མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་དག་ལྡན་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨ་བྷི་ས་མ་ཡཱ་ལཾ་ཀཱ་ར་ཀཱ་རི་ཀཱ་བྲྀཏྟི་ཤུདྡྷ་མ་ཏཱི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 88 · folio 184a

གསུངས་སོ། །ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་མ་ཡིན་པ་ཞེས་བྱ་བ་ནི་སྟོང་པ་མ་ཡིན་པ་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། རབ་འབྱོར་འདི་དག་ནི་གཉིས་ཞེས་བྱ་བའི་བར་གྱིས་

གསུངས་སོ། །ཆོས་རྣམས་ལ་དམིགས་པའམ་ཆོས་རྣམས་མི་དམིགས་པར་དམིགས་པ་ཞེས་བྱ་བ་ནི་ཆགས་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། ཆགས་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །དམིགས་པ་དང་མི་དམིགས་པ་གང་གིས་མཉམ་པ་ཉིད་ནི་གཉེན་པོའི་ཕྱོགས་ཏེ།

གཉི་ག་དམིགས་སུ་མེད་པའི་ཕྱིར་འདི་ལྟ་སྟེ། གསོལ་པ། བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །འདི་ནི་གཟུགས་སོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་ནི་ཆོས་

རྣམ་པར་འབྱེད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོའི་ཕྱོགས་ཇི་ལྟར་དམིགས་སུ་མེད་པ་དེ་ལྟར་དེ་དག་རབ་ཏུ་དབྱེ་བར་བྱའོ་ཞེས་བྱ་བ་གང་ཡིན་པའོ། །གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། དེ་ལྟར་ཆོས་ཐམས་ཅད་རྟོགས་པར་མི་བྱེད་དོ་ཞེས་

བྱ་བའི་བར་གྱིས་གསུངས་སོ། །གཟུགས་ལ་སོགས་པའི་དངོས་པོ་གཟུགས་ཀྱི་དོན་དུ་བཅོམ་ལྡན་འདས་མ་ལ་སྤྱོད་ཅེས་བྱ་བ་ནི་དངོས་པོའི་ཆེད་ཀྱི་རྣམ་པར་རྟོག་པའོ། །གཟུགས་ཀྱི་དོན་དུ་མི་སྤྱོད་དོ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཉེན་པོའི་ཕྱོགས་སོ། །གཉི་ག་ནི་གསོལ་པ། བཅོམ་ལྡན་

འདས་གལ་ཏེ་ཞེས་བྱ་བ་ནས། མ་བྱས་རྣམ་པར་མ་བྱས་མངོན་པར་འདུ་མ་བྱས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཐེག་པ་གསུམ་ལ་གནས་པས་ཞེས་བྱ་བས་ནི་ཐེག་པ་གསུམ་གྱི་རྣམ་པར་རྟོག་པ་ཡིན་ལ། དེའི་གཉེན་

པོའི་ཕྱོགས་ནི་ཆོས་ཅུང་ཟད་གནས་པ་ཡང་མི་དམིགས་སོ་ཞེས་བྱ་བ་གང་ཡིན་པའོ། །དེ་གཉི་ག་ནི་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། སྤྲུལ་པ་ལྟ་བུར་ཡིད་ཆེས་པར་བྱས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །གལ་

Vol. 88 · folio 184b

ཏེ་དེ་བཞིན་གཤེགས་པ་སྤྲུལ་པ་ལྟ་བུ་ཡིན་ན་དེ་ལ་ཇི་ལྟར་ཡོན་དག་པར་འགྱུར་ཞེས་བྱ་བ་ནི་ཡོན་མ་དག་པའི་རྣམ་པར་རྟོག་པ་ཡིན་པ་དེ་བཞིན་གཤེགས་པའི་མིང་དང་དེ་བཞིན་གཤེགས་པའི་ཆོས་ཉིད་ཚད་མར་བྱས་ནས་ཞེས་བྱ་བ་གང་ཡིན་པ་ནི་གཉེན་པོའི་ཕྱོགས་སོ། །གཉི་ག་ནི་

གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྲུལ་པ་ཞེས་བྱ་བ་ནས། བྱེ་བྲག་གང་ཡང་མེད་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཉིད་ལ་འཇུག་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་ནི་སྤྱོད་པ་རྣམ་པར་

འཁྲུག་པའི་རྣམ་པར་རྟོག་པའོ། །རྣམ་པར་འཁྲུག་པ་ནི་ཐ་དད་པར་འབྱེད་པ་སྟེ། དེ་ཉིད་རྣམ་པར་རྟོག་པའོ། །གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་དེ་ལྟར་ཞེས་བྱ་བ་ནས། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ཆོས་རྣམས་ཀྱི་

ཆོས་ཉིད་ཅེས་བྱ་བ་ནས། རྣམ་པར་འཁྲུག་པར་མི་བྱའོ་ཞེས་བྱ་བའི་བར་གྱིས་གཉེན་པོའི་ཕྱོགས་བསྟན་པའོ། །འཁྲུག་པའི་རྣམ་པར་རྟོག་པ་ནི་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱའོ། །དེའི་འོག་ནས་རབ་འབྱོར་གྱི་ཚིག་གིས་བརྒལ་བ་དང་། བཅོམ་ལྡན་འདས་ཀྱི་བཀས་ལན་བཏབ་པ་ཡིན་

ནོ། །ཇི་ལྟར་འཛིན་པའི་རྣམ་པར་རྟོག་པ་དང་པོ་དགུ་བསྟན་ནས། འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་དབང་དུ་མཛད་དེ། སེམས་ཅན་བཏགས་དང་དེ་ཡི་རྒྱུ། །ཡུལ་ཅན་བསྒོམ་པའི་ལམ་འབྲེལ་བ། །དེ་ལ་གནོད་པར་བྱེད་པ་ཡིས། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས་བྱ་བ་

གསུངས་ཏེ། སེམས་ཅན་དུ་བཏགས་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པར་བཏགས་པའོ། །དེའི་རྒྱུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའོ། །དེ་དག་གི་ཡུལ་འབྲེལ་པ་ཇི་ལྟ་བ་བཞིན་དུ་འདིའི་ཡུལ་ཡིན་པས་ན་དེའི་ཡུལ་ཅན་ནོ། །བསྒོམ་པའི་

ལམ་འབྲེལ་པ། མི་མཐུན་ཕྱོགས་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་སོ། །དེ་ལ་གནོད་པར་བྱེད་པ་ཡིས། །ཞེས་བྱ་བ་ནི་དེ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གཞན་ཞེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའོ། །དེ་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། གང་

Vol. 88 · folio 185a

གི་ཕྱིར། ཐམས་ཅད་མཁྱེན་ཉིད་གསུམ་དག་གི། །བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང་། །མཚུངས་པར་ལྡན་དང་མི་ལྡན་དང་། །མི་མཉམ་སྡུག་བསྔལ་ལ་སོགས་དང་། །ཉོན་མོངས་རྣམས་ཀྱི་རང་བཞིན་དང་། །གཉིས་

སུ་མེད་ལ་ཀུན་རྨོངས་པ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་པ་གསུངས་ཏེ། རྨོངས་ཞེས་བྱ་བ་ནི་རྨོངས་པའི་བདག་ཉིད་དོ། །ཐ་མ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་ཐ་མར་གྱུར་པའོ། །ཐམས་ཅད་མཁྱེན་ཉིད་གསུམ་དག་གི། །བདག་ཉིད་ཇི་བཞིན་

ཞེས་བྱ་བ་ལ། རང་རང་དང་འབྲེལ་བའི་སྒྲིབ་པ་རྣམ་པ་གསུམ་སྟེ། རྨོངས་པའོ། །དེ་ལ་རྣམ་པར་རྟོག་པ་ནི་གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ལ་རྨོངས་པའོ། །རབ་འབྱོར་གང་ཡང་འདི་སྐད་དུ་ཞེས་བྱ་བ་ནས། ལམ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པར་བྱ་སྟེ་ཞེས་བྱ་བའི་བར་གྱིས་ནི་ལམ་ཤེས་པ་ཉིད་ལ་རྨོངས་པའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་ནས། ལམ་

ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཐམས་ཅད་ཤེས་པ་ཉིད་ལ་རྨོངས་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་བར་གྱིས་ཞི་བའི་ལམ་ལ་རྨོངས་པ་སྟེ། འདིར་ཡང་གང་ལ་གནས་ནས་ཞི་བ་མངོན་སུམ་དུ་བྱེད་པ་དེ་

ནི་ཞི་བའི་ལམ་ཞེས་བྱ་བ་སྟེ་རྨོངས་པའོ། །གང་ཡང་གནས་མེད་པས་ཡང་དག་པའི་མཐའ་མངོན་སུམ་དུ་བྱའོ་ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཡིན་ཏེ། དེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཉིད་ཞི་བ་ཡིན་ཏེ། འགའ་ཞིག་ལ་ཡང་གནས་པ་མེད་དོ་ཞེས་བྱ་བ་བསྟན་པའོ། །ལྷག་མ་ནི་

ཞར་ལས་འོངས་པའོ། །དེ་བཞིན་ཉིད་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ནི་ལྡན་པ་དང་མི་ལྡན་པའི་རྣམ་པར་རྟོག་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ་ཞེས་

Vol. 88 · folio 185b

བྱ་བའི་བར་གྱིས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་གཞན་མཉམ་པ་ཉིད་ཅེས་བྱ་བ་ནི་མི་མཉམ་པ་ཉིད་ལ་རྨོངས་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། དོན་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པས་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པ་ལ་སྤྱད་པར་མི་བྱ་ཞེས་བྱ་བ་ལ་རྨོངས་པ་སྟེ། གང་གི་གཉེན་པོའི་ཕྱོགས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དོན་ཡང་

མ་ཡིན་དོན་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ཡིན་ཏེ། དེ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །གང་གི་གཉེན་པོའི་ཕྱོགས་ནི་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །གཉིས་དང་

གཉིས་མེད་པ་མི་དམིགས་པ་ནི་གཉིས་མེད་པའི་ངོ་བོ་ཡིན་ཏེ། གང་གི་ཐོབ་པར་འགྱུར་བ་དེ་ལ་རྨོངས་པ་སྟེ། དེ་ཉིད་ཀྱི་ནི་རྣམ་པར་རྟོག་པའོ། །གང་གཉེན་པོའི་ཕྱོགས་ནི་གསོལ་པ། བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ནས། སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་གྲོལ་བར་བྱེད་དོ་ཞེས་

པའི་བར་གྱིས་གསུངས་སོ། །འདིར་ཡང་བཅོམ་ལྡན་འདས་ཀྱིས་མི་དམིགས་པ་ན་ཞེས་གསུངས་པ་གཉིས་དང་གཉིས་མེད་པ་མི་དམིགས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་

ལ་རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེ་ན། འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དཀའ་བ་སྤྱོད་པ་འདི་ལ་དོན་མེད་པ་མ་ཡིན་ཏེ། འདོད་པའི་དོན་སྒྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་

ལྟར་ན་འཛིན་པའི་རྣམ་པར་རྟོག་པ་དགུ་བསྟན་ཏོ། །བསྒོམ་པས་སྤང་བར་བྱ་བའི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་གཉེན་པོ་དང་བཅས་པ་ལེགས་པར་བསྟན་ན་ཡོན་ཏན་དུ་འགྱུར་བ་ཇི་ལྟར་ཡིན་ཞེ་ན། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིངས་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་

Vol. 88 · folio 186a

ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྦ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་སྟེན་པར་བྱེད། །ཅེས་བྱ་བ་གསུངས་ཏེ། གང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམ་པར་རྟོག་པ་བདུན་ཅུ་

རྩ་གཉིས་པོ་འདི་བསྟན་ནས། ཡམས་ནད་དེ་དག་ཉིད་ཡོན་ཏན་ཕུན་སུམ་ཚོགས་པ་དག་འབྱུང་བའི་གེགས་ཉིད་ཡིན་པའི་ཕྱིར་འདི་རྣམས་ཟད་པར་གྱུར་ནའོ། །ཡུན་རིང་ལོན་ཞེས་བྱ་བ་ཡུན་རིང་པོ་ལོན་ནས་དབུགས་ཕྱིན་ལྟར་ཞེས་བྱ་བ་ནི་སྔར་དེ་དག་གིས་བརྒྱལ་བ་བཞིན་དུ་གྱུར་པ་ཕྱིས་དེ་དག་

ཟད་པར་གྱུར་པ་ནི་འཚོ་བ་རྙེད་པ་བཞིན་ཏེ། ཇི་ལྟ་ཇི་ལྟར་སའི་དབྱེ་བས་དེ་དག་ཟད་པ་དེ་ལྟ་དེ་ལྟར་བདག་ཉིད་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། ཕྱག་བྱས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བསྒོམ་པའི་

ལམ་གྱི་འོག་ཏུ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། མདོ་ལས་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདིར་བྱང་ཆུབ་སེམས་དཔའ་ཡང་འདི་ཡིན་ལ་ཞུགས་པ་ཡང་ཡིན་པས་སོ། །ཇི་ལྟར་དེ་ཞུགས་པ་ཡིན་ཞེ་ན། སངས་རྒྱས་

ཀྱི་ལམ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །འདིའི་དོན་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །བསེ་རུའི་རྟོགས་པ་ཕུན་ཚོགས་དང་། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །

སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །ཞེས་བྱ་བ་གསུངས་ཏེ། སྟོང་གསུམ་གྱི་སྐྱེ་བོ་སྟེ་སེམས་ཅན་གྱི་འཇིག་རྟེན་དེ་དག་ཉན་ཐོས་ཀྱི་རྟོགས་པ་དང་རང་སངས་རྒྱས་ཀྱི་རྟོགས་པ་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་བཀོད་པ་ལས་དགེ་བ་གང་ཡིན་པ་དང་། བསོད་

ནམས་ཐོབ་པ་གང་ཡིན་པ་དེ་དཔེར་མཛད་ནས། དེ་ལ་བསོད་ནམས་མང་པོ་ཉིད་ཀྱིས་ཆེས་བསོད་ནམས་མང་བའི་རྒྱུ་ཉིད་དུ་མཚན་པ་གང་ཡིན་པ་དེ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །བར་ཆད་དང་བར་ཆོད་ནུས་པ་ནི་བར་ཆོད་དོ། །བར་དུ་ཆོད་པ་མེད་པ་ནི་བར་ཆད་མེད་པའོ། །དེ་ཉིད་ཀྱི་ཕྱིར་

Vol. 88 · folio 186b

སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བྱ་བ་ནི་སངས་རྒྱས་ཉིད་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་

ལྡན་འདས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ་ཞེས་གང་གསུངས་པའོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་བཞི་ཉིད་ཅེས་བྱ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པ་ལ་དམིགས་པ་སྟེ། གང་ཆོས་

ཐམས་ཅད་མཚན་ཉིད་ཇི་ལྟ་བ་བཞིན་དུ་དངོས་པོ་མེད་པའོ། །བདག་པོ་དྲན་པ་ཡིན་པ་ནི་དེའི་གང་རྟེན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་རྣམ་པ་ནུབ་པ་ནི་ཞི་བ་སྟེ། དེ་ནི་དེའི་རྣམ་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནས། མཚན་ཉིད་

དོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །འདི་ལ་ནི། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་བྱ་བ་ལ། འདི་ལ་ཞེས་བྱ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལའོ། །སྨྲ་རྣམས་བརྒྱུད་མར་རྒོལ་བ་ནི་རྒལ་བ་དག་དང་རྒལ་བ་དག་གིས་བསྣུན་པས་འཇུག་པ་སྟེ། བེར་གའི་བརྒྱུད་མ་ལྟ་བུའོ། །

ཇི་ལྟར་བརྒྱུད་མར་རྒོལ་ཞེ་ན། གང་གི་ཕྱིར། དམིགས་པ་འཐད་པ་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང་། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། །དམ་པའི་དོན་དང་ཀུན་རྫོབ་དང་། །སྦྱོར་དང་དཀོན་མཆོག་གསུམ་པོ་དང་། །ཐབས་བཅས་ཐུབ་པའི་རྟོགས་པ་དང་། །ཕྱིན་ཅི་ལོག་ནི་ལམ་

བཅས་དང་། །གཉེན་པོ་མི་མཐུན་ཕྱོགས་དང་ནི། །མཚན་ཉིད་དང་ནི་བསྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་དང་། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་གསུངས་ཏེ། རྣམ་པ་བཅུ་དྲུག་ཅེས་བྱ་བ་ནི་བཅུ་དང་དྲུག་ཅེས་བྱ་བའི་དོན་ཏོ། །རྣམ་པ་ཀུན་

མཁྱེན་ཉིད་རྟེན་ཅན། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཅན་ནོ། །ཅིའི་ཕྱིར་བཅུ་དྲུག་ཡིན་ཞེ་ན། གང་གི་ཕྱིར་དེ་དག་ནི། དམིགས་པ་འཐད་པ་ལ་སོགས་པ་དོན་བཅུ་དྲུག་ལའོ། །ལན་ནི་དོན་བཅུ་དྲུག་པའོ། །དེའི་ཡུལ་ཅན་གྱི་ཕྱོགས་སྔ་མ་ནི་ལོག་པར་རྟོག་པའོ། །དེ་ལ་

Vol. 88 · folio 187a

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་དངོས་པོ་མེད་པའི་ཕྱིར། གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་བར་གྱིས་དྲི་བ་ནི་འཐད་པ་ལ་ལོག་པར་རྟོག་པ་སྟེ། དངོས་པོ་མེད་པ་ནི་གཟུགས་དང་མིག་ལ་སོགས་པ་ནི་གཟུང་བ་

དང་འཛིན་པའི་སྒོ་ནས་དམིགས་སོ་ཞེས་བྱ་བར་བསམས་པའོ། །འཐད་པ་ནི་རབ་འབྱོར་དེ་ནི་འདི་ལྟར་ཞེས་བྱ་བ་ནས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་མེད་པ་ཉིད་དང་། དེ་བཞིན་ཉིད་ལ་

སོགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལགས་ཞེས་བྱ་བའི་བར་གྱིས་དེའི་ངོ་བོ་ཉིད་ངེས་པར་གཟུང་བ་ལ་ལོག་པར་རྟོག་པ་སྟེ། དེ་ཁོ་ན་ཉིད་མཐོང་བས་ཐབས་ལ་མཁས་

པ་ཅི་ཞིག་ཡིན་ཞེས་བསམས་པའོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཡོངས་སུ་སྤང་བར་གྱུར་ཏེ་ཞེས་བྱ་བའི་བར་ཏེ། སྦྱིན་པ་ལ་སོགས་པ་དག་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ངེས་པར་གཟུང་བ་ཉིད་ནི་དེའི་ཚེ་ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་

ན་ཉིད་མ་མཐོང་བའི་ཐབས་ལ་མཁས་པ་བསྟན་པ་ན། འཕགས་པ་རྣམས་ཀྱི་གང་ལགས་ཞེས་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ལོག་པར་རྟོག་པའོ། །ལན་ནི། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། །ཞེས་བྱ་བ་ཡིན་ཏེ། དེ་ནི་ངེས་པར་སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་ནས། དོན་དམ་པར་

མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། བསྡུས་པའི་དོན་ནི་རྣམ་པ་ནི་རབ་ཏུ་དབྱེ་བ་སྟེ། ཐམས་ཅད་མངོན་སུམ་གྱིས་ཉམས་སུ་མྱོང་བར་མཛད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའོ། །དངོས་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཡེ་ཤེས་དེ་ཉིད་ཡང་དག་པའི་ཡེ་ཤེས་ཡིན་པའི་

ཕྱིར། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་སོ། །ཆོས་དེ་དག་ཐམས་ཅད་ནི་ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་སྟེ། འདི་ལྟར་གཟུང་བ་དང་འཛིན་པའི་དོན་དང་དེ་སྣང་བའི་བློ་དང་དེར་བཏགས་པའི་རང་བཞིན་གྱིས་སྟོང་པའོ། །གསུམ་པོ་དེ་དག་ཀྱང་དངོས་

Vol. 88 · folio 187b

པོ་མེད་པའི་ངོ་བོ་ཉིད་གསུམ་གྱི་རྣམ་པ་ཡིན་ནོ། །སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་ལ། དོན་དམ་པར་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་སོ། །དེའི་སྤྱན་ནི་ཡང་དག་པའི་ཡེ་ཤེས་སོ། །དེས་རྣམ་པར་བལྟས་ན་ཞེས་བྱ་བ་ནི་གཉིས་ཀྱིས་སྟོང་པ་ཉིད་གཟིགས་ནས་སོ། །

དངོས་པོ་ཡང་མི་དམིགས་ན་ཞེས་བྱ་བ་ནི་གཞན་དབང་གི་ངོ་བོ་ཉིད་དེ། དེ་ནི་དངོས་པོར་བཏགས་པས་སྟོང་པས་བསལ་བའི་ངོ་བོར་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་དམིགས་སུ་མེད་པ་ནི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་བྱིས་པས་བཟུང་བ་དེ་ལྟར་མེད་པ་ཉིད་ཀྱི་ཕྱིར་རོ། །སྨོས་ཀྱང་ཅི་དགོས་ཞེས་

བྱ་བ་ནི་ཤིན་ཏུ་ཡང་ངོ་། །དངོས་པོ་མེད་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་དོན་ཏེ། དེ་ཡང་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་དེ་དག་ཤིན་ཏུ་མི་དམིགས་པ་དེ་ཉིད་ནི་སྟོང་པ་ཉིད་ལ་དམིགས་པའོ། །གང་སྟོང་པ་ཉིད་དམིགས་པ་དེ་ཉིད་དེ་དག་མི་དམིགས་པ་

ཡིན་ནོ་ཞེས་ཕན་ཚུན་འདུ་བར་འགྱུར་རོ། །གཉིས་ཀྱིས་སྟོང་པ་ཡང་གཉིས་ཀྱིས་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། དངོས་

པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་བར་གྱིས་གསུངས་ཏེ། དངོས་པོ་མེད་པ་གསུམ་ཡང་རང་བཞིན་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །རྣམ་པ་གསུམ་པོ་དེ་ཉིད་སོ་སོ་ཞིང་སྦྱིན་པ་དང་སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་དང་སྦྱར་ན་རྣམ་པ་ཤིན་ཏུ་མང་པོར་འགྱུར་རོ། །དངོས་པོ་མེད་པར་ཞེས་བྱ་བ་ནི་

གཉིས་ཀྱིས་སྟོང་པའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །ཤེས་སོ་ཞེས་བྱ་བ་ནི་ཡང་དག་པར་ཤེས་སོ་ཞེས་བྱ་བའི་དོན་ཏོ། །མ་བྱས་པ་ནི་བྱེད་པ་པོ་དང་བྲལ་བ་ཞེས་བྱ་བ་རྣམ་པ་གཞན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་རྒྱུད་ཀྱི་བྱེད་པ་པོ་མེད་པའི་ཕྱིར་རོ། །ཆོས་རྣམས་ཆོས་ཉིད་དང་བྲལ་བ་ཞེས་བྱ་བ་ནི་རྣམ་པ་

གཞན་ཏེ། ཆོས་རྣམས་ཀྱི་མཚན་ཉིད་ལ་ལས་དང་བྱ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ལ་དངོས་པོ་ཞེས་བྱ་བ་ནི་གཞན་གྱི་དབང་ངོ་། །དངོས་པོ་མ་མཆིས་ཞེས་བྱ་བ་ནི་ཀུན་དུ་བརྟགས་པ་དང་ཡོངས་སུ་གྲུབ་པའོ། །འཚལ་བར་མི་རུང་ངོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། ཤེས་པ་པོ་ཉིད་དང་མི་

Vol. 88 · folio 188a

ལྡན་པའི་ཕྱིར་དང་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རོ། །ཆོས་ཐམས་ཅད་ཡོངས་སུ་འཚལ་བ་མ་མཆིས་པས་དངོས་པོ་མ་མཆིས་པའམ་དངོས་པོ་མ་མཆིས་པས་ཞེས་པ་དང་དེ་ལྟར་མི་འགྱུར་རོ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་དེ་སྐད་དུ་སྟོན་པ་གང་ཡིན་པ་དེ་ནི་འཇིག་

རྟེན་གྱི་ཀུན་རྫོབ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལོག་པར་རྟོག་པའོ། །འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་དོན་དམ་པ་ཡང་གཞན་ནོ་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདིའི་དོན་ནི་དེ་དག་གི་དེ་བཞིན་ཉིད་ནི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་གཅིག་པ་ཉིད་དོ། །ཀུན་རྫོབ་ནི་བྱིས་པའི་རྣམ་པར་ཤེས་པ་ཡིན་པ་དེ་བས་ན་དེ་ཉིད་ཀྱིས་བྱིས་པ་ལ་དངོས་པོ་ཡོད་ཅེས་བྱ་བ་འམ་དངོས་པོ་

མེད་ཅེས་བྱ་བར་བརྗོད་པ་སྟེ། དེ་ལྟར་བདེན་པ་གཉིས་ལ་ལོག་པར་རྟོག་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། བྱང་ཆུབ་ཏུ་སྤྱད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་སྦྱོར་བ་ལ་ལོག་པར་རྟོག་པ་སྟེ། འདིར་དེ་དག་གང་གི་ཚིག་བླ་དགས་ཡིན་ཞེས་ལོག་པར་རྟོག་པའོ། །དེ་ལྟར་ནི་

མཐའ་གསུམ་ལ་དམིགས་ནས་སྦྱིན་པ་ལ་སོགས་པའི་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་གྱི། རྣམ་པ་གཞན་དུ་ན་ནི་གང་གིས་གང་ལ་ཅི་ཞིག་སྦྱིན་པར་འགྱུར་ཞེས་སེམས་སོ། །ཚིག་གི་ཚོགས་འོག་མས་ནི་ལན་བཏབ་པ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་གང་ཡིན་པ་དེ་ནི་

བྱང་ཆུབ་ལ་སྤྱོད་པ་ཡིན་པ་དེ་བས་ན་དེ་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས། དེའི་ཕྱིར་སངས་རྒྱས་སོ་ཞེས་བྱ་བའི་བར་གྱིས་སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོག་པ་སྟེ། འདིར་དེ་གང་གི་ཚིག་བླ་དགས་ཡིན་ཞེས་ལོག་

པར་རྟོག་པའོ། །འདི་སྙམ་དུ་གལ་ཏེ་ཤེས་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཡིན་པ་དེའི་ཚེ། འགའ་ཞིག་ཅེས་བྱ་བ་ཤེས་པ་གང་ཡིན་པ་དེ་ཐམས་ཅད་སངས་རྒྱས་སུ་འགྱུར་བ་དང་། དེ་ལ་ཤེས་པ་དང་ལྡན་པས་ན་སངས་རྒྱས་ཡིན་པ་དེའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་ཏེ། བྱེད་པ་དང་ལྡན་

Vol. 88 · folio 188b

པའི་རྐྱེན་མི་རིགས་སོ། །གཞན་ཡང་ཁྱབ་པའི་རིགས་པས་ཐམས་ཅད་མཁྱེན་པས་ན་སངས་རྒྱས་ཞེས་བརྗོད་པ་དེའི་ཚེ། གཟུང་བ་དང་འཛིན་པ་གྲུབ་པོ་ཞེས་སེམས་སོ། །ལྷག་མ་ནི་ལན་ཡིན་ནོ། །འདིར་ཡང་དག་པའི་དོན་ཅན་ནི་སངས་རྒྱས་ཞེས་བྱ་བ་སྟེ་ཞེས་བྱ་བ་ལ། ཡང་དག་པར་

ཕྱིན་ཅི་མ་ལོག་པའི་དོན་གྱི་ཡུལ་གང་ལ་ཡོད་པ་དེ་ནི་ཡང་དག་པའི་དོན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རོ་གཅིག་པ་རབ་ཏུ་གསལ་བ་གང་ཡིན་པ་དེ་ནི་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ཇི་སྐད་དུ་བཤད་པའི་སངས་རྒྱས་ཀྱི་སྒྲའི་དོན་

གྱི་ངེས་པའི་ཚིག་གཉིས་གསུངས་ཏེ། ཆོས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོ། །ཡང་དག་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རོ་གཅིག་པར་གྱུར་པའོ། །མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ནི་མ་ལུས་པར་ཡང་དག་པར་མཁྱེན་པའོ། །དེས་ཞེས་བྱ་བ་ནི་བྱེད་པ་པོའི་དྲུག་པའོ། །རྟོགས་

པས་ན་སངས་རྒྱས་ཏེ། དེ་འདི་ལ་ཤིན་ཏུ་བ་གསུམ་ཡོད་པའི་ཕྱིར་ན་སངས་རྒྱས་ཏེ། དོན་ཐམས་ཅད་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་དང་། ཡང་དག་པ་ཉིད་ཅེས་བྱ་བ་ནི་ཤིན་ཏུ་བ་གསུམ་མོ། །ཡང་དག་པའི་དོན་རབ་ཏུ་རྟོགས་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་ཚོགས་དེ་བཞིན་དུ་རོ་གཅིག་

པ་ནི་ཡང་དག་པའི་དོན་ཏོ། །རབ་ཏུ་རྟོགས་པ་ཞེས་བྱ་བས་ནི་མངོན་སུམ་གྱིས་སོ། །འདིའི་དོན་ནི་རྟོགས་པས་ན་སངས་རྒྱས་ཏེ། རབ་ཏུ་རྟོགས་པ་དང་ཡང་དག་པའི་ཡེ་ཤེས་ཞེས་བྱ་བ་ནི་འདི་ཡིན་ཏེ། སྤྱིའི་སྒྲས་ཀྱང་ཁྱད་པར་བརྗོད་པའི་ཕྱིར་རོ། །དེ་ལ་ཤིན་ཏུ་བ་འདི་ཡོད་པས་ན་སངས་རྒྱས་ཏེ་དོན་

ཐམས་ཅད་ཉིད་དང་ཕྱིན་ཅི་མ་ལོག་པའི་དོན་དང་ཡང་དག་པ་ཉིད་ཅེས་བྱ་བའོ། །དེ་ནི་སངས་རྒྱས་ཀྱི་སྒྲའི་དོན་དང་ངེས་པའི་ཚིག་གཞན་གྱིས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པས་ན་སངས་རྒྱས་ཞེས་གསུངས་ཏེ། འདིར་ཆོས་ཐམས་ཅད་ཅེས་བྱ་བ་ནི་སངས་

རྒྱས་ཀྱི་ཆོས་ཐམས་ཅད་དེ་ཕུལ་དུ་བྱུང་བའི་ཕྱིར་རོ། །མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ལ། རྫོགས་པའི་སྒྲས་ནི་སངས་རྒྱས་པ་ཉིད་དོ། །མངོན་པ་ནི་དེ་ཉིད་མ་ལུས་པ་སྟེ། སྤྲོས་པ་ཐམས་ཅད་ཀྱིས་དབེན་པ་མཁྱེན་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཤིན་

Vol. 88 · folio 189a

ཏུ་རྣམ་པར་དག་པའི་ཆོས་ཉིད་ཀྱི་ངོ་བོས་སོ། །སངས་རྒྱས་ཞེས་བྱའོ་ཞེས་བྱ་བ་ནི་སྤྱི་བརྗོད་པར་འདོད་པས་གཅིག་གི་ཚིག་ཡིན་ནོ། །དེ་ནི་རྟོགས་པ་ཉིད་ཀྱིས་སངས་རྒྱས་ཡིན་ན་གང་གིས་ཤེས་པ་ཡིན་ཞེ་ན། ཆོས་དེ་དག་གང་གི་ཡིན་པ་སྟེ། ཉེ་བར་གྱུར་པའི་ཕྱིར་རོ། །སྤྲོས་

པ་ཐམས་ཅད་ཀྱིས་དབེན་པ་དང་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་གང་ལས་ཡིན་ཞེ་ན། སྤྱིའི་སྒྲ་ལས་ཀྱང་ཁྱད་པར་རྟོགས་པར་འགྱུར་རོ། །དེ་ལ་འདིར་ཆོས་ཀྱི་ཚོགས་ནི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་

ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་པ་དེ་བས་ན་སངས་རྒྱས་ཞེས་བྱ་བའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། བྱང་ཆུབ་ཅེས་བྱ་བའི་བར་ནི་ཆོས་དཀོན་མཆོག་ལ་ལོག་པར་རྟོག་པ་སྟེ། ཆོས་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ནི་ཆོས་དཀོན་མཆོག་གོ། །དེ་བས་ན་

གསུངས་པ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཚིག་བླ་དགས་ལགས་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །འདི་སྙམ་དུ་གལ་ཏེ་རྟོགས་པ་ཙམ་མམ་ཁྱད་དུ་འཕགས་པའི་ཤེས་པ་བྱང་ཆུབ་ཡིན་ན། ཆོས་དེ་གཉི་ག་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཉིད་མ་ཡིན་ནོ་ཞེས་བསམས་

པའོ། །མདོ་འོག་མ་ནི་ལན་ཡིན་ཏེ། བྱང་ཆུབ་ཅེས་བྱ་བ་ནི་སྟོང་པ་ཉིད་དེ། ཆོས་ཐམས་ཅད་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བས་གསལ་བཞིན་པར་གྱུར་པ་ཡིན་གྱི། རྣམ་པ་གཞན་དུ་ན་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་ཚིག་བླ་དགས་ཙམ་མོ་ཞེས་བྱ་བ་ནི་བརྡར་བཏགས་པའི་མིང་

ཡིན་གྱི། དོན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་ཏོ། །ཡང་ན་དབྱེར་མེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ་ཞེས་བྱ་བ་ལ། འདི་ལྟར་ཆོས་ཐམས་ཅད་ཡང་དག་པར་རྟོགས་པས་ན་བྱང་ཆུབ་སྟེ། དེ་ཡང་དེ་དག་སྟོང་པ་ཉིད་ཀྱི་བདག་ཉིད་དབྱེར་མི་ཕྱེད་པ་གསལ་བར་གྱུར་པའོ། །ཡང་ན་བྱང་ཆུབ་རྟོགས་

པ་ཙམ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །དེའི་དེ་བཞིན་ཉིད་དེ་ཁོ་ན་བཞིན་དུ་ངོ་བོ་ཉིད་ཀྱིས་གནས་པའོ། །མ་ནོར་བའི་དེ་བཞིན་ཉིད་ཅེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ཀྱིས་དབེན་པ་ཕྱིན་ཅི་མ་ལོག་པའོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ལ། གཞན་ནི་

Vol. 88 · folio 189b

ཀུན་བརྟགས་པ་ལས་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེའི་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱི་དངོས་པོ་སྟེ། བཏགས་པའི་རང་བཞིན་གྱི་སོ་སོར་སྣང་བའོ། །དེ་ཉིད་ནི་འཁྲུལ་པའི་མཚན་ཉིད་དེ་དང་བྲལ་བས་ན་གཞན་གྱི་དེ་བཞིན་ཉིད་མ་ཡིན་པའོ། །རྣམ་པ་གཞན་དུ་མི་འགྱུར་བ་ཞེས་བྱ་བ་ལ། རང་

གི་ངོ་བོ་རིག་པ་ཙམ་ལས་མ་རིག་པའི་བག་ཆགས་ཀྱིས་བྱས་པ་བརྫུན་པའི་ལྷག་མ་ཙམ་རིག་པ་ནི་རྣམ་པ་གཞན་དུ་འགྱུར་བའོ། །བག་ཆགས་ཟད་པ་ལས་དེ་དང་བྲལ་བ་ནི་རྣམ་པ་གཞན་དུ་མི་འགྱུར་བ་སྟེ། དེ་དག་ཐམས་ཅད་ཀྱིས་སྟོང་པ་ཉིད་དུ་གསལ་བར་གྱུར་པ་བསྟན་པ་དེ་བས་ན་དེ་ཉིད་

བྱང་ཆུབ་ཅེས་བྱའོ། །བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་དང་མཚན་མ་ཙམ་སྟེ་ཞེས་བྱ་བ་ལ། བྱང་ཆུབ་ཅེས་བྱ་བའི་སྒྲ་འདིས་ཅི་ཞིག་བརྗོད་ཅེ་ན། མིང་དང་མཚན་མ་ཙམ་དུ་བརྗོད་པ་སྟེ། གཟུགས་ཅན་མ་ཡིན་པའི་ཕུང་པོའི་མང་གི་སྒྲར་བརྗོད་དོ། །མིང་ཡང་དེ་ཡིན་ལ་མཚན་མ་ཡང་ཡིན་པས་

ན་མིང་དང་མཚན་མ་སྟེ། མཚན་མ་སྨོས་པས་རྒྱུ་མེད་པའི་མི་ལྡན་པའི་འདུ་བྱེད་རྣམ་པར་བཅད་པའི་ཕྱིར་རོ། །དེ་བས་ན་མིང་དང་མཚན་མའི་སྒྲ་འདིས་མིང་དང་མཚན་མས་ཁྱབ་པའི་ངོ་བོའི་བྱང་ཆུབ་མཚོན་པར་བྱེད་པ་སྟེ། བྱང་ཆུབ་མིང་དང་མཚན་མ་ཙམ་སྣ་ཚོགས་པར་རྣམ་པར་རིག་པ་ཙམ་དེ་

ནི་བྱང་ཆུབ་ཅེས་བྱའོ། །ཙམ་གྱི་སྒྲས་ནི་ངེས་པར་གཟུང་བའི་དོན་ཏོ། །བྱང་ཆུབ་ཁོ་ན་ཡིན་གྱི། རྟོགས་པར་བྱ་བ་དང་། རྟོགས་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་སྣ་ཚོགས་པ་རྟོགས་པ་ཙམ་ཉིད་རྟོགས་པར་བྱ་བ་དང་། རྟོགས་པར་བྱེད་པས་སྟོང་པ་ཉིད་ཡང་དག་པར་གསལ་བར་

གྱུར་པར་བྱང་ཆུབ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །སྣ་ཚོགས་ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། ཁྱབ་པར་རིགས་པའི་ཕྱིར་རོ། །ཇི་ལྟར་ན་ཙམ་གྱི་དོན་ཡིན་ཞེ་ན། ཚིག་གཅིག་ལས་ཀྱང་ངེས་པར་གཟུང་བ་ཁོང་དུ་ཆུད་པའི་ཕྱིར་ཆུ་ཉིད་འཐུང་ཞེས་བྱ་བ་ལྟ་བུ་སྟེ། ཉིད་ཀྱི་དོན་ལ་དངོས་པོ་གཙོ་བོར་གྱུར་

པའི་ཕྱིར་རོ། །ཡང་དག་པར་གསལ་བར་གྱུར་ཅེས་བྱ་བ་ཅིའི་ཕྱིར་ཞེ་ན་ཤུགས་ལས་ཡིན་ཏེ་རྣམ་པ་གཞན་དུ་ན་རྟོགས་པ་མེད་པ་དག་ཀྱང་བྱང་ཆུབ་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ་ཞེས་བྱ་བ་ལ། ཤེས་པར་བྱ་བ་ཡིན་པས་ན་བྱང་ཆུབ་སྟེ།

Vol. 88 · folio 190a

དེ་ཡང་བྱང་ཆུབ་རབ་ཀྱི་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་གསུངས་སོ། །དེ་ཡང་ཆོས་ཐམས་ཅད་ཀྱི་ཐ་དད་པ་ནུབ་པའི་དེ་བཞིན་ཉིད་གསལ་བར་གྱུར་པ་ཡིན་པ་དེ་བས་ན་བྱང་ཆུབ་ནི་སྟོང་པ་ཉིད་ཁོ་ནའོ། །དེ་ནི་སངས་རྒྱས་རྣམས་ཀྱིས་མངོན་པར་རྫོགས་པར་

སངས་རྒྱས་པ་དེའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་བྱང་ཆུབ་ཀྱི་སྒྲ་ནི་ལས་སུ་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཕྱིར་བྱང་ཆུབ་ཅེས་བྱ་བའི་སྒྲ་ནི་ཡང་དག་པ་ཉིད་དང་། མངོན་པའི་སྒྲ་ནི་མ་ལུས་པ་གསུངས་ཏེ། འཁྲུལ་པ་ཐམས་ཅད་ཀྱིས་དབེན་པའི་སྒོ་

ནས་མཁྱེན་པ་ཞེས་བྱ་བའི་དོན་ཏོ། །འཁྲུལ་པ་ཐམས་ཅད་ཀྱིས་དབེན་པ་ནི་བྱང་ཆུབ་ཀྱི་སྒྲ་ལས་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཡིན་ལ། ཁྱབ་པའི་རིགས་པས་ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ཐོབ་པ་དེ་བས་ན་བྱང་ཆུབ་ནི་སྟོང་པ་ཉིད་ཁོ་ན་ཡིན་ཏེ། དེ་ཉིད་ཆོས་དཀོན་མཆོག་ཡིན་ནོ། །གསོལ་

པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། དེ་ལྟར་དག་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོག་པ་སྟེ། འདིར་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་དགེ་འདུན་དཀོན་མཆོག་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་

ཡིན་ལ་དེ་དག་ཐམས་ཅད་ཀྱང་དགེ་འདུན་དཀོན་མཆོག་གི་ནང་དུ་འདུ་བར་འགྱུར་རོ། །དེ་ཡང་རིགས་པས་མ་ཡིན་ཏེ་དབྱེར་མི་ཕྱེད་པའི་དོན་ནི་དགེ་འདུན་གྱི་དོན་ཡིན་ན། གལ་ཏེ་དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མི་སྤྱོད་ན་རྒྱུ་མེད་པས་གང་ལས་དེའི་བྱང་ཆུབ་ཡིན། ཅི་སྟེ་སྤྱོད་ན་མི་དམིགས་

པ་དང་བཅས་པ་གང་ལས་བྱང་ཆུབ་ཡིན། ཅི་སྟེ་གཉིས་མེད་པའི་ཚུལ་གྱིས་སྤྱོད་ན་འདིའི་བྱང་ཆུབ་ཀྱི་དོན་གྱི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །འདིར་ལན་ནི་གཉིས་ཀྱིས་སྤྱོད་ན་དགེ་བའི་རྩ་བ་མི་འཕེལ་ལ་གཉིས་མེད་པས་སྤྱོད་ན་འཕེལ་

ཏེ། འཕེལ་བར་གྱུར་པ་དེ་དག་གིས་གང་ནས་བརྩམས་ཏེ། བདུད་ལ་སོགས་པས་མི་ཐུལ་བར་འགྱུར་ལ། གང་མི་དགེ་བས་ཀྱང་བཅོམ་པ་ནི་དམན་པའི་བྱང་ཆུབ་ཏུ་ལྟུང་བ་དེ་བས་ན་དེ་དག་གིས་མི་ཆོམས་པར་གྱུར་པ་ནི་དགེ་འདུན་དཀོན་མཆོག་གི་གྲངས་སུ་འགྲོ་སྟེ། ཇི་སྐད་དུ། ངེས་འབྱེད་

Vol. 88 · folio 190b

ཡན་ལག་ནས་བཟུང་སྟེ། །མཐོང་དང་བསྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ལྷག་མ་ནི་ཞར་ལས་འོངས་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། འཚང་རྒྱ་

བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ཐབས་ལ་མཁས་པ་ལ་ལོག་པར་རྟོག་པའོ། །རབ་ཏུ་འབྱེད་པ་ལ་མཁས་པའི་སྒྲ་མ་གསུངས་པ་ནི་ཡུལ་གྱིས་ཡུལ་ཅན་བསྟན་པའི་ཕྱིར་རོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནས། དེ་གང་ལགས་ཞེས་བྱ་བའི་བར་གྱིས་ནི་ལོག་པར་རྟོག་པ་སྟེ།

འདི་སྙམ་དུ་གལ་ཏེ་བདེན་པ་མཐོང་བ་དང་། མ་མཐོང་བ་དག་ལ་ཡང་ཐབས་ལ་མཁས་པ་གསུངས་པ་དེ་ལྟར་ན་ཡང་དེ་ཙམ་གྱིས་དམན་པའི་བྱང་ཆུབ་ལྡོག་པར་མི་འགྱུར་རོ་ཞེས་སེམས་སོ། །ཚིག་གི་ཚོགས་འོག་མས་ནི་ལན་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་

ནས། སྤྲོས་པ་དང་བྲལ་བ་ནི་མངོན་པར་རྟོགས་པའོ་ཞེས་བྱ་བའི་བར་གྱིས་ནི་མངོན་པར་རྟོགས་པ་ལ་ལོག་པར་རྟོག་པ་ཡིན་ཏེ། རྟོགས་པ་ནི་བྱང་ཆུབ་ཡང་དག་པར་རྟོགས་པ་ཡིན་ལ་མངོན་དུ་ཕྱོགས་པས་རྟོགས་པ་ནི་མངོན་པར་རྟོགས་པའོ། །ཐུབ་པའི་ཞེས་བྱ་བ་ནི་ཐུབ་པ་ཉིད་ལ་མངོན་

དུ་བལྟས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། གཅིག་ཏུ་མི་འགྱུར་རམ་ཞེས་བྱ་བའི་བར་གྱིས་ནི་ལོག་པར་རྟོག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངོན་པར་རྟོགས་པ་ནི་ཡོད་མེད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གསོལ་པ།

བཅོམ་ལྡན་འདས་ཞེས་བྱ་བ་ནས། ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཕྱིན་ཅི་ལོག་གི་ལོག་པར་རྟོག་པའོ། །མདོ་ལས་སྤྲོས་པའི་སྒྲ་དང་བསྟན་བཅོས་ལས་ཕྱིན་ཅི་ལོག་གི་སྒྲ་གཉིས་ནི་དོན་གཅིག་པ་ཉིད་ཀྱི་ཕྱིར་རོ། །སྤྲོས་པ་ཞེས་

བྱ་བ་དེ་ཡང་ཇི་ལྟར་ཡིན་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །གལ་ཏེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་དང་བྲལ་བ་ཕྱིན་ཅི་ལོག་བཞི་དང་བྲལ་བར་གྱུར་པའི་ཆོས་ཉན་ཐོས་ཀྱི་ལམ་དུ་འགྱུར་གྱི་སངས་རྒྱས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་སེམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་

Vol. 88 · folio 191a

སྩལ་པ་ཞེས་བྱ་བ་ནི་ལན་ནོ། །མི་སྤྲོ་བ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའོ། །འཕྲོ་བར་མི་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་རྟོག་པར་མི་བྱེད་པའོ། །ངོ་བོ་ཉིད་ནི་ངོ་བོ་ཉིད་འཕྲོ་བར་མི་བྱེད་ཅེས་བྱ་བ་ནི་ངོ་བོ་ཉིད་དང་བཅས་པའི་ཐ་དད་པ་དག་ནི་

དབྱེར་མེད་པ་དང་མི་ལྡན་པའི་ཕྱིར་རོ། །དངོས་པོ་མེད་པ་ཡང་དངོས་པོ་མེད་པ་འཕྲོ་བར་མི་བྱེད་ཅེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ལ་གཉི་གར་མེད་པའི་ཕྱིར་རོ། །ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་དཔྱད་མི་བཟོད་པའི་ཕྱིར་རོ། །སྐད་ཅིག་གཅིག་དང་ལྡན་པའི་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་

ལྡན་པའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཆོས་ཐམས་ཅད་གང་ཡང་མ་འདུས་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་ལམ་ལ་ལོག་པར་རྟོག་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ལ། དེའི་ལྟག་ཡན་ཆད་ནི་ལོག་པར་རྟོག་

པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ནས། ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ལ་ལོག་པར་རྟོག་པའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནི་གཉེན་པོའི་ཕྱོགས་སོ། །ཇི་ལྟར་དེ་དག་གིས་

བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ཞེས་བྱ་བ་ནི་ལོག་པར་རྟོག་པའོ། །ལན་ནི་གཞུང་འོག་མ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ཡིན་ནོ། །དེའི་འོག་ནས་གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ལ་ལོག་པར་རྟོག་པའོ། །འདི་སྙམ་དུ་མི་མཐུན་པའི་ཕྱོགས་

ནི་ཉོན་མོངས་པ་དག་ཡིན་ལ། དེ་དག་འདུལ་བར་བྱེད་པ་འདི་ཆོས་འདུལ་བ་ཡིན་ཏེ། གལ་ཏེ་ཡོད་ན་དེའི་ཚེ་སེམས་ཅན་དང་ཉོན་མོངས་པ་དག་ཡོད་པར་གྱུར་ལ་དེ་དག་དང་དེ་དག་ལྡན་པ་དང་བྲལ་བར་ཁས་བླང་བར་བྱའོ་ཞེས་སེམས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་

སོགས་པ་ནི་ལན་ཡིན་ནོ། །ཆོས་འདུལ་བ་དེ་ཉིད་ནི་གང་དང་ལྡན་པ་དང་བྲལ་བའི་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ་ཞེས་དགོངས་སོ། །རབ་འབྱོར་འདི་ནི་ཞེས་བྱ་བ་ནས། དེ་བཞིན་ཉིད་དུ་གནས་པའོ་ཞེས་བྱ་བའི་བར་གྱིས་མཚན་ཉིད་ལ་ལོག་པར་རྟོག་པའོ། །ཆོས་ཀྱི་མཚན་ཉིད་གང་ཡང་

Vol. 88 · folio 191b

དམིགས་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་སྐབས་འབྱེད་པའོ། །འཁོར་བ་ལས་དགྲོལ་བར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི་ལོག་པར་རྟོག་པའོ། །དེ་མན་ཆད་ནི་ལན་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་ཕུང་པོ་གསུམ་

དུ་ལུང་བསྟན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བསྒོམ་པ་ལ་ལོག་པར་རྟོག་པའོ། །དེ་ལ་དང་པོར་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་མི་ནུས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་ལོག་པར་རྟོག་པའོ། །འདིར་མཚན་ཉིད་ཐ་དད་པ་ཡང་མ་ལགས་ཞེས་བྱ་བ་ནི་མཚན་ཉིད་ཀྱི་

རྣམ་པ་ཐ་དད་པ་མེད་པའོ། །དེ་མན་ཆད་རྒྱས་པར་ནི་ལན་ཡིན་ནོ། །དྲི་བ་གཞན་དག་ནི་དེ་དང་འདྲེན་མའོ། །དེ་ལྟར་ལོག་པར་རྟོག་པ་བཅུ་དྲུག་བསྟན་པ་ཡིན་ནོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས་རྩེ་མོའི་

མངོན་པར་རྟོགས་པ་སྟེ་ལེའུ་ལྔ་པའོ།། །།མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་གོང་དུ་གསུངས་པ་དེ་དག་ཚིགས་སུ་བཅད་པ་གཅིག་གིས། སྦྱིན་པ་ཤེས་རབ་བར་དག་དང་། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་ནི། །མཐར་གྱིས་

པ་ཡི་བྱ་བར་བཞེད། །ཅེས་བྱ་བ་གསུངས་ཏེ། སྦྱིན་པ་ནས། ཤེས་རབ་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ལ་སོགས་དྲན་དང་ཞེས་བྱ་བ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་རྗེས་སུ་དྲན་པ་དག་

གིས་སོ། །ཆོས། དངོས་མེད་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་རྣམས་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །བཅུ་གསུམ་པོ་དེ་དག་གིས་མཐར་གྱིས་པའི་བྱ་བར་བཞེད་དོ། །དེ་ཞེས་བྱ་བ་ནི་རྩེ་མོའི་མངོན་པར་རྟོགས་པའི་སྐབས་བསྟན་པ་གང་ཡིན་པའོ། །མདོ་ལས་དང་

པོར་འདིའི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ་ཞེས་བྱ་བའི་བར་གྱིས་རྒོལ་བ་དང་ལན་ཡིན་ནོ། །དེ་ནས་གཞན་ཡང་ཞེས་བྱ་བའི་ཚིག་རེ་རེས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་མཐར་གྱིས་པའི་བྱ་བ་དྲུག་ཡིན་ནོ། །དེ་ནས་གཞན་ཡང་

Vol. 88 · folio 192a

ཞེས་བྱ་བའི་ཚིག་ལྔས་སངས་རྒྱས་རྗེས་སུ་དྲན་པ་ལྔ་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་དང་། མཚན་དང་དཔེ་བྱད་དང་། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་མི་

བྱེད་པའོ། །དེ་ནས་ཇི་ལྟར་ན་ཞེས་བྱ་བའི་ཚིག་ལྔས་ཆོས་རྗེས་སུ་དྲན་པ་ལ་སོགས་པ་ལྔའོ། །དེ་ནས་གཞན་ཡང་ཞེས་བྱ་བའི་ཚིག་གཅིག་གིས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིའོ། །དེ་ནས་དྲིས་པ་དང་ལན་དག་ཡིན་ནོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་

དག་ལྡན་ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས་མཐར་གྱིས་པའི་མངོན་པར་རྟོགས་པ་སྟེ་ལེའུ་དྲུག་པའོ།། །།ད་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་བརྗོད་པར་བྱ་བ་ཡིན་པས་ན་རབ་འབྱོར་གྱིས་དང་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་

ལྟར་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་ཆོས་ཐམས་ཅད་དང་། མཚན་དང་དཔེ་བྱད་ཀྱི་མཐར་ཐུག་པ་ཡོངས་སུ་འཛིན་པ་ལགས་ཞེས་བྱ་བ་ནི་འདྲི་བར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །སྐད་ཅིག་

མ། གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་སྔར་གསུངས་པ་ཡིན་ནོ། །དེ་དག་གང་ཞེ་ན། ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་དང་། དགེ་བའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་

རྟོགས་པ་དང་། མཚན་ཉིད་མེད་པར་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང་། གཉིས་སུ་མེད་པར་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའོ། །བཞི་པོ་དེ་དག་ཚིག་གི་ཚོགས་བཞིས་འཆད་པར་མཛད་པ་དེ་བས་ན་དང་པོའི་དབང་དུ་མཛད་

ནས། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུ་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་

Vol. 88 · folio 192b

ནོ། །ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་ལ་སོགས་པ་རེ་རེས་ཀྱང་ཟག་པ་མེད་པའི་ཆོས་ཐམས་ཅད་བསྡུས་ཤིང་འཕངས་པའི་ཕྱིར་སྐད་ཅིག་མ་གཅིག་གིས་རྟོགས་པ་སྟེ། སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་

པ་སྟེ་དང་པོའོ། །ཇི་ལྟར་སྐྱེས་བུའི་རྡོག་ཐབས་གཅིག་གིས་བསྐྱོད་པ་ན། ཟོ་ཆུན་གྱི་རྒྱུད་མོ་ཐམས་ཅད་ཅིག་ཅར་འགུལ་བ་དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་སེམས་གཅིག་དང་ལྡན་པས་ཟག་པ་མེད་པའི་ཤེས་པ་ཐམས་ཅད་སྔོན་གྱི་བསྒོམས་པའི་ཤུགས་ཀྱིས་འདྲེན་པར་བྱེད་དེ། རབ་

འབྱོར་འདི་ལ་ཞེས་བྱ་བ་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་དུ་སྟེ། འདིར་དང་པོར་གཞན་དུ་མ་ཡིན་ཞེས་བྱ་བའི་སྒྲ་དག་ནི་ངེས་པར་ཞེས་བྱ་བའི་དོན་ཏོ། །གཉིས་པའི་དབང་དུ་མཛད་ནས། གང་ཚེ་དཀར་པོ་ཐམས་ཅད་ཀྱི། །རང་བཞིན་ཤེས་

རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་བྱ་བ་གསུངས་ཏེ། རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པས་འཇུག་པའི་གནས་སྐབས་དེ་འདི་ལ་ཡོད་པས་དེ་སྐད་ཅེས་བརྗོད་དོ། །གནས་སྐབས་དེ་ཡང་ས་བརྒྱད་

པ་ལ་སོགས་པའོ། །དཀར་པོ་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བ་ནི་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །སྐྱེ་ཞེས་བྱ་བ་ནི་འབྱུང་བར་གྱུར་པའོ། །ཡེ་ཤེས་ཞེས་བྱ་བ་ནི་དགེ་བའི་སེམས་ཅན་ཐམས་ཅད་དོ། །རབ་འབྱོར་ཇི་ལྟར་ན་ཞེས་བྱ་བ་ནས། རབ་ཏུ་ཡོངས་སུ་རྫོགས་པར་འགྱུར་རོ་

ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །གསུམ་པའི་དབང་དུ་མཛད་ནས། སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པར་ནི། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་བྱ་བ་གསུངས་ཏེ། རྟོགས་པ་ཞེས་བྱ་བ་ནི་

ཁམས་གསུམ་གྱི་དོན་སྣ་ཚོགས་པ་ཉིད་ཀྱི་ཕྱིར་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ནས། སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །བཞི་པའི་དབང་དུ་མཛད་ནས། རྨི་ལམ་དང་ནི་དེ་མཐོང་ཉིད། །

Vol. 88 · folio 193a

གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །ཞེས་བྱ་བ་གསུངས་ཏེ། རྨི་ལམ་དང་ནི་དེ་མཐོང་ཉིད། །ཅེས་བྱ་བ་ནི་བྱེད་པ་དང་ལྡན་པ་ཡིན་དུ་ཟིན་ཀྱང་ལས་གྱིས་གཉིས་པ་སྟེ། འབྲས་ཆན་འཚེད་དུ་འགྲོ་

ཞེས་བྱ་བ་ལྟ་བུའོ། །ཡང་གཞུང་གཞན་ལས་དེ་ལྟར་རྨི་ལམ་དེ་མཐོང་ཞེས་འབྱུང་སྟེ། དེ་ལྟར་གྱི་དོན་ནི་སྔ་མ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། མཚན་ཉིད་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་

བྱའོ་ཞེས་བྱ་བའི་བར་གྱིས་གང་གསུངས་པའོ། །མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས། སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ་ལེའུ་བདུན་པའོ།། །།མངོན་པར་རྟོགས་པ་བརྒྱད་པའི་མདོར་བསྟན་

པ་ནི། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་སྤྲུལ་དང་རྣམ་གསུམ་དང་། །མཛད་དང་བཅས་པ་ཆོས་སྐུ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བ་སྔར་གསུངས་ཏེ། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པ་ཞེས་བྱ་བ་རྣམ་པ་གསུམ་མཛད་པ་དང་བཅས་པ་

ནི་ཆོས་ཀྱི་སྐུ་སྟེ། རྣམ་པ་བཞིར་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་ངོ་བོ་ཉིད་དེའི་དབང་དུ་མཛད་ནས། ཟག་པ་མེད་ཆོས་རྣམ་ཀུན་དུ། །རྣམ་པར་དག་གྱུར་ཐོབ་གང་ཡིན། །དེ་དག་རང་བཞིན་མཚན་ཉིད་ཅན། །ངོ་བོ་ཉིད་ཀྱི་སྐུ་རུ་བཞེད། །བྱང་ཆུབ་ཕྱོགས་མཐུན་ཚད་མེད་

དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བ་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་

དག་བཞི་དང་། །དབང་བཅུ་དག་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་གཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་

Vol. 88 · folio 193b

ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་དྲུག་གིས་གསུངས་ཏེ། ཟག་པ་མེད་པའི་ཆོས་རྣམས་རྣམ་པ་ཐམས་ཅད་རྣམ་པར་དག་པ་ཆོས་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་

པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་སྟེ། གློ་བུར་གྱི་འཁྲུལ་པ་ཐམས་ཅད་དང་བྲལ་བས་རང་བཞིན་དུ་གནས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། སྒྲིབ་པ་ཀུན་གྱི་དྲི་མེད་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་

ཡང་དག་བསྟན། །ཞེས་བྱ་བ་གསུངས་སོ། །ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་།

ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་། སྨོན་ནས་མཁྱེན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། །རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང་། དབང་བཅུ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། བསྲུང་བ་མེད་

པ་གསུམ་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བ་ནི་དེ་ལྟར་རོ། །ཆོས་ཀྱི་སྐུ་ནི་

ཆོས་ཀྱི་ཚོགས་སུ་བརྗོད་པ་ཡིན་ཏེ། གང་གི་རང་བཞིན་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཆོས་རྣམས་ཀྱི་རང་བཞིན་གྱི་ལུས་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་ཅིང་ཆོས་དེ་དག་ཀྱང་བརྗོད་ནས། དེ་ལྟར་ཆོས་ཀྱི་སྐུ་བརྗོད་པ་ཡིན་ཞེས་བྱ་བས་མཇུག་སྡུད་པ་ཡིན་

ནོ། །ཚིག་སྔ་མའི་དངོས་པོ་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་ཆོས་ཉིད་ཀྱི་སྐུ་ནི་ཆོས་ཀྱི་སྐུ་སྟེ། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ནི། གཅིག་མིན་དུ་མའང་མིན་ཞེས་བྱ་བའི་ཆོས་ཀྱི་སྐུའི་བསྟོད་པ་འཐད་པར་འགྱུར་རོ། །གཞན་དག་ནི་ཆོས་དེ་དག་ཉིད་ཀྱི་སྐུ་སྟེ། སངས་རྒྱས་རྣམས་

Vol. 88 · folio 194a

ཀྱི་སྐུ་བཞི་པ་ཡིན་ལ། དེ་ལྟ་ཡིན་དང་ཚུལ་གཞན་ལས་སྐུ་བཞིར་གསུངས་པ་དེ་ནི་ལེགས་པར་གསུངས་པ་ཡིན་ནོ་ཞེས་སྨྲའོ། །དེ་ནི་བདེན་པ་མ་ཡིན་ནོ། །བཅོམ་ལྡན་འདས་མ་ལས་སྐུ་གསུམ་ཉིད་དུ་གཞན་ཡང་ཞེས་བྱ་བའི་ཚིག་གསུམ་དང་མདོ་གཞན་དག་ལས་ཀྱང་

གསུངས་པའི་ཕྱིར་རོ། །སྔགས་ཀྱི་ཚུལ་ལ་བཞི་ཡང་རྣམ་པ་གཞན་ཉིད་དུ་ཡིན་ཏེ། སྐུ་དང་གསུང་དང་ཐུགས་ནི་སྐུ་གསུམ་ཡིན་ལ། བཞི་པའི་ནི་དེ་དག་ཉིད་ཀྱི་ལས་སམ་མཉམ་པ་ཉིད་དོ། །དེ་ལྟར་ན་ནི་ཆོས་དེ་དག་སྐུ་གང་གིས་བསྡུས་པར་འགྱུར་ཞེ་ན། ངོ་བོ་ཉིད་ཀྱིས་ཏེ། དེ་དག་ནི་

འཁྲུལ་པ་ཐམས་ཅད་དང་བྲལ་བས་གསལ་བའི་བདག་ཉིད་ཆོས་ཉིད་ཙམ་ཡིན་པའི་ཕྱིར་རོ། །དེ་དག་མཚན་ཉིད་ཀྱི་དབྱེ་བ་ནི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་ཀུན་རྫོབ་ཡིན་ནོ། །སྤྲོས་པས་ཆོག་གོ། །དེ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ནི་གཞན་ཡང་ཞེས་བྱ་བའི་ཚིག་དང་པོ་ནས་

བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ལ་བཅོམ་ལྡན་འདས་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཐམས་ཅད་དང་། མཚན་དང་དཔེ་བྱད་བཟང་པོ་དང་བཅས་པ་དང་བསྡུ་བའི་དངོས་པོའི་ནང་ནས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པར་འཆད་པར་གྱུར་ལ། བདག་གིས་

ཀྱང་བསམ་གཏན་དང་། གཟུགས་མེད་པ་ལ་འཇུག་པ་དང་། ཚད་མེད་པ་ལ་འཇུག་པ་དང་། ལམ་གྱི་ཚོགས་རྒྱས་པར་མང་དུ་བསྟན་པས་དེ་དང་དེ་དག་རྒྱས་པར་ཤེས་པར་བྱའོ། །ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པའི་མཚན་ཉིད་ཀྱང་དེ་ཉིད་དུ་འཆད་པར་འགྱུར་རོ། །དེ་དག་གི་ཉན་

ཐོས་ཀྱི་འབྲས་བུ་གང་ཡིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་འབྲས་བུ་གང་ཡིན་པ་ནི། ཉན་ཐོས་ཉོན་མོངས་མེད་པ་ལྟའི། །ཉོན་མོངས་ཡོངས་སུ་མི་སྤོང་ཉིད། །རྒྱལ་བ་གྲོང་སོགས་དེ་དག་གི། །ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །སངས་རྒྱས་སྨོན་ནས་མཁྱེན་པ་ནི། །

ལྷུན་གྱིས་གྲུབ་དང་ཆགས་སྤང་དང་། །ཐོགས་པ་མེད་དང་རྟག་གནས་དང་། །འདྲི་བ་ཀུན་ལ་ལན་འདེབས་བྱེད། །ཅེས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་ཏེ། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་གྲོང་ལ་སོགས་པར་སེམས་ཅན་གང་དག་མཐོང་བར་གྱུར་པ་ན། དེའི་ཉོན་མོངས་པ་སྐྱེ་བར་

Vol. 88 · folio 194b

འགྱུར་བ་ན་མི་རུང་ངོ་ཞེས་དེ་དག་མཐོང་བ་ཉིད་ཟློག་པར་བྱེད་ཀྱི། ཉོན་མོངས་པ་མངོན་སུམ་དུ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཉོན་མོངས་པ་མེད་པ་ནི་མཐོང་བ་ཡོད་ཀྱང་དེ་དག་གི་ཉོན་མོངས་པའི་རྒྱུན་ཉིད་གཅོད་པར་བྱེད་ཀྱི། མཐོང་བ་ནི་མ་ཡིན་ནོ། །སངས་རྒྱས་དག་གི་སྨོན་ནས་མཁྱེན་པ་ལྷུན་

གྱིས་གྲུབ་པ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆགས་པ་མི་མངའ་བ་ནི་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐོགས་པ་མེད་པ་ནི་ཐམས་ཅད་དུ་ཐོགས་པ་མི་མངའ་བ་ཉིད་ཀྱི་ཕྱིར་རོ། །རྟག་ཏུ་གནས་པ་ནི་རྟག་ཏུ་ཐུགས་མཉམ་པ་ཉིད་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །འདྲི་བ་ཐམས་ཅད་ཀྱི་

ལེན་ལོན་པར་མཛད་པ་ཉིད་ཀྱི་ཕྱིར་ན། འདྲི་བ་ཀུན་གྱི་ལན་འདེབས་པའོ། །ཉན་ཐོས་རྣམས་ཀྱི་ནི་ཟློག་པ་དག་ཡིན་ནོ། །རྒྱུད་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །དེ་དང་དེ་ལ་ཕན་པ་མཛད་པའི་ཕྱིར་རོ། །དེ་

ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སངས་རྒྱས་སོ། །དེ་དང་དེའི་ཚེ་སྣང་བའི་ནི་སྤྲུལ་པའི་སྐུ་སྣང་བའི་ཕྱིར་རོ། །ཅིའི་ཕྱིར་ཐམས་ཅད་ལ་ཐམས་ཅད་མི་སྣང་ཞེ་ན། ལྷའི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་

མི་མྱོང་། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །མཛད་པ་རྒྱ་ཆེ་བ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་སྣ་ཚོགས་པའི་དོན་མཛད་པའོ། །དེ་ཉིད་ཅེས་བྱ་བ་ནི་མཛད་པའོ། །ཟད་པ་མེད་

པའི་ཕྱིར་ཞེས་བྱ་བ་ནི་བྲལ་བ་མེད་པའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བའི་ཚིག་གཉིས་པ་ནས། བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་ཏེ། འདིར་བྱང་ཆུབ་སེམས་དཔའ་སྨོས་པ་ནི་གཞན་དག་རྣམ་པར་བཅད་པའི་ཕྱིར་རོ། །སེམས་དཔའ་ཆེན་པོ་སྨོས་

པ་ནི་འཕགས་པ་མ་ཡིན་པ་རྣམ་པར་བཅད་པའི་ཕྱིར་རོ། །མཆོག་ཏུ་ཞེས་བྱ་བ་ནི་སྒྲ་ཇི་ལྟ་བ་བཞིན་དུ་མ་ཡིན་པ་བསམ་པ་ཇི་ལྟ་བ་བཞིན་ནོ། །བླ་ན་མེད་པའི་དགའ་བ་དང་། །མགུ་བ་དང་། རབ་ཏུ་དགའ་བ་དང་། བདེ་བ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ཞེས་བྱ་བ་དེ་དག་གིས་ནི་འདི་སྐད་དུ་གང་དེ་ལྟར་

Vol. 88 · folio 195a

ལོངས་སྤྱོད་རྫོགས་པ་སྟེ། དེ་ལ་ནུས་པར་གྱུར་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་གསུངས་སོ། །བསྟན་བཅོས་མཛད་པས་དེ་དག་གི་དབང་དུ་མཛད་ནས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐུབ་པའི་ལོངས་

སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་སོ། །ཅིའི་ཕྱིར་ལོངས་སྤྱོད་རྫོགས་པ་ཡིན་ཞེ་ན། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར་ཏེ། སྐུ་དེས་ཐེག་པ་ཆེན་པོ་ལ་ལོངས་སྤྱོད་རྫོགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་ཐོབ་པ་དག་གིས་རྫོགས་པར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་

པའོ། །དེ་ལ་དང་པོར་མཚན་དག་ནི། །ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་

ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ནྱའི་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་

དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་ཡར་འཕགས་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་

བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །འདིའི་ཕྱག་དང་ཞབས་ལ་འཁོར་ལོས་མཚན་པས་ན། ཕྱག་ཞབས་འཁོར་ལོས་མཚན་པའོ། །ལེགས་པར་གནས་པ་ཉིད་ཀྱི་ཕྱིར་འདི་ལ་རུས་སྦལ་དང་འདྲ་བའི་ཞབས་

མངའ་བས་ན་རུས་སྦལ་ཞབས་ཏེ། དེ་ཡང་འདི་ཡིན་ལ་དེ་ཡང་ཡིན་པས་ན་ཞེས་བྱ་བ་ནི་བསྡུ་བའོ། །འདི་ལ་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་པ་མངའ་བས་ན་ཕྱག་དང་ཞབས་སོར་མོ་དྲ་བས་འབྲེལ་པའོ། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཅན། །འདི་ཡི་ཞེས་བྱ་བའི་འོག་མ་

Vol. 88 · folio 195b

དང་སྦྱར་རོ། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །ཞེས་བྱ་བ་ནི་མཚོན་པར་བྱེད་པའི་གསུམ་པའོ། །སྐུ་ནི་རྟེན་ཡིན་ནོ། །འདིའི་སྐུ་བདུན་མཐོ་བ་དག་གིས་མཚོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་དག་གིས་མཚན་ལྔ་བསྟན་པ་ཡིན་ཏེ། ཕྱག་དང་ཞབས་འཁོར་ལོས་མཚན་པ་ཉིད། ཞབས་

ཤིན་ཏུ་ལེགས་པར་གནས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་པ་ཉིད་དང་། ཕྱག་དང་ཞབས་གཞོན་ཤ་ཆགས་པ་ཉིད་དང་། སྐུ་བདུན་མཐོ་བ་ཉིད་ཅེས་བྱ་བའོ། །སོར་མོ་རིང་དང་རྟིངས་ཡངས་སྐུ་ཆེ་དྲང་། །ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་

རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །ཅེས་བྱ་བ་ལ། སོར་མོ་རིང་བ་ཉིད་དང་རྟིང་པ་ཡངས་པ་ཞེས་བྱ་བ་ནི་ཚོགས་པ་གཙོ་བོར་གྱུར་པའི་ཟླས་དབྱེ་བའོ། །སྐུ་ཆེ་དྲང་ཞེས་བྱ་བ་ནི་སྐུ་རྒྱ་ཆེ་ལ་དྲང་བའོ། །ཞབས་ཀྱི་ལོང་བུ་མི་མངོན་པ་དང་། སྤུ་གྱེན་དུ་ཕྱོགས་པ་སྟེ། མདོ་

ལས་པུས་མོའི་ལྷ་ང་དང་། །ལོང་བུ་མཛེས་པར་ནུབ་པས་ན་ཞབས་ཀྱི་ལོང་བུ་མི་མངོན་པ་ཞེས་གསུངས་པ་དེ་བས་ན་མི་མངོན་པའི་སྒྲ་ནི་ཤིན་ཏུ་ལེགས་པར་སྦས་པའི་དོན་ཡིན་ནོ། །ལོང་བུའི་སྒྲ་ནི་པུས་མོའི་ལྷ་ང་དང་། ལོང་བུའི་རུས་པ་རྗོད་པར་བྱེད་པ་སྟེ། བརླའི་རྩ་བ་མན་ཆད་ཀུན་

ལ་ཞབས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །མདོམས་ཀྱི་སྦ་བ་ནི་མདོམས་ཀྱི་སྦ་བ་སྟེ། འདི་ལ་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག་མངའ་བས་ན། དེ་སྐད་ཅེས་བརྗོད་དོ། །འདིས་ནི་སོར་མོ་རིང་བ་ཉིད་དང་། རྟིང་པ་ཡངས་པ་ཉིད་དང་། སྐུ་ཆེ་ལ་དྲང་བ་ཉིད་དང་། ཞབས་ཀྱི་ལོང་

བུ་མི་མངོན་པ་ཉིད་དང་། །སྤུ་གྱེན་དུ་ཕྱོགས་པ་ཉིད་དང་། བྱིན་པ་ཨེ་ན་ཡའི་འདྲ་བ་ཉིད་དང་། ཕྱག་རིང་ལ་མཛེས་པ་ཉིད་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་ཅེས་བྱ་བ་མཚན་བརྒྱད་ཡིན་ནོ། །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་

ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །ཞེས་བྱ་བ་ལ། འདི་ལ་རོ་སྟོད་སེང་གེ་དང་འདྲ་བ་མངའ་བས་ན་རོ་སྟོད་སེང་གེ་དང་འདྲ་བ་ཅན་ནོ། །མགོ་ཟླུམ་ཞེས་བྱ་བ་ནི་ཤིན་ཏུ་ཟླུམ་པ་སྟེ། མགུར་དང་རྒྱུད་

Vol. 88 · folio 196a

ལེགས་པར་འབྲེལ་ཅིང་ལྷུན་ཟླུམ་པ་ཉིད་ཀྱི་ཕྱིར་རོ། །ཕྲག་པའི་བར་ནི་ཐལ་གོང་སྟེ་བྲང་ངོ་། །འདི་ལ་དེ་རྒྱས་པ་མངའ་བས་ན་ཐལ་གོང་རྒྱས་པ་ཅན་ནོ། །འདིས་ནི་པགས་པ་གསེར་མདོག་ཉིད་དང་། པགས་པ་སྲབ་པ་ཉིད་དང་། སྤུ་རེ་རེ་ནས་གཡས་ཕྱོགས་སུ་

འཁྱིལ་བ་ཉིད་དང་། ཞལ་མཛོད་སྤུས་མཚན་པ་ཉིད་དང་། སྐུ་རོ་སྟོད་སེང་གེའི་འདྲ་བ་ཉིད་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། ཐལ་གོང་རྒྱས་པ་ཉིད་ཅེས་བྱ་བ་མཚན་བདུན་ཡིན་ནོ། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་

ཡར་འཕགས་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་

བྱ་བའི་ཚིགས་སུ་བཅད་པ་གཉིས་པོ་འདིས་རོའི་མཆོག་མཁྱེན་པ་ཉིད་དང་། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། ལྗགས་རིང་ཞིང་སྲབ་པ་ཉིད་དང་། ཚངས་པའི་དབྱངས་ཉིད་དང་། འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། ཚེམས་དཀར་བ་ཉིད་དང་།

ཚེམས་མཉམ་པ་ཉིད་དང་། ཚེམས་ཐགས་བཟང་བ་ཉིད་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་ཉིད་དང་། སྤྱན་མཐོན་མཐིང་ཉིད་དང་། རྫི་མ་བའི་ལྟ་བུ་ཉིད་ཅེས་བྱ་བ་མཚན་སུམ་ཅུ་རྩ་གཉིས་གསུངས་སོ། །འདི་ལ་བཅུའི་ཚད་ཀྱི་ཚོགས་མངའ་བས་ན་བཞི་བཅུ་ཐམ་པ་ཚང་བ་སྟེ། བཅུ་

ཚན་བཞི་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་གཅིག་ཏུ་བསྡུས་ན་འདི་དག་སུམ་ཅུ་རྩ་གཉིས་ཡིན་ནོ། །བ་མཆོག་ནི་བ་དང་གླང་ངོ་། །ཡང་ན་བ་མཆོག་ནི་ཁྱུ་མཆོག་ལ་བྱའོ། །དེ་དག་བཤད་པ་དང་རྒྱུ་དང་སྔོན་གྱི་མཚན་མ་ནི་མདོ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྦྱིན་པ་ལ་སྟེ། འདི་ལ་མཚན་ནི་གང་གང་

གིས། །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །འདིར་མཚན་གང་དང་རྒྱུ་གང་དང་གང་གིས་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་དང་དེ་རབ་ཏུ་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་འདིའི་མཚན་ཡང་དག་པར་འགྲུབ་པོ། །ཡང་

Vol. 88 · folio 196b

གང་གི་རྒྱུ་གང་ཞེ་ན། བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླངས་ལ་བརྟན་པ་དང་། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་པར་བྱེད་དང་དགེ་བ་ནི། །ཡང་དག་བླངས་དང་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །དེ་ལ་སོགས་པ་མདོ་བཞིན་

ནོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་བླ་མ་དག་སྐྱེལ་བ་དང་བསུ་བ་དག་དང་། ཆོས་ཉན་པ་དང་། མེ་ཏོག་གིས་མཆོད་པ་དང་། མཆོད་རྟེན་གྱི་ཐད་དུ་འགྲོ་བ་ལ་སོགས་པ་ལ་གཡོག་བྱས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཡིན་ནོ། །ཡི་དམ་ལ་ཤིན་ཏུ་བརྟན་པས་ཞབས་

ཤིན་ཏུ་གནས་པ་དང་། བཟའ་བ་དང་བཏུང་བ་ལ་སོགས་པ་གྱ་ནོམ་པ་བྱིན་ནས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་། བདུན་མཐོ་བ་ཉིད་དོ། །གསད་པར་བྱ་བ་ཐར་པར་བྱ་བ་མང་པོའི་ཚིག་ནི་སོགས་པའི་དོན་ཏོ། །གསད་པ་ཐར་པར་བྱས་པ་དང་། །སྲོག་རྗེས་སུ་

གཟུང་བར་བྱས་པ་དང་། སྲོག་གཅོད་པ་ལས་ལྡོག་པ་ཀུན་ནས་བསྟེན་པས་སོར་མོ་རིང་བ་ཉིད་དང་། རྟིང་པ་ཡངས་པ་ཉིད་དང་། སྐུ་ཆེ་ཞིང་དྲང་བ་ཉིད་དོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་རྣམ་པར་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཞབས་ཀྱི་ལོང་བུ་མི་མངོན་པ་ཉིད་དང་། སྐུའི་

སྤུ་གྱེན་དུ་ཕྱོགས་པ་ཉིད་དོ། །དེ་ལ་སོགས་པ་ནི་དེ་ལྟ་བུ་ལ་སོགས་པའོ། །མདོ་བཞིན་དུ་ཞེས་བྱ་བ་ནི་ཆོས་ཀྱི་སྦྱིན་པ་ཇི་སྐད་དུ་འཆད་པར་འགྱུར་བའོ། །སྐྱེས་བུ་ཆེན་པོའི་བྱ་བ་བྱེད་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ནི་སྐྱེས་བུ་ཆེན་པོ་སྟེ། དེ་དག་

གསལ་བར་བྱེད་པས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ། །དེ་དག་མཛེས་པར་བྱེད་པའི་ཕྱིར་དཔེ་བྱེད་བཟང་པོ་བརྒྱད་ཅུ་སྟེ། དེ་དག་གི་དབང་དུ་བྱས་ནས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་

མངོན་དང་མདུད་པ་མེད། །ཅེས་བྱ་བ་འདིས་ནི་སེན་མོ་ཟངས་ཀྱི་མདོག་ཉིད་དང་། སེན་མོ་མདོག་སྣུམ་པ་ཉིད་དང་། སེན་མོ་མཐོ་བ་ཉིད་དང་། སེན་མོ་ཟླུམ་པ་ཉིད་དང་། སོར་མོ་རྒྱས་པ་ཉིད་དང་། སོར་མོ་བྱིན་གྱིས་ཕྲ་བ་ཉིད་དང་། རྩ་མི་མངོན་པ་ཉིད་དང་། རྩ་མདུད་པ་མེད་པ་ཉིད་ཅེས་བྱ་

Vol. 88 · folio 197a

བ་དཔེ་བྱད་བཟང་པོ་བརྒྱད་གསུངས་པ་ཡིན་ནོ། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །

ཞེས་བྱ་བའི་ཚིག་རྐང་པ་གཅིག་གིས་ལྷག་པའི་ཚིགས་སུ་བཅད་པས་ནི་ལོང་བུ་མི་མངོན་པ་ཉིད་དང་། ཞབས་མི་མཉམ་པ་མེད་པ་ཉིད་དང་། སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ངང་པའི་སྟབས་སུ་གཤེགས་པ་ཉིད་དང་།

ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་། སྐུ་མཛེས་པར་གཤེགས་པ་ཉིད་དང་། སྐུ་དྲང་བ་ཉིད་དང་། སྐུ་འཁྲིལ་བག་ཆགས་པ་ཉིད་དང་། སྐུ་བྱི་དོར་བྱས་པ་ཉིད་དང་། སྐུ་རིམ་པར་འཚམ་པ་ཉིད་ཅེས་བྱ་བ་བཅུ་གཉིས་

སོ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །ཞེས་བྱ་བའི་ཚིག་རྐང་གསུམ་གྱིས་ནི་སྐུ་གཙང་བ་ཉིད་དང་། སྐུ་འཇམ་པ་ཉིད་དང་། སྐུ་རྣམ་པར་དག་པ་ཉིད་དང་། མཚན་རྫོགས་པ་ཉིད་དང་། སྐུའི་ཁོ་ལག་ཡངས་ཤིང་

མཛེས་པ་ཉིད་ཅེས་བྱ་བ་དཔེ་བྱད་བཟང་པོ་ལྔ་ཡིན་ནོ། །གོམ་སྙོམས་སྤྱན་ནི་དག་པ་དང་། །ཤིན་ཏུ་གཞོན་མདོག་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམ་པའི་སྐུ་ཉིད་དང་། །ཞེས་བྱ་བ་འདིས་ནི་གོམ་པ་སྙོམས་པ་ཉིད་དང་། སྤྱན་རྣམ་པར་དག་པ་ཉིད་དང་། སྐུ་ཤིན་

ཏུ་གཞོན་ཤ་ཆགས་པ་ཉིད་དང་། སྐུ་ཞུམ་པ་མེད་པ་ཉིད་དང་། སྐུ་རྒྱས་པ་ཉིད་དང་། སྐུ་ཤིན་ཏུ་གྲིམས་པ་ཉིད་ཅེས་བྱ་བ་དྲུག་གོ། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་མུན་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་

གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་ནི་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང་། གཟིགས་པ་རབ་རིབ་མེད་ཅིང་དག་པ་ཉིད་དང་། དཀུ་ཟླུམ་པ་ཉིད་དང་། དཀུ་སྐབས་ཕྱིན་པ་

Vol. 88 · folio 197b

ཉིད་དང་། དཀུ་མ་རྙོངས་པ་ཉིད་དང་། ཕྱལ་ཕྱང་ངེ་བ་ཉིད་དང་། ལྟེ་བ་ཟབ་པ་ཉིད་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། ཀུན་ནས་མཛེས་པ་ཉིད་ཅེས་བྱ་བ་དགུའོ། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །

ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །ཞལ་གཟུགས་གཟུགས་བརྙན་འབྱུང་བ་དང་། །ཞེས་བྱ་བ་ལ། ཞལ་འདི་ལ་གཟུགས་ཀྱི་གཟུགས་བརྙན་འབྱུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞལ་ཞེས་བྱ་བ་ནི་ཞལ་གདོང་སྟེ། ཞལ་གདོང་ལ་གཟུགས་ཀྱི་

གཟུགས་བརྙན་མངའ་བའོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་ནི་ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང་། སྐུ་ལ་སྨེ་བ་གནག་བག་མེད་པ་ཉིད་དང་། ཕྱག་ཤིང་བལ་ལྟར་འཇམ་པ་ཉིད་དང་། ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང་། ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཕྱག་གི་རི་མོ་རིང་

བ་ཉིད་དང་། ཞལ་ཧ་ཅང་ཡང་མི་རིང་བ་ཉིད་དང་། ཞལ་གདོང་ལ་གཟུགས་བརྙན་མཐོང་བ་ཉིད་ཅེས་བྱ་བ་བརྒྱད་དོ། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་

མཐོ་དང་། །མཆོག་ཏུ་དག་པ་ཉིད་དང་ནི། །ཞེས་བྱ་བ་ལ། མཆོག་ནི་ཤིན་ཏུ་བའོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་ནི་ལྗགས་མཉེན་པ་ཉིད་དང་། ལྗགས་སྲབ་པ་ཉིད་དང་། ལྗགས་དམར་བ་ཉིད་དང་། གླང་པོའི་ང་རོ་ཉིད་དང་། འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། གསུང་

སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང་། མཆེ་བ་ཟླུམ་པ་ཉིད་དང་། མཆེ་བ་རྣོ་བ་ཉིད་དང་། མཆེ་བ་དཀར་བ་ཉིད་དང་། མཆེ་བ་མཉམ་པ་ཉིད་དང་། མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། ཤངས་མཐོ་བ་ཉིད་དང་། གཙང་བ་ཉིད་ཅེས་བྱ་བ་བཅུ་གཉིས་སོ། །སྤྱན་ཡངས་པ་དང་རྫི་མ་སྟུག །

པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །འཕྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་

Vol. 88 · folio 198a

གཉིས་པོ་འདིས་ནི་སྤྱན་ཡངས་པ་ཉིད་དང་། རྫི་མ་སྟུག་པ་ཉིད་དང་། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་ཉིད་དང་། སྨིན་ཚུགས་རིང་བ་ཉིད་དང་། སྨིན་མ་འཇམ་པ་ཉིད་དང་། སྨིན་མ་སྣུམ་པ་ཉིད་དང་། སྨིན་མའི་སྤུ་མཉམ་པ་ཉིད་དང་། ཕྱག་རིང་ཞིང་

རྒྱས་པ་ཉིད་དང་། སྙན་མཉམ་པ་ཉིད་དང་། སྙན་མ་ཉམས་པ་ཉིད་དང་། དཔྲལ་བ་ལེགས་པར་འབྱེས་པ་ཉིད་དང་། དཔྲལ་བ་དབྱེས་ཆེ་བ་ཉིད་དང་། དབུ་ཤིན་ཏུ་རྒྱས་པ་ཉིད་ཅེས་བྱ་བ་བཅུ་གསུམ་མོ། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་འཇམ་མི་འཛིངས་ངོ་བོ་དང་། །མི་གཤོར་སྐྱེས་བུའི་ཡིད་འཕྲོག་

དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་བྱ་བ་ཚིག་རྐང་ལྔ་པོ་འདིས་ནི་དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་། དབུ་སྐྲ་སྟུག་པ་ཉིད་དང་། དབུ་སྐྲ་འཇམ་པ་ཉིད་དང་། དབུ་སྐྲ་མི་འཛིངས་པ་ཉིད་དང་། དབུ་སྐྲ་མ་གཤོར་བ་ཉིད་དང་།

དབུ་སྐྲ་དྲི་ཞིམ་པ་ཉིད་དང་། ཕྱག་དང་ཞབས་ཀྱི་མཐིལ་ལ་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་ཅེས་བྱ་བ་བདུན་ཡིན་ནོ། །དེ་དག་གཅིག་ཏུ་བྱས་ནས་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུ་དག་ཡིན་ནོ། །གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་

ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པ་སྐུ་དེ་ནི། །ཐུབ་པའི་སྤྲུལ་པ་རྒྱུན་མི་འཆད། །དེ་ལྟར་དེའི་ལས་འཁོར་བའི་བར། །རྒྱུན་མི་འཆད་པར་བཞེད་པ་ཡིན། །ཞེས་བྱ་བ་ལ། སྲིད་པ་ཇི་སྲིད་པར་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པ་དང་ནམ་མཁའ་ཇི་སྲིད་པའི་བར་དུའོ། །དེ་ལྟར་སྐུ་གསུམ་

གྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་བསྟན་ནས། དེའི་དབང་དུ་མཛད་པ་བརྗོད་པར་བྱ་བ་དེ་ལ། དངོས་པོ་མེད་པ་ཉིད་དུ་མངོན་སུམ་དུ་མཛད་པའི་ཆོས་ཐམས་ཅད་ལ་དགེ་བ་དང་། མི་དགེ་བ་ལ་སོགས་པ་རྣམ་པར་གཞག་པ་མི་རིགས་པའི་ཕྱིར་མི་རུང་ངོ་སྙམ་པའི་རབ་འབྱོར་གྱི་དྲི་བ་དང་། བཅོམ་

ལྡན་འདས་ཀྱི་ལན་དག་ཡིན་ནོ། །དེའི་མཛད་པ་ཡང་རྣམ་པ་དུ་ཞིག་ཅེ་ན། དེའི་ཕྱིར། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང་། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང་། །སེམས་ཅན་དོན་རྣམས་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་

Vol. 88 · folio 198b

དྲུག་དང་། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང་། །བརྡ་དང་དམིགས་པ་མེད་པ་དང་། །ལུས་ཅན་རྣམས་ནི་ཡོངས་སྨིན་དང་། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང་། །བྱང་ཆུབ་ཐོབ་པ་སངས་རྒྱས་ཞིང་། །

རྣམ་པར་དག་དང་ངེས་པ་དང་། །སེམས་ཅན་དོན་ནི་ཚད་མེད་དང་། །སངས་རྒྱས་བསྟན་སོགས་ཡོན་ཏན་དང་། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང་། །ཕྱིན་ཅི་ལོག་ནི་སྤང་བ་དང་། །དེ་བཞིན་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་

ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང་། །མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་འདི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་བྱ་བ་གསུངས་ཏེ། མཐའ་འགོད་པའི་སྒྲ་ནི་དབུས་མ་ཀུན་ལ་སྦྱར་བར་བྱའོ། །དེ་ལ་ངས་འདི་

ནས་ཞེས་བྱ་བའི་ཚིག་གསུམ་གྱིས་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བ་དག་རབ་ཏུ་ཞི་བ་ཡིན་ཏེ། དེ་སྤངས་ནས་བདེ་འགྲོར་འགྲོ་བའི་ཕྱིར་རོ། །ངས་འདི་ནས་ཞེས་བྱ་བའི་ཚིག་བཞི་པ་དང་། ལྔ་པ་དག་གིས་འདོད་པའི་ཡོན་ཏན་གྱིས་རྒྱལ་བ་དང་། ཚིག་དེའི་ནང་ནས་ཡོད་པའི་

ལྷའི་བུའི་སྒྲ་ཡིས་དེ་དང་འདྲ་བ་ལྷ་མ་ཡིན་དག་ཀྱང་གཟུང་བའི་ཕྱིར་ལྷ་དང་ལྷ་མ་ཡིན་དང་ཚངས་པ་དག་རང་གི་གནས་ཀྱི་ཉེས་པ་མཐོང་བས་མི་རྣམས་ཀྱི་ནང་དུ་འོང་བ་སྲིད་པའི་ཕྱིར་རོ། །མི་ལས་གཞན་པ་ཉིད་ཀྱི་འགྲོ་བ་རབ་ཏུ་ཞི་བའི་ལས་གསུངས་པ་ཡིན་གྱི། མི་རྣམས་ཀྱི་ནི་མ་ཡིན་ནོ། །

ངས་འདི་ནས་ཞེས་བྱ་བའི་ཚིག་དྲུག་པ་ནས་བརྩམས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་སྦྱིན་པར་རིག་པར་བྱའོ་ཞེས་བྱ་བ་ནས། བསྡུ་བའི་དངོས་པོ་རྣམ་པ་བཞི་ལ་འགོད་པའི་ལས་ཀྱི་བར་དུ་སྟེ། དེ་ལ་སྦྱིན་པའི་བསྡུ་བའི་དངོས་པོའི་དབྱེ་བ་རྣམ་

པ་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང་། འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པའོ། །དེ་ལ་དང་པོ་ནི་གྲུབ་པ་དང་བདེ་བ་དང་ལྡན་པའི་ལམ་ལ་བཀོད་དེ་ཞེས་བྱ་བའི་བར་དུའོ། །གཉིས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པར་བྱེད་དོ། །

Vol. 88 · folio 199a

ཞེས་བྱ་བའི་བར་དུའོ། །དེ་ལ་གསུམ་པ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་

བྱ་བ་ནས། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཞེས་བྱ་བའོ་ཞེས་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཤེས་པ་ལ་འགོད་པའི་ལས་སོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྒྱུ་མའི་མཁན་པོ་ཞེས་བྱ་བ་ནས། སེམས་ཅན་

དུ་གདགས་པ་ཡང་མི་དམིགས་ཏེ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་གྱི་དོན་ཇི་ལྟ་བ་བཞིན་ལ་བདག་ཉིད་འགོད་པའི་ལས་སོ། །བདག་ཀྱང་སྦྱིན་པ་གཏོང་ཞིང་ཞེས་བྱ་བ་ནས། མཐུན་པས་དགའ་བར་སྤྱོད་པ་ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པའི་ལས་སོ། །བདག་ཀྱང་

དགེ་བ་བཅུའི་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ཏེ་ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས་ཀྱི་ལམ་ལ་འགོད་པའི་ལས་སོ། །རབ་འབྱོར་གལ་ཏེ་ཡང་དག་པའི་མཐའ་ཡང་གཞན་ལ་ཞེས་བྱ་བ་ནས། ཐེ་ཚོམ་ཟ་བར་འགྱུར་བ་ལྟ་ག་ལས་འོང་ཞེས་བྱ་བའི་བར་གྱིས་རང་

བཞིན་གྱིས་སྟོང་པ་ཉིད་ལ་འགོད་པའི་ལས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱ་བ་ནས་མངོན་པར་རྟོགས་པར་བྱེད་པ་མེད་དེ་ཞེས་བྱ་བའི་བར་གྱིས་གཉིས་སུ་མེད་པའི་ཆོས་ལ་འགོད་པའི་ལས་སོ། །རབ་འབྱོར་དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་

པ་ཞེས་བྱ་བ་ནས། སེམས་ཅན་གྱི་དོན་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བརྡར་བཏགས་པ་ཤེས་པ་ལ་འགོད་པའི་ལས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇོག་གོ་ཞེས་བྱ་བའི་བར་གྱིས་ནི་དམིགས་སུ་མེད་པའི་ཡེ་ཤེས་

ལ་འགོད་པའི་ལས་སོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། སེམས་ཅན་གང་ཡང་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་འགོད་པ་ལས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། ཆོས་རྣམ་པར་འགོད་པ་བྱས་

Vol. 88 · folio 199b

ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པའི་ལས་སོ། །རབ་འབྱོར་དེ་ལ་ཞེས་བྱ་བ་ལ་སོགས་པ་ནས། ལམ་དེས་སེམས་ཅན་རྣམས་འཁོར་བ་ལས་ཐར་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་མངོན་པར་ཞེན་པ་ཐམས་ཅད་སྤངས་པ་

ལ་འགོད་པའི་ལས་སོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ནས། དབང་བསྒྱུར་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་འགོད་པའི་ལས་སོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། བྱང་ཆུབ་ཏུ་ངེས་པར་

འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་འགོད་པའི་ལས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལ་འགོད་པའི་ལས་སོ། །བཅོམ་ལྡན་འདས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་ཞེས་བྱ་བ་ནས། ཐབས་ལ་མཁས་པ་ལ་སྤྱོད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་གྱི་དོན་ཚད་མེད་པ་ལ་འགོད་པའི་ལས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས་བསྟེན་པ་ལ་སོགས་པ་ལ་འགོད་པའི་ལས་སོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། སེམས་ཅན་རྣམས་ཀྱི་དོན་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པའི་ལས་སོ། །དེ་ནས་ཚེ་དང་

ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ནི་ལས་དང་འབྲས་བུ་ཆུད་མི་ཟ་བ་ལ་འགོད་པའི་ལས་སོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ནས། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བདེན་པ་

མཐོང་བ་ལ་འགོད་པའི་ལས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། དངོས་པོ་ལས་རྣམ་པར་འབྲེལ་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕྱིན་ཅི་ལོག་སྤངས་པ་ལ་འགོད་པའི་ལས་སོ། །དེ་ནི་དོན་རྒྱས་པ་ཉིད་ཀྱི་ཕྱིར་བདག་གིས་ཀྱང་རྒྱས་པར་བཤད་པར་བྱ་སྟེ། གཟུགས་ལ་

Vol. 88 · folio 200a

སོགས་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བ་ནི་ཇི་ལྟར་ཚུལ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པ་མིང་ཙམ་དུ་ཟད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་མིང་ཙམ་དུ་ཟད་པ་ནི་སྟོང་པ་ཉིད་དོ་ཞེས་བྱ་

བའི་བར་དགོངས་སོ། །མིང་ཐོས་པ་ན་དངོས་པོ་ལ་དམིགས་པའི་ཕྱིར་མིང་ཙམ་དུ་ཟད་པ་མི་རིགས་པ་ཉིད་དང་། དངོས་པོ་མེད་པ་ཉིད་ལ་ནི་མིང་དེ་ཉིད་ཀྱང་མེད་པར་འགྱུར་རོ་ཞེས་བྱ་བ་ནི་བྱམས་པས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གང་འདི་གཟུགས་ཞེས་བྱ་བ་

ལ་སོགས་པ་ལ་གློ་བུར་བ་ཞེས་བྱ་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཏེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ཞེས་བྱ་བ་ལ། རྒྱུ་དང་རྐྱེན་གྱིས་སྤྲུལ་པ་ཉིད་ཀྱི་ཕྱིར་འདུ་བྱེད་དོ། །དེ་ཡང་འདི་ཡིན་ལ་མཚན་མ་ཡང་དེ་ཡིན་པས་ན་རྣམ་པར་ཤེས་པ་སོ་སོར་སྣང་བ་ཡིན་པའི་ཕྱིར་དངོས་པོ་ནི་དངོས་

པོའོ། །བླ་དགས་ནི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བཏགས་པ་ནི་ཐ་སྙད་འདོགས་པར་བྱེད་པ་རྣམས་ཀྱིས་སོ། །འདི་ཉིད་ཀྱི་རྒྱུ་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་མ་གཏོགས་པ་ཞེས་བྱ་བ་ནི་དངོས་པོ་མེད་དུ་ཟིན་ཀྱང་ངོ་། །ཡིད་ཆེས་པ་དང་ཁོང་དུ་ཆུད་པ་དང་

སོ་སོར་རིག་པར་འགྱུར་ཞེས་བྱ་བ་ནི་རྣམ་གྲངས་སོ། །བྱམས་པ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་ནི་འདིར་རྒྱུ་གཉིས་པ་གསུངས་པ་ཡིན་ནོ། །དེ་འགལ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་བྱམས་པས་བཅོམ་ལྡན་འདས་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བཅོམ་ལྡན་

འདས་ཀྱིས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་མིང་དང་འདུ་ཤེས་དང་གདགས་པ་དང་ཐ་སྙད་དུ་གཟུགས་ཞེས་བྱ་བ་གང་ཡིན་པ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་ངོ་བོ་ཉིད་དམ་བཏགས་པ་ཙམ་དུ་ཟད་ཅེས་གསུངས་པ་ལ། དེས་བཅོམ་ལྡན་འདས་བཏགས་པ་ཙམ་དུ་བས་སོ་ཞེས་གསོལ་ཏེ།

དངོས་པོར་མེད་དུ་ཟིན་ཀྱང་དེ་ལྟར་རྟོགས་སོ་ཞེས་བྱ་བར་བསམས་སོ། །བཅོམ་ལྡན་འདས་ཀྱིས་འོ་ན་བྱམས་པ་ཁྱོད་ཇི་ལྟ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བྱམས་པས་བཅོམ་ལྡན་འདས་དེ་སྟེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། གཟུགས་ལ་སོགས་པ་བཏགས་པ་ཙམ་ཉིད་

Vol. 88 · folio 200b

ལགས་པ་དེའི་ཚེ། བཏགས་པ་ཙམ་ཉིད་དེའི་ངོ་བོ་ཉིད་དམིགས་པ་ཉིད་དུ་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཏགས་པ་ཙམ་ཉིད་ནི་ངོ་བོ་ཉིད་མེད་པ་ཡིན་ཏེ། སྐྱེ་བ་དང་འཇིག་པ་ལ་སོགས་པ་དང་མི་ལྡན་པའི་ཕྱིར་རོ། །དེ་ལྟར་གཟུགས་ལ་སོགས་པའི་ངོ་བོ་ཉིད་བཀག་

པ་ན། བྱམས་པས་བཅོམ་ལྡན་འདས་ཅི་ལགས་ཞེས་བྱ་བ་ལ་སོགས་པ་ནི་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པ་འཇིག་རྟེན་གྱི་བརྡ་དང་ཐ་སྙད་དུ་ཡོད་ཀྱི། དོན་དམ་པར་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །བྱམས་པས་དེ་ལྟར་བདག་གིས་བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པའི་དོན་འཚལ་བ་ལྟར་ན་དབྱིངས་འདི་ནི་དོན་དམ་པར་བརྗོད་དུ་མ་མཆིས་སོ་ཞེས་གསོལ་ཏེ། དེ་སྟེ་ཞེས་བྱ་བ་ནི་གལ་ཏེ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་ཞེས་བྱ་བའི་དོན་ནི་མཐར་དགག་པར་བྱེད་པའོ། །དེ་ཇི་ལྟར་དོན་དམ་པར་འགྱུར་ཞེ་ན་བྱ་བ་སྟེ། བཅོམ་ལྡན་

འདས་ཅི་དོན་དམ་པར་ཡོད་དམ་མེད་ཅེས་བྱ་བའི་དོན་ཏོ། །དེ་སྐད་ཅེས་ཞུས་ནས་སུན་འབྱིན་པ་ནི་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། གལ་ཏེ་དངོས་པོ་དེ་དོན་དམ་པར་མ་མཆིས་ནའོ། །དེ་ཞེས་བྱ་བ་ནི་དེའི་ཚེ་དབྱིངས་དོན་དམ་པར་བརྗོད་དུ་མ་མཆིས་པ་ཇི་ལྟར་མཆིས་པར་འགྱུར་ཏེ།

མི་འགྱུར་རོ། །གང་གི་ཕྱིར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་བརྗོད་དུ་མེད་པའི་དབྱིངས་ཞེས་བྱ་བར་མི་རིགས་ཏེ། མེད་པ་ནི་རྟེན་དང་མི་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་བསམས་པའོ། །རྟེན་དུ་འདོད་ན་ཡང་མཚུངས་པར་འགྱུར་ཏེ། གང་དེ་ནི་དེ་ཉིད་ཀྱི་ཆོས་ཉིད་དེ། དེ་ཉིད་ཀྱི་ངོ་བོ་ཉིད་ཡིན་ནོ། །

བཅོམ་ལྡན་འདས་ཀྱིས་དེ་བས་ན་བྱམས་པ་ཁྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟོད་ཅིང་འདོད་པ་དང་སྤོབས་པས་སོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་སྤྱོད་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་མཐར་ཕྱིན་པའི་ཤེས་རབ་བོ། །དེ་སྤྱོད་པ་ན་མཉམ་པར་བཞག་པ་ཉིད་ཀྱི་ཕྱིར་

རྒྱུན་གྱིས་འཇུག་པའོ། །དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དམིགས་སུ་མ་མཆིས་སོ། །དེ་རྣམ་གྲངས་འདིས་ཀྱང་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཚིག་ཉེ་བར་དགོད་པའོ། །ཀྱང་གི་སྒྲས་ནི་འཆད་པར་འགྱུར་བ་ཡང་ངོ་། །རྣམ་གྲངས་ཞེས་བྱ་བ་ནི་རྣམ་པའོ། །གཞན་མ་ཡིན་ཞེས་བྱ་བ་ནི་ཆོས་དང་

Vol. 88 · folio 201a

ཆོས་ཉིད་དབྱེར་མེད་པའི་ཕྱིར་རོ། །གཞན་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཉིད་ཡང་དག་པར་རིག་པའི་ཡེ་ཤེས་ལ་དེ་སོ་སོར་མི་སྣང་བའི་ཕྱིར་རོ། །འདུ་བྱེད་ཅེས་བྱ་བ་ལ་སོགས་པས་ནི་རྣམ་གྲངས་གཞན་གསུངས་ཏེ། གཞན་ཡིན་པར་གྱུར་ན་ཞེས་བྱ་བ་ནི་

གལ་ཏེ་གཞན་ཡིན་པར་གྱུར་ནའོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟར་ཡིན་ན་ཞེས་བྱ་བའི་དོན་ཏོ། །མྱ་ངན་ལས་འདས་པའམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་གཞན་ཉིད་ཡིན་ན་ནི་དངོས་པོར་གྱུར་པའི་ཉོན་མོངས་

པ་དང་འབྲེལ་པའང་མེད་པའི་ཕྱིར་རོ། །གཞན་མ་ཡིན་པ་ཉིད་ཡིན་ན་ནི་དེའི་མཚན་མ་ཡང་བྱིས་པས་དམིགས་སུ་མེད་པར་འགྱུར་ཏེ། བརྗོད་དུ་མེད་པའི་དབྱིངས་དང་འདྲ་སྟེ། གང་གི་ཕྱིར་མཚན་མ་དམིགས་པ་ལའང་དེའི་གཉེན་པོའི་ཕྱོགས་ལ་རབ་ཏུ་སྦྱོར་བའི་སྒོམ་པ་ལྟར་བརྗོད་དུ་མེད་པའི་

དབྱིངས་ཐོབ་པར་འགྱུར་རོ། །བྱམས་པས་གསོལ་པ། བརྗོད་དུ་མེད་པའི་དབྱིངས་དང་ཉེ་བར་འབྲེལ་པའི་ཤེས་རབ་ཀྱི་སྤྱོད་པ་ལ་དངོས་པོ་དེ་དམིགས་སུ་མ་མཆིས་ན་དེ་ཅི་མ་མཆིས་པའམ་མཆིས་པ་ཡང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་འགའ་ཞིག་ཡོད་

པ་ཉིད་དམ་མེད་པ་ཉིད་དུ་འགྱུར་བ་གང་ཡང་མེད་ལ་འོན་ཀྱང་གང་གི་ཚེ་རྣམ་པར་རྟོག་པར་གྱུར་པ་དེའི་ཚེ་རྣམ་པར་རྟོག་པ་ལ་སྣང་བར་གྱུར་ལ། །རྣམ་པར་རྟོག་པ་དང་བྲལ་བ་ན་སྣང་བར་མི་འགྱུར་བ་དེ་བས་ན། དོན་དམ་པར་ཡོད་པ་མ་ཡིན་ཏེ། ཡེ་ཤེས་དམ་པའི་ཡུལ་མ་ཡིན་པ་ཉིད་ཀྱི་

ཕྱིར་རོ། །མེད་པ་ཉིད་ཀྱང་མ་ཡིན་ཏེ། རྣམ་པར་རྟོག་པའི་སྣང་བ་ཡིན་པའི་ཕྱིར་རོ། །ཆོས་རབ་ཏུ་འབྱེད་པ་ལ་མཁས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རབ་ཏུ་འབྱེད་པ་ནི་ངོ་བོ་ཉིད་གསུམ་སྟེ། གང་གཞན་དག་ལས་ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་གསུངས་པ་

འདིར་གོ་རིམས་བཞིན་དུ་ཀུན་བརྟགས་པའི་གཟུགས་ལ་སོགས་པ་དང་། རྣམ་པར་བརྟགས་པའི་གཟུགས་ལ་སོགས་པ་དང་། ཆོས་ཉིད་ཀྱི་གཟུགས་ལ་སོགས་པར་བསྟན་ཏོ། །དེ་ལ་སྣང་བ་ཡིན་ཡང་མེད་པའི་ཕྱིར་ཀུན་བརྟགས་པའོ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་གཞན་གྱི་དབང་

Vol. 88 · folio 201b

ངོ་། །གཞན་གྱི་དབང་ལ་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དུས་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་ཡོད་པའི་ཕྱིར་རོ། །གཞན་གྱི་དབང་གང་ཡིན་པ་དེ་ནི་རྣམ་པར་བརྟགས་པ་སྟེ། རྣམ་པ་གཞན་དུ་ཡོད་པ་ལ་རྣམ་པ་གཞན་དུ་སྣང་

བའི་ཕྱིར་རོ། །ཆོས་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་དེ། དེ་བས་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཆོས་ཉིད་ཅེས་བྱའོ། །གསོལ་པ། དེ་དག་གང་གི་རྫས་སུ་མཆིས་གང་གི་རྫས་སུ་མ་མཆིས། གང་ནི་རྫས་སུ་མ་མཆིས་པ་དང་རྫས་སུ་མཆིས་པ་མ་ལགས་པའི་

དོན་དམ་པས་རབ་ཏུ་ཕྱེ་བ་ལགས། བཅོམ་ལྡན་འདས་ཀྱིས་གསུམ་པོ་དག་གོ་རིམས་བཞིན་དུ་བཀའ་སྩལ་ཏོ། །དེ་ལ་རྣམ་པར་བརྟགས་པ་ནི་རྫས་སུ་ཡོད་པ་ཉེ་བར་བླངས་ནས་ཞེས་བྱ་བ་གསུངས་སོ། །གསོལ་པ་བཅོམ་ལྡན་འདས་ཀྱིས་འདི་ལྟར་གཟུགས་ཞེས་བགྱི་བ་གཉིས་སུ་མ་

མཆིས་པར་བརྩི་བ་ནས། ཆོས་ཐམས་ཅད་གཉིས་སུ་མ་མཆིས་པར་བརྩིས་ཞེས་བྱ་བ་ཇི་ལྟར་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དུ་བརྟགས་པ་ལ་སོགས་པ་གསུམ་པོ་གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་གཟུགས་མ་ཡིན། གཟུགས་མ་ཡིན་པ་ཡང་མ་ཡིན་ལ། གང་

གཟུགས་མ་ཡིན་གཟུགས་མ་ཡིན་པ་ཡང་མ་ཡིན་པ་དེ་ནི་གཉིས་སུ་མེད་དེ། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་ཡིན་པ་དེ་བས་ན་གཉིས་སུ་མེད་པའི་གྲངས་སུ་བྱས་པ་ཡིན་ནོ། །གསོལ་པ། བྱང་ཆུབ་སེམས་དཔའ་དེ་ལྟར་གཉིས་སུ་མེད་པ་ལ་མཁས་

པས་ཇི་ལྟར་མཚན་ཉིད་ཡོངས་སུ་ཤེས་པ་དང་། ཇི་ལྟར་མཚན་ཉིད་སྤང་བ་དང་། ཇི་ལྟར་མཚན་ཉིད་མངོན་སུམ་དུ་བགྱི་བ་དང་། ཇི་ལྟར་མཚན་ཉིད་བསྒོམ་པ་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་གཉིས་སྤངས་ནས་དེ་དབུ་མའི་ལམ་ལ་རབ་ཏུ་ཞུགས་པའི་

གང་གི་གཟུགས་ཡོངས་སུ་ཤེས་པ་ཡང་མ་ཡིན་ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡོངས་སུ་ཤེས་པ་ཡང་མ་ཡིན་ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །གང་སྤོང་བ་ཡང་མ་ཡིན་མི་སྤོང་བ་ཡང་མ་ཡིན་

Vol. 88 · folio 202a

པ་དེ་ཉིད་དེའི་སྤོང་བའོ། །གང་མངོན་སུམ་དུ་བྱེད་པ་ཡང་མ་ཡིན་མངོན་སུམ་དུ་མི་བྱེད་པ་ཡང་མ་ཡིན་པ་ཉིད་དེའི་མངོན་སུམ་དུ་བྱེད་པའོ། །གང་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སྤང་བར་བྱ་བའི་ཕྱིར་ལམ་བསྒོམ་པ་ཡང་མ་ཡིན། མི་སྒོམ་

པ་ཡང་མ་ཡིན་པ་དེ་ཉིད་དེའི་བསྒོམ་པའོ། །གསོལ་པ། དེ་ལྟར་ཡོངས་སུ་ཤེས་པ་ལ་སོགས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་མཆོག་ཏུ་ཟབ་པ་སྟེ། དེ་ལྟར་ན་དེ་མྱ་

ངན་ལས་འདས་པ་ཡང་མ་ཡིན། མྱ་ངན་ལས་མ་འདས་པ་ཡང་མ་ཡིན་པ་ནི་གཞན་གྱི་དོན་གྱི་དབང་དུ་མཛད་ནས་འཁོར་བ་ཡོངས་སུ་མ་སྤངས་པས་མྱ་ངན་ལས་འདས་པ་མ་ཡིན་ལ། རང་གི་དོན་གྱི་དབང་དུ་མཛད་ནས་མྱ་ངན་ལས་འདས་པ་ཡོངས་སུ་མ་བཏང་བས་མྱ་ངན་ལས་མ་

འདས་པ་མ་ཡིན་ཏེ། དེ་ནི་འཁོར་བ་ལས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཡང་མྱ་ངན་ལས་འདས་པར་རྣམ་པར་མི་རྟོག་གོ། །དེ་བས་ན་འདི་ལ་གཉི་ག་ཡང་སྲིད་པར་འགྱུར་ཏེ། གཉི་ག་ལ་ཡང་སྐྱོ་བ་མེད་པ་དེ་བས་ན་གཉི་ག་ཡོངས་སུ་མི་སྤོང་ངོ་། །གསོལ་པ། གཉི་ག་མ་བླངས་ན་ཇི་ལྟར་

གཉི་ག་བཏང་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉི་ག་བླང་བའམ་བླང་བར་བྱ་བ་མ་ཡིན་པ་མི་སྨྲའི། འོན་ཀྱང་སྟོང་པ་ཉིད་ལ་དམིགས་སུ་མེད་པའི་དབྱིངས་ལ་གནས་པ་ཉེ་བར་བླངས་ནས་བྱང་ཆུབ་སེམས་དཔས་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བར་སྨྲའོ། །

དེ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རྣམ་པར་མི་རྟོག་པའི་དབྱིངས་ལ་དམིགས་པའི་ཡེ་ཤེས་ཀྱིས་སེམས་ལ་དབང་དུ་གྱུར་པའི་ཐབས་ལ་མཁས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་བར་བསྟན་པའི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་བར་སྨྲའོ། །ཆོས་ཐམས་ཅད་དང་། དེའི་

སྟོང་པ་ཉིད་དང་། གང་དངོས་པོ་དང་། དངོས་པོ་མེད་པ་གཉིས་སུ་མེད་པ་དང་། གང་སྤྲོས་པ་མེད་པ་འདི་རྣམ་པར་མི་རྟོག་པའི་མཚན་ཉིད་མ་ལུས་པའོ། །གསོལ་པ། ཉན་ཐོས་ཐམས་ཅད་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལ་གནས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་

Vol. 88 · folio 202b

བཀའ་སྩལ་པ་དེ་ནི་མ་ཡིན་ནོ། །སེམས་ཅན་རྣམས་ནི་ཁམས་སྣ་ཚོགས་པ་དག་སྟེ། ཁ་ཅིག་དང་པོ་ནས་གྱ་ནོམ་པ་སྟེ་ཁྱད་པར་དུ་འཕགས་པ་དོན་དུ་གཉེར་ཏེ། དེ་ཉིད་ཁོང་དུ་ཆུད་པར་བྱེད་ལ་དེ་ཉིད་ཀྱིས་མགུ་བར་འགྱུར་རོ། །ཁ་ཅིག་དང་པོ་ཉིད་ནས་དམན་པའི་ཁྱད་པར་དོན་དུ་གཉེར་

ཞིང་དེ་ཉིད་ཐོབ་པ་དེས་མགུ་བར་འགྱུར་རོ། །འགའ་ཞིག་ནི་དང་པོ་ཉིད་ནས་ཁྱད་པར་དམན་པ་དོན་དུ་གཉེར་ཞིང་དེ་ཉིད་ཐོབ་ནས་དེ་ཉིད་ཀྱིས་མི་མགུ་བར་འགྱུར་བ་ཡོད་དེ། དེ་ལ་དང་པོ་ནི་བྱང་ཆུབ་སེམས་དཔའོ། །གཉིས་པ་ནི་ཉན་ཐོས་ཞི་བ་ཕྱོགས་གཅིག་པའོ། །གསུམ་པ་ནི་ཉན་

ཐོས་བྱང་ཆུབ་ཏུ་འགྱུར་བའོ། །དེ་ཇི་ལྟར་དགྲ་བཅོམ་པ་ཉིད་དུ་གྱུར་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དེ་དང་དེར་སྐྱེ་བར་འགྱུར་ཞེ་ན། བྱམས་པ་ངས་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བར་སྨྲས་པ་ནི་མ་ཡིན་གྱི། འོན་ཀྱང་མྱ་ངན་ལས་འདས་པའི་མཐར་

ཐུག་པར་འགྲོ་བའི་དགྲ་བཅོམ་པ་ལ་ཡང་བསམ་གྱིས་མི་ཁྱབ་པ་སྐྱེ་བར་འགྱུར་བ་དག་གིས་སོ། །གསོལ་པ། བྱང་ཆུབ་སེམས་དཔའི་བསམ་པ་རྒྱ་ཆེ་བ་དང་། དེ་དག་གི་ལྷག་པའི་བསམ་པ་མཐུ་ཆེ་བ་གང་ལགས། དེས་ན་དེ་དག་གྱ་ནོམ་པའི་ཁྱད་པར་དོན་དུ་གཉེར་ཞིང་དེ་ཉིད་ཐོབ་པར་

འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འདི་ནི་བརྒྱ་བྱིན་ཉིད་དང་འཇིག་རྟེན་སྐྱོང་བ་ཉིད་དང་འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པ་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལ་རྣམ་པ་ཐམས་ཅད་དུ་དོན་དུ་མི་གཉེར་གྱི་བླ་ན་མེད་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ཡོངས་སུ་

སྔོ་བར་བྱེད་དེ། དེ་དག་ལ་ཡང་ཆགས་པ་མེད་པ་ཉིད་དང་། འཛིན་པ་མེད་པ་འདི་ནི་དེ་དག་གི་བསམ་པ་རྒྱ་ཆེ་བའོ། །གང་ཡང་དེ་ལ་ཆགས་པ་མེད་པའི་བདེ་བ་དང་། འཛིན་པ་མེད་པའི་བདེ་བ་དང་མྱ་ངན་ལས་འདས་པའི་བདེ་བ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱེད་པར་འདོད་ཅིང་བྱང་

ཆུབ་ཆེན་པོར་དགེ་བའི་རྩ་བ་ཡོངས་སུ་སྔོ་བར་བྱེད་པ་དེ་ནི་འདིར་དེ་དག་གི་ལྷག་པའི་བསམ་པ་མཐུ་ཆེ་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་དྲི་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱི་ལན་ནོ། །དེ་

Vol. 88 · folio 203a

བས་ན་བྱང་ཆུབ་སེམས་དཔའ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འཁྲུལ་པ་ལོག་པར་འཛིན་པ་གང་ཡིན་པ་དེ་དག་ནི་ཕྱིན་ཅི་ལོག་སྟེ། དེ་དག་ཀྱང་བྱམས་པ་དང་རབ་འབྱོར་གྱི་ཚིག་གིས་སྟོན་པར་བྱེད་དོ། །དེ་དག་སྤངས་པ་དང་། དོར་བ་ལ་

འགོད་པ་ནི་བཅོམ་ལྡན་འདས་ཀྱི་བཀས་སོ། །དེ་ནི་འདིས་ཕྱིན་ཅི་ལོག་སྤངས་པ་ལ་འགོད་པའི་ལས་ཏེ་ཉི་ཤུ་རྩ་གཉིས་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་དོ་ཞེས་བྱ་བའི་བར་གྱིས་ཕྱིན་ཅི་ལོག་བཞི་མེད་པ་ལ་འགོད་པའི་

ལས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་ནས། ཚིག་གི་ལམ་ལས་འདས་པ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་བྱང་བ་ལ་འགོད་པའི་ལས་སོ། །གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། དོན་དམ་པར་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་བྱང་བའི་

ཚོགས་ལ་འགོད་པའི་ལས་སོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ནས། ཁྱུ་མཆོག་གི་མཐར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་འདུས་བྱས་དང་འདུས་མ་བྱས་ཐ་མི་དད་པར་ཤེས་པ་ལ་འགོད་པའི་ལས་སོ། །

གསོལ་པ། བཅོམ་ལྡན་འདས་ཞེས་བྱ་བ་ནས། ཡོད་པར་འགྱུར་རེ་སྐན་ཞེས་བྱ་བའི་བར་གྱིས་ནི་མྱ་ངན་ལས་འདས་པ་ལ་དགོད་པའི་ལས་སོ། །དེ་ནི་ཆོས་ཀྱི་སྐུའི་ཕྲིན་ལས་ཉི་ཤུ་རྩ་བདུན་བསྟན་པའོ། །ཇི་ལྟར་ན་སྐུ་གསུམ་པོ་ཆོས་ཀྱི་སྐུ་ཡིན་ཞེ་ན། གཞེས་ཤིང་ནམ་ཡང་འཇིག་པར་

མི་འགྱུར་བས་ན་ཆོས་སོ། །ཆོས་ཀྱང་འདི་ཡིན་ལ་སྐུ་ཡང་འདི་ཡིན་པས་ན་ཆོས་ཀྱི་སྐུ་སྟེ། ལུས་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་གྱིས་རྟག་པ་ཉིད་ཀྱིས་རྟག་པ་ཡིན་ཏེ། ཐོག་མ་དང་ཐ་

མ་མེད་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་འཇིག་པ་མེད་པའི་རྟག་པ་ཉིད་ཀྱིས་རྟག་པ་སྟེ། ཐོག་མ་དང་ལྡན་ཡང་ཐ་མ་མེད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་རྒྱུན་ཆགས་པའི་རྟག་པས་རྟག་པ་ཡིན་ཏེ། ཡུལ་ཐ་དད་པར་རྟག་པར་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་མཛད་པ་ཡང་རྟག་

Vol. 88 · folio 203b

པར་འཇུག་པ་ཡིན་ནོ། །ཇི་ལྟར་ན་མཛད་པ་ཆོས་ཀྱི་སྐུ་ཡིན་ཞེ་ན། མཛད་པ་དང་མཛད་པ་པོ་ཐ་དད་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་རྣམ་པ་བཞི་ཡིན་ཞེ་ན། འཇིག་རྟེན་པས་ཐ་དད་པ་བརྟགས་པའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ལ་བསྡུས་པའི་དོན་རྣམ་པ་བརྒྱད་

བསྟན་པ་ཡིན་ནོ། །མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམས་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག །འདི་ནི་འདིའི་བསྡུས་པའི་དོན་གཞན་རྣམ་པ་དྲུག་སྟེ། དེ་ལྟར་མཚན་ཉིད་ནི་ཀུན་མཁྱེན་རྣམ་པ་གསུམ་མོ། །མཚན་ཉིད་དེའི་སྦྱོར་བ་ནི། རྣམ་

པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ། །སྦྱོར་བའི་རབ་ནི་རྩེ་མོའི་མངོན་པར་རྟོགས་པའོ། །སྦྱོར་བའི་གོ་རིམས་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ། །སྦྱོར་བའི་མཐའ་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའོ། །སྦྱོར་བའི་འབྲས་བུ་ནི་ཆོས་ཀྱི་སྐུའོ། །ཡུལ་གྱི་རྒྱུ་ནི་

རྣམ་གསུམ་དང་། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །འདི་ནི་འདིའི་དོན་བསྡུས་པ་གཞན་རྣམ་པ་གསུམ་ཡིན་ཏེ། རྒྱུ་དང་སྦྱོར་བ་དང་འབྲས་བུ་ཞེས་བྱ་བའོ། །དེ་ལྟར་རྒྱུ་ནི་རྣམ་པ་གསུམ་སྟེ། ཐམས་ཅད་མཁྱེན་པ་

ཉིད་གསུམ་ནི་སྦྱོར་བའི་ཡུལ་ལོ། །སྦྱོར་བ་བཞིའི་བདག་ཉིད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང་། རྩེ་མོའི་མངོན་པར་རྟོགས་པ་དང་། མཐར་གྱིས་པའི་མངོན་པར་རྟོགས་པ་དང་། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའོ། །སྦྱོར་བའི་འབྲས་བུ་ནི་ཆོས་ཀྱི་སྐུ་དང་ཆོས་ཀྱི་སྐུ་དེའི་ཕྲིན་

ལས་ཀྱང་ངོ་། །ཐུབ་པས་ཚིག་གི་སྤྱོད་ཡུལ་དག་ལས་འདས་པར་མཁྱེན་ནས་གསུང་གི་ཕ་རོལ་ཕྱིན་མཆོག་གང་གསུངས་པ། །ལ་ལར་གཞན་གྱི་སྟོབས་ལས་ཅུང་ཞིག་བསགས་པར་གྱུར་ཀྱང་བདག་ལ་དེ་དོན་བརྗོད་ནུས་ག་ལ་ཡོད། །བདག་གིས་སངས་རྒྱས་ཡུམ་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་

བྱས་ལས། །ཤེལ་ལྟར་དངས་ཤིང་མཁའ་བཞིན་མཉམ་མེད་བསོད་ནམས་གང་ཐོབ་པ། །དེ་ལས་བྱང་ཆུབ་ཆེན་པོ་ཐོབ་ནས་འགྲོ་བ་མཐའ་མེད་པའི། །ལམ་གྱུར་སྲོག་ཆགས་ཀུན་གྱིས་དེ་ལས་རྟག་པའི་གནས་ཐོབ་ཤོག །མངོན་པར་རྟོགས་པའི་རྒྱན་གྱི་ནི། །འགྲེལ་པ་དག་ལྡན་ཞེས་བྱ་

Vol. 88 · folio 204a

བ། །རིན་ཆེན་འབྱུང་གནས་འབད་པ་ཡིས། །མདོར་བསྡུས་ཚིག་གསལ་སྦྱར་བ་ཡིན། །འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་བརྙེས་པ། མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དག་ལྡན་ཞེས་བྱ་བ་

རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་ལྷ་བཙན་པོ་ཁྲི་བཀྲ་ཤིས་འོད་ལྡེ་བཙན་གྱི་བཀས་རྒྱ་གར་གྱི་མཁན་པོ་ཤྲཱི་སུ་བྷཱུ་ཏི་ཤཱནྟིའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང་། དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །སླད་

ཀྱི་པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་གཏན་ལ་ཕབ་སྟེ་བཅོས་པའོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words