སྤངས། །ཞེས་བརྗོད་པ་དེ་ནི་ཐབས་ལ་མི་མཁས་པ་ཡིན་པའི་ཕྱིར། ཉན་ཐོས་ཀྱི་དབང་དུ་བྱས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ་

ཞེས་བྱ་བ་ནི་ཁ་ཅིག་གོ། །གཞན་དག་ནི་མི་ལྕོགས་པ་མེད་པར་གནས་པ་ནས་བརྩམས་ཏེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་མཐར་ཐུག་པའི་བར་གྱི་ས་དགུ་ནི་བསྒོམ་པའི་ལམ་ཡིན་ནོ་ཞེས་འཆད་དོ། །འདོད་པའི་ཁམས་ལ་སོགས་པ་སྨོས་པ་ནི་དེར་ཡུམ་དོན་དམ་པར་གནས་པ་མེད་པར་སྟོན་པ་

ལྷུར་བྱེད་པ་ཡིན་གྱི་ས་དགུ་བཤད་པ་ནི་མ་ཡིན་ནོ། །དེའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཇི་སྐད་དུ་བཤད་པའི་ས་དགུ་ལ་སོ་སོ་འམ་གོ་རིམས་བཞིན་དུ་མི་མཐུན་པའི་ཕྱོགས་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུའི་གཉེན་པོའི་ངོ་བོར་གོ་རིམས་བཞིན་དུ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་

Vol. 85 · folio 163b

པ་རྣམ་པ་དགུ་འབྱུང་བ་ནི་རྣམ་པ་ཐམས་ཅད་དང་། ཅིག་ཤོས་སུ་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་དག་པ་ཤིན་ཏུ་བ་དང་ཅིག་ཤོས་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང་། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་

དག་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་མ་བཏགས་པའི་ཤིན་ཏུ་བའི་རྣམ་པར་དག་པ་ཡིན་ཞེ་ན། གསོལ་པ་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་འཚལ་ཞེས་བྱ་བ་ནི་རང་གི་ངོ་བོའོ། །ཡང་དག་པར་རབ་ཏུ་མ་འཚལ་ཞེས་བྱ་བ་ནི་རབ་དབྱེ་བའོ། །རྣམ་

པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཅི་ཞིག་ཅེས་བྱ་བ་ནི་འདི་ཡུལ་གང་དུ་གཏོགས་པ་ཞུས་པ་ཡིན་གྱི་སྤོང་བ་ནི་མ་ཡིན་ནོ། །དེ་ཉིད་ནི་གཟུགས་མི་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་རྟག་ཏུ་གནས་པའི་ཅིའི་ཕྱིར་མི་ཤེས་

སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན་ཉིད་དུ་ན་དངོས་པོ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གཉེན་པོའི་ཕྱོགས་ནི་ཆེན་པོའི་ཆེན་པོ་ལ་སོགས་པ་ཡིན་ཞིང་མི་མཐུན་པའི་ཕྱོགས་ནི་ཆུང་ངུའི་ཆུང་ངུ་ལ་སོགས་

པར་རིགས་པ་མ་ཡིན་ནམ་དེ་ཅི་ལྟར་ན་གཞན་དུ་བསྟན་ཞེས་རྟོག་པ་ལ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གནོད་པར་མི་བགྱིད་ཅེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་གནས་པ་སེལ་བར་མི་བྱེད་པའི་ཕྱིར་རོ། །ཕན་

པར་མི་བགྱིད་ཅེས་བྱ་བ་ནི་སྔོན་མེད་པ་མི་སྐྱེད་པའི་ཕྱིར་རོ་ཞེས་སྔ་མ་དང་སྦྱར་རོ། །ཆོས་གང་ཡང་ཡོངས་སུ་མི་འཛིན་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་སོ། །ཡོངས་སུ་མི་གཏོང་ངོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སོ། །མ་འཚལ་ཞེས་བྱ་བ་ལ་སོགས་པ་ནི་སྐབས་ཀྱི་སྤྱིའི་དོན་ནི་འདི་ཡིན་

ཏེ། གཉེན་པོ་ནི་ཆེན་པོ་ལ་སོགས་པ་ཡིན་ལ། མི་མཐུན་པའི་ཕྱོགས་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཡིན་པར་རིགས་པ་མ་ཡིན་ནམ། ཇི་ལྟར་གཞན་དུ་བསྟན་ཞེས་རྒོལ་བ་ལ། དོན་དམ་ཕན་པར་བྱེད་པ་དང་གནོད་པ་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལན་དང་། དེ་བཞིན་དུ་ཀུན་

Vol. 85 · folio 164a

རྫོབ་ཏུ་དྲི་མ་ཕྲ་མོ་བསལ་བ་ཁྲུས་མཁན་འབད་པ་ཆེན་པོ་བྱེད་པའི་དཔེ་དང་། གཉེན་པོའི་ཕྱོགས་ཆུང་ངུའི་ཆུང་ངུ་ལ་སོགས་པ་རིམ་པ་སྐྱེ་བ་དོན་གྱིས་འཕངས་པར་ལན་བཏབ་པས་ཁམས་གསུམ་གྱི་རྣམ་པ་ཅན་གྱི་ཤེས་པ་དང་། ཤེས་བྱ་དག་མི་དམིགས་པའི་ཕྱིར་ཇི་

སྐད་བསྟན་པའི་བསྒོམ་པའི་ལམ་སྐད་ཅིག་མ་ཐ་མ་དེའི་ཆོས་ཐམས་ཅད་མཉམ་པ་ཉིད་སྒྱུ་མ་ལྟ་བུར་རྟོགས་པ་གང་ཡིན་པ་དེ་ཉིད་མཐའ་དག་གི་གཉེན་པོའི་ངོ་བོ་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་དངོས་ཀྱི་ཤིན་ཏུ་རྣམ་པར་དག་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་པར་རྣམ་པར་གཞག་གོ། །

དེ་སྐད་དུ་ཡང་། དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །མཉམ་པ་ཉིད་ཀྱིས་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །བསྒོམ་པའི་ལམ་ཡོངས་སུ་རྫོགས་པའི་འོག་ཏུ་དེའི་སྐབས་སུ་གཟུགས་རྣམ་པར་དག་

པ་གང་ཡིན་པ་དང་འབྲས་བུ་རྣམ་པར་དག་པ་གང་ཡིན་པ་ཞེས་སྔར་གསུངས་པ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་བདག་རྣམ་པར་དག་པས་གཟུགས་རྣམ་པར་དག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གཞན་གྱིས་ཡོངས་སུ་བརྟགས་པའི་

བདག་དོན་དམ་པར་སྐྱེ་བ་མེད་པར་རྣམ་པར་དག་པ་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ནས་ཐམས་ཅད་མཁྱེན་པའི་མཐར་ཐུག་པའི་བར་གྱི་རྣམ་པར་དག་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་འདྲེས་གསུམ་གྱི་དོན་ཡིན་ནོ་གཟུགས་ལ་སོགས་པ་དང་བདག་ཉིད་ནི་ཀུན་རྫོབ་འབའ་ཞིག་ཏུ་དོན་

གྱི་བྱ་བ་ལ་གོ་རིམས་བཞིན་དུ་ནུས་པ་དང་མི་ནུས་པ་གཉིས་ཀྱིས་བདེན་པ་དང་བརྫུན་པའི་དབྱེ་བས་ཕྱེ་བ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པར་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་བསྒོམ་

པའི་ལམ་ལ་དེ་ཁོ་ན་ཉིད་དུ་ན་རྟོག་པ་མེད་དོ་ཞེས་བཅོམ་ལྡན་འདས་བདག་རྣམ་པར་དག་པར་ཐོབ་པ་ཡང་མ་མཆིས་མངོན་པར་རྟོགས་པ་ཡང་མ་མཆིས་སོ་ཞེས་གསོལ་བ་ཡིན་ནོ། །དེ་ལ་འཐོབ་པ་མ་མཆིས་པ་ནི་དང་པོ་སྐྱེས་པས་ཐོབ་ཏུ་རུང་བའི་མཚན་ཉིད་ཅན་དུའོ། །མངོན་པར་རྟོགས་པ་མ་མཆིས་

Vol. 85 · folio 164b

པ་ནི་རྣམ་པར་གྲོལ་བའི་ལམ་གྱིས་སོ། །དེ་ལྟར་དེ་ཁོ་ན་ཉིད་དུ་མ་ཡིན་ནོ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ཏེ། སྟོང་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་རྫོབ་ཏུ་ཐམས་ཅད་ཡོད་དོ་ཞེས་སྨྲས་པ་ནི་བཅོམ་ལྡན་འདས་བདག་མུ་མ་མཆིས་པས་ན་

ཞེས་བྱ་བ་ལ་སོགས་པའོ། །མ་བརྟགས་པ་གཅིག་པུ་ན་ཉམས་དགའ་བ་རྒྱུ་སྔ་མ་སྔ་མའི་བདག་ཉིད་ཀྱི་རང་བཞིན་མུ་མེད་པས་གཟུགས་ལ་སོགས་པ་མུ་མེད་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་རིགས་པའི་རྗེས་སུ་འགྲོ་བའི་སྐྱེ་བ་དང་བྲལ་

བ་ཉིད་ཡིན་པའི་ཕྱིར་རོ། །ལམ་ཤེས་པ་ཉིད་ཉེ་བར་བསྡུ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་གང་དེ་ལྟར་རྟོགས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དེ་ལྟར་བཤད་མ་ཐག་པའི་མོག་མོག་པོར་བྱེད་པ་ལ་སོགས་པའི་རིམ་པས་རྟོགས་ཤིང་

ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་ཉེས་པ་མེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པ་རྒྱན་གྱི་སྣང་བ་ལས་ལམ་ཤེས་པ་སྟེ་སྐབས་གཉིས་

པའོ།། །།གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ཡང་དག་པར་ཡོངས་སུ་ཤེས་པར་མི་འགྱུར་བས་ཐམས་ཅད་ཤེས་པ་ཉིད་བརྗོད་པའི་དོན་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་

སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་གསུམ་པའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པར་མཉམ་པ་ཉིད་དུ་རྟོགས་པས་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་ལྐོག་ཏུ་གྱུར་པ་སྟེ། བསྐལ་པའི་རང་བཞིན་ཅན་གང་ཡིན་པ་འདི་

ནི་ཚུ་རོལ་གྱི་འགྲམ་འཁོར་བར་མ་ཡིན་ཏེ་ཤེས་རབ་ཀྱིས་ཉེས་དམིགས་མཐོང་བའི་ཕྱིར་རོ། །ཕ་རོལ་གྱི་འགྲམ་མྱ་ངན་ལས་འདས་པར་མ་ཡིན་ཏེ་བརྩེ་བས་གཞན་གྱི་དོན་བྱེད་པའི་ཕྱིར་རོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་མ་གཏོགས་པར་དབུས་སུ་ཡང་གནས་པ་མ་ཡིན་

Vol. 85 · folio 165a

ཏེ་དངོས་པོ་མེད་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་དང་སྙིང་རྗེ་དག་ཡང་དག་པར་རྟོགས་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་གར་དམིགས་པ་དང་བྲལ་བའི་ཕྱིར་རོ། །དེ་སྐད་དུ་ཡང་། ཚུ་རོལ་ཕ་རོལ་མཐའ་ལ་མིན། །

དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་པ་ཡིན་ནོ། །ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་བཟློག་སྟེ་བསྟན་པས་ཉན་ཐོས་ལ་སོགས་པ་ལ་ནི་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར་ཡང་དག་པའི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རིང་བར་གྱུར་པ་ཡིན་པས་རང་གི་རྟོགས་པ་ཙམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བ་ཡིན་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་འཁོར་བའམ་མྱ་ངན་ལས་འདས་པ་ལ་ཡིན་པར་ཤེས་པར་

བྱའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་ལ་ལར་ནི་རྗེས་སུ་འགྲོ་བའི་སྒོ་ནས། ལ་ལར་ནི་ལྡོག་པའི་སྒོ་ནས། ལ་ལར་ནི་གཉི་གའི་སྒོ་ནས་ཀྱང་སྟོན་པ་ཡིན་པར་ཤེས་པར་བྱའོ། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་བྱ་བའི་ཚུལ་གྱིས་

ན་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་ནི་དངོས་པོའི་དོན་རྟོགས་པ་ཉིད་ཡིན་ལ། དེ་ཡང་ཐམས་ཅད་ལ་ཡོད་པ་ཉིད་མ་ཡིན་ནམ། ཅི་ལྟར་ན་ཉན་ཐོས་ལ་སོགས་པ་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་བར་གྱུར་པ་ཡིན་ཞེ་ན། བཅོམ་ལྡན་འདས་དེ་ལྟར་ཡང་

ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་དངོས་པོ་ལ་སོགས་པ་གཞན་གྱི་རྣམ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དེ་ལྟར་གང་དུ་ཡང་མི་གནས་སོ་ཞེས་མངོན་པར་ཞེན་པའི་མཚན་མ་དང་ལྡན་པས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །འདོར་བར་འགྱུར།

རིང་དུ་བགྱིད་པར་འགྱུར་རོ་ཞེས་བྱ་བ་ནི། དེའི་ཚེ་དང་དུས་ཕྱི་མ་དག་ཏུ་གོ་རིམས་བཞིན་དུ་བརྗོད་པར་བྱའོ། །མཚན་མར་ཤེས་པས་རྒྱལ་བའི་ཡུམ་ལས་རིང་བར་འགྱུར་བ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད་སྙམ་དུ་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་མིང་ལས་ཀྱང་ཞེས་

Vol. 85 · folio 165b

བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པས་བཏགས་པ་ཙམ་ནི་མིང་ངོ་། །ཀུན་བརྟགས་པ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་ནི་མཚན་མའོ། །ཞེན་པའི་གནས་སུ་ཕྱིན་ཅི་ལོག་པ་ནི་ཆགས་པའོ། །འདི་སྐད་དུ་སྒྱུ་མ་མཁན་གྱི་སྤྲུལ་པའི་དངོས་

པོ་སྣང་བ་ལ་དེའི་རང་གི་ངོ་བོ་མི་ཤེས་པ་དག་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་མི་སྣང་བ་དེ་བཞིན་དུ་དགེ་བའི་བཤེས་གཉེན་ལ་སོགས་པ་ཐབས་མཁས་པ་དང་བྲལ་བའི་ཕྱིར་མཚན་མ་དང་ལྡན་པར་རྟོགས་ན་ཕྱིན་ཅི་ལོག་གི་མཚན་ཉིད་དམིགས་པ་ལ་ཆགས་པར་གྱུར་པས་ན་དངོས་

པོའི་རང་བཞིན་མ་ཤེས་པའི་ཉན་ཐོས་ལ་སོགས་པ་རྣམས་ལ་ནི་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་མེད་པ་དེ་བས་ན་དེ་དག་ལ་རྒྱལ་བའི་ཡུམ་རིང་བར་གྱུར་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་དངོས་པོ་ལ་མངོན་པར་ཞེན་པའི་འཁྲུལ་པའི་མཚན་མ་བསལ་བ་རྣམས་

ཀྱིས་ནི་གཟུགས་ལ་སོགས་པའི་ཆོས་ཡོངས་སུ་ཤེས་པ་ཉིད་དེའི་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་ཡིན་ཏེ། དེའི་ཕྱིར་དེ་དག་ལ་ཡུམ་འདི་ཡང་དག་པར་ཉེ་བར་གྱུར་པར་དོན་གྱི་ཤུགས་ཀྱིས་བསྟན་ཏོ་ཞེས་སྨྲས་པ་ནི། བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས། ཆགས་པ་འདི་དག་

ཀྱང་ཞེས་བྱ་བ་ནི་མིང་ལ་སོགས་པའོ། །ཇི་ཙམ་དུ་ཞེས་སྨོས་པས་ནི་ཤིན་ཏུ་རྣམ་པར་དག་པ་ལ་སོགས་བསྡུའོ། །ལེགས་པར་བཤད་ཅིང་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལུང་དང་རྟོགས་པ་ལས་བཟློག་ཏེ་གསུངས་པའི་ཕྱིར་རོ། །ལེགས་པར་བསྟན་ཏེ་ཞེས་བྱ་བ་ནི་ཐེག་པ་ཆེན་

པོའི་ལུང་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་རོ། །ཤིན་ཏུ་མཐར་གཏུགས་པ་ཞེས་བྱ་བ་ནི་ཡོན་ཏན་མ་ལུས་པའི་རབ་ཀྱི་མཐར་ཐུག་པ་རྟོགས་པ་ཡིན་ནོ། །འདི་དག་ཉིད་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དབྱེ་བ་ལས་ཞེས་བྱའོ། །དེ་སྐད་དུ་ཡང་། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་

ཡིན་པས་རིང་བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ཡུམ་ལས་རིང་བར་རྗེས་སུ་བསྒྲུབ་པ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་གཉེན་པོ་ཉིད་ཡིན་ཡང་དངོས་པོར་དམིགས་པ་ཕྱིན་ཅི་ལོག་ཏུ་འཇུག་པ་ཉིད་ཀྱིས་སྤང་བར་བྱ་བ་ཡིན་

Vol. 85 · folio 166a

པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པར་བསྟན་པའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་ཆགས་པ་གང་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟོང་པའི་ཞེས་བྱ་བ་ནི་མུ་སྟེགས་ཀྱིས་ཡོངས་སུ་བརྟགས་པའི་བདག་དང་བྲལ་བའོ་སྙམ་དུ་ཤེས་

པ་ནི་ཞེས་འོག་ནས་འཆད་པ་དང་སྦྱར་རོ། །སེམས་དང་པོ་བསྐྱེད་པས་ཞེས་བྱ་བ་ལ། འདིར་སེམས་བསྐྱེད་པས་ནི་སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཉེ་བར་མཚོན་པའོ། །འདི་ཙམ་ཞེས་བྱ་བ་ནི་ཚད་མེད་པ་ལ་སོགས་པ་གྲངས་ཀྱིས་མཆོད་པའོ། །ཇི་ལྟར་ན་སེམས་བསྐྱེད་པ་

ཆགས་པ་ཡིན་ཞེས་སྨྲས་པ་ནི། འཕགས་པ་རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ལ་སོགས་པའོ། །ཕྱིན་ཅི་ལོག་ཏུ་འཇུག་པས་ན་ཀཽ་ཤི་ཀ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་བྱང་ཆུབ་སེམས་དཔའི་སེམས་དང་པོའོ་ཞེས་དེ་ལྟར་མངོན་པར་ཞེན་པའི་ཚུལ་གྱིས་གང་གི་ཚེ་

བྱང་ཆུབ་སེམས་དེ་ཡང་དག་པར་ཤེས་ཤིང་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་པོ་འདི་ཡོངས་སུ་བསྔོ་བར་བྱའོ་ཞེས་མངོན་པར་ཞེན་པའི་ཚུལ་གྱིས་གང་གི་ཚེ་ཡོངས་སུ་བསྔོ་བ་དེའི་ཚེ་རྣམ་གྲངས་འདིས་ཆགས་པ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །ཅིའི་ཕྱིར་དེ་ལྟར་ཕྱིན་ཅི་ལོག་ཡིན་ཞེ་ན། རིགས་ཀྱི་བུ་འམ་

རིགས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་མ་སྐྱེས་པ་ཉིད་ནི་ཇི་སྐད་བཤད་པའི་དབྱེ་བ་རྣམ་པ་བཅུ་གཉིས་ཀྱིས་ཕྱེ་བའི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པས་ཡོངས་སུ་བསྔོ་བར་མི་ནུས་སོ། །འདི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་

གཅིག་དང་དུ་མའི་རང་བཞིན་གྱིས་ཡང་དག་པར་ཤེས་པར་ཡང་མི་ནུས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། ཡང་དག་པར་ཤེས་ཤིང་ཡོངས་སུ་བསྔོ་ན་ཞེས་བྱ་བའི་ཚིག་གཉིས་ཀྱི་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །འདི་སྐད་དུ་གང་གི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱི་སྟོང་པ་ཉིད་དང་དུས་

གསུམ་པའི་ཆོས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ཀའི་གནས་སུ་གྱུར་པ་རྣམས་ཀྱི་འདས་པ་ལ་སོགས་པའི་ངོ་བོ་ཉིད་དང་། སྦྱིན་པ་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་རྣམས་རྗེས་སུ་སྒྲུབ་པ་ལ། དེ་ཁོ་ན་ཉིད་དུ་དམིགས་པའི་འདུ་ཤེས་ནི་ཕྱིན་ཅི་ལོག་ཏུ་འཇུག་པས་མི་མཐུན་པའི་ཕྱོགས་ཡིན་

Vol. 85 · folio 166b

པ་དེའི་ཕྱིར་འདི་དག་གི་རང་བཞིན་དེ་ཉིད་ནི་ཡང་དག་པར་ཤེས་པར་མི་ནུས་སོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང་། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་གཏོགས་པའི་ཆོས་རྣམས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་

ཕྱོགས། །ཞེས་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཇི་སྐད་བཤད་པའི་དོན་ལས་བཟློག་པ་གཉེན་པོའི་ཕྱོགས་ཡིན་པར་ནི་ཀཽ་ཤི་ཀ་དེ་བས་ན་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །གང་གི་ཕྱིར་མི་མཐུན་པའི་ཕྱོགས་སྤང་བར་བྱ་བ་ཡིན་ལ་དེ་བས་ན་ཡང་དག་པའི་རྗེས་

སུ་རྟོགས་པས་ཏེ། སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་ལེན་པ་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པ་གཞན་དག་ལ་ཡང་དག་པར་བསྟན་པ་ལ་སོགས་པ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་བདག་ཉིད་ལ་ཡང་གནོད་པ་མི་བྱེད་ཅིང་ཞེས་བྱ་བ་ནི། དེ་བཞིན་དུ་ཡང་དག་

པར་རྟོགས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པ་ཡང་རང་ཉིད་གནས་པའི་ཕྱིར་བདག་ཉེ་བར་དམིགས་པའི་ཕྱིན་ཅི་ལོག་གི་ཁྱད་པར་གྱིས་རྣམ་པར་འཇིག་པར་མི་བྱེད་པའོ། །འདི་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་དམིགས་པ་སྔར་བརྗོད་པའོ། །ཆགས་པ་ཤིན་ཏུ་རགས་པ་ཆོས་ཉིད་དང་མི་

འགལ་བར་སྟོན་པས་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཆགས་པ་རབ་ཏུ་ཕྲ་བའི་དོན་དུ་གསུངས་པ་ནི་རབ་འབྱོར་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །མཚན་མར་ཡིད་ལ་བྱེད་ན་ཞེས་བྱ་བ་ནི་གཟུགས་ཀྱི་སྐུ་ལ་སོགས་པར་དམིགས་པས་མངོན་སུམ་དུ་ཕྱོགས་པར་བྱེད་པའི་ཕྱིར་རོ། །ཡང་

ཇི་ལྟར་ན་དེ་ལྟ་བུ་ཆགས་པ་ཡིན་པར་བཤད་ཅེ་ན། རབ་འབྱོར་མཚན་མ་ཇི་སྲིད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐབས་ཀྱི་དོན་ནི་འདི་ཡིན་ཏེ། བདག་ཉིད་ལ་སོགས་པ་མེད་པར་རྟོགས་པས་འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པ་ལ་རང་གཞན་ངེས་པར་སྦྱོར་བ་

ནི་ཡང་དག་པར་ཞུགས་པ་ཡིན་པའི་ཕྱིར་དང་། ཆགས་པའི་ཚོགས་ཀྱི་གནས་ཐམས་ཅད་བཀག་པས་བླང་བར་བྱ་བ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཡིད་ལ་བྱེད་པ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱི་གཉེན་

Vol. 85 · folio 167a

པོ་ཡིན་ན་ཡང་ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་གཉེན་པོའི་ཕྱོགས་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་སྐད་དུ་ཡང་། སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་སྦྱོར་བྱེད་པ། །ད་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་

སོགས་ལ་ཆགས་པ་ཕྲ། །ཞེས་གསུངས་སོ། །ཡང་ཇི་ལྟར་ཆགས་པ་ཕྲ་མོ་མི་མཐུན་པའི་ཕྱོགས་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་པས་བསུ་ནས། རབ་འབྱོར་མཚན་མ་ལས་ནི་ཆགས་པ་འབྱུང་སྟེ་ཞེས་བྱ་བ་གསུངས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ལྟར་ན་ཞེས་

བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་ནི་འདི་ཡིན་ནོ་ཞེས་ངེས་པར་གཟུང་བས་མཚན་མར་བྱར་མི་རུང་ངོ་། །ཡང་དང་ཡང་དུ་ཡུལ་དུ་བྱེད་པས་དམིགས་པར་བྱར་མི་རུང་ངོ་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་ནི་མཐོང་བ་དང་ཐོས་པ་དང་རྟོགས་པ་དང་རྣམ་པར་རིག་པ་མ་ཡིན་ནོ་ཞེས་བྱ་བ་ནི་མིག་གི་རྣམ་

པར་ཤེས་པས་བལྟ་བས་མཐོང་བའོ། །རྣ་བའི་རྣམ་པར་ཤེས་པས་ཉན་པས་ཐོས་པའོ། །སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བའི་ཕྱིར་རྟོགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པས་ཉེ་བར་དམིགས་པས་རྣམ་པར་རིག་པ་ཉིད་ནི་དེ་མ་ཡིན་ནོ་ཞེས་རེ་རེ་དང་སྦྱར་བར་བྱའོ། །འདི་

ཉིད་ཤེས་བྱ་དང་ཤེས་པ་ཟབ་པའི་དབྱེ་བས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་བ་ཡིན་ཏེ། རང་བཞིན་ཞེས་བྱ་བ་ནི་རང་གི་ངོ་བོ་སྟེ་དེ་བཞིན་ཉིད་ཅེས་བྱ་བའི་དོན་ཏོ། །དབེན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉེ་བར་དམིགས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རོ། །རང་བཞིན་ཟབ་པའོ་ཞེས་བྱ་བ་ནི་

ཤེས་པའི་ངོ་བོ་ཉིད་ནི་རང་བཞིན་གྱིས་མ་སྐྱེས་པ་ཡིན་པས་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཟབ་པ་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་དང་རང་བཞིན་དབེན་པས་ན་ཞེས་བྱ་བ་ནི། གོ་རིམས་བཞིན་དུ་མི་འགྱུར་བ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་

དང་། ཡོངས་སུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ། གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་རིགས་ཤེས་བྱའི་རང་བཞིན་ནི་ངོ་བོ་ཉིད་ཁོ་ནས་སྟོང་པ་ཉིད་ཡིན་པས་དེ་དག་ཟབ་པ་ཡིན་པ་དེའི་ཕྱིར་ཚུལ་འགའ་ཞིག་གིས་དམིགས་པ་ནི་ཆགས་པ་ཕྲ་མོ་ཡིན་པས་མི་མཐུན་པའི་

Vol. 85 · folio 167b

ཕྱོགས་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་སྐད་དུ་ཡང་། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་གསུངས་པ་ཡིན་ནོ། །འོ་ན་དེ་ཇི་ལྟར་སྤང་ཞེ་ན། རང་བཞིན་དབེན་པས་ན་ཞེས་བྱ་བ་སྨོས་ཏེ། དངོས་པོར་ཁས་བླངས་པའི་ཉེས་པ་དང་བྲལ་བ་ཉིད་ཀྱིས་ན་གང་གི་

ཕྱིར་རང་བཞིན་གྱིས་དབེན་པ་ཉིད་ཡིན་པ་དེ་བས་ན་ཕྱག་འཚལ་ལོ་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སྨོས་པས་ན་འོ་ན་ནི་ཆོས་ཐམས་ཅད་དང་དབེན་པ་མ་ཡིན་ནོ་ཞེས་རྟོག་པ་ལ། རབ་འབྱོར་ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་རིག་པའི་ངོ་བོ་ཉིད་ཡིན་པས་ན་

ཆོས་ཐམས་ཅད་དབེན་པ་ལ་རང་རིག་པའི་རང་བཞིན་དུ་རྟོགས་པ་མེད་པའི་ཕྱིར་ན་ཇི་ལྟར་རང་རིག་པའི་རང་བཞིན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། འདི་ལྟར་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ། གང་གི་ཚེ་ཕྱིའི་

དངོས་པོར་ཡོངས་སུ་གྲུབ་པ་མེད་པས་ན་རྨི་ལམ་ལ་སོགས་པ་དང་འདྲ་བར་སོས་པའི་དབྱེ་བ་རྣམ་པ་སྣ་ཚོགས་པར་ཉེ་བར་སྟོན་པའི་ཕྱི་རོལ་ལྟ་བུར་ཡོངས་སུ་བསལ་བའི་ངོ་བོར་རྣམ་པར་ཤེས་པ་སྐྱེ་བ་ཡིན་ཏེ་དེ་བས་ན་ཡེ་ཤེས་ནི་ཀུན་རྫོབ་ཏུ་སྒྱུ་མ་དང་འདྲ་བར་ཐུགས་སུ་ཆུད་པས་དེ་དང་ཐ་མི་དད་པ་ཉིད་ཀྱིས་ན་

ཆོས་ཐམས་ཅད་མ་བྱས་པ་སྟོང་ཞིང་སྒྱུ་མ་ལྟ་བུའོ་ཞེས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར། དེ་རྣམས་དབེན་པ་ཉིད་དུ་ཡང་ཐུགས་སུ་ཆུད་དོ་ཞེས་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །དེས་

ན་འདི་ཀུན་བདེན་པ་སྟེ། །དམ་པའི་དོན་དུ་བདེན་མ་ཡིན། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་བརྗོད་པ་ཡིན་ནོ། །འདས་མ་ཐག་པའི་དོན་གྱི་དེ་ཁོ་ན་ཉིད་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ཁོ་ན་ཉིད་དུ་ན་མངོན་པར་རྫོགས་པར་

སངས་རྒྱས་སོ་ཞེས་བྱ་བ་ནི་ལྷག་མའོ། །ལེགས་པར་སྨྲས་པ་ཉིད་ཀྱིས་གཞུང་འཛུགས་པར་མཛད་པ་ནི། རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རང་བཞིན་ཇི་ལྟ་བུ་ཡིན་ཞེ་ན། རང་བཞིན་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་ཏེ་ངོ་

Vol. 85 · folio 168a

བོ་ཉིད་དམ་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དང་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རང་བཞིན་མེད་པའོ། །རང་བཞིན་མེད་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། འདི་ལྟ་སྟེ་རང་གི་མཚན་ཉིད་མེད་པས་ཏེ་ངོ་བོ་ཉིད་པས་མཚན་ཉིད་གཅིག་པའི་ཕྱིར་ཏེ།

རང་བཞིན་གཅིག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཉེ་བར་སྡུད་པ་ནི་རབ་འབྱོར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་པོ་རྣམས་ནི་རྒྱུ་ཐ་དད་པ་ཉིད་ཀྱིས་བསྐྱེད་པས་རང་བཞིན་ཐ་དད་པ་ཉིད་མ་ཡིན་ནམ། ཇི་ལྟར་ན་མཚན་ཉིད་གཅིག་པ་ཉིད་ཡིན་སྙམ་པའི་

དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཆོས་ཀྱི་རང་བཞིན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྙམ་དུ་གང་གི་ཕྱིར་དངོས་པོ་འདི་རྣམས་ཀྱི་སྐྱེ་བའི་ངོ་བོ་ཉིད་ནི་ཚད་མས་གདོན་པ་ཉིད་ཡིན་པའི་ཕྱིར་བསྐྱེད་པའི་རྒྱུ་ཐ་དད་པ་དང་འབྲེལ་བའི་དངོས་པོ་དུ་མའི་

རང་བཞིན་ཉིད་མེད་པ་ནི་འདི་དག་གི་སྣ་ཚོགས་པའི་རང་བཞིན་དོན་དམ་པ་མ་ཡིན་པ་དེ་བས་ན་རང་བཞིན་གཅིག་པ་ཉིད་ཡིན་ནོ་ཞེས་དགོངས་པའོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་དུ་གསུངས་པའི་རིམ་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་

བཞིན་གཅིག་པ་ཁོ་ན་ཡིན་ཏེ། འདི་ལྟ་སྟེ་རང་བཞིན་མེད་པའོ་ཞེས་ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་གཅིག་པར་ཡོངས་སུ་ཤེས་པས་ནི་སྔར་བཤད་པའི་ཆགས་པ་ཕྲ་མོའི་རང་བཞིན་གྱིས་ཆགས་པའི་མཐའ་སྤོང་བར་འགྱུར་རོ། །དེ་སྐད་དུ་ཡང་། ཆོས་རྣམས་རང་བཞིན་གཅིག་

པར་ནི། །ཤེས་པས་ཆགས་པ་སྤོང་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །སྔར་བརྗོད་པའི་ཆོས་རང་བཞིན་གྱིས་ཟབ་པ་ཡང་ཇི་ལྟར་ཞེས་སྨྲས་པ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ལགས་སམ་ཞེས་བྱ་བ་སྟེ། ཟུར་གྱིས་དྲིས་པ་ཡིན་པས་ན་ཇི་

ལྟར་ཟབ་ཅེས་བྱ་བའི་དོན་ཏོ། །ནམ་མཁའ་ཟབ་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་ཤེས་པའི་དམིགས་པ་ཐམས་ཅད་བསལ་བའི་མི་དམིགས་པས་ཤེས་བྱ་མཉམ་པ་ཉིད་དུ་སྟོན་པར་བྱེད་པས་དེའི་རང་བཞིན་རྟོགས་པར་དཀའ་བ་ཉིད་དུ་བརྗོད་པ་དེའི་ཕྱིར་ན་ནམ་མཁའ་ལྟར་ཟབ་པ་ཡིན་

Vol. 85 · folio 168b

ནོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཅེས་གསུངས་པ་ཡིན་ནོ། །ཡང་དེའི་རང་བཞིན་དེ་ལྟར་རྟོགས་དཀའ་བའི་རྒྱུ་གང་ཡིན་ཞེས་གསོལ་བ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་

རྗེས་སུ་རྟོགས་པར་དཀའ་བ་ལགས་སམ་ཞེས་བྱ་བ་སྟེ། འདིར་ཡང་སྔ་མ་ལྟར་ཟུར་གྱིས་འདྲི་བ་ཡིན་ནོ། །སུ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྣམ་པའི་བར་དག་གི་རང་བཞིན་ནི་དེ་

བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མངོན་པར་རྫོགས་པའི་སངས་རྒྱས་པར་བསམ་པ་ལས་འདས་པ་ཉིད་དུ་འདོད་པ་དེ་བས་ན་འདི་ནི་རྟོགས་པར་དཀའ་བའོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་གསུངས་

པ་ཡིན་ནོ། །བསམ་གྱིས་མི་ཁྱབ་པ་ཉིད་ཅིའི་ཕྱིར་ཞེས་གསོལ་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་ཉིད་ལགས་སམ་ཞེས་བྱ་བ་སྟེ། ཅི་ཞེས་བྱ་བ་ལྷག་མ་ཡིན་ནོ། །སེམས་ཀྱིས་ཤེས་པར་བྱ་བ་མ་ཡིན་སེམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་ཞེས་བྱ་

བ་ནི་གང་གི་ཕྱིར་མ་བྱས་པ་ཉིད་ཀྱིས་ནི་མོས་པའི་ཡིད་ལ་བྱེད་པས་ལྷག་པར་མོས་པ་ཡིན་པས་སེམས་ཀྱིས་ཤེས་པར་བྱ་བ་མ་ཡིན་ལ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཡོངས་སུ་ཤེས་པ་མ་ཡིན་པས། སེམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པ་དེ་བས་ན་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་བྱ་

བའི་དོན་ཏོ། །མ་བྱས་པ་ཉིད་ཇི་ལྟར་ཞེས་གསོལ་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བགྱིས་པ་ལགས་སམ་ཞེས་བྱ་བ་སྟེ། ཅི་ཞེས་པས་ཁ་བཀང་ངོ་། །བྱེད་པ་པོ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་བྱེད་པ་པོའི་རྒྱུ་མི་དམིགས་པའི་ཕྱིར་རོ། །འདི་ལྟར་

རྒྱུ་དང་འབྲས་བུའི་དངོས་པོ་ནི་མངོན་སུམ་དང་མི་དམིགས་པས་སྒྲུབ་བྱེད་ཅན་ཡིན་པར་བརྗོད་དོ། །དེ་ལ་རེ་ཞིག་རྣམ་པ་མེད་པས་མི་རྟོགས་ཏེ། སེམས་ཅན་ཐམས་ཅད་རིག་པ་ཙམ་དུ་མཚུངས་པས་ན་གང་ལས་ས་བོན་ཤེས་པ་ལས་མྱུ་གུ་ཤེས་ལ། དེ་མ་ཤེས་པས་དེ་མི་ཤེས་པས་ན་ས་

Vol. 85 · folio 169a

བོན་ནི་རྒྱུ་ཡིན་ལ་མྱུ་གུ་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བར་འགྱུར་བ། འདི་ནི་འདིའི་ཤེས་པ་ཡིན་གྱི་འདི་ནི་འདིའི་ཤེས་པ་ནི་མ་ཡིན་ནོ་ཞེས་གང་ལས་རྣམ་པར་གནས། ས་བོན་ལས་སྐྱེས་པའི་ཕྱིར་དེས་ས་བོན་ཤེས་པ་ཡང་མ་ཡིན་ཏེ། མིག་ལས་སྐྱེས་པ་དེ་

ལས་མིག་རྟོགས་པར་འགྱུར་བའི་ཕྱིར་རོ། །གང་ལས་རྣམ་པར་གནས་པ་འདིར་འགྱུར་བ། རྣམ་པ་མེད་པའི་སེམས་ལ་ཡང་རྒྱུའི་ཆོས་ཀྱིས་བསྐྱེད་པ་བདག་ཉིད་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པ་འགའ་ཞིག་ཡོད་པ་ཡིན་ནོ་ཞེ་ན། བདག་ཉིད་ཀྱི་ཁྱད་པར་ཞེས་བྱ་བ་ནི་རྣམ་པ་ཉིད་ལ་མིང་

གཞན་བཏགས་པ་ཡིན་ན། མིང་གཞན་བྱས་པས་ནི་དོན་གཞན་དུ་འགྱུར་བར་འོས་པ་མ་ཡིན་ནོ། །དེ་རྣམ་པ་མ་ཡིན་ན་འོ་ན་དེ་གང་ཡིན་པ་སྨྲོས་ཤིག །ཉེ་བར་མཚོན་པར་དཀའ་བ་ཉིད་ཀྱིས་དེ་འདིའོ་ཞེས་བསྟན་པར་མི་ནུས་སོ་ཞེ་ན། གང་ཁོ་ན་ལས་འདི་ནི་ས་བོན་ནོ་འདི་ནི་མྱུ་གུའོ་

ཞེས་རྣམ་པར་གནས་པ་འདིར་འགྱུར་བ་དེ་ཉེ་བར་མཚོན་པ་མེད་ན་དེར་ག་ལ་འགྱུར་ཏེ། དབྱུག་པ་དང་རྭ་ཉེ་བར་མཚོན་པ་མེད་པར་འདི་ནི་དབྱུག་པ་ཅན་ནམ་རྭ་ཅན་ཡིན་ནོ་ཞེས་གནས་པ་ནི་ཡོད་པ་མ་ཡིན་ནོ། །རྣམ་པ་དང་བཅས་པས་ཀྱང་མ་ཡིན་ཏེ། རྣམ་པ་དངོས་པོས་ཁྱབ་པ་མ་ཡིན་

པའི་ཕྱིར་ཏེ། ཟླ་བ་གཉིས་ལ་སོགས་པ་དེ་མེད་ཀྱང་འདི་ཡོད་པའི་ཕྱིར་རོ། །དེ་ལྟར་ནི་མ་ཡིན་ཏེ། འདི་ནི་འཁྲུལ་པ་ཡིན་པའི་ཕྱིར་རོ། །གང་ཞིག་མ་འཁྲུལ་པ་དེ་ནི་དངོས་པོ་མེད་ན་འབྱུང་བ་མ་ཡིན་ནོ། །གཞན་འཁྲུལ་པས་ནི་གཞན་འཁྲུལ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ཡང་

ལེགས་པར་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་པའི་དུས་ན། འདི་ནི་འཁྲུལ་པའི་རྣམ་པ་ཡིན་ལ་འདི་ནི་མ་ཡིན་ནོ་ཞེས་ངེས་པའི་རྒྱུ་མཚན་ནི་ཚུ་རོལ་མཐོང་བ་ལ་ཡོད་པ་མ་ཡིན་ལ། དབང་པོ་ལས་འདས་པ་མཐོང་བ་ལ་ཡང་འདི་བརྗོད་པ་མ་ཡིན་ནོ། །ངེས་པ་མེད་

པར་རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་འཇོག་པ་ཡང་མཛེས་པ་མ་ཡིན་ནོ། །དངོས་པོའི་རྣམ་པར་ཤེས་པ་ཡིན་པར་ཡང་མི་འཐད་དེ། གལ་ཏེ་ཕྱོགས་གཅིག་གིས་ཤེས་པ་ཤེས་བྱའི་རྣམ་པ་ཅན་ཡིན་པས་དེ་ཡོངས་སུ་གཅོད་པར་བྱེད་ན་དེའི་ཚེ་ཐམས་ཅད་ཀྱིས་ཐམས་ཅད་རིག་

Vol. 85 · folio 169b

པར་ཐལ་བར་འགྱུར་ཏེ། ཤེས་པ་ཐམས་ཅད་དང་ཤེས་བྱ་ཉིད་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱི་ཐུན་མོང་གི་རྣམ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཤེས་པ་བདག་ཉིད་ཐམས་ཅད་ཀྱིས་ཤེས་བྱའི་རྣམ་པ་ཅན་ཡིན་ན་ཡང་ཤེས་བྱ་དག་གཅིག་པ་ཉིད་ཀྱིས་རྣམ་པར་དབྱེ་བ་མི་འཐད་

པའི་ཕྱིར། ཐ་སྙད་ཆད་པར་འགྱུར་རོ། །བདག་ཉིད་ཐམས་ཅད་ཀྱི་རིག་པ་རིག་བྱའི་རྣམ་པ་ཅན་ཡིན་ན་ནི་དེ་མེད་པར་འགྱུར་བའི་ཕྱིར་ཏེ་ཤིན་ཏུ་སྤྲོས་པས་ཆོག་གོ། །སྐྱེ་བོ་བློ་དམན་པ་རྣམས་རྗེས་སུ་འཛིན་པས་སམ་གདུལ་བྱའི་སྐྱེ་བོ་ཉེ་བའི་ཕྱིན་ཅི་ལོག་སྤོང་བར་བཞེད་པས་མི་མཐུན་

པ་དང་གཉེན་པོ་དག་གི་རྣམ་པར་དབྱེ་བ་ནི་ཇི་སྐད་དུ་བཤད་པ་འདི་ཉིད་རྟོགས་པར་བྱའོ། །དེ་སྐད་དུ་ཡང་། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི། རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་གསུངས་པ་ཡིན་ནོ། །

དེ་དག་རྣམ་པར་སྒོམ་པའི་སྦྱོར་བ་གང་ཡིན་ཞེས་སྦྱོར་བའི་དོན་དུ་གསོལ་པ་ནི། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་དེ་ལྟར་མི་མཐུན་པའི་ཕྱོགས་དང་གཉེན་པོ་སྤང་བར་བྱ་བ་དང་། བླང་བར་བྱ་བ་ཡིན་པ་དེ་བས་ན་དེའི་དོན་དུ་ཇི་ལྟར་སྤྱད་པར་བགྱི་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་

ལ་སོགས་པའི་སྦྱོར་བ་གསུངས་པ་ནི་རབ་འབྱོར་གལ་ཏེ་གཟུགས་ལ་ཞེས་བྱ་བ་ལ་སོགས་པའོ། །གང་ཚེ་གཟུགས་ལ་མངོན་པར་ཞེན་པའི་ཚུལ་གྱིས་མི་སྤྱོད་ན་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །གཟུགས་ལ་སོགས་

པ་མི་རྟག་པ་ལ་སོགས་པའི་སྦྱོར་བའི་དོན་དུ་གསུངས་པ་ནི་གལ་ཏེ་གཟུགས་མི་རྟག་པའོ་ཞེས་མི་སྤྱོད་ན་ཞེས་བྱ་བ་ལ་སོགས་པའོ། །གཟུགས་ལ་སོགས་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པའི་སྦྱོར་བ་ནི་གལ་ཏེ་གཟུགས་ལ་སོགས་པ་མ་རྫོགས་པ་ཡིན་ནོ་ཞེས་བྱ་བ་

ལ་སོགས་པ་གསུངས་པ་ཡིན་ཏེ། མཚན་ཉིད་ཀྱིས་སྟོང་པའི་ཕྱིར་བརྟགས་པའི་གཟུགས་ནི་ཡོངས་སུ་མ་རྫོགས་པའོ། །ཡོན་ཏན་གྱི་ཚོགས་དང་ལྡན་པའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་རབ་ཏུ་རྫོགས་པའོ། །དེ་ནི་གཟུགས་མ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་དག་

Vol. 85 · folio 170a

ནི་བློས་རྣམ་པར་བརྟགས་པས་ཐ་དད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡང་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་འོག་ནས་བཤད་པ་དང་སྦྱར་བར་བྱའོ། །ཇི་སྐད་དུ་གསུངས་པའི་ཆོས་བཤད་པས་ཁྱད་པར་སྐྱེས་པ་ཉིད་ཀྱིས་བཅོམ་ལྡན་འདས་

གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །དོན་གཞན་རྗོད་པས་རྣམ་པ་གཞན་བསྟན་པའི་ཕྱིར་ངོ་མཚར་བ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་སྦྱོར་བ་བརྗོད་པས་ཆགས་པ་དང་བཅས་པ་གཟུགས་ལ་སོགས་པ་དམིགས་པའི་རང་བཞིན་དང་ཆགས་པ་མེད་པ་མི་དམིགས་པའི་ངོ་

བོ་ཉིད་ཀྱི་ཡུལ་བརྗོད་པས་སོ། །གཟུགས་ལ་སོགས་པ་ལ་ཆགས་པ་མེད་པའི་སྦྱོར་བ་ནི་རབ་འབྱོར་གཟུགས་ཆགས་པ་དང་བཅས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆགས་པ་དང་བཅས་པ་དང་ཆགས་པ་མེད་པ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་

གོ། །མངོན་པར་ཞེན་པར་མ་བྱས་པར་ནི་བསྒོམ་པར་མི་ནུས་པ་ཉིད་མ་ཡིན་ནམ། ཇི་ལྟར་ན་འདི་སྐད་བརྗོད་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཐམས་ཅད་མཁྱེན་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མ་ཆགས་པ་ཞེས་བྱ་བ་ནི་མངོན་པར་

ཞེན་པ་དང་བྲལ་བའི་ཕྱིར་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་ཚིག་གཉིས་ནི་བཤད་ཟིན་ཏོ། །ཡང་དག་པར་མ་འདས་པའོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་དུ་གང་གི་ཕྱིར་ཇི་ལྟར་མངོན་པར་ཞེན་པ་ནི་དེ་ཁོ་ན་མ་ཡིན་པའི་

ཕྱིར་དང་དེ་ཁོ་ན་ཉིད་ཇི་ལྟ་བར་ཡང་མངོན་པར་མ་ཞེན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་རྟོག་པས་ཡུལ་དུ་བྱ་བར་མི་ནུས་པ་དེའི་ཕྱིར་དེ་ལ་ཆགས་པ་མི་སྐྱེད་དོ་ཞེས་བརྗོད་པ་ཡིན་ནོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །མི་འགྱུར་བའི་

སྦྱོར་བ་ནི་བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གཞུང་གི་བདག་ཉིད་ཅན་གྱི་ཡུལ་ནི་བསྟན་པ་དང་མ་བསྟན་པ་དག་གིས་མཐར་ཐུག་པ་དང་ནུབ་པ་དག་གི་སྒོ་ནས་འགྲིབ་པར་འགྱུར་བ་དང་། དེ་བཞིན་དུ་བསྟན་པས་རིགས་པ་དང་ལུང་དང་མི་འགལ་བའི་ཚུལ་

Vol. 85 · folio 170b

གྱིས་རྒྱུད་གཞན་ལ་བསྐྱེད་པས་ན་འཕེལ་ཞིང་མ་བསྟན་པས་རྒྱུན་མི་འཆད་པར་ནང་དུ་ཡང་དག་པར་འཇོག་པས་རང་གི་རྒྱུད་ལ་ལྷག་པའི་དོན་སྟོན་པས་འཕེལ་བ་ཡིན་གྱི། འགྱུར་བ་མེད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་གཙོ་བོའི་ཡུམ་ལ་ནི་འདི་དག་ཐམས་ཅད་མེད་དོ་གསོལ་པ་ནི།

དེ་ནི་བསྟན་ཀྱང་མི་འགྲིབ་ཅེས་བྱ་བ་ལ་སོགས་པའོ། །མི་འགལ་བར་སྨྲས་པ་ཉིད་ཀྱིས་རབ་འབྱོར་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྔོན་དུ་འགྲོ་བས། དེ་ཉིད་དཔེས་གསལ་བར་མཛད་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱེད་

པ་པོ་མེད་པའི་སྦྱོར་བའི་དོན་དུ། རབ་འབྱོར་འདི་ལྟ་སྟེ་སྒྱུ་མའི་སྐྱེས་བུ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལོག་པར་སྣང་བའི་རང་བཞིན་ཡིན་པས་བྱེད་པ་པོ་མ་ཡིན་པའི་ཕྱིར་འདོད་ཆགས་དང་ཞེ་སྡང་གི་ཉོན་མོངས་པ་དག་གིས་རྗེས་སུ་ཆགས་པར་མི་འགྱུར་ཞིང་ཁོང་ཁྲོ་བར་

མི་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་དེའི་ཉེ་བའི་ཉོན་མོངས་པར་ཡང་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྦྱོར་བ་དཀའ་བའི་རྣམ་པ་གསུམ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་ཆེད་དུ་བྱ་བ་དཀའ་བའི་སྦྱོར་བའི་སྦྱོར་བ་དཀའ་བའི་དོན་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཡ་ཡ་བོར་མི་འགྱུར་རོ་ཞེས་བྱ་བ་ནི་ཡེང་ཡེང་པོར་མི་འགྱུར་བ་སྟེ། ཕྱི་རོལ་དུ་གཡེང་བར་མི་འགྱུར་ཞིང་དགའ་བ་བསྐྱེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་ནི་ཕྱིར་ལྡོག་པ་ཉིད་དུ་མི་བྱེད་

པའོ། །གོ་ཆ་འདི་ཞེས་བྱ་བ་ནི་འོག་ནས་འཆད་པའི་གོ་ཆའོ། །ཤེས་རབ་ལ་སོགས་པ་ཁྱད་པར་དུ་འགྱུར་བ་ཡིན་པར་རྟོགས་ནས་འབད་པ་བྱེད་པའི་ཕྱིར་བྱ་དཀའ་བ་བླ་ལྷག་པ་ཞེས་བྱ་བ་གང་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། གང་སེམས་ཅན་རྣམས་ཀྱི་

ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་དམིགས་པས་དེ་ཁོ་ནར་ཤེས་རབ་ལ་སོགས་པ་ཁྱད་པར་དུ་འགྱུར་བ་ཡོད་པ་མ་ཡིན་ཡང་། རྣམ་པ་ཐམས་ཅད་མཁྱེན་པའི་དོན་དུ་གོ་ཆ་གྱོན་པར་བྱེད་པའི་ཕྱིར་ན་ལྷག་པར་བྱ་དཀའ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་

Vol. 85 · folio 171a

ནོ། །ནམ་མཁའ་དང་མཚུངས་པ་དང་ཆོས་ཀྱི་དབྱིངས་དང་མཚུངས་པ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པར་གྲགས་པའི་དབྱེ་བས་གཉིས་སྨོས་པ་ཡིན་ནོ། །ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དཀའ་བ་ཉིད་ཀྱི་དོན་དུ་དེ་ནི་བཅོམ་ལྡན་འདས་ནམ་མཁའ་

ཡོངས་སུ་ཐར་བར་འཚལ་ལགས་སོ་ཞེས་སྨོས་ཏེ། གང་ལམ་ཤེས་པ་ཉིད་ལ་རབ་ཏུ་སྦྱོར་བར་འདོད་པ་ཞེས་བྱ་བ་ནི་ལྷག་མའོ། །ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་ལས་བྱ་དཀའ་བ་ཉིད་ཀྱི་དོན་དུ་དེ་ནི་བཅོམ་ལྡན་འདས་ནམ་མཁའ་གདེགས་པར་འཚལ་བ་ལགས་སོ་ཞེས་སྨོས་ཏེ། གང་

ཐམས་ཅད་ཤེས་པ་ཉིད་བྱེད་པར་འདོད་པ་ཞེས་ཁ་བསྐང་ངོ་། །གོ་ཆ་འཚལ་བ་ཞེས་བྱ་བ་ནི་བྱ་དཀའ་བ་གསུམ་ཆར་ལ་སྤྲོ་བའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཆེན་པོ་ཐོབ་པ་ལགས་སོ་ཞེས་བྱ་བ་ནི་གོ་ཆའི་སྦྱོར་བའི་བྱེད་པ་རྣམས་ལ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་

སྙིང་པོ་ཅན་གྱི་འབད་པ་ཆེན་པོ་ཕུན་སུམ་ཚོགས་པའོ། །སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པས་འབྲས་བུ་ཡོད་པའི་སྦྱོར་བ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་གཞན་ཞིག་གིས་ཞེས་བྱ་བ་ནི་གཏན་མེད་པའི་སྐྱེས་བུ་སྟེ། མིང་དང་རུས་ལ་སོགས་

པས་མཚོན་དུ་མེད་པའི་གང་ཟག་ཅེས་བྱ་བའི་དོན་ཏོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་སྟོང་པ་དང་མ་སྐྱེས་པ་ལ་སོགས་པའི་སྦྱོར་བས་རང་དང་རྗེས་སུ་མཐུན་པའི་རྟོགས་པ་སྐྱེས་པའི་ཕྱིར་དད་པ་ཕུལ་དུ་བྱུང་བས་འཁོར་གཞན་རྣམས་ཀྱང་སྐལ་བ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཐོབ་པར་ཡང་

དག་པར་སྟོན་ཅིང་ཕྱག་འཚལ་བའོ། །སྦྱོར་བ་ཉིད་ནི་བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ནམ་མཁའ་ལ་ཞེས་བྱ་བ་ཉིད་ནི་ཤེས་བྱ་སྟོང་པ་ཉིད་ལའོ། །བླ་གབ་མེད་པ་ལ་ཞེས་བྱ་བ་ནི་ཤེས་པ་ངོ་བོ་ཉིད་མེད་པ་ལའོ། །གཞན་ལ་རག་མ་ལས་

པའི་སྦྱོར་བའི་དོན་དུ་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །དེ་ནི་མ་ཡིན་ནོ་ཞེས་བྱ་བས་ནི་གཞན་ལ་རག་ལས་པ་མ་ཡིན་པ་ཉིད་སྟོན་པར་བྱེད་དེ་གཞན་གྱིས་བསྲུང་བ་ལ་སོགས་པ་གཞན་ལ་རག་ལས་པ་ཉིད་ཡོད་པ་

Vol. 85 · folio 171b

མ་ཡིན་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བ་ནི་ཀཽ་ཤི་ཀ་གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཉིད་ཀྱིས་དེ་ལ་རང་ཉིད་ཀྱིས་བསྲུང་བ་ལ་སོགས་པ་འགྱུར་བ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་

ནོ། །ངོ་བོ་ཉིད་མེད་པའི་ཆོས་ལ་ལྷག་པར་མོས་པས་ཀྱང་དེ་ལ་རང་ཉིད་ཀྱིས་བསྲུང་བ་ལ་སོགས་པ་ཡིན་པ་ནི་ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པ་བདུན་དུ་སྣང་བའི་ཤེས་པའི་སྦྱོར་བ་ནི་ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་

གསུངས་པ་ཡིན་ནོ། །དེ་ལ་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉིད་ཀྱིས་ཡོངས་སུ་གྱུར་པའི་སྣང་བས་ན་རྨི་ལམ་ལྟ་བུའོ། །སྔགས་དང་སྨན་གྱི་ཚོགས་པ་ཉིད་ཀྱིས་ན་མཉམ་པར་སྦྱོར་བའི་སྣང་བས་ནི་སྒྱུ་མ་ལྟ་བུའོ། །མེད་པ་ཉིད་ཀྱིས་ན་འགལ་བ་སྣང་བས་ནི་སྨིག་རྒྱུ་ལྟ་

བུའོ། །སྒྲའི་རྐྱེན་ལ་རག་ལས་པས་ན་རྐྱེན་གྱི་སྣང་བས་ནི་སྒྲ་བརྙན་ལྟ་བུའོ། །ཤེས་བྱའི་ཚུལ་ལས་མི་འདའ་བས་ན་མི་འདའ་བར་སྣང་བས་ནི་མིག་ཡོར་ལྟ་བུའོ། །གཞི་མེད་པས་ན་རྟེན་མེད་པའི་སྣང་བས་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུའོ། །རྒྱུ་དང་བྲལ་བས་ན་བྱེད་པ་པོ་མེད་པའི་སྣང་

བས་ནི་སྤྲུལ་པ་ལྟ་བུའོ་ཞེས་དངོས་པོ་རྣམས་ཤེས་པར་གྱུར་པ་སྟེ། དེ་ལྟར་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་གསུངས་ལ། འདིར་ནི་མདོར་བསྡུས་པར་བཞེད་པའི་ཕྱིར་ཆོས་ཐམས་ཅད་བྲག་ཅ་ལྟ་བུའོ་ཞེས་གསུངས་པའི་བར་མ་བསྟན་པ་ལས་ཐོག་མ་དང་ཐ་མ་གསུམ་གསུམ་བསྟན་

པ་ཡིན་པར་ཤེས་པར་བྱའོ། །དེས་ན་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་རྣམ་པ་བཅུ་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པས་དོན་གྱིས་ན་ཉན་ཐོས་ལ་སོགས་པའི་ནི་ཇི་སྐད་བསྟན་པ་ལས་བཟློག་པ་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང་། གཟུགས་སོགས་དེ་མི་རྟག་

སོགས་དང་། །དེ་མ་རྫོགས་དང་རབ་རྫོགས་དང་། །དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པའི་སྦྱོར་བ་དང་། །མི་འགྱུར་བྱེད་པོ་མེད་ཉིད་དང་། །བྱ་དཀའ་རྣམས་གསུམ་སྦྱོར་བ་དང་། །སྐལ་བ་ཇི་བཞིན་འབྲས་འཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །གཞན་ལ་

Vol. 85 · folio 172a

རག་ལས་མེད་གང་དང་། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་གསུངས་པ་ཡིན་ནོ། །མཉམ་པ་ཉིད་ཀྱི་སྒོ་ནས་སྦྱོར་བ་བསྒོམ་དགོས་པས་མཉམ་པ་ཉིད་ནི་དེ་ལ་ཡང་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མཉམ་པར་

མ་བཞག་པའི་སེམས་ཀྱིས་དེ་ལ་རློམ་སེམས་སུ་མི་བྱེད་དེ། གང་གི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་བས་སོ། །ཆོས་དེ་དག་ཀྱང་མེད་པ་སྟེ་གང་གི་ཕྱིར་མི་སྣང་བས་སོ། །མཉམ་པར་མ་བཞག་པའི་སེམས་ཀྱིས་ནི་ཡོངས་སུ་མི་ཤེས་ཏེ། གང་གི་ཕྱིར་ཡང་དག་པར་མི་

ཤེས་པས་སོ། །ཤེས་པ་དེས་རྟོགས་པར་བྱ་བའི་ཆོས་དེ་དག་ཀྱང་ཡང་དག་པར་མེད་པ་ཡིན་ཏེ། གང་གི་ཕྱིར་མི་དམིགས་པས་སོ་ཞེས་བྱ་བར་སྦྱར་རོ། །ཉེ་བར་བསྡུ་བར་བྱ་བའི་ཕྱིར་གལ་ཏེ་དེ་ལྟར་གནས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེས་ན་དེ་ལྟར་གཟུགས་

ལ་སོགས་པའི་དངོས་པོའི་དོན་ལ་རློམ་པ་དང་། སྔོན་པོ་ལ་སོགས་པའི་མཚན་མ་ལ་རློམ་པ་དང་། གཟུགས་རྣམ་པ་གཉིས་སམ་རྣམ་པ་ཉི་ཤུ་ཞེས་བྱ་བ་ལ་སོགས་པ་སྤྲོས་པ་ལ་རློམ་པ་དང་། ངེས་པར་འབྱེད་པའི་ཆ་ལ་སོགས་པ་རྟོགས་པར་རློམ་པ་རྣམས་བཀག་པས།

རྟོགས་པ་པོ་དང་ཤེས་བྱའི་ཆོས་རྣམ་པ་ཐམས་ཅད་དུ་མི་དམིགས་པ་རྣམ་པ་བཞི་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང་། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་གསུངས་པ་ཡིན་ནོ། །སྦྱོར་བའི་མཉམ་པ་ཉིད་རྟོགས་ནས་མཐོང་

བའི་ལམ་བསྒོམ་པར་བྱ་བ་ཡིན་པས་ན་ད་ནི་དེ་བརྗོད་པར་བྱའོ། །དེ་ཡང་སྐད་ཅིག་མ་བཅུ་དྲུག་ཡིན་པས་སྐད་ཅིག་མ་གཞན་མེད་པར་ཤེས་པར་བྱ་བའི་དོན་དུ་སྤང་པོར་གྱུར་པ་བསྟན་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་དེ་ནས་སངས་

རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཕགས་པ་རྣམ་པར་གྲོལ་བའི་སྡེས་བཤད་དོ། །ཐབས་ལ་མཁས་པའི་སྟོབས་ཀྱིས་གཞན་རྣམས་ཀྱིས་སྒྲུབ་པ་དང་དགག་པ་མེད་པའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཛད་དུ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་

Vol. 85 · folio 172b

སྟོང་ངེས་པར་སངས་རྒྱས་ཉིད་བརྙེས་པས་སངས་རྒྱས་སྟོང་ཞེས་གསུངས་པ་ཡིན་ནོ། །མིང་ཞེས་བྱ་བ་ནི་ཚིག་བསྡུས་པའི་ངག་གོ། །ཚིག་ཅེས་བྱ་བ་ནི་སུ་པའི་མཐའ་ཅན་དང་ཏིའི་མཐའ་ཅན་གྱི་ཡི་གེ་རྣམས་བསྡུས་པའོ། །ཡི་གེ་ཞེས་བྱ་བ་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པའི་ཡི་གེ་

རྣམས་ཀྱིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཅེས་བྱ་བ་ནི་རྣམ་པར་དག་པའི་ལེའུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འདས་པའི་དེ་བཞིན་གཤེགས་པ་རྣམས་དཔེར་བྱས་པ་ནི་དེས་བསྟན་པའི་མཐར་ཐུག་མེད་པར་ཤེས་པར་བྱ་བའི་དོན་ཡིན་ནོ། །བྱམས་པ་ཞེས་མ་འོངས་པའི་དེ་

བཞིན་གཤེགས་པ་དཔེར་བྱས་པ་ནི་མ་འོངས་པའི་སེམས་ཅན་གྱི་དོན་གྱི་དོགས་པ་བསལ་བར་བསྟན་པའི་དོན་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པ་རྒྱན་གྱི་སྣང་བ་ལས་རྣམ་པར་དག་པའི་ལེའུ་ཞེས་བྱ་བ་སྟེ་བརྒྱད་པའོ།། །།ད་ནི་མཐོང་བའི་ལམ་གྱི་

དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ལ་གསོལ་པ་ཡིན་ཏེ། བདེན་པ་རེ་རེ་ཞིང་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་ཞེས་བྱ་བ་དེ་ལྟར་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་

མཐོང་བའི་ལམ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་ཡང་། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང་། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་གསུངས་པ་ཡིན་ནོ། །འདི་ནི་མིང་ཙམ་མོ་ཞེས་བྱ་བ་འདི་ནི་རྣམ་པར་རྟོག་པའི་

གཟུགས་བརྙན་ཙམ་དུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མིང་དེ་ཡང་འདིའོ་ཞེས་མི་དམིགས་ཏེ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་རང་བཞིན་མེད་པའི་ཕྱིར་རོ། །མིང་ཞེས་གང་ལ་བྱ་ཞེ་ན། ངག་གི་དངོས་པོ་ཉིད་ཅེས་བྱ་བ་སྨོས་ཏེ། རྣམ་པར་རྟོག་པའི་གཟུགས་བརྙན་ནོ། །རྣམ་པ་བསྟན་པར་བྱ་བའི་དོན་དུ་བདེན་

པའི་རྣམ་པ་གང་ཡིན་ཞེས་གསོལ་པ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་ལ་སོགས་པའོ། །གཟུགས་རྟག་པ་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་རྟག་པ་དང་མི་རྟག་པ་ལ་སོགས་པ་དང་བྲལ་བས་རྟག་པ་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་

Vol. 85 · folio 173a

ནི་རྣམ་པ་དང་པོའོ། །གཟུགས་བཅིངས་པ་མ་ཡིན་གྲོལ་བ་མ་ཡིན་པས་མཐའ་ལས་འདས་ཤིང་རྣམ་པར་དག་པའོ་ཞེས་བྱ་བ་ནི་སྡུག་བསྔལ་དང་སྡུག་བསྔལ་མ་ཡིན་པ་དང་བྲལ་བ་ཉིད་ཀྱིས་བཅིངས་པ་དང་གྲོལ་བ་མེད་པའི་ཕྱིར་རྣམ་པར་དག་ཅིང་རྟག་པ་དང་ཆད་པའི་

མཐའ་དང་བྲལ་བ་ཞེས་བྱ་བ་ནི་གཉིས་པའོ། །རབ་འབྱོར་རྒྱུ་དེས་ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་མངོན་པར་བྱང་ཆུབ་པའི་རྒྱུ་དེས་ན་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར་ཏེ། གཞན་དག་ལ་ནི་དེ་ལྟ་བུའི་

ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཡོངས་སུ་དག་པས་ཞེས་བྱ་བ་ནི་སྟོང་པ་དང་མི་སྟོང་པ་དང་བྲལ་བའི་ཕྱིར་ཡོངས་སུ་དག་པ་ཞེས་བྱ་བ་ནི་གསུམ་པའོ། །གཟུགས་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་

པར་བྱང་བ་མེད་པ་ཡོངས་སུ་དག་པས་ཞེས་བྱ་བ་ནི། བདག་དང་བདག་མེད་པའི་ངོ་བོ་ཉིད་མ་ཡིན་པས་མ་སྐྱེས་པ་དང་མ་འགགས་པ་དང་ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང་རྣམ་པར་བྱང་བ་མ་ཡིན་པ་སྟེ། དེ་ལྟར་རྣམ་པར་དག་པ་ཞེས་བྱ་བ་ནི་བཞི་པའོ། །ནམ་མཁའ་ཡོངས་སུ་དག་པས་ཞེས་

བྱ་བ་ནི་རྒྱུ་དང་རྒྱུ་མ་ཡིན་པ་གསོག་ཡིན་པའི་ཕྱིར་ནམ་མཁའ་དང་འདྲ་བར་རྣམ་པར་དག་པ་ཞེས་བྱ་བ་ནི་ལྔ་པའོ། །གཟུགས་གོས་པ་མེད་ཅིང་ཡོངས་སུ་མི་འཛིན་པས་ཞེས་བྱ་བ་ནི་ཀུན་འབྱུང་བ་དང་ཀུན་འབྱུང་བ་མེད་པ་དང་བྲལ་བའི་ཕྱིར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་

གོས་པ་མེད་པ་ཞེས་བྱ་བ་ནི་དྲུག་པའོ། །རབ་ཏུ་སྐྱེ་བ་དང་རབ་ཏུ་མི་སྐྱེ་བ་མེད་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཡོངས་སུ་འཛིན་པ་མེད་པ་ཞེས་བྱ་བ་ནི་བདུན་པའོ། །ནམ་མཁའ་དང་བྲག་ཅ་སྒྲར་མེད་ཅིང་བརྗོད་དུ་མེད་ལ་དམིགས་སུ་མེད་པ་ཞེས་བྱ་བ་ནི་རྐྱེན་དང་རྐྱེན་མ་ཡིན་པ་ལས་

རྣམ་པར་གྲོལ་བ་མ་ཡིན་པའི་ཕྱིར་ནམ་མཁའ་དང་བྲག་ཅ་དང་འདྲ་བར་རང་གི་ངོ་བོས་བརྗོད་དུ་མེད་པ་ཞེས་བྱ་བ་ནི་བརྒྱད་པའོ། །གང་གི་ཕྱིར་འགོག་པ་དང་འགོག་པ་མེད་པ་དང་མ་འདྲེས་པ་དེའི་ཕྱིར་འགོག་པའི་བདེན་པའི་དོན་བརྗོད་པས་བསྟན་པའི་སྒོ་ནས་རྒྱུད་གཞན་ལ་ཐོབ་པར་བྱར་མེད་

Vol. 85 · folio 173b

པ་ཞེས་བྱ་བ་ནི་དགུ་པའོ། །ཞི་བ་དང་མ་ཞི་བ་མེད་པས་དམིགས་པ་མེད་པར་བྱེད་པ་ཞེས་བྱ་བ་ནི་བཅུ་པའོ། །ཉེ་བར་གོས་པ་དང་མ་གོས་པའི་ཆོས་ཐམས་ཅད་ཀྱིས་གོས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་གྱ་ནོམ་པ་མ་ཡིན་པ་དང་བྲལ་བའི་ཕྱིར། ཉེ་བར་གོས་པའི་ཆོས་ཟག་པ་དང་བཅས་པ་དང་གོས་པ་མེད་

པའི་ཆོས་ཟག་པ་མེད་པ་ཐམས་ཅད་ཀྱིས་གོས་པ་མེད་པའི་ཕྱིར་མཐའ་གཉིས་ལས་འདས་ཤིང་རྣམ་པར་དག་པ་ཞེས་བྱ་བ་ནི་བཅུ་གཅིག་པའོ། །ཅི་སྨོས་ཏེ་ཞེས་བྱ་བ་ནི་འཛིན་པ་ལ་སོགས་པར་བྱེད་པ་ནི་ཤིན་ཏུ་ཡང་རྙེད་པ་ལེགས་པར་རྙེད་པ་ཡིན་པ་སྟེ། རྣ་བའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བས་

འཛིན་པ་ལ་སོགས་པ་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ལ་ནི་མིག་གི་ནད་འབྱུང་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་ངེས་པར་འབྱུང་བ་དང་ངེས་པར་འབྱུང་བ་མེད་པ་དང་བྲལ་བའི་ཕྱིར་ནད་ཐམས་ཅད་མི་སྐྱེ་བ་ཞེས་བྱ་བ་ནི་བཅུ་གཉིས་པའོ། །མང་དུ་སྐྱེད་པར་འགྱུར་རོ་ཞེས་བྱ་

བྱ་བ་ནི་ཚེས་བརྒྱད་ལ་སོགས་པར་བརྒྱ་བྱིན་ལ་སོགས་པ་སྐྱེ་དགུ་རྣམས་རྟོག་པ་ལ་ཞུགས་པའི་ཉན་པ་པོ་ཤིན་ཏུ་མང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་སོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ལྷའི་བུ་རྣམས་ལ་དགོངས་པ་མེད་པས་དེ་འཆད་པ་རྣམས་ལ་དེ་རྣམས་བསྲུང་བ་ལ་སོགས་པའི་རྒྱུ་ཅི་ཞིག་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིན་པོ་ཆེ་

བླ་ན་མེད་པའོ་ཞེས་བྱ་བ་ནི་སྡིག་པ་ཐམས་ཅད་རབ་ཏུ་ཞི་བའི་རྒྱུ་ཉིད་ཡིན་པས་ལམ་དང་ལམ་མ་ཡིན་པ་དང་བྲལ་བའི་ཕྱིར་བླ་ན་མེད་པའི་དགའ་བ་རྒྱས་པར་བྱེད་པས་ལྷའི་བུ་ལ་སོགས་པ་ལ་ཕན་པར་གྱུར་པ་ཡིན་པའི་ཕྱིར་རིན་པོ་ཆེ་བླ་ན་མེད་པ་ཡིན་ཏེ། ངན་སོང་གཅོད་པར་བྱེད་པས་སོ་ཞེས་བྱ་བ་ནི་བཅུ་

གསུམ་པའོ། །ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ་ཉན་པ་པོའི་སྐྱེ་བོ་མང་པོ་ཡོད་པ་དང་བླ་ན་མེད་པའི་དགའ་བ་སྦྱིན་པ་ལས་བསོད་ནམས་བསྐྱེད་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། ཆོས་འཛིན་པ་དེ་ཉིད་ཀྱི་རྒྱུ་ལས་སངས་རྒྱས་ཉིད་ཐོབ་པའི་རྒྱུར་གྱུར་པའི་གཞི་བསོད་ནམས་བསྐྱེད་པར་འགྱུར་རོ་

Vol. 85 · folio 174a

ཞེས་བྱ་བའི་ཐ་ཚིག་གོ། །ལམ་ལ་ཆོས་ཤེས་པ་ནི་གཞན་ཡང་འོན་ཀྱང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐུ་ཆེ་བ་ཉིད་ཡིན་བཞིན་དུ་ཡང་བར་ཆད་མང་བ་ལ་རྒྱུ་ཅི་ཞིག་ཡོད་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། རབ་འབྱོར་འདི་ལྟར་

ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགྲ་མང་སྟེ་ཞེས་བྱ་བ་ནི་མཐུ་ཆེ་བ་ཉིད་ཡིན་པའི་ཕྱིར་མང་པོའི་མངོན་པར་འདོད་པ་བྱ་བ་ཉིད་ཀྱིས་ནའོ། །ཇི་ཙམ་དུ་གཙེས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་གང་གིས་གོང་ནས་གོང་དུ་གཅེས་པ་ཉིད་ཡིན་པ་དེ་ལྟར་དགྲ་མང་བ་ཡིན་ནོ་ཞེས་བྱ་

བའི་ཐ་ཚིག་གོ། །དེ་ལྟར་སྤྱིར་བསྟན་ནས་ད་ནི་ཁྱད་པར་དུ་སྟོན་པས་རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིན་པོ་ཆེ་ཆེན་པོ་འདི་ནི་བླ་ན་མེད་པའི་རིན་པོ་ཆེ་སྟེ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་ཉེ་བར་གནས་པ་ཉིད་ཀྱིས་ན་ཆོས་

ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པས་རྣམ་པར་མི་རྟོག་པའི་དགེ་བའི་རང་བཞིན་གྱི་རིན་པོ་ཆེ་ཡིན་པའི་དོན་གྱིས་ན་རིགས་པ་དང་རིགས་པ་མ་ཡིན་པ་དང་མ་འདྲེས་པའི་ཕྱིར་འབྲས་བུ་མངོན་སུམ་དུ་བྱ་བའི་དོན་དུ་ཐམས་ཅད་ལ་ཐབས་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་རིན་པོ་ཆེ་ཆེན་པོ་ཡིན་ནོ་ཞེས་བྱ་

བ་ནི་བཅུ་བཞི་པའོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཡང་མི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་བརྟགས་པའི་དངོས་པོ་ལ་ནི་མི་གནས་གཞན་དབང་ནི་ཀུན་ནས་ཉོན་མོངས་པར་མི་བྱེད་ཡོངས་སུ་གྲུབ་པར་མི་འཛིན་ཏོ་ཞེས་བྱ་

བ་ནི་དོན་གྱི་དབྱེ་བ་ཡིན་ནོ། །འདི་སྐད་དུ་སྒྲུབ་པ་དང་སྒྲུབ་པ་མ་ཡིན་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་ཆོས་ཐམས་ཅད་མཚན་མ་དག་དང་མ་འབྲེལ་བ་ཞེས་བྱ་བ་ནི་བཅོ་ལྔ་པའོ་ཞེས་བརྗོད་པ་ཡིན་ནོ། །ཆོས་རྣམས་ཡོངས་སུ་ཟིན་ཀྱང་ཇི་ལྟར་ཡོངས་སུ་མི་འཛིན་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་

ཞེས་བྱ་བས་བསུ་ནས། །རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གོ་བར་ཟད་དོ། །ལམ་ལ་རྗེས་སུ་ཤེས་པ་ནི་རབ་འབྱོར་མ་སྐྱེས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངེས་པར་འབྱིན་པ་དང་ངེས་པར་འབྱིན་པ་མ་ཡིན་པ་དང་བྲལ་བ་ཉིད་ཀྱིས། བརྗོད་པར་བྱ་བ་དང་

Vol. 85 · folio 174b

རྗོད་པར་བྱེད་པའི་ངོ་བོ་མཚན་ཉིད་ཤེས་བྱ་དང་སྒྲ་གཉིས་ལས་ཤེས་པ་སྐྱེ་བ་མེད་པ་ཞེས་བྱ་བ་ནི་རྣམ་པ་བཅུ་དྲུག་པ་ཡིན་ནོ། །རྣམ་པ་གཞན་གྱིས་གོས་པ་མེད་པའི་དོན་སྟོན་པ་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་གསུངས་པ་ཡིན་ནོ། །འདི་ལྟར་ཆོས་ཀྱི་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པ་ཡང་

ཉེས་པ་ཉིད་དུ་གལ་ཏེ་དེ་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྣམ་པ་བཅུ་དྲུག་པོ་རྣམས་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐད་ཅིག་མ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པས་ཉན་ཐོས་ལ་

སོགས་པ་རྣམས་ཀྱི་མཐོང་བའི་ལམ་ནི་དེ་ལས་བཟློག་པས་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་དུ་ངེས་པར་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང་། གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང་། །མ་སྐྱེས་མ་འགགས་ལ་སོགས་དང་། །མཁའ་འདྲ་ཆགས་པ་སྤངས་

པ་དང་། །ཡོངས་སུ་འཛིན་ལས་གྲོལ་བ་དང་། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང་། །གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང་། །དམིགས་པ་མེད་པར་བྱེད་པ་དང་། །ཤིན་ཏུ་རྣམ་དག་ནད་མི་འབྱུང་། །ངན་སོང་ཆང་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་

མ་དག་དང་མ་འབྲེལ་དང་། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྒྱས་པར་བསྟན་ནས་དོན་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ནང་ནས་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་མཇུག་བསྡུ་བར་བྱ་བའི་ཕྱིར། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞེས་བྱ་བ་ནི་ཐམས་ཅད་ལའོ། །དེ་ལ་འཇུག་པར་བྱེད་པ་ནི་སེམས་བསྐྱེད་པའི་སྒོ་ནས་སྐྱེད་པར་བྱེད་པའོ། །ངེས་པར་འཇུག་པར་བྱེད་པ་ནི་གདམས་

པ་ལ་སོགས་པས་རབ་ཏུ་འཇོག་པར་བྱེད་པའོ། །ཡང་དག་པར་སྟོན་པར་བྱེད་པ་ནི་གོ་ཆའི་སྒྲུབ་པས་སྤྱིའི་ཚུལ་གྱིས་སོ། །ངེས་པར་སྟོན་པར་བྱེད་པ་ནི་འཇུག་པའི་སྒྲུབ་པས་ཁྱད་པར་གྱི་ཚུལ་གྱིས་སོ། །ཡོངས་སུ་ཐོབ་པར་བྱེད་པ་ནི་ཚོགས་ཀྱི་སྒྲུབ་པས་ཐོབ་པར་བྱེད་པའོ། །ངེས་པར་ཐོབ་པར་བྱེད་

Vol. 85 · folio 175a

པ་ནི་ངེས་པར་འབྱུང་བའི་སྒྲུབ་པས་མཐར་ཕྱིན་པར་བྱེད་པའོ་ཞེས་སྦྱར་བར་བྱའོ། །ཕྱིན་ཅི་མ་ལོག་པའི་ཆོས་བདུད་རྩིའི་རོས་ཚིམ་པས་མཆོད་པར་བྱེད་པ་ནི། དེ་ནས་ལྷའི་བུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཅ་ཅོ་དང་ག་ཞ་བྱེད་དེ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་འཕེལ་བ་ལས་

བྱུང་བའི་སེང་གེའི་སྒྲ་ལ་བྱའོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ནི་དགའ་བ་ལས་སྐྱེས་པའི་ཧ་ཧ་ཞེས་རྒོད་པ་ནི་ཅ་ཅོ་ཡིན་ལ་དེ་སྔོན་དུ་འགྲོ་བས་གར་བྱེད་པ་ནི་ག་ཞ་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །ཆོས་ཀྱི་འཁོར་ལོ་ལན་གཉིས་སུ་ཞེས་བྱ་བ་ནི་དང་པོ་བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ལྟོས་པའོ། །

དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་བསལ་བར་བྱ་བ་ཡིན་པའི་ཕྱིར་རབ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ཆོས་གང་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལམ་ཤེས་པ་ཉིད་མཇུག་བསྡུ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་འདི་ནི་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། ཆགས་པ་མ་མཆིས་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པའོ། །དམིགས་སུ་ཟིན་ཀྱང་ཆོས་མི་སྟོན་པའི་རྒྱུ་ཅི་ཞིག་ཡིན་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། ཆོས་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །རབ་ཏུ་བསྐོར་བར་བྱ་བ་

ནི་བསྐྱེད་པར་བྱའོ། །རྒྱུའི་ཚོགས་པ་བྱས་པ་ལས་ཆོས་སྐྱེ་བས་ན་ཅི་སྟེ་དེ་སྐད་སྨྲ་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ལྡོག་

པ་ཞེས་བྱ་བ་ནི་ཐོ་བ་ལ་སོགས་པས་འཇིག་པར་འགྱུར་བའོ། །ཐོ་བ་ལ་སོགས་པ་རྒྱུན་འཇུག་པ་དང་འགལ་བའི་དོན་སྐྱེད་པ་ལ་ཞིག་པ་ཡིན་པར་ལྷག་པར་ཞེན་པའི་ཕྱིར་ཅི་སྟེ་དེ་སྐད་སྨྲ་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐོག་

མ་ནས་མངོན་པར་མ་གྲུབ་པའོ་ཞེས་བྱ་བ་གསོལ་ཏེ། གདོད་མ་ཉིད་ནས་སྐྱེ་བའི་རྒྱུ་མེད་པའི་ཕྱིར་མ་སྐྱེས་པ་ཡིན་ནོ། །དེ་ཉིད་སྟོན་པ་ནི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་པའི་ཕྱིར་རོ་ཞེས་བྱ་བ་གསོལ་ཏེ། རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་འགག་པར་ག་ལ་འགྱུར་ཞེས་བྱ་བར་དགོངས་

Vol. 85 · folio 175b

སོ། །ཐམས་ཅད་ཤེས་པ་ཉིད་མཇུག་བསྡུ་བར་བྱ་བའི་ཕྱིར་རབ་འབྱོར་སྟོང་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་ལ་སོགས་པ་ནི་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་བཞེད་དོ། །འདི་ནི་ཞེས་བྱ་བ་ནི་ཐམས་ཅད་ཤེས་པ་ཉིད་དོ། །ཆོས་ཐམས་ཅད་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་

ཏེ། སུ་ཡང་སྦྱིན་པའི་གནས་སུ་བྱས་པ་མེད་དོ་ཞེས་བྱ་བའི་བར་དུ་དོན་དམ་པའི་བདེན་པའི་དབང་དུ་མཛད་ནས་གསུངས་པ་ཡིན་པའི་ཕྱིར་གོ་སླའོ། །ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པ་ཉིད་གསུམ་མཇུག་བསྡུ་བ་ཡིན་པ་ལ་སོམ་ཉིར་མི་བྱའོ། །དེ་སྐད་དུ་ཡང་། དེ་ལྟར་འདི་དང་ཡང་འདི་དང་། །

ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདི་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ལམ་ཤེས་པ་ལ་ཇི་སྐད་བསྟན་པ་དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་བསྒོམ་པའི་ལམ་ཡང་ལོགས་ཤིག་པ་མེད་ཅེ་ན། ཉན་ཐོས་དང་རང་སངས་

རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་བྱའོ་ཞེས་གསུངས་པས་མངོན་སུམ་དུ་བྱ་བ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་མ་བསྟན་ཏོ། །ཉན་ཐོས་ལ་སོགས་པ་རྣམས་ལ་ཡང་ཇི་ལྟར་ཡོངས་སུ་མཐོང་བའི་དོན་ཉིད་ཡང་དང་

ཡང་དུ་མངོན་དུ་བྱེད་པ་བསྒོམ་པའི་ལམ་ཡིན་པས་གོ་སླ་བའི་ཕྱིར་མ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་སྔར་བཤད་པ་ཉིད་ཡིན་པར་ཤེས་པར་བྱའོ། །ཉན་ཐོས་ལ་སོགས་པའི་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱི་བདེན་པ་བཞི་ལ་

དམིགས་པར་བྱེད་པ་ན་ཟག་པ་དང་བཅས་པའི་སྒོམ་པའི་རང་བཞིན་གྱི་དྲོ་བ་ལ་སོགས་པ་ཡིན་པར་གསལ་བའི་ཕྱིར་མ་གསུངས་སོ་ཞེས་གཟུང་ངོ་། །ལམ་ཤེས་པའི་སྐབས་སུ་ཉན་ཐོས་ལ་སོགས་པའི་ལམ་ཡང་བཤད་པས། ཐམས་ཅད་ཤེས་པ་ཉིད་ཁོ་ན་མ་ཡིན་ནམ། ཅིའི་ཕྱིར་ཐམས་ཅད་

ཤེས་པ་ཉིད་ལོགས་ཤིག་ཏུ་བསྟན་ཞེ་ན། དེ་བརྗོད་པར་བྱ་སྟེ། དེ་ལ་ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་བྱ་བ་མི་དམིགས་པར་བསྒོམ་པ་ལ་སོགས་པའི་རིམ་གྱིས་ཉན་ཐོས་ལ་

Vol. 85 · folio 176a

སོགས་པའི་ལམ་བྱང་ཆུབ་སེམས་དཔས་བསྒོམ་པར་བྱའོ་ཞེས་བརྗོད་པ་ཡིན་ནོ། །དེ་བས་ན་མི་རྟག་པ་ལ་སོགས་པའི་རྣམ་པ་འཕངས་པ་རྣམས་ཀྱིས་གཞི་མ་ལུས་པ་ཡོངས་སུ་ཤེས་པ་ཡིན་པའི་དོན་དུ་ཐམས་ཅད་ཤེས་པ་ཉིད་ལོགས་ཤིག་ཏུ་བཤད་པར་གཟུང་ངོ་། །

འདི་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི། ཤིན་ཏུ་སྤྲོས་པས་ཆོག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས་ཐམས་ཅད་ཤེས་པའི་ལེའུ་སྟེ་སྐབས་གསུམ་པའོ།། །།ཡོངས་སུ་ཤེས་པར་གྱུར་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་དབང་དུ་བྱ་

བའི་ཕྱིར་ཡང་རྣམ་པ་དང་ལམ་དང་གཞི་ཤེས་པ་ཐམས་ཅད་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པ་ཡིན་པས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཀྱི་ངོ་བོ་ཉིད་མི་

རྟག་པ་ལ་སོགས་པ་ལ་དམིགས་པའི་ཤེས་པའི་བྱེ་བྲག་རྣམས་རྣམ་པ་ཉིད་དུ་རྣམ་པར་གཞག་པ་ནི་སྤྱིའི་མཚན་ཉིད་ཡིན་པར་ཤེས་པར་བྱ་སྟེ། དེ་བས་ན་འདི་ལ་གཞི་མེད་པའི་ཉེས་པ་འབྱུང་བར་མི་འགྱུར་རོ། །རྣམ་པ་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ནར་བཞེད་

དོ་ཞེས་གཟུང་བར་བྱའོ། །དེ་འདི་སྐད་དུ་ཡང་། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་འཕགས་པའི་བདེན་པ་རྟེན་དུ་བྱས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་

དབང་དུ་བྱས་ནས་བདེན་པ་གང་ལ་རྣམ་པ་ཇི་སྙེད་པར་འགྱུར་བའི་རྣམ་པ་དེ་ཡོངས་སུ་སྟོན་པ་ལས། རེ་ཞིག་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །

འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བར་རྟག་པའི་རང་བཞིན་དུ་མ་མཆིས་པ་སྟེ་ཡོད་པ་མ་ཡིན་པའི་སླད་དུ་སྟེ། རྒྱུར་བྱས་ནས་མ་མཆིས་པ་ནི་མི་རྟག་པའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །མི་མཉམ་པ་དང་མཉམ་པ་ཉིད་ཀྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པ་

Vol. 85 · folio 176b

དང་འདྲ་བར་མཉམ་པ་ཉིད་ཡིན་ཞིང་མ་སྐྱེས་པ་ཉིད་ཡིན་པའི་སླད་དུ་སྡུག་བསྔལ་བའི་རྣམ་པ་རྣམ་པ་གཞན་དང་མི་འདྲ་བ་ཉིད་ཀྱིས་ན་མི་མཉམ་ཞིང་འདྲ་བ་མེད་ལ། དེ་ནི་དེ་ཁོ་ན་ཉིད་དུ་མཉམ་ཉིད་དེ་མ་སྐྱེས་པའོ། །དབེན་པའི་ཞེས་བྱ་བ་ནི་ཤིན་ཏུ་སྟེ། གཏན་ཉིད་ནས་བདག་སྟོང་པའི་སླད་དུ་སྟོང་པ་ཉིད་

ཀྱི་རྣམ་པའི་ཡོན་ཏན་ཐོབ་པར་བྱེད་པ་ཉིད་ཀྱིས་ན་དབེན་པའོ། །མི་བརྫི་བའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་བདག་ཉིད་དུ་མི་དམིགས་པའི་སླད་དུ་མུ་སྟེགས་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་མུ་སྟེགས་པ་རྣམས་ཀྱིས་འཁྲུགས་པར་མི་བྱེད་པ་ཉིད་ཀྱིས་ན་བདག་མེད་པའི་རྣམ་པ་ནི་མི་བརྫི་བ་

ཡིན་ནོ། །དེ་ལྟར་ན་མེད་པ་དང་། །མི་སྐྱེ་བ་དང་། བདེན་པ་དང་། མི་བརྫི་བའི་རྣམ་པ་བཞི་ནི་སྡུག་བསྔལ་གྱི་བདེན་པ་ལ་གྲངས་ཇི་ལྟ་བ་བཞིན་དུ་མི་རྟག་པ་ལ་སོགས་པའི་མཚན་ཉིད་དུ་འགྱུར་རོ། །གནས་པ་མ་མཆིས་པའི་ཞེས་བྱ་བ་ནི་དེ་ལ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ནི་མིང་ངོ་། །

གཟུགས་ཀྱི་ཕུང་པོ་ནི་ལུས་སོ། །འདི་ནི་དེ་རྣམས་ཀྱི་རྒྱུ་ཡིན་པ་དེ་བས་ན། རིགས་པས་མིང་མ་མཆིས་ཤིང་ལུས་མ་མཆིས་པའི་སླད་དུ་རྒྱུའི་རྣམ་པ་ནི་དེ་ཁོ་ན་ཉིད་དུ་ན་བསྐྱེད་པའི་གཞི་མ་ཡིན་པའི་དོན་གྱིས་ན་གནས་མེད་པའོ། །ངོ་བོ་ཉིད་མ་མཆིས་པའི་ཞེས་བྱ་བ་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་

པའི་ངོ་བོ་ཉིད་ཀྱིས་འགྲོ་བ་དང་འོང་བ་མ་མཆིས་པའི་སླད་དུ་ཀུན་འབྱུང་བའི་རྣམ་པ་སྟེ། རིགས་པས་ནམ་མཁའ་དང་མཉམ་པའོ། །བརྗོད་དུ་མ་མཆིས་པའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་མེད་པ་ཉིད་ཀྱིས་བརྗོད་པའི་ཀུན་རྫོབ་ཏུ་ཡང་སྒྲས་བརྗོད་པ་མེད་པའི་ཕྱིར་རྟོག་པ་མ་མཆིས་པའི་སླད་དུ་རབ་ཏུ་སྐྱེ་བའི་

རྣམ་པ་ནི་བརྗོད་པ་མེད་པ་ཡིན་ནོ། །མིང་མ་མཆིས་པའི་ཞེས་བྱ་བ་ནི་ཕུང་པོ་ལྔ་དམིགས་སུ་མ་མཆིས་པའི་སླད་དུ་སེམས་ལས་བྱུང་བ་མེད་པ་ཉིད་ཀྱིས་ན། རྐྱེན་གྱི་རྣམ་པ་ནི་མིང་མེད་པ་ཞེས་བྱ་སྟེ། དེ་ལྟར་ན་གནས་མེད་པ་དང་། ནམ་མཁའ་དང་། །བརྗོད་དུ་མེད་པ་དང་། མིང་མེད་པའི་རྣམ་

པ་བཞི་ནི་ཀུན་འབྱུང་གི་བདེན་པ་ལ་གོ་རིམས་བཞིན་དུ་རྒྱུ་ལ་སོགས་པའི་མཚན་ཉིད་དུ་འགྱུར་རོ། །འགྲོ་བ་མ་མཆིས་པ་ཞེས་བྱ་བ་ནི་འགོག་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་གང་དུ་ཡང་འགྲོ་བ་མེད་པའི་སླད་དུ་འགོག་པའི་རྣམ་པ་ནི་འགྲོ་བ་མེད་པའོ། །མི་འཕྲོགས་པ་ཞེས་བྱ་བ་ནི་གཟོད་མ་ནས་ཞི་

Vol. 85 · folio 177a

བ་ཉིད་ཀྱིས་ན་ཡུལ་གྱི་ངོ་བོ་ཉིད་ཉེ་བར་འཛིན་པ་མེད་པའི་ཕྱིར། ཆོས་ཐམས་ཅད་གཟུང་དུ་མ་མཆིས་པའི་སླད་དུ་ཞི་བའི་རྣམ་པ་ནི་མི་འཕྲོགས་པའོ། །མི་བས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་མི་བས་པའི་ཆོས་དང་ལྡན་པའི་སླད་དུ་གྱ་ནོམ་པ་ནི་མི་ཟད་པའོ། །

མི་སྐྱེ་བ་ཞེས་བྱ་བ་ནི་གཅིག་དང་དུ་མའི་རྒྱུ་ཉིད་དང་བྲལ་བ་ཉིད་ཀྱིས་ཆོས་ཐམས་ཅད་མངོན་པར་མ་གྲུབ་པའི་སླད་དུ་ངེས་པར་འབྱུང་བའི་རྣམ་པ་ནི་སྐྱེ་བ་མེད་པའོ། །དེ་ལྟར་ན་འགྲོ་བ་མེད་པ་དང་། མི་འཕྲོགས་པ་དང་མི་ཟད་པ་དང་སྐྱེ་བ་མེད་པའི་རྣམ་པ་ནི་འགོག་པའི་བདེན་པ་ལ་གོ་རིམས་བཞིན་དུ་

འགོག་པ་ལ་སོགས་པའི་རང་བཞིན་དུ་འགྱུར་རོ། །བྱེད་པ་པོ་མ་མཆིས་པ་ཞེས་བྱ་བ་ནི་ལན་ནི་བྱེད་པ་པོར་འཛིན་པའི་གཉེན་པོར་ཡིན་པའི་ཕྱིར། བྱེད་པ་པོ་མི་དམིགས་པའི་སླད་དུ་ལམ་གྱི་རྣམ་པ་ནི་བྱེད་པ་པོ་མེད་པའོ། །ཤེས་པ་པོ་མེད་པ་ནི་ཚད་མ་དང་འགལ་བ་ཉིད་ཀྱིས་ན། ཆོས་ཐམས་

ཅད་བདག་མ་མཆིས་ཤིང་བདག་དམིགས་སུ་མེད་པའི་སླད་དུ་རིགས་པའི་རྣམ་པ་ནི་ཤེས་པ་པོ་མེད་པའོ། །མི་འཕོ་བ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་འཆི་འཕོ་བ་དང་སྐྱེ་བ་དང་འཇིག་པ་དང་སྐྱེ་བ་དག་མི་འཐད་པའི་སླད་དུ་སྒྲུབ་པའི་རྣམ་པ་ནི་འཕོ་བ་མེད་པའོ། །འདུལ་བ་མེད་པ་

ཞེས་བྱ་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བའི་དུས་མི་དམིགས་པའི་སླད་དུ་ཉོན་མོངས་པ་དུལ་བ་མི་སྲིད་པས་ངེས་པར་འབྱིན་པའི་རྣམ་པ་ནི་འདུལ་བ་མེད་པའོ། །དེ་ལྟར་ན་བྱེད་པ་པོ་མེད་པ་དང་ཤེས་པ་པོ་མེད་པ་དང་འཕོ་བ་མེད་པ་དང་འདུལ་བ་མེད་པའི་རྣམ་པ་བཞི་ནི་ལམ་གྱི་བདེན་པ་

ལ་གོ་རིམས་བཞིན་དུ་ལམ་ལ་སོགས་པའི་རང་བཞིན་གྱི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ། །འདི་ནི་རྨི་ལམ་དང་སྒྲ་བརྙན་དང་མིག་ཡོར་དང་སྨིག་རྒྱུ་དང་སྒྱུ་མའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་རིགས་པའི་རྗེས་སུ་འགྲོ་བའི་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མ་མཆིས་པ་རྣམ་པར་ཤེས་པར་བགྱིད་

པའི་སླད་དུ་རྨི་ལམ་དང་སྒྲ་བརྙན་དང་མིག་ཡོར་དང་སྨིག་རྒྱུ་དང་སྒྱུ་མའི་རྣམ་པ་ལྔ་སྟེ། གོ་རིམས་བཞིན་དུ་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་དང་མ་འགགས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་ནི་སྤྱིར་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་དག་ཡིན་ཏེ། ཐམས་ཅད་

Vol. 85 · folio 177b

ཤེས་པ་ཉིད་ཀྱིས་རང་སངས་རྒྱས་ཀྱང་བསྡུས་པའི་ཕྱིར་དེ་དག་གི་ཤེས་བྱའི་སྒྲིབ་པའི་གཉེན་པོའི་བདག་ཉིད་ཅན་བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ཡིན་པས་ལམ་རྣམ་པ་གསུམ་དུ་འགྱུར་བ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མ་མཆིས་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་

དང་གཏི་མུག་གི་ངོ་བོ་ཉིད་མ་མཆིས་པའི་སླད་དུ། ཉོན་མོངས་པ་མེད་པ་ནི། ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པར་བྱང་བ་མ་མཆིས་པ་ཞེས་བྱ་བ་ནི་རྟེན་ཉོན་མོངས་པའི་སེམས་ཅན་མི་དམིགས་པའི་སླད་དུ་རྣམ་པར་བྱང་བ་མེད་པ་ནི། རྣམ་པར་བྱང་བ་མ་མཆིས་པའོ། །གོས་པ་མ་མཆིས་པ་ཞེས་

བྱ་བ་ནི་ནམ་མཁའ་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་པས་གོས་པ་མ་མཆིས་པའི་སླད་དུ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་མེད་པ་ནི་གོས་པ་མེད་པའོ། །སྤྲོས་པ་མ་མཆིས་པ་ཞེས་བྱ་བ་ནི་དམིགས་པའི་རང་བཞིན་གྱི་རློམ་སེམས་ཐམས་ཅད་ལས་འདས་པའི་སླད་དུ། སྤྲོས་པ་

ཡོད་པ་མ་ཡིན་པ་ནི་སྤྲོས་པ་མེད་པའོ། །རློམ་སེམས་མ་མཆིས་པ་ཞེས་བྱ་བ་ནི་ཉེ་བར་དམིགས་པ་ཐམས་ཅད་ཡང་དག་པར་བཅོམ་པས་གཡོ་བ་མ་མཆིས་ཤིང་འགུལ་བ་མེད་པའི་སླད་དུ་རློམ་སེམས་མེད་པ་ནི་རློམ་པ་མེད་པའོ། །མི་གཡོ་བ་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པར་ཆོས་ཀྱི་དབྱིངས་

གནས་པ་ཉིད་ཀྱི་ཉམས་པ་མེད་པས་ན་མི་གཡོ་བའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། གོས་པ་མེད་པ་དང་། སྤྲོས་པ་མེད་པ་དང་། རློམ་སེམས་མེད་པ་དང་། མི་གཡོ་བའི་རྣམ་པ་སྟེ། དྲུག་ནི་གོ་རིམས་བཞིན་དུ་ཤེས་བྱའི་སྒྲིབ་པའི་ཀུན་ནས་

ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ཉོན་མོངས་པའི་བག་ཆགས་དང་གཟུགས་ལ་སོགས་པའི་སྤྲོས་པ་དང་། རང་གི་རྟོགས་པ་དང་། ཡོངས་སུ་ཉམས་པར་རྣམ་པར་རྟོག་པ་སྟེ་དྲུག་གི་སོ་སོར་ངེས་པའི་གཉེན་པོར་གྱུར་པ་རང་སངས་རྒྱས་རྣམས་ཀྱི་མཐོང་བའི་ལམ་ཟག་པ་མེད་པ་ཤེས་བྱའི་སྒྲིབ་

པའི་གཉེན་པོའི་བདག་ཉིད་ཅན་ལ་འགྱུར་བ་དག་ཡིན་ཏེ། སྤྱིར་བསྡུ་ན་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ཡིན་ནོ། །དེ་སྐད་དུ་ཡང་། མེད་པའི་རྣམ་པ་ནས་གཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང་། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་གསུངས་པ་

Vol. 85 · folio 178a

ཡིན་ནོ། །དེའི་འོག་ཏུ་ལམ་ཤེས་པ་ཉིད་ཀྱི་རྣམ་པར་བརྗོད་པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་། ཅིག་ཤོས་ཀྱི་ཕྱོགས་ལ་བརྟེན་ནས་ཀུན་འབྱུང་བ་དང་ལམ་གྱི་བདེན་པ་དག་ནི་རྒྱུ་ཡིན་ལ། སྡུག་བསྔལ་དང་འགོག་པའི་བདེན་པ་དག་ནི་འབྲས་བུ་

ཡིན་ནོ་ཞེས་དོན་གྱི་སྒོ་ནས་བསྟན་པ། ཀུན་འབྱུང་བ་དང་། ལམ་དང་། སྡུག་བསྔལ་དང་། འགོག་པའི་བདེན་པ་ལ་གོ་རིམས་བཞིན་དུ་རྣམ་པ་བརྒྱད་དང་། བདུན་དང་། ལྔ་དང་། བཅུ་དྲུག་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་རྒྱུ་ནི་རྣམ་པ་གསུམ་སྟེ། འདུན་པ་དང་འདོད་ཆགས་དང་ཡང་སྲིད་ཅན་

གྱི་སྲིད་པ་དགའ་བ་དང་ལྡན་པ་ཞེས་བྱའོ། །འདུན་པའི་གཉེན་པོར་ནི་འདོད་ཆགས་དང་བྲལ་བ་ཞེས་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དེ། བདེན་པ་ཉིད་ཀྱི་སླད་དུ་འདོད་ཆགས་མེད་པ་ནི་འདོད་ཆགས་དང་བྲལ་བ་ཡིད་ལ་བྱེད་པ་འདོད་

ཆགས་པ་ལ་དགོངས་པས་བསྟན་ཏེ། བདུན་པའི་སྐབས་སུ་འདོད་ཆགས་ནི་གཙོ་བོ་ཡིན་པས་དེ་མེད་ན་འདུན་པར་བསྟན་པའི་ཕྱིར་རོ། །ཡང་ན་འབྲས་བུའི་བདག་ཉིད་འདོད་ཆགས་མེད་པས་དེའི་རྒྱུ་མ་ཚང་བ་མེད་པའི་འདུན་པ་མེད་པར་སྟོན་པ་ཡིན་ཏེ་གཞན་དུ་མ་ཚང་བ་མེད་པར་གྱུར་ན་འབྲས་བུ་མི་སྐྱེ་བར་མི་འགྱུར་རོ་

ཞེས་བྱ་བའི་རིགས་སོ། །འདོད་ཆགས་ཀྱི་གཉེན་པོའི་ལྡང་བ་མ་མཆིས་པ་ཞེས་བྱ་བ་གང་གསུངས་པ་ཡིན་ཏེ། སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ནི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཀྱི་སླད་དུ་ལྡང་བ་ཞེས་བྱ་བ་འདུན་པ་མེད་པས་ལྡང་བ་མེད་པ་སྟེ། ཆོས་རྣམས་ལ་ཞེན་པ་མེད་པ་ལ་དགོངས་

ནས་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་འདོད་ཆགས་ཀྱི་གནས་སྐབས་སུ་འདུན་པ་ནི་དངོས་སུ་འཇུག་པའི་རྒྱུ་ཉིད་ཀྱི་གཙོ་བོ་ཡིན་པས་ན། དེ་མེད་ན་འདོད་ཆགས་མེད་པར་བསྟན་པའི་ཕྱིར་རོ། །ཡང་སྲིད་ཀྱི་རྒྱུ་མཚན་གྱི་སྲིད་པ་དགའ་བ་དང་ལྡང་བའི་གཉེན་པོ་བརྗོད་པ་ནི་ཞི་བ་ཞེས་བྱ་བ་སྟེ།

ཆོས་ཐམས་ཅད་ཀྱི་སྔོན་པོ་དང་སེར་པོ་ལ་སོགས་པའི་མཚན་མ་མི་དམིགས་པའི་སླད་དུ། སྲེད་པ་གཙོ་བོར་གྱུར་པའི་ཉེ་བར་མ་ཞི་བ་མེད་པས་ཞི་བའོ། །ཀུན་འབྱུང་ནི་གསུམ་སྟེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གོ། །དེའི་གཉེན་པོ་ནི་སྐྱོན་མ་མཆིས་པ་ཞེས་སྨོས་ཏེ། སྟོབས་བཅུ་དང་མི་

Vol. 85 · folio 178b

འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་ཉེས་པ་མེད་པ་ནི་སྐྱོན་མེད་པ་སྟེ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་སྐྱེ་བ་ནི་ཡོངས་སུ་རྟོག་པ་སྟེ། དེ་ལས་འདོད་ཆགས་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །དེའི་གཉན་་པོར་ནི་ཉོན་

མོངས་པ་མ་མཆིས་པ་ཞེས་བྱ་བ་སྨོས་ཏེ། གཉིས་པ་ལ་སོགས་པ་མངོན་པར་ཞེན་པའི་ཡོངས་སུ་རྟོགས་པ་མཆིས་པའི་སླད་དུ་ཉོན་མོངས་པའི་རྒྱུ་རབ་ཏུ་འབྱུང་བ་མེད་པ་ནི་ཉོན་མོངས་པ་མེད་པའོ། །འཇིག་ཚོགས་སུ་ལྟ་བ་ནི་ཉེས་པ་ཐམས་ཅད་ཀྱི་རྐྱེན་ཉིད་ཡིན་པའི་ཕྱིར། རྐྱེན་ནི་སེམས་ཅན་དུ་མངོན་

པར་ཞེན་པ་ཡིན་ལ། དེའི་གཉེན་པོར་ནི་སེམས་ཅན་མ་མཆིས་པ་ཞེས་སྨོས་ཏེ། ཕྱིན་ཅི་མ་ལོག་པའི་དོན་གྱིས་ན་ཡང་དག་པའི་མཐའི་སླད་དུ་རྐྱེན་མེད་པ་ནི་སེམས་ཅན་མེད་པའོ། །དེ་ལྟར་ན་འདོད་ཆགས་དང་བྲལ་བའི་རྣམ་པ་ནས་བརྩམས་ཏེ། སེམས་ཅན་མེད་པའི་རྣམ་པ་ཞེས་བྱ་བའི་བར་དག་ནི་

གོ་རིམས་བཞིན་དུ་རྒྱུ་གང་ཡིན་པ་འདུན་པ་དང་། འདོད་ཆགས་དང་། དགའ་བ་དང་ལྡན་པ་དང་། ཀུན་འབྱུང་བ་གང་ཡིན་པ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། རབ་ཏུ་སྐྱེ་བ་གང་ཡིན་པ་ཡོངས་སུ་རྟོག་པ་དང་རྐྱེན་གང་ཡིན་པ་སེམས་ཅན་དུ་མངོན་པར་ཞེན་བྱ་བ་སྟེ། དེ་རྣམས་ཀྱི་གཉེན་

པོར་གྱུར་པ་གསུམ་དང་། གསུམ་དང་། གཅིག་དང་། གཅིག་སྟེ། དེ་ལྟར་ན་ཀུན་འབྱུང་གི་བདེན་པ་ལ་རྣམ་པ་བརྒྱད་དུ་འགྱུར་བ་ཡིན་ནོ། །ཚད་མ་མཆིས་པ་ཞེས་བྱ་བ་ཆོས་ཐམས་ཅད་ལྡང་བ་ཞེས་བྱ་བ་འབྱུང་བར་འགྱུར་བའི་ལྡང་བ་མ་མཆིས་པའི་སླད་དུ་མི་མཐུན་པའི་ཕྱོགས་ལྡོག་པའི་གཉེན་

པོ་ཐོབ་པ་ཉིད་ཀྱིས་ན་སེམས་ཅན་ཚད་མེད་པའི་གོ་སྐབས་འབྱེད་པའི་ཕྱིར་ལམ་གྱི་རྣམ་པ་ནི་ཚད་མེད་པའོ། །ཡང་ཇི་ལྟར་སེམས་ཅན་ཚད་མེད་པའི་གོ་སྐབས་འབྱེད་པ་ཡིན་ཞེ་ན། མཐའ་གཉིས་མི་རྟོག་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ལ་མངོན་པར་མ་ཆགས་པའི་སླད་དུ་འཁོར་

བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་སྤངས་པའི་ཕྱིར་མི་རྟོག་པ་ནི་མི་དམིགས་པའོ། །ཐ་མི་དད་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཆོས་ཐམས་ཅད་དབྱེར་མེད་པ་སྟེ། སྣ་ཚོགས་མ་ཡིན་པའི་སླད་དུ་རིགས་པའི་རྣམ་པ་ནི་དབྱེར་མེད་པའོ། །ཡང་ཇི་ལྟར་ན་རིགས་པ་

Vol. 85 · folio 179a

ཡིན་ཞེ་ན། མཆོག་ཏུ་མི་འཛིན་པའི་ཞེས་བྱ་བ་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐམས་ཅད་ལ་འདོད་པ་མེད་པའི་སླད་དུ། དེའི་རྣམ་པར་རྟོག་པས་མ་གོས་པ་ནི་མཆོག་ཏུ་འཛིན་པ་མེད་པའོ། །མི་རྟོག་པའི་ཞེས་བྱ་བ་ནི་རྟོག་པ་ཐམས་ཅད་ཞི་བ་ཉིད་ཀྱི་སླད་དུ་

སྒྲུབ་པའི་རྣམ་པ་ནི་རྣམ་པར་མི་རྟོག་པའོ། །ཇི་ལྟར་ན་སྒྲུབ་པ་ཡིན་ཞེ་ན་གཞལ་དུ་མེད་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཉིད་ཚད་མ་མཆིས་པའི་སླད་དུ་ཐོབ་པ་ཡོངས་སུ་ཉམས་པ་དང་། མ་ཐོབ་པ་ཐོབ་པ་དམན་པ་དང་གྱ་ནོམ་པའི་རྣམ་པར་རྟོག་པ་མེད་པ་སྔོན་དུ་འགྲོ་བས་ཤེས་བྱའི་མཐར་ཐུག་པ་

དང་བྲལ་བ་ཉིད་ཀྱིས་ན་གཞལ་དུ་མེད་པའོ། །ཆགས་པ་མ་མཆིས་པ་ཞེས་བྱ་བ་ནི་དེ་དང་དེར་རྟོགས་པ་ན་ནམ་མཁའ་དང་འདྲ་བར་ཆོས་ཐམས་ཅད་ལ་ཆགས་པ་མ་མཆིས་པའི་སླད་དུ་ངེས་པར་འབྱུང་བའི་རྣམ་པ་ནི་ཆགས་པ་མེད་པའོ། །དེ་ལྟར་ན་ཚད་མེད་པ་དང་མཐའ་གཉིས་མི་རྟོག་པ་དང་།

ཐ་མི་དད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། རྣམ་པར་མི་རྟོག་པ་དང་། གཞལ་དུ་མེད་པ་དང་། ཆགས་པ་མེད་པའི་རྣམ་པ་དག་ལས་གོ་རིམས་བཞིན་དུ་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ལམ་གང་ཡིན་པ་དང་། ཇི་ལྟར་སེམས་ཅན་ཐམས་ཅད་གོ་སྐབས་འབྱེད་པ་དང་།

རིགས་པ་གང་ཡིན་པ་དང་། ཇི་ལྟར་རིགས་པ་དང་སྒྲུབ་པ་གང་ཡིན་པ་དང་། ཇི་ལྟར་སྒྲུབ་པ་དང་ངེས་པར་འབྱུང་བ་གང་ཡིན་པ་དེ་རྣམས་ཀྱི་ངོ་བོ་ཉིད་ནི་གཉིས་དང་། གཉིས་དང་། གཉིས་དང་གཅིག་སྟེ། དེ་ལྟར་ན་ལམ་གྱི་བདེན་པ་ལ་རྣམ་པ་བདུན་དུ་འགྱུར་རོ། །མི་རྟག་པའི་ཞེས་བྱ་བ་ནི་

ཆོས་ཐམས་ཅད་མེད་པ་ཉིད་ཀྱིས་རྒྱུ་དང་རྐྱེན་གྱིས་འདུས་མ་བགྱིས་པའི་སླད་དུ་རྟག་པ་ནི་ཡོད་པ་ཡིན་པས་མེད་པའི་དོན་ནི་རྟག་པའི་དོན་ནོ། །སྡུག་བསྔལ་བའི་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སླད་དུ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་གྱི་དངོས་པོ་ཐམས་ཅད་

ལ་ཁྱབ་པ་ཡིན་ནོ། །སྟོང་པ་ཉིད་ཀྱི་ཞེས་བྱ་བ་ནི་གནས་པར་བྱེད་པའི་བདག་དང་འབྲེལ་པའི་དྲི་དང་རྗེས་སུ་འབྲེལ་པ་ཙམ་དུ་ཡང་ཆོས་ཐམས་ཅད་མི་དམིགས་པའི་སླད་དུ་གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ལ་སོགས་པ་དང་བྲལ་བ་ཉིད་ཀྱིས་ན་སྟོང་པའོ། །བདག་མ་མཆིས་པའི་ཞེས་བྱ་

Vol. 85 · folio 179b

བ་ནི་རང་ཉིད་བདག་མ་ཡིན་པ་ཉིད་ཀྱིས་ཐམས་ཅད་ལ་མངོན་པར་མ་ཆགས་པའི་སླད་དུ་གང་ཟག་ལ་སོགས་པའི་རང་བཞིན་མ་ཡིན་པས་བདག་མེད་པའོ། །མཚན་ཉིད་མ་མཆིས་པའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་མངོན་པར་མ་གྲུབ་པའི་སླད་དུ་དངོས་པོ་མེད་པ་ནི་མཚན་ཉིད་མེད་པའོ། །དེ་ལྟར་

ན་དེ་དག་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་དང་། ལྔ་པ་ནི་མཚན་ཉིད་མེད་པའི་རྣམ་པའི་ངོ་བོ་ཉིད་ཅེས་བྱ་བ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་རྣམ་པ་ལྔར་འགྱུར་རོ། །སྟོང་པ་ཉིད་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སྔོན་དང་། ཕྱི་མར་གྱུར་པའི་མཚན་ཉིད་

ཅན་གྱི་མཐའ་དང་ཀུན་ནས་མཐའ་གཉིས་དང་ལྡན་པའི་ཕྱིར་པ་རི་ཨན་ཏ་ཞེས་བྱ་བའི་དབུས་མེད་པ་ཉིད་ཀྱིས་མཐའ་ཡས་མུ་མ་མཆིས་པའི་སླད་དུ་འགོག་པའི་བདེན་པའི་རྣམ་པ་སྟོང་པ་ཉིད་བཅུ་དྲུག་ནི་སྟོང་པ་ཉིད་ཐམས་ཅད་དོ། །དེ་ལ་ཕྱི་དང་ནང་གཉི་གའི་དངོས་པོ་རྣམས་འགོག་པས། ནང་

དང་ཕྱི་རོལ་དང་གཉི་གའི་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་ནི་འགོག་པའི་རྣམ་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་ནོ། །སྟོང་པ་ཉིད་དང་། སྣོད་ཀྱི་འཇིག་རྟེན་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། རྟག་པ་དང་། ཆད་པའི་མཐའ་དང་། འཁོར་བ་ཐོག་མ་དང་ཐ་མ་མེད་པ་

དང་། རྟོགས་པའི་ཆོས་དོར་བ་མེད་པ་ལ་བཏགས་པའི་བདག་ཉིད་ཅན་གྱི་མངོན་པར་ཞེན་པ་རྣམ་པ་བརྒྱད་འགོག་པས་གོ་རིམས་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་།

མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དེ། སྟོང་པ་ཉིད་ཀྱི་རྣམ་པ་བརྒྱད་ནི་ཞི་བའི་རྣམ་པའི་ངོ་བོ་ཉིད་ཡིན་ནོ། །གྱ་ནོམ་པའི་རྣམ་པ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་བྱེད་པ་པོ་འགོག་པས་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་

པའོ། །ཡུལ་དུ་འཁྲུལ་པའི་བདག་ཉིད་ཅན་བཏགས་པ་དང་མཚན་ཉིད་དང་དུས་སུ་འཁྲུལ་པ་རྣམས་འགོག་པས་ཆོས་ཐམས་ཅད་དང་རང་གི་མཚན་ཉིད་དང་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་ནི་ངེས་པར་འབྱུང་བའི་རྣམ་པའི་ངོ་བོ་ཉིད་དོ། །ངོ་བོ་ཉིད་འགོག་པས་དངོས་པོ་མེད་པའི་

Vol. 85 · folio 180a

ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ཁོ་ན་ངེས་པར་འབྱུང་བའི་བདག་ཉིད་ཅན་ཡིན་ཏེ། དེ་ལྟར་འགོག་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། གྱ་ནོམ་པའི་རྣམ་པ་དང་། ངེས་པར་འབྱུང་བའི་རྣམ་པའི་དབང་དུ་བྱས་ནས་ནང་གི་བདག་ཉིད་ཅན་ལ་སོགས་པའི་དངོས་པོ་འགོག་པ་

གང་ཡིན་པ་དང་། མངོན་པར་ཞེན་པ་རྣམ་པ་བརྒྱད་དང་བྲལ་བས་ཇི་ལྟར་ཞི་བ་ཡིན་པ་དང་། རང་བཞིན་གྱིས་ཇི་ལྟར་གྱ་ནོམ་པ་དང་། འཁྲུལ་པ་རྣམ་པ་གསུམ་བསལ་བས་ཇི་ལྟར་ངེས་པར་འབྱུང་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བས་ངེས་པར་འབྱུང་བ་གང་ཡིན་པ་ནི་གོ་རིམས་བཞིན་

དུ་གསུམ་དང་། བརྒྱད་དང་། གཅིག་དང་། གསུམ་དང་། གཅིག་སྟེ། དེ་ལྟར་འགོག་པའི་བདེན་པ་ལ་རྣམ་པ་བཅུ་དྲུག་ཏུ་འགྱུར་རོ། །སྤྱིར་ནི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་ཏེ། དེ་སྐད་དུ་ཡང་། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །འགོག་པ་ལ་ནི་གོ་

རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་བརྗོད་པར་བྱའོ། །དེ་ལ་ཡང་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་བྱས་པས་ཐམས་ཅད་མཁྱེན་པ་ཉིད་

གསུམ་གྱི་རྣམ་པ་བསྡུས་པར་གྱུར་པ་ཡིན་པ་དེ་བས་ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་གྱི་དབྱེ་བས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་རྣམས་ཉིད་དམིགས་སུ་མ་མཆིས་པའི་སླད་དུ། དྲན་པ་ཉེ་བར་

གཞག་པ་ལ་སོགས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་ཐམས་ཅད་ཤེས་པ་ཉིད་དེ་ལ་དང་པོར་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཤེས་བྱ་དང་། ཤེས་པ་རང་དང་སྤྱིའི་མཚན་ཉིད་དུ་ཡོངས་སུ་བརྟགས་པ་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་

རྣམས་དྲན་པ་ཉེ་བར་གཞག་པའི་རྣམ་པ་བཞི་ནི་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡིན་ཏེ། དེས་ལུས་ལ་སོགས་པའི་དངོས་པོ་རྣམ་པ་བཞི་ལ་ཡོངས་སུ་རྟོག་པའི་ཕྱིར་རོ། །དེའི་འོག་ཏུ་ཞུགས་པ་ལ་བརྩོན་འགྲུས་འབྱུང་བས་མི་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམས་བཞིན་དུ་རྣམ་པ་

Vol. 85 · folio 180b

ཐམས་ཅད་དུ་སྤང་བ་དང་མི་བསྐྱེད་པའི་དོན་དང་ཕྱིར་ཞིང་འབྱུང་བ་དང་སྐྱེད་པའི་དོན་གྱི་རྒྱུར་གྱུར་པའི་བརྩོན་འགྲུས་ཀྱི་བདག་ཉིད་ཅན་ཡང་དག་པར་སྤོང་བ་རྣམ་པ་བཞི་ནི་རྩོལ་བའི་ལམ་ཡིན་ཏེ། དེ་བཞིན་དུ་སྒྲིབ་པ་སྤང་བ་ལ་སོགས་པའི་སྒོ་ནས་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །བརྩོན་འགྲུས་

དང་ལྡན་པ་ནི་སེམས་ལས་སུ་རུང་བ་ཉིད་དུ་བྱེད་པས་འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་རྣམ་པ་བཞི་ནི་ཏིང་ངེ་འཛིན་ཡོངས་སུ་སྦྱང་བའི་ལམ་ཡིན་ཏེ། དེ་བཞིན་དུ་འདུན་པ་ལ་སོགས་པའི་སྒོ་ནས་སེམས་ལས་སུ་རུང་

བ་ཉིད་བསྐྱེད་པའི་ཕྱིར་རོ། །སེམས་ཡོངས་སུ་སྦྱང་བ་བྱས་པའི་རྗེས་ཐོགས་ལ་དྲོ་བ་དང་རྩེ་མོའི་སྦྱོར་བ་འབྱུང་བས་དེའི་ངོ་བོ་ཉིད་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམ་པ་ལྔ་ནི་མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ཡིན་ཏེ། དད་

པའི་དབང་པོ་ལ་སོགས་པས་འཕགས་པའི་ལམ་ཡང་དག་པར་འགྲུབ་པའི་བདག་པོར་གྱུར་པ། དྲོ་བ་དང་རྩེ་མོ་ལ་སྦྱོར་བའི་ཕྱིར་རོ། །དྲོ་བ་ལ་སོགས་པ་ཐོབ་པ་ལ། བཟོད་པ་དང་། ཆོས་ཀྱི་མཆོག་འབྱུང་བས་དེ་དག་གི་ངོ་བོ་ཉིད་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་

ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་རྣམ་པ་ལྔ་ནི། རྣམ་པ་ཐམས་ཅད་དུ་མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་ཡིན་ཏེ། དད་པའི་སྟོབས་ལ་སོགས་པས་དེ་མ་ཐག་ཏུ་བདེན་པ་རྟོགས་པའི་དོན་དུ་མ་དད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་བཟོད་པ་དང་ཆོས་ཀྱི་

མཆོག་ལ་སྦྱོར་བའི་ཕྱིར་རོ། །དྲོ་བ་ལ་སོགས་པ་བཞི་པོ་རྟོགས་པ་ལ་བདེན་པ་མཐོང་བའི་ལམ་འབྱུང་བས་དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཀྱི་རྣམ་པ་བྱང་ཆུབ་

ཀྱི་ཡན་ལག་བདུན་ནི་མངོན་པར་རྟོགས་པའི་ལམ་ཡིན་ཏེ། དེས་ཐོག་མར་སོ་སོར་རང་གིས་དེ་ཁོ་ན་མངོན་པར་རྟོགས་པའི་ཕྱིར་རོ། །མཐོང་བའི་ལམ་ཡོངས་སུ་ཤེས་པ་ལ་བསྒོམ་པའི་ལམ་འབྱུང་བས་ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་།

Vol. 85 · folio 181a

རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རྣམ་པ་ནི་རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ཡིན་ཏེ། མཐོང་བའི་ལམ་གྱི་སྟེང་དུ་འདིས་བསྒོམ་པས་སྤོང་བར་བྱ་བའི་ཉོན་མོངས་རྣམ་པར་དག་པའི་དོན་དུ་ངེས་པར་འབྱིན་པའི་ཕྱིར་རོ་ཞེས་བརྗོད་པ་

ཡིན་ནོ། །དེ་ཉིད་ཀྱིས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་གོ་རིམས་ནི་འདི་ཡིན་ནོ། །དེས་ན་དེ་ལྟར་དངོས་པོར་ཡོངས་སུ་རྟོགས་པའི་ལམ་ལ་སོགས་པ་ལམ་བདུན་གྱི་དབང་དུ་བྱས་ནས་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་སུམ་ཅུ་རྩ་བདུན་དུ་འགྱུར་བ་ཡིན་ནོ། །དེའི་འོག་ཏུ་ལམ་ཤེས་པ་ཉིད་

ཀྱི་ལམ་གྱི་དབྱེ་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སྨོས་ཏེ། སྟོང་པ་ཉིད་དང་བདག་མེད་པའི་རྣམ་པའི་ངོ་བོ་ཉིད་ནི་རྣམ་པར་ཐར་པའི་སྒོ་དང་པོ་སྟོང་པ་ཉིད་དེ། ལྟ་བས་བྱས་པའི་གཉེན་པོའོ། །མཚན་མ་མེད་པ་གང་ཡིན་པ་འགོག་པ་དང་མཚན་མའི་

རྣམ་པར་རྟོག་པ་དང་བྲལ་བའི་ལམ་གང་གིས་ཞེས་བྱ་བས་འགོག་པ་དང་ལམ་གྱི་བདེན་པའི་རྣམ་པའི་རང་བཞིན་རྣམ་པར་ཐར་པའི་སྒོ་གཉིས་པ་མཚན་མ་མེད་པ་ནི་ལྟ་བའི་རྒྱུ་ཅན་གྱི་རྣམ་པར་རྟོག་པའི་གཉེན་པོ་ཡིན་ནོ། །ཞི་བའི་རྣམ་པས་མཚན་མ་མེད་པ་ཡིན་པར་གང་གསུངས་པ་དེ་ནི་དངོས་པོའི་

མཚན་མ་དང་འབྲེལ་པ་ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་གི་བདེན་པའི་རྣམ་པའི་ངོ་བོ་ཉིད་ནི་རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་པ་མེད་པ་ཡིན་ཏེ། ཁམས་གསུམ་ལ་སྨོན་པའི་གཉེན་པོ་ཡིན་ནོ། །

དེ་ལྟར་ན་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་པོ་རྣམས་ནི་གཉེན་པོའི་ལམ་ཡིན་ནོ། །འདི་རྣམ་པར་ཐར་པ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཞེས་བྱ་བ་ནི་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པ་དང་རྣམ་པར་བཤིག་པ་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་ནང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་

པའི་བདག་ཉིད་བསམ་གཏན་ནམ་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ཏེ། ཕྱི་རོལ་གྱི་གཟུགས་ཁ་དོག་བཟང་བ་དང་ཁ་དོག་ངན་པ་རྣམས་ལ་ལྟ་བ་ཞེས་བྱ་བ་འདི་དག་ནི་སྤྲུལ་པའི་སྒྲིབ་པའི་གཉེན་པོར་རྣམ་པར་ཐར་པ་གཉིས་སོ། །གཟུགས་སྡུག་པ་དང་མི་སྡུག་པ་སྤྲུལ་པ་ལ་

Vol. 85 · folio 181b

གོ་རིམས་བཞིན་དུ་དགའ་བ་དང་མི་དགའ་བའི་ཀུན་ནས་ཉོན་མོངས་པ་དེ་དག་གི་གཉེན་པོར་སྡུག་པའི་རྣམ་པར་ཐར་པའི་སྒོ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱ་བ་ནི་བདག་ཉིད་སོ་སོར་གཟུགས་སྡུག་པ་དང་མི་སྡུག་པ་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང་ཕན་ཚུན་

རྗེས་སུ་ཞུགས་པའི་འདུ་ཤེས་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པ་ཇི་ལྟར་འདོད་པ་བཞིན་དུ་གཟུགས་སུ་མོས་པ་དབང་དུ་གྱུར་པ་ཉིད་ཐོབ་པའི་ཕྱིར་རྣམ་པར་ཐར་པ་གཅིག་ཡིན་ཏེ། དེ་ལྟར་ན་རྣམ་པར་ཐར་པ་རྣམ་པ་གསུམ་ནི་སྤྲུལ་པའི་ལམ་ཡིན་ནོ། །ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་

རང་བཞིན་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞི་དང་། ཞི་བར་གནས་པའི་ལམ་གྱི་རང་བཞིན་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པ་གཅིག་སྟེ། དེ་ལྟར་ན་རྣམ་པ་ལྔ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ཡིན་ནོ། །འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཕ་རོལ་ཏུ་

ཕྱིན་པའོ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་རྣམ་པ་དགུ་ནི་འཇིག་རྟེན་ལས་འདས་པའི་ལམ་མོ། །འདི་ནི་བདེན་པ་བཞིའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བདེན་པ་བཞིས་བསྡུས་པ་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་བར་

ཆད་མེད་པའི་ལམ་བཞི་ནི་སྤོང་བའི་ལམ་ཡིན་ནོ། །འདི་ནི་ས་བཅུའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་ནི་སངས་རྒྱས་ཉིད་ཀྱི་ལམ་ཡིན་ནོ། །དེ་བས་ན་དེ་ལྟར་གཉེན་པོའི་ལམ་ལ་སོགས་པ་ལམ་དྲུག་གི་དབང་དུ་བྱས་ནས་ལམ་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་

ཅན་གྱི་རྣམ་པ་སུམ་ཅུ་རྩ་བཞིར་འགྱུར་རོ། །དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ནི་ལམ་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར་གཅིག་པུ་ཁོ་ན་ཡིན་མོད་ཀྱི་ཁྱད་པར་གྱི་ལམ་འདིའི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་དབྱེ་བས་ཐུན་མོང་མ་ཡིན་པའི་ཁྱད་པར་འབའ་

ཞིག་བརྗོད་པར་བྱ་བ་ཡིན་པས་འདི་ནི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་གསུངས་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པའི་སྟོབས་དང་། དབང་པོ་

Vol. 85 · folio 182a

མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་

ཟད་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་བ་ཉིད་ཀྱིས་ན་མི་བརྫི་བའི་སླད་དུ་སྟོབས་ཀྱི་རྣམ་པ་བཅུའོ། །འདི་ནི་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ང་ནི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེས་པ་དང་འདོད་ཆགས་ལ་སོགས་པ་བར་ཆད་བྱེད་པ་ཉིད་དུ་བརྗོད་

པ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ལམ་ལ་ངེས་པར་འབྱིན་པ་ཉིད་རབ་ཏུ་བསྟན་པ་དང་། བདག་ཉིད་ཀྱི་ཟག་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ལ་རྒོལ་བ་པོ་མེད་པས་ཤིན་ཏུ་མ་ཞུམ་པའི་སླད་དུ་མི་འཇིགས་པའི་རྣམ་པ་བཞི་འདི་ནི་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་རྣམ་

གྲངས་དང་ཆོས་ཀྱི་མཚན་ཉིད་དང་ཡུལ་གྱི་སྐད་དང་ཆོས་རབ་ཏུ་འབྱེད་པའི་ཡུལ་ལ་གོ་རིམས་བཞིན་དུ་ཐུགས་སུ་ཆུད་པའི་རོ་མྱང་བ་དང་། ཤེས་བྱའི་སྒྲིབ་པའི་ཐོགས་པ་མི་མངའ་བས་ཡེ་ཤེས་ཐམས་ཅད་ཆགས་པ་མེད་པ་དང་ཐོགས་པ་མ་མཆིས་པའི་སླད་དུ་ཆོས་དུང་། དོན་དང་། ངེས་པའི་ཚིག་དང་། སྤོབས་

པ་སོ་སོ་ཡང་དག་པར་རིག་པའི་རྣམ་པ་བཞིའོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་འཁྲུལ་པ་མི་མངའ་བ་དང་། ཅ་ཅོ་མི་མངའ་བ་དང་། དྲན་པ་ཉམས་པ་མི་མངའ་བ་དང་། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་

དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ། དེ་ལྟར་ན་རྣམ་པ་དྲུག་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ལས་བརྩམས་ཏེ། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་སྟེ། དེ་ལྟར་རྣམ་པ་དྲུག་དང་། སྐུ་དང་། གསུང་དང་།

ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། རྣམ་པ་གསུམ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་གསུམ་ནི་ཉན་ཐོས་ལ་སོགས་པ་དང་། ཐུན་མོང་མ་ཡིན་པ་ཉིད་ཀྱིས་ན་བགྲང་བའི་ཚུལ་ལས་ཤིན་ཏུ་

Vol. 85 · folio 182b

འདས་པའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རྣམ་པ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་དོན་ལས་མི་འགྱུར་བ་ཉིད་ཀྱིས་ན་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་

ཀྱི་སླད་དུ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དེ་བཞིན་ཉིད་ཀྱི་རྣམ་པ་ནི་གཅིག་གོ། །འདི་ནི་རང་འབྱུང་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཐམས་ཅད་ངོ་བོ་ཉིད་མ་མཆིས་པའི་སླད་དུ་དེའི་ཐུགས་སུ་ཆུད་པ་ནི་གཞན་ལ་རག་མ་ལས་པའི་ཕྱིར་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་རང་བྱུང་གི་རྣམ་པ་ནི་གཅིག་གོ། །

འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མཁྱེན་པའི་སླད་དུ་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཉིད་ཀྱི་རྣམ་པ་ནི་གཅིག་གོ། །དེ་ལྟར་བྱས་ན་རྣམ་པ་རྣམས་ཇི་ལྟར་དབྱེ་བ་སྟོབས་ལ་སོགས་

པ་རྣམས་ཀྱི་དང་། འདི་དག་གི་རང་གི་ངོ་བོ་གང་ཡིན་པ་དེ་བཞིན་ཉིད་དང་། དེ་དག་གང་གི་ཡིན་པ་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་རང་བྱུང་དང་། གང་གི་དོན་དུ་ཡིན་པ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་དུ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་བཅུ་དང་། བཞི་དང་། བཞི་དང་

བཅོ་བརྒྱད་དང་། གཅིག་དང་། གཅིག་དང་། གཅིག་སྟེ། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་དགུར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཉན་ཐོས་ལ་སོགས་པའི་དབྱེ་བས་ལམ་ཐ་དད་པའི་ཕྱིར་རྣམ་པ་འདི་སྐད་དུ་བརྗོད་པ་དག་ཁོ་ནར་རྟོགས་པར་བྱའོ། །དེ་

སྐད་དུ་ཡང་། དྲན་པ་ཉེར་གཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་གསུངས་

པ་ཡིན་ནོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གི་གོ་རིམས་བཞིན་དུ་ཟག་པ་མེད་པ་དང་། ཟག་པ་དང་བཅས་པ་དག་ཀྱང་ཡིན་ནོ། །ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར་ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །

Vol. 85 · folio 183a

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པར་རྣམ་པ་ཐམས་ཅད་དུ་སྤངས་པས་ཆོས་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་ཟག་པ་མེད་པ་ཁོ་ན་དག་ཡིན་ཏེ། རྣམ་པ་རྣམས་གཅིག་ཏུ་བསྡམས་ན་རྣམ་

པ་བརྒྱ་བདུན་ཅུ་རྩ་གསུམ་ཡིན་ནོ། །བཅུ་དྲུག་ལས་གཞན་དྲི་མེད་ཀྱི། །རྣམ་པ་ཡོད་མིན་ཞེས་གང་བཤད་པ་དེ་ནི་ཉོན་མོངས་པའི་སྒྲིབ་པ་ཙམ་གྱི་གཉེན་པོའི་རྣམ་པས་ཕྱེ་བ་ལས་དགོངས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་

ལས་བསྟོད་པའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།སྦྱོར་བ་ཁྱད་པར་ཅན་དག་གིས་རྣམ་པ་རྣམས་བསྒོམ་དགོས་ལ། དེ་དག་ཀྱང་སྦྱོར་བ་པོ་མེད་པར་བརྗོད་པར་མི་ནུས་པས་མཉན་པ་ལ་སོགས་པའི་སྣོད་སྦྱོར་བ་པོ་བསྟན་པར་བྱ་བའི་ཕྱིར་དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་གྱི་རྒྱལ་

བ་ལ་ལྷག་པར་བྱ་བ་བྱས་པ་ནི་དེ་བཞིན་གཤེགས་པ་ལ་དམིགས་ཏེ་གཙུག་ལག་ཁང་ལ་སོགས་པ་བྱེད་པས་སོ། །སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་ནི་བསོད་སྙོམས་ལ་སོགས་པ་ཕུལ་བས་སོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་གྱུར་པ་ནི་དགེ་བའི་བཤེས་གཉེན་གྱིས་ལྷག་པར་བརྟོན་པ་ཉིད་

ཀྱིས་སོ། །ཇི་སྐད་དུ་བཤད་པའི་ཁྱད་པར་གསུམ་དང་ལྡན་པ་ཁོ་ན་རྣམ་པའི་མཚན་ཉིད་ཅན་གྱི་ཡུམ་འདི་གཙོ་བོ་ཆེར་མཉན་པ་ལ་སོགས་པའི་སྣོད་དུ་གྱུར་པ་ཡིན་ནོ། །དེ་སྐད་དུ་ཡང་། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་

ནོ། །ཞེས་གསུངས་པ་ཡིན་ནོ། །ངན་ངོན་ཙམ་དང་ཞེས་བྱ་བ་ཉུང་ཟད་ཙམ་དང་ངོ་། །སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ཞེས་བྱ་བ་ནི་ལུས་ཀྱི་བསྙེན་བཀུར་བྱ་བ་ལ་སོགས་པས་མཉེས་པར་བྱས་པའོ། །ཡོངས་སུ་ཞུས་ཤིང་ཞེས་བྱ་བ་ནི་ཐེ་ཚོམ་སྐྱེས་པའི་དོན་གཏན་ལ་དབབ་པར་བྱ་བའི་ཕྱིར་རང་གི་ངོ་བོ་ཡོངས་སུ་ཞུས་པས་

སོ། །ཡོངས་སུ་དྲི་བ་བྱས་པ་ཞེས་བྱ་བ་ནི་གཏན་ཚིགས་ཡོངས་སུ་ཞུས་པའོ། །སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་སྒྲུབ་པ་ཉམས་སུ་ལེན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པ་ལ་སོགས་པ་ཉིད་ཀྱིས་འཛིན་པ་ལ་སོགས་པའི་སྣོད་དུ་གྱུར་པ་

Vol. 85 · folio 183b

ཡིན་ནོ་ཞེས་པར་བྱ་སྟེ། དེ་སྐད་དུ་ཡང་། སངས་རྒྱས་བསྟན་དང་ཀུན་འདྲི་དང་། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་གསུངས་པ་ཡིན་ནོ། །བརྒྱ་བྱིན་གྱི་རྟོག་པ་འདི་ནི་རིགས་པ་ཁོ་ན་ཡིན་ཏེ། གང་ལ་ཇི་སྐད་དུ་བཤད་པའི་རྒྱུ་ཡོད་པ་དེ་ཉིད་ལྷག་

པར་མོས་པར་བྱེད་དོ་ཞེས་གསོལ་པ་ནི་བཅོམ་ལྡན་འདས་རིགས་ཀྱི་བུའམ་ཞེས་གསོལ་པའོ། །དེ་བཞིན་ཉིད་དུ་སློབ་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་སྦྱིན་པ་དང་དངོས་གཞི་དང་མཇུག་གི་གནས་སྐབས་སུའམ་མཐོང་བ་དང་བསྒོམ་པ་དང་ཁྱད་པར་གྱི་ལམ་གྱི་དབྱེ་བས་གཟུང་བར་བྱའོ། །ཁྱད་པར་དུ་

འཕགས་པའི་དོན་རྟོགས་པ་མེད་ན་འཛིན་པ་ལ་སོགས་པ་ཙམ་གྱིས་ཕྱིར་མི་ལྡོག་པ་དང་འདྲ་བར་ཇི་ལྟར་གཟུང་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། ཇི་སྐད་བཤད་པའི་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པ་དང་ཡོངས་སུ་འདྲི་བ་དང་།

སྦྱིན་པ་ལ་སོགས་པ་ལ་སྤྱོད་པ་རྒྱུ་གསུམ་ལས་གོ་བཟློག་པ་ནི། དགེ་བའི་རྩ་བ་ཆུང་བ་དང་། ཡོངས་སུ་མི་འདྲི་བའི་རང་བཞིན་ཅན་དང་སྔོན་སྤྱད་པ་དང་མི་ལྡན་པ་རྣམས་ཀྱིས་ཞེས་བྱ་བའི་ཚིག་གསུམ་དང་སྦྱར་རོ། །འདི་སྐད་དུ་གང་གི་ཕྱིར་ཇི་སྐད་བསྟན་པའི་སངས་རྒྱས་ལ་བརྟེན་པ་ལ་སོགས་པའི་རྒྱུས་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པའི་བསམ་པ་ཁྱད་པར་ཅན་གྱིས་ལྷག་པར་མོས་པ་དེ་བས་ན་ཕྱིར་མི་ལྡོག་པ་ཇི་ལྟ་བར་གཟུང་བར་བྱའོ་ཞེས་བཟློག་པའི་སྒོ་ནས་བརྗོད་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་རྒྱུ་དང་བྲལ་བས་ཀྱང་སྤོང་བར་འགྱུར་བ་ནི། བཅོམ་ལྡན་འདས་གང་དག་འདི་ལ་མི་མོས་ཤིང་མ་རྟོགས་པས་ཞེས་བྱ་བ་ལ་

སོགས་པ་ཡིན་ནོ། །ཇི་ལྟར་ན་དེ་ལྟར་སྤོང་བའི་བསམ་པས་སྔོན་སྤངས་པ་ཡིན་པར་རྟོགས་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་བཅོམ་ལྡན་འདས་གང་བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། གང་གི་ཕྱིར་ད་ལྟར་དགེ་བའི་རྩ་བ་ཆུང་བའི་ཕྱིར་ན་ཡུམ་སྤོང་བར་སེམས་པ་དེའི་ཕྱིར་ཡང་སྤོང་བ་

ཡིན་པར་ཤེས་ཏེ། གཞན་དུ་ན་དགེ་བའི་རྩ་བ་ཆུང་བ་ཉིད་དུ་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་སྔོན་གྱི་མཐའ་མ་སྤྱད་པས་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཤཱ་རིའི་བུས་རིགས་པ་ཉིད་དུ་བཤད་དོ་ཞེས་སྨྲས་པ་ནི་འཕགས་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་

Vol. 85 · folio 184a

གསོལ་པའོ། །འདི་ལ་ངོ་མཚར་ཅི་ཞིག་ཡོད། ཅུང་ཟད་ཀྱང་མེད་པ་ཉིད་དེ་འབྲས་བུ་ནི་རྒྱུ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་རོ། །དད་པ་ཕུལ་དུ་བྱུང་བ་ཡང་དག་པར་སྐྱེས་པ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །ཇི་ལྟར་ཡུམ་ལ་ཕྱག་འཚལ་བས་གཞན་ལ་ཕྱག་འཚལ་

བ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་པས་བསུ་ནས་ཀཽ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལས་སྐྱེས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ཡུམ་ལ་གོམས་པར་བྱས་པས་སངས་རྒྱས་ཉིད་ཐོབ་པའི་ཕྱིར་འདི་ལས་ནི་ཐམས་ཅད་མཁྱེན་པ་ཉིད་

སྐྱེས་པ་ཡིན་ལ་སངས་རྒྱས་ཀྱི་གནས་སྐབས་སུ་གདུལ་བྱ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པས་དེ་ལྟར་རྒྱུ་དང་འབྲས་བུར་འབྲེལ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་ནི་

ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ཉིད་དང་འབྲས་བུ་ཉིད་ཡིན་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བྱ་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་ཐོས་པ་དང་བསམ་པ་དང་བསྒོམ་

པའི་རང་བཞིན་གྱི་ཤེས་པ་དང་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །སྦྱོར་བ་པོ་བསྟན་པའི་འོག་ཏུ་སྦྱོར་བའི་དོན་ཞུས་པ་ནི་བཅོམ་ལྡན་འདས་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ཞུས་པ་སྐབས་ལ་བབ་པ་ཉིད་ཡིན་པའི་ཕྱིར་ལེགས་སོ་ལེགས་སོ་ཞེས་བྱ་བ་ཕྱིན་ནོ། །དོན་འདི་ཞེས་བྱ་བ་

ལ་སོགས་པ་ལ་འཆད་པར་འགྱུར་བའི་སྦྱོར་བ་ཉི་ཤུ་པོ་འདི་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་ལ་རང་གིས་རྟོགས་པར་བྱ་བའི་དོན་དུ་ཡོངས་སུ་འདྲི་བར་བྱ་ཞིང་གཞན་གྱིས་རྟོགས་པར་བྱ་བའི་དོན་དུ་ཡོངས་སུ་འདྲི་བར་སེམས་ཤིང་རྟོགས་པར་བྱེད་ལ། ཤེས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་

གཟུགས་ལ་སོགས་པ་ལ་མི་གནས་པའི་སྦྱོར་བ་ནི་ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞི་དང་རང་གི་ངོ་བོའི་དབྱེ་བས་གཟུགས་ལ་ཞེས་བྱ་བ་དང་གཟུགས་སོ་ཞེས་བྱ་བའི་ཚིག་གཉིས་སྨོས་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན་ཀཽ་ཤི་ཀ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་

Vol. 85 · folio 184b

གསུངས་སོ། །འདི་སྐད་དུ་གང་གི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་གནས་པ་བཀག་པ་དེའི་ཕྱིར་དེ་ལ་མི་གནས་པ་ནི་སྦྱོར་བ་ཞེས་བརྗོད་པ་ཡིན་ནོ། །མི་སྦྱོར་བའི་སྦྱོར་བའི་དོན་དུ་གསུངས་པ་ནི། ཀཽ་ཤི་ཀ་གཟུགས་སོ་ཞེས་མི་སྨོས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ་རྣལ་འབྱོར་དུ་བྱེད་དོ་

ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ཅིར་འགྱུར་ཞེ་ན་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་དེ་ཁོ་ནར་སྦྱོར་བ་མེད་པས་རྣལ་འབྱོར་དུ་བྱེད་པར་འགྱུར་ཏེ། མི་སྦྱོར་བ་ཉིད་དེ་ཉིད་ལ་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཟབ་པའི་སྦྱོར་བ་ནི་བཅོམ་ལྡན་འདས་ཞེས་

བྱ་བ་ལ་སོགས་པ་ཡིན་ནོ། །གནས་པ་མི་དམིགས་པའི་དོན་གྱིས་ན་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པས་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་ཟབ་བོ་ཞེས་རྟོགས་པའི་ཕྱིར་རོ། །གཏིང་དཔག་དཀའ་བའི་སྦྱོར་བ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རང་བཞིན་གྱིས་རྙོག་པ་

མེད་པའི་དོན་གྱིས་གཟུགས་ལ་སོགས་པ་རྟོགས་པར་དཀའ་བས་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་རྟོགས་པར་དཀའོ་ཞེས་སྨོས་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གཟུང་བར་དཀའོ་ཞེས་གསུངས་ཏེ། རྣ་བའི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་

པར་ཤེས་པས་གཟུང་བར་དཀའ་བའི་ཕྱིར་རོ། །ཚད་མེད་པའི་སྦྱོར་བ་ནི། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མཐའ་མི་དམིགས་པའི་དོན་གྱིས་ན་གཟུགས་ལ་སོགས་པ་ཚད་མེད་པས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་ཚད་མེད་པའོ་ཞེས་དམིགས་

པའི་ཕྱིར་རོ། །ཡང་ན་ཟབ་པར་མངོན་པར་བྱང་ཆུབ་པ་དང་ཐུན་མོང་མ་ཡིན་པར་མངོན་པར་བྱང་ཆུབ་པའི་དབང་དུ་བྱས་ནས་གོ་རིམས་བཞིན་དུ་ཟབ་པའི་སྦྱོར་བ་ལ་སོགས་པ་རྣམ་པ་གསུམ་གསུངས་པ་ཡིན་ནོ། །ལེགས་སོ་ཞེས་བྱ་བ་གསུངས་པ་ཉིད་ཀྱིས་ཟབ་པའི་སྦྱོར་བ་གསལ་བར་བྱ་བ་ནི་ཤཱ་རིའི་བུ་དེ་དེ་བཞིན་

ནོ་ཞེས་གསུངས་པ་ཡིན་ནོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་གི་ཚེ་གཟུགས་ལ་སོགས་པ་ཟབ་བོ་སྙམ་དུ་མངོན་པར་མ་ཞེན་པའི་ཚུལ་གྱིས་དེ་ཁོ་ན་ཉིད་དུ་མི་གནས་པ་དེའི་ཚེ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་དེ་ལ་ཟབ་པའི་སྦྱོར་བ་འཐོབ་པར་འགྱུར་རོ། །ཡང་གང་གི་ཚེ་ཟབ་པའོ་ཞེས་བྱ་བར་ཡང་རྣལ་འབྱོར་

Vol. 85 · folio 185a

དུ་མི་བྱེད་པ་དེའི་ཚེ་གཟུགས་ལ་སོགས་པ་ཟབ་པ་ཞེས་བྱ་བར་ཡང་མི་གནས་ཏེ། དེ་ལྟར་གནས་པ་དང་རྣལ་འབྱོར་བཀག་པས་དང་གནས་པ་ཟབ་མོའི་སྦྱོར་བའི་དོན་ཕྱིན་ཅི་ལོག་པར་བསྟན་པ་ཡིན་ནོ་ཞེས་བྱའོ། །དེ་བཞིན་དུ་གཏིང་དཔག་དཀའ་བ་དང་ཚད་མེད་པའི་སྦྱོར་བའི་དོན་དག་ཀྱང་འདིའི་རྗེས་

སུ་འབྲངས་ནས་བརྗོད་པར་བྱའོ། །འཕགས་པ་རྣམ་པར་གྲོལ་བའི་སྡེས་ཟབ་པ་ལ་སོགས་སྦྱོར་བ་གསུམ་པོ་འདི་དག་ནི་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཡིན་ནོ་ཞེས་བཤད་དོ། །ཚེགས་ཆེན་པོས་ཡུན་རིང་པོ་ནས་རྟོགས་པའི་སྦྱོར་བའི་དོན་དུ་གསོལ་པ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཟབ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ལ་ལ་ནི་རིགས་ངེས་པ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཡིན་ན་ཡང་མ་བསྟན་པ་ཡོད་པས་དེ་ལས་དགར་བར་བྱ་བའི་ཕྱིར་ལུས་བསྟན་པ་ཞེས་སྨོས་སོ། །ཡུམ་རྣམ་པ་ཐམས་ཅད་དུ་ཤེས་པ་མེད་པས་ཡུམ་ལ་ཐེ་ཚོམ་ལ་སོགས་པར་འགྱུར་བ་སྲིད་པའི་ཕྱིར་དེ་ཉིད་ཀྱི་མདུན་དུ་བརྗོད་པའི་རྒྱུ་གང་

ཞིག་ཡིན་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །གང་གི་ཕྱིར་དེ་ཆོས་ཀྱི་དབྱིངས་རྟོགས་པ་རྒྱུ་མཐུན་པ་བསྟན་པའི་ཆོས་མཆོག་གིས་ལོག་པའི་ཤེས་པ་མེད་པས་ནེམ་ནུར་མི་བགྱིད། ཡིད་གཉིས་ཀྱི་ཤེས་པ་དང་བྲལ་བས་ཐེ་

ཚོམ་འཚལ་བར་མི་འགྱུར་ཞིང་མི་ཤེས་པ་དང་བྲལ་བས་རྨོངས་པར་མི་འགྱུར་ལ། ཡང་དག་པའི་ཤེས་པ་དང་ལྡན་པ་ཉིད་ཀྱིས་ན་རྩོད་པར་མི་འགྱུར་བ་དེ་བས་ན་དེ་ཉིད་ཀྱི་མདུན་དུ་བཤད་པར་བྱའོ། །ཞེས་འདོད་དོ། །སྐྲག་པ་ལ་སོགས་པར་འགྱུར་བ་སྲིད་པས་དོན་གྱི་ཤུགས་ཀྱིས་གཞན་ལ་ནི་ཚེགས་ཆེན་པོ་ཡུན་རིང་

པོས་རྟོགས་པའི་སྦྱོར་བ་ཡིན་པར་བསྟན་པ་ཡིན་ནོ། །ལུང་བསྟན་པ་ཐོབ་པའི་སྦྱོར་བ་ནི། འཕགས་པ་ཤཱ་རིའི་བུ་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉེས་པ་ཅིར་འགྱུར་ཞེས་བྱ་བ་ནི་ནེམ་ནུར་ལ་སོགས་པའི་ཉེས་པ་ཅིར་འགྱུར་ཞེས་བྱའོ། །རིགས་ཀྱི་སྟོབས་ཀྱིས་འདི་ལས་རྗེས་སུ་སྐྲག་པ་ལ་སོགས་པ་

འགར་ཡང་མི་འགྱུར་རོ་ཞེས་སྨྲས་པ་ནི། ཀཽ་ཤི་ཀ་གང་ལུང་མ་བསྟན་པ་གང་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱང་རིང་པོ་རྣམས་ཞེས་བྱ་བ་ནི་ཡུན་རིང་པོ་ནས་ཏེ་དུས་རིང་པོ་ནས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བརྗོད་པ་ནི། ཡུན་རིང་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་ཡུན་རིང་པོ་

Vol. 85 · folio 185b

ནས་ཏེ་ཟབ་མོའི་དོན་ལ་ལྷག་པར་མོས་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་ཇེ་དང་པོ་ཁོ་ནར་རེ་ཞིག་ཐག་རིང་པོ་ནས་མཐོང་ངོ་། །དེ་ནས་མཐོང་བས་དགའ་སྟེ་ལུས་ཀྱིས་ཕྱག་འཚལ་ལོ། །དེ་ནས་རབ་ཏུ་དང་

བའི་ཤུགས་འཕེལ་བས་བསྐོར་བ་ལ་སོགས་པས་བསྙེན་བཀུར་བྱེད་དོ། །དེ་ནས་རིམ་པ་བཞིན་དུ་བྱས་ལ་འདུག་སྟེ། ཉན་པར་བྱེད་དེ་དེ་ལྟར་ལྟ་བ་ལ་སོགས་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་པ་ཡིན་ནོ། །འདིས་ནི་རིང་པོ་མི་ཐོགས་པར་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པའི་དུས་ད་ལྟ་ཉིད་ནས་རིང་པོ་མི་

ཐོགས་པར་རོ། །དེ་ཉིད་བརྗོད་པ་ནི་དེ་ནི་ལུང་བསྟན་པ་ལ་བསྙེན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་གཅིག་གམ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་གཅིག་གམ་གཉིས་སམ་གསུམ་ལས་མི་འདའ་སྟེ་ཞེས་བྱ་བ་ནི་དེ་ནས་བྱང་ཆུབ་སེམས་དཔའ་དེ་ཕྱིས་ལུང་བསྟན་པ་ཐོབ་པར་

འགྱུར་རོ་ཞེས་བྱ་བ་དེ་ལྟར་ནི་མ་ཡིན་གྱི་འོན་ཀྱང་དེ་རྣམས་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་སྟོན་པས་སྨྲས་པ་ནི་འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་མཉེས་པར་བྱེད་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་དེ་བཞིན་གཤེགས་པ་

གཅིག་གམ། གཉིས་སམ། གསུམ་པོ་དེས་ཡང་དག་པར་བཅས་པའི་བསླབ་པ་བསྒྲུབས་པས་མཉེས་པར་བྱེད་པར་འགྱུར་བའོ། །དེ་བཞིན་གཤེགས་པ་མཐོང་ན་ཡང་ལུང་བསྟན་པས་འབྲས་བུ་ཡོད་པར་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་གཅིག་གམ་གཉིས་ལ་སོགས་པ་མཐོང་བ་ནི་ལུང་བསྟན་པས་

མི་སྟོང་པར་བྱེད་པར་འགྱུར་ཏེ་ངེས་པར་ལུང་སྟོན་པ་ཐོབ་པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི་དེ་བཞིན་གཤེགས་པ་མཐོང་བ་དེ་ལུས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །ཇི་སྲིད་དུ་ལུང་བསྟན་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བ་ཡིན་ཏེ་གོ་སླའོ། །ཕྱིར་མི་ལྡོག་པའི་སྦྱོར་བའི་དོན་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་ལ་ཚེ་

དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྨོས་ཀྱང་ཅི་འཚལ་ཞེས་བྱ་བ་ནི་འདིར་གང་ཐོས་ནས་ཀྱང་ཡང་དག་པར་འཛིན་པ་ལ་སོགས་པར་བྱེད་པ་གང་ཡིན་པ་དེ་ཕྱིར་མི་ལྡོག་པའི་སྦྱོར་བ་དང་ལྡན་ཞིང་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ཡིན་ནོ་ཞེས་བྱ་བ་འདི་ལས་བརྩད་དུ་ཅི་ཞིག་ཡོད་དེ་ཐེ་ཚོམ་

Vol. 85 · folio 186a

ཅི་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་བློ་མཐུན་པས་གནས་པ་ནི་ཤཱ་རིའི་བུ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་སྦྱོར་བ་ཉིད་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་དཔེར་གསོལ་བར་བདག་སྤོབས་སོ་ཞེས་བྱ་བ་ལ་

སོགས་པ་གསོལ་པ་ཡིན་ཏེ། དཔེར་གསོལ་བ་ཞེས་བྱ་བ་ནི་མཐུན་པའི་དཔེའོ། །རྙེད་པར་འགྱུར་བ་ནི་འཕྲད་པར་འགྱུར་བའོ། །གཞན་དག་ཀྱང་དེ་འཛིན་པ་ལ་སོགས་པ་སྲིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡོངས་སུ་སྨོན་པ་ཡིན་པར་ཇི་ལྟར་

ཤེས་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་བཅོམ་ལྡན་འདས་སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། གང་གི་ཕྱིར་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པའི་ལས་དང་ཕལ་ཆེར་མ་བྲལ་བ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་དག་པར་འཛིན་པ་ལ་སོགས་པ་

ལ་རྒྱབ་ཀྱིས་ཕྱོགས་པ་ཉིད་ཀྱིས་ན་སེམས་མི་མཐུན་པར་འགྱུར་ཞིང་ཡོངས་སུ་སྤོང་བ་ལ་བརྩོན་པ་ཉིད་ཀྱིས་ན་སེམས་ལྡོག་པར་འགྱུར་བ་དང་། གང་གི་ཕྱིར་དགེ་བའི་རྩ་བ་མ་བསགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མ་རྟོགས་པས་ཡང་དག་པའི་མཐའ་འདི་ལ་རབ་ཏུ་མི་འཇུག་ཅིང་དད་པ་ཐོབ་པས་

དགའ་བར་ཡང་མི་འགྱུར་བ་དེ་བས་ན་གང་དག་ཇི་ལྟ་བ་བཞིན་དུ་འཛིན་པ་ལ་སོགས་པ་བྱེད་པ་དེ་དག་ནི་དགེ་བའི་རྩ་བ་བསགས་པ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །ཡང་དག་པའི་མཐའ་ནི་ཆོས་ཀྱི་དབྱིངས་ཡིན་ལ། དེ་སྟོན་པར་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་སྐྱེད་ཅེས་བྱའོ། །ངེས་པར་

འབྱུང་བའི་སྦྱོར་བ་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ་དཔག་ཚད་བརྒྱ་ཕྲག་མང་པོའི་འབྲོག་དགོན་པ་ན་གནས་པའི་སྐྱེས་བུ་དང་འདྲ་བར་བར་དུ་གཅོད་པའི་ཆོས་སྤོང་བ་ལ་སོགས་སྒྲུབ་པ་དང་ལྡན་པ་གང་ཞིག་མཉན་པ་

ལ་སོགས་པའི་དོན་དུ་རྒྱལ་བའི་ཡུམ་དང་ཕྲད་པ་ནི་གདོན་མི་ཟ་བར་ངེས་པར་འབྱུང་བས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྙེན་པ་ཡིན་ནོ་ཞེས་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་དེ་ཡང་ཉན་ཐོས་ཀྱི་སའམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་དང་མི་མཐུན་པའི་ཆོས་ལ་ཉེ་བར་མི་གནས་

Vol. 85 · folio 186b

བཞིན་དུ་ཇི་ལྟར་ན་ཉན་ཐོས་ལ་སོགས་པའི་སར་ལྷུང་བའི་འཇིགས་པ་མེད་པ་ཡིན་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས་འདི་ལྟར་དེས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདི་སྐད་དུ་གང་གི་ཕྱིར་གང་ཟག་ལ་བདག་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཉིད་ཀྱིས་ན་ཉན་ཐོས་ལ་སོགས་པའི་ས་

དང་མི་མཐུན་པའི་ཆོས་མ་ལུས་པ་ཐམས་ཅད་དངོས་པོ་མེད་པ་ཉིད་དུ་སྟོན་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བལྟ་བ་ལ་སོགས་པའི་དོན་དུ་བཟོད་པ་ཐོབ་པ་ཡིན་པ་དེ་བས་ན་དེ་དང་མི་མཐུན་པའི་ཡུམ་ལ་དམིགས་པས་ཉན་ཐོས་ལ་སོགས་པའི་སར་ལྟུང་བའི་དོགས་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་

ཡིན་ནོ། །ལེགས་པར་སྨྲས་པ་ཉིད་ཀྱིས་ན་ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་རྗེས་སུ་མཐུན་པ་གནང་ནས་ཡང་ནུས་པ་བསྐྱེད་པར་བྱ་བའི་ཕྱིར་ཤཱ་རིའི་བུ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བར་ཆད་མེད་པའི་སྦྱོར་བའི་དོན་ནི་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་འདི་ན་སྐྱེས་བུ་ལ་ལ་ཞིག་ཅེས་

བྱ་བ་ལ་སོགས་པ་གསོལ་པ་ཡིན་ཏེ། སྡོང་པོའམ་སྡོང་པོའི་མཚན་མ་ཞེས་བྱ་བ་ནི་ཤིང་ངམ་ཤིང་གི་མཚན་མ་ཞེས་བྱ་བའི་ཐ་ཚིག་གོ། །སྡོང་པོ་ལ་སོགས་པ་མ་མཐོང་བས་ཇི་ལྟར་རྒྱ་མཚོ་ཆེན་པོ་དང་ཉེ་བ་ཡིན་སྙམ་པའི་དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས། རྒྱ་མཚོ་ཆེན་པོ་ནི་རིམ་གྱིས་དམའ་བ་

ལགས་པས་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །འདི་སྐད་དུ་གང་གི་ཕྱིར་རྒྱ་མཚོ་ཆེན་པོའི་རང་བཞིན་ཤིང་ལ་སོགས་པ་དང་འགལ་བ་རིམ་གྱིས་དམའ་བར་རང་གི་རྒྱུས་བསྐྱེད་པ་དེའི་ཕྱིར་དེ་དམིགས་པའི་རང་བཞིན་ཁོ་ནས་ཤིང་ལ་སོགས་པ་མ་དམིགས་པ་ཡིན་པའི་ཕྱིར་དེ་དང་ཉེ་བ་ཡིན་ནོ་ཞེས་བརྗོད་པ་

ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ཉན་པ་ན་འདི་སྙམ་དུ་རིག་པར་བགྱི་སྟེ་ཞེས་བྱ་བ་ནི་རྟག་ཏུ་བསྒོམ་པ་ལ་སོགས་པ་བསྒྲུབ་པས་བར་ཆད་མེད་པར་སྦྱོར་བའི་སྟོབས་ཀྱིས་དེ་ལྟར་ཤེས་པར་བྱའོ། །ཇི་ལྟར་ཡུམ་མཉན་པའི་རྒྱུས་འབྲས་བུ་ལུང་བསྟན་པ་དང་ཉེ་བར་རྗེས་སུ་དཔག་པར་བྱ་སྙམ་པའི་

དོགས་པ་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བས་བསུ་ནས་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་སྐད་དུ་རྒྱུ་དོན་གཞན་ལ་ལྟོས་པ་མེད་པས་འབྲས་བུ་སྐྱེ་བར་རང་བར་རྗེས་སུ་དཔོག་པའི་རང་བཞིན་གྱི་གཏན་ཚིགས་ཀྱིས་ལུང་བསྟན་པ་དང་ཉེ་བར་གྱུར་པ་ཡིན་པར་རྗེས་སུ་དཔོག་པས་ཉེས་པ་མེད་དོ་ཞེས་

Vol. 85 · folio 187a

བརྗོད་པ་ཡིན་ནོ། །ཡང་མངོན་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་སྦྱོར་བ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་དཔྱིད་ཀའི་དུས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལོ་མ་རྙིང་པ་རྣམས་ལྷགས་པ་ལས་ཞེས་བྱ་བ་ནི་ལོ་མ་རྒན་པོ་རྣམས་ལྷུང་བ་ནའོ། །སྔ་མ་བཞིན་དུ་དེ་ཅིའི་སླད་དུ་ཞེ་ན་ཞེས་དོགས་པ་

བསུ་ནས་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡོང་པོ་ལས་མཚན་མ་འདི་ལྟ་བུ་དག་ཅེས་བྱ་བ་ལ་སོགས་པ་ལ། རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ། དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བའི་རིགས་པས་འདིའི་དོན་ནི་གོ་བར་ཟད་དོ། །ཉེ་

བར་བསྟབས་པ་ལགས་སོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཆོས་གསར་གྱི་རྟེན་ཉིད་ལ་སོགས་པ་བསྒྲུབས་པས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཉེ་བའི་སྦྱོར་བའི་མཐུས་བསྟབས་པའོ། །མྱུར་དུ་མངོན་པར་རྫོགས་པ་བྱང་ཆུབ་པའི་སྦྱོར་བའི་དོན་ནི་བཅོམ་ལྡན་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །

མངལ་ཆགས་པ་ཡིན་པའི་ཕྱིར་བུད་མེད་སྦྲུམ་མའོ། །སྐྱེ་བའི་དུས་དང་ཉེ་བ་ཉིད་ཀྱི་ཕྱིར་མངལ་ལྕི་བའོ། །ཡན་ལག་རྐྱོང་བ་ལ་སོགས་པས་ན་ལུས་བསྐྱོད་ནའོ། །སྔོན་གྱི་ཚུལ་བཞིན་མ་ལགས་པའི་ཡིད་ལ་བགྱིད་པ་ནི་འཁྲིག་པའི་ཆོས་དང་རབ་ཏུ་ལྡན་པའོ། །རྟེན་ཅིང་ངེས་པར་རྟེན་ལ་བསྒོམས་ཏེ་ཞེས་བྱ་བ་ནི་གོ་

རིམས་བཞིན་དུ་སྦྱོར་བ་དང་དངོས་གཞི་དང་མཇུག་གི་གནས་སྐབས་སུའོ། །ཐམས་ཅད་དུ་ཡང་དང་ཡང་དུ་མངོན་དུ་བྱེད་པས་ན་མང་དུ་བྱས་པས་སོ། །ད་ལྟར་བསྲན་དཀའ་བ་འདི་ལྟ་བུའི་ཚུལ་གྱི་སྡུག་བསྔལ་གྱི་ཚོར་བ་ད་ལྟར་བ་འདི་ལུས་ཀྱིས་ཉམས་སུ་མྱོང་ངོ་སྙམ་དུ་སེམས་པར་བྱེད་པ་ཞེས་བྱ་བ་ནི་ལྷག་

མའོ། །ཉན་པ་ན་དེ་ལ་དགའ་ཞིང་ཞེས་བྱ་བ་ནི་བརྟེན་པར་གྱུར་པའི་སྒྲུབ་པའི་ཆོས་དང་ལྡན་པ་འབྲས་བུ་ཆོས་ཀྱི་སྐུ་མངོན་པར་བསྒྲུབས་པ་ལགས་པའི་སྒྲུབ་པ་དང་ལྡན་པ་ནི། ཇི་སྐད་བཤད་པའི་སྦྱོར་བའི་མཐུ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉན་པ་སྔོན་དུ་འགྲོ་བས་དགའ་ཞིང་གུས་པར་བྱེད་དོ་ཞེས་བྱ་

བའི་དོན་ཏོ། །གཞན་གྱི་དོན་གྱི་སྦྱོར་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བར་ཞེས་སྨོས་པ་ནི་མགོན་དང་བཅས་པ་ལ་སོགས་པ་ཡོངས་སུ་བསྡུའོ། །གང་གི་ཕྱིར་ལུང་བསྟན་པ་ལ་སོགས་པས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ངེས་པར་བཀོད་པས་ན་ལེགས་པར་

Vol. 85 · folio 187b

ཡོངས་སུ་བཟུང་བ་ལེགས་པར་སྦྱངས་པ་དང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་རབ་ཏུ་གཏད་པ་དེའི་ཕྱིར་ངོ་མཚར་ཏེ་ཐུགས་རྗེའི་ཡུལ་ཐམས་ཅད་ཡིན་དུ་ཟིན་ཀྱང་། བསམ་པ་ཁྱད་པར་ཅན་ཕུན་སུམ་ཚོགས་པས་སྐལ་བ་དང་ལྡན་པ་ཉིད་ཀྱི་སྟོབས་ཀྱིས་སོ་སོར་ངེས་

པའི་འགྲོ་བ་ལ་ཕན་འདོགས་པར་མཛད་པ་ནི་ཡ་མཚན་ཆེའོ། །བསམ་པ་ཁྱད་པར་ཅན་ཕུན་སུམ་ཚོགས་པ་ཉིད་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་ནི་མ་འོངས་པ་དང་འབྲེལ་པའི་དོན་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བོ་མང་པོ་ལ་བདེ་བ་ནི་ད་ལྟར་གྱི་

དུས་སུ་ཚེ་འདིའི་དོན་བྱེད་པའི་ཕྱིར་རོ། །འཇིག་རྟེན་ལ་སྙིང་བརྩེ་བ་ཞེས་བྱ་བ་ནི་འདས་པའི་དུས་དང་འབྲེལ་པའི་དགེ་བ་དང་མི་དགེ་བ་བྱས་པའི་བག་ཆགས་རྣམས་གོ་རིམས་བཞིན་དུ་འཕེལ་བ་དང་ཡོངས་སུ་ཟད་པར་བྱ་བའི་ཕྱིར་འབད་པར་བྱེད་པ་ནི་འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ཕྱི་མ་དང་སྦྱར་རོ། །

གཞན་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་དང་འབྲེལ་པ་ཉིད་ཀྱིས་སྤྱིར་གསུངས་པ་ནི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཞེས་བྱ་བའོ། །བླ་ན་མེད་པའི་ཆོས་སྟོན་པར་འདོད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་

པའི་སྒྲུབ་པ་དང་ལྡན་པ་རྣམས་གཞན་གྱི་དོན་བྱེད་པའི་ཕྱིར་ཆོས་སྨྲ་བར་འདོད་པའོ། །འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བའི་དོན་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་ལ་སོགས་པའི་འཕེལ་བ་དང་། འགྲིབ་པ་མ་མཐོང་བས་ནི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྗེས་སུ་གནང་བ་ཡིན་པའི་ཕྱིར་དེའི་སྦྱོར་བ་ཡིན་པར་བཤད་དོ། །ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་དམིགས་པར་སྦྱོར་བའི་དོན་དུ་གསུངས་པ་ནི། ཆོས་ཡང་དག་པར་རྗེས་སུ་མི་མཐོང་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་དང་ཆོས་མ་ཡིན་པ་ལ་སོགས་

པ་མི་དམིགས་པར་སྒྲུབ་པས་དེ་ལ་སྦྱོར་བའི་ཕྱིར། དེ་ལྟར་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གྱིས་མི་ཁྱབ་པའི་རྣམ་པའི་འདུ་ཤེས་འགོག་པའི་སྦྱོར་བའི་དོན་དུ་བརྗོད་པ་ནི། བཅོམ་ལྡན་འདས་བསྟན་པ་འདི་ནི་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་

Vol. 85 · folio 188a

དབྱིངས་རང་བཞིན་ཉིད་ཀྱིས་བསམ་པར་མི་ནུས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེར་འཛིན་པའི་འདུ་ཤེས་བཀག་པས་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བར་མི་སེམས་ན། དེའི་ཚེ་ཇི་སྐད་དུ་བཤད་པའི་སྦྱོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་

བའི་ཐ་ཚིག་གོ། །རྣམ་པར་མི་རྟོག་པའི་སྦྱོར་བའི་དོན་ཞུས་པ་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསོལ་པ་ཡིན་ནོ། །ལན་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་སྤྱད་པར་འགྱུར་བ་ལགས་ཞེས་བྱ་བ་ནི་རང་གི་ངོ་བོ་ཐོབ་པ་ལ་ཞུས་པའོ། །ཇི་ལྟར་སྤྱད་པར་གྱུར་པ་ཞེས་བགྱི་བའི་མིང་ཐོབ་པར་འགྱུར་ཞེས་བྱ་བ་ནི་དོན་དང་ལྡན་པའི་མིང་ཐོབ་པ་ལས་ཞུས་པའོ། །ལན་ནི་ཤཱ་རིའི་བུ་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྟོབས་དང་

མི་འཇིགས་པ་ལ་སོགས་པ་ལ་སེམས་ཀྱི་ཡུལ་ཡོད་པ་ཡིན་ན་ཇི་ལྟར་མི་རྟོག་སྙམ་པའི་དོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་བསུ་ནས། ཤཱ་རིའི་བུ་སྟོབས་རྣམས་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཁོ་ན་ཉིད་དུ་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་

གཟུགས་ལ་སོགས་པ་དང་དེའི་མཚན་མ་དང་དེའི་རང་གི་ངོ་བོར་མི་རྟོག་པ་ལ་སོགས་པར་བསྒྲུབ་པའི་མཐུས་རྣམ་པར་མི་རྟོག་པའི་སྦྱོར་བས་ཐོབ་པ་ཡིན་པའི་ཕྱིར་བསམ་པ་ལས་འདས་པ་ཡིན་པ་ཉིད་ཀྱིས་ན་སྟོབས་ལ་སོགས་པ་བསམ་དུ་ཡོད་པར་མི་རྟོག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་

རིན་པོ་ཆེ་སྦྱིན་པའི་སྦྱོར་བའི་དོན་ནི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པོ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོའོ་ཞེས་གསོལ་ཏེ། །ཆོས་དང་གང་ཟག་ལ་བདག་མེད་པ་གཉེན་པོ་ཡིན་པས་ཟབ་པར་གྱུར་པ་ན། འབྲས་བུ་དང་

པོ་མཐོང་བ་ལ་སོགས་པའི་སྒྲུབ་པས་འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་དང་ལྡན་ལ། རྒྱུན་དུ་ཞུགས་པ་ལ་སོགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་རིན་པོ་ཆེ་སྦྱིན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རིན་པོ་ཆེའི་ཕུང་པོའོ། །རྣམ་པར་དག་པའི་སྦྱོར་བའི་དོན་ནི།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words