བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་ཞེས་བྱ་བ
Sanskrit title (Tibetan script, as in the text) བྷ་ག་བཱན་རཏྣ་གུ་ཎ་སཉྩ་ཡ་གཱ་ཐཱ་ནཱ་མ་པཉྫི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 86 · folio 56b
དང་། རྣལ་འབྱོར་དང་ལྡན་པ་ལ་ཁྱོད་སྔོན་ཡང་ཡོན་ཏན་ཚུལ་ཡང་འདི་འདྲ་ཞེས་བརྗོད་དེ། དེ་སྐད་གང་ཐོས་རློམ་སེམས་ཏེ་མངོན་པའི་ང་རྒྱལ་སྐྱེས་ན་བྱང་ཆུབ་སེམས་དཔའ་དེ་ནི་བདུད་ཀྱིས་ཡོངས་སུ་བསླངས་ཏེ་བདུད་འོངས་པ་དེ་ནི་བློ་ཆུང་བ་བསམ་པ་དམན་པའོ་ཞེས་བྱ་བའི་བར་དུ་
ཤེས་པར་བྱའོ། །ཡང་དབེན་པའི་གཞི་ལས་བྱུང་བའི་བདུད་ཀྱི་ལས་བསྟན་པའི་ཕྱིར། རབ་ཏུ་དབེན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྗོན་ཤིང་གི་སྐྱེ་བ་འཇིག་པའི་ཕྱིར། རབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱེར་རོ། །ཆུ་འབབ་པ་དང་ལྡན་པའི་ཕྱིར་རི་སུལ་ལོ། །
གྲོང་ལས་རྒྱང་གྲགས་ཀྱི་ཚད་ཙམ་ན་གནས་པ་ནི་དགོན་པའོ། །འབྲོག་དགོན་པ་ལ་སོགས་པར་སྟག་ལ་སོགས་པ་དང་བྲལ་བའི་ཕྱིར་རབ་ཏུ་དབེན་པའོ། །ནགས་ཀྱི་ཁྱད་པར་ནི་ནགས་ཁྲོད་དེ་རབ་ཏུ་སྟེན་བྱེད་ཅིང་གལ་ཏེ་བདག་ལ་བསྟོད་ལ་ཡོན་ཏན་ལ་སོགས་པ་མངོན་པའི་ང་རྒྱལ་
གྱིས་གཞན་ལ་སྨོད་ཅིང་ངན་པར་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་ནི་བདུད་ཀྱི་ལས་ཀྱིས་ཡོངས་སུ་བསླང་ཞིང་དེ་ནི་བློ་ཆུང་གི་བསམ་པ་བཟང་པོ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །འོ་ན་དབེན་པའི་གནས་ཇི་ལྟ་བུ་ཡིན་ཞེ་ན། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འཕགས་
ལ་སོགས་པ་ནི་གྲོང་ངོ་། །ཙམ་པ་ཀ་ལ་སོགས་པ་ནི་ཡུལ་ལོ། །པ་ཏྲ་ལི་པུ་ཏྲ་ལ་སོགས་པ་ནི་ཡུལ་འཁོར་ཏེ། རྟག་ཏུ་གནས་བྱེད་ཅིང་གཞན་དུ་ན་ཉན་ཐོས་ལ་སོགས་པའི་གདུལ་བྱའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་བསམ་པ་དག་པར་
ཞུགས་པས་བྱང་ཆུབ་ལ་བརྩོན་པས་གནས་པའོ། །དེ་ནི་དགྲ་བཅོམ་པ་དང་རང་རྒྱལ་ནི་རང་རྒྱལ་ལོ། །འདོད་པ་གཞན་ཡང་སྐྱེད་མི་བྱེད་དེ། བསྟན་མ་ཐག་པ་དེ་དག་དང་། མི་དགེ་བའི་ཆོས་ཐམས་ཅད་ལས་དབེན་པ་ནི་དབེན་པར་བསྟན་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བར་འབྲེལ་
ཏོ། །འདི་ནི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱིར་རོ། །བདེ་བར་གཤེགས་པའི་སྲས་ཀྱིས་དབེན་པར་གསུངས་སོ། །གཞན་ནི་དབེན་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་སུལ་ཏེ། སྦྲུལ་ནི་སྦྲུལ་
Vol. 86 · folio 57a
གདུག་པའོ། །གང་གི་ཕྱིར་ལོ་མང་བྱེ་བར་གནས་བྱེད་ཀྱང་གནས་ནི་ཁྱིམ་མོ། །དབེན་པ་འདི་ནི་བསྟན་མ་ཐག་པ་ཡིན་པར་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་སྙམ་དུ་རློམ་ན་ལྷག་
པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཉིད་ཐོབ་པ་མ་ཡིན་ནོ། །ང་རྒྱལ་གྱི་ཡུལ་དེ་ཉིད་བདུད་ཀྱི་སྤྱོད་ཡུལ་ལས་མ་འདས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་འགྲོ་
བའི་དོན་ལ་མངོན་དུ་ཕྱོགས་པ་ན་བརྩོན་པའོ། །བཟོད་པ་ནས་ཆོས་ཀྱི་མཆོག་གི་བར་གྱི་དད་པ་ལ་སོགས་པ་ནི་སྟོབས་སོ། །བསམ་གཏན་ནི་བཞི་སྟེ་མཉམ་པར་སྒྲུབ་པའོ། །དྲོད་དང་རྩེ་མོའི་རང་བཞིན་དད་པ་ལ་སོགས་པ་ནི་དབང་པོའོ། །སྟོང་པ་ཉིད་ལ་སོགས་པ་ནི་རྣམ་པར་ཐར་པའོ། །དཔའ་བར་
འགྲོ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་ཏོ། །ཐོབ་པ་དེ་ལ་འདི་ནི་དགོན་དབེན་སྤྱོད་པ་མིན་སྙམ་བྱང་ཆུབ་སེམས་དཔའ་བརྙས་བྱེད་ན། །དེ་ནི་བདུད་ཀྱི་སྤྱོད་ཡུལ་གནས་ཞེས་རྒྱལ་བས་གསུངས། །རྒྱ་ཆེར་བསྟན་པ་ཉིད་ཉེ་བར་བསྡུ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།
གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང་། རྣམ་པ་ཐམས་ཅད་དུ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པས་དབེན་པ་ནི་ཐེག་པ་གཉིས་ཀྱི་སེམས་བྲལ་ལོ། །བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པས་ན་བྱང་ཆུབ་མཆོག་ངེས་སོ། །བྱང་ཆུབ་སེམས་དཔའི་དབེན་པ་དེ་ལས་གཞན་ནི་
ཉན་ཐོས་ལ་སོགས་པ་དང་འབྲེལ་པ་ཡོན་ཏན་ཆུང་ངུ་ཐོབ་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་ཟད་པར་བྱེད་ཅིང་འདོར་རོ། །གང་གི་ཕྱིར་བསྟན་མ་ཐག་པའི་ཉེས་པས་དབེན་ཞིང་འགྲོ་དོན་ཞུགས་པ་རྣམས་ཀྱི་སྟེ། རྒྱལ་བའི་སྲས་རྣམས་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་
བདུད་ཀྱི་ལས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་བཤད་པའོ།། །།གང་གིས་ཡོངས་སུ་མ་ཤེས་པ་དེ་ཉིད་ཉེས་པ་སྟེ། མི་མཐུན་པའི་ཕྱོགས་དེ་དག་དགག་པའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བསྟན་མ་ཐག་པའི་ང་རྒྱལ་
Vol. 86 · folio 57b
ཉེས་པ་ཡིན་པ་དེ་ལྟ་བས་ན་ངེས་པར་བཅོམ་སྟེ། དེ་ལྟ་བུ་ནི་འཁོར་བར་ལྟུང་བའི་ཐབས་སྤོང་བས་ན་མཁས་པའོ། །མངོན་པར་ཡིད་ཆེས་པ་མང་བའི་ཕྱིར་བསམ་པ་དྲག་ལྡན་ནོ། །བྱང་ཆུབ་དམ་པ་ཚོལ་བ་དེས་ན་ནད་པའི་ཚོགས་ཀྱིས་སྨན་པ་བསྟེན་པ་ལྟར། འདོད་ཆགས་ལ་
སོགས་པ་རང་གི་ནད་གསོ་བའི་ཕྱིར་གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ་ཞེས་བསྟན་ཏོ། །དགེ་བའི་བཤེས་གཉེན་ཡང་གང་ཞིག་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་བཅོམ་ལྡན་འདས་སོ། །བྱང་ཆུབ་མཆོག་
ཞུགས་བྱང་ཆུབ་སེམས་དཔའ་དག་གིས་དགེ་བའི་བཤེས་གཉེན་དག་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་སྟོན་པ་ཉིད་དོ། །དེ་སྨན་པ་ལ་སངས་རྒྱས་ལ་སོགས་པ་ནི་ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤོང་བ་རྗེས་སུ་སྟོན་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་རྗེས་སུ་
གནས་པར་བྱ་བ་ཡིན་པའི་ཕྱིར་སྒྲུབ་པའི་ས་ཉིད་ཡིན་ནོ། །དེ་ལྟར་རྒྱུ་རྣམ་པ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས་ཏེ། དེ་ལས་མ་གཏོགས་པའི་དགེ་བའི་བཤེས་གཉེན་གཞན་ནི་མེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་སྒྲུབ་པའི་
ས་མ་ཡིན་ནམ། ཇི་ལྟར་དེ་ཉིད་ཁོ་ན་ཡིན་པར་སྟོན་ཅེས་དོགས་པ་ལ། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགགས་པས་ན་འདས་པའོ། འབྱུང་བར་འགྱུར་བའི་དུས་ཡིན་པའི་ཕྱིར་མ་བྱོན་པའོ། །དེ་ལྟར་ཉིད་ཡིན་པའི་ཕྱིར་བཞུགས་པའོ། །ཕྱོགས་བཅུ་དག་
གི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀུན་ཏེ། སངས་རྒྱས་ཇི་སྙེད་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་འདི་ཡིན་ཏེ། གཉིས་པ་མེད་པའི་ཕྱིར་གཞན་མ་ཡིན་ཏེ། གཞན་གྱིས་ཕྱིན་ཅི་ལོག་སྤོང་བ་མེད་པའི་ཕྱིར་རོ། །གང་གི་ཚེ་ཉོན་མོངས་པའི་སྒྲིབ་པའི་མུན་པ་བསལ་བས་ན་
བསལ་བའོ། །ཤེས་བྱའི་སྒྲིབ་པའི་མུན་པ་བསལ་བས་ན་སྒྲོན་མའོ། །དེ་བཞིན་དུ་ཡང་བྱང་ཆུབ་མཆོག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་མཐོང་བའི་ལམ་གྱིས་སྣང་བར་བྱེད་པས་ན་སྣང་བའོ། །ཡང་བསྒོམ་པའི་ལམ་བསྐྱེད་པ་རྗེས་སུ་སྟོན་པས་སྟོན་པར་འགྱུར་བའོ། །ཡང་
Vol. 86 · folio 58a
དག་པར་ཕ་རོལ་ཏུ་ཕྱིན་པ་འདི་དག་སྟོན་པའི་ཕྱིར་འདི་དག་ཉིད་ཁོ་ན་སྒྲུབ་པའི་ས་ཡིན་པར་དགོངས་སོ། །ཞར་ལ་བྱུང་བ་བསྟན་ནས་ད་ནི་སྐབས་ལ་བབ་པ་ཉིད་ཀྱིས་ཇི་སྐད་བསྟན་པའི་རྟགས་ལ་མངོན་པར་ཞེན་པ་མ་གྲུབ་པར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྱུ་མ་ལྟ་བུར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་དེ་དང་འདྲར་ཤེས་ཤིང་། དེ་བས་ན་
ཆོས་རྣམས་སྟོང་ཞིང་མཚན་མ་མེད་པར་རབ་ཤེས་ན། གང་གི་ཚེ་ཇི་སྐད་བསྟན་པའི་རྟགས་ལ་སྤྱོད་པ་དེའི་ཚེ་དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། ཇི་སྐད་བསྟན་པའི་རྟགས་ཀྱི་རང་བཞིན་རྣམས་དང་། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཡིན་ན་ཇི་ལྟར་ཀུན་ནས་ཉོན་མོངས་
པ་དང་རྣམ་པར་བྱང་བར་གཞག་ཅེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་བདག་གིར་ཞེན་པས་ཁམ་གྱི་ཟས་ལ་སོགས་པ་འདོད་བྱེད་ཅིང་། འདོད་པ་དང་གཟུགས་ལ་སོགས་པའི་སེམས་ཅན་དུ་ཡོངས་སུ་རྡོག་པས་འཁོར་བ་སྒྲུབ་པ་དང་། སྲུང་བ་མི་ཟད་པའི་སྐྱེ་བོ་ཕྱིན་ཅི་
ལོག་ལ་ཆགས་པའི་ཡིད་ལ་བྱེད་པ་དང་ལྡན་པས་དེས་སྐྱེ་བོ་སྲུང་བ་རྟག་ཏུ་འཁོར་རོ། །ཡང་དེ་ཁོ་ན་ཉིད་དུ་བདག་དང་བདག་གི་ལ་སོགས་པའི་ཆོས་ཉིད་གཉིས་མ་སྐྱེས་པའི་ཕྱིར་ཡང་དག་མིན་ཏེ་སྟོང་པའོ། །ཕྱིན་ཅི་ལོག་གི་སྟོབས་ཀྱིས་ནམ་མཁའ་ལ་མདུད་པ་བོར་རོ། །དེ་བཞིན་དུ་སྐྱེ་བོ་རྣམས་
རང་ཉིད་བཅིངས་པ་སྟེ་གྲོལ་བར་དཀའ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་ཞེ་ན། ཐ་སྙད་ལ་མི་མཁས་པའི་ཕྱིར་བྱིས་པ་སྟེ། བྱིས་པ་བཞིན་གྲོལ་བར་མི་ནུས་ཞེས་བྱ་བའི་བར་དུའོ། །དེས་ནི་ཀུན་ནས་ཉོན་མོངས་པའི་དངོས་པོར་རྣམ་པར་གཞག་གོ། །ཅི་འདི་དག་ཕྱིན་ཅི་ལོག་གི་སྟོབས་ཀྱིས་
ཀུན་དུ་སྟོན་པར་རྣམ་པར་གཞག་ཅེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་དུག་མེད་པ་ལ་ཕྱིན་ཅི་ལོག་གི་སྟོབས་ཀྱིས་དུག་ཏུ་ཤེས་པ་ཉིད་ཀྱིས་དུག་ལངས་ཏེ་མི་ལ་ཁྱབ་པའོ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། དེ་བཞིན་དུ་འཕགས་པའི་ལམ་མ་སྐྱེས་
Vol. 86 · folio 58b
པའི་ཕྱིར་ཡང་བྱིས་པའོ། །ཕྱིན་ཅི་ལོག་གི་སྟོབས་ཀྱིས་ལེགས་པར་སྦྱར་ཏེ། འདི་ནི་བདག་གོ། །འདི་ནི་བདག་གི་ཆོས་སོ་སྙམ་མོ། །དེ་སྐད་དུ་ཡང་། བདག་ཡོད་པ་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་གཉིས་དང་ནི་འབྲེལ་པ་ལས། །ཉེས་
པ་མ་ལུས་འབྱུང་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བདག་ཏུ་འདུ་ཤེས་པ་སྐྱེས་པ་དེས་ཀྱང་དེ་དག་ཉིད་དུ་དབེན་ཞིང་སྟོང་པའི་ཕྱིར་ཡང་དག་པ་མ་ཡིན་པ་ལ་བྱིས་པས་སྒྲོ་བཏགས་སོ། །ཇི་སྐད་བསྟན་པའི་ནུས་པ་ལས་བཟློག་པ་ནི་རྣམ་པར་བྱང་བའི་དངོས་པོར་རྣམ་པར་གཞག་
གོ། །བདེན་པ་གཉིས་ལ་ཡང་དག་པར་བརྟེན་ནས་གཉི་ག་རྣམ་པར་གཞག་པ་ཉེ་བར་བསྡུ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འཛིན་པ་སྟེ་མངོན་པར་ཞེན་པ་ནི་ཀུན་རྫོབ་བོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་བསྟན་ནས་ཇི་སྐད་བསྟན་པའི་མངོན་པར་ཞེན་པ་
བདག་དང་བདག་གི་ཆོས་སོ། །ཇི་ལྟར་མི་དམིགས་པ་དེ་ལྟར་རྣམ་པར་བྱང་བར་གསུངས། དེ་ཁོ་ན་ཉིད་དུ་འདི་ལ་གང་ཡང་སྟེ། སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་མེད་པས་གང་ཞིག་ཉོན་མོངས་རྣམ་དག་འགྱུར་མེད་པ། །བྱང་ཆུབ་སེམས་དཔས་ཤེས་རབ་ཕ་རོལ་ཕྱིན་པ་རྟོགས། །ཆོས་
ཉིད་ཅེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ལྟར་དེའི་རྟགས་ཤེས་པར་བྱས་ནས་རྩེ་མོའི་མངོན་པར་རྟོགས་པའི་རྣམ་པར་འཕེལ་བ་བསྟན་པའི་ཕྱིར་འཛམ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་གནས་པ་མ་ལུས་པ། །དེ་དག་ཐམས་ཅད་བྱང་ཆུབ་
མཆོག་ཏུ་སེམས་བསྐྱེད་ནས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་བྱིན་བྱས་ལ། དེ་དག་ཀུན་ནི་གཞན་ཡང་ངོ་། །འགྲོ་བའི་དོན་མངོན་པར་འདོད་པ་ནི་དོན་ཏེ་ཆེད་དུ་བྱང་ཆུབ་རྒྱུར་ཡོངས་བསྔོ་ཡང་། གང་ཟག་གཞན་གང་ཞིག་གིས་རྩེ་མོ་
མངོན་པར་རྟོགས་པའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བརྩོན་པ་ཐ་ན་ཉི་མ་གཅིག་ཅིག་ཡང་དག་པར་རྗེས་སུ་མཐུན་བྱེད་ན། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམ་པ་ཐམས་ཅད་འཕེལ་བ་དང་ལྡན་པའི་ཕྱིར་གང་ཟག་སྔ་མའི་བསོད་ནམས་ལ་ལྟོས་
Vol. 86 · folio 59a
ནས་སྔར་བསྟན་པའི་སེམས་ཅན་དེ་དག་གི་སྦྱིན་པའི་ཕུང་པོས་བསོད་ནམས་ཀྱི་རྒྱུའི་ཆར་ཡང་ཕོད་པར་མི་འགྱུར་རོ། །དེའི་ཕྱིར་གཡེལ་བ་མེད་པར་རྟག་ཏུ་ཤེས་རབ་འཇུག་པར་བྱ་སྟེ། བསྒོམ་པར་བྱ་ཞེས་ལྷག་མའོ། །ཡུལ་འདི་འབའ་ཞིག་ལ་གོམས་པར་བྱ་བ་
མ་ཡིན་ལ། འོན་ཀྱང་སྙིང་རྗེ་ཡང་གོམས་པར་བྱའོ་ཞེས་བསྟན་པའི་ཕྱིར་ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཇི་ལྟར་བསྟན་པའི་རང་བཞིན་ལ་མཉམ་པར་འཇོག་པའི་ཚེ་རྒྱལ་བའི་སྲས་དེ་ནི་རྣལ་འབྱོར་པའོ། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་
སེམས་ཅན་འདུ་ཤེས་མེད་དེ། མངོན་པར་ཞེན་པས་སེམས་ཅན་དུ་འདུ་ཤེས་པར་མི་བྱའོ། །དེའི་ཚེ་རྟགས་སྔོན་དུ་འགྲོ་བ་ཉིད་ཀྱིས་ན་མཁས་པའོ། །འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར་སྦྱིན་གནས་འགྱུར་རོ། །དུས་རྟག་ཏུ་གདོན་མི་ཟ་བར་ཐོབ་པའི་འབྲས་བུ་སྟེར་བའི་
ནུས་པ་དང་ལྡན་པའི་ཕྱིར་ཡུལ་འཁོར་བསོད་སྙོམས་དོན་ཡོད་ཡོངས་སུ་སྤྱོད་དོ། །དེ་བས་ན་སེམས་ཅན་གྱི་དོན་གྱི་རབ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་རྣལ་འབྱོར་སྒྲུབ་བོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་འདིར་
རང་གི་ཕྱིན་ཅི་ལོག་གི་སྟོབས་ཀྱིས་དུས་ཡུན་རིང་པོར་བཅིང་བའི་ལྷ་མི་ངན་སོང་གསུམ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །དགྲོལ་བར་ཡང་དག་པར་འདོད་པས་ལམ་ཡངས་ནི་ཐེག་པ་ཆེན་པོའོ། །འཁོར་བའི་རྒྱ་མཚོའི་ཕ་རོལ་གྱི་འགྲམ་སེམས་ཅན་གྱི་ཁམས་ལ་སྟོན་པར་འདོད་པས་ཞེས་སྔ་མ་
དང་འབྲེལ་ཏོ། །དེ་བས་ན་ཉིན་མཚན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་རྗེ་དང་བཅས་པ་འདི་ལ་བརྩོན་པར་བྱའོ། །དོན་དེ་ཉིད་ཁོ་ན་ཞེས་དཔེས་གསལ་བར་བྱ་བའི་ཕྱིར། མི་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་སྔོན་ཆད་མ་རྙེད་པའི་རིན་ཆེན་མཆོག་སྟེ། ཁྱད་པར་དུ་
འཕགས་པའི་དུས་གཞན་ཞིག་རྙེད་པར་གྱུར་ཏེ་དགའ་བ་ལས། དེ་མ་ཐག་ཏུ་ཡང་རྣམ་པར་གཡེང་བ་ལ་སོགས་པའི་སྤྱོད་པས་བག་མེད་པར་གྱུར་ཏེ། རྙེད་པ་སྟོར་ན་ནི་དེ་ལ་སྟོར་བར་མི་འདོད་པ་དང་མངོན་པར་འདོད་པའི་དངོས་པོ་དང་བྲལ་བའི་ཡིད་ལ་བྱེད་པས་རིན་ཆེན་འདོད་པས་རྟག་ཏུ་སྡུག་
Vol. 86 · folio 59b
བསྔལ་ལོ། །དེ་ལྟར་དེ་བཞིན་དུ་བྱང་ཆུབ་མཆོག་ཞུགས་རྙེད་པར་དཀའ་བའི་ཕྱིར་རིན་པོ་ཆེ་དང་འདྲ་བའི་སྙིང་རྗེ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དོར་བར་མི་བྱའོ། །རིན་ཆེན་དོར་བ་རྙེད་པ་ལྟར། །འདི་ལྟར་གོས་ལ་སོགས་པ་ལ་གཏུམས་ནས་རབ་ཏུ་བརྩོན་
པས་སེམས་ཅན་འཛིན་ཏོ། །གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་ཡུན་རིང་པོར་གོམས་པ་དང་རྗེས་སུ་འབྲེལ་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་མྱུར་བ་ཉིད་དུ་ཡང་དག་པའི་ལམ་དུ་ཞུགས་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་
པ་ལས་དགེ་བའི་བཤེས་གཉེན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་བཤད་པའོ།། །།སྙིང་རྗེ་དང་ཤེས་རབ་དག་གིས་རྣམ་པར་འཕེལ་བ་ཐུན་མོང་གི་འབྲས་བུ་བསྟན་ནས། ཁྱད་པར་གྱི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་རྟོགས་པར་བྱ་བའི་ཕྱིར། དཔེ་སྔོན་དུ་འགྲོ་བས།
ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཉི་མ་སྤྲིན་དང་བྲལ་བས་གསལ་བར་འཆར་བའི་འོད་ཟེར་དྲ་བ་ཅན། །མུན་ནག་ཐིབས་པོའི་མུན་པ་ཐམས་ཅད་འཇོམས་འཆར་བ། །རང་གི་འོད་ཀྱིས་འཕྲོ་བ་སྲིན་བུ་མེ་ཁྱེར་སྲོག་ཆགས་འབྱུང་པོ་ཐམས་ཅད་དང་། པ་བ་སངས་དང་། ཕུར་
བུ་ལ་སོགས་པའི་སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན་པ་དེ་བཞིན་དུ་ཇི་སྐད་བཤད་པའི་ཤེས་རབ་ཀྱིས་རང་བཞིན་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད། མཁས་པ་བྱང་ཆུབ་སེམས་དཔའ་འཇིག་ཚོགས་ལ་ལྟ་བའི་ཐིབས་པོ་ཐམས་ཅད་དོན་མེད་པའི་རྒྱུ་ཡིན་པའི་ཕྱིར་བཅོམ་ནས་
འགྲོ་བ་ཀུན་དང་། དགྲ་བཅོམ་རང་རྒྱལ་བྱང་ཆུབ་སེམས་མང་ཟིལ་གྱིས་གནོན་ཏེ། ཇི་སྐད་བསྟན་པའི་སྙིང་རྗེ་དང་ཤེས་རབ་ཤིན་ཏུ་རྣམ་པར་འཕེལ་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་ལ་རྣམ་པར་སྤྱོད་པས་སྤངས་པ་ཆེ་བས་བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ་ཡིན་ཞེས་བྱའོ། །མི་
མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་བསྟན་ནས། ད་ནི་དེ་བཞིན་དུ་གཉེན་པོ་ཐོབ་པ་ཡང་བསྟན་པར་བཞེད་ནས། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྒྱལ་པོའི་བུ་ཞིག་བྲན་རྣམས་ལ་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ནོར་གཏོང་ངོ་། །ལུགས་ཀྱི་བསྟན་
Vol. 86 · folio 60a
བཅོས་ཀྱི་ལམ་གྱི་རྗེས་སུ་ཞུགས་པས་དོན་སྒྲུབ་པ་ལ་མཁས་པའི་ཕྱིར་དོན་འདོད་པའི་རྒྱལ་པོའི་སྲས་ཀུན་ལས་དེ་ཉིད་གཙོར་ཕུལ་དུ་བྱུང་བར་འགྱུར་བའི་ཕྱིར་གཙོ་བོར་གྱུར་པའོ། །འཇིག་རྟེན་གྱིས་བསྟེན་པར་བྱ་བའི་ཕྱིར་མངོན་པར་འགྲོ་བྱ་འོས། འདི་ནི་ད་ལྟར་ན་ཡང་
སྟེ་དབུལ་པོའི་གནས་སྐབས་ན་སེམས་ཅན་མང་པོའི་ཕྱིར་བཀུར་སྟི་ལ་སོགས་པས་དགའ་བར་བྱེད་དོ། །དེ་བས་ན་དབང་བསྐུར་བ་ཐོབ་པ་ཅོད་པན་བཅིངས་པར་གྱུར་པ་རྒྱལ་པོ་ཁྱད་པར་ཅན་དུ་གནས་པས་སེམས་ཅན་མང་པོ་དགའ་བར་འགྱུར་བ་ལྟ་ཅི་སྨོས། དེ་བཞིན་དུ་ཤེས་རབ་དང་སྙིང་
བརྩེར་བཅས་པར་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་གཉེན་པོ་ཐོབ་པའི་སྟོབས་ཀྱིས་ཆོས་སྟོན་པ་ན་ཉམས་པ་མེད་པར་ཆོས་སྟོན་པའི་ཕྱིར་མཐོང་བའི་ལམ་ལ་སོགས་པའི་བདུད་རྩི་སྦྱིན་པར་བྱེད་པས་ལྷ་དང་མི་རྣམས་དགའ་བར་བྱེད་པར་འགྱུར་རོ། །འདི་ནི་ད་ལྟ་ན་ཡང་སྟེ་ཆུང་ངུ་ཐོབ་པའི་
གནས་སྐབས་ན་ཡང་སེམས་ཅན་མང་པོ་ལ་ཕན་པ་བདེ་བ་ལ་བརྩོན་ཏེ། མཐོང་བའི་ལམ་ལ་སོགས་པ་སྟོན་པའི་ཕྱིར་རོ། །བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕུལ་དུ་བྱུང་བའི་ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ན་དེའི་ཚེ་སེམས་ཅན་བདེ་བ་ལ་བརྩོན་པ་ལྟ་ཅི་སྨོས་ཞེས་སྔ་མ་དང་སྦྱར་རོ། །
ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས། བརྒྱ་བྱིན་གྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའི་བཤད་པའོ།། །།དེ་ལྟར་གཉེན་པོ་ཤིན་ཏུ་འཕེལ་བས་རང་གི་སྤྱོད་ཡུལ་ལས་འདས་པས་བདུད་བརྩོན་པ་ཆེན་པོ་བྱེད་པར་བསྟན་པའི་ཕྱིར། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་
གི་ཚེ་གཉེན་པོ་སྐྱེས་པ་དེའི་ཚེ་བདུད་ནི་ཟུག་རྔུ་ལྡན་པར་འགྱུར་ཏེ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ། ཡིད་མི་བདེ་བ་ཐོབ་པ་དང་། ཟུག་རྔུ་དང་མྱ་ངན་གྱི་དོན་གྱིས་སྡུག་བསྔལ་ཏེ། དེ་ཉིད་ཀྱི་ཕྱིར་ཡིད་མི་བདེ་ཉམ་ཆུང་བར་འགྱུར། །ཇི་ལྟར་བྱང་ཆུབ་སེམས་དཔའ་གཉེན་པོ་སྒོམ་
པ་ལས་འདི་ཡིད་ནུར་འགྱུར་ཞིང་། འཇིགས་པ་བསྟན་ཕྱིར་ཕྱོགས་དང་ཕྱོགས་མཚམས་རྣམས་སྲེག་ཅིང་སྐར་མདའ་གཏོང་མོད་ཀྱི། དེ་ལྟ་ན་ཡང་བར་ཆད་བྱེད་མི་ནུས་སོ། །གང་ཞིག་ལ་མི་ནུས་ཤེ་ན། ལན་དུ་གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་མཁས་པར་གྱུར་
Vol. 86 · folio 60b
པའི་སྙིང་རྗེ་ཕུན་སུམ་ཚོགས་པ་ཡང་དག་པའི་བསམ་པ་དང་ཡང་དག་པར་རབ་ཏུ་ལྡན་པས་ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་བསྒོམ་པའི་སྟོབས་ཀྱིས་དོན་ལ་ལྟ་བ་དེའི་ཚེ་ཤེས་རབ་དང་སྙིང་རྗེ་གོམས་པས་ལུས་སེམས་ནི་ཉེ་བར་མཚན་པའི་ཕྱིར་དག་ཀྱང་ངོ་། །མཁའ་ལ་འགྲོ་བའི་བྱ་དང་
མཚུངས་པ་ཉིད་ཀྱིས་མཉམ་པ་གང་ཅུང་ཟད་ལ་ཡང་མི་གནས་པར་གྱུར་པ་ལ་ནག་པོའི་ལས་ཀྱི་གྲོགས་བྱེད་པའི་ཕྱིར་ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར་ཏེ། ཡང་དག་པར་ཞུགས་པའི་ཕྱིར་མི་འགྱུར་རོ། །ལམ་ལ་ཡང་དག་པར་མ་ཞུགས་པ་ལ་ནི་ནུས་སོ་ཞེས་བསྟན་པའི་ཕྱིར།
གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཚེ་བྱང་ཆུབ་སེམས་དཔའ་རང་གི་གནས་སུ་ངག་གི་རྩོད་པ་ནི་འཐབ་པའོ། །རྒྱལ་པོའི་ཕོ་བྲང་ལ་སོགས་པར་སོང་ནས་འཐབ་པ་ནི་རྩོད་པའོ། །ཕན་ཚུན་སྡང་བར་ཉེ་བར་གནས་པ་ནི་འགལ་བའོ། །ཁྲོ་བས་སྐྱེད་པའི་སེམས་མ་རུངས་
པར་སྤྱོད་པ་དང་ལྡན་པར་གྱུར་པའོ། །དེས་འཇུག་པ་ཐོབ་པས་བདུད་ནི་དགའ་འགྱུར་ཞིང་། དེ་ཉིད་མཆོག་ཏུ་ཉམས་བདེར་འགྱུར་རོ། །ཡང་དེ་གཉིས་འཐབ་མོ་ལ་སོགས་པ་བྱེད་པས་དེའི་བྱིན་གྱི་རླབས་ཀྱིས་རྒྱལ་བའི་ཤེས་རབ་ལས་ནི་རིང་འགྱུར་སྙམ། དེ་བཞིན་དུ་དེ་གཉིས་ཕན་པ་
དང་ཕན་པ་མ་ཡིན་པ་ཐོབ་པ་དང་། སྤོང་བའི་ཐབས་དང་བྲལ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ལས་རིང་དུ་འགྱུར་ཞིང་ཤ་ཟ་འདྲ་བར་འགྱུར་རོ། །དེ་བས་ན་ཡང་དེ་གཉི་ག་བཀག་པའི་འཐབ་མོ་ལ་སོགས་པ་བྱེད་ཅིང་བདག་ཉིད་བསྟོད་པས་དམ་བཅས་པ་ཉམས་པ་བྱེད་པར་འགྱུར། གང་གི་
ཚེ་ཞེ་སྡང་ཤས་ཆེ་བས་མི་བཟད་པས་གཞན་གནོད་པ་བྱེད་པ་མི་བཟོད་ཅིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། དེ་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་མང་པོ་དགའ་བར་འགྱུར་ཏེ། བདུད་ཀྱི་ཕྱོགས་ནི་བདུད་ཀྱི་སྡེ་ཚོས་མ་ཡིན་པ་འཐབ་མོ་ལ་སོགས་པ་བྱེད་པ་ཡིན་ནོ། །འོ་ན་ཇི་ལྟ་བུས་བྱང་
ཆུབ་ཐོབ་ཅེ་ན། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་མ་བསྟན་པ་དེ་ནི་ཉེ་བར་མཚོན་པའི་ཕྱིར་རོ། །ལུང་བསྟན་ཐོབ་པ་ལ་ཡང་སེམས་ཁྲོས་པ་ལ་སོགས་པས་བསྐྱེད་ཅིང་སུན་དབྱུང་བའི་སེམས་ཀྱིས་རྩོད་པ་རྩོམ་བྱེད་ཅིང་བཤགས་པ་ལ་སོགས་པ་མི་བྱེད་ན། དགེ་
Vol. 86 · folio 61a
བའི་བསོད་ནམས་མི་སྐྱེ་བས་ན་ཐ་བ་སྐྱོན་ལྡན་ནོ། །སེམས་ཀྱི་སྐད་ཅིག་ཇི་སྙེད་པ་དང་ལྡན་པ་དེ་སྙེད་ཀྱི་བསྐལ་པར་འཐབ་མོ་ལ་སོགས་པའི་སྡིག་པ་བསལ་བའི་ཕྱིར་དང་། གཉེན་པོ་ཐོབ་པར་བྱ་བའི་ཕྱིར་ཡང་ངོ་། །སངས་རྒྱས་ཉིད་མི་གཏོང་བར་འགྱུར་བས་གཞི་
ནས་གོ་ཆ་བགོ་དགོས་སོ། །འདི་ལྟ་བུས་བྱང་ཆུབ་འཐོབ་པ་ཞེས་བྱ་བར་དགོངས་སོ། །ཐབས་གཞན་བསྟན་པའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བཟོད་པའི་ཕ་རོལ་ཕྱིན་པས་བྱང་ཆུབ་རེག །དེ་སྙམ་དུ་བསམས་ནས་འཐབ་མོ་ལ་སོགས་པ་
བྱེད་པ་ནི་བྱང་ཆུབ་ཀྱི་བགེགས་ཡིན་པའི་ཕྱིར་རོ། །སེམས་འདི་བཟང་བ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང་། །སྡིག་པ་བཤགས་པའི་ཚིགས་སུ་བཅད་པ་ལས་སོ་སོར་བཤགས་པར་བྱེད་ཅིང་གང་སུ་ཡང་རུང་བ་ལས་ཕྱིས་ཀྱང་མི་བྱེད་པའི་སྡོམ་པ་ནོད་པར་བྱེད་པ་སྟེ། ངེས་པར་བྱས་ནས་ཐབས་
ཀྱིས་སམ། གང་ཟག་དེ་ཉིད་ལ་མགུ་བར་བྱེད་པས་སངས་རྒྱས་ཆོས་འདིར་སློབ་སྟེ། ཡང་དག་པའི་བྱང་ཆུབ་ཀྱི་ལམ་ལ་མཁས་ཞེས་བྱ་བའི་བར་དུའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་མངོན་པའི་ང་རྒྱལ་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའི་བཤད་པའོ།། །།
ང་རྒྱལ་དང་མངོན་པའི་ང་རྒྱལ་སྔར་དགག་པ་བྱས་ནས། དེ་བཞིན་དུ་བསླབ་པ་ཡོངས་སུ་སྦྱང་བ་ཡོངས་སུ་བསྒྲུབ་པ་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་ཉིད་ལ་སོགས་པའི་བསླབ་པ་ལ་སློབ་པའི་ཚེ་དོན་དམ་པར་གང་ཡང་
བསླབ་པར་བྱ་བའི་རང་བཞིན་ནམ། སློབ་པ་པོའི་བདག་ཉིད་དེ་བྱེད་པ་པོའི་རང་བཞིན་ནམ། བསླབ་པར་བྱ་བའི་ལས་ཀྱི་རང་བཞིན་རྣམས་མི་དམིགས་པ་ནི་ཉེ་བར་མཚོན་པ་ཉིད་དེ། མ་བསླབས་པའམ། མི་སློབ་པའམ། བསླབ་པར་མི་བྱ་བའི་ཆོས་སུ་མི་རྟོག་ཅིང་། དེ་བཞིན་དུ་བསླབ་
པ་དང་། བསླབ་པ་མ་ཡིན་པ་འདི་གཉིས་འཁོར་གསུམ་དུ་རྣམ་པར་དག་པ་སྟེ་མི་རྟོག་པས་ཀུན་རྫོབ་ཏུ་སློབ་སྟེ། ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤང་བའི་ཕྱིར་དེ་ལྟར་གང་སློབ་དེ་ནི་སངས་རྒྱས་ཐོབ་པར་བྱེད་པ་དགེ་བ་བཅུ་ལ་སོགས་པ་ནི་ཆོས་འདིར་སློབ་པ་ནི་ཕུལ་དུ་བྱུང་བར་གྱུར་པའོ། །
Vol. 86 · folio 61b
དེ་ཉིད་ཚུལ་ཁྲིམས་འཆལ་བ་དང་བྲལ་བ་ནི་སངས་རྒྱས་མཉེས་པར་བྱེད་པའི་ཆོས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟ་བུའི་བདེན་པ་གཉིས་ཀྱི་རིམ་པ་ལས་མ་འདས་པར་བསྟན་མ་ཐག་
པའི་བསླབ་པ་འདི་ཤེས་པ་དེ་ནི་གཞན་ཡང་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་བསླབ་ཉམས་ཚུལ་ཁྲིམས་འཆལ་མི་འགྱུར། དེ་ནི་སངས་རྒྱས་ཆོས་མཉེས་བྱ་ཕྱིར་འདི་ནི་འདི་ལ་སློབ་བོ། །བདེན་པ་གཉིས་ལ་བརྟེན་ནས་རིམ་པ་ཇི་ལྟ་བ་བཞིན་དུ་སློབ་པ་ནི་བསླབ་ལྷག་བསླབ་ལ་
མཁས་ཏེ་དངོས་པོར་དམིགས་པ་དང་བྲལ་བའི་ཕྱིར་དམིགས་པ་མེད་པའོ། །དེ་ཉིད་གང་ཡིན་ཞེ་ན། མཁས་པ་འོད་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པ་ནི་ཤེས་རབ་ཅན་ཏེ། བདེན་པ་གཉིས་ལ་བརྟེན་ནས་ཡེ་ཤེས་ཀྱི་འོད་མངའ་བའི་ཕྱིར་འོད་བྱེད་དོ། །དགེ་བ་མ་
ཡིན་སེམས་གཅིག་ཙམ་ཡང་སྐྱེད་མི་བྱེད། ཉི་མ་མཁའ་ལ་འགྲོ་བའི་སྟེ། བར་སྣང་ལ་འོད་ཟེར་བརྒྱ་ཕྲག་བཀྱེ་བས། མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་བཞིན། དེ་བཞིན་དུ་ཇི་སྐད་བསྟན་པའི་བསླབ་པ་ལ་སློབ་པས་ཡོན་ཏན་སྐྱེད་དོ་ཞེས་བྱ་བར་དགོངས་སོ། །སྦྱིན་པ་ལ་
སོགས་པའི་བསླབ་པར་བྱ་བ་གཞན་དག་ཡོད་པ་མ་ཡིན་ནམ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་སློབ་པར་བསྟན་ཞེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱས་པ་རྣམས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རྣལ་
འབྱོར་ལེགས་པར་སྦྱངས་པས་རྒྱལ་བའི་སྲས་རྣམས་ཀྱིས་འཁོར་དང་བཅས་པ་ལ་བསླབས་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཐམས་ཅད་འདིར་ནི་འདུས་པར་འགྱུར་ཏེ། ཚངས་པའི་དྲ་བས་ཞུས་པའི་མདོ་ལས། ཇི་ལྟར་འཇིག་ཚོགས་ལ་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་པར་བསྟན་ཏེ།
དེས་བསྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདི་དག་འཁོར་གསུམ་རྣམ་པར་དག་པ་ལ་གོམས་པར་བྱས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་པར་འགྱུར་རོ། །རྗེས་སུ་འགྲོ་བའི་སྒོ་ནས་བསྟན་ནས་ལྡོག་པའི་སྒོ་ནས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་
Vol. 86 · folio 62a
ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེ་བ་སྔ་མས་འཕངས་པའི་ཚེ་འགག་པ་ནི་སྲོག་གི་དབང་པོ་འགག་པའོ། །དབང་པོ་ཇི་སྙེད་ཡོད་པ་དམིགས་པ་དབང་པོའི་གྲོང་གི་ཚོགས་དེ་དག་འགག་པར་འགྱུར་ཏེ། རྟེན་མེད་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་སྤྱོད་པ་
མཁས་པ་བྱང་ཆུབ་སེམས་དཔའ་མཆོག་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ཇི་སྐད་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་དེའི་སྟོབས་ཀྱིས་གཟུང་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་ཐམས་ཅད་མེད་པར་འགྱུར་རོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་
པར་སྟོན་ཏོ་ཞེས་བྱ་བར་དགོངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་ཐམས་ཅད་བསླབས་པ་ཡིན་ན། ཉན་ཐོས་ཉིད་ལ་སོགས་པའི་ཡོན་ཏན་ཡང་འབྱུང་བས་དེ་དག་སྐྱོན་ཉིད་མ་ཡིན་ནམ་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་
ཐོས་ཀྱི་ཡོན་ཏན་ཐོབ་པའི་ལམ་ལ་སོགས་པ་གང་དག་ཡིན་པ་དང་། དེ་བཞིན་དུ་རང་རྒྱལ་རྣམས་ཀྱི་ཡོན་ཏན་ཀུན་ལ་བྱང་ཆུབ་སེམས་དཔའ་མཁས་པ་དེས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་གཞན་གྱི་དོན་དུ་སློབ་པར་བྱེད་པ་ཉིད་ཡིན་གྱི། ཡང་དེ་ལ་མི་གནས་ཏེ། དེ་བཞིན་དུ་
འདོད་པ་ཡང་མི་སྐྱེད་དེ། ཉན་ཐོས་ལ་སོགས་པའི་ཡོན་ཏན་འདི་ནི་གཞན་གྱི་དོན་དུ་བསླབ་བྱ་ཡིན་སྙམ་ནས་དེའི་ཕྱིར་སློབ་ཀྱི། དོན་དེ་ཉིད་མངོན་དུ་བྱེད་པས་སྐྱོན་མ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བསླབ་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའི་བཤད་པའོ།། །།
རྣམ་པར་འཕེལ་བ་དེ་ལྟ་བུའི་འཕེལ་བའི་བརྟན་པ་བསྟན་པའི་ཕྱིར། མི་ལྡོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཕྱིར་མི་ལྡོག་པའི་ཁྱད་པར་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་སྙིང་རྗེ་ཆེན་པོ་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་ལ་སོགས་པ་ལ་
བསམ་པ་ཐག་པས་ཡི་རང་བ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་རི་རབ་སྲང་ལ་གཞལ་བས་ཚད་གཟུང་བར་རུང་གི །རྒྱལ་བའི་སྲས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའི་བརྟན་པའི་ཚད་ནི་གཟུང་བར་མི་ནུས་ཏེ་དེ་ལྟ་ཡིན་ནོ། །ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཆོས་གཞན་དག་ལ་ཡང་བསྟན་པའི་ཚད་
Vol. 86 · folio 62b
ཉེ་བར་གཟུང་བར་མི་ནུས་སོ། །བསྟན་པ་དེ་ལྟ་བུས་བརྟན་པའི་སེམས་གནས་པ་བརྗོད་པར་བརྟན་པའི་ཕྱིར། དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཀྱི་ལམ་ལ་སོགས་པ་ནི་དགེ་བའི་དོན་གཉེར་རོ། །རབ་ཏུ་དགའ་བ་ལ་སོགས་པ་ནི་ཕན་པར་འདོད་པའོ། །སེམས་ཅན་ཇི་
སྙེད་པ་ཀུན་གྱི་བསོད་ནམས་ཕུང་པོ་ཇི་སྙེད་པ་ལའང་ཡི་རང་འགྱུར། དེའི་ཕྱིར་དེ་དག་བསོད་ནམས་ལྷག་པའི་རང་བཞིན་སེམས་བརྟན་པ་ཐོབ་པས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་རིམ་གྱིས་རྒྱལ་བའི་ཡོན་ཏན་རྗེས་སུ་ཐོབ་པར་གྱུར་ནས། ཕྱིན་ཅི་ལོག་མ་ལུས་པའི་སྡུག་བསྔལ་
ཟད་པར་བྱ་བའི་ཕྱིར་འཇིག་རྟེན་ཏེ་འགྲོ་ལ་ཆོས་སྦྱིན་བྱེད། འདིར་ཡང་རྟགས་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་རྩེ་མོའི་མངོན་པར་རྟོགས་པའི་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་བཞིའི་རང་བཞིན་ཡིན་ནོ། །ངེས་པར་འབྱེད་པའི་ཆའི་རྗེས་ལ་མཐོང་བའི་ལམ་ཡིན་ཏེ། དེ་ལ་ཡང་མི་
མཐུན་པའི་ཕྱོགས་རྣམ་པ་བཞི་སྟེ། གཟུང་བ་དང་འཛིན་པས་རྣམ་པར་རྟོག་པའོ། །ཡང་འདི་སྤོང་བར་བྱེད་པའི་གཉེན་པོ་དང་བླང་བར་བྱ་བ་ཡིན་པ་ལ་ཐམས་ཅད་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གཟུང་བའི་རྣམ་པར་རྟོག་པ་དང་པོ་སྤང་བར་བྱ་བ་བསྟན་པར་བཞེད་ནས། བྱང་ཆུབ་ཅེས་བྱ་
བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་མཐོང་བའི་ལམ་ལ་སྦྱོར་བའི་གནས་སྐབས་ན་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་པས་མི་རྟོག་པའོ། །རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར་ཆོས་རྣམས་ཀུན་སྟོང་པ་དང་མཚན་མ་མེད་པ་ཡོངས་སུ་ཤེས་པ་དང་། སྒྲོ་བཏགས་
པས་ཆོས་ཐམས་ཅད་དབེན་པའི་ཕྱིར་སྤྲོས་པ་མེད་པ་དེ་ཉིད་ཡོངས་སུ་ཤེས་པ་དེ་ནི་ཤེས་རབ་ཇི་སྐད་བསྟན་པས་རྣམ་པར་རྟོག་པ་གཉིས་ཀྱི་རྣམ་པས་བྱང་ཆུབ་ཚོལ་བར་མི་བྱེད་དོ། །རྒྱུ་དང་འབྲས་བུར་འབྲེལ་བ་གང་ཡིན་པ་དེ་ནི་རྗེས་སུ་འགྲོ་བ་དང་ལྡན་པའོ། །མཐོང་བའི་ལམ་ཡིད་ལ་བྱེད་པ་དང་ལྡན་
པའི་ཕྱིར་རྣལ་འབྱོར་པའོ། །མཐོང་བའི་ལམ་གྱི་བདག་ཉིད་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་གོ། །ཐམས་ཅད་ཟློག་པའི་ཕྱོགས་ཀྱི་རྟེན་ཅན་བཟུང་བའི་རྣམ་པར་རྟོག་པ་གཉིས་པ་སྤངས་པའི་ཕྱིར། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནམ་མཁའི་ཁམས་དང་ནམ་
Vol. 86 · folio 63a
མཁའ་ལྷན་ཅིག་ཏུ་ཕན་ཚུན་སྤངས་པ་ལ་སོགས་པའི་མཚན་ཉིད་ཀྱིས་འགལ་བ་མེད་དོ། །གང་གི་ནམ་མཁའི་ཁམས་དེ་དང་ནི་ནམ་མཁའ་དེར་ཡུལ་འགའ་ཞིག་ཏུ་རྣམ་པ་འགས་འགལ་བ་ཐོབ་པ་ལྟ་ཅི་སྨོས། གང་གི་སྒྲས་འཕངས་པའི་བརྗོད་པར་བྱ་བ་ནི་རང་ལ་རང་
བྱེད་པ་འགལ་བས་མི་སྲིད་དོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མཐོང་བའི་ལམ་གྱི་རང་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་ཏེ། མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་
སྐབས་ན་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་ནས་ཉེ་བར་ཞི་བ་སྤྱོད་པར་འགྱུར་ཏེ། དེ་བས་ན་དེ་ཉིད་ཀྱིས་གང་དང་ཡང་ལྷན་ཅིག་ཏུ་ཅུང་ཟད་ཀྱང་འགལ་བ་མེད་དོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པ་བསྟན་ནས། དེ་བཞིན་དུ་འཛིན་པའི་རྣམ་པར་རྟོག་པ་བརྗོད་པར་བྱ་བ་ཡིན་པས་སྐྱེས་
བུ་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་དང་པོ་སྤང་བར་བྱ་བ་ཉིད་དུ་རིག་པར་བྱ་བའི་ཕྱིར། སྐྱེ་བོའི་དབུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྒྱུ་མ་བྱེད་པས་སྤྲུལ་པའི་སྐྱེས་བུ་འདི་སྙམ་དུ་ཉེ་བར་གནས་པའི་སྐྱེས་བུ་ལྟད་མོ་པའི་ཚོགས་འདི་དག་མགུ་བར་བྱའོ་སྙམ་དུ་མི་
སེམས་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ཡང་སྤྲུལ་པ་དེ་ཉིད་སྐྱེས་བུའི་ཁྱད་པར་གྱི་དོན་སྣང་བའི་ཤེས་པ་བསྐྱེད་ནས་མངོན་པའི་ང་རྒྱལ་གྱིས་དེ་ཉིད་བྱ་བ་བྱེད་པར་ལྟ་བ་པོས་མཐོང་བ་ནི་རང་གི་ང་རྒྱལ་གྱི་སྟོབས་ཀྱིས་བྱ་བ་སྣ་ཚོགས་སྟོན་པར་བྱེད་པ་མཐོང་ཡང་། གཅིག་དང་དུ་མའི་རང་
བཞིན་དང་བྲལ་བའི་ཕྱིར། ཡང་སྤྲུལ་པའི་སྐྱེས་བུ་དེ་ལ་ལུས་མེད་སེམས་མེད་ངག་གི་རང་བཞིན་ཡང་མེད་མིང་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ནི་ཤེས་རབ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནམ་ཡང་བྱང་ཆུབ་རྟོགས་ནས་འགྲོ་བ་ལ་ཆོས་སྟོན་པ་ལ་
སོགས་པས་ཡོངས་སུ་དགྲོལ་མི་སེམས། དེ་ལྟ་བས་ན་ཡང་ལྷ་ལ་སོགས་པའི་འགྲོ་བར་སྐྱེ་བ་སྣ་ཚོགས་ནི་རྣམ་པ་དུ་མ་སྣ་ཚོགས་པའོ། །སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པའི་བྱ་བ་སྣ་ཚོགས་པའི་བྱ་བ་མང་པོ་དང་ལྡན་པར་སྟོན་ཏེ། ཀུན་རྫོབ་ཙམ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུར་སྟོན་ཀྱང་ཇི་
Vol. 86 · folio 63b
སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་ནས་རྣམ་པར་མི་རྟོག་སྤྱོད་དོ། །ཡང་གང་ཞིག་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སྤང་བར་བྱ་བ་ཉིད་སྔ་མ་བཞིན་དུ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སངས་རྒྱས་ཀྱི་
སྤྲུལ་པ་ཉིད་ནི་ཁྱད་པར་ཅན་གྱི་སྤྲུལ་པའི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་མཛད་པ་བྱེད་ཀྱང་བྱེད་པ་དེ་ལ་ང་རྒྱལ་མང་པོ་དང་དྲེགས་པ་ཅུང་ཟད་སྐྱེ་མི་འགྱུར། དེ་བཞིན་དུ་མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་རང་བཞིན་ཤེས་རབ་ཀྱིས་ཇི་སྐད་བཤད་པའི་རྣམ་པར་རྟོག་པ་
སྤངས་པ་ལས་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན། དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་རྣམ་པ་བཞི་སྤངས་པས་མངོན་པར་ཞེན་པ་མེད་པའི་སྦྱོར་བས་དོན་བྱ་བ་ཐམས་ཅད་བྱེད་པར་འགྱུར་
རོ། །སྔ་མ་བཞིན་དུ་ཉེ་བར་བསྡུ་བའི་ཕྱིར། ཤིང་མཁན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཤིང་མཁན་ནི་ཤིང་འཇོག་པའོ། །ཇི་ལྟར་བསླབ་པའི་མན་ངག་ལོབས་པས་ན་བཟོ་བའོ། །རིག་པ་དང་ལྡན་པའི་ཕྱིར་མཁས་པའོ། །སྐྱེས་པ་བུད་མེད་དང་འདྲ་བ་ཤིང་
ལས་འཁྲུལ་འཁོར་གྱི་བཟོ་བྱས་པ་དེ་ཡང་བྱ་བ་ཐམས་ཅད་བྱེད་པར་སྣང་བའི་ཤེས་པ་སྐྱེའོ། །དེ་ལྟར་བསྟན་མ་ཐག་པའི་རང་བཞིན་རྣམ་པར་རྟོག་པ་བཞི་སྤངས་པའི་ཤེས་རབ་ལ་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་མེད་པའི་ཡེ་ཤེས་ཀྱི་འགྲོ་བ་
འདི་དག་ཐམས་ཅད་ཀྱི་བྱ་བ་བྱེད་ཀྱང་རྣམ་པར་མི་རྟོག་སྟེ། ཡིད་བཞིན་གྱི་ནོར་བུ་བཞིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་སྒྱུ་མ་ལྟ་བུའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའི་བཤད་པའོ།། །།ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་མ་ཚང་བ་མེད་པར་སེམས་
ཅན་གྱི་དོན་འབའ་ཞིག་བྱེད་པར་མ་ཟད་ཀྱི། སངས་རྒྱས་ལ་སོགས་པས་བསྔགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་ལ་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྒྱ་བྱིན་ལ་
Vol. 86 · folio 64a
སོགས་པའི་ལྷའི་ཚོགས་གཙོ་བོ་མང་པོ་དག་ཐལ་མོ་སྦྱར་བ་བཏུད་ནས་ཡང་དང་ཡང་དུ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་ཀྱང་འཚལ་བར་བྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་ཡང་ཡོན་ཏན་བསྔགས་པའི་ཕྲེང་
བ་ཡོངས་སུ་བརྗོད་པར་མཛད་དོ། །དེ་བས་ན་དེ་བདུད་ཀྱི་ཡུལ་ལས་འདས་སོ་ཞེས་བསྟན་པའི་ཕྱིར། གང་གཱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་ཀུན་ཡོངས་སུ་བསྔགས་པ་བཟུང་སྟེ་བདུད་དུ་གྱུར་
ལ། བ་སྤུ་ཉག་རེ་ལས་ཀྱང་བདུད་ཀྱི་ཚོགས་དེ་སྙེད་སྤྲུལ་བྱས་ཀྱང་། དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། །དེ་ལྟར་ལྷའི་བུའི་བདུད་ལས་འདས་པར་ལན་མང་དུ་བསྟན་ནས་ཕྱིར་བདུད་བཞི་ལས་འདས་པར་བསྟན་པའི་ཕྱིར། རྒྱུ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་
སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་ཉིད་ཀྱི་ཤེས་རབ་ཀྱི་སྟོབས་ཀྱིས་སྟོང་པ་ཉིད་ལ་གནས་པར་གྱུར་པ་དང་། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་སེམས་ཅན་གྱི་དོན་མི་གཏོང་བ་དང་། ལྷག་པར་དམ་བཅས་པའི་དོན་དུ་ཕུན་སུམ་ཚོགས་པས་ཇི་སྐད་སྨྲས་པ་བཞིན་དུ་བདེན་པར་བྱེད་པ་དང་། བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པས་ན་བདེ་གཤེགས་བྱིན་རླབས་ཅན་ཏེ། དེ་རྣམས་ནི་རྒྱུ་རྣམ་པ་བཞིའོ། །ཚིག་ཉམས་པ་མེད་པས་ན་མཁས་པའོ། །ལུས་ཀྱི་སྟོབས་ཕུན་སུམ་ཚོགས་པས་ན་སྟོབས་ལྡན་ནོ། །སེམས་གཞན་དུ་འགྱུར་བར་མི་ནུས་པས་ན་ཐུབ་པར་དཀའ་བའོ། །
དེ་བས་ན་ཕུང་པོ་ལ་སོགས་པའི་བདུད་བཞིས་རབ་ཏུ་བསྐྱོད་པར་མི་ནུས་སོ། །ཞེས་ཚིགས་སུ་བཅད་པའི་དོན་སྦྱར་རོ། །ད་ནི་རྒྱུ་གང་དང་བཅས་པས་མཐོང་བའི་ལམ་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་ཡུམ་དེ་བསྟན་པའི་ཕྱིར། དེ་བཞིན་གཤེགས་ཡུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་
ཆུབ་སེམས་དཔའ་གང་ཞིག་བྱང་ཆུབ་ཆེན་པོ་ལ་རབ་ཏུ་གནས་པའི་ཆེད་དུ་མཐོང་བའི་ལམ་ལ་སོགས་པ་གཞན་ལ་ཡང་དག་པར་སྟོན་ཅིང་། བྱང་ཆུབ་ཀྱི་རྒྱུ་མཚན་ཉིད་ཀྱི་དོན་དུ་དེ་ལྟར་ཡང་དག་པའི་གཞུང་གི་དོན་གྱི་སྒོ་ནས་བསྟོད་ཅིང་སེམས་མོས་པ་ནི་མོས་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་
Vol. 86 · folio 64b
ཏུ་ཕྱིན་པ་དེ་བཞིན་གཤེགས་པའི་ཡུམ་འདི་འཆད་ཅིང་བྱང་ཆུབ་ཐོབ་པའི་ཆེད་དུ་བདག་ཉིད་ཀྱིས་ཡི་གེར་བྲིས་པ་ལ་སོགས་པ་བྱས་ནས་བྱིན་ཏེ་བསམ་པ་ཐག་པས་སྒྲུབ་པར་མངོན་པར་བརྩོན་བྱེད་ན། དེས་པ་ཐམས་ཅད་མཁྱེན་པའི་ཐབས་ཉིད་ལ་ཞུགས་པ་དེ་དག་ནི་རབ་ཏུ་གནས་པ་ཡིན་པར་
རིག་པར་བྱའོ། །དཔེས་རྒྱུ་དང་བཅས་པར་བསྟན་པ་མཐོང་བའི་ལམ་དེ་ཉིད་ལ་རྣམ་པར་རྟོག་པ་སེལ་བའི་ནུས་པ་ཡོད་པར་དཔེ་སྔོན་དུ་འགྲོ་བས་རྟོགས་པར་བྱ་བའི་ཕྱིར། ཆོས་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཆོས་ཀྱི་དབྱིངས་ཉིད་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་
ལ་རང་བཞིན་མེད་པའི་ཕྱིར་གནས་པར་མི་འགྱུར་བ་ཉིད་ནི་གནས་མེད་དོ། །དངོས་པོ་ཐམས་ཅད་ཀྱི་ནུས་པ་དང་བྲལ་བའི་མཚན་ཉིད་བར་སྣང་ནི་ནམ་མཁའོ། །སྤྲིན་ནི་སེམས་ཅན་གྱི་ལས་ཀྱི་དབང་གིས་གནས་པར་གྱུར་པའོ། །དཔེར་ན་རིག་སྔགས་འཆང་གིས་རླུང་གི་དཀྱིལ་འཁོར་ལ་
གནས་པའི་སྦྱོར་བ་སྔགས་མཐུས་མེ་ཏོག་ལྡན་ཞིང་བྱིན་གྱིས་རློབ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཡིན་ནོ། །བསྟན་མ་ཐག་པའི་རྒྱུ་དང་བཅས་པའི་མཐོང་བའི་ལམ་རྟོགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་མཁས་གསལ་བས། །རྟོགས་པར་བྱེད་པ་འཇུག་པའི་
ཕྱོགས་ཀྱི་རྟེན་ཅན་གཟུང་བར་སྒྲོ་བཏགས་པར་དམིགས་པར་མི་འགྱུར་རོ། །ཆོས་ཐམས་ཅད་ལས་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་གཟུང་བར་རྟོག་པ་རྣམ་པར་གཞག་པ་ཡང་དམིགས་པ་མེད་དོ། །འཆད་པར་བྱེད་པ་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་འཛིན་པའི་རྣམ་པར་རྟོག་པ་སྒྲོ་བཏགས་པ་ཡང་མི་
དམིགས་སོ། །ལྟ་བར་བྱེད་པ་སྐྱེས་བུ་བཏགས་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པར་གཞག་པ་ལ་ཡང་མི་དམིགས་སོ། །མཐོང་བའི་ལམ་གྱིས་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཡིན་པས་མི་གནས་པའི་མྱ་ངན་ལས་འདས་པ་
ལ་དགའ་བས་འདི་གནས་སོ། །ཇི་སྐད་བསྟན་པའི་མཐོང་བའི་ལམ་རྒྱུ་དང་བཅས་པས་སྟོབས་བཅུ་ལ་སོགས་པའི་མངོན་པར་དགའ་བའི་ཡོན་ཏན་གྱིས་རྒྱལ་བའི་སྲས་རྣམས་དེ་དག་གནས་སོ་ཞེས་བྱ་བར་དགོངས་སོ། །བྱང་ཆུབ་སེམས་དཔའི་ལམ་དང་མཚུངས་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པ་
Vol. 86 · folio 65a
འདི་དག་གནས་སམ་ཞེ་ན། ལན་དུ་དགྲ་བཅོམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགྲ་བཅོམ་རྣམ་ཐར་དེ་བཞིན་གཤེགས་ཀྱི་མ་གཏོགས་པར། །རེ་ཞིག་ཉན་ཐོས་རྣམས་དང་། རང་སངས་རྒྱས་དང་བཅས་པའི་མཐོང་བའི་ལམ་ལ་སོགས་པའི་མཚན་ཉིད་ཀྱིས་
གནས་པའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པའི་བྱེད་པ་ཉིད་ནི་ཞི་བའོ། །སེམས་རྩེ་གཅིག་པས་ཉེ་བར་ཞི་བས་རབ་ཞིའོ། །མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་པའི་ཕྱིར་བདེ་ལྡན་ནོ། །ཇི་སྙེད་དེ་དག་གི་མཆོག་ཏུ་འདི་གནས་པ་ཡིན་ཏེ། ཁྱད་པར་དུ་ཤེས་བྱའི་སྒྲིབ་པ་སྤངས་
པའི་ཕྱིར་རྒྱལ་བའི་སྲས་རྣམས་ཐུན་མོང་མ་ཡིན་པའི་ཆོས་རྟོགས་པ་ཡིན་པས་རྣལ་འབྱོར་གྱི་གོང་ན་མེད་པ་ཡིན་ནོ། །ཐམས་ཅད་རབ་ཏུ་ཁྱད་པར་དུ་འཕགས་པ་ཡིན་ན་མྱ་ངན་ལས་འདས་པ་ཇི་ལྟར་མ་རྟོགས་ཤེ་ན། ལན་དུ་འདབ་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འདབ་
ཆགས་མཁའ་ལ་གནས་ཀྱང་ལྟུང་བའི་གེགས་མེད་པར་གྱུར་ཀྱང་ལྟུང་བར་འགྱུར་བ་མ་ཡིན་ཏེ། རང་གི་ལས་ལས་སྐྱེས་པའི་གཤོག་པ་གཉིས་ལ་ནུས་པ་ཡོད་པའི་ཕྱིར་རོ། །ཉ་ནི་ཆུ་ལ་གནས་ཀྱང་འཚུབས་ཏེ་འཆི་བ་མེད་དེ། རང་གི་ལས་ཀྱི་དབང་གིས་སོ། །དེ་ལྟར་བྱང་ཆུབ་སེམས་
དཔའ་ཐབས་ལ་མཁས་པ་ཐོབ་པའང་དེ་བཞིན་དུ་བསམ་གཏན་གྱི་སྟོབས་དང་ཕ་རོལ་སོན་པ་སྒྱུ་མ་ལྟ་བུ་མཐོང་བའི་ལམ་ལ་མངོན་དུ་ཕྱོགས་པ་སྟོང་པ་ཉིད་ལ་གནས་ནས་མྱ་ངན་ལས་འདས་པ་ཐོབ་པར་མི་བྱེད་དོ། །སྔོན་གྱི་སྨོན་ལམ་གྱིས་བསྐྱེད་པ་དང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཡིན་ནོ་ཞེས་བྱ་བར་
དགོངས་སོ། །དེ་བས་ན་དོན་ཐམས་ཅད་ཐོབ་པར་འདོད་པ་ཉིད་ཀྱིས་གནས་པ་འདི་ལ་བརྟེན་པར་བྱའོ་ཞེས་བསྡུ་བའི་ཕྱིར་རོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སེམས་ཅན་ཀུན་གྱི་ཡོན་ཏན་མཆོག་ནི་ཆོས་ཀྱི་སྐུར་འགྲོ་བར་འདོད་པ་ཞེས་བྱ་སྟེ། ལོངས་སྤྱོད་རྫོགས་པའི་
སྐུ་མཆོག་ཐོབ་པར་འདོད་པ་ནི་སངས་རྒྱས་ཡེ་ཤེས་མཆོག་ཏུ་རྨད་བྱུང་འདོད་པའོ། །སྤྲུལ་པའི་སྐུ་ཆོས་ཀྱི་མཆོག་སྦྱིན་པར་འདོད་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་འབྲེལ་པ་ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་སྦྱིན་འདོད་གང་བྱང་ཆུབ་སེམས་དཔའ་ཕན་མཛད་རྣམས་ཀྱི་
Vol. 86 · folio 65b
གནས་མཆོག་དམ་པ་འདི་ལ་བརྟེན་པར་གྱིས། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་སྙིང་པོའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའི་བཤད་པའོ།། །།ཡང་བྱང་ཆུབ་ཆེན་པོ་གང་ཞིག་ཡིན་ཞེ་ན། དོན་གང་ཞིག་ཇི་སྐད་བསྟན་པའི་རྒྱུ་དང་བཅས་པའི་མཐོང་བའི་ལམ་གྱི་འདོད་
པའི་ཡུལ་བྱང་ཆུབ་ཆེན་པོའི་རང་གི་ངོ་བོ་བསྟན་པའི་ཕྱིར་བསླབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསླབ་པ་གང་ཇི་སྙེད་པ་སེམས་བསྐྱེད་པ་ལ་སོགས་པའི་རིམ་པར་འགྲོ་བའི་དེད་དཔོན་དུ་གྱུར་པ་འདྲེན་པས་བསླབ་པ་བརྗོད་པ་ཇི་སྙེད་པ་དེ་དག་ཀུན་གྱི་ནང་ན་ཟད་པ་དང་མི་སྐྱེ་བ་ཉིད་དུ་གྱུར་པའི་ཟད་
པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱི་བདག་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་ཆེན་པོའི་བསླབ་པ་ཁྱད་པར་དུ་འཕགས་པ་ཡོད་པ་དང་ལྡན་བཞིན་རིམ་པ་ཇི་ལྟ་བ་བཞིན་དུ་མཆོག་དང་གོང་ན་མེད་པར་འགྱུར་རོ། །མཁས་པ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས་ཏེ། སངས་རྒྱས་ཀྱི་བསླབ་པ་
ལ་སློབ་པར་འདོད་པས་ཇི་སྐད་བསྟན་པའི་ལམ་གྱི་རང་བཞིན་ཤེས་རབ་ཕ་རོལ་ཕྱིན་འདིར་སློབ་སྟེ། བསྒོམ་པར་བྱ་ཞེས་བྱ་བའི་བར་དུའོ། །ཞར་ལ་བྱུང་བ་རྫོགས་ནས་ད་ནི་སྐབས་ཉིད་ཀྱི་མཐོང་བའི་ལམ་བསྟན་པར་བཞེད་ནས། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་དམིགས་
པས་ཕྱིན་ཅི་མ་ལོག་པ་ཉིད་དུ་ཐོབ་པས་དགེ་བའི་ཆོས་ཐམས་ཅད་འདུས་པའི་ཕྱིར་ཆོས་ཀྱི་གཏེར་གྱི་མཆོག་གོ། །འདིས་ནི་རྩེ་མོའི་མངོན་པར་རྟོགས་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་པར་གཟུང་ངོ་། །སྦྱིན་པ་ལ་སོགས་པ་འཁོར་གསུམ་རྣམ་པར་དག་པ་མཆོག་ཏུ་གྱུར་པ་
རྣམ་པ་སུམ་ཅུ་རྩ་དྲུག་བསྐྱེད་པས་མཐོང་བའི་ལམ། སྔོན་མེད་པའི་ཆོས་ཉེ་བར་སྐྱེས་པ་ནི་ཆོས་ཀྱི་མཛོད་དམ་པའོ། །སངས་རྒྱས་ཉིད་འབྱུང་བ་རྟོགས་པ་དང་མཐུན་པ་ཉིད་སྐྱེས་པའི་ཕྱིར་སངས་རྒྱས་ཀྱི་རིགས་སུ་སྐྱེས་པ་སྟེ་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་ཡོངས་སུ་རྫོགས་པ་ནི་བདེ་དང་སྐྱིད་པའི་
མཛོད་དོ། །དེ་ལྟ་བུ་ཉིད་ཉེ་བར་གཟིགས་ནས་མྱ་ངན་ལས་འདས་པའི་ཕྱིར་འདས་པའོ། །སངས་རྒྱས་ཉིད་དུ་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་མ་བྱོན་པའོ། །ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟར་ཉིད་འགྲོ་བའི་དོན་མཛད་པས་ན་འཇིག་རྟེན་མགོན་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ་
Vol. 86 · folio 66a
རབ་ཀྱི་མཐར་ཐུག་པར་འགྲོ་བའི་རང་བཞིན་ཉིད་ས་བཅུ་དང་འབྲེལ་པ་རྩེ་མོའི་མངོན་པར་རྟོགས་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ངེས་པར་སྤངས་པའི་ཕྱིར་དེ་དག་མཐོང་བའི་ལམ་ལས་རིམ་པ་ཇི་ལྟ་བ་བཞིན་ཐམས་ཅད་འཁྲུངས་སོ། །འཁྲུངས་པར་
འགྱུར་རོ། །འཁྲུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་རྟོགས་པ་བརྙེས་པས་ཀྱང་སྟོང་པ་ཉིད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་མཐོང་བའི་ལམ་ཟད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་འདིས་ཕྱིན་ཅི་ལོག་ཐམས་ཅད་སྤངས་པས་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ཡིན་
པར་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། ཤིང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཇིག་རྟེན་ན་ཤིང་དང་འབྲས་བུ་མེ་ཏོག་ནགས་ཚལ་ཇི་སྙེད་པ། །དེ་དག་ཐམས་ཅད་ས་ལས་སྔོན་མེད་པ་ཡང་དག་པར་འབྱུང་ཞིང་འཐོན་ཏེ། གོང་ནས་གོང་དུ་འཕེལ་བ་དང་ལྡན་
པས་འབྱུང་བའོ། །འོན་ཀྱང་སའི་ཚད་ཇི་སྐད་བསྟན་པ་ཁུར་གྱིས་མནན་པས་ཟད་པར་འགྱུར་བ་མེད་ལ། ཤིང་ལ་སོགས་པས་འཕེལ་བ་ཡང་མེད་དོ། །སྐྱོ་བ་ཡང་མེད་དོ། །ངལ་བ་ཡང་མེད་པའི་ཕྱིར་རོ། །དུབ་པ་ཡང་མེད་དེ། མི་སྣང་བར་གྱུར་པ་མེད་པའི་ཕྱིར་རོ། །རྟོག་པ་དང་
རྣམ་པར་རྟོག་པ་ཐམས་ཅད་མེད་པའི་ཕྱིར་རྣམ་པར་མི་རྟོག་པའོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དང་། རྒྱལ་བའི་སྲས་དང་། ཉན་ཐོས་ནི་དགྲ་བཅོམ་པའོ། །རང་རྒྱལ་ཏེ་རང་སངས་རྒྱས་དང་། ལྷ་རྣམས་དང་། འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ་སྟེ། ཟག་པ་
དང་བཅས་པ་དང་། །ཟག་པ་མེད་པ་དེ་དག་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བའི་ལམ་ཇི་སྐད་བསྟན་པ་བྱང་ཆུབ་སེམས་དཔའི་བསྒོམས་པ་ལས་བྱུང་ངོ་། །དེ་བཞིན་དུ་རྟོག་པ་དང་རྣམ་པར་རྟོག་པ་མེད་པས་ཟད་པ་མེད་ཅིང་ངོ་། །ཤེས་རབ་ཀྱིས་ཡང་དག་པའི་ཆོས་ཉིད་མཐོང་བའི་ལམ་
རྟོགས་པས་ཅུང་ཟད་འཕེལ་བ་མེད་དོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་མཐོང་བའི་ལམ་བསྟན་ནས། །མི་མཐུན་པའི་ཕྱོགས་སྤངས་པ་ལ་སོགས་པའི་གཞི་སྔོན་དུ་འགྲོ་བས་གོ་སླ་བའི་ཕྱིར་གཞི་ལེགས་པར་རྟོགས་པ་བསྒོམ་པ་ཡིན་ཏེ། རེ་ཞིག་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་
Vol. 86 · folio 66b
རྒྱུ་ཡིན་པར་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སེམས་ཅན་ཡོན་ཏན་ཆུང་ངུ་ལ་སོགས་པ་དང་ལྡན་པ་ནི་ཐ་མའོ། །རྫས་ལ་སོགས་པ་འབྲིང་དང་ལྡན་པ་ནི་འབྲིང་ངོ་། །བྱ་བ་ལ་སོགས་པ་དམ་པ་དང་ལྡན་པ་ནི་མཆོག་
ཡིན་པར་འཇིག་རྟེན་ལ་གྲགས་པ་རྟག་པ་ཉིད་ལ་སོགས་པ་དེ་དག་ཐམས་ཅད་བཀག་པའི་ཕྱིར་སྔོན་གྱི་ལས་དགེ་བ་དང་མི་དགེ་བ་རྒྱུ་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་དེ་ཀུན་མ་རིག་ལས་བྱུང་བ་བདེ་བར་གཤེགས་པས་གསུངས། དེ་བཞིན་དུ་འཕེན་པའི་ལས་ཀྱི་ཚོགས་པའི་རྐྱེན་གྱིས་དུས་ཇི་སྙེད་
ཀུན་དུ་འཕངས་པར་འཇུག་པ་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཁྲུལ་འཁོར་རབ་ཏུ་འབྱུང་བ་ནི། མ་རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད། །སྔོན་མ་བྱུང་བའི་སེམས་ཅན་རབ་ཏུ་འབྱུང་བར་འགྱུར་བ་ནི་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་དོ་ཞེས་བྱ་བར་དགོངས་སོ། །འདི་ལྟར་ཐེག་པ་
གསུམ་གྱི་ཡེ་ཤེས་ཀྱི་ཁྱད་པར་ཉིད་ནི་ཡེ་ཤེས་ཚུལ་ལོ། །རིམ་པ་ཇི་ལྟ་བ་བཞིན་དུ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་འབྲས་བུ་གོང་ནས་གོང་དུ་ཐོབ་པར་བྱེད་པའི་ཕྱིར་ཐབས་ཀྱི་སྒོའོ། །རྩ་བའོ། །དེ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ནི་བསྒོམ་པའི་ལམ་སྟེ། དེ་སྒོམ་
པར་བྱེད་པའི་བྱང་ཆུབ་སེམས་དཔའ་ལས་ཀུན་རྫོབ་ཏུ་འབྱུང་ངོ་། །དེ་བཞིན་དུ་འཕེལ་བ་ལས་རྐྱེན་རྣམས་ཚོགས་ནས་རབ་ཏུ་འབྱུང་ངོ་། །ཇི་སྲིད་མི་འཁོར་བའི་ཕན་ཚུན་ལྷན་ཅིག་བྱེད་པ་ཉིད་ཀྱིས་ཡེ་ཤེས་ཀྱི་འཁྲུལ་འཁོར་ཏེ། སྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོམས་
པར་བྱས་པའི་ལམ་ལ་ཟད་མེད་འཕེལ་བ་མེད་དོ། །རྣམ་པ་གང་ཞིག་མངོན་སུམ་དུ་བྱས་པས་ཡོན་ཏན་ཇི་སྐད་བསྟན་པ་དེ་ཐོབ་པར་བྱེད་ཅེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་སྒྱུ་མ་ལྟ་བུ་ཉིད་ཡིན་པས་
ན་སྐྱེ་མེད་ཟད་པ་མེད་དེ་མི་ཟད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོད་རྒལ་གྱི་སྙོམས་པར་འཇུག་པའི་མཚན་ཉིད་བསྒོམ་པའི་ལམ་ཟག་པ་མེད་པ་ཉིད་དུ་ཤེས་པས་ཉི་མ་སྤྲིན་གྱིས་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བས་མུན་པ་བསལ་བའི་ནུས་པ་རང་ལ་ཡོད་པ་ལྟར། དེ་བཞིན་དུ་མ་
Vol. 86 · folio 67a
རིག་ཐིབས་པོ་བཅོམ་ནས་རང་བྱུང་ནི་བཅོམ་ལྡན་འདས་ཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་མེ་ཏོག་བཀྲམ་པ་ཞེས་བྱ་བར་འགྱུར་བ་བཞིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་མེ་ཏོག་བཀྲམ་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའི་བཤད་པའོ།། །།
བསྒོམ་པའི་ལམ་འདིར་བརྗོད་པར་བྱ་བ་ཡིན་ལ། དེ་ལ་སྤང་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ལས་སྤང་བར་བྱ་བ་གཉིས་བསྟན་པར་བྱ་བར་བཞེད་ནས། བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པས་དབྱེ་བ་དང་།
དེ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ནི་བསམ་གཏན་བཞི་ཞེས་བྱ་སྟེ། རྣམ་པ་བཞི་ལས་སེམས་རྩེ་གཅིག་པ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་བསྒོམ་པའི་ལམ་གྱི་ལུགས་ལས་བཟློག་པ་ལ་སོགས་པའི་རིམ་པ་དམིགས་པ་ནི་གནས་མེད་
དོ། །གཟུང་བ་ནི་རྣམ་པར་རྟོག་པ་གཉིས་སྤངས་པས་ཐོབ་པ་ལ་སོགས་པ་ཆེ་བའི་ཕྱིར་མཐུ་ཆེན་ལྡན་པའོ། །རྟེན་པར་བྱེད་པ་མ་ཡིན་པ་ཉིད་ནི་གཟུང་བར་མངོན་པར་ཞེན་པ་མེད་པའི་རྣལ་འབྱོར་པས་གཟུང་བའི་རྣམ་པར་རྟོག་པ་གཉིས་སྤངས་པའི་ཕྱིར། གནས་སྐབས་དེ་ལ་གནས་པ་མེད་པས་
གནས་པར་བྱེད་པ་མེད་དོ། །འོན་ཀྱང་རྟེན་དུ་འགྱུར་ཏེ། ཚོགས་གཉིས་ཀྱི་རྒྱུ་ཡིན་པའི་ཕྱིར་འདི་བསྒོམ་པའི་ལམ་གྱི་དམིགས་པའི་མཆོག་ཡིན་ཏེ། རྣམ་པ་བཞི་ལ་སེམས་རྩེ་གཅིག་པ་མངོན་པར་ཞེན་པ་མེད་པར་གྱུར་པ་ཁྱད་པར་གྱི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་ལ་སྦྱོར་བ་ནི་དམ་པ་
སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལས་འཕགས་པས་ན་མཆོག་གོ། །ཐོབ་པའི་ཆེད་དུ་བྱ་བར་གནས་སོ་ཞེས་བྱ་བར་དགོངས་སོ། །དེའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་སྤང་བར་བྱ་བ་བསྟན་པའི་ཕྱིར། ཤེས་རབ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་མ་ཐག་
པའི་བསམ་གཏན་མཆོག་ལ་གནས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པས་འཛིན་པའི་རྣམ་པར་རྟོག་པ་གཉིས་སྤངས་ཏེ། བསྒོམ་པའི་ལམ་ཐོབ་པ་ནི་ཤེས་རབ་མཆོག་ཐོབ་པའོ། །གང་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། གཟུགས་ཅན་གྱི་བསམ་
Vol. 86 · folio 67b
གཏན་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། ཡང་གི་སྒྲས་འགོག་པའི་སྙོམས་པར་འཇུག་པ་གཅིག་ཀྱང་ངོ་། །དེ་དག་ཐམས་ཅད་ཐབས་དང་ཤེས་རབ་ཏུ་ལྡན་པར་བསྒོམ་པའི་ཕྱིར་ཏིང་ངེ་འཛིན་དམ་པའོ། །ཡང་དག་པ་དེ་དག་ཡང་དང་ཡང་དུ་གོམས་པར་བྱ་
བའི་ཕྱིར། བསམ་གཏན་གྱི་རང་བཞིན་འདི་དག་བྱང་ཆུབ་དམ་པ་མཆོག་ལ་འཇུག་སྟེ། དེ་དང་མཐུན་པར་གྱུར་པའི་ཕྱིར་ཕན་པར་གྱུར་པའོ། །དེ་ལྟ་ཡིན་ཡང་བྱ་བ་ལྷག་མ་ཉིད་སངས་རྒྱས་ཀྱི་སའི་སྒྲིབ་པ་སྤང་བའི་འབད་པ་མི་བྱེད་པས་ན། ཟག་པ་ཟད་པའི་ཕྱིར་བྱང་ཆུབ་སེམས་དཔའ་
སློབ་པ་ཡིན་ནོ། །རྣམ་པར་རྟོག་པ་སྤངས་པའི་ཕྱིར་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུའི་བདག་ཉིད་ཆེ་བའི་ཕྱིར་ངོ་མཚར་རོ། །འབྲས་བུ་ཆེ་བའི་ཕྱིར་རྨད་བྱུང་ངོ་། །འདི་ལྟ་སྟེ། དེ་ལ་
སྤྱོད་པས་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་ཡོན་ཏན་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའོ། །འདི་ལྟར་ཇི་སྐད་བསྟན་པའི་བསམ་གཏན་བཞི་ཐོབ་ནས་ཏིང་ངེ་འཛིན་བསྒོམ་པའི་ལམ་ལ་གནས་པ་སྟེ། དམིགས་ཀྱང་མངོན་པར་ཞེན་པའི་རྒྱུའི་མཚན་མ་ཉིད་མེད་དོ། །
བསྒོམ་པའི་ལམ་དེ་ལ་གནས་ཀྱང་སྒྲིབ་པ་ལྷག་མ་སྦྱང་བའི་ཕྱིར་གལ་ཏེ་རང་གི་ལུས་བདག་ཉིད་ཞིག་པར་གྱུར་ཀྱང་དེ་རྣམ་པ་ཐམས་ཅད་དུ་སྟོན་པར་འགྱུར་བ་གཟུགས་མེད་པའི་ཁམས་སུ་སྐྱེ་བ་སྤངས་ནས་འདོད་པ་ཡིན་པའི་ཕྱིར་འདོད་པ་དང་གཟུགས་ཀྱི་ཁམས་གང་ཡང་རུང་བར་འདོད་པར་སྙིང་རྗེའི་དབང་
གིས་ཇི་ལྟར་འདོད་པ་བཞིན་རྒྱལ་རིགས་ལ་སོགས་པར་སྐྱེའོ། །བསྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་དོན་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཛམ་བུ་གླིང་མི་ཞིག་སྔོན་ཆད་ལྷ་ཡུལ་དེ་ནམ་ཡང་ལྷའི་ཡུལ་
གཞན་འཕྲུལ་དབང་བྱེད་ལ་སོགས་པ་དང་། བྱང་གི་སྒྲ་མི་སྙན་དུ་མ་ཕྱིན་པ་ནི་མ་ཐོབ་པའོ། །ཕྱིས་རྫུ་འཕྲུལ་ལ་སོགས་པས་སོང་སྟེ། རྗེས་སུ་ཐོབ་ནས་དེ་ལ་ཡོངས་སུ་གཟུང་བ་དང་ལྡན་པའི་ཡུལ་དེ་རྣམས་མཐོང་ནས་སེམས་ཅན་གྱི་དོན་བྱེད་པའི་རྟེན་ཡིན་པའི་ཕྱིར་ཕྱིར་འདིར་འོངས་པར་གྱུར་ན་
Vol. 86 · folio 68a
ཆགས་པར་མི་བྱེད་ལྟར་ཏེ། སྔ་ན་མེད་པའི་བདེ་བའི་རྒྱུ་ལའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་ཐོབ་པའི་ཡོན་ཏན་གྱི་གཞི་དེ་ཉིད་ཁྱད་པར་དུ་འཕགས་པའི་ཕྱིར་མཆོག་གོ། །བསམ་གཏན་དམིགས་པ་མེད་པ་དང་། དགེ་བའི་ཆོས་རྣམས་
དྲན་ཡང་རྐྱེན་གྱི་དབང་གིས་གནས་ཏེ་བར་ཆད་མེད་པའི་ཏིང་ངེ་འཛིན་ཞི་བར་བྱེད་པ་ལ་རྣལ་འབྱོར་བརྩོན་ཏེ། ཕྱིར་ཡང་འདོད་པའི་ཁམས་སུ་གཟུགས་མེད་པ་སྤངས་ཏེ། འདིར་འདོད་པའི་སྒྲ་ནི་འདིར་བརྗོད་པར་འདོད་པ་གཟུང་སྟེ། ཁམས་གར་འདོད་པར་སྙིང་རྗེ་བ་སེམས་ཅན་གྱི་དོན་བྱེད་པར་
གནས་པར་འགྱུར་རོ། །དེ་དག་གི་ཉེས་པས་ཀྱང་རྗེས་སུ་གོས་པ་མེད་པའི་ཕྱིར་ཆུའི་པདྨ་བཞིན་དུ་དེ་ལྟ་བུ་ལ་གནས་པ་ཉིད་ཀྱིས་བྱིས་པའི་ཆོས་སྦྱིན་པ་ལ་སོགས་པ་དམིགས་པའི་ཆོས་མི་གནས་སོ། །འདིར་ཡང་གནས་པར་རྟོགས་པར་དཀའ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་
པ་མ་གཏོགས་པ་རྩོད་པ་གཞན་དང་གཞན་རྒྱུད་པས་རབ་ཏུ་རྒྱས་པའི་ལོག་པར་བསྒྲུབ་པ་བསལ་བར་བྱ་སྟེ། དེ་ལ་རེ་ཞིག་གལ་ཏེ་རྟེན་མེད་ན་དམིགས་པ་ལ་སོགས་པ་ཇི་ལྟར་ཞེ་ན། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་བསྟན་པ་ལ་སོགས་པས་སེམས་ཅན་ཡོངས་སུ་སྨིན་
པར་བྱ་བ་དང་། རང་གི་སེམས་ཡོངས་སུ་སྦྱངས་པས་ནི་སངས་རྒྱས་ཀྱི་ཞིང་སྦྱངས་པ་དང་། མི་མཐུན་པའི་ཕྱོགས་སྤངས་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དགོངས་པ་ལས་གཞན་ལས་བདག་ཉིད་ཆེན་པོ་བྱང་ཆུབ་སེམས་དཔའ་བརྟེན་པར་མི་བྱེད་དོ། །དེ་ལྟ་མོད་
ཀྱི་དོན་དེའི་ཕྱིར་དམིགས་པ་དང་ལྡན་པ་ལ་སོགས་པའི་ཁམས་སུ་མོས་ཏེ། གཟུགས་མེད་པའི་ཁམས་ཏེ། ཡང་སྣོད་གདགས་པ་བསྟན་པ་ཆེན་པོའི་མདོའི་རྗེས་སུ་འབྲངས་ཏེ། ནངས་ཀྱི་གོང་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པར་འདུ་ཤེས་པ་བཞིའི་རང་བཞིན་དུ་རྒྱལ་བའི་སྲས་རྣམས་
སྐྱེ་བ་དོན་དུ་གཉེར་བར་མི་བྱེད་དེ། གང་གི་ཕྱིར་ན་ཞི་གནས་ཤས་ཆེ་བའི་ཕྱིར་དང་འདུ་ཤེས་ཐམས་ཅད་འགོག་པས་ཡོན་ཏན་ཕུལ་དུ་བྱུང་བ་འབྱུང་བའི་བྱང་ཆུབ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཉམས་པར་འགྱུར་བའི་ཕྱིར་རོ། །ཅི་ནས་དེའི་ཉེས་པར་འགྱུར་བ་རྗེས་སུ་གོས་པའི་ཆགས་པ་
Vol. 86 · folio 68b
མེད་དོ། །ཅིའི་ཕྱིར་དེར་གནས་པར་འགྱུར་ཞེ་ན། དཔེ་སྔོན་དུ་འགྲོ་བས་ལན་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་གིས་རིན་པོ་ཆེའི་རང་བཞིན་གྱི་གཏེར་རྣམས་རྙེད་གྱུར་ནས། དེ་ལ་འདོད་པའི་བློ་ནི་བསྐྱེད་པར་མ་བྱས་ཏེ། །རང་
ལ་དགོས་པ་མེད་ལ། གཞན་གྱིས་མི་ཤེས་པའི་ཕྱིར་གཅིག་པུས་ཡང་གཏེར་ཏེ་ཡང་དུས་གཞན་ཞིག་ན་དེ་དག་ཡོངས་བླངས་ཤིང་། བླངས་ནས་ཁྱིམ་དུ་སོང་ནས་ཆགས་པ་མེད་པར་རང་གི་གཉེན་རྣམས་ལ་དགོད་དོ། །དེ་ལྟར་དེ་བཞིན་དུ་གཞན་གྱི་དོན་དུ་ཞུགས་པའི་ཕྱིར། ཐབས་ལ་
མཁས་པའི་སྟོབས་ཀྱིས་ཇི་སྐད་བསྟན་པའི་བསམ་གཏན་བཞི་པོ་ཉིད་ལ་སྙོམས་པར་འཇུག་པ་དང་མཐུན་པའི་ཕྱིར་ཞི་བ་རྣམ་པར་གྲོལ་བ་ཐོབ་པས། བྱང་ཆུབ་སེམས་དཔའ་མཁས་པ་དགའ་བ་དང་། བདེ་བ་སྦྱིན་ཞིང་དེ་ལ་ཆགས་པ་མེད་པར་གྱུར་པས་བདག་དང་གཞན་གྱི་དོན་གྱི་མཚན་
ཉིད་བསམ་གཏན་བདེ་ལྡན་ཏེ། ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་རིམ་པ་ཇི་ལྟ་བ་བཞིན་དུ་བསམ་གཏན་དང་སྙོམས་པར་འཇུག་པ་ཐོབ་ནས་ཆགས་པ་མེད་པར་བཏང་སྟེ། སྙིང་རྗེ་ཆེན་པོའི་དབང་གིས་འགྲོ་ལ་སྙིང་བརྩེར་ལྡན་པས་ཕྱིར་ཡང་ཇི་སྐད་བསྟན་པའི་འདོད་པའི་ཁམས་སུ་བདག་ཉིད་
ལ་ཀུན་དུ་བཏགས་ནས་འཇུག་ཀྱང་དེ་ལ་ཆགས་པ་ནི་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཡིན་ན་འོ་ན་ནི་མཉམ་པར་མ་བཞག་པའི་ས་ལ་ཞུགས་པའི་ཕྱིར་ཇི་ལྟར་གཡེང་བར་མི་འགྱུར་ཞེ་ན། ལན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་འདོད་པའི་ཁམས་ན་
གནས་ཀྱང་སེམས་རྩེ་གཅིག་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་བསམ་གཏན་ཙམ་ཡིད་ལ་བྱེད་པས་གནས་ཏེ། དགྲ་བཅོམ་རང་རྒྱལ་ཐེག་པར་འདོད་པའི་བློ་བསྐྱེད་ན་སྟེ། སེམས་ཅན་ལ་ལྟོས་པ་མེད་པར་དེས་མངོན་པར་འདོད་པའི་དོན་ལ་དམིགས་པ་སྤངས་པ་ནི། མཉམ་པར་མ་བཞག་པར་གྱུར་
པ་ནི་དམིགས་པ་ཉེས་པ་ཡིན་པའི་ཕྱིར་སེམས་རྒོད་པའོ། །ཐེག་པ་ཆེན་པོ་ལས་སེམས་ཕྱི་རོལ་དུ་གྱུར་པས་ན་སེམས་གཡེངས་གྱུར་པའོ། །དེ་ལྟ་བུ་ནི་སངས་རྒྱས་ཡོན་ཏན་ཡོངས་ཉམས་ཏེ། དཔེར་ན་མཉན་པ་གྲུ་ཞིག་བཞིན་ཏེ། ཆུར་གྲུ་བྱིང་བའོ། །དགོངས་པ་ཡིན་གྱི་མཉམ་པར་གཞག་
Vol. 86 · folio 69a
པ་ཙམ་འབའ་ཞིག་གིས་སྐྱེ་བ་མ་ཡིན་པ་མཉམ་པར་གཞག་པ་ཐབས་དང་ཤེས་རབ་ཀྱི་སྟོབས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཟེར། མཉམ་པར་གཞག་པའི་ཁམས་སུ་སྐྱེ་བའམ་འབའ་ཞིག་མ་ཡིན་ཏེ་འོ་ན་ཅི་ཞེ་ན་མཉམ་པར་གཞག་པ་ཐབས་དང་ཤེས་རབ་ཀྱི་སྟོབས་ཡིན་ནོ་
ཞེས་བྱ་བར་དགོངས་སོ། །དེ་ཉིད་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་སྒྱུ་མ་ལྟ་བུའི་ཆོས་ཀྱི་ཚུལ་གྱི་སེམས་ཅན་རྗེས་སུ་འཛིན་པ་ལ་དགོངས་པས་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་མངོན་པར་བརྩོན་གྱུར་ཀྱང་། དགྲ་བཅོམ་རང་རྒྱལ་ཐེག་པ་ལ་
འདོད་པའི་སེམས་དང་བྲལ་ཏེ། སྟོང་པ་ཙམ་ཉིད་དང་། སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་དེ་ཉིད་དང་། མངོན་པར་འདོད་པའི་དོན་ལས་རྟག་ཏུ་ཉམས་པ་མེད་པ་འདི་མཉམ་གཞག་ཡིན་པར་ཤེས་པར་བྱའོ། །དཔའ་བོ་ནི་མི་མཐུན་པའི་ཕྱོགས་ལས་རྒྱལ་བར་གྱུར་པའི་བྱང་ཆུབ་
སེམས་དཔའོ། །དེ་ལྟར་ཞར་ལ་བྱུང་བའི་རྩོད་པ་དང་གཞན་དང་གཞན་རྒྱུད་པའི་ལོག་པར་རྟོགས་པ་བསལ་ཏེ། རྩེ་མོའི་མངོན་པར་རྟོགས་པ་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང་། དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་
བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དག་དང་། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་ཞེས་གསུངས་པ་ཡིན་ནོ། །རྩེ་མོའི་མངོན་པར་རྟོགས་པ་སོ་སོ་དང་བསྡུས་
པའི་དོན་རྟོགས་པ་ཐོབ་པ་རིམ་པར་བྱ་སྟེ། བརྟན་པར་བྱ་བའི་ཕྱིར་བསྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གཞན་ཏེ། མི་དགེ་བ་ལ་སོགས་པའི་བག་ཆགས་ཀྱིས་གང་ཞིང་འབོ་བས་ན་གང་
ཟག་གོ། །གཞན་ཕྱིར་ཏེ་ཉེས་པ་མ་ལུས་པ་བསལ་བའི་རྒྱུས་སེམས་དཔའ་རྣམ་པར་དག་པ་ཡོད་པ་སྟེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དྲུག་དང་། ཆོས་ཐམས་ཅད་རང་བཞིན་མེད་པའི་ངོ་བོ་ཉིད་ལ་བརྩོན་འགྲུས་ཕ་རོལ་ཕྱིན་ལ་
Vol. 86 · folio 69b
མངོན་བརྩོན་པ་སྟེ། ཆོས་རྣམ་པ་བཅུ་གསུམ་པོ་དེ་དག་བསྒོམ་པ་ནི་རྣམ་པར་སྤྱོད་པའོ། །དེ་བཞིན་དུ་ཇི་སྐད་བསྟན་པའི་མངོན་པར་རྟོགས་པ་ལ་སོགས་པའི་དོན་ནི་དཔེར་ན་ལས་ངན་པ་བྱེད་ནུས་པས་ཆུ་ཆུན་བྲན་མོ་རང་དབང་མེད་པར་རྗེ་བོས་བསྡམས་པས་རྗེ་བོའི་དབང་ངོ་། །དེ་བཞིན་དུ་
སེམས་ཅན་ཐམས་ཅད་ཀྱི་དབང་དུ་གྱུར་པའི་དཔའ་རྣམས་ཏེ། བྱང་ཆུབ་སེམས་དཔའོ། །སེམས་ཅན་ཀུན་གྱིས་བཀོལ་ཞིང་དབང་དུ་འགྲོའོ། །ཞེས་བྱ་བས་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་བསྟན་ཏེ། དེ་སྐད་དུ་ཡང་མཐར་གྱིས་པ་རྣམ་གསུམ་རྣམ་བཅུ་ཞེས་གསུངས་པ་ཡིན་ནོ། །
རྣམ་པར་བསྒོམ་པ་མཐར་གྱིས་པའི་མངོན་པར་རྟོགས་པ་ཤིན་ཏུ་གོམས་པར་བྱས་པས་དེ་ཉིད་སྐད་ཅིག་མ་གཅིག་ལ་རྟོགས་པ་འདི་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །ཞེས་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། སྤྱོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དཔེར་ན་རྗེ་བོ་དེས་ཉེས་པའི་ཚིག་གིས་སྤྱོས་སམ་སྟེ། ཡིད་དུ་མི་འོང་བ་བརྗོད་པའོ། །ཚིག་ངན་པ་དང་དབྱིག་པ་ལ་སོགས་པས་བརྡེག་པ་བྱེད་ཀྱང་རུང་། འོན་ཀྱང་ཤིན་ཏུ་སྐྲག་པའི་ཡིད་ཀྱིས་འཇིགས་བཅས་ཟིལ་གྱིས་ནོན་པས་གནས་པ་སྟེ། རྗེ་བོ་འདིས་བདག་བཟློག་ཚིག་སྨྲས་ན། སླར་
ཡང་བསད་པར་གྱུར་དུ་འོང་སྙམ་སེམས་ནས་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེད་དུ་བྱང་ཆུབ་མཆོག་ཞུགས་པས་རྣམ་པར་སྨིན་པ་མ་ཡིན་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མཚན་ཉིད་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་ལ་
སོགས་པ་རྣམ་པ་བཞིས་ཀུན་གཞི་རྣམ་པར་ཤེས་པ་ལ་ཆོས་ཐམས་ཅད་ཀྱི་བག་ཆགས་རྟེན་ནས། གང་གི་ཚེ་སྦྱིན་པ་ལ་སོགས་པའི་ཆོས་ཅིག་གིས་གཞན་ཟག་པ་མེད་པར་དམིགས་པ་ནི་གཞན་དག་དང་རྒྱུ་དང་འབྲས་བུར་གྱུར་པ་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རོ། །ཕུལ་དུ་གྱུར་པ་
ཁྱད་པར་ཅན་གྱི་རྒྱུས་སྐད་ཅིག་མ་གཅིག་ལ་རྟོགས་སོ། །དེ་བཞིན་དུ་འགྲོ་བ་ཀུན་ལ་སྟེ་བག་ཆགས་མ་ལུས་པ་སྤངས་པས་དཔེར་ན་བྲན་གྱུར་བཞིན་དུ་དེ་དག་མགུ་བས་གནས་པར་བྱ་སྟེ། སེམས་ཅན་མགུ་བར་བྱ་བ་གང་ཡིན་པ་འདི་ལས་བྱང་ཆུབ་མཆོག་ཐོབ་ཅིང་། ཡོན་ཏན་སོགས་
Vol. 86 · folio 70a
པའི་རྒྱུར་གྱུར་པ་རྫོགས་པར་འགྱུར་རོ། །དཔེར་ན་རྩྭ་དང་ཤིང་ལས་མེ་བྱུང་བས་རྩྭ་དང་ཤིང་དེ་ཉིད་བསྲེགས་པ་ལྟར། དེ་བཞིན་དུ་སེམས་ལས་བྱུང་བའི་ཆོས་སེམས་ཅན་མགུ་ན་ཉམས་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །འདིས་ནི་སྐད་ཅིག་མ་གཅིག་ལ་
མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་ཏོ། །དེ་སྐད་དུ་ཡང་སྐད་ཅིག་མ་གཅིག་གིས་མངོན་རྫོགས་བྱང་ཆུབ་པ། མཚན་ཉིད་ཀྱིས་ནི་རྣམ་པ་བཞི་ཞེས་བྱ་བ་གསུངས་པ་ཡིན་ནོ། །སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ཤིན་ཏུ་བསྒོམས་པས་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་
པར་བྱང་ཆུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བུ་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བུ་གཅིག་པ་ལ་མ་ཡང་དག་པར་གཡོ་ལ་སོགས་པ་སྤངས་པའི་ཕྱིར་བསམ་པ་ཐག་པས་སྐྱོ་བ་མེད་པར་གནས་ནས་རིམ་གྲོ་བྱེད་པ་ལྟར། དེ་བཞིན་དུ་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་བཞི་ཕྲིན་ལས་དང་
བཅས་པ་ཐོབ་ནས། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་མངོན་དུ་གྱུར་པས་བདག་གི་བདེ་བ་བཏང་ནས་སེམས་ཅན་དེ་དག་གི་ཕན་འདོགས་པའི་སེམས་ཀྱིས་ཏེ། བཞེད་པའི་ཐུགས་མི་མངའ་བར་སེམས་ཅན་གྱི་དོན་ལ་ཉིན་མཚན་མངོན་པར་བརྩོན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་
དག་པར་བཞུགས་སོ། །འདིས་ནི་ཆོས་ཀྱི་སྐུ་མངོན་པར་བྱང་ཆུབ་སྟོན་ཏོ། །དེ་སྐད་དུ་ཡང་། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་ནི་སྤྲུལ་པ་དང་། །ཆོས་སྐུ་མཛད་དང་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པ་ཡིན་ནོ། །དེ་དག་གིས་ནི་
མངོན་པར་རྟོགས་པ་བརྒྱད་ཉིད་ཡོངས་སུ་རྫོགས་པར་བྱིས་པའི་སྐྱེ་བོས་རྟོགས་པར་བྱ་བའི་ཕྱིར་དོན་བསྡུས་ནས་བསྟན་ཏེ། དེ་ཡང་རྒྱ་ཆེར་ནི་འཕགས་པ་བརྒྱད་སྟོང་པའི་བཤད་སྦྱར་ལས་གཟུང་ངོ་། །དེ་དག་ནི་བསླབ་པར་འདོད་པས་བྱེ་བྲག་གི་དོན་རབ་ཏུ་སྦྱར་མོད་ཀྱི། རྣམ་པ་ཐམས་ཅད་སྦྱར་བར་མི་
ནུས་པའི་ཕྱིར་སྐབས་གཞན་དུ་ནི་བསྡུས་ནས་བརྗོད་པས་གཅིག་ཏུ་བསྡུས་པའམ་རྒྱས་པའི་ཕྱོགས་ཅུང་ཟད་ཀྱང་མ་ཡིན་ནོ། །དེས་བརྗོད་པར་འདོད་པ་མི་གནས་པ་ལ་བརྗོད་པར་འདོད་པའི་ཚིག་ཏུ་དྲངས་པ་འབའ་ཞིག་ཏུ་ཟད་དེ། དེའི་གཞུང་ཉེ་བར་བཀོད་པ་ལ་སུན་འབྱུང་བ་མ་བྱས་སོ། །ཡོན་
Vol. 86 · folio 70b
ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་རྗེས་སུ་རིག་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའི་བཤད་པའོ།། །།ཇི་སྐད་བཤད་པའི་མངོན་པར་རྟོགས་པ་བརྒྱད་ཀྱི་རང་བཞིན་གྱི་ཡུམ་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་ནས་ཐོབ་པའི་ཆེད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་ན་
ཅི་འདྲ་བ་ཞིག་བསྒྲུབ་པར་བྱ་བ་དེ་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་ཡུན་རིང་པོར་འཁོར་བར་འཁོར་འདོད་ཅིང་། དེ་བཞིན་དུ་རྟེན་དང་། བརྟེན་པའི་དབྱེ་བས་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་སངས་རྒྱས་ཀྱི་
རྗེས་སུ་གནང་བ་ལ་སྦྱོར་བར་བརྩོན་པའི་རྣལ་འབྱོར་པ་ཡུན་ཐུང་ངུས་ཡུམ་མ་ཐོབ་ཀྱང་ཆོས་རྣམས་སྒྱུ་མ་ལྟ་བུར་བསྒོམས་པའི་སྟོབས་ཀྱིས་སྐྱོ་བའི་བློ་ནི་རྡུལ་ཙམ་སྐྱེ་བར་མི་འགྱུར་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་སེམས་ཅན་ལ་དམིགས་ནས་དོན་བྱེད་པ་ལ་སོགས་པ་བརྩོན་འགྲུས་རྣམ་
པ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ། གཉིད་དང་རྨུགས་པ་མེད་པས་གཡེལ་བ་མེད་པར་འགྱུར་རོ། །སྐྱོ་བའི་བློ་བསྐྱེད་པ་ལ་ཉེས་པ་ཅི་ཞིག་ཡོད་པ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བསྐལ་པ་བྱེ་བར་སངས་རྒྱས་བདག་གིས་ཐོབ་པར་བྱ་སྙམ་ན།
བྱང་ཆུབ་སེམས་དཔའ་མི་མཁས་པ་དེའི་ཚེ་དེ་བཞིན་གཤེགས་པའི་བྱང་ཆུབ་རིང་བར་འདུ་ཤེས་བསྐྱེད་པས་སྡུག་བསྔལ་དུ་འདུ་ཤེས་པས་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་རོ། །ཆོས་ལ་དམིགས་པར་མངོན་པར་ཞེན་པ་ཐོབ་པ་ཉིད་ཀྱི་ཕྱིར་དེ་བས་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་པའི་
ཕྱིར་ལེ་ལོའི་ཆོས་ཀྱི་རང་བཞིན་དུ་འགྱུར་རོ། །འོ་ན་ཇི་ལྟར་སྐྱོ་བའི་བློ་བསྐྱེད་པར་མི་བྱ་ཞེ་ན། བྱང་ཆུབ་མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས། བླ་ན་མེད་པའི་བྱང་ཆུབ་དེ་བཞིན་གཤེགས་པ་ཐོབ་ཀྱི་བར་གྱི་དུས་ཐམས་ཅད་ལ་གང་
གི་ཚེ་ཉིན་མཚན་གཅིག་ཙམ་དུ་ནི་ཡིད་ལ་སེམས་པར་བྱེད་དེ་ཆོས་རྣམས་སྒྱུ་མ་ལྟ་བུར་བསྒོམ་པ་སྔོན་དུ་འགྲོ་བས་ཀུན་རྫོབ་ཙམ་ལ་ཤིན་ཏུ་གནས་པ་དེའི་ཚེ་ཐབས་ཀྱིས་སྐྱོ་བའི་འདུ་ཤེས་བསལ་བས་མཁས་པ་གསལ་བས་བརྩོན་འགྲུས་བརྩམས་པར་རིག་པར་བྱའོ། །ཡང་དག་པར་ཞུགས་པ་ཉིད་ལ་བདུད་
Vol. 86 · folio 71a
གནོད་པ་བྱེད་པར་འགྱུར་བ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འགའ་ཞིག་འདི་སྐད་སྨྲ་སྟེ། རིའི་རྒྱལ་པོ་རི་རབ་གང་གིས་བཤིག་པ་དེ་ཉིད་ཀྱིས་བྱང་ཆུབ་མཆོག་ཐོབ་འགྱུར་ཞེས་སྨྲ་བ་ལས། དེ་ཐོས་ནས་བྱ་བར་མི་ནུས་
པ་ལ་སོགས་པས་སྐྱོ་བའི་བློ་སྐྱེད་པར་བྱེད་ཅིང་། འདི་སྙམ་དུ་རི་རབ་དཔག་ཚད་བརྒྱད་ཁྲིའི་ཚད་ཀྱང་སེམས་པ་ནི་ཚད་ཤེས་པའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལེ་ལོར་གྱུར་པ་ཡིན་ཏེ། དེ་བས་ན་བྱང་ཆུབ་ཐོབ་པར་མི་འགྱུར། ཞེས་བྱ་བར་དགོངས་སོ། །འོ་ན་དེས་བློ་ཇི་ལྟ་བུ་བསྐྱེད་
པར་བྱ་ཞེ་ན། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྟེ་དེའི་ཡང་བློ་སྐྱེས་པ་འདི་ཕྱིན་ཅི་ལོག་གི་བག་ཆགས་ཀྱིས་ཀུན་དུ་བསྐྱེད་པའི་ཕྱིར་ཡང་དག་པའི་ཡེ་ཤེས་སྐྱེས་པས་རྡུལ་ཙམ་རི་རབ་ཡིན་པས་སྐད་ཅིག་ཙམ་ལ་ཐལ་བར་བརླག་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའ་
མཁས་པ་བརྩོན་འགྲུས་བརྩམས་པ་སྟེ། རིང་པོ་མི་ཐོགས་འདྲེན་པའི་བྱང་ཆུབ་མཆོག་ཐོབ་པར་འགྱུར་ཏེ། འདྲེན་པ་ནི་བཅོམ་ལྡན་འདས་དང་འབྲེལ་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུའོ། །མི་མཐུན་པའི་ཕྱོགས་སྤངས་པའི་བརྩོན་འགྲུས་དངོས་པོར་དམིགས་ན་སྐྱོན་ཡིན་ནོ་ཞེས་
བསྟན་པའི་ཕྱིར། འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫུ་འཕྲུལ་དང་ཀུན་བརྗོད་པས་ནི་འགྲོ་བ་ཡོངས་སུ་སྨིན་པར་བྱས་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་བདག་གི་དོན་བྱ་སྙམ་པའི་བསམ་པ་ལ་སོགས་པས་གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་ཕ་རོལ་གནོན་པའི་བསམ་
པ་དང་བཅས་པས་བརྩོན་པར་བྱེད་ན། དེའི་ཚེ་ཉོན་མོངས་པ་ཤས་ཆེ་བས་ལེ་ལོ་ཐོབ་པར་འགྱུར་ཏེ། གཞན་དུ་འདུ་ཤེས་པ་དང་མེད་ན་མི་འབྱུང་བ་བདག་ཏུ་འདུ་ཤེས་པ་གནས་པས་དེའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འབྱུང་བས། རྒྱལ་བའི་སྲས་བདག་མེད་པ་སྒྱུ་མ་ལྟ་
བུར་བསྒོམ་པ་ལ་རིང་བར་འགྱུར་ཏེ། དངོས་པོའི་མཚན་ཉིད་དང་། དངོས་པོ་མེད་པའི་མཚན་ཉིད་ས་དང་ནམ་མཁའ་བཞིན་ཏེ། བརྩོན་འགྲུས་དང་ལྡན་པ་ལ་ནི་མ་ཡིན་ནོ། །ཡང་ཇི་ལྟར་བརྩོན་འགྲུས་དང་ལྡན་པ་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་
Vol. 86 · folio 71b
གི་ཚེ་སྒྱུ་མ་ལྟ་བུ་ཉིད་ཀྱི་ཕྱིར་ལུས་སུ་མ་ཡིན། སེམས་སུ་ཡང་མ་ཡིན་ཏེ། དེ་དག་ཉེ་བར་མཚོན་པ་ཡིན་པས་ངག་ཀྱང་མ་ཡིན་ཏེ། དངོས་པོར་དམིགས་པ་སྤངས་པའི་ཕྱིར་སེམས་ཅན་དུ་འདུ་ཤེས་མེད་དོ། །དེས་འདི་ལྟར་འདུ་ཤེས་རྣམ་པར་བཟློག་ནས་གང་གི་ཚེ་གནས་པ་ན་དངོས་
པོ་དང་དངོས་པོ་མེད་པ་ཡིད་ལ་བྱེད་པ་དང་བྲལ་བའི་ཕྱིར། གཉིས་སུ་མེད་ཆོས་སྤྱོད་པ་དང་། །དེའི་ཚེ་འདི་ནི་འདོད་པའི་ཉེས་པ་ཐམས་ཅད་ཞི་བར་གནས་པས་ན་ཞི་བའོ། །མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱིས་ན་མི་ཉམས་པའོ། །བྱང་ཆུབ་མཆོག་རྒྱལ་བའི་སྲས་རྣམས་
འདོད་པས་བརྩོན་འགྲུས་ཕ་རོལ་ཕྱིན་ཅེས་ཕན་པ་མཛད་པས་གསུངས། ཕན་པ་མཛད་པ་ནི་འཇིག་རྟེན་མགོན་པོའོ། །ཇི་ལྟར་དགེ་བའི་བཤེས་གཉེན་ཚོལ་བ་ལ་སོགས་པ་ལ་ཞུགས་པས་གོམས་པར་བྱས་པ་སྟེ། གཞན་དུ་ཡང་དག་པར་འདོད་པའི་དོན་གྲུབ་པར་མི་འགྱུར་ཏེ། གཞན་
འདོད་པ་བྱེད་པ་ལ་བརྟགས་ཏེ་བཟོད་པའི་ཆོས་ལ་སྤྱོད་པ་ནི་བཟོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བས་བསྐྱེད་པའི་གཞན་ལས་ཚོགས་པ་མི་འབྱུང་བར་ངན་བརྗོད་ཚིག་རྩུབ་ཐོས་གྱུར་ན། བཟོད་པ་གོམས་པར་བྱས་པ་ནི་བསོད་ནམས་བསགས་
པའི་རྒྱུ་ཡིན་པའི་ཕྱིར་དགེ་བའི་བཤེས་གཉེན་ཉིད་དུ་དེས་ཤེས་པར་བྱས་ནས་དགའ་བ་སྐྱེད་པར་བྱེད་ཅིང་བཞིན་འཛུམ་པའི་ཕྱིར་གང་ཞིག་བཞིན་མཛེས་པ་ནི་བྱང་ཆུབ་སེམས་དཔའ་མཁས་པས་སུ་སྨྲ། རྗེས་ཐོགས་སུ་སུས་ཐོས། གང་གིས་དེ་བསྐྱེད། གང་ཞིག་དང་ནི་འབྲེལ་གང་གི་ཕྱིར་
དམིགས་པ་ཞེས་སྤྱོད་ཅིང་། འོན་ཀྱང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཆོས་འདི་རྣམས་འགའ་ཡང་སྨྲ་བར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པས་སོ་སོར་རྟོག་པར་བྱེད་དོ། །དེ་བས་ན་བཟོད་པའི་ཆོས་ལ་བརྟགས་ནས་ཕ་རོལ་གནོན་པར་བྱེད་པ་ལ་སྤྱོད་པའི་རང་བཞིན་གཉིས་པོས་ནི་ཕ་རོལ་ཕྱིན་མཆོག་
ལྡན་པ་དེ་ནི་མཛངས་པ་ཡིན་ནོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཡིན་ནོ། །བཟོད་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་བསྟན་མ་ཐག་པའི་བཟོད་པ་གཉིས་ལ་གོམས་པར་བྱས་པའི་ཕྱིར་བཟོད་པའི་རིམ་པ་ཇི་ལྟ་བ་
Vol. 86 · folio 72a
བཞིན་སྙིང་རྗེ་དང་ཤེས་རབ་ཏུ་ལྡན་པ་ནི་ཡོན་ཏན་ཏེ། ལེགས་ཆོས་ལྡན་ནོ། །ཉེ་བར་རྟག་པ་བཟུང་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་བཀང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་མཁྱེན་པ་དང་། ཉན་ཐོས་རྣམས་
དང་རང་སངས་རྒྱས་རྣམས་ལ་ཕུལ་བ་དེ་ལྟ་བུས་སྔ་མའི་བྱང་ཆུབ་སེམས་དཔའི་བསོད་ནམས་ལ་ལྟོས་ནས་ཕྱི་མས་རྒྱུ་དང་ཕྲ་བའི་ཆར་ཡང་མི་ཕོད་དོ། །དེ་ནི་བསོད་ནམས་ཀྱི་རྒྱུ་ཡིན་པའི་ཕྱིར་སྦྱིན་པའི་རྒྱུན་གྱིས་དེར་མི་འགྱུར་རོ། །གང་གིས་ན་དེ་ལྟ་བུ་ཉིད་ཡིན་ཞེ་ན། བཟོད་ལ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། བཟོད་པ་རྣམ་པ་གཉིས་བསྒྲུབས་ནས་གནས་པ་དེས་མཛེས་པའི་བདག་ཉིད་ཀྱི་ངོ་བོ་ཡོངས་སུ་བཟུང་བའི་ཕྱིར་བདག་གི་ལུས་ནི་ཡོངས་སུ་དག་འགྱུར་ཏེ། མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་རྣམ་པར་བརྒྱན་པའི་ཕྱིར་སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་སོ། །དཔེ་
བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའི་ཕྱིར་ཕ་མཐའ་ཡས་སོ། །མཐོང་ན་ངོམས་མི་ཤེས་པའི་སྐུ་མངའ་བ་ཉིད་ཀྱིས་ནི་ལས་དང་འབྲས་བུ་ཡིད་ཆེས་པའི་ཆོས་རབ་ལ་རབ་ཏུ་བཞག་ནས་སྟོང་པ་སྒྲོགས་པར་བྱེད་དོ། །འདི་ནི་བཟོད་ལྡན་དེ་ལ་གང་དག་འགྲོ་བ་ཐམས་ཅད་གནོད་པ་མི་བྱེད་པས་དགྲ་མེད་པ་ཉིད་
དེ། ཡིད་དུ་འོང་བར་གྱུར་པ་ནི་མཁས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟ་བར་འབྲས་བུ་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྲིད་དོ། །དེ་བས་ན་སྔར་བསྟན་པའི་ཚིགས་སུ་བཅད་པའི་དོན་ཕྱོགས་འདིར་གནས་སོ་ཞེས་བྱ་བར་དགོངས་སོ། །ད་ནི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་
དང་། ཆོས་ལ་སོ་སོར་རྟོག་པའི་བཟོད་པ་དང་བཅས་པ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་སེམས་ཅན་ལ་ལས་ཏེ་ལྷ་སྦྱིན་ལ་སོགས་པའི་སྐྱེ་བོས་ཙནྡན་ཕུར་མ་བླངས་ནས། བླ་མ་ལ་རབ་ཏུ་གུས་པས་བྱང་ཆུབ་སེམས་དཔའ་ལ་ནི་སྐུར་བྱེད་ལ།
གཉིས་པ་འགའ་ཞིག་གིས་ཡང་མེ་མདག་གི་ཕུང་པོ་མགོ་ལ་འཐོར་བྱེད་ན། དེ་གཉི་ག་ལ་ཡང་ཆོས་ལ་བདག་མེད་པ་བསྒོམས་པའི་སྟོབས་ཀྱིས་དེས་མཉམ་པའི་ཡིད་ནི་བྱང་ཆུབ་མཆོག་གི་རྒྱུ་མཚན་དུ་བསྐྱེད་པར་བྱའོ། །དེ་ལྟ་ན་ཇི་སྐད་བསྟན་པའི་བཟོད་པ་བསྒོམ་པ་ཡིན་ནོ། །དེ་ཡང་འབྲས་བུ་
Vol. 86 · folio 72b
བྱང་ཆུབ་ཆེན་པོར་ཡོངས་སུ་སྔོ་བར་བྱེད་པ་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟོད་པའི་རིམ་པ་སྔར་བསྟན་མ་ཐག་པ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་མཁས་པ་གསལ་བའོ། །བཟོད་པ་དང་བཅས་པར་གྱུར་པས་སེམས་བསྐྱེད་དེ། འགྲོ་བའི་དོན་དུ་
བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོས་ན། དེའི་ཚེ་དཔའ་བོ་འཇིག་རྟེན་ཀུན་ལ་བཟོད་པས་དགྲ་བཅོམ་པ་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་དང་། སེམས་ཅན་ཁམས་ཀྱི་བཟོད་པ་ཇི་སྙེད་པ་ཐམས་ཅད་ཡང་དག་པར་ཟིལ་གྱིས་གནོན་ཏོ། །གང་གི་ཕྱིར་འགྲོ་བ་ལ་
སོགས་པ་ཐམས་ཅད་ཀྱིས་བཟོད་པ་བྱས་པ་ཇི་སྐད་བསྟན་པ་གཞན་དག་གིས་ཡོངས་སུ་བསྔོས་པས་ཁྱད་པར་དུ་འཕགས་པའི་ཕྱིར་ཟིལ་གྱིས་གནོན་པར་མི་ནུས་པས་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་ཞེས་བྱ་བའི་བར་དུའོ། །གཞན་གྱིས་གནོད་པ་བྱས་པ་ལ་སོགས་པ་ལ་དམིགས་
པ་ཅན་གྱིས་ཡང་དེ་ལ་བཟོད་པར་བྱ་བ་བསྟན་པའི་ཕྱིར་བཟོད་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དམྱལ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་མང་། །འདོད་པའི་ཡོན་ཏན་རྒྱུ་ཡིས་དབང་མེད་གནོད་མྱོང་ན། །བྱང་ཆུབ་ཆེད་དུ་ཅི་ཕྱིར་ད་ལྟར་བདག་དེ་ལྟ་བུ་གྲུབ་པ་དགེ་བའི་
བཤེས་གཉེན་ལས་ཆོས་ཐོས་པས་ཇི་ལྟར་ད་བཟོད་མི་བྱའོ་སྙམ་དུའོ། །ཅིའི་ཕྱིར་གྱི་སྒྲས་འཕངས་པ་བརྗོད་པར་བྱ་བའི་ཕྱིར་སྨོས་ཀྱང་ཅི་དགོས་ཞེས་དེ་ལྟར་སྙམ་པའོ། །ཤེས་རབ་ཀྱི་སྟོབས་ཀྱིས་གཞན་གནོད་པ་བྱེད་པ་ལ་རྣམ་པར་དཔྱད་པར་འགྱུར་ཞེས་བྱ་བར་དགོངས་སོ། །དེ་ཉིད་བསྟན་པའི་
ཕྱིར་ལྕག་དབྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གང་གི་ཚེ་རྩྭ་དང་ལྕུག་མ་ལ་སོགས་པའི་ལྕག་གིས་བརྡེག་པ་དང་། དབྱུག་པ་ལ་སོགས་པས་བརྡེགས་ཏེ་ནོར་ལ་སོགས་པ་འཕྲོག་པའི་ཆད་པ་དང་། རལ་གྲི་ལ་སོགས་པའི་མཚོན་གྱིས་བརྒྱབ་ནས་གསོད་པ་དང་། ལུ་གུ་རྒྱུད་
ལ་སོགས་པས་འཆིང་བ་དང་། ལག་པའི་ཁུ་ཚུར་ལ་སོགས་པས་བརྡེག་པ་དང་། མགོ་གཅོད་པ་དང་། རྣ་བ་རྐང་ལག་སྣ་གཅོད་པ་ནི་དུམ་བུར་བྱེད་པའོ། །དེ་ལྟར་སྐྱེ་བ་ལ་སོགས་པའི་རང་བཞིན་འཇིག་རྟེན་སྡུག་བསྔལ་མྱོང་བ་ཇི་སྙེད་པ་བདག་གིས་འདི་ལྟར་ཆོས་ཁྱད་པར་ཅན་གང་
Vol. 86 · folio 73a
ཞིག་ཐོབ་པ་ལ་སྦྱར་བར་བྱའོ་ཞེས་བྱ་བ་ལྟ་བུ་ནི་གང་གི་ཚེ་སོ་སོར་རྟོག་པར་བྱེད་པ་ཡིན་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་བསྟན་པའི་རང་བཞིན་ལ་གནས་ཏེ་རྟག་ཏུ་ངུ་བཞིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་
རྟག་ཏུ་ངུའི་ལེའུ་སྟེ་སུམ་ཅུ་པའི་བཤད་པའོ།། །།དེ་ལྟར་བསྟན་པའི་དགེ་བའི་བཤེས་གཉེན་གང་གིས་དང་པོར་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་ཚུལ་ཁྲིམས་ལ་གདམས་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་རྣམ་པ་གསུམ་ནོད་པར་བྱེད་པས་མྱ་ངན་ལས་འདས་པའི་བསམ་པས་སྡོམ་པ་ནོད་པ་ནི་ཞི་བ་འདོད་རྣམས་ཏེ། དེ་དག་ཇི་སྙེད་འཕགས་པར་འགྱུར་བ་སྡོམ་པའི་བྱེད་པ་ཡིན་པའི་ཕྱིར་སྡོམ་པའི་བྱ་བའོ། །གྲུབ་པ་ཕུན་སུམ་ཚོགས་པ་ནི་ཀུན་གྱི་རྗེས་སུ་འཇུག་པའོ། །
སེམས་ཅན་ཀུན་ལ་ཕན་ཕྱིར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་ཆེད་དུ་དེ་ཡང་ཡོངས་སུ་སྔོ་བར་བྱེད་ན་དེ་ནི་སྟོབས་བཅུ་ལྡན་པ་ཞེས་བྱ་བར་འབྲེལ་ཏོ། །སྤྱོད་ཡུལ་ནི་ལྟུང་བ་ཐམས་ཅད་སྤངས་པའི་ཕྱིར་ཚུལ་ཁྲིམས་ཉམས་པ་མེད་པར་གནས་པར་གྱུར་པ་ཡིན་ནོ་ཞེས་ཚིགས་སུ་བཅད་
པའི་དོན་སྦྱར་རོ། །དོན་དེ་ཉིད་ལྡོག་པ་སྔོན་དུ་འགྲོ་བས་གསལ་བར་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་རང་རྒྱལ་དང་དགྲ་བཅོམ་པའི་བྱང་ཆུབ་བཟུང་ནས་སྡོམ་པ་མནོས་པ་ཡོངས་སུ་སྔོ་བར་བྱེད་པ་ནི་རེག་པར་འདོད་པའོ། །དེའི་ཚེ་ཐེག་པ་ཆེན་པོ་སྒྲུབ་པ་
སྤངས་པའི་ཕྱིར་ཚུལ་ཁྲིམས་འཆལ་ཞིང་ངོ་། །མི་མཁས་པ་ནི་བྱང་ཆུབ་སེམས་དཔའོ། །དེ་བཞིན་དུ་བླངས་པའི་སྡོམ་པ་ཡོངས་སུ་བཏང་ཞིང་བུག་པ་དང་བཅས་པས་སྤྱོད་པ་ནི་ཉམས་པའོ། །ཅི་སྟེ་བྱང་ཆུབ་ཞི་བ་མཆོག་ཏུ་བླངས་པའི་ཚུལ་ཁྲིམས་ཡོངས་སུ་སྔོ་བར་བྱེད་ན། འདོད་ཡོན་བརྩོན་ཡང་ཚུལ་
ཁྲིམས་དང་འགལ་བ་མེད་པར་བསྟན་ཏེ། བླངས་པའི་དོན་ཡོངས་སུ་མ་བཏང་བས་ཚུལ་ཁྲིམས་ཕ་རོལ་ཏུ་ཕྱིན་པ་ལ་གནས་སོ། །ཅིའི་ཕྱིར་ཚུལ་ཁྲིམས་ཁོ་ན་ལ་དང་པོར་གདམས་ཤེ་ན། ཆོས་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་གི་རང་གི་དོན་ཕུན་སུམ་ཚོགས་པ་ནི་ཆོས་སོ། །
Vol. 86 · folio 73b
གཉི་གའི་དོན་ཕུན་སུམ་ཚོགས་པ་ནི་དེས་པའི་བྱང་ཆུབ་བོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་ཡོན་ཏན་ནོ། །ཐོབ་པའི་རྒྱུ་མཚན་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་ལ་དགོས་པའི་ཚུལ་ཁྲིམས་ལྟུང་བ་མེད་པར་བསྲུང་བ་དེ་ནི་ཡོན་ཏན་ཆོས་ལྡན་འབྱུང་འགྱུར་བ་ནི་ཚུལ་ཁྲིམས་དོན་ནོ། །ཡང་
གང་ཞིག་ཕན་པར་བྱེད་པའི་ཆོས་དང་བྱང་ཆུབ་ཡོན་ཏན་ཡོངས་སུ་ཉམས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཚུལ་ཁྲིམས་འཆལ་ཞེས་བྱ་བར་འབྲེལ་ཏེ། རྣམ་པར་འདྲེན་པས་གསུངས་སོ། །དེ་བས་ན་ཚུལ་ཁྲིམས་ཁོ་ན་ལ་དང་པོར་གདམས་སོ་ཞེས་བྱ་བར་འབྲེལ་ཏོ། །སུ་ཞིག་གིས་ཚུལ་
ཁྲིམས་ལ་གནས་ཤེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་འཇིག་རྟེན་དུ་གྲགས་པ་སྤྱོད་ཀྱང་དཀོན་མཆོག་གསུམ་ལ་བྱང་ཆུབ་ཆེན་པོའི་མཐར་ཐུག་པའི་བར་དུ་སྐྱབས་སུ་སོང་སྟེ། འགྲོ་བ་ལ་ཕན་པའི་ཕྱིར་བདག་
གིས་སངས་རྒྱས་ཐོབ་པར་བྱའོ་ཞེས་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིད་ལ་བྱེད་པར་གྱུར་ན། དེ་ལྟ་བུ་ནི་ཡང་རེ་ཞིག་བྱང་ཆུབ་ཀྱི་སྡོམ་པ་འཛིན་པའི་ཕྱིར་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ་བ་ནི་ཤེས་པར་བྱའོ། །ཐེག་པ་ཆེན་པོའི་མདོ་གཞན་དག་ལས་བྱང་ཆུབ་སེམས་དཔའི་
སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་རྒྱ་ཆེར་གསུངས་མོད་ཀྱི། འདིར་ཡང་མདོར་བསྡུས་ནས་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་བ་ནི་ཚུལ་ཁྲིམས་ཉམས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བསྐལ་པ་བྱེ་
བར་སྲོག་གཅོད་པ་སྤངས་པ་ལ་སོགས་པའི་དགེ་བའི་ལས་ལམ་བཅུ་སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་དུ་ཡང་ཚུལ་ཁྲིམས་བསྔོ་ཞིང་ཡིད་ལ་འདོད་པ་སྐྱེད་པར་བྱེད་ན། དེའི་ཚེ་སྔ་མ་བཞིན་དུ་ཚུལ་ཁྲིམས་ཉམས་པ་དང་ལྡན་པས་ཚུལ་ཁྲིམས་སྐྱོན་བྱུང་བ་དང་དེ་བཞིན་དུ་རལ་བས་ཚུལ་ཁྲིམས་ཉམས་
པར་གྱུར་པ་ཡིན་ནོ། །གང་གི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་སངས་རྒྱས་ཉིད་ལ་སྤྱན་དྲངས་ནས་དེ་ལས་སླར་ལོག་པས་སེམས་ཅན་བསླུས་པའི་ཕྱིར་ཕས་ཕམ་པས་ཀྱང་སྟེ། རྩ་བའི་ལྟུང་བས་ཤིན་ཏུ་ལྕི་སྟེ། དེས་ཉན་ཐོས་ལ་སོགས་པར་སེམས་བསྐྱེད་ཅིང་འདོད་པ་དང་བཅས་པར་གྱུར་
Vol. 86 · folio 74a
པས་སོ། །ཡང་དག་པར་སྣང་བའི་ཚུལ་ཁྲིམས་ལ་ཇི་ལྟར་འཇུག་པར་བྱ་བ་བསྟན་པའི་ཕྱིར། ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཇི་སྐད་བསྟན་པའི་ཚུལ་ཁྲིམས་མནོས་པ་བསྲུང་ཞིང་བླངས་ནས་སོ། །སྔ་མ་བཞིན་དུ་བྱང་ཆུབ་མཆོག་ཏུ་ཡོངས་
བསྔོ་ན། གང་གི་ཚེ་ཚུལ་ཁྲིམས་དེ་ཡིས་གཞན་ལ་མི་སྨོད་ཅིང་རློམ་སེམས་མེད་ཅིང་བདག་ཉིད་ཀྱི་ཚུལ་ཁྲིམས་དཀའ་ཐུབ་ཀྱི་ང་རྒྱལ་གྱིས་བདག་ལ་སྟོད་པར་མི་བྱེད་ལ། ངའི་འདུ་ཤེས་ལེན་པ་ཉིད་དང་། དེ་བཞིན་དུ་འདོར་བ་དང་། སེམས་ཅན་འདུ་ཤེས་ཡོངས་སུ་སྤངས་ན། དེའི་
ཚེ་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཞེས་བརྗོད་དེ། དེ་བས་ན་དེ་ལྟར་འཇུག་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཉེས་པ་གཞན་དག་ཀྱང་ཡོད་པ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་
ཆུབ་སེམས་དཔའ་རྒྱལ་བའི་ལམ་སྤྱོད་པ་ཇི་སྐད་བསྟན་པའི་ཚུལ་ཁྲིམས་ཀྱི་ལམ་ཡིན་པའི་ཕྱིར་སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཞེས་དོར་བར་བྱ་བ་དང་བླང་བར་བྱ་བ་ཉིད་དུ་རྣམ་པར་འཇོག་པར་བྱེད་ན། དེའི་ཕྱིར་སྣ་ཚོགས་འདུ་ཤེས་ཞུགས་པ་དངོས་པོར་དམིགས་པ་
ཐམས་ཅད་བསྲུང་བར་མི་ནུས་པའི་ཕྱིར་སྔ་མ་བཞིན་དུ་མཆོག་ཏུ་ཉམས་ཤིང་ཡང་དེ་བཞིན་དུ་ཚུལ་ཁྲིམས་རལ་བས་ན་དེ་ཉིད་ཀྱི་ཕྱིར་ཡོངས་དག་ཚུལ་ཁྲིམས་མེད་དོ། །དེ་ལྟ་བས་ན་དངོས་པོར་དམིགས་པར་མི་བྱའོ། །མི་དམིགས་པར་སྤྱོད་པ་ལ་ལྟུང་བ་མེད་དོ་ཞེས་བསྟན་པའི་ཕྱིར། གང་ལ་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་སྒྱུ་མ་ལྟ་བུའི་ཆོས་ཉིད་རྟོགས་པའི་སྟོབས་ཀྱིས་བདག་ཏུ་འདུ་ཤེས་མེད་པས་སེམས་ཅན་གཞན་དུ་འདུ་ཤེས་མེད་དོ། །དེ་ཉིད་ཀྱི་ཕྱིར་བདག་དང་གཞན་གྱི་ཆར་འབྱེད་པ་མེད་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་ཕྱིར་མཚན་མར་འཛིན་པ་ལས་
ཕྱིར་ཕྱོགས་པ་དང་ལྡན་པས་བཀག་པའི་དངོས་པོ་ལ་མི་སྤྱོད་པས་སྡོམ་མིན་ག་ལ་ཡོད་དེ། དེ་ཉིད་ཀྱི་ཕྱིར་གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད་དེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྐྱོན་ཡིན་པའི་ཕྱིར་རོ། །མི་དགེ་བ་བསྐྱེད་ཅིང་འཛིན་པ་དང་སྡོམ་པ་མ་ཡིན་པ་ཡང་དེ་
Vol. 86 · folio 74b
ལ་མེད་དེ། དེས་ནི་མི་དགེ་བ་ལས་བཟློག་ནས་དགེ་བ་ལ་ཞུགས་པའི་ཕྱིར་ཚུལ་ཁྲིམས་སྡོམ་པར་འདྲེན་པས་གསུངས་སོ། །ཚུལ་ཁྲིམས་དང་ལྡན་པ་དེ་ཉིད་སྦྱིན་པ་ལ་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་བསྟན་མ་ཐག་པ་དེ་ལྟར་
ཀུན་རྫོབ་ཏུ་ཚུལ་ཁྲིམས་དང་ལྡན་པར་གྱུར་པས་དོན་དམ་པར་སྤྲོས་པ་མེད་པའི་ཕྱིར་དེ་ལྟ་བས་ན་འཛིན་པ་མེད་པས་གང་ཞིག་སྡུག་པ་དང་མི་སྡུག་པའི་དངོས་པོ་ཀུན་ལ་ལྟ་བ་མེད་པ་ཡིན་ནོ། །ཡང་དེ་ཉིད་ཀྱི་ཕྱིར་ཡན་ལག་གི་དམ་པ་མགོ་ལ་སོགས་པ་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད་ལ། དགོས་པ་
གཏོང་བ་ནི་བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་སྦྱིན་པའི་འབྲས་བུ་ལ་ལྟོས་པ་མེད་པས་ན་ཞེན་པ་མེད་པའོ། །ཕྱི་རོལ་གྱི་དངོས་པོ་ཡོངས་སུ་གཏོང་བ་མེད་པར་ཇི་ལྟར་ན་ཐམས་ཅད་གཏོང་བ་ཡིན་ཞེ་ན། ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དམན་པ་ལ་བརྟགས་པ་
སྔོན་དུ་འགྲོ་བས་ངེས་པའི་དོན་ཐ་མལ་པ་ཀུན་རྫོབ་ཀྱི་རྒྱུ་དང་འབྲེལ་པ་ལས་བྱུང་བའི་ཕྱིར་ཡ་མ་བརླར་རོ། །དོན་དམ་པར་རང་བཞིན་དང་བྲལ་བའི་ཕྱིར་བདག་མེད་པར་ཡང་ཤེས་ནས། གང་གི་ཚེ་བདག་གི་ཤ་ཡང་གཏོང་བ་ལ་ཞུམ་པའི་སེམས་མེད་ན། དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཀྱང་ཅི་
དགོས་ཏེ། འདིར་ཕྱི་རོལ་གྱི་དངོས་པོ་ལ་སེར་སྣ་བྱེད་པ་དེ་ནི་གནས་མེད་དེ་མི་སྲིད་དོ། །བདག་མེད་པའི་རྣལ་འབྱོར་པ་ཅིའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་འཇུག་ཅེ་ན། བདག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བདག་ཏུ་འདུ་ཤེས་ནས་དངོས་པོ་ལ་བདག་གིར་འཛིན་པས་ཆགས་ཏེ།
ཡོངས་སུ་གཏོང་བའི་མཚན་ཉིད་མེད་པའི་ཕྱིར་དམིགས་པའི་མུན་པས་ཀུན་རྫོབ་ཉིད་ལ་རྨོངས་པ་ལ་གཏོང་བའི་བློ་ལྟ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་སེར་སྣ་ཅན་དེ་དག་ནི་ཡི་དགས་གནས་སུ་སྐྱེ་བར་འགྱུར་ལ། བརྒྱ་ལ་ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར་ཏེ་འཐོབ་བོ། །ཡང་དེ་ཉིད་ཀྱི་ཕྱིར་
ཇི་སྐད་བསྟན་པ་ཉིད་ཀྱི་སྦྱིན་པ་ལ་འཇུག་པར་བྱའོ་ཞེས་བྱ་བར་གནས་སོ། །ཅིའི་ཕྱིར་དང་པོ་སྦྱིན་པ་ཁོ་ན་ལ་མོས་པར་བྱེད་ཅེ་ན། དེ་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་སེམས་ཅན་དབུལ་པོ་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཕུན་སུམ་ཚོགས་པས་ཇི་སྐད་བསྟན་པའི་
Vol. 86 · folio 75a
སྦྱིན་པ་ལ་མོས་པ་དང་ལྡན་ཏེ། ལུང་ལ་སོགས་པའི་ཚད་མ་དང་ལྡན་པ་ཉིད་ཀྱིས་འབྲས་བུ་དང་བཅས་པས་ཐམས་ཅད་གཏོང་ཞིང་རྟག་ཏུ་ལྷུག་པར་གཏོང་བ་དང་ལྡན་པར་འགྱུར་ཏེ། དེའི་ཚེ་གླིང་བཞི་པ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ནི་རྣམ་པ་ཐམས་ཅད་དུ་འཛིན་པ་དང་བྲལ་བའི་ཕྱིར་
མཆིལ་མའི་ཐལ་བ་འདྲ། འཁོར་གསུམ་རྣམ་པར་དག་པ་དང་ལྡན་པར་བྱིན་ནས་དེ་བཞིན་དུ་དགའ་བར་ཏེ་ཡིད་བདེ་བ་ཐོབ་པར་འགྱུར་གྱི། ཇི་སྐད་བསྟན་པའི་གླིང་ཐོབ་པ་ནི་དེ་ལྟ་མིན་ནོ་ཞེས་བྱ་བའི་བར་དུའོ། །ཇི་སྐད་བསྟན་པའི་སྦྱིན་པ་མི་ཟད་པར་བྱ་བའི་ཕྱིར་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་
བསྔོ་བར་བྱའོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་མ་ཐག་པའི་རིམ་པས་སྦྱིན་པ་བྱིན་ཏེ། བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་སྲིད་པ་གསུམ་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཀུན་ལ་སྦྱིན་པ་འདི་བྱིན་པར་གྱུར་ཅིག་སྙམ་དུ་དེ་ལྟ་བུའི་
བསམ་པས་སྦྱིན་པ་བྱིན་ལ། དེ་ཡང་འགྲོ་བའི་དོན་ཉིད་ཀྱི་ཕྱིར་བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ་ན། བྱང་ཆུབ་དང་སེམས་ཅན་མི་ཟད་པའི་སྦྱིན་པ་ཟད་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ཡང་མངོན་པར་ཞེན་པ་མེད་པའི་འབྲས་བུ་རྟོགས་པར་བྱ་བའི་ཕྱིར། སྦྱིན་པ་བྱིན་ནས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པར་བྱེད་པ་དང་། སྦྱིན་པ་དང་། ལེན་པ་པོ་མི་དམིགས་པ་གང་ཡིན་པ་དེ་ནི་དངོས་པོ་ལ་གནས་པར་བྱེད་པ་མེད་དོ། །སྦྱིན་པ་བྱིན་པ་ཡང་ཕ་རོལ་རྗེས་སུ་བཟུང་བའི་བློས་ཡིན་གྱི། དེ་ནི་ནམ་དུ་ཡང་འབྲས་བུ་མངོན་པར་འདོད་པའི་རྣམ་པར་སྨིན་པ་ལ་རེ་བ་མེད་དོ། །དེ་ལྟར་འབྲས་
བུ་དང་བཅས་པར་རང་ལ་ཇི་སྙེད་བདོག་པ་གཏོང་བར་འགྱུར་བ་ནི་མཁས་པ་ཐམས་ཅད་སྟོང་པ་སྟེ་ཆུང་ངུ་བཏང་བ་ལ་ཡང་ཐབས་ལ་མཁས་པའི་སྟོབས་ཀྱིས་གྲངས་མེད་དཔག་ཏུ་མེད་པ་སྟེ་ཡོངས་སུ་བཅད་པར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའི་རྣམ་པར་སྨིན་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །གང་སེར་
སྣ་ཚར་བཅད་པ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བཞིན་དུ་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བས་ཡོངས་སུ་བསྔོ་བ་ལ་གོམས་པར་བྱའོ་ཞེས་བསྟན་པའི་ཕྱིར། སྲིད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་དང་གཟུགས་དང་། གཟུགས་མེད་པའི་མཚན་ཉིད་ནི་སྲིད་པ་གསུམ་མོ། །དེ་དག་ན་སེམས་ཅན་མ་ལུས་ཇི་སྙེད་
Vol. 86 · folio 75b
པ་ཐམས་ཅད་ནམ་མཁའི་ཁམས་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་མ་ལུས་པ་སྟེ་སྲིད་པའོ། །ཡང་དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་མཁྱེན་པ་སངས་རྒྱས་དང་། རང་རྒྱལ་དགྲ་བཅོམ་ལ་བསྐལ་པ་མཐའ་ཡས་པར་སྦྱིན་པ་བྱིན། དེ་བཞིན་དུ་ཉན་ཐོས་ལེགས་ཚོལ་ན་སྟེ། ཉན་ཐོས་
ཀྱི་ཡོན་ཏན་འདོད་ཅིང་ཞེས་བྱ་བས་ནི་ཉེ་བར་མཚོན་པ་སྟེ། སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡང་ངོ་། །དངོས་པོར་དམིགས་པ་དང་ལྡན་པས་ཞུགས་པའི་ཕྱིར་ཡོངས་སུ་རྟག་པ་བཟུང་ནས་གནས་ན་ཞེས་བྱ་བར་དགོངས་སོ། །བྱང་ཆུབ་སེམས་དཔའ་མཁས་པ་ཡང་དག་པའི་ཐབས་ལ་མཁས་པ་གཞན་
གང་ཞིག་གིས། དེ་དག་གི་བསོད་ནམས་བྱ་བའི་དངོས་པོ་ལ་ཡི་རངས་ནས་སེམས་ཅན་དོན་དུ་སྟེ། རྒྱུར་བྱང་ཆུབ་མཆོག་ཏུ་ཡོངས་བསྔོ་ན། འདི་ལྟར་དེས་སེར་སྣ་ཚར་བཅད་ནས་ཇི་སྐད་བསྟན་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ཇི་སྐད་བསྟན་པའི་ཡོངས་སུ་བསྔོ་བས་ཡོངས་སུ་སྔོ་བར་བྱེད་པ་
ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བའི་ཕྱིར། ནོར་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་དང་། རིན་པོ་ཆེ་བཻ་ཌཱུརྱ་གཅིག་གིས་དེ་ཀུན་རིན་ཐང་མཐུ་ཆེ་བའི་ཕྱིར་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན་རྗེས་སུ་ཡི་རང་བ་སྔོན་
དུ་འགྲོ་བ་བསྟན་མ་ཐག་པའི་རིམ་པས་ཡོངས་སུ་སྔོ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ཕ་རོལ་ཏུ་ཕྱིན་པ་གཉིས་རྒྱ་ཆེར་བསྟན་ནས་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་གདམས་པ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་
ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཡོངས་སུ་སྐྱོང་ཞིང་སྟེར་བ་ན་འགྲོ་བ་དང་འབྲེལ་པར་སྦྱིན་པ་བྱིན་ནས་དེ་དག་ཉིད་ཡོངས་སུ་སྐྱོང་བ་ན་དེ་ལ་བྱེད་པ་པོར་མི་དམིགས་པས་ན་བདག་གིར་མི་བྱེད་ལ། བྱ་བའི་ལས་སུ་ཡང་མི་རྟོག་ལ། དངོས་པོ་ལ་ཡང་ཕངས་པ་མེད་ན། དེ་ལས་དགེ་བའི་རྩ་བ་མཐུ་
ཆེན་འཕེལ་འགྱུར་ཏེ། སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ་ཞེས་བྱ་བ་དེས་ནི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལ་གདམས་པས་དོན་མ་ལུས་པ་ལ་གདམས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་དགེ་བའི་བཤེས་གཉེན་གྱིས་བྱ་བ་ཡིན་པར་རིག་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་
Vol. 86 · folio 76a
ཚིགས་སུ་བཅད་པ་ལས་ཆོས་འཕགས་ཀྱི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའི་བཤད་པའོ།། །།དེ་ལྟ་བུའི་གདམས་ངག་ཐོབ་པ་ལ་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་ཆེར་
ལྷག་པར་བྱ་བ་རྟོགས་པར་བྱ་བའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རེ་ཞིག་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔས་གཙོ་ཆེར་བྱ་བ་ནི་སེར་སྣ་སྤངས་ནས་སྦྱིན་པས་རྣམ་པ་ཐམས་ཅད་དུ་ཡི་དགས་སུ་འགྲོ་བའི་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་སེར་སྣ་
གཅོད་དོ། །བྱང་ཆུབ་སེམས་དཔའ་དེ་བཞིན་དུ་དབུལ་བ་དང་ནི་སྟེ། དེ་བཞིན་དུ་འབྲེལ་པའི་སྲེད་པ་དང་། མི་ཁོམ་པ་དང་། སྡུག་བསྔལ་ལ་སོགས་པ་དང་ཉོན་མོངས་པ་ཐམས་ཅད་གཅོད་ཅིང་སེལ་བར་བྱེད་དོ། །ལོངས་སྤྱོད་ཀྱི་རྣམ་པའི་བྱེ་བྲག་མཐའ་ཡས་རྒྱས་པ་ནི་རྒྱ་ཆེ་བ་ཐོབ་ནས་བྱང་ཆུབ་སེམས་
དཔའ་སྤྱད་པ་སྤྱོད་པར་བྱེད་དེ། སྡུག་བསྔལ་དང་ལྡན་པའི་སེམས་ཅན་སྦྱིན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ལ་བཀོད་ནས་སྨིན་པར་བྱེད་དོ། །དེ་བཞིན་དུ་དྲི་མ་མེད་པ་ལ་གནས་པས་ནི་ཚུལ་ཁྲིམས་འཆལ་བའི་སྐྱོན་ཐམས་ཅད་དང་བྲལ་བས་ཇི་སྐད་བསྟན་པའི་ཚུལ་ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་
མ་སྣ་ཚོགས་པའི་གཟུགས་ཅན་གྱི་ངོ་བོ་དང་། མི་ཁོམ་པ་བརྒྱད་སྤོང་བར་བྱེད་ཅིང་། དེ་ཡིས་མི་ཉིད་ལ་སོགས་པ་དལ་འབྱོར་ཁྱད་པར་ཅན་གྱི་དོན་བྱེད་པ་རྟག་ཏུ་རྙེད་དོ། །འོད་བྱེད་པ་ལ་གནས་པས་ནི་གནོད་སེམས་ཐམས་ཅད་བྲལ་བའི་བཟོད་པས་གཟུགས་བཟང་སྟེ་མཚན་ལ་སོགས་པས་བརྒྱན་པའི་ཕྱིར་རོ། །
དམ་པ་ནི་མཆོག་གོ། །རྒྱ་ཆེན་ནི་ཡངས་པའོ། །ཐོབ་པར་འགྱུར་ཏེ་གསེར་དང་འདྲ་བའི་ཕྱིར་གསེར་མདོག་ཡིད་དུ་འོང་བའི་ཕྱིར་སྡུག་པའོ། །ལྟ་བས་ཆོག་མི་ཤེས་པའི་ཕྱིར་འགྲོ་བས་ལྟ་བའི་འོས་སུ་འགྱུར་བའོ། །འོད་འཕྲོ་བ་ལ་གནས་པས་ནི་ལེ་ལོ་ཐམས་ཅད་དང་བྲལ་བའི་བརྩོན་འགྲུས་ཀྱི་ནི་དཀར་པོའི་ཡོན་ཏན་འགྲིབ་
མི་འགྱུར་ཏེ། ཡེ་ཤེས་ཀྱི་ཡུལ་མཐའ་ཡས་པས་ན་མཐའ་ཡས་ཏེ། སངས་རྒྱས་ཉིད་ཀྱི་ནོར་མཆོག་བསགས་པའི་བདག་ཉིད་ཡིན་པའི་ཕྱིར་རྒྱལ་བའི་བང་མཛོད་རྙེད་པར་འགྱུར་རོ། །སྦྱངས་དཀའ་བ་ལ་གནས་པས་ནི་རྣམ་པར་གཡེང་བ་ཐམས་ཅད་སྤངས་པའི་བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་རྣམ་པར་གཡེང་
Vol. 86 · folio 76b
བའི་རྒྱུར་གྱུར་པས་ཉེས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་སྨད་པ་རྣམ་པ་ཐམས་ཅད་ཡོངས་སུ་འདོར་བར་བྱེད་ཅིང་། ཁྱད་པར་ཅན་གྱི་བདེན་པ་རྟོགས་པ་དང་། མངོན་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་རིགས་དང་མངོན་པར་ཤེས་པ་དང་ངོ་། །དཔའ་བར་འགྲོ་
བ་ལ་སོགས་པའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པའི་ཕྱིར་མངོན་པར་སྒྲུབ་པའོ། །མངོན་དུ་གྱུར་པ་ལ་གནས་པས་ནི་ཤེས་རབ་འཆལ་པ་ཐམས་ཅད་སྤངས་ནས་ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་སྒྱུ་མ་ལྟ་བུ་ཉིད་ལ་སོགས་པའི་བདག་ཉིད་དུ་ཡོངས་སུ་ཤེས་ནས། ཁམས་གསུམ་པའི་ངན་སོང་
དང་ཕྱིན་ཅི་ལོག་གིས་བཅིངས་པ་དེ་རྣམས་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར་ཏེ། སྤྲུལ་པའི་སྤྲིན་གྱིས་དང་པོར་དེ་བཞིན་གཤེགས་པ་ལྟར་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་ནས་ཕྱིས་རིམ་གྱིས་ཆོས་བསྟན་པས་ཐེག་པ་གསུམ་འཛིན་དུ་བཅུག་སྟེ། སེམས་ཅན་གྱི་འཇིག་རྟེན་ཕྱིན་ཅི་
ལོག་གི་སྡུག་བསྔལ་སྤོང་བ་ལ་འགོད་དོ། །རིང་དུ་སོང་བ་ལ་གནས་པས་ནི་ཐབས་ཀྱི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡོངས་སུ་རྫོགས་པར་བྱེད་དོ། །མི་གཡོ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུས་ནི་གསེར་ལ་སོགས་པའི་རང་བཞིན་གྱི་ས་
གཞི་ཅན་དུ་བསྒྲུབས་ནས་སྣོད་ཀྱི་འཇིག་རྟེན་ཡོངས་སུ་དག་པ་དང་། བཀྲེས་པ་ལ་སོགས་པ་མེད་པས་བཅུད་ཀྱི་འཇིག་རྟེན་གྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཛིན་དུ་འཇུག་པའོ། །དེ་བཞིན་དུ་ལེགས་པའི་བློ་གྲོས་ལ་གནས་པས་ནི་སྟོབས་ཀྱི་མཐུས་སེམས་ཅན་གྱི་ཁམས་སངས་རྒྱས་ཉིད་ལ་བཀོད་
པས་སངས་རྒྱས་ཀྱི་རིགས་ཀྱང་ཡོངས་སུ་འཛིན་དུ་འཇུག་གོ། །དེ་བཞིན་དུ་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པས་ནི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྒྱུན་དུ་ཆོས་བསྟན་པས་ཆོས་ཀྱི་རིགས་དང་། དེ་བཞིན་དུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་གཞན་དང་གཞན་སྒྲུབ་པས་དགེ་འདུན་གྱི་རིགས་ཀྱང་ཡོངས་སུ་
འཛིན་དུ་འཇུག་གོ། །དེ་བཞིན་དུ་རིམ་པས་བཅུ་གཅིག་ཀུན་དུ་འོད་སངས་རྒྱས་ཀྱི་ས་ལ་བཞུགས་པས་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ཐུགས་སུ་ཆུད་པ་འཛིན་དུ་འཇུག་གོ། །དེ་ལྟར་ཡུམ་རྒྱ་ཆེར་བསྟན་ནས་ཡུན་རིང་དུ་གནས་
Vol. 86 · folio 77a
པར་བྱ་བའི་ཕྱིར་ཡོངས་སུ་གཏད་པ་བསྟན་པའི་ཕྱིར། འགྲོ་བའི་ནད་གསོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་གཞི་དང་མཚན་ཉིད་ལ་ཕུལ་དུ་བྱུང་བར་མཁས་པ་ལ་འགྲོ་བའི་ནད་གསོ་བྱེད་པ་སྨན་པའི་མཆོག་གྱུར་པ་ཞེས་བརྗོད་དོ། །དེ་དང་འདྲ་བར་དེ་ལྟར་བརྗོད་དོ། །
དོན་དང་ལྡན་པའི་མིང་བཏགས་པ་ནི་སེམས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་བརྩེགས་པའི་ཕྱིར་རིན་ཆེན་སྡུད་པའོ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་ལམ་མོ། །ཚིགས་བཅད་དུ་བསྡེབས་ནས་བསྟན་པའི་ཕྱིར་ཚིགས་སུ་བཅད་པའི་རང་བཞིན་ནོ། །ལམ་ནི་སེམས་ཅན་ཀུན་
གྱིས་བསྒོམ་པའི་མན་ངག་ཇི་ལྟ་བ་བཞིན་དུ་རྗེས་སུ་ཐོབ་པ་ནི་དེ་བཞིན་དུ་གྱུར་པའོ། །བྱ་ཞེས་བྱ་བ་ནི་འཕགས་པ་ཀུན་དགའ་བོ་ལ་སོགས་པ་ལ་ཡོངས་སུ་གཏོད་པ་ཡིན་པར་རྟོགས་པར་བྱ་སྟེ། དེ་ལྟར་འཕགས་པ་སྟོང་ཕྲག་བརྒྱ་པ་ལས་བཅོམ་ལྡན་འདས་ཀྱི་ཞབས་སུ་བསྟན་པའི་ཕྱིར་རོ། །
དེ་བསྒོམ་པའི་མན་ངག་གི་རིམ་པ་འདི་ལ་མངོན་པར་ཡིད་ཆེས་པར་བྱ་སྟེ། འདི་ལྟར་དང་པོ་རེ་ཞིག་གནས་ཡིད་དུ་འོང་བར་བྱས་པའི་ཕྱོགས་སུ་སྟོན་པར་མཛད་པའི་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་དང་ལྡན་པ་ལ་ཇི་ལྟ་བ་བཞིན་དུ་མཆོད་
པ་ལ་སོགས་པ་སྔོན་དུ་འགྲོ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་ཡོངས་སུ་བསྐོར་བར་བསམས་ལ་ཕྱག་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པས་ལུས་དྲང་པོར་བསྲངས་ཏེ། མཉམ་པར་གཞག་པའི་ཕྱག་རྒྱ་བཅས་ལ། ལྕེ་རྐན་ལ་སྦྱར་ནས་མིག་སྣ་གོང་དུ་གཏད་དེ། ཕྱོགས་
བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྔ་མ་བཞིན་དུ་དམིགས་ཏེ། དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བདག་མེད་པ་གསལ་བར་བྱེད་པའི་མན་ངག་མནོས་ལ་རྩ་བའི་སེམས་ཀྱིས་མིང་དང་མཚན་མ་ལ་དམིགས་ནས་དེ་ཉིད་ཀྱི་ཚིག་གི་བྱེ་བྲག་དང་། ལེའུ་ལ་སོགས་པའི་
དབྱེ་བ་ལ་རྗེས་སུ་སྤྱོད་པའི་སེམས་ཀྱིས་རྣམ་པར་དཔྱད་དེ། དེ་ནས་མངོན་པར་རྟོགས་པ་བརྒྱད་ཀྱི་གནས་སྐབས་དབྱེ་བའི་གྲངས་རྩི་བ་དང་། མངོན་པར་རྟོགས་པའི་རང་བཞིན་སོ་སོར་ངེས་པར་འཇལ་བ་དང་། སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་མེད་པར་དཔྱོད་པ་དང་། མངོན་སུམ་དང་རྗེས་སུ་
Vol. 86 · folio 77b
དཔག་པའི་ཚད་མས་བརྟགས་པའི་ཕྱིར་སོ་སོར་རྟོག་པ་ཉིད་དོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམ་པ་བཞིར་རྣམ་པར་དཔྱད་དེ། ཡི་གེ་ཡང་སིལ་བུ་དང་བསྡུས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དོན་མེད་པ་དང་དོན་དང་བཅས་པ་ཉིད་ཀྱིས་རྣམ་པ་དེ་གཉིས་ལ་རྣམ་པར་དཔྱོད་པའི་ཕྱིར་རྣམ་
པར་དཔྱོད་པའི་སེམས་སོ། །དེའི་ཚེ་རྣམ་པར་དཔྱད་པའི་རྒྱུ་མཚན་གྱིས་འདི་ཉིད་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་ངེས་པར་འཛིན་པའི་སེམས་ཀྱིས་ངེས་པར་བཟུང་ནས། ཇི་ལྟ་བ་བཞིན་གྱི་རྣམ་པར་དཔྱད་པ་ཉིད་ཀྱི་དོན་མཚན་མ་ལ་དམིགས་པ་རྩ་བའི་སེམས་སུ་བསྡུས་པའི་སེམས་ཀྱིས་བཅུག་ནས།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདུད་པ་ནི་འདུན་པའི་སེམས་སོ། །ཤེས་རབ་ཀྱི་མིག་གིས་སྒྱུ་མ་ལྟ་བུ་ལས་ཆོས་ཐམས་ཅད་ལས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བས་མ་གཟིགས་པས་རྣམ་པར་རྟོག་པ་མེད་པའོ། །དེ་ལ་རྒྱུ་དང་འབྲས་བུའི་ངོ་བོ་དང་བྲལ་བའི་ཕྱིར་སྟོང་པ་
ཉིད་དོ། །དེ་ཡང་རང་དང་སྤྱིའི་མཚན་མ་མེད་པས་མཚན་མ་མེད་པའོ། །དེས་དོན་དུ་གཉེར་བར་བྱ་བའི་དངོས་པོ་མི་དམིགས་པའི་ཕྱིར་སྨོན་པ་མེད་པ་ཉིད་དོ། །ཡང་དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་གྲོལ་བའི་སྒོའི་ཏིང་ངེ་འཛིན་ཏོ། །སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་
ཆོས་ཉིད་ཡོངས་སུ་མི་ཤེས་པ་དེ་དག་ཕྱིན་ཅི་ལོག་གིས་བཅིངས་པས། འཁོར་བ་ན་སྤྱོད་པའི་འཆིང་བ་དང་ལྡན་པའི་སེམས་ཅན་གྱི་ཁམས་ངེས་པར་ལེགས་པ་ལ་འགོད་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ལ་ཏིང་ངེ་འཛིན་ལ་ལེ་ལོ་དང་། དམིགས་པ་ལ་བརྗེད་པ་དང་། བྱིང་བ་དང་། རྒོད་པ་དང་།
མི་རྩོལ་བ་དང་། རྩོལ་ཆེས་པ་དང་། སྐྱོན་དྲུག་པོ་དེ་དག་གནས་སྐབས་ཇི་ལྟ་བས་སྐྱེས་པ་ན་དེའི་གཉེན་པོ་འདུ་བྱེད་བརྒྱད་ཇི་ལྟ་བ་བཞིན་དུ་བསྟེན་པར་བྱ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་དད་པས་རྣལ་འབྱོར་པ་ལ་འདུན་པ་ཡང་དག་པར་སྐྱེའོ། །འདུན་པ་དེའི་སྟོབས་ཀྱིས་
བརྩོན་འགྲུས་རྩོམ་མོ། །དེ་ནས་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ལུས་དང་སེམས་ཤིན་ཏུ་སྦྱང་བར་འགྱུར་རོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་པར་འགྱུར་རོ། །དེ་ལྟར་ན་དད་པ་ལ་སོགས་པ་བཞིས་ལེ་ལོ་སྤོང་བར་འགྱུར་རོ། །དམིགས་པ་བརྗེད་པའི་གཉེན་པོར་ནི་དྲན་པ་ཉིད་དེ། དེས་ཡང་དག་
Vol. 86 · folio 78a
པའི་དམིགས་པ་ལ་གནས་སོ། །ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོ་སྟེ། དེ་ཉིད་ཀྱིས་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་བྱིང་བ་སྤོང་ངོ་། །ཡང་དག་པར་སྐྱོ་བའི་དངོས་པོ་མི་རྟག་པ་ལ་སོགས་པ་ཡིད་ལ་བྱེད་པ་ལ་སོགས་པས་རྒོད་པ་སྤོང་བར་
འགྱུར་རོ། །བྱིང་རྒོད་ཞི་བར་བྱེད་པའི་དུས་སུ་མི་རྩོལ་ན་ཡང་སྐྱོན་ཡིན་པས་སེམས་པ་ལ་གོམས་པར་བྱའོ། །བྱིང་རྒོད་ཞི་བ་ན་གང་གི་ཚེ་སེམས་དམིགས་པ་ལས་རབ་ཏུ་མི་གཡོ་བ་ན་མངོན་པར་འདུ་བྱེད་པ་ལ་ཞུགས་པར་གྱུར་ན་དེའི་ཚེ་རྩོལ་བ་སྐྱོན་ཡིན་ནོ། །དེ་ལ་སེམས་རྣམ་པར་གཡེང་བ་དེའི་གཉེན་པོ་བཏང་
སྙོམས་བསྒོམ་པར་བྱའོ། །རིམ་པ་དེ་ལྟར་བསྒོམས་ནས་ལངས་ཏེ་སྔར་སྡུད་པར་བྱེད་པར་རང་གི་ལྷ་རྡོ་རྗེ་འཆང་གི་གཟུགས་སུ་མོས་པར་བྱས་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པས་ཆོས་ཀྱི་སྦྱིན་པ་བྱིན་ཏེ། དེ་དག་ཐམས་ཅད་མངོན་པར་མ་ཞེན་པའི་རྣལ་འབྱོར་
གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་དུ་ཐུན་མཚམས་བཞིར་བསྒྲུབ་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའི་བཤད་པའོ།། །།རྣལ་འབྱོར་མཁས་པ་
འགས་ཀྱང་སྔོན་ཆད་ཡུམ་འདིའི་བསྒྲུབ་པ་རིག་པས་མ་རྟོགས་པ། །གཏི་མུག་མུན་ནག་སྨག་ནི་མ་ལུས་བསལ་བའི་མགོན་པོས་མཁྱེན་ནས་གསུངས་པ་ཡི། །རིགས་པ་ལེགས་ལྡན་ཚིག་གིས་དེ་བཤད་པ་ལས་བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་ཡོན་ཏན་རིན་ཆེན་བསྡུས་ལྡན་འདི་ནི་འགྲོ་བས་མྱུར་དུ་ཐོབ་
པར་ཤོག །གང་ཞིག་མངོན་པར་རྟོགས་རྒྱན་གྱིས། །དེ་ཡི་བསྡུས་དོན་རབ་གསལ་བ། །ཤེས་རབ་ཕ་རོལ་ཕྱིན་བཤད་པ། །རྫོགས་ལ་རྟོགས་པར་སླ་བ་ཡིན། །བརྒྱད་པའི་སྡེབ་སྦྱོར་ངེས་བཅིངས་པའི། །ཚིགས་སུ་བཅད་པ་ཡོངས་རྩིས་ན། །ཕྱེ་ན་སྟོང་ཕྲག་གཉིས་དག་དང་། །བརྒྱ་ཡིས་འདི་ལྷག་ཤེས་པར་བྱ། །ཡོན་ཏན་རིན་
པོ་ཆེ་སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་རྟོགས་པར་སླ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།བལ་ཡུལ་གྱི་པཎྜི་ཏ་ཛེ་ཏ་ཧང་དུ་ཤཱནྟིབྷ་དྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙྪ་བ་འབྲོ་སེང་དཀར་ཤཱཀྱའི་འོད་ཀྱིས་བསྒྱུར་བའོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words