བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨ་བྷི་ས་མ་ཡ་ཨ་ལངྐཱ་ར་བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་བྲྀཏྟི་པྲཛྙཱ་པྲ་དཱི་པ་ཨ་བ་ལི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 88 · folio 1b
༄༅༅། །རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལངྐཱ་ར་བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་བྲྀཏྟི་པྲཛྙཱ་པྲ་དཱི་པ་ཨ་བ་ལི་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་མ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་ཉོན་མོངས་སྒྲིབ་པའི་མུན་ཚོགས་
ཟླ་འོད་བཅས་འཇོམས་སྲིད་ཞིའི་མཚན་མོ་མཐར་བྱེད་ཅིང་། །དམ་ཆོས་ཤར་གྱི་རི་བོ་མཐོན་པོའི་རྩེ་ནས་མངོན་བྱུང་རབ་ཡངས་ཤེས་བྱའི་མཁའ་ལ་རབ་ཏུ་ཤར། །ཕུན་ཚོགས་སྦྱོར་
བཞི་རླུང་གི་རྟ་བཅིབས་མཁྱེན་གསུམ་དཀྱིལ་འཁོར་དྲི་མེད་སྐུ་བཞིའི་གཟི་འོད་རྣམ་པར་འཕྲོ། །ཚ་ཟེར་མཛད་པས་འགྲོ་བའི་ལོ་ཏོག་སྨིན་མཛད་རྒྱལ་ཡུམ་ཉི་མ་ཤེས་རབ་ཕ་རོལ་ཕྱིན་
Vol. 88 · folio 2a
ཕྱག་འཚལ། །རྒྱལ་བས་ཤེས་རབ་ཕ་རོལ་ཕྱིན་དོན་གང་ཡིན་དེ་ལམ་གཞུང་གི་བདག་ཉིད་ཅན། །ཇི་བཞིན་རྣམ་གཞག་སྒྲུབ་བྱེད་དང་ནི་བསྒྲུབ་བྱས་རྒྱུ་ལམ་འབྲས་བུ་བཟང་བསྒྲགས་པ། །
བློ་ལྡན་ཚོགས་རྣམས་ལ་ནི་གསལ་བར་ཐུགས་རྗེས་རྒྱས་འབྲིང་བསྡུས་མཛད་བསྟན་པ་ལས། །རིམ་གྱིས་ཤེས་རབ་དམན་པའི་སྐྱེ་བོ་རྣམས་ཀྱིས་དེ་ཡི་དོན་ཆེན་རྟོགས་མ་གྱུར། །རྟོགས་དཀའ་རྒྱལ་བའི་ཡུམ་ལུས་
ཟབ་ཅིང་རྒྱ་ཆེ་བརྗོད་ཚོགས་རྒྱ་མཚོའི་ནང་དུ་ནུབ་གྱུར་པ། །དེ་དོན་མངོན་གཟིགས་བཅོམ་ལྡན་བྱམས་པའི་བློ་གྲོས་ཉིད་དང་བརྩེ་བའི་ལྕགས་ཀྱུས་གདོན་མཛད་དེ། །དངོས་བརྒྱད་རང་བཞིན་རྣམ་གཞག་དང་ནི་བརྒྱད་
བཟོས་མངོན་པར་རྟོགས་པའི་རྒྱན་གཞུང་དྲི་མེད་ཕྲེང་། །རིན་ཆེན་འོད་འཕྲོ་མཁས་པའི་ཚོགས་རྣམས་ལ་ནི་ལེགས་བསྟན་རབ་ཏུ་དགའ་བ་བསྐྱེད་པར་མཛད། །ཐོགས་མེད་མགོན་གྱིས་དེ་དོན་མདོར་བཤད་བློ་གྲོས་
ཕུན་ཚོགས་དབྱིག་གཉེན་གྱིས། །རྣམ་རིག་ཚུལ་བཀྲོལ་ཇི་བཞིན་དོན་མིན་འཕགས་པ་རྣམ་པར་གྲོལ་བས་ནི། །མཐའ་བྲལ་དོན་གྱི་དེ་ཉིད་རྣམ་ཕྱེ་མཁས་པའི་སྐྱེ་བོ་རྣམ་གྲོལ་སྡེས། །རང་བློས་རྗེས་རྟགས་དེ་རྗེས་
Vol. 88 · folio 2b
རྒྱལ་སྲས་སེང་གེ་བཟང་པོས་རབ་བཤད་མཛད། །དེ་ལྟར་མཁས་པས་ཕལ་ཆེར་དོན། །སྣང་གྱུར་བྱས་ཀྱང་འགའ་ཞིག་མིན། །དེ་ཕྱིར་དོན་གཉེར་ཕན་བརྩོན་པས། །མཐའ་དག་འགྲེལ་པ་བྱ་བར་འོས། །ཤེས་རབ་ཕ་རོལ་ཕྱིན་ལུས་མཆོག །མངོན་རྟོགས་
རིན་ཆེན་རྒྱན་གྱིས་སྤྲས། །དེ་རབ་གསལ་བྱེད་འགྲེལ་པ་ནི། །ཤེས་རབ་སྒྲོན་མའི་ཕྲེང་བ་བྱ། །འཕགས་པ་བྱམས་པ་བདག་ཉིད་དམ་པ་རྣམས་ཀྱི་སྤྱོད་པ་རབ་ཏུ་མཐུན་པར་སྟོན་ཅིང་རང་གི་བསྟན་བཅོས་བརྩམས་པ་ཕུན་སུམ་ཚོགས་པར་བྱ་བ་དང་། གཙོར་
གཞན་དག་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་འབྱུང་གནས་ལ་ཆེར་སྤྲོ་བས་དང་བ་བསྐྱེད་པའི་ཆེད་དུ་དང་པོ་རེ་ཞིག་འཕགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོན་ཏན་ཇི་ལྟ་བ་བཞིན་བརྗོད་པ་སྔོན་
དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བར་མཛད་པ། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་
ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་བྱའོ། །དེ་ལ་རེ་ཞིག་དད་པའི་རྗེས་སུ་འབྲང་བ་རྣམས་ནི་ཚིགས་སུ་བཅད་པ་འདིས་བསྟན་པའི་ཆེ་བ་ཐོས་པ་ཉིད་ན་འདི་ལ་
ཐེ་ཚོམ་མེད་པ་རབ་ཏུ་དང་བ་སྐྱེ་བའོ། །ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མ་རྣམས་ཀྱི་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པའི་ཡུམ་ལ་གནོད་པ་མ་མཐོང་ཞིང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་གསུམ་པ་ཅན་གྱི་བདག་ཉིད་གོམས་པ་ལ་སོགས་པའི་ཁྱད་པར་གྱི་ཁྱད་པར་དུ་འགྱུར་བའི་ཕྱིར་སངས་རྒྱས་ལ་སོགས་པ་ནི་བསྐྲུན་པར་མཛད་པ་ཉིད་དོ་ཞེས་ཤེས་པར་བྱས་ཏེ་མངོན་པར་དང་བ་སྐྱེད་པར་བྱེད་པ་ཉིད་དོ། །དེ་ལ་དང་བས་ནི་དེའི་དོན་
Vol. 88 · folio 3a
ཡོངས་སུ་བསྒྲུབ་པར་བྱ་འདོད་པས་གཟུང་བ་ལ་སོགས་པའི་དོན་གྱིས་རྣམ་པ་ཐམས་ཅད་དུ་རབ་ཏུ་གུས་པར་བྱེད་པ་དང་། དེ་ལས་ཀྱང་ཐོས་པ་ལ་སོགས་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་ཅི་རིགས་པར་ཐོབ་པར་འགྱུར་རོ། །
དེ་ལ་ཡུལ་ཉིད་དང་། སྦྱོར་བ་ཉིད་དང་། འབྲས་བུ་ཉིད་ལ་སོགས་པ་གསུམ་གྱི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་པར་དགོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་དོ། །འདི་ལྟར་ཉན་ཐོས་དང་དེའི་ཕྱོགས་སུ་བསྡུས་པ་རྣམ་པར་
ཐར་པ་ཅུང་ཟད་ཅིག་གིས་ལྷག་པ་རང་སངས་རྒྱས་ཀྱང་སྟེ་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་རྣམས་ཕུང་པོ་ལ་སོགས་པའི་གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་རྣམ་པ་
གཉིས་ཐོབ་པར་མཛད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པ་རྣམས་ཉན་ཐོས་ལ་སོགས་པའི་ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པ་ཉིད་ཀྱིས་འཇིག་རྟེན་པ་རྣམས་ལ་ཕན་ཅིང་བདེ་བར་མཛད་
པ་གང་ཡིན་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པར་མངོན་སུམ་དུ་གྱུར་པ་གང་དང་ཡང་དག་པར་ལྡན་ན་སྐུ་གསུང་ཐུགས་ཡང་དག་པར་བསྡམས་པའི་སྐུ་ཅན་རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་གཙོ་བོ་རྣམས་སྤྱོད་པའི་གཉེན་པོར་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་མ་
ལུས་པ་རྣམ་པ་ཐམས་ཅད་དང་ལྡན་པ་བསྐོར་བར་མཛད་པ་གང་ཡིན་པ་ཉན་ཐོས་ཉིད་དང་། བྱང་ཆུབ་སེམས་དཔའ་ཉིད་དང་། སངས་རྒྱས་ཉིད་ཀྱིས་ཡོངས་སུ་བསྐོར་བ་དེ་ལྟ་བུ་སྒྲུབ་པར་བྱེད་པ་ཉིད་ཀྱིས་དེ་དག་གི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་
གུས་པར་ཕྱག་འཚལ་བའོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱན་ནི་གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་མངོན་པར་རྟོགས་པའི་བདག་ཉིད་བརྒྱད་དུ་ཕྱེ་ཞིང་བསྡུས་པས་ཉེ་བར་སྟོན་པར་མཛད་པའི་ཕྱིར་མཁྱེན་པ་ཉིད་རྣམ་པ་གསུམ་གྱི་རང་བཞིན་
Vol. 88 · folio 3b
གྱིས་རྣམ་པར་གཞག་པ་འདི་འཚམ་པ་ཡིན་ནོ་ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །འདི་ལྟར་རྒྱལ་བའི་ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས།
རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་ཆོས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི། ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ་རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས། དེའི་ཕྱིར་ཉན་ཐོས་དང་རང་
སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བའོ། །བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་
ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གི་ལམ་གྱི་བྱང་བ་ཡང་བྱ་ལ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་།
སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཅིའི་སླད་
དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག་དང་རྟགས་གང་དག་དང་། མཚན་མ་གང་དག་གི་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་། རྟགས་
Vol. 88 · folio 4a
དེ་དག་དང་། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དེ་བཞིན་དུ་མདོར་
བསྡུས་པ་ལས་ཀྱང་། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ལ། རྒྱས་པ་ལས་ཀྱང་རྒྱ་ཆེར་གསུངས་སོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མི་རྟག་པ་ལ་སོགས་པའི་རྟེན་ཅན་
འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ནི་ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་དང་། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་ལ་སོགས་པར་བྱེད་པ་ཅན་ཡིན་ནོ། །རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྟེན་ཅན་འབྲས་བུ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་དང་། ཡང་དག་པ་ཉིད་ནི་མཐའ་རྟོགས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་སྤངས་
པ་ཅན་ཡིན་ནོ་ཞེས་ཤེས་པར་བྱའོ། །གལ་ཏེ་སྟོང་པ་ཉིད་ཐབས་དང་ཐུགས་རྗེ་ཕུན་སུམ་ཚོགས་པ་ཡིན་ན་དེས་རྒྱས་པ་དང་འབྲིང་དང་མདོར་བསྡུས་པ་ལ་དད་པས་ཚུལ་དེ་ཉིད་ཀྱིས་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་གསལ་བར་མཛད་པ་མ་ཡིན་ནམ། ཡང་ཅི་
ཞིག་བསྟན་དུ་ཡོད་ཅེས་དོགས་པའི་གནས་བསལ་ནས་དོན་ལ་ཐེ་ཚོམ་སྐྱེད་པ་ཉིད་ཀྱིས་གཞུག་པ་དང་། གཞན་དག་ཀྱང་དེའི་རྗེས་སུ་འབྲངས་ནས་ངེས་པར་འགྱུར་བའམ། རབ་ཏུ་བྱེད་པའི་ལུས་ཡང་དག་པར་མཛེས་པ་ཉིད་ཀྱི་ཕྱིར་ཡང་འཇུག་པའི་ཡན་ལག་
རང་གི་བསྟན་བཅོས་ཀྱི་བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་དགོས་པ་དང་། འབྲེལ་བ་དོན་གྱིས་ཐོབ་པ་རྣམས་གསུངས་ཏེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལ་བཤད་པ་གང་། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །
Vol. 88 · folio 4b
ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོངས་པ་ཡིན། །ཞེས་བྱ་བའོ། །འདིས་ནི་བརྗོད་པར་བྱ་བ་མེད་པ་དང་། བསྒྲུབ་པར་མི་ནུས་པ་དང་།
འདོད་པར་བྱ་བ་མ་ཡིན་པ་དང་། འབྲེལ་པ་མེད་པ་ཞེས་བྱ་བའི་མཐའ་བཞི་རྣམ་པར་བསལ་བ་ཉིད་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱུང་བ་དང་འབྱུང་བར་འགྱུར་བ་གཤེགས་ཤིང་རྗེས་སུ་གཤེགས་
པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་མ་ལུས་པའི་ལུས་ཅན་ལ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་རྒྱལ་བའི་ཡུམ་དེ་དང་དེ་དག་ལ་ཡུལ་དང་ཐབས་དང་། འབྲས་བུའི་མཚན་ཉིད་ཀྱིས་སྒྲུབ་པར་བྱེད་པ་དང་
བསྒྲུབ་པར་བྱ་བའི་ཚུལ་གྱིས་འབྲེལ་པར་བསྟན་པ། ཕྱི་རོལ་པ་དང་ཅིག་ཤོས་ཀྱི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཆོས་ཐམས་ཅད་བདག་མེད་པར་གོམས་པར་མ་བྱས་པ་རྣམས་ཀྱི་ཐོས་པ་ལ་སོགས་པ་རྣམས་བྱུང་བའི་ཤེས་རབ་ཀྱི་ལྕེས་རབ་ཏུ་མ་མྱངས་པའི་
བདུད་རྩི་གང་ཡིན་པ་དེ་ནི་བརྗོད་པར་བྱ་བ་ཡིན་ནོ། །བློ་གྲོས་དང་ལྡན་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མངོན་པར་རྟོགས་པ་མ་ལུས་པ་ཡི་གེར་འདྲི་བ་དང་ཀློག་པ་ལ་སོགས་པ་ཀུན་ཏུ་སྤྱོད་པའི་གནས་བཅུ་པོ་དག་གི་དོན་ཇི་ལྟ་བར་ལེགས་པར་ཐོས་
ནས་ཚུལ་བཞིན་དུ་ཉེ་བར་བསམས་པས་བག་ཆགས་ཀྱིས་བསྒོས་པ་ཡང་དག་པར་དྲན་པའི་ཤེས་པ་ལ་བཞག་ནས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ལ་སོགས་པའི་རིམ་པས་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་བྱེད་པར་འགྱུར་བ་ནི་དགོས་པའི་དགོས་པ་
སྟེ། དེའི་ཕྱིར་དེ་དག་གི་མཚན་ཉིད་མངོན་པར་རྟོགས་པ་རྣམས་ཀྱི་རིམ་པ་ཉིད་ཉེ་བར་བསལ་བའི་དོན་དུ་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱེད་པ་ནི་རབ་ཏུ་བྱེད་པའི་དོན་རྩོམ་པའི་དགོས་པ་ཡིན་ནོ། །དེ་བས་ན་བརྗོད་པར་བྱ་བའི་དོན་ཅན་ལས་དེ་
Vol. 88 · folio 5a
བསྟན་པས་རབ་ཏུ་རྟོགས་པས་ནི་དོན་མཐར་ཐུག་པར་འགྱུར་རོ་ཞེས་བྱ་བའི་ཤུགས་ཀྱིས་ཐོབ་པ་ཉིད་དང་། དེ་ལས་བྱུང་བའི་ཚུལ་གྱིས་འབྲེལ་པ་ཁོང་དུ་གནས་པ་ནི་དོན་གྱི་མཐུ་ཡིན་ནོ། །དེའི་འོག་ཏུ་བསྟན་བཅོས་ཀྱི་གཞུང་ཉིད་འཆད་པར་
བཞེད་དེ། གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་། བསྟན་བཅོས་རྣམ་པར་དབྱེ་བ་བྱས་པ་ཡང་སྤྱིའི་དོན་གྱིས་རྣམ་པར་བཅིངས་པས་རབ་ཏུ་མཛེས་ཤིང་མ་འཛིངས་པ་ཉིད་ཀྱི་འཆད་པ་པོ་རྣམས་ཀྱང་སླ་བས་ལེགས་པ་སྟོན་པར་འགྱུར་བར་
གཟིགས་ནས་ཚིག་ལེའུར་བྱས་པ་གཉིས་ཀྱི་མདོ་དང་། བཅུ་གསུམ་གྱིས་རྒྱས་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་གཞག་པ་གསུངས་པ་ལས་རེ་ཞིག་སྤྱིར་བསྟན་པའི་ཚུལ་གྱིས་གང་གིས་གང་ཞིག་ཇི་ལྟར་བཤད་པ།
ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱི་ཡང་དག་བཤད། །ཅེས་གསུངས་སོ། །གཞུང་གཙོ་བོར་བཟུང་བས་ལམ་དང་དོན་གྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་དང་། མངོན་པར་རྟོགས་པ་བཞི་དང་།
ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་བརྒྱད་ཀྱིས་ཇི་ལྟ་བ་དང་། ཇི་སྙེད་པའི་དོན་ཡང་དག་པར་བཤད་པ་ཡིན་ནོ། །དངོས་པོ་བརྒྱད་གང་ཞེ་ན། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་
དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་གསུངས་ཏེ། མ་ལུས་པའི་རྣམ་པ་མཐར་ཐུག་པ་མངོན་སུམ་དུ་མཛད་པའི་མཚན་ཉིད་སྣང་བ་དང་བཅས་པ་དང་ཅིག་ཤོས་ཀྱི་བདག་ཉིད་ཅན་
གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པར་ཡོངས་སུ་གཟིགས་པའི་མཚན་ཉིད། མཉམ་པར་བཞག་པ་དང་མ་བཞག་པའི་བདག་ཉིད་ཅན་གྱི་ལམ་ཐམས་ཅད་མཁྱེན་པ་ཉིད་དང་། གཞི་ཐམས་ཅད་མངོན་པར་རྟོགས་
Vol. 88 · folio 5b
པའི་མཚན་ཉིད་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་གཞི་ཐམས་ཅད་མཁྱེན་པ་ཉིད་དང་། དེ་དག་གི་དོན་ཅིག་ཅར་བསྡུས་ཤིང་རྣམ་པར་སྒོམ་པའི་མཚན་ཉིད་ལས་དང་པོ་པ་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་གནས་སྐབས་ཅན་
རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཉིད་དང་། དེ་ཉིད་རྣམ་པ་ཐམས་ཅད་དུ་རང་གི་དབང་དུ་གྱུར་པའི་མཚན་ཉིད་སྦྱོར་བ་ལ་སོགས་པའི་གནས་སྐབས་ཅན་རྩེ་མོའི་མངོན་པར་རྟོགས་པ་ཉིད་དང་། ཆོས་རྣམ་པར་དཀར་བ་རྣམས་དང་ལྷན་ཅིག་རིམ་གྱིས་ཡོངས་སུ་
རྫོགས་པའི་མཚན་ཉིད་མཉམ་པར་གནས་པ་དང་ཅིག་ཤོས་ཀྱི་མཚན་ཉིད་གནས་སྐབས་ཅན་མཐར་གྱིས་པའི་མངོན་པར་རྟོགས་པ་ཉིད་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་ཅིག་ཅར་མངོན་སུམ་དུ་གྱུར་པའི་མཚན་ཉིད་རྣམ་པར་སྨིན་པ་མ་ཡིན་པ་ལ་སོགས་
པའི་གནས་སྐབས་ཅན་སྐད་ཅིག་མས་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པ་ཉིད་དང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཚན་མ་ཐམས་ཅད་སྤངས་ཤིང་། མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་རྫོགས་པར་ལོངས་སྤྱོད་པ་ལ་སོགས་པའི་
བདག་ཉིད་ཆོས་ཀྱི་སྐུ་ཉིད་དེ། མཚན་ཉིད་དང་། ཐབས་དང་། འབྲས་བུའི་བདག་ཉིད་ཀྱིས་རྣམ་པ་བརྒྱད་དོ། །དེ་ལ་ཆོས་དུ་ཞིག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་ཞེ་ན། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་
བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དག་དང་། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས་
ཏེ། གཞན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པའི་བདག་ཉིད་འདུན་པ་དང་ལྡན་པ་ལ་སོགས་པ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་དང་། གདུལ་བྱ་རྣམས་དང་འཚམ་པའི་དོན་སྟོན་པར་སྒྲུབ་པ་ལ་སོགས་པ་ལ་གདམས་པ་བཅུ་དང་། ཀུན་ནས་ཉོན་མོངས་པ་
Vol. 88 · folio 6a
དང་། གཉེན་པོའི་ཕྱོགས་ཀྱི་གཟུང་བ་མི་དམིགས་པ་དྲོ་བ་དང་རྩེ་མོར་གྱུར་པ་དང་། གང་ཟག་དང་སྐྱེས་བུའི་འཛིན་པ་ཉེ་བར་ཞི་བ་བཟོད་པ་དང་ཆོས་ཀྱི་མཆོག་ཏུ་གྱུར་པ་སྟེ་ངེས་པར་འབྱེད་པའི་ཡན་ལག་རྣམ་པ་བཞི་དང་། ངོ་བོ་ཉིད་ཀྱིས་ཡོངས་
སུ་དག་པའི་རང་བཞིན་རྟོགས་པའི་ཆོས་ལ་སོགས་པ་བཅུ་གསུམ་གྱི་རྟེན་དུ་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་ཀྱིས་མི་དམིགས་པའི་ཚུལ་གྱིས་དམིགས་པར་བྱ་བ་དགེ་བ་ལ་སོགས་པ་བཅུ་གཅིག་དང་། གང་གི་
ཆེད་དུ་བྱ་བ་སེམས་ཆེན་པོ་ལ་སོགས་པ་གསུམ་དང་། མི་མཐུན་པའི་ཕྱོགས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆའི་སྒྲུབ་པ་དྲུག་དང་། ཐེག་པ་མཆོག་གི་ཡུལ་དུ་འཇུག་པའི་ཕྱིར་བསམ་གཏན་ལ་སོགས་པ་འཇུག་པའི་སྒྲུབ་པ་དགུ་དང་།
དགེ་བའི་རྩ་བ་ཤིན་ཏུ་སྟོབས་དང་ལྡན་པར་བྱ་བའི་ཕྱིར་སྙིང་བརྩེ་བ་ལ་སོགས་པ་ཚོགས་ཀྱི་སྒྲུབ་པ་བཅུ་བདུན་དང་། སྤང་བར་བྱ་བའི་དགྲ་རྣམས་ལས་ངེས་པར་རྒྱལ་བར་བྱ་བའི་ཕྱིར་ཆེད་དུ་བྱ་བའི་དོན་ཅན་ལ་སོགས་པ་ངེས་པར་འབྱུང་བའི་སྒྲུབ་པ་རྣམ་པ་བརྒྱད་དོ། །
དེ་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཆོས་དུ་ཞིག་གིས་ལམ་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་ཞེ་ན། །མོག་མོག་པོར་བྱེད་ལ་སོགས་དང་། །སློབ་མ་བསེ་རུའི་ལམ་གང་དང་། །འདི་
དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་དང་། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་
སྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་གསུངས་ཏེ། ང་རྒྱལ་མེད་པ་ཉིད་ཀྱིས་མོག་མོག་པོར་བྱེད་པ་ལ་སོགས་པ་དང་། གང་ཟག་གི་བདག་ཉིད་མེད་པར་རྟོགས་པ་ཉིད་ཀྱིས་ཉན་ཐོས་
Vol. 88 · folio 6b
ཀྱི་ལམ་དང་། གཟུང་བ་བདག་ཉིད་མེད་པར་རྟོགས་པ་ཉིད་ཀྱིས་རང་རྒྱལ་བའི་ལམ་དང་། བྱང་ཆུབ་སེམས་དཔའི་ལམ་ལ་ཡང་རེ་ཞིག་འཚེ་བ་དང་ནད་ལ་སོགས་པ་མི་འབྱུང་བ་ཉིད་ཀྱིས་ཚེ་འདིའི་ཡོན་ཏན་དང་། སངས་རྒྱས་དང་མི་འབྲལ་ཞིང་དེས་དགོངས་པ་
མཛད་པ་ལ་སོགས་པ་ཉིད་ཀྱིས་ཕ་རོལ་གྱི་ཕན་ཡོན་དང་ལྡན་པ་སྟེ། མཐོང་བའི་ལམ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་དང་། ཉོན་མོངས་པ་ཀུན་ནས་ཞི་བ་ལ་སོགས་པ་དེ་ཉིད་ཀྱིས་བྱེད་པ་དང་། མོས་པར་བྱ་བའི་ཡུལ་ལ་ཡང་དག་པར་མོས་པ་ཉིད་ཀྱིས་མོས་པ་ཡིད་ལ་
བྱེད་པ་བླ་ན་མེད་པ་དང་། དེ་ལྟར་རང་གི་དོན་ཅན་གྱི་མོས་པ་རྣམས་ལ་བསྟོད་པ་དང་། རང་གཞན་གཉིས་ཀའི་དོན་ཅན་གྱི་མོས་པ་རྣམས་ལ་བཀུར་བ་དང་། གཞན་གྱི་དོན་ཅན་གྱི་མོས་པ་རྣམས་ལ་བསྔགས་པ་དང་། ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱིས་ཡོངས་
སུ་འཕེན་པ་བསྔོ་བ་ཡིད་ལ་བྱེད་པ་བླ་ན་མེད་པ་དང་། ཕ་རོལ་པོས་བྱས་པའི་དགེ་བའི་རྩ་བ་ལ་མངོན་པར་དགའ་བ་ཐོབ་པ་རྗེས་སུ་ཡི་རང་བ་ཉིད་ཡིད་ལ་བྱེད་པ་བླ་ན་མེད་པ་དང་། ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོའི་འབྱུང་ཁུངས་སུ་གྱུར་པའི་དོན་གྱིས་སྒྲུབ་པ་དང་།
ཉེས་པ་རྣམས་ཀྱི་ཚང་ཚིང་ལས་རྣམ་པར་གྲོལ་བའི་དོན་གྱིས་ཤིན་ཏུ་རྣམ་པར་དག་པ་དེ། ཡང་དག་པར་གོམས་པས་ཐོབ་པའི་ཡུལ་བསྒོམ་པའི་ལམ་མོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཤེས་པ་ཉིད་ཅེས་བྱའོ། །ཆོས་དུ་ཞིག་གིས་གཞི་ཐམས་
ཅད་ཤེས་པ་ཉིད་ཅེས་བྱ་ཞེ་ན། །ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་
སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གསུངས་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་བསྒོམ་པ་ལ་མཁས་པའི་ཤེས་རབ་ཀྱིས་འཁོར་བ་ལ་མི་གནས་པ་དང་། སྙིང་རྗེ་ཆེན་པོ་རང་གི་ངང་གིས་གོམས་པ་གཉིས་ཀྱིས་མྱ་ངན་ལས་འདས་
Vol. 88 · folio 7a
པ་དེ་ལ་མི་གནས་པ་དང་། མཚན་མར་དམིགས་པ་ཉིད་ཀྱིས་ཐབས་མ་ཡིན་པའི་ཕྱིར་རིང་བ་དང་མཚན་མར་དམིགས་པ་མ་ཡིན་པ་ཉིད་ཀྱིས་ཐབས་མཁས་པ་དང་ལྡན་པའི་ཕྱིར་རིང་བ་མ་ཡིན་པ་ཉིད་དང་ཆོས་སུ་འཛིན་པ་དང་མ་བྲལ་བས་མི་མཐུན་པའི་
ཕྱོགས་དང་། དེའི་གཉེན་པོར་གྱུར་པ་ཉིད་ཀྱིས་གཉེན་པོའི་ཕྱོགས་དང་། གཞི་ཐམས་ཅད་ལ་ཡང་ཡོངས་སུ་ཞེན་པའི་སྤྱོད་པ་མི་དམིགས་པ་ཉིད་ཀྱིས་སྦྱོར་བ་དང་། དངོས་པོ་དང་མཚན་མ་ལ་སོགས་པའི་རྣམ་པར་གཡེང་བ་སྤངས་པ་ཉིད་ཀྱིས་དེའི་མཉམ་པ་ཉིད་དང་།
བདེན་པ་རྣམས་ཀྱི་སྐད་ཅིག་མ་བཅུ་དྲུག་མངོན་སུམ་དུ་མཐོང་བ་ཉིད་ཀྱི་མཐོང་བའི་ལམ་མོ། །དེ་དག་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །ཆོས་དུ་ཞིག་གིས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་ཞེ་ན། །རྣམ་པ་སྦྱོར་
བར་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །ཐབས་ལ་མཁས་བཅས་གང་ཡིན་འདི། །རྣམ་
ཀུན་མངོན་རྫོགས་རྟོགས་པ་ཡིན། །ཞེས་གསུངས་ཏེ། ངོ་བོ་ཉིད་མེད་པ་དང་ཤེས་པ་ལ་སོགས་པ་དོན་ཉིད་དང་། ཤེས་པ་ཉིད་ཀྱི་རྣམ་པ་དང་། སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་བཀག་པ་ཉིད་ཀྱིས་སྦྱོར་བ་རྟེན་དང་བཅས་པ་དང་། བདུད་ཀྱི་མཐུ་བཅོམ་པ་
ལ་སོགས་པ་དེའི་ཕན་ཡོན་དང་། ཧ་ཅང་མྱུར་ཆེས་པའི་སྤོབས་པ་ཅན་ལ་སོགས་པ་སྐྱོན་དང་། ཤེས་པ་དང་ཁྱད་པར་གྱི་མཚན་ཉིད་ལ་སོགས་པ་མཚན་ཉིད་དང་། མྱ་ངན་ལས་འདས་པའི་རྒྱུ་ཉིད་ཀྱིས་དད་པ་ལ་སོགས་པའི་དགེ་བའི་རྩ་བ་ཐར་པའི་ཆ་དང་མཐུན་པ་དང་།
ཆོས་བདེན་པ་མཐོང་བའི་རྒྱུ་ཉིད་ཀྱིས་དྲོ་བ་ལ་སོགས་པའི་བསོད་ནམས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་དྲོ་བ་ལ་སོགས་པ་དང་འབྲེལ་བ་ཐོབ་པའི་ཕྱིར་མི་ལྡོག་པའི་ཚོགས་དང་། འཁོར་
Vol. 88 · folio 7b
བ་དང་མྱ་ངན་ལས་འདས་པ་དག་མ་སྐྱེས་པ་ཉིད་ཀྱིས་ཐ་དད་པ་མེད་པར་རྟོགས་པ་ཤེས་རབ་ཀྱི་བདག་ཉིད་སྲིད་པ་དང་། ཞི་བ་མཉམ་པ་ཉིད་དང་། རྗེས་སུ་མཐུན་པའི་ཚོགས་བསྐྲུན་ཅིང་སྨོན་ལམ་ཡོངས་སུ་དག་པས་ཡང་དག་པར་སྦྱངས་པ་སྙིང་རྗེའི་བདག་ཉིད་ཞིང་དག་
པ་བླ་ན་མེད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་ཅན་གཞན་གྱི་དོན་ཟུང་དུ་འཇུག་པ་ཉིད་ཕྲིན་ལས་རང་བྱུང་བར་འགྱུར་བ་ཐབས་མཁས་པ་གང་ཡིན་པའོ། །དེ་དག་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱའོ། །ཆོས་དུ་ཞིག་གིས་
རྩེ་མོ་མངོན་པར་རྟོགས་པ་ཞེ་ན། །དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་
ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོ་མངོན་རྟོགས། ཞེས་གསུངས་ཏེ། རྨི་ལམ་དུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པ་ལྟས་མཐོང་བས་དྲ་བར་གྱུར་པ་དེའི་རྟགས་ཉིད་དང་། འཛམ་བུའི་གླིང་གི་སྐྱེ་བོས་སངས་རྒྱས་ལ་
མཆོད་པ་ལ་སོགས་པ་ལས་ཆེས་ལྷག་པའི་བསོད་ནམས་འཐོབ་པས་རྩེ་མོར་གྱུར་པ་རྣམ་པར་འཕེལ་བ་ཉིད་དང་། མཁྱེན་པ་ཉིད་རྣམ་པ་གསུམ་གྱིས་ཆོས་ལ་མོས་པ་མི་བྱེད་པའི་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་བཟོད་པར་གྱུར་པ་བརྟན་པ་ཉིད་དང་། ཏིང་ངེ་
འཛིན་དུ་མས་སེམས་ཉེ་བར་གནས་ཤིང་བདེ་བ་ཐོབ་པས་ཆོས་ཀྱི་མཆོག་ཏུ་གྱུར་པའི་སེམས་གནས་པ་ཉིད་དང་། མཐོང་བས་སྤང་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ཡང་དག་པར་སྤོང་བ་མཐོང་བའི་ལམ་ཉིད་དང་། བསྒོམ་པས་སྤང་བར་བྱ་
བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ཉེ་བར་སྤོང་བ་བསྒོམ་པའི་ལམ་ཉིད་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་མཚུངས་པར་གནས་པའི་སྒྲིབ་པ་མ་ལུས་པ་རབ་ཏུ་སེལ་བའི་མཚན་ཉིད་ཅན་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། ཀུན་རྫོབ་དང་དོན་དམ་པའི་
Vol. 88 · folio 8a
བདེན་པ་ལ་བརྟེན་པའི་ལམ་ཉིད་ཀྱིས་རྒོལ་བའི་ལོག་པར་རྟོག་པ་བཅུ་དྲུག་སེལ་བ་དང་བཅས་པའོ། །དེ་དག་ནི་རྩེ་མོའི་མངོན་པར་རྟོགས་པ་ཞེས་བྱའོ། །ཆོས་དུ་ཞིག་གིས་མཐར་གྱིས་པའི་མངོན་པར་རྟོགས་པ་ཞེས་བྱ་ཞེ་ན། མཐར་གྱིས་པ་རྣམ་
བཅུ། ཞེས་གསུངས་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། གཏོང་བ་དང་། ཚུལ་ཁྲིམས་དང་། ལྷ་རྗེས་
སུ་དྲན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་བདག་ཉིད་བཅུ་གསུམ་མོ། །དེ་དག་ནི་མཐར་གྱིས་མངོན་པར་རྟོགས་པ་ཞེས་བྱའོ། །ཆོས་དུ་ཞིག་གིས་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་ཞེས་བྱ་ཞེ་ན། སྐད་ཅིག་མ་གཅིག་གིས་མངོན་རྫོགས་བྱང་
ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་གསུངས་ཏེ། རྣམ་པར་སྨིན་པ་མ་ཡིན་པ་དང་། རྣམ་པར་སྨིན་པ་དང་། མཚན་ཉིད་མེད་པ་དང་། གཉིས་སུ་མེད་པ་སྟེ། མཚན་ཉིད་བཞིར་རབ་ཏུ་བྱེད་པ་ཟག་པ་མེད་པའི་ཆོས་ཐམས་ཅད་ཅིག་ཅར་
མངོན་སུམ་དུ་གྱུར་པའོ། །དེ་དག་ནི་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པ་ཞེས་བྱའོ། །ཆོས་དུ་ཞིག་གིས་ཆོས་སྐུ་ཞེས་བརྗོད་པར་བྱ་ཞེ་ན། །ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་ནི་སྤྲུལ་པ་སྟེ། ཆོས་སྐུ་
མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་ཏེ། དག་ཅིང་ཟག་པ་མེད་པའི་བདག་ཉིད་དུ་གྱུར་པའི་རང་བཞིན་ངོ་བོ་ཉིད་ཀྱི་སྐུ་དང་། མཚན་དང་དཔེ་བྱད་རབ་ཏུ་འབར་བའི་སྐུ་བསྟན་པས་ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་
རྣམ་པར་བརྩེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཇི་ལྟར་འཚམ་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དག་གིས་མ་ལུས་པའི་སྐྱེ་བོ་རྣམས་ཀྱི་དོན་མཛད་པ་སྤྲུལ་པའི་སྐུ་དང་། སེམས་དང་སེམས་ལས་བྱུང་བ་རྣམས་ཡོངས་སུ་དག་པ་ཉིད་ཀྱིས་ཇི་ལྟ་བ་དང་ཇི་
Vol. 88 · folio 8b
སྙེད་པ་མཁྱེན་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་ཉིད་དང་རྣམ་པ་བཞི་སྟེ། དེའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ལ་སོགས་པར་འཇུག་པ་ཉིད་ཀྱིས་འགྲོ་བ་རྣམས་ཞི་བའི་ལམ་ལ་འགོད་པ་ལ་སོགས་པ་ཉི་ཤུ་རྩ་བདུན་ཡིན་ནོ། །དེ་དག་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ཞེས་
བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་མངོན་པར་རྟོགས་པ་རྣམས་ཀྱི་ལུས་རྣམ་པར་གཞག་པ་སྟེ་དུམ་བུ་དང་པོའོ།། །།ད་ནི་དངོས་པོ་སོ་སོའི་ཡན་
ལག་རྒྱས་པར་བཤད་པར་བྱ་སྟེ། །རེ་ཞིག་རྣམ་པ་ཐམས་ཅད་ཀྱིས་འབད་པར་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ཇེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཤད་པར་བཞེད་ནས་གང་གིས་འགྲུབ་པའི་ཡན་ལག་རྟོགས་པར་བྱ་བའི་ཕྱིར། དང་པོ་སེམས་བསྐྱེད་པ་རང་གི་ངོ་བོ་དམིགས་
པ་དང་བཅས་པ་གསུངས་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་བྱ་བའོ། །སྐལ་བ་ཇི་ལྟ་བར་གཞན་གྱི་དོན་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་སྨོན་ལམ་གྱི་གྲོགས་ཅན་བསམ་པས་
སྨོན་པ་དང་སྦྱོར་བས་འཇུག་པའི་ངོ་བོ་ཉིད་རྣམ་པ་ཉིད་རབ་ཏུ་དབྱེ་བ་དང་བཅས་པའོ། །གལ་ཏེ་བྱང་ཆུབ་འདོད་པ་ཉིད་ནི་དགེ་བའི་ཆོས་ལ་འདུན་པ་སེམས་ལས་བྱུང་བ་མ་ཡིན་ནམ། སེམས་བསྐྱེད་པ་ནི་ཡུལ་ཁྱད་པར་དུ་འཕགས་པ་རྣམ་པ་ཅན་འབྱུང་བ་ཡིན་ན། ཇི་ལྟར་ན་
དེའི་མཚན་ཉིད་དུ་བརྟག་ཅེ་ན་མ་ཡིན་ཏེ། དོན་གཉེར་བ་ཉིད་རྣམ་པར་རིག་པའི་བདག་ཉིད་ཡིན་པའི་ཕྱིར་དེ་སྐད་དུ་བརྡ་སྦྱར་བར་ཟད་མོད། གཞན་དུ་འབྲས་བུ་ལ་རྒྱུ་དང་གྲོགས་ཅན་ལ་དེ་དང་ལྷན་ཅིག་པའི་མིང་གིས་བཏགས་པར་བརྗོད་ཀྱང་རང་གི་མཚན་ཉིད་འགྲུབ་པ་ཇི་ལྟར་
འགྱུར། དེ་ལ་གང་འདོད་པའི་བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན་ལ། གང་གི་དོན་དུ་འདོད་པ་གཞན་གྱི་དོན་དེ་ཡང་གང་ཞིག་ཡིན་ཞེ་ན། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་བྱ་བ་གསུངས་ཏེ། རྒྱལ་
Vol. 88 · folio 9a
བའི་ཡུམ་དག་ལས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་དང་། སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་མི་དམིགས་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ཤེས་པར་
བྱ་བའི་དོན་ཅན་བྱང་ཆུབ་དང་། སེམས་ཅན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདའ་བར་འདོད་པས་ཞེས་བྱ་བ་དང་། སེམས་ཅན་སེར་སྣ་ཅན་ལ་སོགས་པ་རྣམས་སྦྱིན་པ་ལ་སོགས་པ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་
པར་བྱའོ་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱ་བའི་དོན་ཅན་གཞན་གྱི་དོན་བསྟན་པ་དེ་ལྟར་བསྡུས་པ་དང་རྒྱས་པའི་སྒོ་ནས་ཇི་སྐད་བསྟན་པ་དམིགས་པའི་བདག་ཉིད་ཡོངས་སུ་ཤེས་པར་བྱ་བའོ། །སེམས་བསྐྱེད་པ་དེ་ཉིད་རབ་ཏུ་དབྱེ་བས་རྣམ་པ་དུ་ཞིག་ཅེ་ན། བར་
སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་གསུངས་པ། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་
སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་བྱ་བའོ། །དེ་ནི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོར་གྱུར་པའི་ཕྱིར་འདུན་པ་དང་ལྡན་པས་ས་ལྟ་བུ་དང་། བྱང་ཆུབ་ཀྱི་བར་དུ་མི་འགྱུར་བའི་ཕྱིར་བསམ་པ་དང་ལྡན་པ་གསེར་བཟང་པོ་ལྟ་བུ་དང་།
དགེ་བའི་ཆོས་མཐའ་དག་མངོན་པར་འཕེལ་བའི་ཕྱིར་ལྷག་པའི་བསམ་པ་དང་ལྡན་པ་ཟླ་བ་ཚེས་པ་ལྟ་བུ་དང་། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་སྲེག་པའི་ཕྱིར་སྦྱོར་བ་དང་ལྡན་པ་མེ་ལྟ་བུ་དང་། སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་
པར་བྱེད་པའི་ཕྱིར་སྦྱིན་པ་དང་ལྡན་པ་གཏེར་ཆེན་པོ་ལྟ་བུ་དང་། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་ཡིན་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་ལྟ་བུ་དང་། མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་པས་མི་འཁྲུགས་པས་བཟོད་པ་དང་ལྡན་པ་རྒྱ་མཚོ་
Vol. 88 · folio 9b
ཆེན་པོ་ལྟ་བུ་དང་། ཡིད་ཆེས་པ་བརྟན་པ་མི་ཕྱེད་པས་བརྩོན་འགྲུས་དང་ལྡན་པ་རྡོ་རྗེ་ལྟ་བུ་དང་། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའི་ཕྱིར་བསམ་གཏན་དང་ལྡན་པ་རིའི་རྒྱལ་པོ་ལྟ་བུ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བའི་ཕྱིར་ཤེས་རབ་
དང་ལྡན་པ་སྨན་གྱི་མཆོག་ལྟ་བུ་དང་། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་ཐབས་མཁས་པ་དང་ལྡན་པ་དགེ་བའི་བཤེས་གཉེན་ལྟ་བུ་དང་། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའི་ཕྱིར་སྨོན་ལམ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་
ལྟ་བུ་དང་། གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་སྟོབས་དང་ལྡན་པ་ཉི་མ་ལྟ་བུ་དང་། འགྲོ་བ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གླུ་དབྱངས་ལྟ་བུ་དང་། ཇི་ལྟར་མཐུ་ཐོགས་པ་མེད་པར་གཞན་གྱི་དོན་སྒྲུབ་པའི་ཕྱིར་
མངོན་པར་ཤེས་པ་དང་ལྡན་པ་རྒྱལ་པོ་ཆེན་པོ་ལྟ་བུ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་དུ་གྱུར་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་དང་ལྡན་པ་བང་མཛོད་ལྟ་བུ་དང་། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་བྱང་ཆུབ་
ཀྱི་ཕྱོགས་ཀྱི་ཆོས་དང་ལྡན་པ་ལམ་ཆེན་པོ་ལྟ་བུ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མི་ལྟུང་བར་བདེ་བླག་ཏུ་འགྲོ་བའི་ཕྱིར་སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུ་དང་། ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པས་མི་ཟད་པའི་ཕྱིར་གཟུངས་དང་
སྤོབས་པ་དང་ལྡན་པ་བཀོད་མའི་ཆུ་ལྟ་བུ་དང་། ཐར་པ་འདོད་པའི་སྐྱེ་བོ་རྣམས་ལ་སྙན་པ་སྒྲོགས་པའི་ཕྱིར་ཆོས་ཀྱི་དགའ་སྟོན་དང་ལྡན་པ་སྒྲ་སྙན་པ་ལྟ་བུ་དང་། གཞན་གྱི་དོན་བྱ་བ་ལ་ཐ་མི་དད་པའི་ཕྱིར་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ཆུ་བོའི་རྒྱུན་ལྟ་བུ་དང་། དགའ་
ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་ཆོས་སྐུ་དང་ལྡན་པ་སྤྲིན་ཆེན་པོ་ལྟ་བུ་རྣམས་སོ། །དེ་ལ་དང་པོ་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ལས་དང་པོ་པའི་སས་བསྡུས་སོ། །བཞི་པ་ནི་ས་དང་པོ་ལ་འཇུག་པའི་ལམ་གྱིས་
Vol. 88 · folio 10a
བསྡུས་སོ། །དེའི་འོག་ཏུ་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུས་བསྡུས་ཏེ། མཐོང་བ་དང་བསྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །དེའི་འོག་ཏུ་བཞི་དང་གཉིས་དང་གཉིས་ནི་ས་བརྒྱད་པ་དང་དགུ་པ་དང་བཅུ་པས་བསྡུས་པར་རིག་པར་བྱའོ། །
དེ་ལྟར་སེམས་དང་པོ་གསུམ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པས་གང་ལ་སེམས་བསྐྱེད་པ་དང་དེས་འཕངས་པའི་ཆོ་ག་འགྲུབ་པ་དང་། ཡོངས་སུ་བསྲུང་བ་དང་། ཡོན་ཏན་མངོན་པར་འཕེལ་བར་བྱ་བའི་ཕྱིར་འདོམས་པ་ནི་གདམས་
ངག་སྟེ། དེ་ཡང་། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །བསྒོམ་ཞེས་བྱ་བ་
གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལ་བསྒྲུབ་པར་བྱ་བ་ཉིད་ཀྱི་རང་བཞིན་གང་ཡིན་པ་མི་དམིགས་པའི་རྣམ་པ་དང་། དེ་བཞིན་དུ་མི་དམིགས་པ་དང་། རྟེན་དང་ཁྱད་པར་དུ་འགྲོ་བའི་རྒྱུ་དང་། མི་ལྡོག་པའི་རྐྱེན་དང་། ཐེག་པ་
གཞན་གྱིས་མི་འགྲོ་བ་དང་གཞན་གྱི་དྲིང་མི་འཇོག་པར་འགྲོ་བ་ཉིད་ཀྱི་ཐབས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་གཞི་དང་། དག་པ་དང་མཐར་ཐུག་པའི་རྒྱུ་གང་ཡིན་པ་རྣམས་དང་བདེན་པ་ལ་སོགས་པ་གྲངས་བཞིན་ནོ། །བྱང་ཆུབ་ཀྱི་
སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་བསྒྲུབ་པ་ལ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ་ཞེས་བྱ་བ་ལ་འདོམས་པ་དང་། སྡུག་བསྔལ་གྱི་བདེན་པ་གཟུགས་
ལ་སོགས་པ་འབྲས་བུར་གྱུར་པ་སྟོང་པ་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་གཅིག་གོ་ཞེས་བྱ་བ་དང་། ཀུན་འབྱུང་བའི་བདེན་པ་ལ་སྟོང་པ་ཉིད་དང་། གཟུགས་ལ་སོགས་པ་རྒྱུར་གྱུར་པ་དག་ཐ་མི་དད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ནི་
Vol. 88 · folio 10b
ཀུན་འབྱུང་བ་དང་འགོག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ་ཞེས་བྱ་བ་དང་། འགོག་པའི་བདེན་པ་ལ་སྟོང་པ་ཉིད་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཉམས་པ་དང་འཕེལ་བ་ལ་སོགས་པ་དང་བྲལ་བ་ལ་ནི་གཟུགས་
མེད་པ་ནས་མ་རིག་པ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་སངས་རྒྱས་ཀྱང་མེད་བྱང་ཆུབ་ཀྱི་བར་དུ་ཡང་མེད་དོ་ཞེས་བྱ་བ་དང་། ལམ་གྱི་བདེན་པ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་ངོ་བོས་དབེན་པས་བདག་ཉིད་དམ། ནང་སྟོང་པ་ཉིད་ལ་སོགས་པ་ནི་ཕྱི་
སྟོང་པ་ཉིད་ལ་སོགས་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་ཕན་ཚུན་དུ་སྦྱོར་བ་དང་མི་སྦྱོར་བ་མ་ཡིན་པ་ཉིད་དུ་སྒྲུབ་པོ་ཞེས་སྟོན་པ་བདེན་པ་ལ་འདོམས་པ་དང་། སངས་རྒྱས་ལ་སངས་རྒྱས་དང་བྱང་ཆུབ་དག་མཚན་ཉིད་གཅིག་པ་ཉིད་ཀྱིས་སངས་རྒྱས་སུ་བྱེད་པའི་
ཆོས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པ་ལ་གཟུགས་ལ་སོགས་པས་མི་སྦྱོར་བས་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པ་ཉིད་དུ་ཤེས་པ་ཞེས་བྱ་བ་དང་། ཆོས་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་གཞི་དང་
གཉེན་པོ་དང་། རྣམ་པ་མཐའ་དག་གིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་དང་། དགེ་འདུན་ལ་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་དགྲ་བཅོམ་པ་མ་གཏོགས་པ་སྐྱེས་བུ་ཆེན་པོ་བདུན་པོ་རང་སངས་རྒྱས་དང་ལྷན་ཅིག་བརྒྱད་
པོ་དབང་པོ་རྟུལ་པོ་ལ་སོགས་པའི་བྱེ་བྲག་གིས་གྲངས་ཉི་ཤུར་ཆད་པ་བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པའི་ཕྱིར་མི་ལྡོག་པ་རྣམས་ལ་སྐྱེ་བ་མེད་པ་ཉིད་དུ་འཇུག་པར་བྱའོ་ཞེས་ལུང་འབོགས་པ་དཀོན་མཆོག་གསུམ་ལ་འདོམས་པ་དང་། བརྩོན་འགྲུས་བརྩམས་པ་ཉིད་
ཀྱིས་ཇི་སྐད་བཤད་པའི་དོན་ལ་ནན་ཏན་དུ་བྱེད་པ་ནི་ལུས་ལ་སོགས་པའི་བསོད་ནམས་ཀྱི་ལས་ལ་མངོན་པར་ཞེན་པར་འགྱུར་བས་ཞེན་པའི་ལུས་ལ་སོགས་པ་ངོ་བོ་ཉིད་མེད་པར་བསྟན་པའི་འདོམས་པ་དང་། དུས་ཡུན་རིང་པོ་ཞིག་ཏུ་གོམས་པ་བྱས་ཀྱང་འདོད་པའི་
Vol. 88 · folio 11a
དོན་མ་གྲུབ་ན་དངང་བའི་རང་བཞིན་ཅན་ཡོངས་སུ་སྐྱོ་བར་འགྱུར་བས་ཡོངས་སུ་ངལ་བ་མེད་པ་ལ་གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རློམ་པ་མེད་པ་ཉིད་དུ་སྟོན་པའི་གདམས་པ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་
རྒྱས་ལ་སོགས་པ་ལས་དོན་རེ་རེའི་ཕྱིར་ལམ་གྱི་ལུང་མནོད་པ་ལ་སོགས་པའི་ཆེར་འབད་པར་བྱ་དགོས་ན་སེམས་ཞུམ་པར་འགྱུར་བས་ལམ་ཡོངས་སུ་བཟུང་བ་ལ་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་བརླབ་པར་གདམས་པ་དང་། དབང་པོ་ཉིད་ལས་དངོས་པོ་སོ་
སོར་ངེས་པ་ཤའི་སྤྱན་དང་། རྣམ་པར་སྨིན་པ་ལས་སེམས་ཅན་ཐམས་ཅད་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལྷའི་དང་། དེ་ཁོ་ན་ཉིད་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་དང་། ཡོངས་སུ་དག་པའི་དབང་གིས་འཕགས་པའི་གང་ཟག་རྣམས་ཀྱི་དབྱེ་བ་རྟོགས་པ་
ཆོས་ཀྱི་དང་། ཤིན་ཏུ་དག་པ་ཉིད་ཀྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སངས་རྒྱས་ཀྱི་སྤྱན་རྣམས་དེ་བཞིན་ཉིད་གཅིག་པ་ཉིད་དུ་སྒྲུབ་པོ་ཞེས་སློབ་པ་སྤྱན་ལྔ་ལ་གདམས་པ་དང་། ཐམས་ཅད་དུ་སྤྲུལ་ཞིང་སྒྱུར་བ་རྫུ་འཕྲུལ་གྱི་མངོན་
པར་ཤེས་པ་དང་། རབ་ཏུ་བསྐལ་པའི་སྒྲ་ཆེ་ཆུང་ཐམས་ཅད་ཐོས་པ་ལྷའི་རྣ་བ་དང་། གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་བྲལ་བ་ལ་སོགས་པ་ཡོངས་སུ་ཤེས་པ་གཞན་གྱི་སེམས་ཤེས་པ་དང་། རང་དང་གཞན་གྱི་ཚེ་རབས་སྔ་མ་རྗེས་སུ་དྲན་པ་སྔོན་གྱི་གནས་ཤེས་
པ་དང་། གཟུགས་ཐམས་ཅད་ཡོངས་སུ་མཐོང་བ་མངོན་པར་འདུ་བྱེད་པ་ལས་བྱུང་བ་ལྷའི་མིག་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པ་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་གཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ་ཞེས་སྟོན་པ་མངོན་པར་ཤེས་པ་དྲུག་
ལ་གདམས་པ་དང་། མཐོང་བའི་ལམ་ལ་བདེན་པ་བཞིས་བསྡུས་པ་སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་བདག་ཉིད་ལ་རྣལ་འབྱོར་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་སྒྱུ་མ་མཁན་བཞིན་དུ་དེས་སྤང་བར་བྱ་བའི་
Vol. 88 · folio 11b
གཉེན་པོ་ཉིད་དུ་རྟོགས་པར་བྱའོ་ཞེས་འདོམས་པ་དང་། བསྒོམ་པའི་ལམ་ལ་ཇི་སྐད་བཤད་པའི་མཐོང་བའི་ལམ་ཉིད་ཀྱིས་མངོན་སུམ་དུ་བྱས་པའི་ངོ་བོ་ལས་ཐ་མི་དད་པ་ལ་དམིགས་པ་ལ་ནི་འདུས་བྱས་དང་འདུས་མ་བྱས་དག་ངོ་བོ་ཉིད་གཅིག་པ་ཉིད་ཀྱི་ཕན་ཚུན་ཐ་དད་པར་
གདགས་པར་མི་ནུས་པ་བཞིན་དུ་མཚན་ཉིད་པ་རྣམ་པར་གཞག་པ་གཞན་མེད་ཀྱི། འོན་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་དེས་སྤང་བར་བྱ་བའི་གཉེན་པོ་ཉིད་དུ་བསྒོམ་པར་བྱའོ་ཞེས་འདོམས་པ་སྟེ། འདི་ཙམ་ཁོ་ནས་དོན་ཐམས་ཅད་ཕུན་སུམ་ཚོགས་པར་ངེས་པར་
འགྱུར་བ་ཉིད་དོ། །དགེ་འདུན་དཀོན་མཆོག་གི་སྐབས་སུ་གྲངས་ཉི་ཤུར་བརྗོད་པ་དེ་དག་གང་ཞིག་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་གསུངས་པ། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་
སྐྱེས་ནས་དང་། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་བྱ་བའོ། །རེ་ཞིག་དབང་པོའི་ཁྱད་པར་གྱིས་
ཞུགས་པ་ལ་ལེགས་པར་སྦྱངས་པ་མ་ཡིན་པ་ལས་འདིར་འོངས་པ་དད་པའི་རྗེས་སུ་འབྲངས་པ་དབང་པོ་རྟུལ་པོ་དང་། ལེགས་པར་ཡོངས་སུ་སྦྱངས་པ་ལས་འདིར་འོངས་པ་ཆོས་ཀྱི་རྗེས་སུ་འབྲངས་པ་དབང་པོ་རྣོན་པོ་དང་། ཐབས་མཁས་པ་མ་ཡིན་པས་ལྷ་ཚེ་རིང་པོ་ལ་སོགས་
པར་སྐྱེ་བ་དང་དད་པས་མོས་པ་དང་། ཐབས་ལ་མཁས་པས་བསམ་གཏན་ལ་སོགས་པའི་དབང་གིས་སྐྱེ་བ་མ་ཡིན་པ་མཐོང་བས་ཐོབ་པ་དང་། འབྲས་བུ་དང་པོའི་ཁྱད་པར་གྱིས་བསམ་གཏན་ལ་སོགས་པའི་ཡོན་ཏན་དང་ལྡན་པས་རྒྱལ་པོ་དང་བྲམ་ཟེ་ལ་སོགས་པར་བརྒྱུད་དེ་སྐྱེ་བ་
མིའི་རིགས་ནས་རིགས་སུ་སྐྱེ་བ་དང་། དེ་བཞིན་དུ་འདོད་པའི་ཁམས་ཀྱི་ལྷ་དག་ཏུ་བརྒྱུད་དེ་སྐྱེ་བ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། འབྲས་བུ་གཉིས་པའི་ཁྱད་པར་གྱིས་ཤིན་ཏུ་དག་པའི་བསམ་གཏན་བཞི་ལ་སོགས་པ་དང་ལྡན་པའི་ཡོན་ཏན་དང་ལྡན་པ་ཚེ་གཅིག་གིས་
Vol. 88 · folio 12a
ཐོགས་པ་བར་ཆད་གཅིག་པ་དང་། འབྲས་བུ་གསུམ་པའི་ཁྱད་པར་གྱིས་གཟུགས་ཀྱི་ཁམས་དག་ཏུ་སངས་རྒྱས་ནས་འདི་དག་ཏུ་སྤྲུལ་པས་མངོན་པར་བྱང་ཆུབ་པ་བར་མ་དོར་མྱ་ངན་ལས་འདའ་བ་དང་། འཛམ་བུའི་གླིང་འདི་ཉིད་དུ་སྐྱེས་ནས་ལམ་ཡང་དག་
པར་བསྒྲུབ་པས་འཚང་རྒྱ་བ་ཉིད་སྐྱེས་ནས་མྱ་ངན་ལས་འདའ་བ་དང་། བརྩོན་འགྲུས་འབར་བ་ཉིད་མངོན་པར་འབད་པའི་ཤུགས་དྲག་པོས་རྫོགས་པར་འགྱུར་བ་མངོན་པར་འདུ་བྱེད་པ་དང་བཅས་པའི་མྱ་ངན་ལས་འདའ་བ་དང་། སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་སྐྱོན་ལ་འདའ་
ཞིང་ཚུལ་གཞན་པས་མངོན་པར་བྱང་ཆུབ་པར་བྱེད་པ་མངོན་པར་འདུ་བྱེད་པ་མེད་པར་མྱ་ངན་ལས་འདའ་བ་དང་། འདོད་པའི་རྟེན་ཉིད་ཀྱིས་དོན་བྱས་ཤིང་གཟུགས་དག་ཏུ་སྐྱེས་ནས་རབ་ཏུ་རྫོགས་པར་བྱེད་པ་འོག་མིན་དུ་འགྲོ་བ་དང་། བསམ་གཏན་དང་པོ་བསྒྲུབས་ཏེ། དེ་
ནས་འོག་མིན་དུ་མངོན་པར་འཚང་རྒྱ་བ་འཕར་བ་དང་། གཙང་མའི་རིས་དག་ཏུ་སྐྱེས་ནས་འོག་མིན་གྱི་བར་དུ་སྐྱེས་ཏེ་མྱ་ངན་ལས་འདའ་བ་ཕྱེད་དུ་འཕར་བ་དང་། ཚངས་རིས་ནས་འོག་མིན་གྱི་བར་དུ་རིམ་གྱིས་བསྐྱེད་ནས་བྱང་ཆུབ་པར་འགྱུར་བ་གནས་ཐམས་ཅད་དུ་འཆི་འཕོ་བ་
དང་། ཚངས་རིས་ནས་བསམ་གཏན་བཞི་པ་མ་གཏོགས་པར་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བ་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་དང་། སྐྱེ་མཆེད་དང་པོ་ནས་སྲིད་པའི་རྩེ་མོའི་བར་དུ་འགྲོ་ཞིང་སངས་རྒྱས་པ་གཟུགས་ཀྱི་འདོད་ཆགས་བཅོམ་པ་དང་། ཡོངས་སུ་རྫོགས་པའི་
ཚོགས་མངོན་པར་བསགས་པ་དེ་ཉིད་ཀྱིས་མངོན་པར་བྱང་ཆུབ་པ་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་དང་། ཐོད་རྒལ་གྱི་སྙོམས་པར་འཇུག་པ་ཉིད་ལ་བརྟེན་ནས་འཚང་རྒྱ་བ་ཞི་བ་ལུས་ཀྱི་མངོན་སུམ་དུ་བྱེད་པ་དང་། སངས་རྒྱས་ལ་སོགས་པ་མེད་པའི་ཞིང་དག་ཏུ་
ཤེས་རབ་ཟབ་མོ་ཡོངས་སུ་སྦྱངས་ཏེ་མངོན་པར་བྱང་ཆུབ་པ་བསེ་རུ་ལྟ་བུའོ། །དེ་ལྟར་གང་གདམས་པ་དག་ཐོས་པས་ནན་ཏན་དུ་བྱས་པ་ལས་ངེས་པར་འབྱེད་པའི་ཡན་ལག་འབྱུང་བའི་ཕྱིར་དེ་བཤད་པར་བཞེད་པས་རེ་ཞིག་ཁྱད་པར་འཕགས་པའི་ཆོས་གསུངས་པ། །
Vol. 88 · folio 12b
དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིས། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བསྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང་། །བཅས་པ་
དག་ལས་ཁྱད་པར་འཕགས། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ཉིད་དང་། བསླབ་པ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཐོས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པས་དད་པ་ལ་སོགས་པའི་དགེ་བའི་རྩ་བ་ཐར་པའི་ཆ་དང་མཐུན་
པ་ཐོབ་པས་དེའི་འོག་ཏུ་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་གཟུང་བ་མི་དམིགས་པ་དྲོ་བར་གྱུར་པ་དང་། དེའི་འོག་ཏུ་རྣམ་པར་བྱང་བ་ཉིད་ཀྱི་གཟུང་བ་མི་དམིགས་པ་རྩེ་མོར་གྱུར་པ་དང་། དེའི་
འོག་ཏུ་གང་ཟག་ཉིད་ལ་འཛིན་པ་མི་དམིགས་པ་བཟོད་པར་གྱུར་པ་དང་། དེའི་འོག་ཏུ་སྐྱེས་བུ་ཉིད་ཀྱི་འཛིན་པ་མི་དམིགས་པ་ཆོས་ཀྱི་མཆོག་ཅེས་བྱ་བ་འབྱུང་སྟེ། ཆུང་ངུ་ལ་སོགས་པ་རིམ་གྱིས་སྐྱེ་བའམ། དབང་པོ་རྟུལ་པོ་ལ་སོགས་པའི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་
དང་ཆེན་པོ་ནི་འཆད་པར་འགྱུར་བའི་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་བདེན་པ་བཞིའི་ཆོས་ལ་དམིགས་པ་དང་། ཆོས་སུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང་། ཐེག་པ་གསུམ་ཆར་རྟོགས་པའི་རྒྱུའི་ངོ་བོ་དང་། དགེ་
བའི་བཤེས་གཉེན་དང་བཅས་པ་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་ཡོངས་སུ་བཟུང་བ་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པར་རྟོག་པ་བཞི་པོ་དྲོ་བ་ལ་སོགས་པའི་མཉམ་པར་གཞག་པའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་
སྦྱོར་བ་དང་རྗེས་ཀྱི་གནས་སྐབས་ཀྱི་བསྡུས་པ་རྒྱུར་བརྟེན་ཅིང་འབྲས་བུར་ལྡན་པ་ཉིད་དེ་ཆོས་ལྔས་ཉན་ཐོས་དང་བསེ་རུ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གང་གི་ཕྱིར་དེ་དག་གི་དྲོ་བར་གྱུར་པ་ལ་སོགས་པའི་དགེ་བའི་རྩ་བ་ནི་ལུང་དག་ལས། དངོས་པོའི་མཚན་
Vol. 88 · folio 13a
ཉིད་ཀྱིས་བདེན་པ་བཞི་ལ་སོགས་པ་དམིགས་པ་དང་། བདག་ཏུ་ལྟ་བའི་གཉེན་པོ་ཙམ་གྱི་མི་རྟག་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང་། རང་གི་ཐེག་པ་ཁོ་ན་རྟོགས་པའི་རྒྱུར་གྱུར་པ་དང་། ཕྱི་དང་ནང་གི་ཡོངས་སུ་འཛིན་པ་དང་བྲལ་བ་དང་།
རྣམ་པར་རྟོག་པ་རྣམ་པ་བཞི་དང་མི་ལྡན་པར་སྐྱེའོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་ཐབས་ལ་མཁས་པའི་སྟོབས་ཀྱིས་ལུས་དང་ངག་དང་ཡིད་དག་པ་ཐོབ་པའི་རྒྱུར་གྱུར་པ་ལ་སོགས་པ་རྒྱུའི་སྒོ་ནས་དང་། ཏིང་ངེ་འཛིན་དག་གི་འབྲས་བུ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བྱེད་པ་
ཅན་དུ་གྱུར་པ་ལ་སོགས་པ་འབྲས་བུའི་སྒོ་ནས་དང་། དེ་ཁོ་ནར་ངོ་བོ་མེད་པ་ཉིད་ཀུན་རྫོབ་པའི་ངོ་བོ་ཉིད་དུ་བསྒོམ་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་སྒོ་ནས་དང་། མངོན་པར་ཞེན་པར་བྱ་བ་ཉིད་ཀྱི་སྟོང་པ་ལ་སོགས་པ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་བདེན་པ་རྣམས་ཀྱི་ཡུལ་
ཅན་ཡིན་ནོ། །དེ་བཞིན་དུ་རྣམ་པ་གཞན་གྱིས་ཀྱང་ཡུལ་ཉིད་དུ་བྱེད་དོ་ཞེས་ཤེས་པར་བྱ་སྟེ། འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་ཡིན་པས་ཐེག་པ་གཞན་བརྟེན་ནས་ནི་གང་དུ་ཡང་སུན་འབྱིན་པ་བརྗོད་པར་མི་བྱའོ། །དམིགས་པ་དང་རྣམ་པ་གཉིས་ཁྱད་པར་ཇི་ལྟ་
བུ་ཡིན་ཞེ་ན། དེ་དག་བར་སྐབས་ཀྱི་ཚིགས་སུ་བཅད་པ་བདུན་གྱིས་འཆད་པར་མཛད་པ་ནི་རེ་ཞིག་དྲོ་བར་གྱུར་པའི་དམིགས་པ་དང་རྣམ་པ་གསུངས་པ། །དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །
ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །གཟུགས་སོགས་སྐྱེ་འཇིག་གནས་བྲལ་དང་། །གནས་དང་རྟགས་དང་བརྗོད་དུ་མེད། །ཅེས་བྱ་བའོ། །དེ་ལ་དྲོད་ཆུང་ངུའི་དམིགས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ཡིན་
ནོ། །རྣམ་པ་ནི་བདེན་པ་དེ་དག་མངོན་པར་ཞེན་པ་དང་དམིགས་པ་ལ་སོགས་པ་འགོག་པ་ཡིན་ནོ། །དེའི་ཕྱིར་ཁྱད་པར་གྱི་ཆོས་ཉིད་ཀྱི་བདེན་པ་རྣམས་ལ་ཡོངས་སུ་ཤེས་པར་བྱ་བ་འགའ་ཡང་མེད་པའི་མཚན་ཉིད་ཅན་ནི་ཆུང་ངུར་བརྟག་པར་བྱའོ། །འདི་ནི་ཡང་དག་
Vol. 88 · folio 13b
པར་འགྲུབ་པའི་བདག་ཉིད་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་ཐེག་པ་ཐམས་ཅད་འཐོབ་པའི་རྒྱུའི་ངོ་བོ་ཡིན་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཁོངས་སུ་ཆུད་པར་བྱའོ། །འབྲིང་གི་དམིགས་པ་ནི་མོས་པ་དང་། དེ་ཁོ་ན་ཉིད་ཀྱི་ཡིད་ལ་བྱེད་པ་དག་གིས་གྲངས་བཞིན་དུ་
གཟུགས་ལ་སོགས་པ་བསྒྲུབ་པ་དང་། དགག་པ་མི་དམིགས་ཤིང་མི་མཐོང་བ་ཡིན་ནོ། །རྣམ་པ་ནི་མིང་ཐམས་ཅད་མེད་པ་ཉིད་ཀྱིས་རྒྱུན་དང་མི་འདྲ་བ་དང་འདྲ་བར་འཇུག་པའི་ཐ་སྙད་དག་མེད་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ཀྱི་འཕེལ་བ་དང་། འགྲིབ་པ་
མེད་པའི་ཆོས་ཉིད་ཀྱི་མཚན་ཉིད་ཅན་ནི་འབྲིང་དུ་བརྟག་པར་བྱའོ། །ཆེན་པོའི་དམིགས་པ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཐམས་ཅད་བརྡར་བཏགས་པ་ཐ་སྙད་པ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི་དེ་དག་དགེ་བ་ལ་སོགས་པ་ཉིད་ཀྱིས་
ཆོས་གང་དུ་ཡང་བརྗོད་དུ་མེད་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ཀྱི་བརྗོད་དུ་མེད་པའི་མཚན་ཉིད་ཅན་ནི་ཆེན་པོར་བརྟག་པར་བྱའོ། །དེ་ལྟར་ན་རྣམ་པར་མི་རྟོག་པའི་མཆོག་གི་ཡེ་ཤེས་ཀྱི་མེ་འབྱུང་བའི་རི་ལྟས་སུ་གྱུར་པའི་ཕྱིར། དྲོ་བར་གྱུར་པ་རྣམ་པ་གསུམ་མོ། །
དེའི་འོག་ཏུ་རྩེ་མོར་གྱུར་པའི་དམིགས་པ་དང་རྣམ་པ་གསུངས་པ། །གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང་། །དེ་དག་གཅིག་གི་
རང་བཞིན་གཅིག །ཆོས་རྣམས་མི་འཛིན་གང་ཡིན་དང་། །དེ་དག་མཚན་མར་མི་མཐོང་ཕྱིར། །ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་བྱ་བའོ། །རྩེ་མོ་ཆུང་ངུའི་དམིགས་པ་ནི་གཟུགས་ལ་སོགས་པ་ནི་རང་གི་ངོ་བོ་དང་བྲལ་
བ་ཉིད་ཀྱིས་རང་གི་རང་བཞིན་གྱིས་སྟོང་པའི་ཕྱིར་གཟུགས་ལ་སོགས་པ་ལ་མི་གནས་པ་ཡིན་ནོ། །རྣམ་པ་ནི་དེ་ཁོ་ནར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་སྟོང་པ་ཉིད་དག་ཕན་ཚུན་ངོ་བོ་གཅིག་མ་ཡིན་པས་སྟོང་པ་ཉིད་ལ་མི་རྟག་པ་ལ་སོགས་པ་མེད་པ་ཉིད་ཀྱིས་
Vol. 88 · folio 14a
དེ་དག་ལ་མི་རྟག་པ་ལ་སོགས་པ་ཉིད་དུ་མི་གནས་པ་ཉིད་དོ། །དེའི་ཕྱིར་བདེན་པ་རྣམས་ནི་མི་རྟག་པ་ལ་སོགས་པ་ཉིད་དུ་ཡང་དག་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཅན་ནི་ཆུང་ངུར་རྟོགས་པར་བྱའོ། །འབྲིང་གི་དམིགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་
ངོ་བོ་ཉིད་ཀྱིས་མི་རྟག་པ་ལ་སོགས་པ་དང་སྟོང་པ་ཉིད་རྣམས་ནི་ངོ་བོ་ཉིད་མེད་པ་ཡིན་པས་མི་རྟག་པ་ལ་སོགས་པ་དང་སྟོང་པ་ཉིད་དག་ཕན་ཚུན་བདག་ཉིད་གཅིག་པ་ཡིན་ནོ། །རྣམ་པ་ནི་ངོ་བོ་ཉིད་བཀག་པས་གཟུགས་ལ་སོགས་པ་ལ་རང་གིར་མི་བྱེད་པ་ཡིན་ནོ། །
དེའི་ཕྱིར་བདེན་པ་རྣམས་ཀྱིས་མི་རྟག་པ་ལ་སོགས་པའི་བདག་ཉིད་ཀྱི་སྟོང་པ་ཉིད་རྣམས་ལ་བདག་གིར་བྱ་བས་དབེན་པའི་མཚན་ཉིད་ཅན་ནི་འབྲིང་དུ་རྟོགས་པར་བྱའོ། །ཆེན་པོའི་དམིགས་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དེ་དག་ལ་སྔོན་པོ་ལ་སོགས་
པའི་མཚན་མར་མི་མཐོང་བ་ཡིན་ནོ། །རྣམ་པ་ནི་ཤེས་རབ་ཀྱིས་དངོས་པོ་ཐམས་ཅད་མི་དམིགས་པར་ངེས་པར་འབྱེད་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ལ་མཚན་མར་མི་དམིགས་པའི་མཚན་ཉིད་ཅན་ནི་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་ན་དགེ་བའི་རྩ་བ་རྣམས་ཀྱི་
རྩེ་མོ་ཡིན་པའི་ཕྱིར་རྩེ་མོར་གྱུར་པ་རྣམ་པ་གསུམ་མོ། །དེའི་འོག་ཏུ་བཟོད་པར་གྱུར་པའི་དམིགས་པ་དང་རྣམ་པ་གསུངས་པ། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ནི་ངོ་བོ་ཉིད། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་དེ་དག་མཚན་ཉིད་མེད། །དེ་ཡི་མཚན་
མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་བྱ་བའོ། །བཟོད་པ་ཆུང་ངུའི་དམིགས་པ་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་ངོ་བོ་ཉིད་ཀྱི་མཚན་ཉིད་དག་སྟོང་པ་ཉིད་དུ་གཅིག་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པ་ཡིན་ནོ། །རྣམ་པ་ནི་འཁྲུལ་པའི་
ངོར་དངོས་པོ་མེད་པ་ཉིད་གཟུགས་ལ་སོགས་པའི་ངོ་བོ་ཉིད་དོ། །དེའི་ཕྱིར་བདེན་པ་རྣམས་ལ་ངོ་བོ་ཉིད་མེད་པའི་ངོ་བོར་ཤེས་པའི་མཚན་ཉིད་ཅན་ནི་ཆུང་ངུར་ངེས་པར་བྱའོ། །འབྲིང་གི་དམིགས་པ་ནི་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིས་གཟུགས་ལ་སོགས་པ་སྐྱེ་བ་ཡང་
Vol. 88 · folio 14b
མེད་མྱ་ངན་ལས་འདས་པ་ཡང་མེད་པ་ཡིན་ནོ། །རྣམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་རྟོགས་པ་ཁོ་ནས་ལུས་ལ་སོགས་པ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་རྒྱུར་གྱུར་པ་ཡིན་ནོ། །དེའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ངོ་བོ་ཉིད་མེད་པར་རྟོགས་པས་
གྲོལ་བའི་མཚན་ཉིད་ཅན་ནི་འབྲིང་དུ་ངེས་པར་བྱའོ། །ཆེན་པོའི་དམིགས་པ་ནི་ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་མི་འཐད་པས་གཟུགས་ལ་སོགས་པ་ལ་རྟག་པ་ལ་སོགས་པའི་མཚན་མ་མེད་པའོ། །རྣམ་པ་ནི་རང་བཞིན་ཁོ་ནས་གཟུགས་ལ་སོགས་པ་མཚན་མ་
རྣམས་ཀྱི་རྟེན་དང་བྲལ་བ་ཉིད་ཀྱིས་མོས་པ་ཡིད་ལ་བྱེད་པས་མི་མོས་ཤིང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཡོངས་སུ་ཤེས་པ་མེད་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ལ་མཚན་མ་མེད་པའི་མཚན་ཉིད་ཅན་ནི་ཆེན་པོར་ངེས་པར་བྱའོ། །དེ་ལྟར་ན་ཆོས་ཆེན་པོ་ལ་བཟོད་
པའི་ཕྱིར་ངན་འགྲོ་མེད་པས་བཟོད་པར་གྱུར་པ་རྣམ་པ་གསུམ་མོ། །དེའི་འོག་ཏུ་ཆོས་ཀྱི་མཆོག་ཏུ་གྱུར་པའི་དམིགས་པ་དང་རྣམ་པ་གསུངས་པ། །ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་སྟོན་པ་དང་རློམ་པ་ཟད། །གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་
མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་བྱ་བའོ། །ཆོས་མཆོག་ཆུང་ངུའི་དམིགས་པ་ནི་མི་དམིགས་པ་ཉིད་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཡང་དག་པར་
བསྒོམ་པ་ཡིན་ནོ། །རྣམ་པ་ནི་རང་གི་སྨོན་ལམ་ལ་སོགས་པ་དང་། ཕ་རོལ་གྱི་སྐལ་བ་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་སྟོབས་ཉིད་ཀྱིས་ལྷུན་གྱིས་གྲུབ་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐལ་བ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་སྣ་ཚོགས་པ་
བྱ་བ་ལ་འཇུག་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ལ་ཏིང་ངེ་འཛིན་གྱིས་བྱེད་པའི་མཚན་ཉིད་ཅན་ནི་ཆུང་ངུར་རིག་པར་བྱའོ། །འབྲིང་གི་དམིགས་པ་ནི་ཡང་དག་པར་ཞུགས་པ་ཉིད་ཀྱིས་ཏིང་ངེ་འཛིན་དེ་དང་ལྡན་པ་ལ་སངས་རྒྱས་རྣམས་གསང་སྟེ་ལུང་སྟོན་པར་
Vol. 88 · folio 15a
མཛད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་དོ། །རྣམ་པ་ནི་རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པས་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་རྟོགས་པ་ལ་བདག་ནི་མཉམ་པར་གཞག་པའོ་སྙམ་པ་ལ་སོགས་པའི་རློམ་པ་མི་འབྱུང་བ་ཡིན་ནོ། །
དེའི་ཕྱིར་བདེན་པ་རྣམས་ལ་ལུང་བསྟན་པ་ཐོབ་པའི་རྒྱུ་རློམ་པར་མི་བྱེད་པའི་མཚན་ཉིད་ཅན་ནི་འབྲིང་དུ་ཤེས་པར་བྱའོ། །ཆེན་པོའི་དམིགས་པ་ནི་ཆོས་ཉིད་ཀྱི་ཏིང་ངེ་འཛིན་དང་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དོན་གསུམ་ཕན་ཚུན་ངོ་བོ་ཉིད་
གཅིག་པ་ཡིན་ནོ། །རྣམ་པ་ནི་ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་ཉིད་ཀྱིས་ཏིང་ངེ་འཛིན་དེ་ལ་གནས་ནས་དོན་གསུམ་རྣམ་པར་མི་རྟོག་པ་ཐབས་དམ་པར་གྱུར་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ལ་ཏིང་ངེ་འཛིན་གྱིས་ཆོས་གསུམ་གྱི་བདག་ཉིད་མི་དམིགས་པའི་
མཚན་ཉིད་ཅན་ནི་ཆེན་པོར་རིག་པར་བྱའོ། །དེ་ལྟར་ན་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་ཆོས་ཀྱི་མཆོག་ཅེས་བྱ་བ་རྣམ་པ་གསུམ་མོ། །ཐོག་མ་ཇི་ལྟ་བ་བཞིན་དམིགས་པ་དང་རྣམ་པ་ཁྱད་པར་གྱི་ཆོས་ཅན་དང་ཆོས་བརྗོད་པར་རིགས་མོད། ཁྱད་
པར་ཅན་གྱིས་ཆོས་བརྗོད་པས་ཐམས་ཅད་དུ་བརྗོད་པ་ནི་ཚིག་ལེའུར་བྱས་པ་སྡེབ་པའི་ངོར་ཡིན་པའི་ཕྱིར་དང་། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་མ་གཏོགས་པ་དོན་གྱི་ཁྱད་པར་འགའ་ཡང་མེད་པས་མངོན་པར་ཞེན་པ་ལ་སོགས་པ་བཀག་པ་དང་ལྡན་པའི་སྡུག་བསྔལ་
ལ་སོགས་པའི་བདེན་པར་གཏོགས་པ་ཁོ་ན་དམིགས་པ་དང་རྣམ་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་བཞིན་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །རྣམ་པར་རྟོག་པ་བཞི་དང་ལྡན་པ་སྐྱེའོ་ཞེས་བྱ་བ་ཇི་ལྟར་རིག་པར་བྱ་ཞེ་ན། དེའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་
ལས་གཟུང་བའི་རྣམ་པར་རྟོག་པ་གསུངས་པ། གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །ཞེས་བྱ་བའོ། །གཟུང་བར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པའི་
Vol. 88 · folio 15b
གཞིའི་རྟེན་ཅན་དང་། གཉེན་པོ་རྣམ་པར་བྱང་བའི་རྟེན་ཅན་གྱི་རྣམ་པར་རྟོག་པ་གཉིས་ཏེ། དེ་ཡང་གྲངས་བཞིན་དུ་མ་རིག་པ་དང་རྣམ་པར་བྱང་བའི་ཕུང་པོ་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པ་དགུའོ། །དེའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་གསུངས་པ།
རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །རང་དབང་བདག་སོགས་ངོ་བོ་དང་། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་བྱ་བའོ། །གང་ཟག་རྫས་སུ་ཡོད་པ་དང་། །སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པ་ཉིད་
ཀྱིས་འཛིན་པར་རྣམ་པར་རྟོག་པ་ཡང་གཉིས་ཡིན་ལ། དེ་ཡང་བདག་རང་དབང་ཅན་དང་། ཕུང་པོ་ལ་སོགས་པ་ལ་དམིགས་པའི་དབང་དུ་བྱེད་པས་དེ་ལྟར་སོ་སོར་རྣམ་པ་དགུའོ། །དེ་ལ་ཀུན་ནས་ཉོན་མོངས་པ་གཞིའི་རྟེན་ཅན་དགུ་པོ་གང་ཞེ་ན། ལས་ཉིད་
དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང་། གང་གིས་ཕ་རོལ་ཏུ་ཕུང་པོ་ཡོངས་སུ་འགྲུབ་པ་གཟུགས་ལ་སོགས་པའི་ཕུང་པོ་དང་། རྟག་པ་དང་ཆད་པ་ཉིད་དུ་ཉེ་བར་འཛིན་པ་མིང་དང་གཟུགས་ལ་མངོན་པར་ཞེན་པ་དང་། དེ་དག་ལ་མངོན་པར་ཞེན་པ་
དང་པོར་གྱུར་པ་མཐའ་གཉིས་ལ་ཆགས་པ་དང་། མ་རིག་པ་ནས་རྒ་ཤིའི་བར་དུ་ཀུན་ནས་ཉོན་མོངས་པ་མི་ཤེས་པ་དང་སེམས་དང་པོ་བསྐྱེད་པ་ཉིད་ནས་སངས་རྒྱས་ཀྱི་བར་དུ་རྣམ་པར་བྱང་བ་མི་ཤེས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་
པའི་བར་གྱི་འཕགས་པའི་ལམ་ལ་མི་གནས་པ་དང་། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་མ་ཡིན་པར་ཕྱིན་ཅི་ལོག་ཏུ་ཉེ་བར་དམིགས་པ་དང་། བདག་དང་སེམས་ཅན་ལ་སོགས་པ་བྱེད་པའི་སྐྱེས་བུ་དང་། རྣམ་པར་དག་པ་སྐྱེ་བ་མེད་པ་དང་མ་བྱུང་བ་ལ་སོགས་པ་
ལ་གཟུང་བར་རྣམ་པར་རྟོག་པ་རྣམས་སོ། །འདི་དག་ནི་དགག་པའི་རྣམ་པ་ཅན་གྱི་ངོ་བོས་ངེས་པར་འབྱེད་པའི་ཡན་ལག་དང་ངོ་བོ་ཉིད་ན་སྦྱོར་བ་དང་དངོས་གཞི་དང་རྗེས་ཀྱི་གནས་སྐབས་ཀྱིས་རྟེན་ཅིང་མཚུངས་པར་གནས་པ་དང་ཉེ་བར་ལྡན་པ་ཡིན་པར་ཤེས་པར་བྱའོ། །
Vol. 88 · folio 16a
གཉེན་པོའི་རྟེན་ཅན་དགུ་པོ་གང་ཞེ་ན། རིགས་ཅན་རྣམས་བདེན་པ་མཐོང་བའི་བདག་ཉིད་ཕུང་པོ་ལྔ་དང་། རྣམ་པར་བྱང་བའི་ཆོས་སྐྱེད་པའི་རྐྱེན་གྱིས་བདག་ཉིད་སྐྱེ་མཆེད་བཅུ་གཉིས་དང་། ཡོངས་སུ་དག་པའི་ཆོས་མངོན་དུ་འགྱུར་བ་ཉིད་ཀྱིས་
ས་བོན་རིགས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མངོན་པར་འགྲུབ་པའི་རྟེན་འབྲེལ་སྐྱེ་བ་དང་། ཇི་ལྟར་རིགས་པའི་རང་བཞིན་དང་གློ་བུར་བའི་དྲི་མ་ལས་རྣམ་པར་དབེན་པ་སྟོང་པ་ཉིད་དང་། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་
ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བདག་ཉིད་མཐོང་བའི་ལམ་དང་། བསམ་གཏན་དང་མངོན་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱིས་བསྒོམ་པའི་ལམ་དང་། སྟོབས་བཅུ་ལ་སོགས་པ་མི་སློབ་པའི་ལམ་ལ་གཟུང་བར་རྣམ་པར་རྟོག་པ་རྣམས་སོ། །འདི་དག་ཀྱང་
སྔ་མ་ལྟ་བུའི་རྣམ་པས་ཡན་ལག་གཉིས་པ་ཉིད་ན་ཞེས་རིག་པར་བྱའོ། །གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གྱི་དགུ་པོ་གང་ཞེ་ན། འདུས་བྱས་ཀྱི་ཆོས་དག་ལས་གཞན་ལ་རག་ལས་པ་མེད་པས་དབང་དུ་གྱུར་པ་བདག་རང་དབང་ཅན་དང་། ཕུང་པོ་ལ་ཟླ་གྲོགས་མེད་པ་
ཉིད་ཀྱིས་གཅིག་པུའི་བདག་ཉིད་དང་། སྐྱེ་མཆེད་ལ་རྣམ་པར་ཤེས་པ་སྐྱེད་པ་ཉིད་ཀྱིས་སྒོར་གྱུར་པ་རྒྱུའི་བདག་དང་། ཁམས་ལ་ལོངས་སྤྱོད་པར་ལྟ་བ་པོ་ལ་སོགས་པའི་བདག་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་ནས་ཉོན་མོངས་པ་དང་། རྟེན་དང་། ཞི་བ་
དང་། རགས་པའི་མཚན་ཉིད་ཀྱི་འཇིག་རྟེན་གྱི་འདོད་ཆགས་དང་བྲལ་བའི་རྟེན་དང་། བདེ་བ་རྣམས་ཀྱི་མཚན་ཉིད་མངོན་སུམ་དུ་བྱས་པ་མཐོང་བའི་རྟེན་དང་། རྣམ་པར་ཐར་པ་ལ་སོགས་པ་བདག་ཉིད་བསྒོམ་པའི་རྟེན་དང་། ཡང་དག་པར་སློབ་པ་རྣམས་ཀྱི་དོན་
བྱས་པའི་རྟེན་ལ་འཛིན་པར་རྣམ་པར་རྟོག་པ་རྣམས་སོ། །འདི་དག་ཀྱང་སྔ་མ་ལྟ་བུའི་ཡན་ལག་གི་རྣམ་པས་གསུམ་པ་ཉིད་ནའོ་ཞེས་ངེས་པར་བྱའོ། །སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་དགུ་པོ་གང་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་དང་། མིག་
Vol. 88 · folio 16b
གི་དབང་པོ་ལ་སོགས་པའི་སྐྱེ་མཆེད་རྣམས་དང་། གཟུགས་ཀྱི་ཁམས་ལ་སོགས་པ་ཁམས་རྣམས་དང་། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམ་པར་བྱང་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་
པ་ཉིད་ལ་སོགས་པ་དང་། བསམ་གཏན་ལ་སོགས་པའི་སྒོམ་པ་དང་། ཉན་ཐོས་ལ་སོགས་པ་ལས་ཕུལ་དུ་གྱུར་པ་ཁྱད་པར་གྱི་ལམ་དང་། སྟོབས་ལ་སོགས་པའི་བདག་ཉིད་མི་སློབ་པའི་ལམ་འཛིན་པའི་རྣམ་པར་རྟོག་པ་རྣམས་སོ། །འདི་དག་ཀྱང་རྣམ་པ་སྔ་
མ་ལྟ་བུས་ཡན་ལག་བཞི་པ་དག་ནའོ་ཞེས་རྟོགས་པར་བྱའོ། །ཚིགས་སུ་བཅད་པ་སྦྱར་བ་དང་མཐུན་པར་ཡོངས་སུ་འཛིན་པ་སྔར་གསུངས་ནས་ཡང་དེའི་སྟོབས་ཀྱིས་ཇི་ལྟར་བཤད་པ་ཁྱད་པར་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེའི་འོག་ཏུ་བར་སྐབས་ཀྱི་ཚིགས་སུ་
བཅད་པ་གསུངས་པ། སེམས་མི་འགོང་བ་ཉིད་སོགས་ཀྱི། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་དོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་བྱ་བའོ། །ཐབས་མཁས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སེམས་
ཡོངས་སུ་མི་འགོང་ཞིང་མི་སྐྲག་པ་ཉིད་དང་། མི་མཐུན་པའི་ཕྱོགས་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་པ་དོར་བ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མཐའ་དག་བདག་མེད་པ་ལ་སོགས་པ་སྟོན་པར་བྱེད་པ་དགེ་བའི་བཤེས་གཉེན་དང་། མི་
མཐུན་པའི་ཕྱོགས་མཚན་མར་མངོན་པར་ཞེན་པ་སྡིག་པའི་གྲོགས་པོ་ཡོངས་སུ་དོར་བ་ནི་ནང་དང་ཕྱིའི་རྒྱུ་དང་རྐྱེན་གྱིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཤེས་པར་
འགྱུར་ཞིང་། འཆད་པར་འགྱུར་བའི་སྒྲུབ་པ་རྣམས་ཀྱང་རྟེན་ངེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་སྒྲུབ་པའི་རྟེན་དུ་གྱུར་པ་གསུངས་པ། རྟོགས་པ་ཡི་ནི་ཆོས་དྲུག་དང་། །གཉེན་པོ་དང་ནི་སྤོང་བ་དང་། །དེ་དག་ཡོངས་སུ་གཏུགས་པ་དང་། །ཤེས་རབ་སྙིང་བརྩེར་
Vol. 88 · folio 17a
བཅས་པ་དང་། །སློབ་མ་ཐུན་མོང་མིན་ཉིད་དང་། །གཞན་གྱི་དོན་གྱི་གོ་རིམས་དང་། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་བྱ་བའོ། །རེ་ཞིག་གཞི་དང་གཉེན་པོ་དང་། གང་ཟག་དང་སྐྱེས་བུ་ལ་བརྟེན་པའི་
གཟུང་བ་དང་འཛིན་པ་མངོན་པར་མི་དམིགས་པ་ངེས་པར་འབྱེད་པའི་ཡན་ལག་འཇིག་རྟེན་པའི་རྟོགས་པ་རྣམས་དང་། དེའི་འོག་ཏུ་འཇིག་རྟེན་ལས་འདས་པ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་དང་། དེའི་རྒྱུན་ས་བདུན་གྱི་བར་དུ་རྟོགས་པ་བསྒོམ་པའི་ལམ་
དག་སྟེ་རྣམ་པ་དྲུག་གོ། །དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་ས་བརྒྱད་པ་ལ་ཐུན་མོང་མ་ཡིན་པའི་གཉེན་པོ་ཡོངས་སུ་ཐོབ་པའོ། །དེའི་འོག་ཏུ་ས་དགུ་པ་ལ་དེ་ནི་མཐུ་ཕུན་སུམ་ཚོགས་པར་གྱུར་པ་ལ་མི་མཐུན་པའི་ཕྱོགས་རྣམ་པར་སྤོང་བའོ། །དེའི་འོག་ཏུ་ས་བཅུ་
པ་ལ་གཉེན་པོ་དང་མི་མཐུན་པའི་ཕྱིར་མི་དམིགས་པས་དེ་དག་སྐྱེ་བ་དང་འགག་པ་དང་ལྡན་པའི་རྣམ་པར་རྟོག་པ་ཡོངས་སུ་ཟད་པ་མཐར་གཏུགས་པའོ། །དེ་བཞིན་དུ་ས་དེ་དག་ལ་གོ་རིམས་ལྟར་སྦྱིན་པ་ལ་སོགས་པ་དང་སྔོན་གྱི་སྨོན་ལམ་ལ་སོགས་པའི་སྟོབས་ཀྱིས་
འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་མཚན་ཉིད་ཀྱིས་ཤེས་རབ་དང་སྙིང་རྗེ་དང་། དེ་དག་ཕུལ་དུ་གྱུར་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་དང་། རང་གི་རྫོགས་པ་གཞན་ལ་ཕན་གདགས་པར་མཁས་པ་ཉིད་ཀྱིས་བསམ་པ་ལ་
སོགས་པ་དང་རྗེས་སུ་མཐུན་པར་གཞུག་པ་ལ་ལྡེམ་པོར་དགོངས་པ་ལ་སོགས་པའི་སྒོ་ནས་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་མཚན་ཉིད་ཀྱི་གཞན་གྱི་དོན་གྱི་གོ་རིམས་ཏེ། དེ་ལྟ་བུ་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་ས་བཅུ་པ་ཁྱད་པར་
ལ་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་འཁོར་བ་ཇི་སྲིད་པར་གཞན་གྱི་དོན་བྱ་བའི་ཕྱིར་ཡེ་ཤེས་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་ཏེ། དེ་ལྟར་ན་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཀྱི་བྱེ་བྲག་བཅུ་གསུམ་གྱི་དེ་དག་གི་གཞིར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་
Vol. 88 · folio 17b
གང་ཡིན་པ་དེ་ནི་རིགས་ཞེས་བྱ་བར་བརྗོད་དོ། །གལ་ཏེ་རིགས་དེ་ཉིད་ཐ་དད་པའམ་ཐ་དད་པ་མ་ཡིན་པར་བརྟག་ཅེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་བྱ་བའོ། །
ནམ་མཁའ་ལྟར་ཡོངས་སུ་དག་ཅིང་ཁྱབ་པར་གྱུར་པའི་རིགས་གང་ཡིན་པ་དེ་ནི་རང་བཞིན་གྱིས་དབྱེ་བ་མེད་པའི་ཕྱིར་ཉན་ཐོས་ལ་སོགས་པའི་རིགས་ཐ་དད་པ་ཉིད་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟ་འགྲུབ་པའི་རྟེན་རྣམ་པར་དབྱེ་བ་བརྗོད་ཅེ་ན། རྟེན་པའི་ཆོས་ཐ་དད་པ་ལ་
རྟེན་པའི་ལན་གསུངས་པ། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་བྱ་བའོ། །དཔེར་ན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་ལ་སོགས་པ་བརྟེན་པ་སྦྲང་རྩི་དང་ལི་ཁ་ར་ལ་
སོགས་པའི་སྣོད་ཉིད་ཀྱིས་ཐ་དད་པ་དེ་བཞིན་དུ་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་དང་། སྒྲུབ་པའི་གནས་སྐབས་ཀྱིས་བསྡུས་པ་རྟོགས་པར་བྱ་བ་ཐ་དད་པ་ཉིད་ཀྱིས་བརྟེན་པ་དང་པོར་གཞག་གོ་ཞེས་བསྟན་ཏོ། །རྟེན་དེ་ལས་བསྒྲུབ་པར་བྱ་བ་ཉིད་ཀྱི་དམིགས་
པ་གསུངས་པ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོགས་པ་དང་། །གང་དག་འཇིག་རྟེན་འདས་འདོད་དང་། །ཟག་བཅས་ཟག་པ་མེད་ཆོས་དང་། །གང་དག་འདུས་བྱས་འདུས་མ་བྱས། །
སློབ་མ་ཐུན་མོང་ཆོས་རྣམས་དང་། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་བྱ་བའོ། །འདིར་སྒྲུབ་པ་པོས་དམིགས་པར་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དེ། སྤྱིར་དགེ་སྦྱོང་གི་ཚུལ་ཉིད་ལ་སོགས་པ་བླང་བར་བྱ་བའི་མཚན་ཉིད་དགེ་བ་
དང་། སྲོག་གཅོད་པ་ལ་སོགས་པ་སྤང་བར་བྱ་བའི་མཚན་ཉིད་མི་དགེ་བ་དང་། གོམ་པ་འདོར་བ་ལ་སོགས་པ་གཉིས་ཀ་མ་ཡིན་པའི་མཚན་ཉིད་ལུང་དུ་མ་བསྟན་པའི་ལས་སོ། །དེའི་འོག་ཏུ་དེ་དག་ཉིད་རྣམ་པ་གཉིས་པའི་དབྱེ་བ་བཞི་ཉིད་ཀྱིས་བརྒྱད་དེ། བསམ་
Vol. 88 · folio 18a
གཏན་དང་ཚད་མེད་པ་ལ་སོགས་པ་འཇིག་རྟེན་པའི་རྟོགས་པར་བྱ་བ་དང་། ཡང་དག་པའི་བསམ་གཏན་ལ་སོགས་པ་འཇིག་རྟེན་ལས་འདས་པ་དང་། བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པའི་ཕུང་པོ་ལྔ་ལ་སོགས་པ་ཟག་པ་དང་བཅས་པ་དང་།
བདག་ཏུ་ལྟ་བ་ལ་སོགས་པའི་གཉེན་པོ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཟག་པ་མེད་པ་དང་། རྒྱུ་དང་རྐྱེན་ལ་རག་ལས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་འདུས་བྱས་དང་། རག་ལས་པ་དེ་དག་གི་དེ་བཞིན་ཉིད་འདུས་མ་བྱས་པ་དང་། བསམ་གཏན་ལ་སོགས་པ་སློབ་
མ་རྣམས་དང་ཐུན་མོང་པ་དང་། སྟོབས་བཅུ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་ཆོས་ཏེ། ཇི་ལྟ་བ་བཞིན་དུ་དམིགས་པར་བྱ་བ་རྣམ་པ་བཅུ་གཅིག་གོ། །དམིགས་པ་དེ་དག་ལ་སྒྲུབ་པ་ཉིད་འབྲས་བུ་ཅིའི་ཕྱིར་ཡིན་ཞེ་
ན། ཆེད་དུ་བྱ་བ་གང་ཡིན་པ་གསུངས་པ། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱིས་རང་འབྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་བྱ་བའོ། །རྣམ་པ་ཐམས་ཅད་དུ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཡོངས་སུ་ཤེས་པའི་སྒོ་ནས་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སྡེ་ཆེན་པོ་ཉིད་ཀྱི་མཆོག་སངས་རྒྱས་ཉིད་དུ་བསྒྲུབ་པར་སེམས་པ་ཆེན་པོ་དང་། ལྟ་བའི་རྣམ་པ་ཐམས་ཅད་དུ་སྤངས་ཏེ། མཚན་མ་མེད་པ་སྤོང་བ་ཆེན་པོ་ཉིད་དང་། ཆོས་ཐམས་ཅད་ཇི་
ལྟ་བ་བཞིན་ཡང་དག་པར་མཁྱེན་པ་རྟོགས་པ་ཆེན་པོ་ཉིད་དེ། རང་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་བྱ་བ་ནི་ཆེན་པོ་ཉིད་རྣམ་པ་གསུམ་གྱི་དོན་དུ་འཇུག་པར་ཤེས་པར་བྱའོ། །ད་ནི་ཇི་ལྟར་སྒྲུབ་པ་རང་གི་ངོ་བོ་བཤད་པར་བཞེད་དེ། སྤྱིར་
དགེ་བའི་ཆོས་ཀྱི་རྟེན་ཅན་དང་། མངོན་པར་རྟོགས་པ་བཞི་པོ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ཏེ། དེ་ཡང་ལས་དང་པོ་པ། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པའི་ལམ་གྱི་ངོ་བོ་ཉིད་ཀྱིས་སྒྲུབ་པའི་མཚན་ཉིད་གོ་ཆ་དང་། འཇུག་
Vol. 88 · folio 18b
པ་དང་། ཚོགས་དང་། ངེས་པར་འབྱུང་བ་བཞི་ལས་རེ་ཞིག་བསམ་པའི་བརྩོན་འགྲུས་ཉིད་བདག་ཉིད་གོ་ཆའི་སྒྲུབ་པ་གསུངས་པ། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་
གང་ཡིན་བཤད། །ཅེས་བྱ་བའོ། །ཆོས་ཀྱི་སྦྱིན་པ་ལ་སོགས་པ་སྦྱིན་པ་ན་འབྲས་བུ་སེམས་ཅན་ལ་ཡོངས་སུ་གཏོང་བ་ཉིད་ཀྱིས་སྦྱིན་པའི་སྦྱིན་པ་དང་། ཐེག་པ་དམན་པ་ཡིད་ལ་བྱེད་པ་སྤོང་བ་ཉིད་ཀྱིས་ཚུལ་ཁྲིམས་དང་། ཆོས་ཟབ་མོ་ལ་མི་སྐྲག་པ་ལ་
སོགས་པ་ཉིད་ཀྱིས་བཟོད་པ་དང་། མངོན་པར་ཡིད་ཆེས་པས་སྤྲོ་བ་ཉིད་ཀྱིས་བརྩོན་འགྲུས་དང་། ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བས་རྩེ་གཅིག་ཏུ་གནས་པ་བསམ་གཏན་དང་། སྦྱིན་པར་བྱ་བ་ལ་སོགས་པ་འཁོར་གསུམ་དུ་མི་དམིགས་པའི་བདག་
ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇོག་པ་དང་། ཤེས་རབ་སྒྲུབ་པར་བྱེད་དོ། །དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་རེ་རེ་ཞིང་
སོ་སོར་རྣམ་པ་དྲུག་དྲུག་ཏུ་རབ་ཏུ་དབྱེ་བས་སུམ་ཅུ་རྩ་དྲུག་རྣམས་དྲུག་ཚན་དྲུག་གིས་རིགས་མཐུན་པ་སྦྱིན་པ་ལ་སོགས་པ་དྲུག་ཏུ་བསྡུས་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཀྱི་མཚོན་ཆ་རྣམས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་ཡིན་ནོ། །
དེ་ལྟར་གོ་བགོས་ནས་འཇུག་པར་བྱ་དགོས་པས་དེའི་རྗེས་ལ་སྦྱོར་བའི་བརྩོན་འགྲུས་ཀྱི་རང་བཞིན་འཇུག་པའི་སྒྲུབ་པ་གསུངས་པ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ལམ་དང་བྱམས་ལ་སོགས་པ་དང་། །དམིགས་པ་མེད་དང་ལྡན་པ་དང་། །
འཁོར་གསུམ་རྣམ་པར་དག་པ་དང་། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའོ། །རྣམ་པར་གཡེང་བ་ལས་བཟློག་སྟེ་བསྟན་པར་བྱེད་པ་
Vol. 88 · folio 19a
བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། ལས་སུ་རུང་བ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། ལེགས་པར་བསགས་པས་ཐོབ་པ་མཐོང་བ་དང་། བསྒོམ་པ་དང་། ཁྱད་པར་གྱི་ལམ་དང་།
དེར་མ་ཆུད་པ་ལ་བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་པ་དང་། དེས་སྤང་བར་བྱ་བ་མངོན་པར་ཆགས་པ་འགོག་པ་མི་དམིགས་པ་དང་ལྡན་པ་དང་། ཇི་ལྟར་མི་དམིགས་པ་ཉིད་རྫོགས་པར་བྱེད་པ་འཁོར་གསུམ་རྣམ་པར་དག་པ་དང་། ཚུལ་དེ་ཉིད་
ཀྱིས་རང་གི་ཆེད་དུ་བྱ་བ་གསུམ་སྒྲུབ་པ་དང་། གཞན་དང་ཐུན་མོང་མ་ཡིན་པའི་དབང་གིས་མངོན་པར་ཤེས་པ་དྲུག་སྐྱེད་པ་དང་། དེ་དག་དང་ལྡན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དྲག་ཏུ་སྤྲོས་པས་འཇུག་པ་སྟེ། ཡུལ་དེ་དག་ལ་སྦྱོར་བ་ཉེ་བར་གནས་པའི་མཚན་
ཉིད་ནི་སྤང་བར་བྱ་བ་ཉེ་བར་བཟློག་པའི་ཕྱིར་ཐེག་པ་ཆེན་པོའི་ཆོས་མཐའ་དག་གནོན་ཅིང་འཛེག་པའི་ངོ་བོ་ཉིད་ཡིན་པས་འཇུག་པའི་བསྒྲུབ་པ་རྣམ་པ་དགུའོ། །དེ་ལྟར་འཇུག་པས་ཞུགས་པར་གྱུར་པ་ན་ཚོགས་ཡང་དག་པར་འགྲུབ་པ་མ་ཞུམ་ཞིང་ཡང་དག་པར་སྒྲུབ་
པའི་བརྩོན་འགྲུས་ཀྱི་སྒྲུབ་པ་གསུངས་པ། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང་། །ཟུང་དུ་འབྲེལ་བའི་ལམ་གང་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡེ་ཤེས་དང་ནི་བསོད་ནམས་དང་། །ལམ་དང་གཟུངས་དང་ས་བཅུ་
དང་། །གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའོ། །སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཕན་པར་བྱེད་པ་སྙིང་རྗེ་ཆེན་པོ་དང་། འཁོར་ལོས་སྒྱུར་བ་ལ་སོགས་པའི་རྟེན་གྱི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་
པ་དང་། གཞན་གྱི་དོན་ལ་སེམས་རྩེ་གཅིག་ཏུ་གནས་པ་ཞི་གནས་དང་། གང་གི་དོན་དུ་སེམས་རྩེ་གཅིག་པར་གནས་པ་ཉིད་མི་དམིགས་པ་ལྷག་མཐོང་དང་། ཐབས་དང་ཤེས་རབ་ཀྱིས་མཐར་མི་གནས་པ་ཟུང་དུ་འབྲེལ་བའི་ལམ་དང་། དགེ་བའི་རྩ་བ་ཐམས་
Vol. 88 · folio 19b
ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་ཐབས་ལ་མཁས་པ་དང་། སྟོང་པ་ཉིད་ཐམས་ཅད་ཀྱི་མཚན་ཉིད་ལ་མཁས་པ་ཡེ་ཤེས་དང་། ཏིང་ངེ་འཛིན་དུ་མས་རྣམ་པར་བརྩེ་བའི་བསོད་ནམས་དང་། བགྲོད་པར་བྱ་བ་ལ་མངོན་པར་ཞུགས་པ་མཐོང་བ་ལ་སོགས་པའི་
ལམ་དང་། ལེགས་པའི་ལམ་ལས་མི་ཉམས་པར་འཛིན་པ་བཟོད་པ་ལ་སོགས་པའི་གཟུངས་དང་། དཔག་ཏུ་མེད་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པ་ས་བཅུ་དང་། གཟུང་བ་དང་འཛིན་པའི་སྤང་བྱ་རབ་ཏུ་འཇིལ་བ་གཉེན་པོའི་ཚོགས་རྣམས་ཏེ། མི་མཐུན་པའི་
ཕྱོགས་ཀྱི་དཔུང་རྣམ་པར་གཞོམ་པའི་ཕྱིར་རང་གི་སྡེ་རབ་ཏུ་སྒྲུབ་པ་མི་དམིགས་པའི་མཚན་ཉིད་ཀྱིས་ཐེག་པ་ཆེན་པོའི་དོན་མཐའ་དག་སྒྲུབ་པ་ཉིད་ཀྱིས་ཚོགས་ཀྱི་སྒྲུབ་པ་རྣམ་པ་བཅུ་བདུན་ནོ། །དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་སྟོང་པ་ཉིད་ཉི་ཤུའི་བྱེ་བྲག་གིས་ཉི་ཤུ་སྟེ།
ངོ་བོ་ཉིད་མེད་པའི་ཕྱིར་ནང་གི་ཆོས་ཀྱིས་དབེན་པས་ནང་སྟོང་པ་ཉིད་དང་། ཕྱི་རོལ་གྱིས་དབེན་པས་གཉིས་ཀས་སྟོང་པ་ཉིད་དང་། སྟོང་པའི་དངོས་པོས་དབེན་པས་སྟོང་པ་ཉིད་སྟོང་པ་ཉིད་དང་། ཕྱོགས་ཀྱིས་དབེན་པས་ཆེན་པོ་སྟོང་པ་ཉིད་དང་། མྱ་ངན་ལས་
འདས་པའི་ལམ་གྱིས་དབེན་པས་དོན་དམ་པ་སྟོང་པ་ཉིད་དང་། རྐྱེན་ལས་སྐྱེས་པས་དབེན་པས་འདུས་བྱས་སྟོང་པ་ཉིད་དང་། ཅིག་ཤོས་ཀྱིས་དབེན་པས་འདུས་མ་བྱས་སྟོང་པ་ཉིད་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆ་གཉིས་ཀྱིས་དབེན་པས་མཐའ་ལས་
འདས་པ་སྟོང་པ་ཉིད་དང་། འཁོར་བའི་སྔོན་དང་ཕྱི་མས་དབེན་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། རྟོགས་པར་བྱ་བ་ཉིད་རྣམ་པར་སྤངས་པ་མེད་པས་དོར་བ་མེད་པ་སྟོང་པ་ཉིད་དང་། རང་གི་རང་བཞིན་གྱིས་དབེན་པས་རང་བཞིན་སྟོང་པ་ཉིད་དང་།
གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱིས་དབེན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། སྐྱེ་བ་ལ་སོགས་པ་སོ་སོའི་མཚན་ཉིད་ཀྱིས་བདེན་པས་རང་གི་མཚན་ཉིད་དབེན་པས་རང་གི་མཚན་ཉིད་སྟོང་པ་ཉིད་དང་། འདས་པ་ལ་སོགས་པས་དབེན་པས་མི་དམིགས་
Vol. 88 · folio 20a
པ་སྟོང་པ་ཉིད་དང་། ལྡན་པ་ཉིད་ཀྱིས་དབེན་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། ལྡན་པ་མ་ཡིན་པས་དབེན་པས་དངོས་པོ་སྟོང་པ་ཉིད་དང་། ནམ་མཁའ་དབེན་པ་ཉིད་ཀྱིས་དངོས་པོ་མེད་པ་སྟོང་པ་ཉིད་དང་། ཐམས་ཅད་རང་གི་
ཆོས་ཉིད་ཀྱིས་དབེན་པས་རང་གི་ངོ་བོ་སྟོང་པ་ཉིད་དང་། ཆོས་གཞན་གྱི་ངོ་བོས་དབེན་པས་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་ཕྱིར་རོ། །སའི་ཚོགས་ལ་ཆོས་གང་དག་ཡོངས་སུ་སྦྱངས་པས་མངོན་པར་ཐོབ་ཅིང་རབ་ཏུ་རྫོགས་པར་བྱེད་པ་ཉིད་ཀྱིས་ཡོངས་སུ་སྦྱོང་བར་འགྱུར་བ་
གང་ཡིན་པ་དེ་དག་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་པ་ལས་རེ་ཞིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་དང་པོ་ཡོངས་སུ་སྦྱོང་བ་གསུངས་པ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་
ཏེ། །བསམ་དང་ཕན་པའི་དངོས་ཉིད་དང་། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་སྟོན་པ་དང་། །དམ་ཆོས་དམིགས་པ་ཚོལ་བ་དང་། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། །སངས་རྒྱས་སྐུར་འདོད་དགའ་བ་དང་། །ཆོས་
སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས་བྱ་བའོ། །གཞི་ཐམས་ཅད་ལ་གྱ་གྱུ་མེད་ཅིང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་བསམ་པ་ཉིད་དང་། རང་
དང་གཞན་གྱི་དགོས་པ་ལ་ཉེ་བར་མཁོ་ཞིང་ཐེག་པ་ཆེན་པོའི་ཡེ་ཤེས་དོན་དུ་གཉེར་བའི་ཕན་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་སེམས་རྩེ་གཅིག་པར་བྱམས་ཤིང་རྫོགས་པའི་བྱང་ཆུབ་སྦྱིན་པར་འདོད་པས་ཚད་མེད་པའི་སེམས་ཀྱིས་མཉམ་པ་ཉིད་དང་། བདོག་
པ་ཐམས་ཅད་ཡོངས་སུ་གཏོང་ཞིང་འཁོར་གསུམ་དུ་མི་རྟོག་པ་ཉིད་དང་ལྡན་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་བསྐུལ་ཞིང་འཇོག་པའི་དགེ་བའི་བཤེས་གཉེན་བསྟེན་ཅིང་ཚུལ་ཐམས་ཅད་ཀྱིས་མགུ་བར་བྱེད་པ་དང་། ཐེག་པ་གསུམ་དུ་གཏོགས་པའི་
Vol. 88 · folio 20b
དམ་པའི་ཆོས་ཀྱི་དམིགས་པ་ཚོལ་ཞིང་ཐེག་པ་དམན་པར་ལྟུང་བར་མི་བྱེད་པ་དང་། ཁྱིམ་གནས་པ་ན་མངོན་པར་མི་དགའ་ཞིང་ཚེ་རབས་ཐམས་ཅད་དུ་རབ་ཏུ་འབྱུང་བ་དང་། སངས་རྒྱས་ཀྱི་སྐུ་སྒྲུབ་པར་འདོད་ཅིང་སངས་རྒྱས་མཐོང་བ་ཡིད་ལ་བྱེད་པ་དང་མི་
འབྲལ་བ་དང་། ཐོག་མ་དང་བར་དང་ཐ་མར་དགེ་བ་དམ་པའི་ཆོས་སྟོན་ཅིང་ང་རྒྱལ་མེད་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་གཞན་མི་བསླུ་བ་བདེན་པའི་ཚིག་དང་ལྡན་པ་སྟེ། དེ་ལྟ་བུའི་ཆོས་བཅུ་ངོ་བོ་ཉིད་མི་དམིགས་པའི་ཁྱད་པར་དུ་བྱས་པའི་མཚན་ཉིད་
ཀྱིས་ཡོངས་སུ་སྦྱོང་བ་ཁོ་ནས་ས་དང་པོ་རབ་ཏུ་དགའ་བ་ཐོབ་ཅིང་རྫོགས་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་གཉིས་པ་ཡོངས་སུ་སྦྱོང་བ་གསུངས་པ། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །
རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །བཀུར་སྟི་བླ་མ་ལ་གུས་ཉན། །བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཞེས་བྱ་བའོ། །ཉེས་པ་སྤྱོད་པ་ལས་ཡང་དག་པར་ལྡོག་ཅིང་བླ་ན་མེད་པའི་བྱང་ཆུབ་ཀྱི་གེགས་སུ་གྱུར་པའི་ཆོས་རྣམས་སྤོང་བའི་ཚུལ་ཁྲིམས་དང་།
གཞན་གྱིས་ཕན་བཏགས་པའི་དྲིན་ཆུང་ངུ་ཡང་གཟོ་ཞིང་འཁོར་བ་ཇི་སྲིད་པར་དོན་ཆེན་པོས་ལན་ལྡོན་པ་དང་གནོད་པ་བྱེད་པ་ཐམས་ཅད་བཟོད་ཅིང་ཆོས་ཐམས་ཅད་མ་སྐྱེས་པ་ཡིད་ལ་བྱེད་པ་དང་མ་བྲལ་བ་དང་། དགེ་བའི་ཆོས་བསྒྲུབ་པ་ལ་འགྱོད་པ་མེད་ཅིང་སེམས་
ཅན་ཐམས་ཅད་ཐེག་པ་གསུམ་ལ་འགོད་པར་སྤྲོ་བས་རབ་ཏུ་དགའ་བ་དང་། སྐྱེ་བོ་ཐམས་ཅད་ལ་བྱམས་ཤིང་རེ་རེའི་ཕྱིར་ཡང་དམྱལ་བར་གནས་པས་མི་སྐྱོ་བ་སྙིང་བརྩེ་བ་ཆེན་པོ་དང་། ལུས་ཅན་མ་ལུས་པ་ལ་དགའ་བ་བྱེད་ཅིང་དམ་པ་རྣམས་ལ་བཀུར་སྟི་དང་རིམ་གྲོ་བྱེད་
པ་དང་། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་འཇོག་ཅིང་དེས་བསྟན་པ་མངོན་པར་བསྒྲུབ་པ་དང་། གཞན་གྱི་དོན་ལ་བརྩོན་པས་ལས་གཞན་མི་བྱེད་ཅིང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ལ་རབ་ཏུ་སྤྲོ་བ་སྟེ། དེ་ལྟ་བུའི་ཆོས་བརྒྱད་
Vol. 88 · folio 21a
སྔ་མ་ལྟ་བུ་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་གྱིས་ས་གཉིས་པ་དྲི་མ་མེད་པ་འཐོབ་ཅིང་རྫོགས་པར་འགྱུར་བ་ཡིན་ནོ། །དེའི་འོག་ཏུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་གསུམ་པའི་ཡོངས་སུ་སྦྱོང་བ་གསུངས་པ། ཐོས་
པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང་། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །འཁོར་བས་ཡོངས་སུ་མི་སྐྱོ་དང་། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །ཞེས་བྱ་བའོ། །དམ་པའི་ཆོས་མཉན་པ་རྣམས་ཀྱིས་
ཆོག་མི་ཤེས་ཤིང་སངས་རྒྱས་རྣམས་ཀྱིས་ཏེ། ཕྱོགས་བཅུ་དག་ཏུ་གང་གསུངས་པ་ཐམས་ཅད་གཟུང་བར་སེམས་པ་དང་། རྙེད་པ་ལ་སོགས་པ་ལ་མི་ལྟ་བས་དམ་པའི་ཆོས་རབ་ཏུ་སྟོན་ཅིང་བྱང་ཆུབ་ཀྱི་འབྲས་བུ་ཉིད་ལ་ཡང་རེ་བ་མི་བྱེད་པ་དང་། རྗེས་སུ་མཐུན་པའི་
དགེ་བའི་རྩ་བ་སྒྲུབ་ཅིང་སངས་རྒྱས་ཀྱི་ཞིང་སྣོད་དང་བཅུད་ཀུན་ཏུ་སྦྱོང་བ་དང་། ཕན་བཏགས་པ་ལ་གནོད་པའི་ལན་བྱེད་པ་ལ་སོགས་པས་ཡིད་ཡོངས་སུ་མི་སྐྱོ་ཞིང་སྡུག་བསྔལ་ཐམས་ཅད་བཟོད་པ་དང་། རང་དང་གཞན་ལ་ལྟོས་ནས་མི་དགེ་བའི་ཆོས་མི་བྱེད་ཅིང་ཉན་ཐོས་
དང་རང་སངས་རྒྱས་ཀྱི་སེམས་སྤོང་བ་སྟེ། དེ་ལྟ་བུའི་ཆོས་ལྔས་རློམ་པར་མི་བྱེད་ཅིང་སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་གསུམ་པ་འོད་བྱེད་པ་རྟོགས་ཤིང་རྫོགས་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་བཞི་པའི་ཡོངས་
སུ་སྦྱོང་བ་གསུངས་པ། ནགས་གནས་འདོད་ཆུང་ཆོག་ཤེས་དང་། སྦྱངས་པ་ཡང་དག་སྡོམ་བརྟེན་དང་། །བསླབ་པ་ཡོངས་སུ་མི་གཏོང་དང་། །འདོད་པ་རྣམས་ལ་སྨོད་པ་དང་། །མྱ་ངན་འདས་དང་བདོག་ཀུན་གཏོང་། །མི་ཞུམ་པ་དང་ལྟ་བ་མེད། །ཅེས་
བྱ་བའོ། །དགོན་པར་གནས་ཤིང་ཐེག་པ་དམན་པའི་ཀུན་ཏུ་སྤྱོད་པས་དབེན་པར་གནས་པ་དང་། རྙེད་པ་མ་རྙེད་པ་ལ་མངོན་པར་འདོད་པ་མེད་ཅིང་རང་གི་དོན་དུ་བྱང་ཆུབ་ཀྱང་མི་ཚོལ་བ་དང་། རྙེད་པ་ཐོབ་པས་ཆོག་མི་ཤེས་པ་མེད་ཅིང་ཐམས་ཅད་མཁྱེན་པ་ཉིད་ཐོབ་
Vol. 88 · folio 21b
ཅིང་དེས་རློམ་སེམས་སུ་མི་བྱེད་པ་དང་། ཡང་དག་པར་སྡོམ་པའི་རྟེན་བསོད་སྙོམས་པ་ཉིད་དང་། སྟན་གཅིག་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་དང་ལྡན་ཞིང་ཆོས་ཟབ་མོ་ལ་རྟོགས་པའི་བཟོད་པ་དང་བཅས་པ་དང་། གང་བླངས་པ་ཉིད་ཀྱི་བསླབ་པ་སྲོག་ལ་སོགས་
པའི་ཕྱིར་ཡང་ཡོངས་སུ་མི་གཏོང་ཞིང་དེ་དག་ཐམས་ཅད་ཀྱང་ཡང་དག་པར་ཡིད་ལ་མི་བྱེད་པ་དང་། འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་ལྟ་བས་སྨོད་ཅིང་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་འདོད་པའི་སེམས་མི་སྐྱེད་པ་དང་། གདུལ་བྱ་དང་འཚམ་པར་མྱ་ངན་ལས་
འདས་པ་ལ་གཞོལ་ཞིང་ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པ་དང་། བདོག་པ་ཐམས་ཅད་མངོན་པར་ཉེ་བར་མི་འཛིན་ཅིང་ཡོངས་སུ་གཏོང་བ་དང་། དགེ་བ་སྒྲུབ་པ་ལ་སེམས་ཞུམ་པ་མེད་ཅིང་ཡུལ་དག་ལ་ཉེ་བར་མི་གནས་པ་དང་། དངོས་པོ་རྣམས་
ལ་མངོན་པར་ཆགས་པས་ལྟ་བ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་སྟེ། དེ་ལྟ་བུ་ཆོས་བཅུས་སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་བཞི་པ་འོད་འཕྲོ་བ་ཅན་གནོན་ཅིང་རྫོགས་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པ་ཉིད་ཀྱིས་ས་ལྔ་
པའི་ཡོངས་སུ་སྦྱོང་བ་གསུངས་པ། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །འདུ་འཛིར་གྱུར་པའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང་། །མི་དགེའི་ལས་ཀྱི་ལམ་བཅུ་དང་། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །བློ་ངན་དང་ནི་ཉོན་མོངས་
བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ། །ཅེས་བྱ་བའོ། །རྙེད་པ་ལ་སོགས་པའི་དོན་དུ་དགེ་སློང་མ་ལ་སོགས་པ་དང་འདྲིས་པར་མི་བྱེད་ཅིང་བརྫུས་ཏེ་སྐྱེ་བ་མངོན་པར་ལེན་པ་དང་། གཞན་ལ་དད་པ་ཅན་གྱི་ཁྱིམ་ཉེ་བར་སྟོན་པར་
མི་བྱེད་ཅིང་སྦྱིན་བདག་ལས་རྙེད་པ་ཐོབ་པ་ལ་ཕྲག་དོག་མི་བྱེད་པ་དང་། གྲོང་ཁྱེར་ལ་སོགས་པར་འདུ་འཛིས་རྣམ་པར་མི་གཡེང་ཞིང་གང་དུ་ཐེག་པ་དམན་པའི་གཏམ་དང་སེམས་འབྱུང་བར་མི་གནས་པ་དང་བདག་ཉིད་བསྔགས་པ་མི་བརྗོད་ཅིང་ནང་གི་ཆོས་ཐམས་ཅད་
Vol. 88 · folio 22a
མི་མཐོང་བ་དང་། གཞན་ལ་སྨོད་པ་སྤོང་ཞིང་ཕྱིའི་ཆོས་ཐམས་ཅད་མི་དམིགས་པ་དང་། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་ཞིང་དགེ་བ་བཅུ་ལ་ཡང་དག་པར་གནས་པ་དང་། ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པས་ང་རྒྱལ་དུ་མི་བྱེད་ཅིང་ལྷག་པར་
རློམ་པའི་ཆོས་རྗེས་སུ་མི་མཐོང་བ་དང་། དགེ་བ་དང་མི་དགེ་བ་བཟློག་པའི་མངོན་པར་ཞེན་པ་སྤོང་ཞིང་དངོས་པོར་དམིགས་པ་འདོར་བ་དང་། ལོག་པར་ལྟ་བའི་ཁྱད་པར་ཐམས་ཅད་སྤོང་ཞིང་ཐེ་ཚོམ་དང་ཡིད་གཉིས་སུ་མི་འགྱུར་བ་དང་། འདོད་ཆགས་ལ་སོགས་པ་ལ་
ཕྱོགས་པར་མི་བྱེད་ཅིང་ཉོན་མོངས་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ལྟ་བུའི་ཆོས་བཅུས་སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་ལྔ་པ་སྦྱང་དཀའ་བ་གནོན་ཅིང་རྫོགས་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པ་ཉིད་ཀྱིས་
ས་དྲུག་པའི་ཡོངས་སུ་སྦྱོང་བ་གསུངས་པ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཡོངས་རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་དང་། །བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་
མི་དགའ་མེད་པ་དང་། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས་བྱ་བའོ། །སྔར་ཇི་ལྟར་བཤད་པའི་སྦྱིན་པ་ནས་བཟུང་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་པ་ཉིད་དང་། དེ་ཉིད་ཀྱིས་ཉན་
ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་མངོན་པ་དགའ་བ་མི་སྐྱེད་པ་དང་། ངོ་བོ་ཉིད་དམིགས་པར་བྱ་བས་དབེན་པའི་དོན་ལ་སྐྲག་པར་མི་བྱེད་པ་དང་། ཐོག་མར་སློང་བ་པོའི་སྐྱེ་བོས་འགའ་ཞིག་བསླངས་ནས་སེར་སྣས་ཟིལ་གྱིས་གནོན་པའི་ཞུམ་པ་མེད་པ་དང་། བར་དུ་
བདོག་པ་ཐམས་ཅད་ངང་གིས་གཏོང་བར་ཞུགས་ཏེ་མི་དགའ་བ་མེད་པ་དང་། མཐར་བཏང་བས་བཀྲེན་པར་གྱུར་དུ་ཟིན་ཀྱང་ཡང་སློབ་པ་པོའི་སྐྱེ་བོ་ཐོབ་པ་མེད་པར་དོར་བ་སྤོང་བ་ཉིད་དེ་དེ་ལྟ་བུའི་ཆོས་བཅུ་གཉིས་ཀྱིས་སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་དྲུག་པ་མངོན་དུ་
Vol. 88 · folio 22b
གྱུར་པ་ཐོབ་ཅིང་རྫོགས་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་བདུན་པའི་ཡོངས་སུ་སྦྱོང་བ་གསུངས་པ། བདག་དང་སེམས་ཅན་འཛིན་པ་དང་། །སྲོག་དང་གང་ཟག་ཆད་རྟག་དང་། །མཚན་མ་རྒྱུ་དང་
ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་གནས་དང་ཆགས། །སེམས་ནི་ཀུན་ཏུ་ཞུམ་པ་དང་། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང་། །སྟོང་པ་ཉིད་ལ་རྩོད་པ་དང་། །དེ་དང་འགལ་བའི་ཉེས་
པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །ཅེས་བྱ་བའོ། །ངའོ་ཞེས་བྱེད་པ་པོའི་གཞིར་གྱུར་པ་བདག་དང་། །འཕྲོ་ཞིང་ཡིད་ལ་བྱེད་པ་སེམས་ཅན་དང་། སྐལ་བ་མཉམ་པའི་རིགས་རྫོགས་པ་སྲོག་དང་། འགྲོ་བར་ཡང་དང་
ཡང་དུ་གནས་པའི་རྟེན་གང་ཟག་དང་། མངོན་པར་བྱུང་བའི་རྒྱུན་ཉམས་པར་འགྱུར་བ་ཆད་པ་དང་། རང་བཞིན་གནས་པ་ལས་གཞན་དུ་མི་འགྱུར་བ་རྟག་པར་འཛིན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་དོར་བར་བྱ་བ་དང་། ཅིག་ཤོས་སུ་མཚན་མར་འཛིན་
པ་དང་། རིགས་ཐ་དད་པ་ཉིད་དུ་གྱུར་པའི་རྒྱུར་འཛིན་པ་དང་། མིང་དང་གཟུགས་ཀྱི་ཆོས་ཕུང་པོ་ཉིད་དུ་བདེན་པར་འཛིན་པ་དང་། རྒྱུའི་རྟེན་ཁམས་དག་ཏུ་བདེན་པར་འཛིན་པ་དང་། རྐྱེན་གྱི་ཁྱད་པར་ཕྱིའི་སྐྱེ་མཆེད་ལ་སོགས་པ་བདེན་པར་འཛིན་པ་དང་།
ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་བདེན་པར་འཛིན་པ་ཁམས་གསུམ་པ་ལ་གནས་པ་དང་། དེ་ལ་བླང་བ་དང་དོར་བར་ཡོངས་སུ་འཛིན་པ་ཆགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཐོབ་པར་འཛིན་པ་སེམས་ཀུན་ཏུ་ཞུམ་པ་དང་། གཟུགས་ཀྱི་སྐུ་
དེ་བཞིན་གཤེགས་པར་ལྟ་བ་དང་། གསུང་རབ་ཡན་ལག་བཅུ་གཉིས་རྗོད་པར་བྱེད་པ་དམ་པའི་ཆོས་སུ་ལྟ་བ་དང་། སྐྱེས་བུ་ཟུང་བཞི་པོ་དགེ་འདུན་དུ་ལྟ་བ་དང་། ཚུལ་ཁྲིམས་འཆལ་བ་ཉིད་ཀྱི་གཉེན་པོ་ཚུལ་ཁྲིམས་སུ་ལྟ་བ་དང་། ཆོས་ཐམས་ཅད་ལ་སྟོང་པ་ཉིད་
Vol. 88 · folio 23a
ལ་ཐེ་ཚོམ་ཟ་བའི་རྩོད་པ་དང་། དངོས་པོར་ཡོངས་སུ་འཛིན་པ་ཉིད་ཀྱིས་དེ་དང་འགལ་བའི་ཉེས་པ་སྟེ། སྤང་བར་བྱ་བ་ཉི་ཤུ་པོ་དེ་ཡང་དག་པར་སྤངས་ཏེ། སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་བདུན་པ་རིང་དུ་སོང་བ་ཐོབ་ཅིང་རྫོགས་པར་འགྱུར་བ་
ཡིན་ནོ། །དེ་དག་སྤོང་བར་བྱེད་པའི་གཉེན་པོ་གང་དག་ཅིག་ཡིན་ཞེ་ན། གྲངས་ཇི་ལྟ་བས་གཉེན་པོ་རྒྱས་པར་གསུངས་པ། རྣམ་ཐར་སྒོ་གསུམ་ཤེས་པ་དང་། །འཁོར་གསུམ་རྣམ་པར་དག་ཉིད་དང་། །སྙིང་རྗེ་དང་ནི་རློམ་མེད་དང་། །ཆོས་མཉམ་ཉིད་དང་ཚུལ་གཅིག་
ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང་། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་ཏུ་འཇོམས་པ་དང་། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང་། །ཞི་གནས་ངེས་པར་སེམས་པ་དང་། །ལྷག་མཐོང་ལ་ནི་མཁས་པ་དང་། །སེམས་དུལ་བ་དང་ཐམས་ཅད་
ལ། །ཐོགས་པ་མེད་པའི་ཡེ་ཤེས་དང་། །ཆགས་པའི་ས་མིན་གང་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང་། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །ཞེས་བྱ་བའོ། །ཕུང་པོ་རྣམས་ལ་རང་དབང་དུ་བྱེད་པར་གྱུར་པའི་བདག་གིས་
དབེན་པར་རྟོགས་པ་ཉིད་ཀྱིས་རང་གི་ངོ་བོས་དབེན་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། དེ་བཞིན་དུ་སྦྱར་ཏེ། རྒྱུས་རྣམ་པར་དབེན་པ་མཚན་མ་མེད་པ་དང་། འབྲས་བུ་རྣམ་པར་དབེན་པ་སྨོན་པ་མེད་པ་ཡང་དག་པར་ཤེས་པ་དང་། ལེན་པ་པོ་དང་སྦྱིན་པ་
པོ་དང་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པ་དང་། སྐྱེ་བོ་སྡུག་བསྔལ་དང་ལྡན་པ་ལ་རང་དང་མཚུངས་པའི་སྙིང་བརྩེ་བ་དང་། དངོས་པོ་ཐམས་ཅད་མ་སྐྱེས་པ་ཉིད་ཀྱིས་དམིགས་པ་མེད་པའི་རློམ་པ་མེད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་
ཐམས་ཅད་རང་བཞིན་གྱིས་མཉམ་པ་ཉིད་དང་། ཐེག་པ་ཐ་དད་པའི་མཚན་ཉིད་ཡོད་པ་མ་ཡིན་པས་ཐེག་པ་ཆེན་པོ་གཅིག་ཏུ་ངེས་པར་རྟོགས་པ་དང་། གདོད་མ་ནས་ཆོས་ཐམས་ཅད་ཀྱི་བདག་ཉིད་མི་སྐྱེ་བ་ཡོངས་སུ་ཤེས་པ་དང་། སྟོང་པ་ཉིད་ལ་མི་སྐྲག་པའི་
Vol. 88 · folio 23b
བཟོད་པ་ཁོང་དུ་ཆུད་པ་དང་། ཤེས་པར་བྱ་བ་ཐམས་ཅད་ལ་ཐབས་ཀྱི་སྒོ་ནས་ཆོས་བསྟན་པས་ཐེག་པ་ཆེན་པོ་ཉིད་གཟུང་བ་དང་འཛིན་པ་མེད་པའི་ཚུལ་གཅིག་ཏུ་སྟོན་པ་དང་། གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་རྟོགས་པ་ཐམས་ཅད་འཇོམས་པ་
དང་། །མཚན་མར་འཛིན་པ་ཉིད་ཀྱི་འདུ་ཤེས་སྤོང་ཞིང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་འདོར་བ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སེལ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་རྩེ་གཅིག་པའི་ཞི་གནས་དང་། ཤེས་རབ་ཕུན་སུམ་
ཚོགས་པ་དང་ལྡན་པས་ལྷག་མཐོང་ལ་མཁས་པ་དང་། འགོག་པ་དང་ལམ་གྱི་མཚན་ཉིད་ཤེས་པས་སེམས་དུལ་བ་དང་། གཟུགས་ལ་སོགས་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། རྟེན་དང་གཞི་མ་གྲུབ་པ་ཉིད་ཀྱིས་མངོན་པར་ཆགས་པའི་གནས་མ་ཡིན་པ་
དང་། ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་ཞིང་གཞན་དུ་ཅིག་ཅར་མཉམ་དུ་འགྲོ་ཞིང་ཆོས་སྟོན་པ་དང་། གདུལ་བྱ་དང་རྗེས་སུ་མཐུན་པར་བདག་གི་ལུས་རབ་ཏུ་བསྟན་ནས་དོན་བྱེད་པ་ཉིད་ཀྱིས་སྟོང་པ་ཉིད་དང་འགལ་བའི་གཉེན་པོར་གྱུར་པ་སྟེ། མི་དམིགས་པའི་
མཚན་ཉིད་ཅན་གྱིས་ཉི་ཤུ་ཉིད་དོ། །དེའི་འོག་ཏུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་བརྒྱད་པའི་ཡོངས་སུ་སྦྱོང་བ་གསུངས་པ། སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་རྩེ་བ་དང་། །སངས་རྒྱས་ཞིང་བཟང་བསྒྲུབ་པ་
དང་། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་། །བསམས་བཞིན་སྲིད་པ་ལེན་པ་དང་། །ལས་ནི་རྣམ་པ་འདི་བརྒྱད་བཤད། །ཅེས་བྱ་བའོ། །སེམས་གཅིག་གིས་སེམས་ཅན་ཐམས་ཅད་
ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་དེ་དག་གི་འདུ་ཤེས་མི་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་རྟེན་གསེར་ལ་སོགས་པའི་ངོ་བོར་ཡོངས་སུ་སྒྱུར་བའི་འབྱོར་པ་དཔག་ཏུ་མེད་པའི་སྦྱིན་པ་
Vol. 88 · folio 24a
གཏོང་ཡང་དེས་རློམ་སེམས་སུ་མི་བྱེད་པ་དང་། སེམས་ཅན་ལ་ཕན་གདགས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་ཆོས་ཡོངས་སུ་བརྟགས་པས་སངས་རྒྱས་བསྟེན་ཅིང་ཆོས་ལ་བསྙེན་བཀུར་བ་དང་། ལྷའི་མིག་ལ་སོགས་པ་སྐྱེད་ཅིང་སྟོབས་བཅུ་ལ་གནས་
པས། སེམས་ཅན་གྱི་དབང་པོ་ཡོངས་སུ་རྫོགས་པར་ཤེས་པ་དང་། རྒྱལ་བའི་ཞིང་རྟེན་པ་མི་དལ་བ་སྤོང་བ་ལ་སོགས་པ་ཡོངས་སུ་སྦྱོང་ཞིང་སེམས་ཅན་གྱི་སེམས་རྗེས་སུ་དག་པ་བྱེད་པ་དང་། ཐམས་ཅད་དུ་སྒྱུ་མ་ལྟ་བུར་གནས་ཤིང་དེ་དག་གི་དོན་བྱ་བ་ཐམས་ཅད་
སྒྲུབ་ཀྱང་ཡིད་ཉེ་བར་མི་སྦྱོར་བ་དང་། བློ་སྔོན་དུ་བཏང་ནས་རང་དབང་དུ་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བའི་ལུས་འཛིན་པ་སྟེ། དེ་ལྟ་བུའི་ལས་རྣམ་པ་བརྒྱད་སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་བརྒྱད་པ་མི་གཡོ་བ་འཐོབ་ཅིང་རྫོགས་པར་འགྱུར་བ་ཡིན་
ནོ། །དེའི་འོག་ཏུ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་དགུ་པའི་ཡོངས་སུ་སྦྱོང་བ་གསུངས་པ། སྨོན་ལམ་དག་ནི་མཐའ་ཡས་དང་། །ལྷ་ལ་སོགས་པའི་སྐད་ཤེས་དང་། །སྤོབས་པ་ཆུ་བོ་ལྟ་བུ་དང་། །མངལ་དུ་འཇུག་པ་མཆོག་དང་ནི། །
རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང་། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་བྱ་བའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལེགས་པར་རྫོགས་པས་ཇི་ལྟར་བསམས་པ་འགྲུབ་པའི་སྨོན་ལམ་
མཐའ་ཡས་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ལྷ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང་། ཆོས་ཟབ་མོ་ལ་སོགས་པ་སོ་སོ་ཡང་དག་པར་རིག་པས་སྤོབས་པ་བཀོད་པའི་ཆུ་བོ་ལྟར་ཟད་མི་ཤེས་པ་དང་། ཐབས་ཀྱི་
བསྔགས་པའི་མངལ་དུ་འཇུག་པའམ་རྫུས་ཏེ་སྐྱེ་བ་དང་། རྒྱལ་པོ་ལ་སོགས་པའི་རིགས་དང་། ཉི་མ་ལ་སོགས་པའི་རུས་དང་། ཕ་དང་མའི་བདུན་བརྒྱུད་ལེགས་པར་འབྲེལ་པའི་ཆོ་འབྲང་དང་། རང་དབང་བ་དང་རང་གི་བྱང་ཆུབ་ལ་གཞག་པའི་འཁོར་
Vol. 88 · folio 24b
དང་། བརྒྱ་བྱིན་ལ་སོགས་པས་མངོན་པར་བསྟོད་ཅིང་ས་གཡོ་བ་དང་འོད་ཀྱིས་སྣང་བར་བྱེད་པ་ལ་སོགས་པ་སྐྱེ་བ་དང་། སངས་རྒྱས་ལ་སོགས་པ་བསྐུལ་ཞིང་རྨད་དུ་བྱུང་བའི་རྣམ་པར་ཐར་པས་རབ་ཏུ་ངེས་པར་འབྱུང་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་
པའི་ཤིང་ཨ་ཤྭཏྠ་ལ་སོགས་པ་བྱང་ཆུབ་ཀྱི་ཤིང་ལ་སྐུ་བརྟེན་ཏེ་འཚང་རྒྱ་བ་དང་། སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་ལྟ་བུའི་ཆོས་བཅུ་གཉིས་སྔ་མ་ལྟར་ཡོངས་སུ་སྦྱངས་པའི་
ཁྱད་པར་གྱིས་ས་དགུ་པ་ལེགས་པའི་བློ་གྲོས་ཐོབ་ཅིང་རྫོགས་པར་འགྱུར་བ་ཡིན་ནོ། །དེ་ལྟར་རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱང་བ་བསྟན་ནས། ད་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱི་ས་ཐམས་ཅད་བསྡུས་པའི་སྒོ་ནས་འབྲས་བུའི་ས་ཉིད་དུ་ས་བཅུ་པའི་
མཚན་ཉིད་གསུངས་པ། ས་དགུ་འདས་ནས་ཡེ་ཤེས་ཀྱི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའོ། །ཉན་ཐོས་ལ་སོགས་པ་སོ་སོའི་རིགས་ཀྱི་ས་དང་། འབྲས་བུ་དང་པོ་
ལ་ཞུགས་པ་བརྒྱད་པ་དང་། རྒྱུན་ཏུ་ཞུགས་པས་བདེན་པ་མཐོང་བའི་ས་དང་། ལན་ཅིག་ཕྱིར་འོང་བ་ཉོན་མོངས་པ་བསྲབས་པའི་ས་དང་། ཕྱིར་མི་འོང་བ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ས་དང་། དགྲ་བཅོམ་པ་ཁམས་ཀྱི་ཉོན་མོངས་པ་ཟད་པས་བྱས་
པ་རྟོགས་པའི་ས་དང་། འབྲས་བུ་ཕྱི་མ་གསུམ་ལ་ཞུགས་པ་ཉན་ཐོས་དང་། རང་གི་བྱང་ཆུབ་མངོན་སུམ་དུ་བྱས་པས་རང་སངས་རྒྱས་ཀྱི་ས་དང་། ཇི་སྐད་བཤད་པའི་ས་རྣམ་པ་དགུ་པོ་བྱང་ཆུབ་སེམས་དཔའི་རྒྱུར་གྱུར་པ་གཅིག་ཁོ་ན་སྟེ། དེ་ལྟར་ས་དགུ་འདས་ནས་ས་
བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སར་གནས་པ་ཡིན་པས་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཆོས་ཀྱི་སྤྲིན་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་རྒྱུའི་ས་ཡོངས་སུ་སྦྱོང་བ་རྣམས་ཀྱི་ཁྱད་པར་ཕུལ་དུ་གྱུར་པ་ཉིད་ཀྱིས་འབྲས་བུའི་ས་ཡོངས་སུ་རྫོགས་པར་འགྱུར་རོ། །
Vol. 88 · folio 25a
ཞེས་དགོངས་ཏེ། འདིར་ཡོངས་སུ་སྦྱོང་བ་བཅུ་པ་གཞན་ནི་མ་གསུངས་སོ། །དེའི་རྗེས་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉེན་པོའི་ཚོགས་གང་ཡིན་པ་གསུངས་པ། མཐོང་དང་བསྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །
ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་བྱ་བའོ། །མཐོང་བ་དང་བསྒོམ་པའི་ལམ་དག་གིས་སོ་སོར་ཀུན་ནས་ཉོན་མོངས་པ་དང་གཉེན་པོའི་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་དང་། གང་ཟག་རྫས་དང་སྐྱེས་བུ་བཏགས་
པར་ཡོད་པས་འཛིན་པའི་རྣམ་པར་རྟོག་པ་གཉིས་གོ་རིམས་ལྟར་དངོས་པོ་དང་རྣམ་པ་ལ་བརྟེན་པའི་དབང་གིས་རྣམ་པར་རྟོག་པ་རྣམ་པ་བརྒྱད་སྤོང་བའི་གཉེན་པོ་ཡིན་ནོ། །དེ་ལྟར་ཚོགས་ཀྱི་གཉེན་པོའི་དཔུང་ལེགས་པར་བསགས་ནས་ངེས་པར་འབྱུང་བར་འགྱུར་བ་
ཡིན་པའི་ཕྱིར་ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱི་བདག་ཉིད་ངེས་པར་འབྱུང་བའི་སྒྲུབ་པ་གསུངས་པ། ཆེད་དུ་བྱ་དང་མཉམ་ཉིད་དང་། །སེམས་ཅན་དོན་དང་འབད་མེད་དང་། །མཐའ་ལས་འདས་པ་ངེས་འབྱུང་དང་། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། །རྣམ་
ཀུན་མཁྱེན་ཉིད་ངེས་འབྱུང་དང་། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་བསྒྲུབ་པ་ཡིན་ཞེས་བྱ། །ཞེས་བྱ་བའོ། །སེམས་ཆེན་པོ་ལ་སོགས་པ་ཆེད་དུ་བྱ་བ་དང་། ཤེས་རབ་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལྟར་
མཉམ་པ་དང་། སྙིང་རྗེས་སེམས་ཅན་གྱི་དོན་ཁྱད་པར་བྱེད་པ་དང་། ཟུང་དུ་འཇུག་པ་མཚན་མ་མེད་པར་ཐམས་ཅད་བྱེད་པ་ལྷུན་གྱིས་གྲུབ་པ་དང་། དེ་ཉིད་རྟག་པ་དང་ཆད་པའི་མཐའ་དང་བྲལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་ཐེག་པ་གསུམ་གྱི་དོན་
ཐམས་ཅད་ཐོབ་པ་དང་མི་རྟོག་པའི་མཚན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེའི་ཁྱད་པར་གྱི་ལམ་མཐར་ཐུག་པའི་ཡུལ་ཅན་གྱི་ངེས་པར་འབྱུང་བ་སྟེ། སྤང་བར་བྱ་བའི་ཡུལ་ལས་ངེས་པར་རྒྱལ་བར་བྱ་བའི་ཕྱིར་འབྲས་བུའི་མཆོག་ཉིད་དུ་ངེས་པར་
Vol. 88 · folio 25b
འབྱུང་བའི་སྒྲུབ་པ་རྣམ་པ་བརྒྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་དང་པོའི་འགྲེལ་པའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་
པ་ནི་ལམ་ཤེས་པ་ཉིད་ལ་རག་ལས་པས་དེ་འཆད་པར་མཛད་པ་ན་དང་པོར་ལམ་ཤེས་པའི་རྟེན་བྱེད་པ་དང་བཅས་པ་གསུངས་པ། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང་། །ཡུལ་ངེས་པ་དང་ཁྱབ་པ་དང་། །རང་བཞིན་དང་ནི་དེ་ཡི་
ལས། །ཞེས་བྱ་བའོ། །མདོ་ལས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་དག་གིས་ལྷ་ལ་སོགས་པའི་རྣམ་པར་སྨིན་པའི་འོད་མོག་མོག་པོར་མཛད་དོ་ཞེས་གསུངས་ཏེ། དེ་ནི་དེ་དག་ལ་ལམ་ཤེས་པ་ཉིད་སྐྱེ་བར་རུང་བར་བསྒྲུབ་པའི་ཕྱིར་ཏེ། དེའི་ཕྱིར་
ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་སྐྱེ་བས་རྟེན་གྱིས་ཁྱད་པར་འཕགས་པར་རིག་པར་བྱའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཅན་གྱིས་ཡུལ་སོ་སོར་ངེས་པ་དང་། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཉིད་ཀྱི་སྙིང་པོ་ཡོད་པའི་ཕྱིར་འདོད་
ཆགས་དང་བྲལ་བ་དང་། ཅིག་ཤོས་ཀྱི་རྣལ་འབྱོར་པ་ལ་སོགས་པས་ཀྱང་མཐར་བསྒོམ་པར་བྱ་བ་ཡིན་པས་མཐའ་དག་ལ་ཁྱབ་པའི་རིགས་དང་། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱིས་དེའི་རྒྱུར་གྱུར་པའི་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་
སྤངས་པ་མ་ཡིན་པའི་རང་བཞིན་དང་། ཤེས་རབ་དང་ཐབས་ལ་མཁས་པས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་དང་། སེམས་ཅན་ཡོངས་སུ་མ་བསྡུས་པ་སྡུད་པ་ལ་སོགས་པའི་ལས་བྱེད་པ་ཡིན་ནོ། །དེ་ལྟ་བུའི་ལམ་ཤེས་པ་ཉིད་ཀྱི་ལམ་དེ་དག་ནི་གང་ཞིག་ཡིན།
ཇི་ལྟར་ཤེས་པར་བྱ་ཞེ་ན། རེ་ཞིག་ཉན་ཐོས་ཀྱི་ལམ་ཤེས་པ་གསུངས་པ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི། །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་བྱ་བའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་
Vol. 88 · folio 26a
སྐྱེ་ཞིང་འཇིག་པའི་ཆོས་ཅན་གྱི་མཚན་ཉིད་མི་རྟག་པ་དང་། ཟག་པ་དང་བཅས་པའི་དངོས་པོ་ཉིད་ཀྱིས་འཕགས་པ་རྣམས་དང་མི་མཐུན་པ་ཉིད་ཀྱིས་སྡུག་བསྔལ་བ་དང་། བྱེད་པ་པོའི་དོན་གཞན་གྱིས་སྟོང་པ་ཉིད་ཀྱིས་བདག་མེད་པ་དང་། ངོ་བོར་
གྱུར་པའི་མཚན་མ་མ་གྲུབ་པ་ཉིད་ཀྱིས་ཞི་བའི་རྣམ་པ་བཞིའོ། །ཀུན་འབྱུང་བའི་བདེན་པ་ལ་ཚོར་བ་ཡིད་དུ་མི་འོང་བའི་སྐྱེ་བའི་རྒྱུའི་རྩ་བར་གྱུར་པ་ཉིད་ཀྱིས་ནད་ལྟ་བུ་དང་། འབྲས་བུ་སྡུག་བསྔལ་ཀུན་འབྱུང་བ་ཉིད་ཀྱིས་འབྲས་ལྟ་བུ་ཀུན་འབྱུང་བ་དང་། ཚོར་བ་བཟོད་
པར་དཀའ་བ་སྐྱེ་བའི་རྐྱེན་དུ་གྱུར་པ་ཉིད་ཀྱིས་ཟུག་རྔུ་ལྟ་བུར་རབ་ཏུ་སྐྱེ་བ་དང་། འཇིགས་པ་མང་པོ་བརྒྱུད་མར་འབྱུང་བས་རབ་ཏུ་འཇོམས་པ་ཉིད་ཀྱིས་སྡིག་པ་ལྟ་བུའི་རྐྱེན་གྱི་ངོ་བོ་ཉིད་ཀྱིས་རྣམ་པ་བཞིའོ། །སྡུག་བསྔལ་དང་ཀུན་འབྱུང་བ་གཉིས་ཀ་ལ་ཡང་ཕྱིར་རྒོལ་
བ་གནོད་པར་ཞུགས་པས་ཕ་རོལ་དགྲ་ལྟ་བུ་དང་། གནོད་པས་འཇིགས་ཤིང་ཡིད་བརྟན་དུ་མི་རུང་བས་འཇིག་པའི་ཆོས་ཅན་ཏེ་ཡིད་འབྱུང་བ་དག་གི་མཚན་ཉིད་གཉིས་དང་། རང་གི་ངོ་བོ་བརྟན་པར་མི་གནས་པས་གཡོ་བ་དང་། རྒྱུ་མེད་པར་ངང་གིས་འཇིག་པས་རབ་
ཏུ་འཇིག་པ་སྟེ་འདོད་ཆགས་དང་བྲལ་བར་བྱ་བ་གཉིས་དང་། འདི་དང་ཕྱི་མ་གནོད་པའི་གནས་སུ་གྱུར་པས་འཇིགས་པ་དང་། ཤ་ཟ་ལ་སོགས་པ་གནོད་པར་བྱེད་པ་རྣམས་ཀྱིས་གནོད་པ་བསྒོ་བའི་གནས་ཡིན་པས་ནད་འགོ་བ་དང་། ཕྱི་དང་ནང་གི་རྐྱེན་སྣ་ཚོགས་
པས་གཙེ་བར་བྱ་བ་ཡིན་པས་འཚེ་བའི་རྣམ་པ་སྟེ། །འགོག་པར་བྱ་བ་འཇུག་པའི་རྣམ་པ་གསུམ་མོ། །དེ་ལྟར་ན་ངོ་བོ་གསུམ་ལ་རབ་ཏུ་དབྱེ་བས་རྣམ་པ་བདུན་ཡིན་པར་ཤེས་པར་བྱའོ། །འགོག་པའི་བདེན་པ་མ་རིག་པ་ལ་སོགས་པ་འགགས་པས་འདུ་བྱེད་ལ་
སོགས་པ་འགག་པའི་ཕྱིར་འགོག་པའི་ངོ་བོ་བདག་མེད་པ་ཉིད་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཉེ་བར་སྟོངས་པའི་ཕྱིར་ཞི་བ་ཉིད་དང་། སྡུག་བསྔལ་བ་དང་ཀུན་འབྱུང་བ་མི་གཙང་བས་དབེན་པའི་ཕྱིར་གྱ་ནོམ་པ་ཉིད་དང་། ངེས་པར་འབྱུང་བའི་མཚན་ཉིད་དེ་
Vol. 88 · folio 26b
འདི་ལྟར་བདག་དང་བདག་གི་རིང་དུ་སྤངས་པ་སྟོང་པ་ཉིད་དང་། རྒྱུ་དང་རྐྱེན་གྱིས་འདུས་བྱས་པའི་མཚན་མ་མེད་པ་དང་། ཁམས་གསུམ་ལ་མངོན་པར་དགའ་བའི་སྨོན་པ་མེད་པ་ཉིད་ཀྱི་ཕྱིར་དང་། མ་འོངས་པའི་ཕུང་པོ་མངོན་པར་འདུ་བྱ་བ་མེད་པ་ཉིད་ཀྱིས་དེ་ཡང་
ངོ་བོ་གཅིག་ལ་རབ་ཏུ་དབྱེ་བ་རྣམ་པ་བདུན་ཡིན་ནོ། །ལམ་གྱི་བདེན་པ་ལ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཁྲིད་པར་བྱེད་པའི་ལམ་དང་། རིགས་པ་མ་ཡིན་པ་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རིགས་པ་དང་། ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཡོན་ཏན་མཐའ་ཡས་
པ་འབྱུང་བའི་ཕྱིར་སྒྲུབ་པ་དང་། རྟག་ཅིང་ཕན་པ་དམ་པའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་ངེས་པར་འབྱིན་པའི་རྣམ་པ་བཞིའོ། །དེ་ལྟར་བདེན་པའི་རྣམ་པ་དེ་དག་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ལམ་ཤེས་པ་ཉིད་ཀྱི་གནས་སྐབས་སུ་ཉན་ཐོས་རྣམས་ཀྱི་ལམ་བྱང་ཆུབ་སེམས་
དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །བདེན་པ་བཞི་ཡོངས་སུ་ཤེས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེའི་མཚན་ཉིད་རྣམ་པ་བཞི་གསུངས་པ། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་
ཉིད་རྣམས་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་གྱུར་
བཤད་དེ། །ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་བྱ་བའོ། །འདི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་དེ་དག་ཤེས་པ་དང་སྤྱོད་པ་ཐོབ་པའི་གང་ཟག་མཐའ་དག་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་རྣམས་ཕན་ཚུན་ཐ་
དད་པ་མེད་པ་ནི་དྲོ་བའི་རྣམ་པའོ། །གཟུགས་ལ་སོགས་པ་སྔ་མ་ལྟར་སྟོང་པ་ཉིད་ཀྱིས་མི་དམིགས་པ་ནི་རྩེ་མོའི་རྣམ་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་རྟག་པ་དང་མི་རྟག་པ་ལ་སོགས་པ་མ་ཡིན་ནོ་ཞེས་དམིགས་པའི་ཚུལ་གྱིས་གནས་པ་བཀག་པ་ནི་བཟོད་པའི་རྣམ་པའོ། །
Vol. 88 · folio 27a
གང་གི་ཕྱིར་ཡོད་ན་ཐམས་ཅད་གཟིགས་པ་ཉིད་ཀྱི་ཚད་མ་སྐྱེས་བུས་ཆོས་ཐམས་ཅད་མཁྱེན་པར་སངས་རྒྱས་ནས་འགའ་ཡང་མ་གཟིགས་པར་ཞེས་བྱ་བའི་འཐད་པས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལས་བརྩམས་ཏེ་ཆོས་ཐམས་ཅད་ལ་གནས་པར་མི་
བྱ་བ་རྒྱས་པར་བསྟན་པ་ནི་ཆོས་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་སྟེ། དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བར་ཤེས་པར་བྱའོ། །དེའི་རྗེས་ལ་རང་སངས་རྒྱས་ཀྱི་ལམ་འཆད་པར་མཛད་པས་རེ་ཞིག་དེ་དག་གི་ལམ་སྔ་མ་ལས་ཇི་ལྟར་ཁྱད་ཞུགས་པ་ཉིད་དུ་བསྒྲུབ་པ་
གསུངས་པ། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་བྱ་བའོ། །རང་བྱུང་བས་འཚང་རྒྱ་བ་ཉིད་དབང་པོ་རྣོན་པོ་དང་བར་མ་དང་ཅུང་ཟད་རྟུལ་བའི་བྱེ་བྲག་གིས་
གསུམ་སྟེ། དེ་དག་ནི་སྔོན་ཐོས་པ་ལ་སོགས་པ་མངོན་པར་འདུ་བྱས་པས་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་རང་གི་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་བའི་ཕྱིར་དང་། ཡང་གི་སྒྲས་འཕངས་པ་གཞན་དག་ལ་ཆོས་སྟོན་པ་ཡང་སྒྲ་ལ་མི་ལྟོས་པའི་
ཕྱིར་ཟབ་སྟེ། གང་གི་ཕྱིར་སྒྲར་བརྗོད་པ་ནི་རྣམ་པར་གཡེང་བ་ཉིད་དང་། ཉན་པ་པོ་རྣམས་ཀྱིས་འཆད་པ་པོའི་རྩལ་རྟོགས་པར་བྱེད་ན་བདེ་བླག་ཏུ་རྟོགས་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ལུང་དག་ལས། ཉན་ཐོས་རྣམས་ནི་གཞན་གྱིས་བསྟན་པ་ལ་ལྟོས་ནས་བྱང་ཆུབ་རྟོགས་
པར་འགྱུར་ཞིང་། གཞན་དག་ཀྱང་བརྗོད་པ་དང་བཅས་པས་ཆོས་བསྟན་པས་དགེ་བ་ལ་སྦྱོར་བར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་ན་སྒྲ་མེད་པར་ཆོས་སྟོན་པར་རུང་སྙམ་པའི་དོགས་པ་བསུ་བའི་ལན་གསུངས་པ། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་
ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས་བྱ་བའོ། །འདི་ལྟར་ཆོས་སྟོན་པ་ཞེས་བྱ་བའི་དོན་ནི་བརྗོད་པར་བྱ་བའི་དོན་རྟོགས་པ་ཉན་པ་པོའི་རྒྱུད་ལ་ཤིན་ཏུ་བསྐྲུན་ཞིང་རབ་ཏུ་བསྐྱེད་པ་ཞེས་བྱ་བ་འདི་ཡིན་པས་དེ་དག་ཀྱང་སྨོན་ལམ་
Vol. 88 · folio 27b
ལ་སོགས་པའི་སྟོབས་ཀྱིས་བསྟན་པར་འདོད་པ་ཙམ་ཉིད་ལས་སྒྲ་མེད་ཀྱང་གང་དང་གང་ཞིག་དོན་གང་དང་གང་ལ་རྣམ་པ་ཇི་ལྟ་ཇི་ལྟར་ཉན་པར་འདོད་ཅིང་རིགས་པ་ཉིད་དེ་དང་དེའི་རྣམ་པར་ཤེས་པ་ལ་དོན་དེ་དང་དེ་དག་ཉིད་ཀྱང་རྣམ་པ་དེ་ཁོ་ན་ལྟར་རྣམ་པར་སྣང་བར་འགྱུར་བས་
ཆོས་སྟོན་པར་འགྱུར་བའི་ཕྱིར་རོ། །འདི་ཡང་རྣམ་པར་མ་བརྟགས་ཤིང་མ་དཔྱད་པར་སྨྲ་བ་ནི་དོན་འཆོལ་བར་འགྱུར་ལ། དེ་ལས་གཞན་དུ་ཚིག་ཏུ་སྦྱིན་པ་ནི་སྤྲོས་པར་འགྱུར་རོ་ཞེས་རིགས་པའི་དབང་གིས་ཡིན་ནོ། །ཁྱད་པར་དེ་དག་གིས་འཕགས་པ་ཅན་གྱི་ལམ་དངོས་པོ་
གསུངས་པ། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་བྱ་བའོ། །ཇི་སྐད་བཤད་པའི་བདེན་པ་བསྒོམ་པ་ཁོ་ན་དང་། དོན་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་
པར་འབྱུང་བ་བསྒོམས་པས་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤོང་སྟེ། མ་རིག་པ་དང་ཕུང་པོ་དང་བདག་ལ་སོགས་པ་ལ་མངོན་པར་ཞེན་པ་རབ་ཏུ་ཞི་བ་ཉིད་དོ། །འདིས་ནི་ཉན་ཐོས་རྣམས་ལས་རྟོགས་པའི་ཁྱད་པར་སྟོན་ཏོ། །འོན་ཀྱང་ཆོས་ཐམས་ཅད་བདག་མེད་པར་ཤིན་ཏུ་
གོམས་པར་མ་བྱས་པས་འཛིན་པའི་དོན་གྱི་རྣམ་པར་རྟོག་པ་སྤོང་བ་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་ལ་མཚན་མར་འཛིན་པ་དང་མ་བྲལ་བའི་ཕྱིར་རོ། །འདིས་ནི་ཐེག་པ་ཆེན་པོ་ལས་དམན་པའི་ཁྱད་པར་བསྟན་པའོ། །ཡེ་ཤེས་ལ་སོགས་པ་ཟབ་པ་དང་བཅས་པའི་ཆོས་ཉིད་
བསྒྲུབ་པ་ལ་སོགས་པའི་རྟེན་གྱི་ཁྱད་པར་དང་ལྡན་པ་ཡང་ཡིན་ཏེ། དེ་ལྟར་རང་སངས་རྒྱས་ཀྱི་ལམ་ཡང་དག་པར་བསྡུས་པ་ནི། མི་དམིགས་པའི་སྒོ་ནས་བྱང་ཆུབ་སེམས་དཔས་ཤེས་པར་བྱའོ། །ལམ་དེ་སྔོན་དུ་འགྲོ་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་དག་ཡིན་ཞེ་
ན། དེ་ཡི་ཡན་ལག་རྣམ་པ་བཞི་གསུངས་པ། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་
Vol. 88 · folio 28a
ཕྱིར་བཟོད་པ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས་བྱ་བའོ། །གཟུགས་ལ་སོགས་པ་ཀུན་རྫོབ་ཏུ་བརྡར་བཏགས་ཤིང་བརྗོད་པར་བྱ་བ་དང་། དོན་དམ་པར་བརྗོད་པར་བྱ་བ་ཡིན་པའི་ཆོས་ཉིད་དག་མི་
འགལ་བར་རབ་ཏུ་སྟོན་པ་ཅན་དྲོ་བར་གྱུར་པ་དང་། གཟུགས་ལ་སོགས་པ་ལ་དོན་དམ་པར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་བདག་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མེད་པ་ལ་སོགས་པའི་དོན་དུ་བསླབ་པ་ཅན་རྩེ་མོར་གྱུར་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་
གཟུགས་ལ་སོགས་པ་ལ་ནང་དང་ཕྱི་དང་གཉི་ག་ལ་སོགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་མི་འཛིན་པ་ཅན་བཟོད་པར་གྱུར་པ་དང་། གཟུགས་ལ་སོགས་པ་ལ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པའི་རྣམ་པ་ཅན་ཆོས་ཀྱི་མཆོག་ཏུ་གྱུར་པ་སྟེ། བདེན་པ་རྣམས་ལ་
ངེས་པར་འབྱེད་པའི་ཡན་ལག་དེ་ལྟར་སྐྱེ་བར་རིག་པར་བྱའོ། །དེའི་རྗེས་ལ་བྱང་ཆུབ་སེམས་དཔའི་ལམ་བཤད་པར་བྱ་བ་ཡིན་པས་ཐོག་མར་མཐོང་བའི་ལམ་གསུངས་པ། བདེན་དང་བདེན་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་
ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་བྱ་བའོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། དེ་བཞིན་དུ་བདེན་པ་དེ་དག་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་ཞེས་
བྱ་བ་སྐད་ཅིག་མ་རྣམ་པ་བཞི་སྟེ། རང་གི་ངོ་བོ་ལ་ཚད་མར་གྱུར་པ་སྐད་ཅིག་མ་གཅིག་དང་། རིགས་དང་ཁྱད་པར་དང་བདེན་པའི་རབ་ཏུ་དབྱེ་བ་གཉིས་དང་། བཞི་དང་བཅུ་དྲུག་གི་མཚན་ཉིད་ཅན་ཚེ་འདི་དང་གཞན་པའི་ཕན་ཡོན་དང་ལྡན་པ་ནི། བྱང་ཆུབ་སེམས་
དཔའི་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་མཐོང་བའི་ལམ་ཡིན་པར་བསྟན་ནོ། །བདེན་པ་རྣམས་ལ་མངོན་པར་རྟོགས་པའི་སྐད་ཅིག་མ་དག་གི་རྣམ་པ་གང་དག་ཡིན་ཞེ་ན། སྡུག་བསྔལ་ལ་སོགས་པ་རེ་རེ་ལ་བཞི་བཞིར་རྣམ་པར་དབྱེ་བས་རྣམ་པ་བཅུ་དྲུག་གསུངས་པ། དེ་
Vol. 88 · folio 28b
བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང་། །ཆེན་པོ་ཚད་མ་མེད་བཅས་དང་། །ཚད་མེད་པ་དང་མཐའ་མེད་དང་། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང་། །བླང་མེད་
དོར་བ་མེད་སོགས་དང་། །བྱམས་ལ་སོགས་དང་སྟོང་ཉིད་དང་། །སངས་རྒྱས་ཉིད་ནི་འཐོབ་པ་དང་། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང་། །ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང་། །སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས། །སྲོག་མི་
གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བྱ་བའོ། །དོན་དམ་པའི་ཚུལ་ཉིད་ཀྱིས་ཡུལ་གང་ཡིན་པ་
དེ་བཞིན་ཉིད་དང་། རྟོགས་པ་གང་ཡིན་པ་སངས་རྒྱས་དག་རྟེན་དང་བརྟེན་པའི་དངོས་པོ་མེད་པས་དེའི་ཕྱིར་དེ་དག་ཕན་ཚུན་རྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་ཅིང་མི་སྟོན་པ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་གཟུགས་དབེན་པའི་བདག་ཉིད་ཆེན་པོ་ཉིད་དང་། །དེ་
བཞིན་དུ་དེ་དག་ལ་གཞལ་བར་བྱ་བ་ལས་ཡང་དག་པར་འདས་པས་ཚད་མེད་པ་དང་། སྔ་མ་ལྟར་ནམ་མཁའ་ཚད་མེད་པ་ཉིད་རྡུལ་ཕྲ་རབ་ལ་སོགས་པ་ཚད་མེད་པ་ཞེས་བྱ་བ་བཞི་ནི་སྡུག་བསྔལ་གྱི་བདེན་པ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་རྣམ་པ་དག་ཡིན་ནོ། །ངོ་བོ་ཉིད་
མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་རྟག་པ་དང་ཆད་པའི་མཐའ་ལ་སོགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་གཟུགས་ལ་སོགས་པའི་བདག་ཉིད་དུ་གནས་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་སངས་རྒྱས་ཉིད་དུ་ངེས་པར་གཟུང་བར་བྱ་བ་དང་། དེའི་གཞན་དུ་
དེ་ལ་གནས་པས་ཆོས་ཐམས་ཅད་བླང་བ་དང་དོར་བ་མེད་པ་ཉིད་དང་། བདག་ཉིད་མེད་པ་སྔོན་དུ་འགྲོ་བ་ཉིད་ཀྱིས་ཚད་མེད་པ་བཞི་བསྒོམ་པ་ཞེས་བྱ་བ་བཞི་ནི་ཀུན་འབྱུང་བའི་བདེན་པ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་རྣམ་པ་དག་གོ། །གཉུག་མའི་རང་བཞིན་ཁོ་ནས་
Vol. 88 · folio 29a
གཟུགས་ལ་སོགས་པའི་ངོ་བོ་སྟོང་པ་ཉིད་དང་། དེ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་དགེ་བའི་རྩ་བ་རྣམས་ཀྱི་འབྲས་བུ་དེ་བཞིན་གཤེགས་པར་བསྔོས་པས་དེ་འཐོབ་པར་བྱེད་པ་དང་། དེ་བཞིན་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་
དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་བསྡུས་པ་དང་། དེ་བཞིན་ཉིད་ཀྱིས་ཕྱི་དང་ནང་གི་ཡ་ང་བ་དང་ནད་ལ་སོགས་པའི་འཚེ་བ་རབ་ཏུ་ཞི་བ་ཞེས་བྱ་བ་བཞི་ནི་འགོག་པའི་བདེན་པ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་རྣམ་པ་དག་གོ། །རང་བཞིན་མེད་པ་རྣམ་
པར་སྒོམ་པ་ཁོ་ནས་མྱ་ངན་ལས་འདས་པ་ཉིད་ཐོབ་པར་བྱ་བར་མངོན་པར་ཞེན་པ་དང་བྲལ་བ་དང་། ཤེས་རབ་དང་ཐབས་མཁས་པ་ལ་ཞུགས་པ་ཉིད་ཀྱིས་སངས་རྒྱས་རྣམས་ཀྱིས་བསྲུང་བ་དང་བསྐྱབ་པ་དང་སྦ་བ་དག་མཛད་པ་དང་། སངས་རྒྱས་ཉིད་མངོན་པར་འདོད་
པས་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལ་བདག་ཉིད་གནས་ཤིང་གཞན་ཡང་དག་པར་འགོད་པ་དང་། མི་ཟད་ཅིང་ཕུན་སུམ་ཚོགས་པར་བྱ་བ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་ཐམས་ཅད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་བ་བཞི་ནི་ལམ་གྱི་བདེན་པ་
ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་རྣམ་པ་དག་ཡིན་ཏེ། དེ་ལྟར་ན་ལམ་ཤེས་པ་ཉིད་ཀྱི་སྐད་ཅིག་མ་བཅུ་དྲུག་ཡིན་ནོ། །དེའི་ཕྱིར་ཚིག་ལེའུར་བྱས་པའི་དོན་ཉེ་བར་མཚོན་པ་ལྷུར་ལེན་པའི་གཞུང་གིས་སྐད་ཅིག་མ་བཅུ་དྲུག་གིས་ཡེ་ཤེས་ཉི་ཚེ་བ་བསྟན་པར་
མ་ཟད། རྣམ་པ་དང་བཅས་པའི་དོན་ཉིད་ཀྱང་རྣམ་པར་མཚོན་པར་ཟད་དོ་ཞེས་རིག་པར་བྱའོ། །དེའི་རྗེས་ལ་མཐོང་བའི་དོན་གོམས་པར་བྱ་བ་བརྗོད་པར་རིགས་པ་ལས་བརྗོད་པར་བྱ་བ་ཉུང་བ་ཉིད་དང་། འབྲས་བུ་ཤེས་པས་དེ་ལ་གཞོལ་བར་བསྒྲུབ་པའི་ཕྱིར་བསྒོམ་པའི་
ལམ་གྱི་བྱེད་པ་གསུངས་པ། །ཀུན་ནས་དུལ་དང་ཐམས་ཅད་ལ། །འདུད་དང་ཉོན་མོངས་ལས་རྒྱལ་དང་། །གནོད་པས་བརྫི་བ་མེད་ཉིད་དང་། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་བྱ་བའོ། །རྣལ་འབྱོར་དང་ལྡན་པས། རྣམ་པ་ཐམས་ཅད་དུ་སེམས་ལ་རང་
Vol. 88 · folio 29b
དབང་ཉིད་དུ་བྱེད་པ་དང་། ང་རྒྱལ་དང་བྲལ་བས་སྐྱེ་བོ་ཐམས་ཅད་བླ་མར་གྱུར་པ་རྣམས་ལ་རབ་ཏུ་འདུད་པ་དང་། གཉེན་པོ་སྟོབས་དང་ལྡན་པ་ཉིད་ཐོབ་པས་འདོད་ཆགས་ལ་སོགས་པའི་གཡུལ་ལས་རྒྱལ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་
ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཤིན་ཏུ་བསྒོམས་པས་ཕ་རོལ་གྱི་གནོད་པ་རྗེས་སུ་བསྒྲུབ་པའི་ཡུལ་དུ་མི་འགྱུར་བ་དང་། རྒྱུར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་ཤིང་རྫོགས་པར་བྱས་པས་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་དང་། ཡོན་ཏན་
བསམ་གྱིས་མི་ཁྱབ་པའི་གཞིར་གྱུར་པས་མཆོད་པར་བྱ་བའི་རྟེན་ཉིད་དུ་བྱེད་པ་སྟེ། བསྒོམ་པའི་ལམ་ལ་གནས་པ་རྣམས་ཀྱི་བྱེད་པ་ནི་དྲུག་པོ་དེ་དག་གོ། །དྲུག་པོ་དེའི་འོག་ཏུ་ཡོན་ཏན་དེ་དག་གང་གིས་ཐོས་པ་དང་། བསྒོམ་པའི་ལམ་ཉིད་འཆད་པར་མཛད་པས་རེ་ཞིག་ཟག་པ་
དང་བཅས་པའི་བསྒོམ་པའི་ལམ་དང་པོ་མོས་པ་ཡིད་ལ་བྱེད་པ་གསུངས་པ། །མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང་། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་
སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་བྱ་བའོ། །རང་དང་གཉིས་ཀ་དང་གཞན་ཁོ་ནའི་དོན་ལ་དམིགས་པ་ཉིད་དང་པོར་མངོན་དུ་མི་བྱེད་ན་ཡང་ཇི་ལྟར་མོས་པ་བཞིན་མཐོང་བས་དགེ་བའི་ཆོས་ཀྱི་རྟེན་དུ་གྱུར་པ་
གསུམ་དུ་ཤེས་པར་བྱའོ། །དེ་དག་ཀྱང་རེ་རེ་ཞིང་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་གསུམ་དང་། དེ་ཡང་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རྣམ་པར་དབྱེ་བ་གསུམ་གསུམ་གྱིས་དགུ་དགུ་སྟེ། དེ་ལྟར་དགུ་ཕྲག་གསུམ་གྱིས་མོས་པ་ཉི་ཤུ་རྩ་བདུན་
ནོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་ནི་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བས་ལྷག་གོ་ཞེས་བྱ་བ་དང་། དེའི་ཆེ་བ་མ་ཤེས་པས་ཉུང་བའི་དོན་ལ་མོས་པ་ཉིད་དང་། སངས་རྒྱས་བཞུགས་སམ་མི་བཞུགས་ཀྱང་རུང་སྟེ་སྟོན་པ་ཉིད་དུ་འདུ་ཤེས་པ་
Vol. 88 · folio 30a
ཞེས་བྱ་བ་དག་ནི་རང་གི་དོན་ཅན་གྱི་མོས་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཡིན་ནོ། །རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བྱས་པ་དང་། འཛམ་བུའི་གླིང་གང་བ་ཉིད་དང་། གླིང་བཞི་གང་བ་ལ་མཆོད་པ་བས་ལྷག་གོ་ཞེས་བྱ་བ་དག་ནི་འབྲིང་གི་ཆུང་ངུ་ལ་
སོགས་པ་ཡིན་ནོ། །དེ་ལྟ་བུའི་མཆོད་རྟེན་སྟོང་སྤྱི་ཕུད་དང་། སྟོང་གཉིས་བར་མ་དང་། སྟོང་གསུམ་གང་བ་ལ་མཆོད་པ་བས་ལྷག་གོ་ཞེས་བྱ་བ་དག་ནི་ཆེན་པོའི་ཆུང་ངུ་ལ་སོགས་པ་ཡིན་ནོ། །སྟོང་གསུམ་གྱི་སེམས་ཅན་རེ་རེས་དེ་ལྟ་བུའི་མཆོད་རྟེན་མཆོད་པ་ཉིད་དང་། དཀོན་
མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་ཅིང་ལྷ་མ་ཡིན་གྱི་གཡུལ་ཟློག་པར་བྱེད་པ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་རྫོགས་པར་བྱ་བ་བས་ལྷག་གོ་ཞེས་བྱ་བ་དག་ནི་རང་དང་གཞན་གཉིས་ཀའི་དོན་ཅན་གྱི་མོས་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཡིན་ནོ། །འཇིག་རྟེན་དང་
ཉན་ཐོས་ལས་ཁྱད་པར་དུ་འཕགས་པའི་ཕུང་པོ་ལྔ་ཐོབ་པ་ཉིད་དང་། ལྷ་རྣམས་ཀྱི་སྤོབས་པ་ཉེ་བར་བསྒྲུབ་པ་ཉིད་དང་། སྐྱེ་བོ་དམ་པ་རྣམས་ཀྱིས་བཀུར་བར་བྱའོ་ཞེས་བྱ་བ་དག་ནི་འབྲིང་གི་ཆུང་ངུ་ལ་སོགས་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་གཞན་གྱིས་མི་
འཕྲོགས་པ་ཉིད་དང་། ལྷ་རྣམས་ལ་ཆོས་ཀྱི་སྦྱིན་པ་མཆོག་ཏུ་འགྱུར་བ་ཉིད་དང་། ལུས་དང་སེམས་རབ་ཏུ་དང་ཞིང་གཟི་བརྗིད་སྐྱེད་པ་ལ་སོགས་པ་དག་ནི་ཆེན་པོའི་ཆུང་ངུ་ལ་སོགས་པ་ཡིན་ནོ། །ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་མཆོད་པ་བས་ལྷག་གོ་ཞེས་བྱ་བ་
དང་། འཛམ་བུའི་གླིང་སྐུ་གདུང་གིས་གང་བ་བས་གདམས་པར་བྱ་བ་ཉིད་དང་། ངན་འགྲོ་དང་ཐེག་པ་དམན་པའི་འཇིགས་པ་དང་བྲལ་བ་ཞེས་བྱ་བ་དག་ནི་གཞན་གྱི་དོན་ཅན་གྱི་མོས་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཡིན་ནོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སྐུ་གདུང་གིས་གང་
བབས་གདམས་པར་བྱ་བ་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རབ་མཐའ་དག་བསྟན་པ་ཉིད་འདྲ་བ་ཉིད་དང་། རྒྱལ་པོ་ལྟར་འཇིགས་པ་ཐམས་ཅད་ལ་ཡང་བ་མེད་པ་ཞེས་བྱ་བ་དག་ནི་འབྲིང་གི་ཆུང་ངུ་ལ་སོགས་པ་ཡིན་ནོ། །ཕྱོགས་བཅུའི་འཇིག་
Vol. 88 · folio 30b
རྟེན་གྱི་ཁམས་སྐུ་གདུང་གིས་གང་བ་བས་གདམས་པར་བྱ་བ་དང་། དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱི་བྱང་ཆུབ་རྗེས་སུ་འཐོབ་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་སྔོན་དུ་འགྲོ་བ་ཞེས་བྱ་བ་དག་ནི་ཆེན་པོའི་ཆུང་ངུ་ལ་སོགས་པ་ཡིན་ནོ། །ཕྱོགས་བཅུར་
མོས་པ་དེ་དག་སྒོམ་པའི་བྱང་ཆུབ་སེམས་དཔའ་ནི་ཆེར་སྤྲོ་བ་བསྐྱེད་པའི་མངོན་སུམ་དུ་སངས་རྒྱས་ལ་སོགས་པ་ཡོན་ཏན་ཡང་དག་པར་བརྗོད་པར་མཛད་པར་འགྱུར་བས་བསྟོད་པ་ལ་སོགས་པ་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་
ཚན་གསུམ་གྱིས་བསྟོད་པ་དང་། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་མོས་པ་བཞིན་མཐོང་བའི་ཆོས་ཀྱི་མཚན་ཉིད་མོས་པ་ཡིད་ལ་བྱེད་པ་དང་པོ་ལ་བསྟོད་པ་དང་། གཉིས་པ་ལ་བཀུར་བ་དང་། གསུམ་པ་ལ་བསྔགས་པ་རྣམས་
གསུངས་པས་གོང་ནས་གོང་དུ་མངོན་པར་དགའ་བ་དང་། དང་བ་དང་། གུས་པར་བྱེད་པར་འགྱུར་བར་འདོད་དེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཉིད་འཛིན་པ་བས་སློང་བ་ལ་སྦྱིན་པ་དོན་ཆེ་བ་ཉིད་དང་། དེ་བས་སྣོད་དུ་རུང་བའི་དྲུང་དུ་སོང་སྟེ་བྱིན་པ་དང་། འཛམ་བུའི་གླིང་
གི་སེམས་ཅན་དགེ་བ་བཅུ་ལ་བཀོད་པ་བས་སེམས་ཅན་གཅིག་ཉིད་འབྲས་བུ་དང་པོ་ལ་བཀོད་པ་དང་། གཉིས་པ་ལ་བཀོད་པ་དང་། གསུམ་པ་ལ་བཀོད་པ་དང་། བཞི་པ་ལ་བཀོད་པ་དང་། རང་བྱང་ཆུབ་ལ་བཀོད་པ་བས་དོན་ཆེ་བ་ཉིད་དང་། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་
འབྲས་བུ་དང་པོ་ལ་བཀོད་པ་བས་སེམས་ཅན་གཅིག་ཉིད་རྫོགས་པའི་བྱང་ཆུབ་ལ་བཀོད་པ་དང་། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་འབྲས་བུ་གཉིས་པ་ལ་བཀོད་པ་བས་དོན་ཆེའོ་ཞེས་བྱ་བ་རྣམས་ནི་བསྟོད་པ་རྣམ་པ་དགུ་ཡིན་ནོ། །སེམས་ཅན་གཅིག་ཉིད་རྫོགས་པའི་བྱང་ཆུབ་ལ་བཀོད་
ན་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་འབྲས་བུ་གསུམ་པ་ལ་བཀོད་པ་བས་དོན་ཆེ་བ་དང་། བཞི་པ་ལ་བཀོད་པ་དང་། རང་བྱང་ཆུབ་ལ་བཀོད་པ་བས་དོན་ཆེ་བ་ཉིད་དང་། འཛམ་བུའི་གླིང་གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས་འདིའི་གླེགས་བམ་བསྒྲུབ་
Vol. 88 · folio 31a
པའི་ཕྱིར་བྱིན་པ་དོན་ཆེ་བ་ཉིད་དང་། འདིའི་དོན་གཉིས་སུ་མེད་པར་སྟོན་པ་དང་། འདིའི་དོན་དང་ཡི་གེ་དང་ལྡན་པར་སྟོན་པ་དོན་ཆེ་བ་ཉིད་དང་། ཕྱོགས་བཅུའི་སངས་རྒྱས་ལ་མཆོད་པ་བས་འདིའི་དོན་དང་ཡི་གེ་མ་ནོར་བར་སྟོན་པ་དོན་ཆེ་བ་ཉིད་དང་། དམིགས་པའི་
ཚུལ་གྱིས་བསྐལ་པ་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས་མི་དམིགས་པའི་ཚུལ་གྱིས་འདིའི་དོན་དང་ཡི་གེ་དང་ལྡན་པར་སྟོན་པ་དོན་ཆེ་བ་དང་། ཕྱོགས་བཅུའི་བར་གྱི་སེམས་ཅན་ཐམས་ཅད་འབྲས་བུ་དང་པོ་ལ་བཀོད་པ་བས་འདིའི་དོན་དང་ཡི་གེ་དང་ལྡན་པར་བསྟན་
ཅིང་གདམས་ན་དོན་ཆེའོ་ཞེས་བྱ་བ་རྣམས་ནི་བཀུར་བ་རྣམ་པ་དགུ་ཡིན་ནོ། །འཛམ་བུའི་གླིང་གི་སེམས་ཅན་འབྲས་བུ་གཉིས་པ་ལ་བཀོད་པ་བས་དོན་ཆེ་བ་ཉིད་དང་། གསུམ་པ་ལ་བཀོད་པ་དང་། བཞི་པ་ལ་བཀོད་པ་དང་། རང་བྱང་ཆུབ་ལ་བཀོད་པ་དང་། རྫོགས་པའི་
བྱང་ཆུབ་ལ་བསྐུལ་བ་བས་དོན་ཆེ་བ་ཉིད་དང་། གླིང་བཞིའི་སེམས་ཅན་ཐམས་ཅད་ལ་རྫོགས་པའི་བྱང་ཆུབ་ལ་བསྐུལ་བ་དང་། སྟོང་སྤྱི་ཕུད་དང་། སྟོང་གཉིས་པ་དང་། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བསྐུལ་བ་དང་། ཕྱོགས་བཅུའི་བར་གྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པ་ལ་
བཀོད་པ་བས་ཕྱིར་མི་ལྡོག་པ་འགའ་ཞིག་མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སྟོན་ཅིང་ཉེ་བར་གདམས་པ་དོན་ཆེའོ་ཞེས་བྱ་བ་རྣམས་ནི་བསྔགས་པ་རྣམ་པ་དགུ་ཡིན་ཏེ། འདི་དག་ནི་དོན་ཡང་དག་པ་ཇི་ལྟ་བ་བཞིན་ཐོབ་པའི་མཚན་ཉིད་ཅན་ཡིན་གྱི་གཅམ་བུའི་ངོ་བོ་ནི་མ་ཡིན་ནོ། །
མོས་པ་རྣམ་པར་བསགས་པའི་དགེ་བའི་རྩ་བ་རྣམས་ནི་ཆུད་མི་ཟ་ཞིང་འབྲས་བུ་མཆོག་གི་རྒྱུར་ཡོངས་སུ་བསྒྲུབ་དགོས་པས་དེའི་རྗེས་ལ་བསྔོ་བ་ཡིད་ལ་བྱེད་པ་གསུངས་པ། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་
ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །བདེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་བཅས་མཚན་མ་མེད་པ་དང་། །སངས་རྒྱས་རྗེས་སུ་ཡི་རང་དང་། །ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཆུང་དང་འབྲིང་དང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words