བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་ཞེས་བྱ་བ

Sanskrit title (Tibetan script, as in the text) བྷ་ག་བཱན་རཏྣ་གུ་ཎ་སཉྩ་ཡ་གཱ་ཐཱ་ནཱ་མ་པཉྫི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 86 · folio 1b

༄༅༅། །རྒྱ་གར་སྐད་དུ། བྷ་ག་བཱན་རཏྣ་གུ་ཎ་སཉྩ་ཡ་གཱ་ཐཱ་ནཱ་མ་པཉྫི་ཀཱ། བོད་སྐད་དུ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་ཞེས་བྱ་བ། སངས་རྒྱས་དང་བྱང་

ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྟོག་པའི་རྒྱ་མཚོ་ཡང་དག་ཕ་རོལ་ཕྱིན་པའི་དྲི་མེད་མ་ལུས་ཉེར་བསྡུས་པ། །དངོས་པོ་བརྒྱད་ཀྱི་དེ་ཉིད་རིམ་པ་ཡང་དག་གསལ་བར་བཤད་པ་གང་ཡིན་པ། །སེམས་ཅན་རྣམས་ཀྱིས་

རྟོགས་པར་བྱ་ཕྱིར་རབ་དབྱེ་ཡང་དང་ཡང་གསུངས་རྒྱལ་ཡུམ་ལ། །ཕྱག་འཚལ་ནས་ནི་བློ་དམན་རྣམས་ལ་ཕན་པ་བསྐྱེད་ཕྱིར་དིང་འདིར་ཡང་དག་བཤད་པར་བྱ། །སྤྲོས་པས་གསུངས་པ་གོ་བའི་སེམས་ཅན་རྒྱས་པ་ལ་དགའ་བས་ཁོང་དུ་

ཆུད་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བ་སྤྲོས་ནས་མངོན་པར་རྟོགས་པ་བརྒྱད་གསལ་བར་བྱེད་པའི་ཡུམ་སྟོང་ཕྲག་བརྒྱ་པའི་དོན་ཐམས་ཅད་ཉེ་བར་བསྡུས་པའི་དགོས་པ་ནི་ཉན་པ་པོས་གསལ་བར་རྟོགས་པར་བྱ་བའི་ཕྱིར་དང་། དབྱངས་ཀྱིས་

བསྙད་པ་ལ་མངོན་པར་ཞེན་པའི་སེམས་ཅན་ལ་རྗེས་སུ་བརྩེ་བར་དགོངས་པའི་ཕྱིར་དང་། ཚིགས་སུ་བཅད་པ་སྦྱར་བ་ལ་བདག་ཉིད་མངའ་བརྙེས་པར་ཤེས་པར་བྱ་བའི་ཕྱིར་དང་། ལེགས་པར་སྦྱར་བ་དང་ལེགས་པར་སྦྱར་བ་མ་ཡིན་པའི་སྒྲ་ལ་

Vol. 86 · folio 2a

མངོན་པར་ཞེན་པ་དགག་པ་སྔོན་དུ་འགྲོ་བས་ཚད་མས་གནོད་པ་མེད་པའི་སྐྱེས་བུའི་དོན་ཙམ་ལ་ཉེ་བར་སྦྱོར་བའི་བརྡའི་དབང་གིས་སྒྲ་གཞན་གྱིས་ཀྱང་མངོན་པར་བརྗོད་པའི་ཕྱིར་རོ། །སེམས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་བསྡུས་པའི་ངོ་བོ་ཙམ་ཕྱོགས་གཅིག་ཏུ་

ཐམས་ཅད་ཀྱི་ཐ་མར་གྱུར་པའི་ལེའུ་བཅོམ་ལྡན་འདས་ཀྱིས་ཡུལ་དབུས་ཀྱི་སྐད་ཀྱིས་ཚིགས་སུ་བཅད་པས་མངོན་པར་བསྟན་ཏོ། །དེ་བས་ན་བློ་དམན་པ་རྗེས་སུ་གཟུང་བའི་ཕྱིར་འབྲེལ་པ་ལ་སོགས་པ་ཐ་དད་པར་བསྟན་པའི་ཕྱིར་སོ་སོར་བརྒྱད་སྟོང་པར་བརྗོད་ན་འདིར་ཡང་བཤད་པར་བྱའོ། །དེ་ལ་འབྲེལ་པ་

དང་པོར་བསྟན་པར་བརྗོད་དེ། སྒྲུབ་པར་བྱེད་པ་བསྟན་བཅོས་དང་། དགོས་པ་སྒྲུབ་པར་བྱེད་པ་དང་། སྒྲུབ་པར་བྱེད་པ་ངོ་བོའི་མཚན་ཉིད་དུ་གྱུར་པར་བསྟན་ཏེ། དེ་ཡང་དགོས་པ་བརྗོད་པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། འདི་ལྟར་འདིའི་དགོས་པ་ཡིན་ནོ་ཞེས་སྟོན་པ་པོས་བསྟན་པར་གྱུར་པ་ནི་འདིའི་སྒྲུབ་པར་

བྱེད་པ་ཡིན་པས་འབྲེལ་པ་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །མངོན་པར་རྟོགས་པ་བརྒྱད་འདུས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བརྗོད་པར་བྱ་བའི་དོན་ཏོ། །འདས་མ་ཐག་ཏུ་བསྟན་པའི་བརྗོད་པར་བྱ་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་མདོའི་དོན་སྔར་བཤད་པའི་

སེམས་ཅན་གྱིས་མདོར་བསྡུས་པས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱུད་ལ་རྟོགས་པ་གནས་པ་སྟེ། མ་ལུས་པར་བསྡུས་པའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པ་ནི་བྱ་བའི་འབྲས་བུ་ཐུན་མོང་མ་ཡིན་པའི་

དགོས་པའོ། །ཇི་སྐད་བསྟན་པ་ཉིད་ཀྱི་བརྗོད་པར་བྱ་བ་ཉན་ཐོས་ལ་སོགས་པས་མ་རྟོགས་པ་བཅོམ་ལྡན་འདས་མ་ཚེགས་ཆུང་ངུས་ཐོས་པའི་ཤེས་རབ་ཀྱིས་ངེས་པར་བྱས་ནས་དྲན་པའི་ཤེས་པ་ལ་གཞག་སྟེ་བསམ་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱིས་

རྣམ་པ་ཐམས་ཅད་མངོན་སུམ་དུ་མཛད་པ་ནི་རྗེས་སུ་མཐུན་པའི་ཐབས་ཀྱི་བྱ་བའི་འབྲས་བུ་དགོས་པའི་ཡང་དགོས་པ་ཡིན་ནོ། །དེ་སྐད་དུ་ཡང་། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང་། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །བློ་དང་ལྡན་པས་རྟོགས་

Vol. 86 · folio 2b

འགྱུར་ཞེས། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བདེ་བླག་ཏུ་ནི་རྟོགས་འགྱུར་བ། །རྩོམ་པ་ཡི་ནི་དགོས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་གླེང་གཞིའི་སྐབས་བསམ་པར་བྱ་སྟེ། གང་གི་ཚེ། གང་ལ། གང་

གིས། གང་དུ། གང་དག་དང་ལྷན་ཅིག་མདོ་སྡེ་རིན་པོ་ཆེ་ཁྱོད་ཀྱིས་ཐོས་ཞེས་འདྲི་བ་རྣམས་ལ། ལན་དུ་བདག་ཉིད་ཚད་མར་རྟོགས་པར་བྱ་བའི་ཕྱིར་རིམ་པ་བཞིན་དུ་སྦྱར་རོ། །དུས་དང་། ཡུལ་དང་། སྟོན་པ་པོ་དང་། འཁོར་རྣམས་ཀྱི་ཚོགས་ལ་བསྟན་པ་ནི་གཙོ་བོའི་རྒྱུ་སྟེ་གླེང་གཞི་ཡིན་ནོ། །

གང་གི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལ་སོགས་པའི་འཁོར་གྱིས་ཡོངས་སུ་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལ་གནས་དེ་ཉིད་དུ་འཁོར་རྣམས་དང་ལྷན་ཅིག་ཏུ་བདག་གིས་མདོ་སྡེ་རིན་པོ་ཆེ་ཐོས་སོ་ཞེས་སྡུད་པར་བྱེད་

པས་འཇིག་རྟེན་པའི་ཐ་སྙད་ཀྱི་རྗེས་སུ་ཞུགས་ཏེ། གདུལ་བྱ་རྣམས་གུས་པར་ཉན་པ་དང་། སེམས་པ་ལ་སོགས་པའི་དོན་དུ། གང་བཅོམ་ལྡན་འདས་ཀྱིས་སྟོང་ཕྲག་བརྒྱ་པའི་རྩོམ་པར་གསུངས་པ་དེ་འདིར་ཡང་གཟུང་བར་བྱའོ། །མདོ་དོན་སྨྲ་བར་འདོད་པ་ཡིས། །དགོས་པ་བསྡུས་པའི་དོན་

བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །རྒལ་ལན་བཅས་པས་བསྙད་པར་བྱ། །ཞེས་རིགས་པ་བརྗོད་པ་དེ་ཁོ་ན་དགོས་པ་ཡིན་ཏེ། ཉན་པ་པོའི་སྐྱེ་བོ་རྣམས་ཀྱིས་མདོའི་དོན་འཕྱང་བ་མེད་པར་རྣམ་པར་ཕྱེ་བ་རྟོགས་པར་བྱ་བའི་ཕྱིར་དང་། འཆད་པ་པོ་བདེ་བླག་ཏུ་བཤད་སླ་

བར་བྱ་བའི་ཕྱིར་རེ་ཞིག་བསྡུས་པའི་དོན་བརྗོད་པར་བྱའོ། །དེ་ལ་སངས་རྒྱས་ཉིད་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་ལ་སོགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པའི་དོན་དུ་དང་པོར་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཏེ། དགའ་དང་གུས་དང་དད་པའི་

མཆོག་ནི་ཉེར་གཞག་སྟེ། །ཞེས་བྱ་བ་ནས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེ་ཡང་ཉན་ཐོས་ལ་སོགས་པའི་ལམ་ཡོངས་སུ་ཤེས་པ་མེད་པར་མེད་པས་ལམ་ཤེས་པ་ཉིད་

Vol. 86 · folio 3a

བསྟན་པ་ནི། གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་། །ཞེས་བྱ་བ་ནས། ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་དཔྱད་དུ་མེད། །ཅེས་བྱ་བ་ཡན་ཆད་ཀྱིས་སོ། །དེ་ཡང་

དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་མ་ཡིན་པས་དེའི་རྗེས་ལ་ཐམས་ཅད་ཤེས་པ་ཉིད་བསྟན་པ་ནི། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ཞེས་བྱ་བ་ནས། ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང་། །མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་བསྲེགས་པ་བཞིན། །

ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེ་ནས་རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་ཐོབ་པ་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་། ལམ་དང་། དངོས་པོ་ཤེས་པའི་རྣམ་པ་རྣམས་བསྡུས་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་

རྟོགས་པ་སྟེ། ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར། །ཞེས་བྱ་བ་ནས། ཡོངས་སུ་མི་སྟོན་ཕྱིར་མི་ལྡོག་པ་ས་ཡི་ཆོས། །མི་འཆད་དེ་ནི་ལུང་མ་བསྟན་པ་ཡིན་རིག་བྱ། །ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེའི་རྗེས་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་དང་

ལྡན་པའི་ཁྱད་པར་གྱི་ལམ་གྱིས་གསལ་བ་རབ་ཀྱི་མཐར་ཐུག་པར་འགྲོ་བ་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ། དགྲ་བཅོམ་ས་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང་། །ཞེས་བྱ་བ་ནས། དགྲ་བཅོམ་རང་རྒྱལ་ཐེག་བྲལ་བྱང་ཆུབ་མཆོག་ངེས་ན། །དཔའ་བོ་རྟག་ཏུ་མཉམ་གཞག་ཡིན་པར་ཤེས་པར་བྱ། །

ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེའི་རྗེས་ལ་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་དང་ལྡན་པས་སོ་སོ་དང་བསྡུས་པའི་དོན་ཁོང་དུ་ཆུད་པ་བསྟན་པར་བྱ་བའི་ཕྱིར་རིམ་པས་བསྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་སྟེ། སེམས་ཅན་གང་ཟག་གཞན་ཕྱིར་སེམས་པ་རྣམ་དག་པ། །ཞེས་བྱ་བ་ནས་

བརྩམས་པ་ཚིགས་སུ་བཅད་པ་གཅིག་གིས་སོ། །དེའི་རྗེས་ལ་མཐར་གྱིས་པའི་མངོན་པར་རྟོགས་པ་སྒོམ་པ་དང་ལྡན་པས་ཤིན་ཏུ་གོམས་པར་བྱ་བའི་ཕྱིར་རྟོགས་པའི་ཆོས་དེ་དག་ཉིད་སྐད་ཅིག་གཅིག་ལ་མངོན་དུ་བྱས་པ་ནི་སྐད་ཅིག་ལ་མངོན་པར་བྱང་ཆུབ་པ་སྟེ། སྤྱོ་བ་བྱས་སམ་འོན་ཏེ་

Vol. 86 · folio 3b

རྟག་ཏུ་བརྡེག་ཀྱང་རུང་། །ཞེས་བྱ་བ་ནས་བརྩམས་པར་ཚིགས་སུ་བཅད་པ་གཉིས་ཀྱིས་སོ། །དེའི་རྗེས་ལ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་བསྒོམ་པ་དང་ལྡན་པས་སྐད་ཅིག་མ་གཉིས་པ་ལ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིན་ཅི་མ་ལོག་པ་

རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པ་ནི་ཆོས་ཀྱི་སྐུའི་མངོན་པར་བྱང་ཆུབ་པ་སྟེ། བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་སོ། །དེའི་རྗེས་ལ་ཐོས་པ་ལ་སོགས་པའི་ཤེས་རབ་བསྐྱེད་པའི་ཕྱིར་མངོན་པར་རྟོགས་

པ་བརྒྱད་ཐོབ་པའི་རྒྱུ་མཚན་ཡུམ་ཇི་ལྟ་བ་བཞིན་དུ་མཉན་པས་རྗེས་སུ་བཙལ་བས་མངོན་པར་བརྗོད་པ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་ཡུན་རིང་འཁོར་འདོད་ཅིང་། །ཞེས་བྱ་བ་ནས། འགྲོ་བའི་སྡུག་བསྔལ་ཇི་སྙེད་བདག་གིས་བཟོད་སྙམ་པ། །བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་

ཕྱིན་ལ་གནས། །ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེའི་རྗེས་སུ་ཚོལ་བར་བྱེད་པ་དང་ལྡན་པ་ལ་དགེ་བའི་བཤེས་གཉེན་གྱིས་ཇི་ལྟ་བ་བཞིན་གདམས་ངག་སྦྱིན་པ་ནི། ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར། །ཞེས་བྱ་བ་ནས། དེ་ལ་དགེ་བའི་རྩ་བ་མཐུ་ཆེན་འཕེལ་གྱུར་ཏེ། །

སྤྲིན་མེད་འོད་གསལ་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེའི་རྗེས་ལ་གདམས་ངག་བཟུང་བ་དང་ལྡན་པས་ཁོང་དུ་ཆུད་པའི་རིམ་པ་ཅི་འདྲ་བར་བྱ་བ་ནི། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །ཅེས་བྱ་བ་ནས། སངས་རྒྱས་རྒྱུད་དང་ཆོས་ཀྱི་

རྒྱུད་ཀྱང་ཡོངས་སུ་འཛིན། །དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངས་སུ་འཛིན། །ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེའི་རྗེས་ལ་ཆོས་ཀྱི་རྣམ་གྲངས་འདིའི་མིང་དོན་དང་ལྡན་པ་རྟོགས་པ་མངོན་དུ་འགྲོ་བས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རྗེས་སུ་གཏད་པ་ནི་ཡོངས་སུ་རྫོགས་པའི་ཚིགས་སུ་

བཅད་པ་གཅིག་གསུངས་ཏེ་བསྡུས་པའི་དོན་ཡིན་ནོ། །དེ་ལྟ་ཡིན་མོད་ཀྱི་རྟོགས་སླ་བ་ཉིད་ཀྱིས་དོན་ལྷག་མ་བཞི་པོ་མ་གསུངས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པ་བརྒྱད་དུ་བསྟན་ཏེ། དེ་སྐད་དུ་ཡང་། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །

Vol. 86 · folio 4a

རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་གསུངས་པ་ཡིན་ནོ། །ད་ནི་ཚིག་གི་དོན་ལ་སོགས་པ་བཤད་པས་མདོའི་དོན་བརྗོད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་

ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་རྒྱས་པར་བསྟན་པའི་དེ་མ་ཐག་ཏུ་འམ། མན་ངག་མདོར་བསྡུས་ནས་བསྟན་པའི་སྐབས་ཡིན་ནོ། །ཡང་གི་སྒྲ་ནི་ཚིག་གི་རྒྱན་ནོ། །ངེས་པའི་ཚིག་ཏུ་ན་ཉོན་མོངས་པ་ལ་སོགས་པ་བཅོམ་པས་ཡང་ན་བཅོམ་ལྡན་འདས་ཡིན་པར་བསྟན་པའམ། དབང་ཕྱུག་ལ་སོགས་

པ་དང་ལྡན་པས་སོ། །ཉན་ཐོས་ལ་སོགས་པས་བསྟན་པའི་གདུལ་བྱ་མི་སྲིད་པས་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་ཏོ། །ཞེས་བྱ་བར་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། འཁོར་བཞི་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་གིས་སྔར་གཞུང་རྒྱས་པ་མཉན་པས་སྦྱངས་པའི་ཕྱིར་གང་ཞིག་བསྡུས་ནས་ཉན་དུ་རུང་བ་དེ་

རྣམས་ཀྱི་དབང་དུ་མཛད་དོ། །དེ་དག་ཅེས་བྱ་བའི་ཚིག་གིས་ནི་མ་ནིང་ལ་སོགས་པ་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་རམ་ཆོས་ཉིད་རྟོགས་པའི་སྐལ་བ་དང་མི་ལྡན་པས་འཁོར་མ་ཡིན་པ་ཉིད་ཀྱི་ཕྱིར་ཡུལ་ལ་ཉེས་པར་སྤྱོད་པའི་འདོད་ཆགས་དང་བྲལ་བ་དང་། བྲལ་བ་མ་ཡིན་པའི་སྐྱེས་པ་དང་བུད་མེད་དག་ལ་

སྲིད་པའི་ཕྱིར་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་བདག་ཉིད་ལ་ཕན་པ་དང་རྟག་པའི་འཁོར་རྣམས་བསྡུས་ནས་འཁོར་བཞི་པོ་ཉེ་བར་བཟུང་སྟེ། དེ་ནས་འཕགས་པ་རབ་འབྱོར་ལ་སོགས་པ་དགེ་སློང་སློབ་པ་དང་། མི་སློབ་པ་དང་། དེ་བཞིན་དུ་སྐྱེ་དགུའི་

བདག་མོ་ལ་སོགས་པ་དགེ་སློང་མ་རྣམས་དང་། གཟུགས་ཅན་སྙིང་པོ་ལ་སོགས་པའི་སློབ་པའི་དགེ་བསྙེན་རྣམས་དང་། དེ་བཞིན་དུ་དགེ་བསྙེན་མ་ས་ག་ལ་སོགས་པ་གཙོ་བོར་གྱུར་པ་རྣམས་སྨོས་ཏེ། གླེང་གཞིའི་ལེའུར་བསྟན་པ་བཞིན་ནོ། །ཤིན་ཏུ་ཁྱད་པར་ཅན་གྱི་ཆོས་རྟོགས་པ་དང་

འབྲེལ་པས་དེ་དག་གི་མཚན་ཉིད་དང་བྲལ་བའི་ཕྱིར་དགེ་སློང་ལ་སོགས་པས་ཀྱང་མ་བསྡུས་ལ། སེམས་ཅན་གྱི་དོན་བྱེད་པས་གཞན་གྱི་དབང་དུ་གྱུར་པའི་ཕྱིར་མི་བརྟན་པའི་འཁོར་ཡིན་པས་འདིར་བྱང་ཆུབ་སེམས་དཔའ་མ་སྨོས་སོ། །ཡང་དག་པར་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བ་ཕྱིན་ཅི་

Vol. 86 · folio 4b

མ་ལོག་པའི་བརྩོན་འགྲུས་དང་ལྡན་པའི་ཕྱིར་མངོན་པར་རྟོགས་པའི་རིམ་པ་བསྡུས་པ་འདོད་པས་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེད་པ་ཁོང་དུ་ཆུད་པས་ཡང་དག་པར་ཞུགས་པ་ལ་རྗེས་སུ་མཐུན་པར་བསྟན་པ་ཉིད་ཀྱིས་དེ་ལྟ་བུའི་ཡོན་ཏན་ལ་མངོན་པར་དགའ་བ་དང་སྤྲོ་བ་སྤེལ་བའི་ཕྱིར་རོ། །དེ་བཞིན་དུ་འདིར་དོན་

འདི་ཉིད་འཛིན་པར་འགྱུར་རོ། །གཞན་དུ་ན་རིགས་པ་དང་མི་ལྡན་པས་དོར་བར་བྱ་བར་འགྱུར་རོ། །ཡང་ན་ཡང་དག་པར་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བ་ནི་རང་ཉིད་ངག་ལ་དབང་བར་བསྟན་པས་བདག་ཉིད་ལ་གུས་པ་བསྐྱེད་པའི་ཕྱིར་བསྡུས་ནས་བསྟན་པས་ཡང་དག་པར་དགའ་བའི་ཕྱིར་རོ། །ཅིའི་ཕྱིར་སྟོན་ཅེ་ན་

སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཞེས་བྱ་བ་ནི་རྒྱས་པར་བསྟན་པ་ལ་ལྟོས་ནས་ཡང་འདི་དེ་མ་ཐག་ཏུ་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་ལ། ཐོས་པའི་ཤེས་རབ་ལ་སོགས་པ་བསྐྱེད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐུགས་སུ་ཆུད་པས་གསལ་བའི་རབ་ཀྱི་

མཐར་ཐུག་པར་ཕྱིན་པ་སྟེ། ཕ་རོལ་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གྱི་ཕ་རོལ་ལོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙོ་བོ་ནི། སངས་རྒྱས་བཅོམ་ལྡན་འདས་ཏེ་སྒྱུ་མ་ལྟ་བུའི་རང་བཞིན་ནོ། །འདི་ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་

བསྟན་པའོ། །དང་པོ་སྦྱོར་བ་ལ་སོགས་པ་མཚན་ཉིད་ཀྱི་ལམ་སྟེ། འབྲས་བུ་དེའི་དོན་དུ་སྦྱོར་བ་ཉིད་ཀྱི་གཙོ་བོ་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་དང་འདི་སྟེ་གསལ་བར་བྱེད་པའི་ཀུན་རྫོབ་ལ་གཞན་པའི་དབང་གིས་འཇུག་པ་གང་ཡིན་པ་རབ་ཏུ་ཕྱེ་ན་བསྟན་པའི་གཞུང་སྟེ། དེ་ཡང་སྟོང་

ཕྲག་བརྒྱ་པ་ལ་སོགས་པ་དེ་ལ་སྦྱོར་བས་ན་དེ་གཉིས་ནི་བརྟག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ཞེས་བྱ་བ་ནི་མ་ལུས་པ་ཤིན་ཏུ་ཕྱེ་སྟེ་བསྟན་པའོ། །དེ་ལྟ་བས་ན་ཇི་སྐད་བསྟན་པའི་དོན་སྟོན་པར་བྱེད་པའི་གཞུང་གིས་རང་བཞིན་དེ་ཉིད་བསྡུས་ནས་ཉེ་བར་བསྟན་པ་གསལ་བར་བྱེད་པ་ནི་སྟོན་

ཅིང་ངོ་། །དེའི་ཚེ་ནི་དེར་དོན་མདོར་བསྡུས་ནས་བསྟན་པ་ཉན་པར་རུང་བའི་འཁོར་བའི་འདུས་པ་དེའི་ཚེའོ། །ཚིགས་སུ་བཅད་པ་འདི་ཞེས་བྱ་བ་ལ་སོགས་པ་ལ། དགའ་དང་གུས་དང་ཞེས་བྱ་བ་ལ་སོགས་པ་མཇུག་ཐོགས་སུ་འཆད་པར་འགྱུར་བ་ནི་ཚིགས་སུ་བཅད་པ་འདིའོ། །ཚིགས་སུ་

Vol. 86 · folio 5a

བཅད་པ་ནི་ཁྱད་པར་ཅན་གྱི་སྡེབ་སྦྱོར་གྱི་མཚན་ཉིད་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱིས་གདུལ་བྱ་རྣམས་ལ་བཀའ་སྩལ་པ་དེ་བཞིན་དུ་སྣང་བའི་ཕྱིར་རོ། །དེ་ལྟར་འབྲེལ་པ་བསྟན་ནས་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཐོབ་པར་འདོད་པས། ཐོག་མར་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་། སྙིང་རྗེའི་སྙིང་པོ་ཅན་བསྐྱེད་པར་བྱ་བ་ཡིན་པས་དེ་བཤད་པར་འདོད་ནས་དགའ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དགའ་བ་ནི་མངོན་པར་འདོད་པའོ། །གུས་པ་ནི་མངོན་

པར་ཡིད་ཆེས་པའོ། །དད་པ་ནི་གུས་པའི་བྱེ་བྲག་གོ། །མཆོག་ནི་ཐམས་ཅད་ཀྱི་མཆོག་གོ། །ཉེ་བར་གཞག་སྟེ་ནི་ཉེ་བར་བློ་ལ་གཞག་པའོ། །འདི་སྐད་དུ་ནུས་པ་ཉིད་དང་། ཡོད་པ་ཉིད་དང་། ཡོན་ཏན་དང་ལྡན་པའི་ཆོས་ཡུམ་གྱི་བྱེ་བྲག་ཐམས་ཅད་བཤད་དེ། རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པ་དང་།

མངོན་པར་ཡིད་ཆེས་པ་དང་རབ་ཏུ་དང་བ་སྟེ། དད་པའི་བྱེ་བྲག་རྣམ་པ་གསུམ་མོ། །ཐམས་ཅད་མཆོག་ཏུ་བསྐྱེད་པས་མཉན་པར་བྱ་སྟེ། གཞན་དུ་ན་དོན་མེད་པར་འགྱུར་ཏེ། དད་པ་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བླང་བར་བྱ་བ་བསྟན་ནས་

དེ་བཞིན་དུ་དོར་བར་བྱ་བ་བསྟན་པའི་ཕྱིར་སྒྲིབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་ནི་སྤངས་པ་སྟེ། ཅི་ཞིག་སྤངས་ཤེ་ན། སྒྲིབ་པ་དང་ཉོན་མོངས་པའི་དྲི་མ་རྣམས་སོ། །དེ་ལ་སྒྲིབ་པ་ནི་ཤེས་བྱ་ལ་མངོན་པར་ཞེན་པ་དང་། འདོད་ཆགས་ལ་སོགས་པའོ། །ཡང་དག་པའི་

དོན་རྟོགས་པ་དང་འགལ་བའི་ཕྱིར་སྒྲིབ་པའོ། །དེ་དག་ཉིད་ལུས་དང་ངག་དང་ཡིད་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པའོ། །དེ་ཡང་གཉེན་པོ་གོམས་པར་བྱས་པས་བསལ་བར་ནུས་པའི་ཕྱིར་དྲི་མའོ། །དེ་བསལ་ཞེས་བྱ་བར་འབྲེལ་ཏེ། དེ་ལྟར་བསྟན་པར་འགྱུར་རོ། །དངོས་པོ་ལ་

མངོན་པར་ཞེན་པ་དང་། འདོད་ཆགས་ལ་ཞེན་པ་མེད་པར་དེ་ཉིད་ལ་གཞོལ་བའི་སེམས་ཀྱིས་མཉན་པར་བྱ་སྟེ། གཞན་དུ་ན་དོན་རྟོགས་པར་མི་འགྱུར་བའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་འདི་སྤང་བ་དང་བྱ་བ་ཡང་ཅི་ཞིག་མཉན་པར་བྱ་ཞེ་ན། ཞི་བ་མཉན་པར་

Vol. 86 · folio 5b

གྱིས་ཞེས་བྱ་བ་སྨོས་ཏེ། མངོན་པར་མཐོང་བའི་ཆོས་ཐོབ་པའི་བསམ་པས་མི་བྱའོ། །ཐར་པའི་བསམ་པ་མྱ་ངན་ལས་འདས་པའི་རྒྱུ་མཐུན་པ་ལ་ལུས་དང་ངག་དང་ཡིད་མངོན་དུ་ཕྱོགས་པ་རྒྱུར་གྱུར་པ་ནི་ཞི་བའོ། །མཉན་པར་གྱིས་ནི་ཐོས་པའི་ཤེས་རབ་བོ། །རྗེས་ཀྱི་ཡིད་ཀྱི་རྣམ་

པར་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །འདིར་དེ་ནི་ཉེ་བར་མཚོན་པ་སྟེ། བསམ་པ་དང་བསྒོམ་པ་ཞེས་བྱ་བ་ཡང་གཟུང་བར་བྱའོ། །ཇི་ལྟར་དེ་འབྲེལ་ཞེ་ན། འགྲོ་དོན་མངོན་ཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་སེམས་

ཅན་མ་ལུས་པ་རྣམས་ཀྱི་དོན་སྐལ་བ་ཇི་ལྟ་བ་བཞིན་དུ་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ཆོས་ཐོབ་པར་བྱ་བའི་ཕྱིར་དེའི་དོན་ལ་ཕྱོགས་པ་ནི་ཞུགས་པ་སྟེ། སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་ཞུགས་པ་ཡིན་ཏེ། འདིས་ནི་སེམས་དཔའ་ཆེན་པོའི་སྒྲའི་དོན་བསྟན་ཏོ། །དེས་པ་

ནི་ཆོས་ཀྱི་དབྱིངས་ཁྱད་པར་དུ་འཕགས་པ་དང་། དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་དེ། སངས་རྒྱས་ཉིད་ལ་དགའ་བའོ། །འདིས་ནི་བྱང་ཆུབ་སེམས་དཔའི་སྒྲའི་དོན་བསྟན་པའོ། །དེས་ན་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་བརྙན་སྤངས་ནས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་ཏེ་མཉན་པར་བྱ་བ་ཁོ་ནའོ་ཞེས་ངེས་པར་གཟུང་གི་དེ་དག་ཁོ་ན་ཞེས་བྱ་བ་མ་ཡིན་ཏེ། བྱང་ཆུབ་རྣམ་པ་གསུམ་ཀ་དེ་མེད་ན་མི་འབྱུང་བས་དབང་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་བསྟན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱིའི་སྒྲར་གསུངས་མོད་ཀྱི།

འོན་ཀྱང་བརྡ་ལ་སོགས་པའི་སྟོབས་ཀྱི་ཁྱད་པར་གྱིས་དོན་ཡིན་པར་རྟོགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་དོན་ཏེ། ཆོས་ཐམས་ཅད་ཀྱི་རྣམ་པར་བསྡུས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་འདི་སྐད་དུ་སྙིང་རྗེ་ཆེན་པོའི་ས་བོན་

རབ་ཏུ་སད་པ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་བ་ལ་སོགས་པ་དང་། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་ནས་སྐལ་བ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་བྱའོ་ཞེས་སྨོན་ལམ་བཏབ་ནས་སྒྲུབ་པ་ཕུན་སུམ་

Vol. 86 · folio 6a

ཚོགས་པ་བྱའོ་ཞེས་གཞན་གྱི་དོན་ལ་དམིགས་པ་རྒྱུ་དང་བཅས་པའི་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་རང་བཞིན་གྱི་སེམས་བསྐྱེད་པ་ཚོགས་ཀྱི་ལམ་ནས་བརྩམས་ཏེ། སའི་རིམ་པས་སངས་རྒྱས་

ཀྱི་ས་ཀུན་ཏུ་འོད་ཀྱི་བར་དུ་གང་གིས་རྟོགས་པ་དེ་དག་གི་བདག་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྒྱུ་མ་ལྟ་བུའི་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་ཅིང་བསྒྲུབ་པར་བྱའོ། །ཞེས་དོན་གྱིས་བསྟན་པར་འགྱུར་རོ། །ལམ་ཤེས་པ་ལ་སོགས་པ་མ་བསྒྲུབས་པར་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ཀྱི་བདག་ཉིད་སེམས་བསྐྱེད་པ་རྒྱལ་བའི་སྲས་རྣམས་ཀྱིས་མི་འགྲུབ་པ་མ་ཡིན་ནམ། དེ་བས་ན་དེ་དག་དང་ཇི་ལྟར་འབྲེལ་པར་འགྱུར་ཞེས་ཟེར་ན། གང་ལ་དཔའ་རྣམས་སྤྱོད་པ་ཞེས་བྱ་བ་གསུངས་ཏེ། གང་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །མི་མཐུན་པའི་ཕྱོགས་ཀྱི་ཆོས་ཐམས་

ཅད་ལས་རྒྱལ་ཞིང་ཉམས་པར་མི་ནུས་པ་ཡོད་པ་ནི་བྱང་ཆུབ་སེམས་དཔའ་སྟེ་དཔའ་བའོ། །ཆོས་མ་ལུས་པ་ལ་གོམས་པ་དང་ལྡན་པས་ཞུགས་པ་དེ་ལྟ་བུ་ནི་སེམས་བསྐྱེད་པའི་རང་གི་ངོ་བོ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་འདི་སྐད་དུ་ཇི་སྐད་བཤད་པའི་

སེམས་བསྐྱེད་པ་ལ་མ་གཏོགས་པའི་ཆོས་གཞན་མེད་དེ། གདམས་ངག་ལ་སོགས་པ་ཡང་ཁྱད་པར་གྱི་དོན་བསྟན་པའི་ཕྱིར་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ཁོ་ན་ཡིན་ནོ། །དེ་བས་ན་དེའི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ཐོབ་པར་བྱ་བ་མ་ལུས་པའི་ཆོས་

བསྡུས་ནས་དང་པོར་བསྟན་པར་འགྱུར་རོ། །དེ་ལྟ་ཡིན་ན་ཅིའི་ཕྱིར་སྟོང་ཕྲག་བརྒྱ་པ་ལས་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ལ་སོགས་པ་ཐ་དད་པར་བསྟན་ཅེས་ཟེར་ན་སྨྲས་པ་གང་གི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཀྱི་ཡིན་ཏེ། རྒྱུ་དང་བཅས་པའི་འབྲས་བུ་ཐོབ་པ་ལ་

ལྟོས་ནས་བསྟན་པའི་ཕྱིར་གསུངས་ལ། ཚོགས་ཀྱི་བསྒྲུབ་པར་རབ་ཏུ་དགའ་བ་ལ་སོགས་པ་སའི་ཚོགས་འདུས་མོད་ཀྱི། འོན་ཀྱང་མཐོང་བའི་ལམ་ལ་སོགས་པ་རྒྱལ་བའི་སྲས་རྣམས་ལམ་མ་ཡིན་ནོ་ཞེས་དོགས་པ་བསལ་བའི་ཕྱིར་གསལ་བར་བཤད་པ་དང་དོན་རབ་ཏུ་ཕྱེ་བ་

Vol. 86 · folio 6b

ཡིན་ནོ། །དེ་བས་ན་དེ་ཉིད་ལས་ལམ་ཤེས་པ་ཐ་དད་པར་བཀོལ་ནས་རབ་ཏུ་དགའ་བ་ལ་སོགས་པ་ས་བདུན་པ་ལ་ཞུགས་པའི་རབ་ཐ་དད་པར་ལོགས་ཤིག་ཏུ་ལམ་ཤེས་པར་གཞག་གོ། །དེ་ལྟ་བས་ན་ལམ་ཤེས་པ་ལ་ནི་ལམ་ཐམས་ཅད་ཤེས་པར་བྱ་དགོས་པས་ཉན་ཐོས་ལ་

སོགས་པའི་ལམ་སྟོན་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའི་ལམ་བསྟན་པས་ལྡོག་པའི་སྒོ་ནས་ཡང་འཕངས་པའི་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱི་ལམ་ཉན་ཐོས་ལ་སོགས་པའི་ལམ་ཡིན་ན་སྙོམ་དུ་དོགས་པ་བསལ་བའི་ཕྱིར་དང་། རབ་ཏུ་སྤྲོས་པས་བདེ་

བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཡང་དེ་ཉིད་ལས་ལོགས་ཤིག་ཏུ་ཐམས་ཅད་ཤེས་པ་ཉིད་ཐ་དད་པར་ས་བདུན་པར་གཞག་སྟེ། ལམ་ལྟར་སྣང་བ་ལ་སོགས་པའི་སྐྱོན་རྣམས་སྤངས་ཏེ་ཀུན་རྫོབ་ཀྱི་བདེན་པ་ཙམ་ལ་གཞག་གོ། །གཞན་དུ་ན་དེ་དག་ལ་རྟོགས་པ་སྐྱེ་བར་མི་རིགས་སོ། །དེའི་

རྗེས་ཐོགས་ལ་རྣམ་པ་དང་། ལམ་དང་། དངོས་པོའི་ཤེས་པའི་རྣམ་པ་ཐམས་ཅད་བསྡུས་ནས་དབང་དུ་བྱ་བའི་ཕྱིར་ཡང་དང་ཡང་དུ་མངོན་དུ་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་པ་ལ་སོགས་པའི་རང་བཞིན་ཁྱད་པར་གྱི་ལམ་སྟོབས་ཅན་ས་བརྒྱད་པ་མི་གཡོ་བ་དེའི་དབྱེ་

བ་རྟོགས་པར་བྱ་བའི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་བསྟན་ཏོ། །དེའི་རྗེས་ལ་གཉེན་པོའི་ཚོགས་དང་། ངེས་པར་འབྱུང་བའི་སྒྲུབ་པའི་རབ་ཏུ་དབྱེ་བ་རྟོགས་པར་བྱ་བའི་ཕྱིར་གསལ་བ་རབ་ཀྱི་མཐར་ཐུག་པར་འགྲོ་བ་ཁྱད་པར་གྱི་ལམ་དེ་ཉིད་ཡིད་ལ་བྱེད་པ་ནི་ལེགས་པའི་བློ་

གྲོས་ལ་སོགས་པས་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་བསྟན་ཏོ། །དེའི་རྗེས་ཐོགས་ལ་ས་བཅུ་པའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་གནས་སྐབས་སུ་སོ་སོ་དང་བསྡུས་པ་བསྒོམ་པའི་དོན་གྱི་གོ་རིམས་བསྟན་པར་བྱ་བའི་ཕྱིར་རིམ་པ་བཞིན་བྱ་སྟེ། དེ་ཉིད་བསྒོམ་པ་ནི་མཐར་གྱིས་

པའི་མངོན་པར་རྟོགས་པའི་མཐར་ཕྱིན་པའོ། །དེ་ནས་གོ་རིམས་བཞིན་དུ་བསྒོམ་པའི་ཆོས་རྣམས་ཤིན་ཏུ་གོམས་པར་བྱས་པས་སྐད་ཅིག་གཅིག་ལ་དེ་ཉིད་ཀྱི་གནས་སྐབས་རྟོགས་པ་དེ་ཉིད་སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་པ་རྫོགས་པ་ཡིན་ནོ། །དེའི་རྗེས་ལ་རྣམ་པ་ཐམས་ཅད་

Vol. 86 · folio 7a

མངོན་དུ་བྱེད་པ་ཆེད་དུ་བྱ་བ་གསུམ་མངོན་སུམ་དུ་བྱས་ནས་རྟོགས་པ་དེ་ཉིད་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པ་མཐར་ཕྱིན་པ་ཡིན་ནོ། །དེ་ལྟ་བས་ན་སེམས་བསྐྱེད་པ་སྒྱུ་མ་ལྟ་བུའི་རང་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་དང་།

མངོན་པར་རྟོགས་པ་བརྒྱད་བསྡུས་ཏེ། དེ་ལྟར་ལུང་ལས་ངེས་པ་ཡིན་ནོ། །རིགས་པ་ལས་ཀྱང་རྟོགས་པར་བྱ་སྟེ། འདི་ལྟར་གང་ཡོད་པར་དམིགས་པའི་མཚན་ཉིད་དུ་གྱུར་པ་དེ་ནི་ཡོད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་ཤེས་པའི་ངོ་བོ་བཞིན་ནོ། །སྔོན་པོ་ལ་སོགས་པ་ཡང་ཡོད་

པར་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བ་ལང་རྫིའི་སྐྱེ་བོ་ཡན་ཆད་ཀྱིས་ཉམས་སུ་མྱོང་བར་གྲུབ་པའི་ཕྱིར་མ་གྲུབ་པ་ཡང་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡིན་ནོ། །དེ་ལྟ་བུའི་དོན་ཀྱང་འགེགས་ན་ནི་ཡོད་

པའི་ཐ་སྙད་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ་ཞེས་བྱ་བས་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡོད་པས་མ་ངེས་པའི་གཏན་ཚིགས་ཀྱང་མ་ཡིན་ནོ། །དེ་བས་ན་ཕྱིའི་དོན་ཡོད་པར་འགྲུབ་བོ་ཞེས་ཟེར་ན་མ་ཡིན་ཏེ། གང་གི་ཕྱིར་གང་ཞིག་རིག་པ་ན་གང་རིག་པའི་ཐབས་མེད་པ་དེ་ནི་རིག་

པ་མ་ཡིན་ཏེ། སྔོན་པོ་རིག་པ་ན་སེར་པོ་མི་རིག་པ་བཞིན་ནོ། །ཡང་ཤེས་པའི་བདག་ཉིད་རིག་པར་གྱུར་པ་ན་མངོན་པར་འདོད་པའི་ཕྱིའི་དོན་རིག་པའི་ཐབས་མེད་པའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་གི་ཕྱིར་ཉེ་བའི་རྒྱུ་མཚན་མེད་པས་ན་རྣམ་པ་མེད་པས་

ཀྱང་མ་ཡིན་ནོ། །ཤིན་ཏུ་ཐལ་ཆེས་པའི་ཕྱིར་གཞན་གྱི་རྣམ་པས་ཀྱང་མ་ཡིན་ནོ། །མེད་ན་མི་འབྱུང་བ་མེད་པས་འཁྲུལ་པ་སྲིད་པའི་ཕྱིར་རྣམ་པ་དང་བཅས་པས་ཀྱང་མ་ཡིན་ནོ། །ཕྱོགས་གཞན་ཡང་མི་སྲིད་པས་ཤེས་པ་གཞན་མེད་པས་ན་དོན་རིག་པའི་ཐབས་མེད་པའི་ཕྱིར་མ་གྲུབ་པ་

མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡིན་ནོ། །རིག་པའི་ཐབས་མེད་པ་ཡང་རིག་ན་ནི་ཐམས་ཅད་ཀྱང་རིག་པར་ཐལ་བར་འགྱུར་རོ་ཞེས་བྱ་བས་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡོད་པས་མ་ངེས་པ་ཡང་མ་ཡིན་ནོ། །དེ་ལྟ་བས་སྔར་གཏན་ཚིགས་

Vol. 86 · folio 7b

དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ལས་བཟློག་པར་གྲུབ་པས་འགལ་བ་ཡིན་ཏེ། རྣམ་པར་ཤེས་པ་དེ་ཉིད་མ་རིག་པའི་སྟོབས་ཀྱིས་སྔོན་པོ་ལ་སོགས་པའི་རྣམ་པར་རིག་པ་ཡིན་ནོ། །ཤེས་པ་ཙམ་གྱིས་ངོ་བོར་འདུས་པས་གཉིས་

མེད་པ་ཉིད་དུ་འགྲུབ་པོ་ཞེས་ཟེར་ན། དེ་ལྟ་མོད་ཀྱི་འོན་ཀྱང་དེར་སྣང་བ་ལས་ཐ་དད་པར་གྲུབ་པའི་མཐའ་ལ་སོགས་པ་ལ་བརྟེན་ཏེ་དེ་ཁོ་ན་ཉིད་ལ་སོགས་པའི་ཆོས་གཞན་ཡོངས་སུ་རྟོག་གམ། འོན་ཏེ་མ་ཡིན་པར་རྟོག་གྲང་ན། གལ་ཏེ་ཕྱོགས་དང་པོ་ཡིན་ན་ནི་གང་ཞིག་ཕྱིན་ཅི་མ་ལོག་པའི་རྣམ་པར་

ཤེས་པ་དེ་ནི་སྒྲོ་བཏགས་པའི་ཆོས་གཞན་འཛིན་པ་མ་ཡིན་ཏེ། འགའ་ཞིག་ནོར་བུའི་གཟུགས་ལ་སོགས་པ་ལ་མ་འཁྲུལ་བའི་ཤེས་པ་བཞིན་ནོ། །ཤེས་པ་འདི་ཡང་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །སྒྲོ་བཏགས་པ་མ་ལུས་པས་དབེན་

པ་རྟོག་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་བདག་ཉིད་ལ་ཡོད་པ་ཙམ་དུ་ཉམས་སུ་མྱོང་བས་མ་གྲུབ་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །སྒྲོ་བཏགས་པའི་ཆོས་འཛིན་པའི་ཕྱིར་རང་གི་ངོ་བོ་རིག་པར་མི་འགྱུར་རོ་ཞེས་བྱ་བས་བཟློག་

ན་གནོད་པ་ཅན་གྱི་ཚད་མ་ཡོད་པས་གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ནོ། །ཕྱོགས་གཉིས་པ་ཁས་ལེན་ན་དེའི་ཚེ་སྣང་བའི་དོན་ལ་བསྙོན་རྟོལ་བྱ་བར་མི་ནུས་པ་སྒྲོ་བཏགས་པའི་ཆོས་ཀྱི་དབེན་པ་དོན་ཙམ་རྟོགས་པ་འདི་ཉིད་སྒྱུ་མ་ཉིད་དུ་ཤེས་སོ་ཞེས་བྱ་བ་ནི་མིང་ཙམ་ལ་རྩོད་པས་འདི་ནི་གྱི་ནའོ། །

གཉིས་སུ་མེད་པའམ་གཉིས་ཞེས་པ་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་སྙིང་པོ་མེད་དེ། དོན་འདི་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །དེ་ལྟར་སེམས་བསྐྱེད་པ་ཙམ་གྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྱུ་མའི་རང་བཞིན་དུ་ལུང་དང་རིག་པ་མདོར་བསྡུས་པས་བསྒྲུབ་པ་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལམ་མ་ཡིན་ནོ། །གང་དེ་ལྟ་ཡིན་ན་ཇི་ལྟར་ཆོས་འདི་ཉིད་རྟོགས་པ་དང་མི་ལྡན་པས་སྟོང་ཕྲག་བརྒྱ་པ་ལ་སོགས་པར་འཕགས་པ་རབ་འབྱོར་ལ་སོགས་པས་མངོན་པར་རྟོགས་པ་བརྒྱད་སྟོན་པ་ལ་དབང་བྱེད་ཅེས་ཟེར་ན། དེ་བཞིན་

Vol. 86 · folio 8a

གཤེགས་པའི་མཐུ་ཉིད་ཡིན་པར་དཔེ་སྔོན་དུ་འགྲོ་བས་ལན་དུ། འཛམ་བུའི་གླིང་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །

ཞེས་བྱ་བས་བསྟན་ཏེ། མ་དྲོས་པའི་མཚོ་ལས་ཤར་ནས་ནི་གང་གཱའོ། །ལྷོ་ནས་ནི་པ་ཀྵུའོ། །ནུབ་ནས་ནི་སིན་དྷུའོ། །བྱང་ནས་ནི་སི་ཏ་སྟེ། དེའི་མཐུས་མངོན་སུམ་དང་བརྒྱུད་པས་འདུས་པའི་ཕྱིར་ཆུ་ཀླུང་ཇི་སྙེད་ཅིག་ཅེས་བྱ་བ་གསུངས་ཏེ། འདི་ལྟར་ཆུ་ཀླུང་ཇི་སྙེད་ཀྱི་རྒྱུན་འཛམ་བུའི་གླིང་འདིར་འབབ་

སྟེ། མཚོའི་མཐའ་མ་ན་འཛམ་བུའི་ཤིང་གནས་པས་ཉེ་བར་མཚོན་པ་རྒྱ་མཚོ་ཆེན་པོའི་ཆུའི་ནང་ན་གནས་པའི་ངོས་ཀྱི་ཆ་སོག་ཀའི་ངོས་གསུམ་ལ་ནི་སྟོང་ཕྲག་གཉིས་གཉིས། གཅིག་ལ་དཔག་ཚད་ཕྱེད་དང་བཞི་བཅས་པ་ནི་ཆུ་ཞེང་གི་ཚད་དེ། དེ་ཐམས་ཅད་ནི་ཆོས་མངོན་པ་གཅིག་ལས་བསྟན་

ཏོ། །མངོན་པ་གཞན་དང་གཞན་ལས་ནི་གཞན་ཏེ་ཚད་མི་མཐུན་པར་བསྟན་ཏོ། །འཛམ་བུའི་གླིང་ལ་སོགས་པའི་སྣོད་གཞག་པ་ཐེག་པ་ཆེན་པོའི་མདོ་ལས་རྣམ་པར་གཞག་པའི་ཚད་ཤིན་ཏུ་མི་འདྲ་སྟེ། འདིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཇི་ལྟར་གཞན་དང་གཞན་མི་འགལ་ཞེ་ན།

སྨྲས་པ་གང་གི་ཕྱིར་ཕྱིའི་དངོས་པོ་ཡོངས་སུ་མ་གྲུབ་པས་ཀུན་རྫོབ་ཀྱི་སོ་སོར་སྣང་བ་ལ་གླིང་རྣམ་པར་བཞག་སྟེ། ཇི་ལྟ་ཇི་ལྟར་སོ་སོར་སྣང་བ་དེ་ལྟ་དེ་ལྟར་རྣམ་པར་བཞག་སྟེ་འགལ་བ་མེད་དོ། །ཆུ་ཀླུང་གི་བྱ་བ་ཇི་ལྟ་བུ་ཅན་ཡིན་པ་ནི་མེ་ཏོག་འབྲས་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། མེ་ཏོག་དང་འབྲས་བུ་དང་ལྡན་པ་དག་ནི་ཨ་མྲ་ལ་སོགས་པའི་ཤིང་ངོ་། །འབྲས་བུ་སྨིན་ནས་སྐམ་པའི་ཕྱིར་སྨན་ནི་ཤིང་ལ་སོགས་པའོ། །འབྲས་བུ་འབའ་ཞིག་འབྱུང་བའི་ཕྱིར་ནགས་མ་སྟེ། ཨུ་དུམ་བཱ་ར་ལ་སོགས་པའོ། །དེ་དག་སྐྱེད་བྱེད་ནི་གསོ་བར་བྱེད་པ་དང་། འཕེལ་

བར་བྱེད་པ་ཞེས་བྱ་བའི་བར་དུའོ། །གང་གི་མཐུས་འབབ་ཅེ་ན། ཀླུ་དབང་ལ་སོགས་པ་གསུངས་ཏེ། ཀླུ་ནི་སྦྲུལ་གྱི་ཚོགས་སོ། །དབང་པོ་ནི་བདག་པོ་སྟེ། ཀླུའི་རྗེ་བོ་དེ་ཉིད་ནོར་རྒྱས་ལ་སོགས་པ་དེ་རྣམས་ནི་བདག་པོའི་གཙོ་བོ་སྟེ། གཞན་ནི་མ་ཡིན་ནོ། །རྟེན་ནི་ཡན་

Vol. 86 · folio 8b

ལག་བརྒྱད་དང་ལྡན་པར་འབྱུང་བས་ཚ་བ་འཇོམས་པས་ན་མ་དྲོས་པ་སྟེ། བདག་ཉིད་ཀྱི་ཁྱིམ་ཡིན་ནོ། །དེའི་མཐུ་ནི་ནུས་པའོ། །དཔལ་དང་ལྡན་ཏེ། ཀླུང་རྣམས་ཀྱི་ནང་ན་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་ཏེ། བྱེ་ཚན་གྱི་འཇིགས་པ་ལ་སོགས་པ་ལས་འདས་ཏེ་རང་དབང་ཐོབ་པས་ན་བདག་པོ་

སྟེ། མ་དྲོས་པ་ཞེས་བྱ་བའི་དོན་ཏོ། །དཔེ་བསྟན་ནས་དོན་ནི་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་རྒྱལ་བའི་ཉན་ཐོས་པ་དག་མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པའི་མཚན་ཉིད་ཇི་སྙེད་ཀྱི་ཆོས་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ལུང་གི་ཚད་

མ་དང་ལྡན་པ་ཉིད་ནི་རིག་པ་དག་དང་ལྡན་པ་སྟེ་ཐོས་པ་དང་། བསམ་པ་དང་བསྒོམ་པའི་ཤེས་རབ་བསྐྱེད་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་པ་དང་། འཆད་པར་བྱེད་པ་དང་། རྗོད་པར་བྱེད་པ་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེ་ན། མཆོག་འཕགས་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་མཆོག་ཉིད་དོ། །བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པ་སྤངས་པས་མཆོག་སྟེ་སངས་རྒྱས་བཅོམ་ལྡན་འདས་སོ། །བདེ་བ་བྱེད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཐེག་པ་ཆེན་པོར་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་

འདས་པ་དང་འབྲེལ་པར་མི་རིགས་ཏེ་བཀག་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་དེ་ཉིད་དེའི་མདོ་སྡེ་ལ་སོགས་པའི་ཆོས་བསྟན་པས་གཞན་དང་གཞན་བརྒྱུད་པས་གཙོ་བོ་ཡིན་པའི་ཕྱིར་འབྲས་བུ་སྟེ། ཐོས་པ་ལ་སོགས་པའི་ཤེས་རབ་བསྐྱེད་ནས་ཐོས་པས་ན་དེའི་རྒྱུ་

མཚན་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཉན་ཐོས་ཀྱི་རང་དབང་གིས་ཀྱང་དོན་སྟེ་སྟོན་པ་ཡིན་ནོ་ཞེ་ན། དེ་དག་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཀྱང་ནི་ཉན་ཐོས་ཀྱི་ཆོས་བསྟན་པ་ལ་སོགས་པའོ། །ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ཐུགས་སུ་ཆུད་པས་སམ། ཇི་ལྟ་བ་ཉིད་

སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པ་སྟེ་དེའི་བྱིན་གྱིས་བརླབས་ནི་འཇུག་པའི་རྒྱུ་ཉིད་ཡིན་ཏེ། སྐྱེས་བུའི་བྱེད་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཉན་ཐོས་ཀྱིས་ཀྱང་རང་གི་རྟོགས་པས་ཆོས་ཉིད་མངོན་དུ་བྱས་པ་མ་ཡིན་ནམ། དེ་ལྟ་བས་ན་རང་གི་ནུས་པ་ཉིད་ཀྱིས་རང་གིས་

Vol. 86 · folio 9a

ཀྱང་རང་གི་ཐེག་པ་ཅིའི་ཕྱིར་སྟོན་པ་ལ་སོགས་པ་མི་བྱེད་དེ། དེ་ཐམས་ཅད་དེ་བཞིན་གཤེགས་པའི་མཐུ་ཡིན་པར་བརྗོད་ཅེ་ན། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་ཞེས་བྱ་བ་ནི་ནང་གི་རྒྱུས་ནུས་པ་ཡིན་པར་རྟོགས་ཞེས་བྱ་བའི་དོན་ཏོ། །

ལན་དུ་རྒྱལ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སྡིག་པའི་ཆོས་ལས་རྒྱལ་བ་ནི་རྒྱལ་བ་སྟེ་བཅོམ་ལྡན་འདས་སོ། །ཆོས་ནི་གང་ཟག་ལ་བདག་མེད་པའི་བདག་ཉིད་དོ། །ཚུལ་ནི་ཉན་ཐོས་ཀྱི་ལུང་གི་ཆོས་ཉིད་དེ། གང་བསྟན་པ་ནི་གསལ་བར་བྱས་པའོ། །ཡང་དག་

པའི་ལམ་དུ་ཞུགས་པ་ཉིད་ཀྱིས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་མིར་གྱུར་པ་ནི་མི་མཆོག་གོ། །དང་པོ་ཉིད་ལ་དབང་བར་གྱུར་པ་ཞེས་བྱ་བའི་རིགས་པས་རང་གི་སྟོན་པ་ཡིན་པར་ཁས་བླངས་པའི་ཕྱིར་སློབ་མར་གྱུར་པས་སློབ་མ་སྟེ་འཕགས་པ་རབ་འབྱོར་ལ་སོགས་པའོ། །དེ་ལ་མངོན་

དུ་ཕྱོགས་པས་ཐོས་པའི་ཤེས་རབ་བསྐྱེད་པ་ནི་བསླབས་ཤིང་ངོ་། །ཡང་ན་མི་མཆོག་ནི་དེ་བཞིན་གཤེགས་པ་སྟེ། དེའི་སློབ་མ་ཡིན་པས་ན་སློབ་མར་གྱུར་པའོ། །དེས་རང་གི་རྟོགས་པའི་ཆོས་ཉིད་མངོན་སུམ་དུ་བྱས་ཤིང་ཕྱིས་བསླབས་པས་ཇི་བཞིན་དུ་ལུང་གི་ཆོས་ཀྱི་རང་བཞིན་རྟོགས་

པ་དང་མི་འགལ་བར་སངས་རྒྱས་ཀྱི་མཐུས་སྟོན་པར་བྱེད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ཉིད་ཀྱི་མཐུ་ཡིན་གྱི་རང་གི་མཐུས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་འདི་སྐད་དུ་བསྟན་པ་ཡིན་ཏེ། རྟག་ཏུ་མཉམ་པར་གཞག་པའི་ཐབས་ལ་མཁས་པ་དང་བྲལ་བས་དོན་རྟོགས་པའི་ཡུལ་

གྱིས་ཆོས་ཀྱང་རང་གི་རྟོགས་པ་དང་མི་འགལ་བར་སྟོན་པར་མི་ནུས་ན། ཕུལ་དུ་བྱུང་བ་ཉིད་ཀྱིས་རྟོགས་པའི་དོན་གྱི་ཡུལ་བདེ་བར་གཤེགས་པའི་སྲས་ཀྱི་ལམ་དུ་གྱུར་པ་ལྟ་ཅི་སྨོས། དེ་བས་ན་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་ཀྱི་མཐུས་མངོན་པར་རྟོགས་པ་བརྒྱད་སྟོང་པ་ལ་དབང་

བར་བསྟན་པ་ཡིན་ནོ། །དེ་སྐད་དུ། རང་གི་རྟོགས་པའི་རྗེས་འབྲངས་ནས། །ཅི་ཞིག་ཙམ་ནི་དཔག་པར་ནུས། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་བཤད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པའི་རིགས་པས་ཉན་ཐོས་ཆེན་པོ་རྣམས་ཀྱིས་དཔྱད་ནས་ཀྱང་བསྟན་པར་མི་ནུས་སོ་ཞེས་བྱ་

Vol. 86 · folio 9b

བའོ། །ཞལ་ལ་བྱུང་བ་བརྗོད་ནས། ང་ནི་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐབས་ལ་ཇི་ལྟར་བབ་པའི་བསླབ་པར་བྱ་བའི་གདམས་ངག་བསྟན་པར་བཞེད་ནས་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་པའི་སྟོབས་ཀྱིས་གང་ལས་སྤྱི་དངོས་པོ་མ་ལུས་པ་སྒྱུ་མ་ལྟ་བུར་སྟོང་པ་

ཉིད་དུ་གནས་པས་ཆོས་དང་གང་ཟག་གི་གཉེན་པོའི་རང་བཞིན་གྱིས་ཤེས་རབ་ཡང་དག་པར་བདག་མེད་པར་ཤེས་པའི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ །རྣམ་པ་ཐམས་ཅད་དུ་གདམས་པའི་ངོ་བོ་ཡོངས་སུ་གཅོད་པ་མི་སྲིད་པས་

དེ་ལྟར་ན་མི་དམིགས་པ་དང་སྙིང་རྗེའི་གཞན་གྱི་དབང་གིས་ཕྱིན་ཅི་མ་ལོག་པའི་ལམ་སྟོན་ཅིང་འདོམས་པར་བྱེད་པ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་འདོགས་པ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔས་བསྐྱེད་པ་སྟེ། བསྐྱེད་པ་དེ་མི་དམིགས་སོ་ཞེས་བྱ་བར་སྦྱར་རོ། །ཀྱང་

གི་སྒྲ་ནི་རིམ་པ་གཞན་དུ་སྦྱར་ཏེ། སྡུད་པའི་དོན་ཡིན་པའི་ཕྱིར་རོ། །གང་དེ་ལྟ་ཡིན་ན་གདམས་ངག་མེད་པས་ཇི་ལྟར་གདམས་ཤེ་ན། དེ་སྐད་ཐོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པ་པོ་དང་ལས་དང་། བྱ་བ་མི་དམིགས་པར་བསྟན་མ་ཐག་ཏུ་ཐོས་པ་ན། བྱང་ཆུབ་

སེམས་དཔས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་དོན་དམ་ཁ་ཆེན་གྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་བྱ་བར་རྟོགས་པར་བྱས་ནས་ཀུན་རྫོབ་ཀྱི་བདེན་པ་མེད་པ་མ་ཡིན་པས་མི་འཇིགས་པར་བསྒྲུབས་ནས་རྨོངས་པ་མེད་པར་བྱའོ། །དོན་

དམ་པའི་བདེན་པ་ལ་ཡང་ཚད་མས་གྲུབ་པའི་ཕྱིར་མི་སྐྲག་སྟེ། སྐྲག་པའི་གནས་མེད་པས་སྐྲག་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་བདེན་པ་གཉིས་རྟོགས་པས་འཇིགས་པ་མེད་པའི་ཕྱིར་རོ། །འདིས་ནི་སྟོང་

པ་ཉིད་ཀྱི་སྙིང་པོ་ཅན་གྱི་སེམས་བསྐྱེད་པ་ལ་སོགས་པས་ཡང་དག་པར་ཐོབ་པ་ཡོངས་སུ་བསྲུང་བའི་ཕྱིར་དང་། མངོན་པར་འཕེལ་བར་བྱ་བའི་ཕྱིར་སྐྱེད་པར་བྱེད་པ་ནི་ཁྱད་པར་དུ་འཕགས་པའི་གང་ཟག་གི་བསླབ་པ་ནི་གདམས་ངག་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གདམས་ངག་

Vol. 86 · folio 10a

ཐོས་པའི་ལས་དང་པོ་པས་དད་པ་ལ་སོགས་པའི་ཆོས་གོམས་པར་བྱས་ནས་ཚོགས་ཀྱི་ལམ་ཐོབ་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དམིགས་པ་དང་། རྣམ་པ་དང་། རྒྱུ་དང་། ཡོངས་སུ་བཟུང་བས་ཁྱད་པར་དུ་འཕགས་པ་དང་། རྣམ་པར་རྟོག་པ་བཞི་དང་

ལྡན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་གིས་ཁྱད་པར་དུ་འཕགས་པ་བརྗོད་པར་བྱའོ། །དེ་དག་ལས་དང་པོར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་སྔ་རྟགས་ཡིན་པའི་ཕྱིར་དྲོ་བ་རྟོགས་པས་ན་དྲོ་བར་གྱུར་པ་སྟེ། དེའི་དམིགས་པ་བསྟན་པའི་ཕྱིར། གཟུགས་མེད་ཅེས་

བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་སུ་རུང་བ་ནི་གཟུགས་ཀྱི་མཚན་ཉིད་དོ། །ཉམས་སུ་མྱོང་བ་ནི་ཚོར་བའི་མཚན་ཉིད་དོ། །མཚན་མར་འཛིན་པའི་བདག་ཉིད་ཡིན་པས་ན་འདུ་ཤེས་སོ། །སེམས་མངོན་པར་འདུ་བྱེད་པའི་རང་བཞིན་ནི་སེམས་པ་སྟེ། གཙོ་བོ་ཡིན་པས་ཉེ་བར་

མཚོན་པ་ཡིན་པའི་ཕྱིར་ཏེ། འདུ་བྱེད་གཞན་དག་ཀྱང་གཟུང་བར་བྱའོ། །རྣམ་པར་ཤེས་པ་ནི་རྟོགས་པའི་མཚན་ཉིད་དེ། དེ་རྣམས་དམིགས་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལྟ་བས་ན་ཀུན་རྫོབ་ཉམས་སུ་མྱོང་བའི་དོན་བཀག་ན་མངོན་སུམ་

ལ་སོགས་པ་གནོད་པར་འགྱུར་བས་ན་སྣང་བ་ལས་གཞན་ནི་རིགས་པས་མ་གྲུབ་པའི་ཕྱིར་མི་རྟག་པ་ལ་སོགས་པའི་ཁྱད་པར་གྱི་རང་བཞིན་ལ་སོགས་པ་དམིགས་པ་ཡིན་པར་ལྡོག་པས་བསྟན་པར་འགྱུར་རོ། །རྣམ་པ་གང་ཞིག་ཡིན་ཞེ་ན། གནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

གནས་པའི་མངོན་པར་ཞེན་པ་ཏེ། རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་སྐྱེ་བ་མེད་པའི་མངོན་པར་ཞེན་པ་མེད་པ་ནི་རྣམ་པ་ཡིན་པར་བསྟན་པར་འགྱུར་རོ། །ཅིའི་ཕྱིར་དེའི་རྒྱུ་ཡིན་ཞེ་ན། དེ་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་

དམིགས་པ་དང་རྣམ་པར་གྱུར་པ་གཟུགས་ལ་སོགས་པའི་ཆོས་ཀུན་གྱི་མཚན་ཉིད་དམིགས་པ་དང་བྲལ་བས་མི་གནས་ཏེ། མངོན་པར་ཞེན་པ་མེད་པའི་སྟོབས་ཀྱིས་གནས་པ་མེད་པར་དོན་ལ་སྤྱོད་དེ། ངེས་པར་གནས་པ་མེད་པར་སྤྱོད་པ་ནི་ངོ་བོའོ། །ཆུང་ངུ་དང་འབྲིང་དང་ཆེན་

Vol. 86 · folio 10b

པོའི་དབྱེ་བ་རྟོགས་པ་ནི་བྱང་ཆུབ་ཐམས་ཅད་ཀྱི་རྒྱུ་ཉིད་དེ། བྱང་ཆུབ་ཅིག་སྟོན་པར་མི་བྱེད་པའི་ཕྱིར་ཡོངས་སུ་གཟུང་བ་མེད་དོ། །ཐོབ་པ་ནི་རྒྱུ་ཐོབ་ན་འབྲས་བུ་ཐོབ་པར་འགྱུར་བར་དགོངས་པ་ཡིན་ནོ། །བདེ་གཤེགས་ནི་ཉོན་མོངས་པའི་སྟོབས་ཀྱིས་འཁོར་བར་སླར་མི་ལྡོག་པའོ། །ཉན་

ཐོས་དང་། རང་རྒྱལ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམས་ལས་སྐལ་བ་ཇི་ལྟ་བ་བཞིན་དུ་རུང་བ་ཞིག་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྒྱུ་ཉིད་དུ་བསྟན་པར་གྱུར་པ་ཡིན་ནོ། །ད་ནི་དྲོ་བའི་རྗེས་ཐོགས་ལ་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོར་གྱུར་པ་

སྟེ། དེའི་དམིགས་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟོ་སྦྱངས་ཞེས་བྱ་བ་ནི་མུ་སྟེགས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་ཕྱིར་ཀུན་ཏུ་རྒྱུ་སྟེ། དེས་རང་གི་བསྟན་པའི་རྒྱུ་མཚན་གྱིས་གྲོལ་བར་མི་རིགས་པར་ངེས་པར་ཤེས་པས་ཕྱིས་བསྟན་པ་འདི་ལ་

ཞུགས་ནས་རྟོགས་པའི་རང་བཞིན་ཤེས་པ་ཙམ་དམིགས་པ་རྣལ་འབྱོར་སྤྱོད་པ་ལས་ཡོངས་སུ་བརྟགས་པ་དང་། ཕྱི་རོལ་དུ་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་མདོ་སྡེ་པས་རྣམ་པར་གཞག་པ་ལས་གཅིག་དང་དུ་མ་དང་བྲལ་བ་ལས་རྣམ་པར་བཤིག་ནས་དམིགས་པ་མེད་པར་

བརྟགས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་ཕྱོགས་གཅིག་ཏུ་ལྟུང་བས་སྐྲག་པའི་ཕྱིར་སོ་སོར་རྟོགས་པར་འབྱུང་བ་ལྟར་རོ། །འང་གི་སྒྲ་ནི་ངེས་པར་བཟུང་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཕྱིའི་བདག་ལ་སོགས་པའི་ཆོས་ཀུན་ཡོངས་སུ་ཤེས་པ་ཁོ་ན་ཉིད་ཀྱི་

རྣམ་པས་མྱ་ངན་འདས་ལ་མི་རེག་སྟེ། ཀུན་རྫོབ་ཀྱི་ཐབས་ལ་མཁས་པའི་སྟོབས་དང་ལྡན་པའི་ཕྱིར་རོ། །མི་རེག་པ་ནི་མི་དམིགས་པའོ། །དོན་དམ་པའི་སྟོབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གནས་ཏེ་ཆོས་ཀྱི་དམིགས་པའོ། །འདིས་ནི་མཚན་མ་མེད་པས་ཁྱད་དུ་འཕགས་

པའི་ཕྱིར་གཟུགས་ལ་སོགས་པ་མི་དམིགས་པས་འདི་འབྲས་བུ་དང་བཅས་པ་ཡིན་ནོ། །རྣམ་པ་གང་ཞེ་ན། ཤེས་རབ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཞེས་བྱ་བ་འདི་དག་གི་ནང་ནས་གང་ཡིན། འོན་ཏེ་རྫས་སམ། ཡོན་ཏན་ནམ། ལས་སམ། སྤྱིའམ།

Vol. 86 · folio 11a

ཁྱད་པར་རམ། འདུ་བའམ། སུའི་ཡིན། ཅི་བདག་གམ་གཟུགས་ལ་སོགས་པ་དང་འབྲེལ་པ་ཡིན་ནམ། གང་ལ་སྟེ། ཅི་བདག་ལའམ། ཆོས་ལའམ། གང་ལས་སམ། ཆོས་ལས་ཡིན་ཏེ། འོན་ཀྱང་འདི་དག་ནི་སྙིང་པོ་ཆོས་ཐམས་ཅད་

དེ་ཁོ་ན་ཉིད་དུ་མ་སྐྱེས་པའི་ཕྱིར་རོ། །ཅིའི་སྒྲ་ཐམས་ཅད་དང་སྦྱར་བར་བྱ་སྟེ། འདི་ནི་གང་གི་ཕྱིར་ཡང་མ་ཡིན། སུའི་ཡང་མ་ཡིན་ནོ། །ཞེས་ཆོས་ཐམས་ཅད་མི་དམིགས་པར་ཤེས་རབ་ཀྱིས་ཡོངས་སུ་རྟོག་གོ། །ཉེ་བར་རྟོག་པ་དེ་དག་ཉེ་བར་རྟོག་པ་སྟེ་རྣམ་པར་དཔྱོད་པའོ། །ཡང་རྣམ་

པ་སྣ་ཚོགས་པ་འདི་དག་ལ་རྗེས་སུ་དམིགས་ནས་བྱང་ཆུབ་སེམས་དཔའ་འཇུག་པར་བྱེད་པ་དེ་རྣམ་པ་ཡིན་པར་བསྟན་པར་འགྱུར་རོ། །ཅིའི་ཕྱིར་རྒྱུ་ཡིན་ཞེ་ན། ཉེ་བར་བརྟགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དམིགས་པ་དང་རྣམ་པ་བསྟན་པའི་རྗེས་སུ་རྣམ་པ་སྣ་

ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡོངས་སུ་བརྟགས་ནས་ཞུམ་པ་མེད་དོ། །རིག་པ་དང་ལྡན་པའི་ཕྱིར་སྐྲག་པ་མེད་དོ། །དེ་ཡང་དེ་ཁོ་ན་ཉིད་ལ་ཕྱིན་ཅི་མ་ལོག་པར་ཞུགས་པ་ནི་རྩེ་མོ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བ་རྟོགས་པས་ཉན་ཐོས་ལ་སོགས་པ་བྱང་ཆུབ་གང་

ཡང་རུང་བ་ཐོབ་པ་ནི་བྱང་ཆུབ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཉེ་བར་གྱུར་པ་ཡིན་ཏེ། རྒྱུར་གྱུར་པ་ཡིན་པར་བསྟན་ཏོ། །རྩེ་མོའི་རྗེས་ལ་ད་ནི་བཟོད་པ་སྟེ། ཉམས་པ་མེད་པར་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་བཟོད་པར་གྱུར་པའི་དམིགས་པ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་

ལ་སོགས་པ་གསུངས་ཏེ། གལ་ཏེ་མི་ཤེས་པར་སྤྱོད་པ་ནི་བདག་མེད་པར་རྟོགས་པ་ལ་སྤྱོད་པ་མེད་པར་རོ། །ཡོངས་སུ་རྟོག་པ་ནི་ཀུན་ཏུ་རྟོག་པའོ། །མཚན་མ་ལ་སྤྱོད་པ་ནི་བཟློག་པ་ལ་སྤྱོད་པའོ། །འདི་སྐད་དུ་ཆོས་ཉིད་རབ་ཏུ་མི་ཤེས་པར་གཟུགས་ཀྱི་སྤྱིའི་མཚན་ཉིད་ལ་

མངོན་པར་ཞེན་ནས་རྣམ་པར་ཤེས་པའི་བར་ལ་སྤྱོད་པ་དེ་ནི་སྨིག་རྒྱུ་ལ་སོགས་པའི་ཤེས་པ་བཞིན་དུ་ཚད་མས་གནོད་པའི་ཕྱིར་རོ། །དམིགས་པ་ནི་མཚན་མ་ལ་སྤྱོད་པའོ་ཞེས་བྱ་བར་འབྲེལ་ཏོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་འདི་སྟོང་ཞེས་བྱ་བར་ཡོངས་

Vol. 86 · folio 11b

སུ་རྟོག་ཅིང་མངོན་པར་ཞེན་ནས་གལ་ཏེ་ཆོས་ཀྱི་རང་བཞིན་ཡིན་པར་རྟོགས་ནའང་སྤྱོད་པ་མ་ཡིན་ཏེ། སྟོང་པ་ཉིད་དུ་མངོན་པར་ཞེན་པ་དེ་ལ་ཚད་མས་གནོད་པའི་ཕྱིར་མཚན་མ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ལ་མངོན་པར་ཞེན་ནས་བཟློག་པར་

བྱའོ། །བྱང་ཆུབ་སེམས་དཔའ་གང་ཞིག་སྐྱེ་བ་མེད་པའི་གནས་ཉིད་ཡིན་ཏེ། མཐོང་བའི་ལམ་ལ་སོགས་པ་ལ་བརྟེན་པའི་ཕྱིར་གནས་ལ་ཆགས་ཤིང་མངོན་པར་ཞེན་པ་མེད་པ་ནི་སྤྱོད་པ་ཡིན་ནོ། །བཟློག་པ་ནི་མ་དད་པའོ། །དེ་བས་ན་གཅིག་ཏུ་རང་བཞིན་སྤངས་པ་ལས་རང་མེད་

པའི་ཁྱད་པར་དུ་འཕགས་པའི་གཟུགས་ལ་དམིགས་པ་ནི་སྤྱོད་པ་ཡིན་ཏེ་དམིགས་པ་ཡིན་པར་སྟོན་ཏོ། །རྣམ་པ་གང་ཞིག་ཡིན་ཞེ་ན། གང་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་གིས་སྐྱེ་བ་མེད་པས་གནས་པ་མེད་པར་སྤྱོད་པ་ཡིན་ཏེ། གཟུགས་ནས་རྣམ་པར་

ཤེས་པའི་བར་དུ་གཟུང་བར་མངོན་པར་ཞེན་པར་མི་སྤྱོད་ཅིང་གནས་པ་མེད་པར་སྤྱོད་པའོ། །གཟུང་བ་མེད་པས་འཛིན་པ་མི་དམིགས་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཡང་སྤྱོད་པ་མ་ཡིན་ནོ་ཞེས་བརྟག་པར་མི་བྱ་སྟེ། ཤེས་རབ་ཀྱིས་གཟུགས་ལ་སོགས་པའི་རང་བཞིན་མེད་པའི་

རྣམ་པར་དམིགས་པས་མཚན་མའི་རྣམ་པ་ཐམས་ཅད་ཀྱིས་རབ་ཏུ་མི་གཡོ་བའི་ཕྱིར་ཤེས་རབ་བསྟན་པ་ཞེས་བྱའོ། །དེས་ནི་རྣམ་པར་གྱུར་པ་བསྟན་ཏོ། །ཅིའི་ཕྱིར་དེ་ལ་རྒྱུ་ཞེས་བྱ་ཞེ་ན། སྐྱེ་མེད་བློ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་དམིགས་པ་དང་རྣམ་པ་

དག་སྐྱེ་བ་མེད་པར་རྟོགས་པ་ནི་བློ་སྟེ། དེས་བཟོད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བ་རྟོགས་པ་དང་ལྡན་ནོ། །སེམས་རྩེ་གཅིག་ཏུ་བསྡུས་པའི་རང་བཞིན་ཡིན་པའི་ཕྱིར་ཏིང་ངེ་འཛིན་ཏོ། །བྱང་ཆུབ་ཐམས་ཅད་དང་རྗེས་སུ་མཐུན་ཞིང་གཟུང་བའི་དབྱེ་བ་སྤངས་པའི་ཕྱིར་

ཞི་བའོ། །ཉན་ཐོས་ལ་སོགས་པའི་བྱང་ཆུབ་སྐལ་བ་ཇི་ལྟ་བ་བཞིན་ཐོབ་པས་ན་རེག་པའོ། །ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་མཆོག་གོ། །འདིས་ནི་རྒྱུར་གྱུར་པ་བསྟན་ཏོ། །སྐྱེ་མེད་བློ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ད་ནི་བཟོད་པའི་རྗེས་

Vol. 86 · folio 12a

ཐོགས་ལ་ཆོས་ཀྱི་མཆོག་སྟེ། འཇིག་རྟེན་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དེའི་དམིགས་པ་བསྟན་པའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་བདག་ཏུ་གཞག་པ་ཉིད་ཀྱི་རྒྱུད་ལ་བསྒོམས་པའི་སྟོབས་ཀྱི་སེམས་རབ་

ཏུ་ཞི་བའོ། །གནས་པ་ནི་རྣམ་པ་དུ་མའི་ཡོན་ཏན་སྐྱེད་པར་བྱེད་པའི་ཆོས་ཀྱི་མཆོག་གི་ཏིང་ངེ་འཛིན་གྱིས་གནས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ལུང་སྟོན་པར་མཛད་དེ། སྔོན་གྱི་དེ་བཞིན་གཤེགས་པས་རིགས་ངེས་པའི་ཕྱིར་ཕྱིར་མི་ལྡོག་པར་རོ། །དེ་ལྟ་བུ་ཉིད་

བདག་གིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅེ་ན། དེ་ལས་ལངས་ཞེས་རློམ་སེམས་མེད་དོ། །ལས་མཐའ་ནི་ཡུལ་གྱི་དངོས་པོ་ལས་སོ། །དེ་ལ་འཛིན་པའི་ཆར་ངེས་པ་ནི་མཐའ་འོ། །ལས་བྱེད་པ་པོ་གནས་པ་ནི་བྱ་བ་སྟེ། ཆོས་དེ་རྣམས་ཀྱི་རང་བཞིན་ཏེ། དེ་བཞིན་

ཉིད་རང་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནས་རྟོགས་པ་ཞེས་བྱ་བའི་བར་དུའོ། །འདི་སྐད་དུ་ཆོས་འདི་ཉིད་ནི་གཉེན་པོ་ཡིན་པའི་ཕྱིར་སྤྱོད་པ་དང་མི་སྤྱོད་པས་སྟོང་པས་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་ནས་རྟོགས་པ་ན་གང་ལ་སྤྱད་པར་བྱ་བའི་ཆོས་གང་ཡང་མི་

དམིགས་པ་རྟོགས་པས་ཞེན་པ་མེད་པར་རྟོགས་པར་འགྱུར་རོ། །དེ་ལྟར་སྤྱོད་པ་ནི་བདེ་བར་གཤེགས་པ་དང་འབྲེལ་པ་ཉིད་ཀྱི་ཤེས་རབ་ཆོས་ཀྱི་མཆོག་གི་རང་བཞིན་ལ་དེ་སྤྱོད་པ་ཡིན་ནོ་ཞེས་རིམ་པ་གཞན་དུ་སྦྱར་རོ། །དེས་རྣམ་པར་མི་རྟོག་པ་ལ་སོགས་པའི་རྣམ་པར་གྱུར་པ་

བསྟན་ཏོ། །ཅིའི་ཕྱིར་འདི་རྒྱུ་ཡིན་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་དམིགས་པ་དང་རྣམ་པ་གཉིས་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་ཕྱེ་བས་ཆོས་ཀྱི་མཆོག་གི་རང་བཞིན་གྱི་ཤེས་རབ་ནི་ཤེས་པའོ། །དེ་ནས་ཉན་ཐོས་

ལ་སོགས་པའི་བྱང་ཆུབ་གང་ཡང་རུང་བའི་རང་གི་ཐེག་པ་ལ་ལྟོས་ནས་ཁྱད་པར་དུ་འགྲོ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ། །བྱང་ཆུབ་ཐམས་ཅད་ཐོབ་པའི་རྒྱུ་ཉིད་དུ་གནས་པའི་ཕྱིར་སྤྱོད་པ་ཡིན་པའམ། མོས་པས་སྤྱོད་པའི་སའི་རང་བཞིན་ཡིན་པའི་ཕྱིར་སྤྱོད་པ་ཡིན་ནོ་དེས་

Vol. 86 · folio 12b

རྒྱུ་ཉིད་དུ་གྱུར་པ་བསྟན་ཏོ། །དོན་དེ་དག་འདིར་བསྡུས་ནས་རིགས་པའི་སྟོབས་ཀྱིས་ཇི་ལྟར་བསྟན་པ་ནི་དམིགས་པ་དང་། རྣམ་པ་དང་། དྲོ་བ་ཆུང་ངུ་ལ་སོགས་པའི་རྣམ་པའི་སྐྱེད་པ་བསྟན་པ་ཡིན་པར་གཟུང་བར་བྱའོ། །གང་ཡང་སྟོང་ཕྲག་བརྒྱ་པ་ལས་ཆུང་ངུ་ལ་སོགས་པའི་ཁྱད་པར་གྱི་

དམིགས་པ་དང་རྣམ་པ་བྱེ་བྲག་ཏུ་བསྟན་ཏེ། འཁོར་དེར་འདུས་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ལོག་པར་རྟོགས་པ་བསལ་བའི་ཕྱིར་བསྟན་ཏོ། །འདིར་ཡང་དེ་དག་སྦྱར་བར་མི་ནུས་ཏེ། ཚིགས་སུ་བཅད་པ་དང་དེ་དག་ཉིད་འབྲེལ་བ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་གང་གི་ཚེ་ཇི་སྐད་

བསྟན་པའི་དམིགས་པ་དང་། རྣམ་པ་བསྒོམས་པ་ན་ཐ་དད་པའི་དོན་ལ་མངོན་པར་ཞེན་པ་མེད་པར་ཅུང་ཟད་གསལ་བའི་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་སེམས་ཙམ་ཉིད་དུ་ཡང་མཐོང་བ་དེའི་ཚེ་དྲོ་བའི་གནས་སྐབས་ཡིན་ཏེ། ཐེག་པ་ཆེན་པོ་ལས་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཅེས་

བསྟན་ཏོ། །གང་གི་ཚེ་ཡང་བསྒོམས་པའི་སྟོབས་ཀྱིས་ཆུང་ངུ་ལ་སོགས་པའི་གསལ་བར་སྣང་བའི་འབྲིང་གི་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་གྱུར་པ་དེའི་ཚེ་རྩེ་མོའི་གནས་སྐབས་ན་སྣང་བ་མཆེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་ནོ། །གང་གི་ཚེ་ཡང་སེམས་ཙམ་ཉིད་ལ་གནས་ནས་

གསལ་བར་སྣང་བ་འབྲིང་དང་ཆུང་ངུའི་ཡེ་ཤེས་ཀྱི་སྣང་བ་རྒྱས་པ་དེའི་ཚེ་བཟོད་པའི་གནས་སྐབས་འཛིན་པའི་ས་ལ་ཞུགས་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་ནོ། །གང་གི་ཚེ་ཡང་དོན་ལ་འཛིན་པ་སྤངས་ནས་མི་སྣང་བའི་ཆུང་ངུ་ལ་སོགས་

པའི་ཡེ་ཤེས་ཀྱི་སྣང་བ་སྐྱེས་པ་དེའི་ཚེ་ཆོས་ཀྱི་མཆོག་གི་གནས་སྐབས་དེ་མ་ཐག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཡིན་ནོ། །ཡང་ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་ཤིན་ཏུ་མོས་པ་བསྟན་པ་ནི་མོས་པས་སྤྱོད་པའི་ས་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ལས་བརྩམས་ཏེ་རྣམ་པར་རྟོག་པ་བྱང་ཆུབ་སེམས་དཔའི་

སྒྲིབ་པ་རྣམས་རྩེ་མོའི་མངོན་པར་རྟོགས་པའི་མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱི་བར་དུ་བསྒྲུབ་པའི་ཕྱིར་ངེས་པར་འབྱེད་པའི་ཆ་བཞིར་གོ་རིམས་ཇི་ལྟ་བ་བཞིན་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་དང་ལྡན་པར་རྟེན་ཅེས་བསྟན་ཏོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་གཉེན་

Vol. 86 · folio 13a

པོའི་དངོས་པོ་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་བསྟན་པའི་ཕྱིར་གང་ཞིག་ཡོད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣང་བ་ཇི་ལྟར་རྟོགས་པའི་དོན་འདི་དག་གཅིག་དང་དུ་མ་དང་བྲལ་བའི་རྗེས་སུ་དཔག་པའི་ཚད་མ་མེད་པས་ན་ཡོད་པ་ཐོབ་པ་

མ་ཡིན་ནོ། །དེ་ནི་དེ་དག་ཆོས་ཉིད་སྒྱུ་མ་ལྟ་བུ་ཡིན་པ་དེའི་ཕྱིར་མེད་ཅེས་བྱའོ། །རི་བོང་གི་རྭ་ལྟར་མེད་པ་ནི་མ་ཡིན་ཏེ། དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །ཅི་སྟེ་མངོན་སུམ་གྱི་སྣང་བའི་དངོས་པོ་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་མེད་དོ་ཞེས་སྒྲུབ་པར་མི་ནུས་སོ། །

དེ་ཡང་མངོན་སུམ་གྱི་སྒྱུ་མར་མི་འཛིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལ་བཟློག་ན་གནོད་པ་ཅན་གྱི་ཚད་མའི་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་ངེས་པའི་དངོས་པོ་དེ་ཉིད་སྣ་ཚོགས་པ་ཐམས་ཅད་མངོན་སུམ་ལ་སྣང་བ་ཙམ་དེ་ཉིད་སྒྱུ་མ་ལྟ་བུ་ཉིད་དུ་གཟུང་ངོ་ཞེས་བརྗོད་པར་བྱའོ། །གང་དེ་

ལྟ་བུའི་བཟློག་ན་གནོད་པ་ཅན་གྱི་ཚད་མ་མངོན་སུམ་མམ། རྗེས་སུ་དཔག་པ་གང་ཞིག་ཡིན། གལ་ཏེ་མངོན་སུམ་གྱིས་བཟུང་བ་ཙམ་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ན། དེ་ཡང་མཚུངས་པའི་ཕྱིར་བྲིས་པ་ཉིད་དང་འདྲ་བས་ཐུག་པ་མེད་པར་འགྱུར་རོ། །བ་ལང་རྫི་དང་བུད་མེད་ལ་སོགས་

པ་ལ་བུམ་པ་ལ་སོགས་པ་མངོན་སུམ་གྱིས་གྲུབ་པ་བཟློག་ན་གནོད་པ་ཅན་གྱི་ཚད་མའི་སྟོབས་ཀྱིས་མ་ཡིན་ནོ། །འོན་ཀྱང་ཤེས་པའི་ཐ་སྙད་འཇུག་པ་ཉིད་ལ་ལྟོས་པ་ཡིན་ནོ་ཞེ་ན། རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་འཛིན་པའི་ཕྱིར་དེ་ནི་མངོན་སུམ་གྱི་ཚད་མས་ལུས་ཅན་ཐམས་ཅད་གྲོལ་བར་

འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཐལ་བར་འགྱུར་བ་བཟློག་པར་དཀའ་འོ། །འདི་དག་དེ་ཁོ་ན་ཉིད་དུ་འདོད་པ་ཡིན་ཞེས་ཟེར་ན། དེ་ལྟ་ཡིན་ན་ཇི་ལྟར་དེ་ཁོ་ན་ཉིད་དུ་འདོད་ཅེས་བྱ་བ་ལ་སོགས་པའི་ཤེས་པ་དང་ཤེས་བྱའི་ཐ་སྙད་དུ་འགྱུར། དེ་ལྟར་བརྗོད་པ་ཀུན་རྫོབ་ཡིན་ནོ་ཞེས་ཟེར་

ན་དེ་ལྟར་བརྗེད་པར་བྱ་བ་ཅི་ཞིག་ཡིན། ཕྱིན་ཅི་ལོག་ཡིན་ནོ་ཞེས་ཟེར་ན་དེ་ཡང་ཁོ་ན་ཉིད་ཀྱི་རང་བཞིན་དུ་ནུབ་པ་ཡིན་ནམ། ཤེས་པའི་རང་བཞིན་དེ་ཉིད་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་བཟུང་བ་ཇི་ལྟར་ཕྱིན་ཅི་ལོག་ཡིན། དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་ཡང་ཕྱིན་ཅི་

Vol. 86 · folio 13b

ལོག་ཏུ་མངོན་པར་ཞེན་པས་འཇིག་རྟེན་པའི་ཤེས་པའི་སྟོབས་ཀྱིས་ཕྱིན་ཅི་ལོག་ཅེས་བརྗོད་དོ་ཞེས་ཟེར་ན། འདིར་འཇིག་རྟེན་པ་ཞེས་གང་ལ་བྱ། ཅི་འདྲ་བ་ཞིག་ཡང་དེའི་ཤེས་པ་ཡིན། གང་འདི་དག་ནི་མ་བརྟགས་ན་ཉམས་དགའ་བ་བསྙོན་པར་མི་ནུས་པ་ཀུན་རྫོབ་ཡིན་ནོ་ཞེས་

ཟེར་ན། དེ་ལྟར་ཡིན་ན་མི་འདོད་ཀྱང་གང་དེ་ཉིད་ཀྱི་ཆ་ལ་མངོན་སུམ་གྱི་ཐ་སྙད་དུ་འཇུག་པར་རུང་བ་དེ་ཁོ་ན་ཀུན་རྫོབ་འདི་ཚད་མ་ཡིན་པར་ཁས་བླང་བར་བྱའོ། །སྒྱུ་མ་ལྟ་བུ་ཉིད་མངོན་སུམ་གྱིས་གྲུབ་པ་མ་ཡིན་པར་ཤེས་པར་བྱའོ། །འོན་ཏེ་ཕྱིན་ཅི་ལོག་ལ་གནོད་པའི་རྗེས་སུ་དཔག་

པའི་སྟོབས་ཡིན་ལ། དངོས་པོའི་རང་བཞིན་ཙམ་ཉིད་མངོན་སུམ་གྱིས་གྲུབ་པ་སྒྱུ་མ་ལྟ་བུ་གཞག་མོད་ཀྱི། དེ་ལྟར་མངོན་སུམ་གྱིས་གྲུབ་པ་འཇིག་རྟེན་གྱི་ཤེས་པ་མ་ཡིན་པར་བསྒྲུབས་ཟིན་ཏོ། །དེ་ཁོ་ན་ཉིད་གྲུབ་པོ་ཞེས་ཟེར་ན། དེ་ལྟ་ཡིན་ན་ཤེས་པ་དང་ཤེས་བྱའི་ཐ་སྙད་མི་འཇུག་

གོ། །འོན་ཀྱང་ཀུན་རྫོབ་ཏུ་ཡིན་པར་མཇུག་ཐོགས་སུ་བསྟན་པར་བྱའོ། །དེ་བས་ན་ཇི་ལྟར་མངོན་པར་ཞེན་པ་དང་མཐུན་པར་རང་གི་ཚད་མ་ཇི་ལྟ་བས་ངེས་པ་དང་ལྡན་པ་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་སྒྱུ་མ་ལྟ་བུར་གཞག་པ་ནི་ངེས་པ་ཡིན་ནོ་ཞེས་བྱ་བར་

གནས་སོ། །དེ་ལྟ་བས་ན་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ལས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་སྣང་བ་འདི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། རིགས་པ་ཇི་ལྟ་བ་བཞིན་ནི་དོན་དམ་པའི་བདེན་པ་ཡིན་པར་བསྟན་ཏོ། །ཤིན་ཏུ་སྤྲོས་པས་ཆོག་གོ། །བྱིས་པ་ནི་འཕགས་

པའི་ལམ་མ་སྐྱེས་པའོ། །དེས་བརྟགས་པ་ནི་རིགས་པ་དང་ལྡན་པའོ། །འདི་དག་ཇི་ལྟར་སྣང་བའི་ཆོས་ནི་ཡོད་པའོ། །རིགས་པ་ཇི་ལྟ་བ་བཞིན་ནི་མེད་པའོ། །གཞན་ཡང་དོར་བར་བྱ་བ་ཉིད་ནི་ཀུན་ནས་ཉོན་མོངས་པའི་རྟེན་ཅན་བཟུང་བའི་རྣམ་པར་རྟོག་པ་དང་པོའི་ཡུལ་ཉིད་དུ་

མི་རིག་པ་ཀུན་ནས་ཉོན་མོངས་པ་དང་མཐུན་པར་བྱེད་པ་དེ་འཇོག་པ་ཡིན་པའི་ཕྱིར་ཏེ། སྦྱང་དུ་སོང་བ་འཇོག་པར་བྱེད་པ་བཞིན་ནོ། །དེ་བཞིན་དུ་བླང་བར་བྱ་བའི་གཉེན་པོའི་རྟེན་ཅན་བཟུང་བའི་རྣམ་པར་རྟོག་པ་གཉིས་པའི་ཡུལ་ཉིད་དུ་རིག་པ་རྣམ་པར་བྱང་བ་དང་མཐུན་

Vol. 86 · folio 14a

པར་འཇོག་གོ། །དེ་ལྟར་བཟུང་བའི་རྣམ་པར་རྟོག་པ་བསྒྲུབས་ནས། དེ་གཉིས་དེ་ཉིད་ནས་བརྩམས་ཏེ་མངོན་པར་ཞེན་པའི་ཡུལ་དང་ལྷན་ཅིག་ཏུ་སྒྱུ་མ་ལྟ་བུར་རྫུན་པར་བསྒོམ་པར་བྱ་བར་བསྟན་པ་ནི་ཡོད་དང་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

ཡོད་དང་མེད་པ་གཉིས་ཏེ། དེ་ཁོ་ན་ཉིད་དུ་མ་སྐྱེས་པ་ཉིད་ཀྱིས་གཟུགས་ལ་སོགས་པ་མེད་པའི་ཆོས་ཡིན་ཏེ། མངོན་པའི་ང་རྒྱལ་གྱི་སྟོབས་ཀྱིས་བྱིས་པས་ཡོད་པ་དང་མེད་པ་བརྟགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་གི་ཐོས་པ་ལ་སོགས་པའི་རིམ་གྱིས་རབ་ཏུ་ཤེས་པ་དེ་

ངེས་པར་འབྱུང་སྟེ། ཕྱིན་ཅི་ལོག་འཆིང་བ་ཡིན་པའི་ཕྱིར་ཡང་དག་པར་ཞུགས་པ་ཉིད་ཀྱིས་ངེས་པར་འབྱུང་ངོ་། །དེའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་དང་པོ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་

གང་གིས་ཀྱང་རྫས་སུ་ཡོད་པའི་རང་བཞིན་དུ་འཛིན་པའི་རྣམ་པར་རྟོག་པས་སྒྲོ་བཏགས་པའི་རིགས་པའི་སྟོབས་ཀྱི་ཕུང་པོ་སྒྱུ་མ་འཁྲུལ་པ་ཙམ་དང་འདྲ་བར་ཡང་འཇིག་རྟེན་པའི་ཤེས་པ་ལ་ལྟོས་ནས་དཔེ་ཡིན་པའི་ཕྱིར་རོ། །གང་འདི་ལ་ནི་ངེས་པར་འབྱེད་པའི་ཆའི་དུས་སུ་ཐོས་པའི་ཤེས་

རབ་ལ་སོགས་པ་བསྐྱེད་ནས་ཤེས་པའོ། །དེས་ནི་ཡང་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རང་བཞིན་ཡང་ཇི་ལྟ་བ་བཞིན་དུ་སྤངས་པའི་བསྒོམས་པས་སྤང་བར་བྱ་བ་དེ་ཉིད་བསྟན་པར་འགྱུར་བ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བསྟན་

པའི་ཕྱིར། སྒྱུ་མ་གཞན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་སྒྱུ་མ་རྫུན་པར་སྣང་བར་འདི་རང་བཞིན་གཞན་མ་ཡིན་ལ། ཕུང་པོ་ལ་བདག་གོ་ཞེས་བརྟགས་པ་ཉིད་ནི་སྐྱེས་བུ་བཏགས་པར་ཡོད་པའི་རང་བཞིན་དུ་འཛིན་པའི་རྣམ་པར་

རྟོག་པས་(སྒོ་‚སྒྲོ་)བཏགས་པ་ཡང་གཞན་དུ་མི་བྱེད་དོ། །འོན་ཀྱང་ཕུང་པོ་འདི་སྒྱུ་མ་ལྟ་བུར་སྔར་བསྟན་པ་བཞིན་དུ་ཤེས་པར་གྱུར་ནས་དེས་ན་ཡང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པའི་རང་བཞིན་ཡང་ཇི་ལྟ་བ་བཞིན་སྤང་བའི་ཕྱིར་བསྒོམ་པར་བྱ་བ་དེ་

Vol. 86 · folio 14b

བསྟན་པར་འགྱུར་བ་ཡིན་ནོ། །དེ་ལྟ་བུར་ཡོངས་སུ་ཤེས་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་གིས་བསྟན་མ་ཐག་པའི་ཆོས་དེ་ལྟ་བུ་ཤེས་པ་དེ་ལ་སྣ་ཚོགས་པའི་འདུ་ཤེས་ནི་སྐྱེས་བུ་རྫས་དང་

བཏགས་པར་ཡོད་པའི་འདུ་ཤེས་མོས་པ་ཡིད་ལ་བྱེད་པའི་སྟོབས་ཀྱིས་བྲལ་བ་སྟེ། སྤངས་པ་དེ་བས་ན་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་སྤྱོད་པ་དང་ལྡན་པས་ན་ཉེ་བར་ཞི་བའོ། །གང་ཞིག་མོས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འགྲོ་བ་མ་ལུས་པ་བདག་

མེད་པའི་རང་བཞིན་ཡིན་ཏེ། རིམ་གྱིས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་གནས་པར་བྱེད་པ་ཡིན་ཞེས་བྱ་བའི་བར་དུའོ། །རྣམ་པར་རྟོག་པ་བཞི་པོ་འདི་རྣམས་ཉེ་བར་འདུས་པའི་གདུལ་བྱའི་སྐྱེ་བོས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྔར་རྒྱས་པར་བཅོམ་ལྡན་འདས་ཀྱི་ཡུལ་གྱི་དབྱེ་བས་ཕྱེ་

ནས་ཐ་དད་པ་རྣམ་པ་དགུ་གསུངས་མོད་ཀྱི། དེ་ལས་འདིར་ནི་གཙོར་བསྡུས་ནས་བསྟན་ཏེ། སྤྲོས་ནས་བསྟན་པ་ཅུང་ཟད་ཀྱང་དགོས་པ་མེད་ཅིང་། ཡུལ་གྱི་དབྱེ་བས་ཤེས་པ་གཙོ་བོ་མ་ཡིན་པར་དགོངས་ནས་བཅོམ་ལྡན་འདས་ཀྱིས་སྟོང་ཕྲག་བརྒྱ་པ་དང་། འདིར་ངེས་པར་འབྱེད་

པའི་ཆ་དང་མཐུན་པའི་དབང་དུ་མཛད་པའི་ཡུལ་གྱིས་ཕྱེ་བ་ཡང་གཞན་ཡིན་ལ། རྩེ་མོའི་མངོན་པར་རྟོགས་པའི་མཐོང་བ་དང་བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས་རྣམ་པར་རྟོག་པ་དབྱེ་བ་བསྟན་པ་མཛད་པ་ཡང་གཞན་ཡིན་ནོ། །འདི་ནི་སྙིང་པོ་ཡིན་པས་ཕན་ཚུན་སྤངས་ཏེ་

གནས་པའི་མཚན་ཉིད་དེ་ལ་ཕུང་པོ་གཞན་མེད་པས་ཇི་སྐད་བསྟན་པའི་གཟུངས་འདི་རྣམ་པར་རྟོག་པ་དང་འཛིན་པའི་རྣམ་པར་རྟོག་པ་ལྟར་དེའི་རྗེས་སུ་འབྲངས་ནས་ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་རྟོགས་པར་བྱའོ། །ད་ནི་དགེ་བའི་བཤེས་གཉེན་ཐབས་མཁས་པའི་རང་བཞིན་ཅན་

གྱི་ཡོངས་སུ་བཟུང་བ་སྟོན་ཏེ། དེའི་སྟོབས་ཀྱིས་ཇི་སྐད་བསྟན་པ་ཁྱད་པར་དུ་འགྱུར་བས་དགེ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་གཉིས་ཀྱི་རང་བཞིན་ཆོས་སྟོན་པར་བྱེད་པས་གང་ཟག་བདེ་འགྲོའི་འབྲས་བུ་ཐོབ་པར་བྱེད་པའི་ཕྱིར་དགེ་བའི་བཤེས་གཉེན་ནོ། །

Vol. 86 · folio 15a

དེ་དང་ལྡན་པ་ནི་བཅས་པའོ། །དེ་ཉིད་ཀྱི་ཐོབ་པ་ལ་སོགས་པའི་ཤེས་པ་སྐྱེས་ནས་རིགས་པ་དང་ལུང་གི་ཆོས་ཡོངས་སུ་བརྟགས་པ་དེ་ནས་བདག་ཉམས་ཞེས་སྐྲག་པར་མི་འགྱུར་ཞིང་ཅི་ཡང་མེད་པས་སྙེམས་པར་མི་འགྱུར་ཏེ། རྒྱལ་བ་རྣམས་ཀྱི་ཡུམ་ནི་

བཅོམ་ལྡན་འདས་ཏེ། སྐྱེད་པས་ན་ཡུམ་ནི་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་མཉན་ནས་རྟོགས་པར་བྱ་ཞེས་བྱ་བའི་བར་དུའོ། །དེ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པར་ཡང་དག་པར་འཇུག་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྗེས་སུ་འགྲོ་བའི་སྒོ་ནས་

བསྟན་ནས། ལྡོག་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། གང་ཞིག་སྡིག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གང་ཞིག་ཇི་སྐད་བསྟན་པའི་དགེ་བའི་བཤེས་གཉེན་པས་བཟློག་པ་ནི་སྡིག་པའི་གྲོགས་ལྡན་ཏེ། དེ་ཉིད་སྦྱངས་པ་མེད་པའི་ཕྱིར་གཞན་གྱི་དྲིང་འཇོག་པ་སྟེ། གཞན་

ལ་རག་ལས་ནས་འཇུག་པ་ཡིན་ཏེ། དེས་ན་ཐེག་པ་ཆེན་པོ་ལས་ཉམས་ཤིང་ཟབ་མོའི་ཆོས་ལ་མ་མོས་པས་ཉམས་པར་འགྱུར་ཏེ། བུམ་པ་སོ་མ་བཏང་བ་ཆུས་རེག་པས་ཞིག་པ་བཞིན་ནོ། །དེས་ཇི་ལྟ་བ་བཞིན་གྱི་ཡོངས་སུ་བཟུང་བར་གྱུར་པ་བསྟན་ཏོ། །དྲོ་བ་ལ་སོགས་པའི་རྗེས་

ལ་ད་ནི་ཇི་སྐད་བསྟན་པའི་སྒྲུབ་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། གཞན་ཡང་མཐོང་བའི་ལམ་ལ་སོགས་པ་ཁྱད་པར་དུ་བསྒྲུབ་པའི་གཞིར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་པར་བཞེད་ནས། ཅི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཆོས་ཀྱི་

དབྱིངས་ཉིད་འཕགས་པའི་ཆོས་རྟོགས་པའི་རྒྱུ་ཡིན་པའི་ཕྱིར། དེའི་བདག་ཉིད་ནི་བྱང་ཆུབ་སེམས་དཔའ་སྟེ། རང་བཞིན་དུ་གནས་པ་མེད་པ་སངས་རྒྱས་ཀྱི་ཆོས་ཀྱི་རིགས་ཆོས་ཉིད་ཅེས་བྱ་བ་དེ་ཉིད་ཆོས་ཀྱི་དབྱིངས་ཏེ། ཐམས་ཅད་ལ་ཁྱབ་ན་ཅི་ཕྱིར་འདིར་བྱང་ཆུབ་ཏུ་སེམས་

བསྐྱེད་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་འགྲོ་བར་གནས་པ་ལ་བརྗོད་ཅེ་ན། གང་གི་ཕྱིར་གཟུགས་ལ་སོགས་པ་ཐམས་ཅད་ལ་ཆགས་པར་བྱེད་པ་ནི་མངོན་པར་ཞེན་པར་བྱེད་པ་སྟེ་འཇུག་པར་བྱེད་ཀྱང་ཐོས་པ་ལ་སོགས་པའི་སྟོབས་ཀྱིས་ཕྱིན་ཅི་ལོག་ཙམ་

Vol. 86 · folio 15b

འཁོར་བ་དེ་ལྟར་རྟོགས་པ་ནི་ཆགས་པ་གཅོད་པ་སྟེ། མངོན་པར་ཞེན་པ་ཐམས་ཅད་གཅོད་པའི་ངང་ཚུལ་ཅན་དུ་སྐྱེས་པར་གྱུར་པས་དེ་བཞིན་གཤེགས་པའི་བྱང་ཆུབ་འདོད་པ་ཡིན་ཏེ། དེ་བས་ན་ཀུན་རྫོབ་ཏུ་སྒྲིབ་པ་ཐམས་ཅད་སྤོང་བར་ཞུགས་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཁོ་ན་བྱང་ཆུབ་

སེམས་དཔའ་ཡིན་ནོ། །སངས་རྒྱས་མ་ལུས་པའི་གཞིར་གྱུར་པ་ཉིད་ཀྱི་བྱེད་པ་ཞེས་བརྗོད་དོ། །དེ་བས་ན་འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །གཞི་ནི་རིགས་ལ་བྱ་བ་མ་ཡིན་ནམ། དེ་བས་ན་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་སེམས་བསྐྱེད་

པ་ལ་སོགས་པ་དང་པོར་ཅིའི་ཕྱིར་བསྟན་ཅེ་ན། དོན་དེ་དག་གི་དང་པོ་སྔོན་དུ་འགྲོ་བ་བདེན་མོད་ཀྱི། འདི་ནི་ཡང་གོ་བར་བྱ་བ་ལ་སྔར་འབྲས་བུ་ཤེས་པར་བྱས་ནས་ཕྱིས་རྒྱུ་བསྟན་ཏོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་དམིགས་པ་གང་ཡིན་ཞེ་ན། དེའི་རྗེས་ཐོགས་ལ་

དམིགས་པ་བསྟན་པའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་དམིགས་པའི་ངོ་བོ་ནི་བདེན་པ་གཉིས་ལས་མི་འདའ་བར་དམིགས་པས་ཆགས་པ་མེད་པར་གྱུར་ཏེ། དེའི་བདེན་པ་ལ་དམིགས་པ་རྣམ་པར་དག་པར་རྟོགས་པའི་ཕྱིར་

བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པར་སྤང་བའི་ཆེད་དུ་བྱ་བ་དང་ལྡན་པར་ཞེས་བྱ་བར་འབྲེལ་ཏོ། །ཆགས་པ་མེད་པར་འགྱུར་བ་ནི་ཆགས་པ་མེད་པའི་རང་བཞིན་ཏེ། བྱང་ཆུབ་ཅེས་བྱ་བར་འདིར་ཡང་འབྲེལ་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པར་རྟོགས་པ་བླ་ན་མེད་

པ་ལ་རེག་པ་སྟེ་ཐོབ་པར་གྱུར་པ་ཡིན་ནོ། །དེ་བས་ན་བྱང་ཆུབ་ནི་རང་གི་དོན་ཕུན་སུམ་ཚོགས་པའི་དགོས་པའོ། །དེ་སེམས་དཔའ་ནི་སེམས་དཔའ་སྟེ། དེས་བྱེད་པས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དོན་དང་ལྡན་པའི་མིང་ཉིད་དེ། དེས་ན་ཡང་དག་པར་ཞུགས་པའི་

སྐྱེས་བུ་དང་། ལེགས་པ་དང་། བཟང་པོ་ཞེས་བྱ་བའི་མིང་ཐོབ་པོ། །དེས་ནི་དམིགས་པར་གྱུར་པ་བསྟན་ཏོ། །གང་ཆོས་ཀྱི་དབྱིངས་ཉིད་རྟག་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དམིགས་པ་ཡིན་པར་འདོད་ན་རྟག་ཏུ་རྣམ་པར་གོང་ནས་གོང་དུ་དག་པར་ཁྱད་

Vol. 86 · folio 16a

པར་དུ་འགྲོ་བ་ཇི་སྐད་བརྗོད་པར་བྱ་སྟེ། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་བསྟན་ཏོ་ཞེས་ཟེར་ན། དེ་ལྟ་ཡིན་ན་ཐོས་པ་དང་བསམས་པའི་ཤེས་པས་ངེས་པའི་དངོས་པོའི་རང་བཞིན་དུ་བསྒོམ་པ་དེ་བས་ན་

ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱའོ་ཞེས་དེར་མངོན་པར་ཞེན་པས་འཇུག་པའི་ཕྱིར་བསྒོམ་པའི་ཁྱད་པར་གྱིས་ཀྱང་དེར་མངོན་པར་ཞེན་པའི་བག་ཆགས་ཀྱི་ས་བོན་མི་སྤོང་གི །ཤིན་ཏུ་མཉམ་པར་གཞག་པའི་བདག་ཉིད་ཀྱི་རིམ་གྱིས་རྣམ་པར་རྟོག་པ་ཐམས་ཅད་

སྤོང་ངོ་ཞེས་ཟེར་ན། དེ་ལྟ་ཡིན་ན་ཕྱིའི་དོན་འདོད་པའི་གཞུང་གིས་ཀྱང་ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་སྤོང་བར་འགྱུར་རོ། །འོན་ཏེ་ཁས་མི་ལེན་ན་དེའི་ཕྱིར་རྣམ་པར་རྟོག་པའི་བག་ཆགས་མི་སྤོང་བས་ཕྱོགས་གཅིག་དག་པར་ཐལ་བར་འགྱུར་རོ། །ཁྱོད་ཀྱི་ལུགས་ཇི་ལྟ་བུ་

ཡིན་ཞེ་ན། སྐྱོན་མེད་དེ་གང་གི་ཕྱིར་དངོས་པོའི་ངོ་བོ་གང་ཅུང་ཟད་ཇི་སྙེད་པ་ཀུན་བརྟགས་པ་ཡིན་ཏེ། འདི་དག་ཐམས་ཅད་ལ་རིགས་པས་དངོས་པོར་མ་གྲུབ་པས་དངོས་པོ་མེད་ཅེས་བྱའོ། །བྱ་བ་བྱེད་པའི་གང་དག་དོན་ཇི་ལྟར་སྣང་བ་དེ་དག་ནི་ཀུན་རྫོབ་ཡིན་པར་བསྟན་ཏེ། ཐོས་

པ་ལ་སོགས་པ་ཤེས་པ་སྐྱེས་པས་དེ་ཁོ་ན་ཉིད་ལ་སྒྲིབ་པའི་རང་བཞིན་ཅན་རིམ་གྱིས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་ཏེ། སྒྱུ་མ་ལྟ་བུར་ཤེས་པ་ཉིད་ཡང་དག་པར་བྱས་པ་ཉིད་ཡིན་ནོ། །རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། འགྱུར་བ་

གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ། གཉིས་པོ་ཡང་གཉིས་སུ་མ་གྲུབ་པ་ལ་གཞི་དང་དམིགས་པའི་བྱེ་བྲག་རྟོགས་པར་བྱའོ། །དམིགས་པ་འདི་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི། ཧ་ཅང་ཐལ་ཆེས་པས་གཞག་གོ། །འབྲས་བུ་ཅི་ལ་བཏགས་ནས་བྱང་ཆུབ་སེམས་

དཔའི་དམིགས་པར་བྱེད་ཅེ་ན། དེའི་རྗེས་ལ་ཆེད་དུ་བྱ་བ་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་རྒྱུད་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་ཞེ་ན། གང་གི་ཕྱིར་སངས་རྒྱས་ཀྱི་སར་སེམས་དཔའ་ཆེན་པོ་སྟེ།

Vol. 86 · folio 16b

ཚད་མེད་པའི་སེམས་ཅན་གྱི་ཚོགས་དཔག་ཏུ་མེད་པའི་སེམས་ཅན་གྱི་ཚོགས་མང་པོ་ལ་ཆོས་བསྟན་པ་མཆོག་ཏུ་བྱེད་པའི་ཕྱིར་མཆོག་ཏུ་གྱུར་པའོ། །དེ་བཞིན་དུ་སྤོང་བ་ཆེན་པོ་ཉིད་ཐོབ་པ་སྟེ། ལྟ་བར་གྱུར་པའི་བདག་ཉིད་ལྟ་བ་སྣ་ཚོགས་པ་རྣམས་ནི་ཆེན་པོ་སྟེ། སེམས་ཅན་གྱི་

ཁམས་དཔག་ཏུ་མེད་པའི་སེམས་ཅན་གྱི་ཚོགས་ཀྱིས་ལྟ་བ་སྤངས་པའི་ཐབས་བསྟན་པ་ནི་གཅོད་པ་སྟེ་སྤོང་བར་འགྱུར་རོ། །དེ་ཉིད་ཀྱང་རྟོགས་པ་ཆེན་པོ་མེད་ན་མི་འབྱུང་བས་དེ་དག་གིས་དེ་ཡང་འཕངས་པ་དེ་བས་ན་འབྲས་བུ་རྣམ་པ་གསུམ་ཐོབ་པ་ལ་བསམས་ནས་སེམས་ཅན་གྱི་དོན་ལ་

བཞུགས་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ། །དེ་ནི་ཆེད་དུ་བྱ་བ་བསྟན་ཏོ། །དམིགས་པ་དང་ཆེད་དུ་བྱ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། མདའ་བཀང་བ་དང་འབེན་ལ་རྒྱབ་པ་དང་ཆོས་མཐུན་པ་ནི་བྱེ་བྲག་ཡིན་ནོ། །དེ་དག་ལ་ཉེ་བར་གྱུར་པ་ནི་དམིགས་པ་ཡིན་ནོ། །གཞན་གྱིས་

བསྐལ་པ་ནི་ཆེད་དུ་བྱ་བ་སྟེ། དེ་གཉིས་ཀྱི་བྱེ་བྲག་ཡིན་ནོ། །ཆེད་དུ་བྱ་བའི་རྗེས་ལ་ད་ནི་རྫོགས་པའི་ཆེད་དུ་སྒྲུབ་པ་བརྗོད་པར་བྱ་སྟེ། དེ་ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་དང་ལྡན་པ་དཀར་པོའི་ཆོས་སྤྱིའི་རྟེན་ཅན་རྣམ་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་

པ་བཞི་པོ་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ཏེ། ཆོས་ཀྱི་སྐུ་ནི་མངོན་པར་རྟོགས་པར་བྱེད་པ་མ་ཡིན་ཏེ། འབྲས་བུ་ཡིན་པའི་ཕྱིར་དེ་ལ་བྱ་བ་མི་རིགས་པའི་ཕྱིར་རོ། །དེ་ལ་གོ་ཆའི་སྒྲུབ་པ་ནི་ཚོགས་ཀྱི་ཡིན་པར་བཟུང་ངོ་། །འཇུག་པའི་

སྒྲུབ་པ་ནི་མོས་པས་སྤྱོད་པའི་ས་ཡིན་པར་རྟོགས་པར་བྱའོ། །ཆོགས་ཀྱི་བསྒྲུབ་པ་ནི་རྩེ་མོ་དང་སྦྱིན་པ་ལ་སོགས་པ་དྲུག་དང་། ཞི་གནས་དང་། ལྷག་མཐོང་དང་། ཟུང་དུ་འཇུག་པའི་ལམ་དང་། ཐབས་ལ་མཁས་པ་དང་། ཡེ་ཤེས་དང་། བསོད་ནམས་དང་། ལམ་

དང་། གཟུངས་ཀྱི་ཚོགས་རྣམས་ནི་ཆོས་ཀྱི་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཅན་ཡིན་ནོ། །ས་གཉིས་པ་ལ་སོགས་པའི་བསྒོམ་པའི་ལམ་གྱི་རང་བཞིན་ནི་ཡང་ལམ་གྱི་ཚོགས་

Vol. 86 · folio 17a

ཀྱི་རང་བཞིན་ཡིན་ནོ། །གཉེན་པོའི་བདག་ཉིད་ཅན་ཡང་ཚོགས་ཀྱི་བསྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི་ཡང་བསྒོམ་པའི་ལམ་ཡིན་ཏེ། རབ་ཀྱི་མཐར་ཐུག་པར་འགྲོ་བའི་རྟེན་ཅན་ཡིན་ཏེ། དེ་ལྟར་ས་གང་དུ་ཐོག་

མར་གོམས་པར་བྱས་པའམ། ཐོབ་པ་དེ་ལ་ལྟོས་པ་ཡིན་པར་རིག་པར་བྱའོ། །སྒྲུབ་པ་བཞི་པོ་དེ་དག་ཀྱང་ཁྱད་པར་གྱི་རང་བཞིན་རྣམ་པ་ཐམས་ཅད་སྦྱོར་བ་ནི་མི་ནུས་པས་སྤྱིར་བསྟན་གྱི། འདིར་ཁྱད་པར་ནི་མ་ཡིན་ཏེ། བསྡུས་པ་ཡིན་པའི་ཕྱིར་བློ་དམན་པ་རྗེས་སུ་གཟུང་བ་ཡིན་ནོ། །གཞན་དུ་

བསླབ་པར་འདོད་པས་བྱེ་བྲག་རྣམས་སྦྱོར་ན་མ་འབྲེལ་པ་བསྟན་པར་འགྱུར་རོ། །དེ་ལྟར་ཕྱི་མ་རྣམས་ལ་ཡང་བལྟ་བར་བྱའོ། །དེ་ལ་དང་པོ་བརྩོན་འགྲུས་ཀྱི་རང་བཞིན་གོ་ཆའི་བསྒྲུབ་པ་བསྟན་པའི་ཕྱིར་སེམས་དཔའ་ཆེན་པོར་གདགས་པའི་རྒྱུ་མཚན་གཏོང་བ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་

ཐམས་ཅད་སྟོང་པའི་བསམ་པ་ཡོད་པའི་ཕྱིར་གཏོང་བ་ཆེ་བའོ། །བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་རྒྱ་ཆེན་པོ་དང་ལྡན་པས་ན་བློ་ཆེའོ། །གཞན་གྱིས་གནོད་པ་ལ་ཇི་མི་སྙམ་པ་ལ་སོགས་པའི་བཟོད་པ་དང་ལྡན་པས་ན་མཐུ་ཆེ་བའོ། །སེམས་ཅན་གྱི་དོན་གྱི་བརྩོན་འགྲུས་

ཀྱི་སྟོབས་དང་ལྡན་པས་ན་ཐེག་པ་ཆེན་པོའོ། །སེམས་རྩེ་གཅིག་པ་ཐོབ་པས་ན་མཆོག་གོ། །ལས་དང་བྱེད་པ་པོ་དང་བྱ་བ་གསུམ་གྱི་དམིགས་པ་ནི་ཤེས་རབ་དང་ལྡན་པས་ན་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་ལ་ཞུགས་པའི་ཕྱིར་ཞུགས་པའོ། །དེ་ལྟར་གོ་ཆའི་བསྒྲུབ་པས་

ཁྱད་པར་དུ་འགྲོ་བས་གཉིས་པ་འཇུག་པའི་སྒྲུབ་པ་བསྟན་པའི་ཕྱིར། གོ་ཆ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇུག་པའི་སྒྲུབ་པའི་སྟོབས་ཀྱིས་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པའི་མཚན་ཉིད་ནི་ཆེན་པོའོ། །ལྷའི་བུའི་བདུད་ཀྱི་སྡེ་མ་རུངས་པའི་བསམ་པ་ཉིད་ཀྱི་

རྒྱུ་ཅན་འདུལ་བའི་ཕྱིར་རོ། །ཡིད་ལ་རེ་བ་བཞིན་བྱེད་པས་ན་དགོས་པའོ། །དེ་ལྟ་བུའི་འབད་པ་བྱེད་པས་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །འཇུག་པའི་སྒྲུབ་པ་བསྒྲུབས་ནས་འབྲས་བུ་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པ་གསུམ་པ་ཚོགས་ཀྱི་སྒྲུབ་པ་བསྟན་པའི་ཕྱིར། དཔེར་ན་ཞེས་

Vol. 86 · folio 17b

བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྒྱུ་མའི་མཁན་པོས་སྒྱུ་མའི་གནས་ལམ་པོ་ཆེའི་བཞི་མདོ་རུ་སྒྱུ་མ་མངོན་པར་སྤྲུལ་ཏེ། ཡང་དེའི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་མགོ་རྣམ་པ་མང་པོ་བྱེ་བ་གཅོད་པར་བྱེད་པ་ནི་རང་གི་སྤྲུལ་པ་དེ་རྣམས་ལ་དངོས་པོར་མངོན་པར་ཞེན་པ་དང་བྲལ་

བས་སྲོག་གཅོད་པ་ལ་སོགས་པའི་འཇིགས་པས་དེ་ལ་སྐྲག་པ་མེད་དོ་ཞེས་བྱ་བར་འབྲེལ་ཏོ། །དེ་བཞིན་དུ་སྒྱུ་མ་མཁན་གྱི་སྤྲུལ་པ་བསད་པ་དེ་དག་ཅི་འདྲ་བར་དེ་ལྟར་གཉེན་པོའི་སྒྱུ་མ་བྱེད་པའི་བྱང་ཆུབ་སེམས་དཔས་ལྷའི་བུའི་བདུད་ལ་སོགས་པའི་སྤྲུལ་པ་འཇོམས་པ་ན། གང་གི་ཚེ་བྱང་

ཆུབ་སེམས་དཔའ་དེས་འགྲོ་བ་ཀུན་ལས་དང་ཉོན་མོངས་པས་སྤྲུལ་པ་ཡིན་པར་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་པ་རབ་ཏུ་ཤེས་པ་དེ་བས་ན། དེ་ལ་ཁ་ན་མ་ཐོ་བ་འཇིགས་པ་མེད་ཅིང་སྐྲག་པ་མེད་པར་གྱུར་པ་ཡིན་ནོ། །འགྲོ་བ་ཀུན་སྤྲུལ་པ་དང་འདྲ་བ་ཡིན་ན་ཇི་ལྟར་བཅིངས་པ་དང་གྲོལ་བར་

འགྱུར་ཞེས་ཟེར་ན། དེ་ཁོ་ན་ཉིད་དུ་ཅུང་ཟད་ཀྱང་མེད་པར་བསྟན་པའི་ཕྱིར། གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནས་རྣམ་པར་ཤེས་པའི་བར་དུ་མ་རིག་པས་བཅིངས་པ་མེད་ཅིང་། རིག་པའི་མཐུས་གྲོལ་བ་ཡང་ཡོད་མིན་ཏེ་ཞེས་རྗེས་སུ་སྦྱར་རོ། །གང་གི་

ཕྱིར་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་ཏེ་མེད་པ་མ་ཡིན་ནོ། །རྒྱུ་གང་གིས་ཤེ་ན། ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །ཇི་ལྟ་བུ་ཀུན་རྫོབ་ཡིན་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་

ཡང་འདི་ལྟར་སྣང་བ་ནི་དགག་པར་མི་ནུས་ཏེ། ཐམས་ཅད་ཐ་སྙད་ཡིན་པར་རྟོགས་ནས་སེམས་ཞུམ་པ་མེད་དོ། །འོན་ཀྱང་བཅིངས་པ་དང་གྲོལ་བ་དོར་བར་བྱ་བ་དང་། བླང་བར་བྱ་བའི་སེམས་ཀྱིས་རང་བཞིན་ཆོས་ཉིད་ལ་རྟོགས་ནས་ཞུགས་ཏེ། དེ་ཉིད་བསྒོམས་པའི་སྟོབས་ཀྱིས་ཇི་

ལྟ་བ་བཞིན་གྱི་ཆོས་རྟོགས་ནས་བྱང་ཆུབ་འཐོབ་ཏེ། རིགས་པའི་སྟོབས་ཀྱིས་ཐར་པ་རྣམ་པར་བཞག་ལ། གཞན་གྱིས་ཇི་སྐད་བསྟན་པའི་རིམ་པ་ལས་བཟློག་པ་མ་རིག་པའི་ནུས་པས་བཅིངས་པ་ཡིན་པའི་ཕྱིར་དེ་བས་ན་དེ་དག་གི་རྗེས་ལ་གོ་ཆ་བསྟན་ཏོ། །བརྩེ་བ་ལ་སོགས་པ་

Vol. 86 · folio 18a

སྒྲུབ་པར་བྱེད་པ་ནི་གང་ཟག་དམ་པ་རྣམས་ཏེ། ཉན་ཐོས་ལ་སོགས་པ་ལ་ལྟོས་ནས་རྒྱལ་བའི་སྲས་ཏེ། བདེན་པ་གཉིས་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་ལམ་ཡིན་ནོ། །ཇི་སྐད་བསྟན་པ་ཉིད་ཐེག་པ་ཆེན་པོ་ཡིན་པར་ཅིའི་ཕྱིར་ཞེས་དྲི་བ་སྔོན་དུ་འགྲོ་

བས་ཐེག་པ་ཆེན་པོའི་ངོ་བོ་རྫོགས་པར་བྱ་བའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་བྱང་ཆུབ་སེམས་དཔའ་གང་གིས་འབྲས་བུ་དང་བཅས་པའི་ལམ་བརྩེ་བ་དང་། སྦྱིན་པ་ལ་སོགས་པའི་ཚོགས་ཀྱིས་སྒྲུབ་པ་ལ་ཞོན་པ་ནི་ཐོབ་པའི་སྦྱོར་བ་ལ་གནས་པ་སྟེ།

རིམ་གྱིས་སེམས་ཅན་ཐམས་ཅད་མྱ་ངན་ལས་ཟློ་བར་བྱེད་དོ། །དེ་བས་ན་འདི་ནི་ཐེག་པ་ཆེན་པོ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་ནི་ཐེག་པ་ཆེན་པོ་ཞེས་བྱ་སྟེ། གང་གི་ཕྱིར་ནམ་མཁའ་དང་འདྲ་བར་དཔག་ཏུ་མེད་པའི་སེམས་ཅན་གྱི་གོ་སྐབས་འབྱེད་པར་བསྙེན་པས་ན་འདི་ནི་

ཐེག་པ་ཆེན་པོའོ། །ཡོན་ཏན་རྣམ་པ་ཐམས་ཅད་མཐར་ཐུག་པ་ནས་གཞལ་མེད་ཁང་དང་འདྲ་བས་ན་གཞལ་མེད་ཁང་ཆེན་ནོ། །དགའ་སྐྱིད་བདེ་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་ཟག་པ་མེད་པ་ནི་དགའ་བའོ། །ལུས་ཀྱི་བདེ་བའི་ཚོགས་ནི་སྐྱིད་པའོ། །བདེ་བ་ནི་སེམས་ལས་

བྱུང་བ་བདེ་བའོ། །མངོན་པར་འཐོབ་བྱེད་ནི་དགའ་སྐྱིད་བདེ་བ་ལ་མངོན་པར་ཕྱོགས་ཏེ་ཐོབ་པ་ནི་བཅོམ་ལྡན་འདས་སོ་ཞེས་བྱ་བར་འབྲེལ་ཏོ། །ཡང་ན་ཁྱད་པར་དུ་འཕགས་པ་དེ་བས་ན་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །དེ་ལྟ་མོད་ཀྱི་ཕྱོགས་གཞན་དང་

གཞན་དུ་འགྲོ་བའི་གནས་སྐབས་ཐོབ་པ་ཁྱད་པར་དུ་འཕགས་པའི་རྒྱུ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་པ་ལ་གྲགས་པ་མ་ཡིན་ནམ། དེ་བཞིན་དུ་ཐེག་པ་ཆེན་པོ་ཡིན་པར་འཛིན་པས་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་ཟེར་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེན་

པོ་ལ་ཞོན་པ་ནི་བྱང་ཆུབ་སེམས་དཔའ་འོ། །ཕྱོགས་ནི་ཤར་ཕྱོགས་ལ་སོགས་པ་དེས་ཉེ་བར་མཚོན་པའོ། །ས་དང་པོ་ལ་སོགས་པའི་གནས་སྐབས་སུ་ཕྱིན་པ་དེས་དེ་ཁོ་ན་ཉིད་དམིགས་པ་མེད་དོ། །དེ་ལྟ་ཡིན་ན་ཇི་ལྟར་མྱ་ངན་ལས་འདས་པར་འགྲོ་ཞེས་བྱ་བའི་ཐ་སྙད་འཇུག་ཅེ་ན། མྱ་

Vol. 86 · folio 18b

ངན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པར་འགྲོ་ཞེས་བྱ་བ་འདིར་ཡང་ཕྱིན་ཅི་ལོག་གི་ངོ་བོ་བཟློག་པ་ཉིད་ལ་མྱ་ངན་ལས་འདས་པ་ཞེས་བྱ་བའི་རིགས་པས་འགྲོ་བ་ནི་མི་དམིགས་པའོ། །འཇིག་རྟེན་པས་ཀྱང་རང་གི་ངོ་བོ་དགག་པ་ཙམ་ཉིད་ལ་མྱ་ངན་ལས་འདས་ཞེས་བྱ་བར་

གྲགས་པར་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མེ་ཤི་བ་ལ་འགགས་ཞེས་བྱ་བར་ཐ་སྙད་འདོགས་ཀྱི་མེ་དེ་འགགས་པས་འདས་པར་བྱ་བ་བྱེད་པ་མ་ཡིན་ནོ། །ངོ་བོ་ཐོབ་པ་མེད་པའི་ཕྱིར་མ་འོངས་པ་མ་ཡིན་ནོ། །གནས་པས་ད་ལྟར་བྱུང་བ་མ་ཡིན་ནོ། །དུས་

ཀྱིས་འགྱུར་བའི་བྱེ་བྲག་ཁྱད་པར་འགྱུར་བ་མི་སྲིད་དེ་ཚད་མས་གནོད་པའི་ཕྱིར་རོ། །རྒྱུ་དེས་ན་རང་གི་ངོ་བོ་ལོག་པ་ཙམ་ལ་འཇིག་རྟེན་པས་ཀྱང་མེ་ཤི་ཞེས་རྗོད་པར་བྱེད་དོ། །གལ་ཏེ་དེ་ལྟ་ན་ཐེག་པ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ཁྱད་པར་རྟོགས་པ་མེད་པའི་ཕྱིར་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་ལ་

ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་ཟློ་ཞེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་མཐའ་ནི་རྒྱུའི་སྟོབས་ཀྱི་ཕྱི་མའི་མཐར་འབྲས་བུ་བསྐྱེད་པའི་ཕྱིར་ད་ལྟར་བྱུང་བ་ལ་དེ་དག་གི་རང་གི་ངོ་བོ་ངེས་པར་བྱང་ཆུབ་སེམས་དཔའ་མི་དམིགས་པ་སྟེ།

ཡང་དག་པའི་དོན་ཡིན་པར་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །དེ་བས་ན་དུས་གསུམ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དག་པར་གྱུར་པ་ཡིན་ཏེ། དེ་ལྟ་བུའི་རིགས་པས་གང་དག་པ་ནི་འཇིག་རྟེན་པའི་མངོན་པར་འདུས་བྱས་པ་མ་ཡིན་པས་དེ་ཉིད་ཀྱི་ཕྱིར་ཆགས་པ་ལ་

སོགས་པའི་སྤྲོས་པ་སྤངས་པའི་ཕྱིར་སྤྲོས་པ་མེད་པའོ། །ཀུན་ཏུ་སེམས་ཅན་མྱ་ངན་ལས་ཟློ་བར་ནུས་ཏེ། གཞན་དུ་ན་དེ་དག་གིས་དེ་ཁོ་ན་ཉིད་ཀྱི་ཁྱད་པར་མ་རྟོགས་པར་མངོན་པར་ཞེན་པ་དེས་ཕྱིན་ཅི་ལོག་མ་སྤངས་པས་སེམས་ཅན་གྱི་དོན་བྱེད་མི་ནུས་སོ། །དེ་ལྟ་བུ་དེ་ལས་བཟློག་

པ་དེ་ཉིད་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པ་ཚོགས་ཀྱི་སྒྲུབ་པ་ཡིན་ཏེ། ཐེག་པ་ཆེན་པོའི་ཆོས་མ་ལུས་པའི་རང་བཞིན་ཕ་རོལ་ཕྱིན་མཆོག་སྤྱོད་པ་གང་ཡིན་པ་ཡང་སྒྲུབ་པ་ཡིན་ནོ། །ཚོགས་བསགས་པ་ལ་བཞི་པ་ངེས་པར་འབྱུང་བས་དེ་བསྟན་པའི་ཕྱིར་བྱང་ཆུབ་སེམས་ཞེས་

Vol. 86 · folio 19a

བྱ་བ་ལ་སོགས་པ་གསུངས་ཏེ། གཟེགས་ཟན་ལ་སོགས་པས་དུས་རྟག་པར་བརྟགས་པ་བཀག་ནས་དངོས་པོ་ལ་ཉེ་བར་འཇུག་པ་ཉིད་ཀྱི་བརྡར་བྱས་པའི་ཕྱིར་ཚེ་སྟེ། བརྡའ་གང་གི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་བདེན་པ་གཉིས་རྟོགས་པས་ན་མཁས་

པའོ། །ཆེད་དུ་བྱ་བའི་ངེས་པར་འབྱུང་བའི་སྒྲུབ་པར་སྤྱོད་པར་བྱེད་ཅིང་ཆོས་རྣམས་མ་སྐྱེས་པར་རྟོགས་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཡུལ་དུ་བྱེད་པ་ནི་སྙིང་རྗེ་ཆེན་པོ་སྐྱེད་པའོ། །བདག་དང་གཞན་དུ་མངོན་པར་ཞེན་པ་མེད་པ་ནི་སེམས་ཅན་འདུ་ཤེས་མེད་དེ་ཡོད་པའི་འདུ་ཤེས་མི་བསྐྱེད་པའོ། །

དེའི་ཚེ་ཤེས་རབ་དང་ཐབས་ལ་མཁས་པ་དེ་ནི་ཤེས་རབ་བོ། །དོན་ཐམས་ཅད་ཀྱི་ཆེད་དུ་བྱ་བའི་ངེས་པར་འབྱུང་བའི་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་མཆོག་གོ། །གང་སྤྱོད་པ་བྱེད་ཅེས་བྱ་བའི་བར་དུའོ། །སེམས་ཅན་དུ་དམིགས་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། གལ་ཏེ་རང་དང་གཞན་དག་ཡོད་པར་འདུ་ཤེས་སྐྱེད་པར་བྱེད་ན། དེའི་སྡུག་བསྔལ་གྱི་འདུ་ཤེས་སྐྱེས་པས་སྦྱིན་པ་ལ་སོགས་པ་རྣམས་ལ་དཀའ་བས་སྤྱོད་པར་བྱེད་ཅིང་སྡུག་བསྔལ་སྤྱོད་པས་འགྲོ་བའི་དོན་བྱའོ་ཞེས་དམིགས་པའི་ཕྱིར་བདག་དང་གཞན་དུ་ཡོངས་སུ་རྟོགས་

པའི་བྱང་ཆུབ་སེམས་དཔའ་ཡིན་ནོ། །དེ་བས་ན་བདག་དང་གཞན་གྱི་ཆར་ཡོངས་སུ་འཛིན་པའི་ཉེས་པ་དེ་གཉིས་ཀྱིས་ཉེས་པ་ཐམས་ཅད་འབྱུང་ངོ་། །དེ་ལྟ་བས་ན་ཡང་། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །ཇི་ལྟར་

སྤྱད་པར་བྱ་ཞེ་ན། བདག་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་མེད་པ་དང་སྐྱེ་བ་ཞེས་རིམ་པ་གཞན་དུ་སྦྱར་རོ། །བདེན་པ་གཉིས་ཐ་དད་པར་གཉིས་ཀྱི་རང་བཞིན་དུ་མི་རྟོག་ཅིང་ཡིད་ལ་མི་བྱེད་པ་ནི་གང་གི་ཚེ་ཐམས་ཅད་ཀྱི་ཐམས་ཅད་དུ་བདག་གི་རྒྱུད་ལ་ཡོད་པའི་སྡུག་

བསྔལ་ཐམས་ཅད་བསལ་བར་བྱའོ་ཞེས་བདག་ཉིད་ཅི་འདྲ་བར་སེམས་ཅན་ཐམས་ཅད་དེ་འདྲ་བར་ཤེས་པ་ནི་ལྷ་ལ་སོགས་པའི་སེམས་ཅན་ལ་ཞེས་སོ། །གཞན་དག་ཏུ་བྱས་ཏེ། ཀུན་རྫོབ་ཏུ་གཅིག་ཏུ་རྟོགས་པ་ཅི་འདྲ་བར་སེམས་ཅན་ཐམས་ཅད་སྒྲོ་བཏགས་པས་དབེན་པར་ཤེས་པ་དེ་

Vol. 86 · folio 19b

འདྲར་སེམས་བསྐྱེད་པ་ལ་སོགས་པ་ཆོས་ཀུན་ཡང་ཤེས་ཏེ། སྟོང་པ་ཉིད་ཀྱི་རིགས་པས་གཅིག་ཉིད་དུ་རྟོགས་པས་བདེན་པ་གཉིས་ལ་ཡང་དག་པར་ཞུགས་པ་དེའི་ཚེ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན་ནོ། །དེ་ལྟར་རྟོགས་པར་བྱ་བའི་དངོས་པོ་བརྟགས་པར་བསྟན་ནས།

འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དག་ན་ཆོས་མིང་ཡོངས་སུ་བརྗོད་པ་ནི་སེམས་བསྐྱེད་པ་ལ་སོགས་པས་རབ་ཏུ་བསྒྲགས་པའི་མིང་གི་སྒྲའི་ཤེས་པ་ནི་རྗོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་དག་ཀུན་ལ་སྐྱེ་བ་དང་ནི་ཡང་དག་འདས་སྤངས་ཏེ། སྤངས་པ་ནི་འགགས་པའོ། །

དེ་ཉིད་སྤངས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཉམས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་འཆི་མེད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཕྱིན་ཅི་ལོག་ཐམས་ཅད་སྤངས་པའི་ཕྱིར་དམ་པ་སྟེ། ཁྱད་པར་དུ་འཕགས་པའི་ཆོས་ཀྱི་ངོ་བོའོ། །དེ་ལས་གཞན་གོང་

ན་མེད་པའི་ཡེ་ཤེས་ཀྱི་དོན་ཐོབ་པ་ནི་དགོས་པ་ཡིན་ནོ། །ཆེད་དུ་བྱ་བ་ངེས་པར་འབྱུང་བའི་སྒྲུབ་པའི་ཤེས་རབ་ནི་མཆོག་སྟེ་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་གྲུབ་པ་ལ་རྣམ་པར་བཀག་ནས་ཞེས་བྱ་བའི་སྒྲ་ནི་རབ་ཏུ་གྲགས་པའི་མིང་གི་རྣམ་གྲངས་སོ། །གྲུབ་པ་དེ་ལ་ཇི་ལྟར་འཇུག་པར་བྱ་ཞེ་

ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་བཞིན་དུ་སྦྱར་ཏེ། རང་བཞིན་དེ་ནི་དེ་བཞིན་ཉིད་དོ། །མེད་པ་ནི་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ། །ཆོས་རྣམས་བསྒོམ་པ་ལ་སོགས་པའི་རིམ་གྱིས་ཡོངས་སུ་ཤེས་པར་གྱུར་པ་དེ་ལྟ་བུར་

གྱུར་པའི་ཆེད་དུ་བྱ་བའི་བསྒྲུབ་པའི་སྤྱོད་པའོ། །དོགས་མེད་ནི་ཐེ་ཚོམ་མེད་པར་བྱེད་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་ཐབས་དང་ཤེས་རབ་དང་ལྡན་ཏེ་ཀུན་རྫོབ་དང་དོན་དམ་པ་ལ་གནས་པའོ། །ཤེས་པར་བྱས་པ་ནི་ངེས་པར་བྱས་པའོ། །ཡང་དག་པར་ཞུགས་པའི་

ཕྱིར་འདི་ནི་ཤེས་རབ་སྟེ། ཇི་སྐད་བསྟན་པའི་ངེས་པར་འབྱུང་བའི་བསྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཡིན་ཏེ། དེ་ལ་སྤྱོད་པ་ནི་ཞུགས་པའོ། །དེ་དག་གིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཏེ། དེ་སྐད་དུ་ཡང་། སེམས་བསྐྱེད་པ་དང་གདམས་ངག་དང་། །

Vol. 86 · folio 20a

ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ཡང་བཞིར་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བྱས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་

ཉིད་ཅེས་གསུངས་པ་ཡིན་ནོ། །གཞུང་འདིར་ཚིགས་སུ་བཅད་པ་རྣམས་ཀྱིས་ཉེ་བར་བསྡུས་པ་ནི་གསལ་བར་མཛད་པའི་ཕྱིར་ཡིན་ཏེ། སྟོང་ཕྲག་བརྒྱ་པའི་དོན་ཐམས་ཅད་བསྡུས་པའི་ཕྱིར་དེ་དང་མཐུན་པར་ལེའུ་སྦྱར་བར་རིགས་མོད་ཀྱིས་བློ་དམན་པ་རྣམས་ཀྱིས་མི་རྟོགས་པའི་ཕྱིར་མ་བྱས་

ཏེ། དེ་བཞིན་དུ་སྟོང་ཕྲག་ཉི་ཤུ་ལྔ་པ་དང་ཡང་མཐུན་པར་མ་བྱས་སོ། །སྐྱེ་བོ་ཐམས་ཅད་ཀྱིས་བདེ་བར་རྟོགས་པར་བྱ་བའི་ཕྱིར་རམ། དོན་གཅིག་པར་ཤེས་པར་བྱ་བའི་ཕྱིར་བརྒྱད་སྟོང་པ་དང་མཐུན་པར་ལེའུ་ཐ་མའི་དབྱེ་བ་འདིར་ལེའུ་རྫོགས་པར་བདག་གིས་བྱས་སོ། །ཡོན་ཏན་རིན་པོ་ཆེ་

སྡུད་པ་ཚིགས་སུ་བཅད་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ལེའུ་སྟེ་དང་པོའི་བཤད་པའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཡོངས་སུ་མ་ཤེས་པར་མ་ཡིན་པས་ལམ་ཤེས་པར་བསྟན་ཏོ། །དེ་ལ་དང་པོ་རྟེན་ལ་སོགས་པ་བརྗོད་པར་བྱ་

བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་མངོན་པར་ཞེན་པ་གང་ཞིག་མི་སྦྱོར་བར་གནས་པ་ནི་ཆོས་ཉིད་ལ་གནས་པར་འགྱུར་རོ། །འདི་ལྟར་འོད་ཀྱིས་མོག་མོག་པོར་མཛད་པས་རྒྱུད་ལ་ཡོད་པའི་ང་རྒྱལ་བཅོམ་པ་ནི་རྟེན་ཡིན་ནོ། །དེས་

ཡང་དག་པར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་ཡུལ་སོ་སོར་ངེས་པ་ཡིན་ནོ། །འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །ཅེས་གསུངས་པས་འགྲོ་བ་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་འགྱུར་ཏེ། འདོད་ཆགས་དང་བྲལ་བ་དང་ཅིག་ཤོས་ཀྱི་རྣལ་འབྱོར་པས་ཀྱང་སངས་རྒྱས་ཉིད་ཐོབ་

པས་ན་ལམ་ཤེས་པ་བསྒོམ་པ་ནི་ཁྱབ་པ་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉོན་མོངས་པ་ཐམས་ཅད་མི་སྤོང་བ་ནི་རང་བཞིན་ནོ། །ཤེས་རབ་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་ཡོངས་སུ་མ་བཟུང་བའི་སེམས་ཅན་ཡོངས་སུ་བཟུང་བ་

Vol. 86 · folio 20b

ལ་སོགས་པ་གང་ཡང་རུང་བ་ལས་སུ་བྱ་བའི་འཇུག་པ་ཡིན་ནོ། །དབྱེ་བ་ལྔ་པོའི་དོན་མེད་ན་མི་འབྱུང་བའི་ཕྱིར་ཆོས་ཉིད་ཀྱི་སྒྲས་འཕངས་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །གཞན་དུ་ན་ལམ་ཤེས་པས་རྟོགས་པར་མི་རིགས་པས་དེ་ཉིད་ཀྱི་ཕྱིར་དེ་རྟོགས་པའི་ཐབས་ཡིན་པས་དེ་དག་དོན་གྱི་དབྱེ་

བ་ལྔ་ལ་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་ཤེས་པའི་རང་བཞིན་མཆོག་ལ་སྤྱོད་པ་ཡིན་ནོ། །རྟེན་ལ་སོགས་པ་བསྟན་པའི་ཤུགས་ཀྱིས་ལམ་ཤེས་པའི་དབང་དུ་བྱས་ཏེ། རང་གི་ལམ་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་རབ་ཏུ་རྟོགས་པ་ཐོབ་ནས་ཐེག་པ་གཞན་གྱིས་

འདུལ་བའི་སེམས་ཅན་ཐ་དད་པའི་སེམས་ཅན་གྱི་དོན་མངོན་སུམ་དུ་མི་བྱེད་པར་ལམ་རྒྱུ་དང་བཅས་པ་བསྟན་པ་ལ་ཡོངས་སུ་མཁས་པའི་ཐབས་ལ་མཁས་པས་ལམ་ཐམས་ཅད་བྱང་ཆུབ་སེམས་དཔས་ཡོངས་སུ་རྫོགས་པར་བྱའོ་ཞེས་བསྟན་པའི་ཕྱིར་ཉན་ཐོས་ཀྱི་ལམ་བསྟན་པའི་ཆེད་དུ་རྟག་དང་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། དེ་ལ་ཆོས་ཉིད་ཀྱིས་སྐྱེས་པ་འཇིག་པའི་ཕྱིར་མི་རྟག་པའོ། །ཟག་པ་དང་བཅས་པས་མཐུན་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །བདག་དང་གཞན་གྱིས་སྟོང་པའི་ཕྱིར་སྟོང་པའོ། །རྟག་པ་ཉིད་ལ་སོགས་པ་དེ་ཉིད་ལས་བཟློག་པར་བྱ་བ་དེ་གཉིས་ནི་དོར་བར་བྱ་

བ་དང་བླང་བར་བྱ་བ་ཡིན་ནོ། །གཙོ་བོའི་ཕྱིར་སྡུག་བསྔལ་གྱི་བདེན་པ་བཟུང་བ་ཡིན་ནོ། །དེ་བཞིན་ཉིད་དང་དེ་བཞིན་སྟོང་ཞེས་བྱ་བ་འདིས་ནི་རབ་ཏུ་འབྱེད་པའི་སྟོབས་ཀྱིས་ལྷག་མ་བདེན་པ་གསུམ་པོའི་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དེ་གཉིས་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པ་

བསྡུས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་གོམས་པར་བྱ་ཞེ་ན། སྟོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་དེ་དག་དེས་མི་དམིགས་སོ། །འདིར་རྟག་པ་ལ་སོགས་པའི་ཆོས་ཀྱི་གཉེན་པོ་མི་རྟག་པ་ལ་སོགས་པའི་རྣམ་པའི་བདེན་པ་བཞིའི་དངོས་པོ་

ལ་དམིགས་པ་ཉན་ཐོས་ཀྱི་མཐོང་བའི་ལམ་བསྐྱེད་པས་དེས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པ་དུས་ཇི་སྲིད་སྒོམ་པ་གང་ཞིག་ཤེས་པས་ཕྱིས་ལམ་དེར་ལྟུང་བར་དོགས་ནས་སྤང་བའི་ཕྱིར་རྣམ་པ་དེ་དག་མི་དམིགས་པའི་རང་བཞིན་ཡིད་ལ་བྱེད་དོ། །དེ་བས་ན་སྟོང་པ་

Vol. 86 · folio 21a

ཉིད་ཀྱི་བདེན་པས་སྤྱིར་འབྲས་བུ་ཅུང་ཟད་གང་ཐོབ་པ་ལ་ཡང་མི་གནས་སོ། །དེ་ཉིད་ཀྱི་ཕྱིར་དབང་པོ་རྟུལ་པོ་དང་འབྲིང་དང་རྣོན་པོ་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་བསྒོམ་པ་ན་རིམ་པ་ཇི་ལྟ་བ་བཞིན་བྱང་ཆུབ་རྣམ་པ་གསུམ་ཐོབ་ཅེས་ཉན་ཐོས་ཀྱི་ཐེག་པ་ལས་

བསྟན་པའོ། །ཁྱད་པར་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པའི་སར་མི་གནས་ཤིང་རྣམ་པ་ཐམས་ཅད་དུ་ཉན་ཐོས་ལ་སོགས་པའི་ཐེག་པ་བསྟན་པའི་རིམ་པས་ཐབས་མ་ཡིན་པའི་ཕྱིར་དེས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཆེད་དུ་བདག་མེད་པ་

ཉིད་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤོང་དུ་འཇུག་པར་བྱེད་པ་ཡིན་གྱི། དེ་ལས་བྱང་ཆུབ་སེམས་དཔས་ཀྱང་རྒྱལ་བའི་ཕྱིར་འཇུག་པ་ཡིན་ནོ། །བདེན་པ་ཡོངས་སུ་ཤེས་པའི་སྔོན་དུ་ངེས་པར་འབྱེད་པའི་ཆ་ཡོངས་སུ་ཤེས་པ་འགྲོ་བས་ངེས་པར་འབྱེད་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་

བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འདྲེན་པ་བཅོམ་ལྡན་འདས་གནས་པ་མེད་པར་སྤྱོད་པ་དེ་ལྟར་དེ་བཞིན་ཉིད་ལ་སོགས་པ་འདུས་མ་བྱས་ཀྱི་ཁམས་ཀྱི་དེ་ཁོ་ན་ཉིད་ལ་ཡང་མི་གནས་སོ། །དེ་བཞིན་དུ་འདོད་པའི་ཁམས་ལ་སོགས་པའི་འདུས་བྱས་ལ་ཡང་མི་གནས་ཤིང་། དེ་བས་

ན་དེ་ལ་ཇི་ལྟར་སྣང་བ་རྣམས་ལ་གནས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཇི་སྐད་བསྟན་པའི་རྣམ་པར་བསྒོམས་པས་ངེས་པར་འབྱེད་པ་ཡོངས་སུ་ཤེས་པ་གནས་ཀྱང་བྱང་ཆུབ་སེམས་དཔའ་གནས་མེད་པ་ཉིད་གནས་ཡིན་ནོ། །གང་གི་ཕྱིར་གནས་མེད་གནས་ཡིན་འདི་ནི་རྒྱལ་བ་དེ་བཞིན་

གཤེགས་པས་གསུངས་སོ། །ཉན་ཐོས་ཀྱི་ལམ་གྱི་རྗེས་ལ་རང་སངས་རྒྱས་རྣམས་ཀྱི་ལམ་བརྗོད་པར་རིགས་མོད་ཀྱི། ཉན་ཐོས་ལས་རང་སངས་རྒྱས་ཇི་ལྟར་ཁྱད་པར་དུ་འཕགས། གང་གིས་ན་དེ་ཉིད་(གྱི་‚ཀྱི་)ལམ་ལ་ཁྱད་པར་གྱི་ཅི་ཡོད་སྙམ་པའི་དོགས་པ་བསལ་བའི་ཕྱིར་

གང་གིས་སྔོན་ཐོས་པ་ལ་སོགས་པ་མངོན་པར་འདུས་བྱས་པས་གཞན་གྱིས་བསྟན་པ་ལ་ལྟོས་པ་མེད་པར་རང་གི་བྱང་ཆུབ་ཐོབ་པ་ནི་གཅིག་ཡིན་ནོ། །དེ་བཞིན་དུ་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་སྤངས་པ་དང་། སྒྲ་བརྗོད་པ་མེད་པར་གཞན་གྱི་དོན་

Vol. 86 · folio 21b

བྱེད་པ་དག་གིས་ཡེ་ཤེས་ཟབ་པ་ཡིན་ཏེ། གཉིས་ཀྱི་ཁྱད་པར་དུ་འཕགས་སོ། །གཞན་དུ་ན་ཁྱད་པར་དུ་འཕགས་པ་མེད་ན་ལམ་ལ་ཁྱད་པར་ཡོད་པར་མི་རིགས་པའི་ཕྱིར་ཤུགས་ཀྱིས་འཕངས་པ་ཡིན་པར་རིག་པར་བྱའོ། །དེ་བས་ན་ཁྱད་པར་དུ་འཕགས་པའི་ལམ་ཁྱད་པར་

ཅན་རང་སངས་རྒྱས་ཀྱི་ལམ་བསྟན་པའི་ཕྱིར་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འགའ་ཞིག་རྒྱ་མཚོར་ནུབ་པས་ཕ་རོལ་དང་ཚུ་རོལ་གྱི་འགྲམ་མི་མཐོང་བས་འགྲོ་བར་མི་ནུས་ཏེ། ཐབས་མི་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་བའི་རྒྱ་མཚོར་ནུབ་

པའི་སྐྱེ་བོས་སོ། །གང་གི་ཕྱིར་མི་ལྡོག་པའི་ཕྱིར་བདེ་གཤེགས་ནི་ཉན་ཐོས་སོ། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ་ནི་མངོན་པར་འདོད་པའོ། །དེས་ན་འདི་ལ་ནི་ལམ་ཤེས་པ་སྟེ་ལམ་ཐམས་ཅད་དུ་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ལ་རྟོགས་པའི་

བཟོད་པ་འདི་ལ་མ་བརྟེན་པར་སངས་རྒྱས་ཐོབ་པར་མི་ནུས་ཏེ། མངོན་པར་འདོད་པའི་དོན་མི་ཐོབ་ཅེས་བྱ་བའི་དོན་ཏེ་གཞན་དུ་འཐོབ་པ་མེད་ཅེས་བྱ་བའི་དོན་ཏོ། །འདིས་གཞི་ཁྱབ་པའི་དོན་དུ་བསྟན་པ་འདིས་ནི་རང་སངས་རྒྱས་ཀྱི་ལམ་གྱི་དབང་དུ་བྱས་པ་དེ་བསྟན་པར་འགྱུར་རོ། །

གཟུང་བར་རྟོག་པ་འབའ་ཞིག་སྔངས་པའི་རང་སངས་རྒྱས་ཀྱི་ལམ་གང་གིས་ཁྱད་པར་དུ་འཕགས་པ་དེའི་རང་བཞིན་ཁོ་ན་ལམ་ཤེས་པ་མ་ཡིན་གྱི། འོན་ཀྱང་ཉན་ཐོས་ལ་སོགས་པའི་ལམ་གྱི་རང་བཞིན་ཡང་ཡིན་ནོ། །གཟུང་བ་མེད་པས་དེ་འཛིན་མེད་ཅེས་བསྟན་པའི་ཕྱིར་རོ། །

འཛིན་པའི་རྣམ་པར་རྟོག་པ་ཅི་འདྲ་བས་ཆོས་འཛིན་པ་རང་སངས་རྒྱས་སུ་རྟོགས་ཤེ་ན། ཆོས་འཆད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཆོས་འཆད་པ་དང་ཉན་དང་བཤད་བྱ་གང་ཡིན་པ་སྒྱུ་མ་ལྟ་བུ་ཡིན་ཏེ། འདིར་དགོས་པ་ནི་དེ་ལྟ་བུའི་དངོས་པོའི་ཆོས་

ཏེ། གང་གི་ཕྱིར་རང་གི་མཚན་ཉིད་དངོས་པོའི་བདག་རྒྱུར་རུང་བས་འཛིན་པར་བྱེད་པར་རྣམ་པར་མི་རྟོག་པའི་ཤེས་པ་ནི་རང་གི་མཚན་ཉིད་འབྲས་བུ་སྐྱེ་བས་དེ་མེད་ན་མེད་པ་ཡིན་མོད་ཀྱི། གཟུང་བའི་རྣམ་པར་རྟོག་པ་བཀག་པ་ན་ཡང་གཟུགས་ལ་སོགས་པ་ལ་འཛིན་པའི་རྣམ་

Vol. 86 · folio 22a

པར་རྟོག་པའི་ཤེས་པས་རང་གི་རྒྱུད་ལ་བག་ཆགས་གཞག་པ་སད་པ་ལས་སྐྱེ་བའི་ཕྱིར་བཟུང་བའི་རྣམ་པར་རྟོག་པ་ལས་ངེས་འབྱུང་ཞེས་བྱ་བའི་ངེས་པ་མེད་དོ། །གང་གི་ཕྱིར་རང་སངས་རྒྱས་གང་གིས་གཞན་ལ་འཆད་པ་ཉེ་བར་མཚོན་པ་ཡིན་པའི་ཕྱིར་མི་

འཆད་པ་ཡང་སྟེ། གཟུགས་ལ་སོགས་པ་རྣམ་པར་མི་རྟོག་པས་བཟུང་བའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་ཞེས་པ་ཉན་པ་དང་འཛིན་པར་བྱེད་དེ། དེ་བཞིན་དུ་གང་མཉན་པ་དང་ལྡན་པ་དག་ཉན་པ་སྟེ། དེ་དག་ཐམས་ཅད་ཀྱང་རྫུན་པ་སྣང་བའི་རང་བཞིན་འཛིན་པའི་

རྣམ་པར་རྟོག་པ་དང་བྲལ་བའི་ཆོས་འཛིན་པའང་སྒྱུ་མ་ལྟ་བུ། ཆོས་དེ་འཆད་པ་དང་ཉན་པ་ཡང་སྒྱུ་མ་ལྟ་བུར་རིག་པར་བྱའོ། །དེ་བས་ན་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའི་རིགས་པ། འདིས་ཡང་རང་སངས་རྒྱས་ཀྱི་ལམ་གྱི་རང་བཞིན་དུ་གྱུར་པར་བལྟའོ། །རྣམ་པ་

གང་གིས་ཆོས་སྒྱུ་མ་ལྟ་བུར་བསྟན་པ་ནི་རང་བཞིན་བཀག་ནས་དེ་ཁོ་ན་ཉིད་དུ་ཡོད་པར་རྟོགས་ཞེས་ཟེར་ན། འབྲས་བུ་ཐོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འབྲས་བུ་གང་ཞིག་དང་པོ་ལ་སོགས་པ་ལ་གནས་པའི་གང་ཟག་བརྒྱད་པོ་ནི་འབྲས་བུ་འཐོབ་པའོ། །ཚོགས་ན་

སྤྱོད་པ་དང་། བསེ་རུ་ལྟ་བུ་འང་རང་སངས་རྒྱས་སུ་མཚུངས་པས་རྐྱེན་རྒྱལ་ལོ། །ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གཉིས་པོ་དག་གིས་འཇིག་རྟེན་མགོན་གྱི་དབྱེ་བ་རྣམ་པ་གཉིས་སོ། །རིམ་པ་ཇི་ལྟ་བ་བཞིན་དུ་དོན་དུ་སྦྱོར་བས་མཁས་པ་དང་གསལ་བ་སྟེ། ཕུལ་

དུ་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པས་མཁས་གསལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་བྱས་པ་བཞིན་ནོ། །ཡང་གང་གིས་ཆོས་ཀྱི་སྐུ་ཐོབ་པ་ནི་མྱ་ངན་ལས་འདས་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་རང་དང་གཞན་གྱི་དོན་ལ་སྦྱོར་བ་ནི་མཁས་རིག་གོ། །

ཡང་ན་མཁས་པ་རྣམས་ཀྱི་ནང་ནས་ཤེས་རབ་ཕུལ་ཏུ་བྱུང་བ་ཕུན་སུམ་ཚོགས་པ་ནི་མཁས་རིག་གོ། །ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་པ་དེ་དག་ཐམས་ཅད་ནི་འདས་མ་ཐག་ཏུ་བསྟན་པའི་རྣལ་འབྱོར་པས་ཀུན་རྫོབ་ཏུ་བླང་བར་བྱ་བ་གཉེན་པོ་སྒྱུ་མ་ལྟ་བུའི་རང་བཞིན་

Vol. 86 · folio 22b

ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་བསྟན་པའི་ཕྱིར་ཆོས་ཀྱི་རྒྱལ་པོ་ཡང་སྒྱུ་མ་ལྟ་བུར་རྟོགས་པར་བྱ་བ་ཡིན་ན་གཞན་ལྟ་ཅི་སྨོས་ཏེ་དེ་བཞིན་ནོ། །གང་གི་བརྡ་ཅུང་ཟད་གྲུབ་པས་དོན་མ་གྲུབ་པ་སྒྲུབ་པར་བྱེད་པའི་དཔེ་སྒྱུ་མ་ལྟ་བུ་

བསྟན་པས་དེའི་ཚེ་ཡང་ཉེས་པ་ཅུང་ཟད་ཀྱང་མེད་དོ། །ཅི་འདྲ་བ་ལ་མཁས་པའི་གང་ཟག་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་འགྱུར་བ་བསྟན་པའི་ཕྱིར། གང་ཟག་བཞི་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་འབྲིང་གི་ལྟ་བ་དང་ལྡན་པ་ཀུན་རྫོབ་དང་དོན་དམ་པའི་

དབྱེ་བ་ཡོངས་སུ་ཤེས་པའི་མཁས་པ་ནི་རྒྱལ་སྲས་སོ། །དང་པོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ཉིད་ཀྱིས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་ངེས་པ་ནི་ཕྱིར་མི་ལྡོག་པ་སྟེ་གཉིས་པའོ། །ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པ་སྟེ། །མཐོང་བའི་ལམ་

ལ་སོགས་པ་དེ་ཉིད་ཀྱིས་བཟུང་བའི་རྣམ་པར་རྟོག་པ་སྤངས་པས་རིམ་པ་ཇི་ལྟ་བ་བཞིན་དུ་དྲི་མ་བསལ་བ་དང་། དེ་ཉིད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱས་པས་ཐེ་ཚོམ་མེད་པའི་ཕྱིར་སོམ་ཉི་སྤངས་པ་ནི་གསུམ་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ནི་བཞི་པའོ། །

གང་ཟག་བཞི་པོ་དེ་དག་རང་སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར་འདི་ལ་སྐྲག་པར་མི་འགྱུར་རོ། །དེ་དག་གི་རྟེན་བསྟན་ཏོ། །ཇི་ལྟར་རང་སངས་རྒྱས་ཀྱི་ལམ་བྱང་ཆུབ་སེམས་དཔས་གོམས་པར་བྱ་བ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། ཉན་ཐོས་རྣམས་བསྒོམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པས་རང་སངས་རྒྱས་ཀྱི་མཐོང་བའི་ལམ་བསྐྱེད་དོ། །ཉོན་མོངས་པ་སྤོང་བ་ཡང་དེ་བཞིན་ནོ། །ཤེས་རབ་འབྲིང་གི་སྟོབས་ཀྱིས་ཆོས་ཉིད་ལྷག་པ་མཐོང་བ་

ཉིད་ཇི་སྐད་བསྟན་པས་ཁྱད་པར་དུ་འཕགས་པ་དང་ལྡན་ཞིང་ཤེས་བྱའི་སྒྲིབ་པ་བཟུང་བར་རྟོག་པ་ཕྱོགས་གཅིག་སྤོང་བ་དུས་ཇི་སྲིད་བསྒོམ་པ་ཤེས་པ་ཉིད་ཀྱིས་ཕྱིས་དེའི་ལམ་དུ་ལྟུང་བ་སྤང་བའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་བྱེད་དོ། །དེ་ལྟར་མི་དམིགས་པས་རང་

Vol. 86 · folio 23a

སངས་རྒྱས་ཀྱི་ཐེག་པ་ལ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་མཁས་རིག་སྟེ། དགྲ་བཅོམ་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་ལ་ཡང་མི་བསླབ་བོ། །ཐམས་ཅད་མཁྱེན་པ་ཉིད་ཆེད་དུ་སངས་རྒྱས་ལ་དམིགས་ནས་དེའི་ཐབས་བདག་མེད་པ་ལ་གོམས་

པར་བྱེད་པ་ནི་ཆོས་རྗེས་སུ་སློབ་སྟེ། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ལ་སློབ་པའོ། །གང་ཞིག་མི་སློབ་པ་ནི་ཤེས་རབ་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་ཡོངས་སུ་བཟུང་བས་གོ་རིམས་བཞིན་མི་སློབ་པའོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་དེ་སློབ་པ་ཡིན་ནོ་ཞེས་

བྱ་བའི་དོན་ཏོ། །ངེས་པར་འབྱེད་པའི་ཆ་ཡོངས་སུ་ཤེས་པ་དེས་ཇི་སྐད་བསྟན་པའི་རང་སངས་རྒྱས་ཀྱི་ལམ་ཡོངས་སུ་ཤེས་པར་འགྱུར་བས་ངེས་པར་འབྱེད་པ་བསྟན་པའི་ཕྱིར། གཟུགས་འཕེལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྦྱིན་པའི་རང་བཞིན་བརྗོད་པ་ནི་གཟུགས་

ཙམ་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །འཕེལ་བ་ནི་བསགས་པའོ། །ཡོངས་སུ་ཉམས་པ་ནི་བསགས་པ་མེད་པའོ། །ཡོངས་སུ་བཟུང་བ་ནི་རྟེན་པར་བྱེད་ཅེས་བྱ་བའི་བར་དུའོ། །ཇི་སྐད་བསྟན་པ་བསྒོམས་པས་ངེས་པར་འབྱེད་པ་ཡོངས་སུ་ཤེས་པ་ནི་སློབ་པ་སྟེ། འཇུག་

པར་བྱེད་པའོ། །གང་ལ་བྱང་ཆུབ་སེམས་དཔའ་ནི་མི་སློབ་ཅིང་འདོར་བར་བྱེད་དེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འཕེལ་བ་དང་ཉམས་པ་ཡོངས་སུ་འཛིན་པ་ལ་མི་སློབ་སྟེ། བླང་བར་བྱ་བ་སྣ་ཚོགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་ཡོངས་སུ་མི་འཛིན་ཅིང་དེ་

ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་ཀྱིས་ཡོངས་སུ་མི་འཛིན་ཏེ། སེམས་ཀྱིས་ཀྱང་རྟེན་པར་མི་བྱེད་དེ་འཆིང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུས་ངེས་པར་འབྱུང་ངོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་བུ་ལ་འདིར་སློབ་སྟེ་གོམས་པ་ཞེས་པས་བཅོམ་ལྡན་འདས་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དེ། རིམ་གྱིས་བྱ་བ་ནི་ཚིག་གི་ལྷག་མའོ། །ལྷག་མ་ཉོན་མོངས་པ་སྤོང་བ་ནི་སྔར་བསྟན་པའི་ལམ་གྱི་ངོ་བོ་ལ་མངོན་དུ་ཕྱོགས་པས་ཡང་དང་ཡང་དུ་དམིགས་པ་ནི་བསྒོམ་པའི་ལམ་དུ་བཞག་པ་ཡིན་པའི་ཕྱིར་མཐོང་བའི་ལམ་ཡོངས་སུ་ཤེས་པ་ཉིད་

Vol. 86 · folio 23b

ཀྱིས་དེ་ཡོངས་སུ་ཤེས་པར་གྲུབ་པ་དེ་བས་ན་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ཡོངས་སུ་ཤེས་པའི་ཕྱིར་ཉན་ཐོས་ལ་སོགས་པ་དང་འབྲེལ་པའི་བསྒོམ་པའི་ལམ་ལོགས་ཤིག་ཏུ་མ་བརྗོད་པར་ཤེས་པར་བྱའོ། །ཇི་ལྟ་བུར་གྱུར་པའི་རྒྱལ་བའི་སྲས་ཀྱིས་མཐོང་བའི་ལམ་ཐོབ་པའི་སྟོབས་

ཀྱིས་རང་གི་ལམ་ལ་དབང་དུ་གྱུར་པ་ཐོབ་པ་དེ་ལས་གཞན་པའི་ཐེག་པས་འདུལ་བའི་སེམས་ཅན་རྗེས་སུ་འཛིན་པ་ནི་ལམ་གཉིས་ལས་ཡོངས་སུ་རྒྱལ་བ་ཡིན་པའི་ཕྱིར་དེའི་རྗེས་ལ་ཚེ་འདིའི་ཡོན་ཏན་ལ་སོགས་པ་དང་ལྡན་པར་རྗེས་སུ་གདམས་པར་བྱ་བའི་མཐོང་བའི་ལམ་བསྒྲུབ་པའི་ཕྱིར།

གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནི་ཤེས་རབ་མ་ཡིན་ཏེ་དེ་བཞིན་ཉིད་ཡིན་ནོ། །གཟུགས་ལ་ཤེས་རབ་མེད་དེ། རྣམ་པར་ཤེས་པ་ལ་སོགས་པ་ཡང་ཤེས་རབ་མེད་དོ། །ཤེས་རབ་ལ་ཡང་དེ་བཞིན་ནོ། །འོན་ཀྱང་ནམ་མཁའི་ཁམས་དང་མཚུངས་པར་དེ་

དག་གིས་སྟོང་སྟེ། གཟུགས་ལ་སོགས་པ་རིགས་པས་མ་བསྐྱེད་པའི་ཕྱིར་ཆོས་ཐམས་ཅད་རྟེན་དང་བརྟེན་པར་ཐ་དད་པའི་མཚན་ཉིད་མེད་དེ། ཁྱད་པར་དང་སྣ་ཚོགས་པའི་རང་བཞིན་དུ་མེད་ཅེས་བྱ་བའི་བར་དུའོ། །དེ་སྐད་དུ། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་

ངེས་པ་དང་། །སྒྲ་ཡང་དེ་སྙེད་ཁོ་ན་དེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་མཐོང་བའི་ལམ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྗེས་ཐོགས་ལ་མི་དམིགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་པར་ལྡན་པ་དེས་ཉོན་མོངས་

པ་བརྒྱད་ཅུ་གཉིས་སྤོང་བར་བྱེད་པ་སྐྱེ་བ་ཡིན་ནོ། །དེ་ལྟར་ན་འཕགས་པའི་བདེན་པ་བཞིའི་རྣམ་པའི་བྱེ་བྲག་གིས་རིམ་པ་བཞིན་བསྒོམ་པར་གྲགས་པ་ཇི་ལྟ་ཞེ་ན། དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡོངས་སུ་ཤེས་པ་ཙམ་ཉིད་སྡུག་བསྔལ་གྱི་བདེན་

པ་སྟེ་དམིགས་པས་སོ། །དངོས་པོ་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དངོས་པོར་མངོན་པར་ཞེན་པ་སྤང་བར་བྱ་བ་ཡིན་པས་ན་ཀུན་འབྱུང་གི་བདེན་པ་ཡིན་ཏེ་སེམས་ཅན་གྱིས་སོ། །མངོན་སུམ་དུ་བྱ་བ་ཡིན་པས་ན་འགོག་པའི་བདེན་པ་སྟེ་ནམ་མཁའི་ཁམས་ཀྱིས་སོ། །

Vol. 86 · folio 24a

ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར་ཆོས་རྣམ་པར་འབྱེད་པ་ནི་ལམ་གྱི་བདེན་པ་ཡིན་པས་ཤེས་རབ་ཀྱིས་སོ། །ཕ་མཐའ་མེད་ནི་སྔོན་དང་ཕྱི་མའི་མཐའ་དང་རྒྱུ་དང་འབྲས་བུ་ཞེས་བྱ་བའི་བར་དུའོ། །ཡོངས་སུ་རྫོགས་པར་ཡོད་པའི་དུས་ནི་ཕ་

རོལ་ལོ། །ཕ་མཐའ་མེད་ནི་སྒྱུ་མ་ལྟ་བུར་མེད་པའོ། །གང་ལ་རང་བཞིན་ཡོད་པ་ནི་རང་བཞིན་ཏེ། དེ་ནི་ཕ་མཐའ་མེད་དེ། རྒྱུ་དང་འབྲས་བུའི་རང་བཞིན་སྤངས་ཞེས་བྱ་བའི་བར་དུའོ། །འདིས་འགྲོ་བའི་རང་བཞིན་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་སྟེ། དེ་བཞིན་གཤེགས་

པ་རྣམས་ཀྱིས་ཇི་ལྟར་སྣང་བའི་བདེན་པ་ལའོ། །དེ་དག་གི་རང་བཞིན་གང་ལ་ཡོད་པ་དེ་ནི་གང་གི་ཕྱིར་རིགས་པས་ཕ་མཐའ་མེད་པའོ། །དེ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བར་སྨྲ་བའི་ཕྱོགས་བདག་མེད་པའི་རྣམ་པ་གཅིག་གིས་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་དང་། དངོས་པོར་

སྨྲ་བའི་ཕྱོགས་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བདེན་པ་མི་རྟག་པའི་རྣམ་པའི་བྱེ་བྲག་བསྒོམ་པ་ཡིན་པར་རྣམ་པར་གཞག་སྟེ། རྟག་པ་ལ་སོགས་པའི་ཆོས་གཞན་སྒྲོ་བཏགས་པ་སྲིད་པས་དེའི་ཕྱིར་འགལ་བ་མེད་དོ། །དངོས་པོར་སྨྲ་བའི་ཕྱོགས་ལ་ཅིའི་ཕྱིར་མི་རྟེན་ཅེ་ན། འདུ་

ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ལ་གྲགས་པའི་གཟུགས་ལ་སོགས་པ་དེ་དག་ནི་གང་ཞིག་མིང་ཙམ་སྟེ། འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །བརྗོད་པ་ལས་ནི་གཞན་གྱུར་པ། །བརྗོད་པར་བྱ་བར་རབ་ཏུ་བརྟགས། །

ཞེས་གསུངས་པའི་ཕྱིར་རོ། །འདྲེན་པ་སྟེ་འགྲོ་བའི་བླ་མས་བཏགས་པ་ཙམ་དུའོ། །ཙམ་གྱི་སྒྲས་རྣམ་པ་གཞན་གཅོད་པར་བྱེད་དེ། མིང་ཙམ་དུ་ཡོངས་སུ་བསྒྲགས་སོ། །དེ་བས་ན་མིང་བཏགས་པ་ཡིན་པར་ཤེས་ནས་བདག་མེད་པའི་རྣམ་པ་བསྒོམས་པས་གང་ཞིག་

མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་དངོས་པོ་དེ་མ་ཐག་པའི་ལམ་གྱི་སྟོབས་ཀྱིས་སྤངས་པ་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་འགྲོ་བ་ཡིན་ནོ། །ཐོབ་པར་བྱ་བའི་དངོས་པོ་ཐོབ་པ་ནི་རྣམ་པར་གྲོལ་བའི་ལམ་གྱི་སྟོབས་ཀྱིས་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པར་འགྲོ་ཞིང་

Vol. 86 · folio 24b

འདུ་ཤེས་དང་བྲལ་བ་ཐོབ་པ་དེ་ཉིད་ཀྱི་ཕྱིར་དོར་བར་བྱ་བ་དང་བླང་བར་བྱ་བ་མངོན་སུམ་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་ཏེ། རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་མཐོང་བའི་ལམ་ལ་གནས་པར་འགྱུར་གྱི་གཞན་ཕྱིན་ཅི་ལོག་གི་རང་བཞིན་ལ་མི་རྟེན་ཏོ། །དོན་

དམ་པར་བསྒོམ་པ་རྒྱུ་དང་བཅས་པ་ཡོད་པའི་ཕྱིར་ཕྱིན་ཅི་ལོག་གི་རང་བཞིན་ཡོད་དོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བཅོམ་ལྡན་འདས་བཞུགས་ཏེ་ཡོད་པ་ཡིན་ནོ་ཞེས་ཡོད་པའི་སྒྲ་ཡོངས་སུ་བསྒྲགས་ཀྱང་གཙོ་བོས་ཀྱང་མི་སྤྱོད་

ན། སྐྱེ་བོའི་ཚོགས་གཞན་གྱིས་ཀྱང་དེ་བཞིན་དུ་ཡོད་དོ་ཞེས་བྱ་བར་སྤྱོད་པ་ལྟ་ག་ལ་ཡོད་དེ་ཡོད་མི་སྲིད་པས་རྒྱུ་མེད་པ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ཕྱིར་གཟོད་མ་ནས་ཉེས་པ་མེད་པས་ཤིན་ཏུ་དག་པ་ཡིན་ནོ། །གཞན་གང་ལས་རྒྱུར་གྱུར་པ་དེ་སྒྲུབ་པར་བྱེད་པའི་ཚད་མ་

མེད་པའི་ཕྱིར་ཡོད་པ་སྐྱེ་བར་ག་ལ་འགྱུར། དེ་བས་ན་དངོས་པོ་ཡོད་པ་ཞེས་བྱ་བ་ཕྱིན་ཅི་ལོག་གི་རང་བཞིན་ཡིན་པའི་ཕྱིར་སྔར་ཇི་སྐད་བསྟན་པ་དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་མཆོག་ནི་མཐོང་བའི་ལམ་གྱི་བདག་ཉིད་དོ། །སྤྱོད་པ་ནི་བདག་མེད་པའི་རྣམ་པ་གཅིག་པའི་ཆོས་ཐམས་ཅད་

ཁྱད་པར་དང་བྲལ་བ་ལ་རྗེས་སུ་གནས་ཤིང་རྟོགས་སོ་ཞེས་བྱ་བའི་བར་དུའོ། །དེ་ལྟ་བུར་གྱུར་པ་ཉིད་ཀྱིས་མཐོང་བའི་ལམ་བསྒོམ་པ་ནི་སྔོན་གྱི་དེ་བཞིན་གཤེགས་པས་ལུང་བསྟན་པ་ཐོབ་པར་འགྱུར་ཞེས་ཉེ་བར་བསྡུ་བའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་

ཚེ་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ནི་ཇི་སྐད་བསྟན་པའི་ལམ་གྱི་རང་བཞིན་བསྒོམ་པས་རྟོགས་པ་ཐོབ་པ་དེའི་ཚེ་ང་ལུང་བསྟན་པར་གྱུར་ཏེ། སྔོན་གྱི་བཅོམ་ལྡན་འདས་མར་མེ་མཛད་ཀྱིས་དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པས་ན་ཁྱོད་མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་

རོ་ཞེས་གསུངས་སོ། །ཕན་པ་དང་བདེ་བ་དང་མཐུན་པའི་ཕྱིར་མཐུན་པར་སྨྲ་བར་གྱུར་པར་རྒྱལ་བས་གསུངས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྟན་པའི་མཐོང་བའི་ལམ་ལ་སོགས་པའི་ལམ་སྔར་བསྟན་པའི་རིགས་པས་ལམ་ཤེས་པ་ཉིད་ལོགས་ཤིག་ཏུ་

Vol. 86 · folio 25a

རྣམ་པར་གཞག་གོ། །དེར་བསྟན་པའི་ངེས་པར་འབྱེད་པ་མཐོང་བའི་ལམ་འདིའི་ཡིན་པར་གཟུང་བར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བརྒྱ་བྱིན་གྱི་ལེའུ་སྟེ་གཉིས་པའི་བཤད་པའོ།། །།མཐོང་བའི་ལམ་གྱི་རྗེས་ལ་

བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་མོད་ཀྱི། བརྗོད་པར་བྱ་བ་ཉུང་བའི་ཕྱིར་དང་། འབྲས་བུ་ལ་གཞོལ་བས་གདུལ་བྱ་འཇུག་པར་བྱ་བའི་ཕྱིར་བསྟན་ཏེ། ཤིན་ཏུ་རྣམ་པར་བསྒོམ་པའི་ལམ་གཙོ་བོ་ཡིན་པས་དེ་བྱེད་པའི་ལམ་བསྟན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པ་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་བསྒོམ་པའི་ལམ་གྱི་རང་བཞིན་གང་ལ་སྟེ། དེའི་བདག་ཉིད་ལ་སྦྱོར་ཞིང་གནས་པས་འགྲོ་བ་སྐྱོབ་པ་ནི་མགོན་པོ་སྟེ། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའོ། །འདི་ལ་གང་

ཞིག་རྟག་ཏུ་ནི་ཐམས་ཅད་དུའོ། །གཞུང་དང་དོན་འཛིན་པ་དང་། ཐོས་པ་དང་། བསམས་པ་དང་བསྒོམས་པའི་རང་བཞིན་གྱི་ཤེས་རབ་ནི་ཆུབ་པར་བྱེད་པའོ། །ཆོས་ཉིད་འཇིག་པར་བྱེད་པས་དངོས་པོར་མངོན་པར་ཞེན་པར་བྱེད་པ་ནི་དུག་གོ། །སྲེག་པའི་བདག་ཉིད་ཡིན་པའི་

ཕྱིར་འདོད་ཆགས་ནི་མེའོ། །ཟུག་རྔུའི་བདག་ཉིད་ཡིན་པའི་ཕྱིར་མཚོན་ནི་ཞེ་སྡང་ངོ་། །གཏི་མུག་གིས་གྲང་བ་དང་དྲོ་བ་མེད་པར་བྱེད་པས་ཆུའོ། །མི་ཚུགས་པ་ནི་བསྒོམ་པའི་ལམ་གྱིས་ཤིན་ཏུ་མཉམ་པར་བྱས་ནས་ཀུན་ཏུ་མི་སྤྱོད་པའོ། །རྣམ་པ་གཞན་ཡང་རིགས་པས་

ཕྱིའི་ཡང་དུག་ལ་སོགས་པས་མི་ཚུགས་ཤིང་མི་ནུས་པར་རྟོགས་པར་བྱའོ། །དེ་བཞིན་དུ་བདུད་དང་བདུད་ཀྱི་སྡེ་ནི་དེའི་འཁོར་ཏེ་ཕྱོགས་སོ། །བདུད་ཀྱི་གླགས་ཏེ་ཉེས་པ་དང་བུག་པ་མི་རྙེད་དེ། གང་གི་སྐབས་བཟུང་བས་ཀྱང་གནོད་པར་མི་འགྱུར་རོ། །བྱེད་པའི་རྗེས་ལ་

བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་པས་དེ་ཡང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཟག་པ་དང་བཅས་པ་ཡང་མོས་པ་དང་། ཡོངས་སུ་བསྔོ་བ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་མཚན་ཉིད་ཀྱི་དབྱེ་བས་

Vol. 86 · folio 25b

གསུམ་དུ་འགྱུར་རོ། །ཟག་པ་མེད་པ་ཡང་སྒྲུབ་པ་དང་། རྣམ་པར་དག་པའི་དབྱེ་བས་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལ་དང་པོ་མོས་པ་ཡིད་ལ་བྱེད་པ་ཟག་པ་དང་བཅས་པ་ནི་ཡང་དགེ་བའི་ཆོས་རྣམས་མངོན་པར་འདུ་བྱེད་དེ། གསེར་གྱི་སྒྲམ་བུ་འབྱུང་ཁུངས་

ནས་ཐོབ་པ་བཞིན་དུ་ཡོངས་སུ་རྫོགས་པའི་རང་བཞིན་སྤྱིར་ཇི་ལྟ་བ་བཞིན་དུ་མོས་པས་མཐོང་བའི་དགེ་བའི་ཆོས་ལ་དམིགས་པ་དང་ལྡན་པས་དགོས་པ་མ་ལུས་པ་འདུས་པའི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ལ་མོས་པ་དང་། དྲི་བ་ལ་སོགས་བྱེད་པ་ནི་བསོད་

ནམས་མང་པོ་ལ་སོགས་པར་བསྟན་ཏོ། །དེ་ཡང་རང་གི་དོན་དང་། རང་དང་གཞན་གྱི་དོན་དང་། གཞན་གྱི་དོན་དང་གསུམ་ལས་ངའོ་སྙམ་པའི་ང་རྒྱལ་གྱི་བག་ཆགས་མ་སྤངས་པའི་ཕྱིར་རང་གི་དོན་དུ་མོས་པ་ཡིན་ནོ། །དེ་བསྟན་པའི་ཕྱིར་ལ་ལས་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། མྱ་ངན་ལས་འདས་པས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་སྤྲུལ་པའི་སྐུ་ཉེ་བར་བསྟན་ནས། དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་བྱེད་དེ། སེམས་ཅན་གང་ཡང་རུང་བ་ཞིག་གིས་མུ་ས་ལ་གརྦྷ་དང་། བཻ་ཌཱུཪྻ་དང་།

གསེར་དང་། དངུལ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། ཨསྨ་གརྦྷ་དང་བདུན་ཏེ། རིན་ཆེན་སྣ་བདུན་ལས་བྱས་ཤིང་མཆོད་རྟེན་ལ་སྟེ། རིམ་པ་བཞིན་དུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དཔེ་གངྒཱའི་ཀླུང་གི་དེ་བཞིན་གཤེགས་པའི་མཆོད་རྟེན་བགྱིས་ཤིང་

འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་སྟོང་བཀང་སྟེ། དེས་མཆོད་རྟེན་བྱས་ནས་མཆོད་པ་བྱེད་ཅེས་བྱ་བར་འབྲེལ་ཏོ། །རིམ་པ་དེ་བཞིན་དུ་སེམས་ཅན་ཇི་སྙེད་པས། ཞིང་བྱེ་བ་མཐའ་ཡས་པར་ཡོངས་སུ་རྟག་པར་བཟུང་ནས་ཞེས་བྱ་བར་འབྲེལ་ཏོ། །མཆོད་རྟེན་དེ་སྙེད་བྱས་

ཏེ། དེ་དག་ཐམས་ཅད་ཀྱིས་མཆོད་པ་བྱེད་པ་ལས་གཞན་མི་བྱེད་པར་ལྷའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་བསྐལ་པ་དུས་གསུམ་དུ་ཡང་དང་ཡང་དུ་འམ་ཕྱིས་ཀྱང་ལྷག་པར་མཆོད་ལ། ཡང་འགྲོ་བ་གཞན་གང་ཞིག་གིས་རང་གི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་

Vol. 86 · folio 26a

མོས་པ་བསྐྱེད་དེ། སྣ་ཚོགས་པའི་གཟུགས་ཀྱིས་དོན་བྱེད་པ་ནི་རྣམ་འདྲེན་ཏེ། བཅོམ་ལྡན་འདས་དང་། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་དང་འབྲེལ་པ་ནི་སྟོབས་བཅུ་པ་སྟེ། དེ་ལས་འདི་འབྱུང་བར་འགྱུར་ཏེ།

གཞུང་གི་བདག་ཉིད་བདེ་བར་གཤེགས་པའི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། གཞུང་དང་དོན་འཆང་བར་བྱེད་ཅིང་མེ་ཏོག་ལ་སོགས་པས་མཆོད་ཅིང་བསྟི་སྟང་བྱེད་གྱུར་ན། བསོད་ནམས་ཀྱི་ཡུལ་གྱི་བྱེ་བྲག་དེ་བཞིན་དུ་བསྟན་ཏོ། །རྣལ་མའི་དོན་ཉེ་བར་བསྡུ་བའི་ཕྱིར།

མཆོད་རྟེན་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི་མཆོད་རྟེན་ལ་མཆོད་པ་བྱས་པ་ཅི་འདྲ་བའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བ་དེས་ཀྱང་ནི་སྔ་མ་ལ་མཆོད་པའི་བསོད་ནམས་ཆ་ཕྲ་བའི་ཆར་མི་ཕོད་དོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་

བཞིན་དུ་རང་གི་དོན་འདོད་པས་མོས་པ་བསྐྱེད་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །དེའི་རྗེས་ལ་བདག་དང་གཞན་མཉམ་པའི་ཕྱིར་བདག་དང་གཞན་གྱི་དོན་དུ་མོས་པ་ཡིན་ཏེ། དེ་བསྟན་པའི་ཕྱིར་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་ཕྱོགས་བཅུ་རྣམས་སུ་

བསྟན་པ་ནུབ་པར་གྱུར་པའི་ཕྱིར་འདས་པའོ། །གང་བསྟན་པ་མ་བྱུང་བའི་ཕྱིར་མ་འོངས་པའོ། །གང་ཡང་བསྟན་པ་གནས་པ་ནི་འཇིག་རྟེན་མགོན་ཏེ། དེ་དག་ཐམས་ཅད་ཀྱིས་རིག་སྔགས་ཆེན་མོ་འདི་ལ་བསླབས་པས་ཕྱིན་ཅི་ལོག་གི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་དང་ནད་རྣམས་

ཉེ་བར་ཞི་བར་བསྟན་ཏོ། །བླ་ན་མེད་པའི་རིག་སྔགས་ཀྱིས་འདྲེན་པར་གྱུར་ཏོ། །འགྱུར་རོ། །གྱུར་པ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བཅོམ་ལྡན་འདས་ཞེས་བྱ་བར་འབྲེལ་ཏོ། །མྱ་ངན་ནི་སྡུག་པ་དང་བྲལ་བ་ལ་སོགས་པས་སེམས་གདུངས་པའོ། །སྡུག་བསྔལ་

ནི་བཟོད་པར་དཀའ་བ་ལུས་ཀྱི་ཚོར་བའོ། །ཆོས་ནི་ནད་ཀྱིས་ངག་འཆོལ་བའོ་ཞེས་བྱེད་ན་གསལ་བའོ། །སེམས་ཅན་ཁམས་མང་ནི་འགྲོ་བ་མ་ལུས་པ་སངས་རྒྱས་ཐོབ་པར་བྱེད་ཅེས་བྱ་བའི་བར་དུའོ། །གལ་ཏེ་དེ་བཞིན་གཤེགས་པ་ཁོ་ན་བསྐྱེད་པའི་དོན་བྱེད་ན་བྱང་ཆུབ་

Vol. 86 · folio 26b

སེམས་དཔའ་མ་ཡིན་ནོ་ཞེས། གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་དག་སྤྱད་པར་བྱ་བའི་སྦྱིན་པ་ལ་སོགས་པ་སྤྱོད་པས་སེམས་ཅན་ལ་ཕན་པའི་རང་བཞིན་དང་བརྩེ་བའི་ཕྱིར་སྙིང་བརྩེར་བྱས་པའོ། །དེ་དག་གིས་ཀྱང་རིག་སྔགས་འདི་ལ་

བསླབས་ནས་མཁས་པ་ཐོབ་པ་སྟེ་བྱང་ཆུབ་ལ་རེག་གོ། །གང་ཡིན་པའི་བདེ་བ་འདུས་བྱས་པ་ནི་ལྷ་ལ་སོགས་པ་རྣམས་ཀྱིའོ། །འདུས་མ་བྱས་ཀྱི་བདེ་བ་ནི་ཉན་ཐོས་རྣམས་ཀྱིའོ། །དེ་ཀུན་འདི་ལས་འབྱུང་བས་མའོ། །བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱའོ། །དེ་བས་

ན་དེ་དག་གི་དོན་བྱེད་པར་བསྟན་པར་འགྱུར་རོ། །ཡང་ཇི་ལྟར་གཅིག་གིས་དུ་མའི་ངོ་བོ་བྱེད་ཅེ་ན། ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦུང་མ་ལ་སོགས་པའི་ས་བོན་ས་ལ་བཏབ་པ་ན་ཉམས་པ་ལ་སོགས་པ་མེད་པས་གནས་པ་རིམ་གྱིས་འབྱུང་བར་འགྱུར་ཏེ། གཞན་

ཡང་ཤིང་གཅིག་ལས་ལྷན་ཅིག་བྱེད་པའི་ཚོགས་པ་རྙེད་ནས་རྣམ་པ་མང་པོའི་གཟུགས་དག་འབྲས་བུའི་རྣམ་པར་རབ་ཏུ་སྐྱེའོ། །དཔེ་དེ་བཞིན་དུ་ལྷན་ཅིག་བྱེད་པའི་བྱེ་བྲག་གི་དབྱེ་བས་དེ་བཞིན་དུ་གཅིག་གིས་ཀྱང་རྒྱལ་བ་དེ་བཞིན་གཤེགས་པ་དུ་མའི་དོན་བྱེད་པར་དགོངས་སོ། །

སངས་རྒྱས་དེ་དག་གི་ཡང་བྱམས་པ་ལ་སོགས་པ་དང་པོའི་རྒྱུ་ཉིད་མ་ཡིན་ནམ་ཇི་ལྟར་ཡུམ་གཅིག་གི་རྒྱུ་ཉིད་ཡིན་པར་སྨྲ་ཞེ་ན། ཕ་རོལ་ཕྱིན་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་ལ་སོགས་པ་སྤྱིར་ཇི་སྙེད་ཡོད་པ་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་གོམས་པར་བྱེད་པ་

ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ནོ། །ཁྱད་པར་དུ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་སྦྱིན་པ་ལ་སོགས་པའི་ཆོས་ཇི་སྙེད་པ་གང་གི་ཕྱིར་དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེས་ཏེ། བྱེད་པ་པོ་དང་། ལས་དང་། བྱ་བ་མི་དམིགས་པས་ཕྱིན་ཅི་མ་ལོག་པར་གྱུར་པ་དེ་བས་ན་དེ་

ཉིད་གཙོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་ཡང་རྗེས་སུ་འབྲང་བ་མ་ཡིན་ནམ་གང་གི་ཕྱིར་དེ་སྐད་སྨྲ་ཞེ་ན། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་

Vol. 86 · folio 27a

དང་བཞི་ལ་མས་རིམ་བཞིན། །ཞེས་གསུངས་པའི་འཁོར་ལོས་སྒྱུར་བ་བཞི་ལས་གང་ཡང་རུང་བ་ལ་རྒྱལ་པོ་གཞན་ཡང་འཁོར་ལོས་སྒྱུར་བ་གང་ནས་འགྲོ་བའི་ལམ་ནས་འགྲོ་ཞིང་འདུད་པར་བྱེད་དེ། དེ་ཉིད་ཀྱི་བསོད་ནམས་ཀྱི་དབང་གིས་སྐྱེས་

པའི་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་བདུན་དང་དཔུང་སྟེ་གླང་པོ་ཆེ་ལ་སོགས་པའི་ཚོགས་ཀུན་ནོ། །གང་དེ་བཞིན་དུ་ཕྱིན་ཅི་མ་ལོག་པའི་རང་བཞིན་གྱི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བ་རྣམས་ཀྱི་སྟེ། འགྲོ་བས་བདག་མེད་པ་རྟོགས་པ་རྒྱུད་ལ་རྣལ་འབྱོར་གྱིས་བསྐྱེད་དེ། དེའི་དབང་

གིས་བྱུང་བ་མ་ཡིན་པའི་ཕྱིར་ཡོན་ཏན་ཀུན་ཏེ། བྱམས་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པས་རང་བཞིན་འཛིན་པའི་ཕྱིར་ཆོས་སོ། །ཡང་དག་པ་ལ་མངོན་དུ་ཕྱོགས་པ་བསྐྱེད་དེ། དེ་བས་ན་ཕྱིན་ཅི་མ་ལོག་པའི་ཤེས་པ་སྔོན་དུ་འགྲོ་ཞིང་དེ་ནས་ཆོས་ཐམས་ཅད་འགྲོའོ། །ཡུལ་ནི་

གང་ཅུང་ཟད་ཅིག་གི་རྗེས་སུ་མི་འགྲོ་སྟེ། སྐྱེད་པར་མི་བྱེད་པའི་ཕྱིར་རོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་རང་དང་གཞན་གྱི་དོན་འདོད་པས་ཡུམ་ལ་འདོད་པ་བསྐྱེད་པར་བྱའོ་ཞེས་སྟོན་པར་འགྱུར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཕ་རོལ་ཏུ་ཕྱིན་པས་དཔག་ཏུ་

མེད་པའི་ཕན་ཡོན་འཛིན་པ་དང་མཆོད་རྟེན་ལ་བཀུར་སྟི་བྱ་བའི་ལེའུ་སྟེ་གསུམ་པའི་བཤད་པའོ།། །།དེ་ནས་དེའི་རྗེས་ལ་བདག་གི་རང་བཞིན་དུ་འགྲོ་བ་རྣམས་བྱས་པའི་ཕྱིར་གཞན་གྱི་དོན་དུ་མོས་པ་ཡིན་ཏེ། དེ་བསྟན་པའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། དེ་དག་ཆ་གཉིས་བཞག་པ་ལས། ཀཽ་ཤི་ཀ་ཁྱོད་ཆ་གང་ལེན་ཞེས་རྒྱལ་བས་དྲི་བ་རྨས་པ་དང་། གང་གི་རྒྱལ་བའི་སྐུ་གདུང་གིས་དོག་ས་ཐམས་ཅད་ཁྱབ་པར་གཏམས་ཏེ་རྩེ་མོ་བྱུར་བུར་བགྱིས་པས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཆར་གཞག་

པའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆ་འདི་ཉིད་ལེན་ཏོ་ཞེས་གསོལ་བའི་ཚིགས་སུ་བཅད་པའི་དོན་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་གདུང་ལེན་པ་ལ་མ་གུས་པ་གང་གི་རྒྱུ་ཡིན་ཞེ་ན། ལན་དུ་ཅི་སླད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་

Vol. 86 · folio 27b

གདུང་ལ་མི་གུས་པ་བདག་མ་ལགས་ཏེ། འོན་ཀྱང་རྒྱལ་པོ་ལ་ཉེ་བར་བརྟེན་པའི་མིས་དེའི་མཐུས་རྙེད་པ་ཐོབ་སྟེ་དེའི་ལྗོངས་ཀྱི་ཡུལ་པ་ཐམས་ཅད་ཀྱིས་མཆོད་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བརྟེན་ནས་ཆོས་མཐར་ཐུག་པ་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པས་དེའི་དབང་

གིས་ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་པ་གཉིས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་ཏེ། བདག་ཉིད་ཆེན་པོའི་རྣལ་འབྱོར་གྱིས་བསྟེན་པས་དེའི་ཕྱིར་སྐུ་གདུང་སྲོག་ཆགས་རྣམས་ཀྱིས་མཆོད་དེ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་

པོ་བསྟེན་པར་བྱས་པས་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་པས་རྟེན་མེད་པའི་ཕྱིར་མི་མཆོད་དོ་སྙམ་པ་ལ་ནུས་པ་ཡོད་པར་དཔེ་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། ནོར་བུ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནོར་བུ་རིན་པོ་ཆེ་མི་མ་

ཡིན་པ་སེལ་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས་དེ་ཉིད་ཀྱི་ཕྱིར་རིན་ཐང་ལས་འདས་པས་རིན་ཐང་མེད་པར་ཐོབ་བོ། །གབ་ཙེ་གང་དུ་སྦས་པའི་གབ་ཙེ་དེ་ལ་ནོར་བུ་རིན་པོ་ཆེ་དེའི་མཐུས་ཕྱག་བགྱི་བར་འོས་སོ། །དེ་གབ་ཙེ་ལས་ཕྱུང་བར་གྱུར་པ་དེ་ནི་རིན་པོ་ཆེ་སྟོན་པའི་

གབ་ཙེ་ལས་རེག་པར་དགའ་བ་དང་ལྟ་བ་ལ་སོགས་པ་སྟེ། ཀྱང་གི་སྒྲ་ནི་གབ་ཙེ་ལ་ཡང་ངོ་། །ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཡོན་ཏན་གྱི་རང་བཞིན་ནོར་བུ་རིན་པོ་ཆེ་དེའི་ཡིན་པས་ན་ལགས་སོ། །དེ་བཞིན་དུ་དེ་དང་འདྲ་བར་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས་

བཅོམ་ལྡན་འདས་མྱ་ངན་ལས་འདས་པར་ཁས་བླངས་པར་ཡུམ་གྱི་མཐུས་རིང་བསྲེལ་གྱི་སྐལ་བ་དང་ལྡན་པ་ལ་ཆོ་འཕྲུལ་གྱི་སེམས་དང་བའི་རྒྱུ་ཡིན་པའི་ཕྱིར་རྒྱལ་བའི་རིང་བསྲེལ་ཏེ། རིང་བསྲེལ་ཡོངས་སུ་བརྟགས་པའི་མདོའི་མཚན་ཉིད་དང་ལྡན་པས་མཆོད་པ་བརྙེས་སོ། །དེ་ལྟ་

བས་ན་གང་ཞིག་རྒྱལ་བའི་ཡོན་ཏན་གཞན་གྱི་དོན་ལ་མོས་པ་ཡོངས་སུ་འཛིན་པར་འཚལ་བ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པ་ལ་སོགས་པ་ལ་མངོན་པར་སྦྱོར་བས་བླངས་ནས་གནོད་པ་ཐམས་ཅད་ཞི་བས་ན་འདི་ནི་ཐར་པ་ལགས་ཏེ་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་

Vol. 86 · folio 28a

དུའོ། །དེ་དག་གིས་གཞན་གྱི་དོན་ལ་མོས་པ་བསྟན་ནས། ཅི་སྟེ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་ཡང་མོས་པ་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་རྒྱལ་བ་སྐྱེད་མ་ཉིད་ཁོ་ན་གཙོར་བྱས་ནས་མོས་པ་རྣམ་པ་གསུམ་དུ་བསྟན་ཅེ་ན། སྦྱིན་

པ་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱེད་པ་པོ་དང་། ལས་དང་བྱ་བའི་བྱེ་བྲག་གི་དམིགས་པར་སྦྱིན་པ་ལ་སོགས་པའི་རང་བཞིན་ལ་དང་པོར་འཇུག་པས་སྔོན་དུ་འགྲོ་བ་ཤེས་རབ་སྟེ། དེ་ལྟར་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །

སྔར་བཤད་པའི་ཡང་གི་སྒྲ་འདིར་ཡང་སྦྱར་བར་བྱའོ། །དགེ་ཆོས་ནི་སྦྱིན་པ་ལ་སོགས་པའོ། །ཆུད་མི་གསོན་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་མི་བསྔོ་བས་ཡུན་རིང་དུ་གནས་པར་བྱའོ། །ཡོངས་སུ་འཛིན་པ་ནི་མི་དམིགས་པ་ཡིན་ནོ། །རྒྱུ་མཚན་ནི་ཚུལ་གཅིག་སྟེ།

དེའི་སྙིང་པོ་ཅན་ཡིན་པའི་ཕྱིར་བསྡུས་པ་གོམས་པར་བྱས། སེམས་བསྐྱེད་པ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ངེས་པར་བྱས་ནས་སྣང་བ་སྟེ་མངོན་སུམ་བཞིན་ནོ། །དེ་བས་ན་དེ་ལ་མོས་པ་རྣམ་པ་གསུམ་བསྟན་ཏོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་

ནི་ཁྱད་པར་མེད་པ་ཐམས་ཅད་ལ་ཡིན་ཏེ། དཔེ་སྔོན་དུ་འགྲོ་བས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཛམ་བུའི་གླིང་ན་ཤིང་མང་བྱེ་བ་སྟོང་རིམ་པ་བཞིན་དུ་རྒྱུ་དང་འབྲས་བུ་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མ་གཟུགས་མཚན་

ཉིད་མི་མཐུན་པ་མང་པོའི་རང་བཞིན་ནོ། །གང་གི་ཚེ་གྲིབ་མ་ཞེས་གྲངས་སུ་བརྗོད་པ་འབའ་ཞིག་ཏུ་འགྲོ་ཞིང་རབ་ཏུ་འཐོབ་སྟེ། གྲིབ་མ་དེ་ཡང་སྣ་ཚོགས་པ་མེད་པའི་ཕྱིར་སྒྲ་ཐ་དད་པ་ཡང་མེད་དེ། ཁྱད་པར་མེད་པར་གྲིབ་མ་མ་ཡིན་པ་གཞན་ལས་ལྡོག་པས་གྲིབ་མ་ཙམ་མོ། །

དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཁོར་གསུམ་རྣམ་པར་དག་པར་ཕྱིན་ཅི་མ་ལོག་པའི་རང་བཞིན་གཞན་དུ་ཡོངས་སུ་སྤོང་བ་ཡིན་ནོ། །ལྔ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །རྒྱལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སངས་རྒྱས་ཉིད་དུ་མཚོན་

Vol. 86 · folio 28b

པར་གྱུར་པའི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པས་ཡོངས་སུ་བསྔོས་ན་སྦྱིན་པ་ལ་སོགས་པ་དེ་དག་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། རྒྱལ་བའི་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །རྣམ་པ་གཉིས་ཀྱིས་སྦྱིན་པ་ལ་སོགས་པ་ལྔ་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཤེས་རབ་འཕེལ་བ་ནི་གཙོ་བོ་དོན་དང་

མཐུན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དྲུག་པ་ནི་རབ་ཏུ་གྲགས་པ་ཡིན་ནོ། །གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་རྣམ་པར་བཅད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་མིང་དུ་བརྗོད་དེ། སྣ་ཚོགས་པའི་ཁྱད་པར་སྤངས་ཏེ་ཚུལ་གཅིག་པས་རང་བཞིན་གཅིག་པར་འགྱུར་རོ། །

འགྱུར་བ་བྱང་ཆུབ་ཀྱི་ངོ་བོར་རོ། །དེ་བས་ན་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་གསལ་བར་བྱེད་པའི་ཕྱིར་ཡུམ་གང་ཡིན་པ་ཉིད་འདྲི་བ་ལ་སོགས་པའི་བསམ་པས་ཡོངས་སུ་དག་པས་དེ་ཉིད་ཐམས་ཅད་དུ་གནས་པར་གྱུར་པ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་

ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་སྟེ་བཞི་པའི་བཤད་པའོ།། །།མོས་པ་འདི་གསུམ་གྱི་བཅོས་མའི་ཉེས་པ་སྤང་བ་ནི་གོམས་པ་ཡིན་པར་ཤེས་ནས་བཅོས་མ་སྤང་བའི་ཕྱིར་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་ཀུན་བརྟགས་པའི་གཟུགས་མི་རྟག་པ་དང་གང་ཞིག་རྣམ་པར་བརྟགས་པའི་གཟུགས་ལ་སོགས་པའི་སྐད་ཅིག་གཞན་དུ་མི་གནས་པས་མི་རྟག་པ་དང་། ཆོས་ཉིད་ཀྱི་གཟུགས་ཀྱི་བདག་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བས་མི་

རྟག་པའོ་ཞེས་མོས་པས་མོས་པར་བྱ་ཞིང་གསལ་བར་བྱེད་ན་དེ་བཅོས་མ་སྟེ་སྐབས་ཀྱི་དོན་སྤངས་ནས་སྤྱོད་མ་སྟེ། དངོས་པོའི་རང་བཞིན་རབ་ཏུ་མི་ཤེས་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་རྣམས་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པས་སྐྱེ་བོ་མཁས་པས་ནམ་ཡང་ཆོས་རྣམས་འཇིག་པར་མི་

བྱེད། འཇོག་པར་མི་བྱེད་དེ། དངོས་པོ་འདི་དག་བརྫུན་པའི་ཕྱིར་རོ། །ལྡོག་པའི་སྒོ་ནས་བསྟན་པའི་ཕྱིར་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གང་ན་ནི་དངོས་པོ་སྟེ། ཆོས་ཉིད་ལ་མོས་པས་གཟུགས་མིན་ཚོར་བ་མིན་ཏེ་མི་དམིགས་སོ། །འོན་ཀྱང་ཆོས་ཐམས་ཅད་དེ་

Vol. 86 · folio 29a

ཁོ་ན་ཉིད་དུ་མ་སྐྱེས་ཤིང་རང་བཞིན་གྱིས་སྟོང་པར་ཤེས་པ་དེ་ནི་དེ་དག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ཏེ། ཡང་དག་པར་མོས་པས་བཅོས་མ་སྤངས་ཞེས་བྱ་བའི་བར་དུའོ། །དེ་ནས་དེའི་རྗེས་ལ་མོས་པ་གསུམ་སྒོམ་པར་

བྱེད་པའི་བྱང་ཆུབ་སེམས་དཔའ་གོང་ནས་གོང་དུ་འཇུག་ཅིང་སྤྲོ་བར་བྱ་བའི་ཕྱིར་ཡང་དག་པར་ཡོད་པའི་ཡོན་ཏན་བརྗོད་པ་ནི་རིམ་པ་བཞིན་དུ་བསྟོད་པ་དང་། བཀུར་བ་དང་། བསྔགས་པ་སངས་རྒྱས་ལ་སོགས་པ་མཛད་དོ། །ཞེས་སྟོན་པ་ལ་སོགས་པས་བསྟན་པར་བཞེད་ནས།

ལ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་སེམས་ཅན་ཇི་སྙེད་པ་ཀུན་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་སྟེ་གཞུང་གི་བདག་ཉིད་ལ་མོས་པར་བྱེད་པ་གང་ཡང་

རུང་བ་ལ་ཡི་གེར་བྲིས་ཏེ། སེམས་ཅན་གཞན་རྣམས་ལ་གླེགས་བམ་བྱིན་ན་དེ་བས་འདི་བསོད་ནམས་རབ་ཏུ་མང་པོ་སྐྱེ་སྟེ། སྔ་མའི་དོན་བྱེད་པ་ལས་ཁྱད་པར་དུ་འཕགས་སོ། །གང་གིས་གླེགས་བམ་ཙམ་བྱིན་པས་བསོད་ནམས་ཁྱད་པར་དུ་འཕགས་ཤེ་ན། ལན་དུ་ཅི་ཕྱིར་

ཞེས་བྱ་བ་གསུངས་ཏེ། ཚིགས་སུ་བཅད་པ་འདིར་རིམ་པ་གཞན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་མཉན་པས་ཉན་ཐོས་ཀྱི་རང་གི་རྣམ་པར་གྲོལ་བ་དང་། རང་སངས་རྒྱས་ཀྱི་རང་གི་བྱང་ཆུབ་དང་། དེ་བཞིན་གཤེགས་པའི་སངས་རྒྱས་ཏེ་བསམ་པ་དང་

བསྒོམ་པས་མྱུར་དུ་རེག་གོ། །འདི་ལྟར་གླེགས་བམ་ནི་འདིར་ཡུལ་ཡིན་ཏེ། བླངས་ནས་དེ་ལ་བསླབས་པས་མུ་སྟེགས་ཅན་ངན་པ་སྨྲ་བས་ཟིལ་གྱིས་མི་གནོན་པའི་ཕྱིར་སྨྲ་མཆོག་སྟེ། འདིར་སྟོང་པ་ཉིད་ནི་བྱང་ཆུབ་རྣམ་པ་གསུམ་པོ་མ་ལུས་པ་དེའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །

དེ་བས་ན་མ་ཚང་བ་མེད་པ་ནི་བྱང་ཆུབ་གསུམ་བྱིན་པ་ཡིན་པའི་ཕྱིར་གླེགས་བམ་ཙམ་བྱིན་པ་བསོད་ནམས་ལྷག་པའི་རྒྱུ་ཡིན་ཏེ། འདི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཡུམ་ལ་འདིར་གང་ཡང་རུང་བའི་བྱང་ཆུབ་སེམས་དཔའ་མོས་པ་ནི་ཐམས་ཅད་ནས་བསོད་ནམས་ཁྱད་པར་དུ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words