No title in the text — opening words: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 91 · folio 1b
༄༅༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་བདག་ཉིད་ཕ་རོལ་ཕྱིན་པའི་གཙོ། །
རྒྱལ་བའི་ཡུམ་ལ་གུས་པར་ཕྱག་འཚལ་ནས། །བླ་མའི་ལུང་གིས་བདག་ལ་ཕན་པའི་ཕྱིར། །འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །དེ་བཞིན་གཤེགས་པ་རྣམས་ཀྱི་
གཟུགས་ཀྱི་སྐུ་དང་། དམ་པའི་ཆོས་ཀྱི་ཚོགས་སྲུང་བར་གཏོགས་པའི་ཕྱིར། འཕགས་པ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ། འཕགས་པ་བྱམས་པས་འཁོར་གྱི་ནང་དུ་དྲིས་པ་
དང་། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་འདི་བདག་གིས་ཐོས་པར་ཁས་འཆེས་སོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་དོ། །
ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། བཅོམ་ལྡན་འདས་ཀྱིས་བཤད་པ་ནི། ཕྱག་ན་རྡོ་རྗེ་བདག་ཉིད་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་
Vol. 91 · folio 2a
ཁམས་སྣ་ཚོགས་ནས་འདུས་པའི་འདུལ་བའི་རིགས་དང་། བསམ་པ་དང་། སྤྱོད་པ་དང་། མོས་པ་དང་། དབང་པོ་ཐ་དད་པ་རྣམས་ལ། སྐད་ཅིག་གཅིག་ལ་ཡང་མི་རྟག་པ་དང་། སྡུག་བསྔལ་
བ་དང་། སྟོང་པ་དང་། བདག་མེད་པ་དང་། མི་སྐྱེ་བ་དང་། མི་འགག་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་ལ་སོགས་པར་དབྱེ་བ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་
མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འཕགས་པའི་བདེན་པ་ལ་སོགས་པར་དབྱེ་བ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་ལ་སོགས་
པར་དབྱེ་བ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པར་དབྱེ་བ་རྣམས། སྐད་སྣ་ཚོགས་དང་། སྒོ་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། ཆོ་
འཕྲུལ་སྣ་ཚོགས་དང་། འཇུག་པ་སྣ་ཚོགས་དང་། འབྲས་བུ་ཐོབ་པ་སྣ་ཚོགས་ཀྱིས་སྐད་ཅིག་དེ་ཉིད་ལ་བཤད་པའི་ཡེ་ཤེས་གཅིག་གིས་སྟོན་ཏེ། དེ་སྙེད་ཅིག་ཆར་ཕྱག་ན་རྡོ་རྗེའི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར།
Vol. 91 · folio 2b
བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་དོ་ཞེས་མ་བརྗོད་ཀྱི། བདག་གི་སྤྱོད་ཡུལ་དུ་ཅི་ཙམ་གྱུར་པ་ཉི་ཚེ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བར་སྟོན་ཏོ། །དེ་ལྟར་ཅིས་མངོན་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཞི་བའི་བློ་གྲོས་
ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་གྲངས་མེད་པ་དག་ན། སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་ཇི་སྙེད་ཡོད་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གིས། སའི་ཁམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་སྟེ། ཞི་བའི་བློ་
གྲོས་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་ཅན་དེ་དག་ཐམས་ཅད་འདི་ལྟ་སྟེ། གནས་བརྟན་ཤཱ་རིའི་བུའི་ཤེས་རབ་དང་། ཡེ་ཤེས་ལྟ་བུ་དང་ལྡན་པར་ཡང་གྱུར་ལ། ཤཱ་རིའི་བུ་ལྟ་བུའི་སེམས་ཅན་དེ་དག་ཐམས་ཅད་
ཀྱི་ཤེས་རབ་དང་། ཡེ་ཤེས་གང་ཡིན་པའི་ཤེས་རབ་དང་། ཡེ་ཤེས་དེ་སེམས་ཅན་གཅིག་ལ་ཡོད་པར་གྱུར་ཏེ། རྣམ་གྲངས་འདིས། སེམས་ཅན་ཐམས་ཅད་ཤེས་རབ་དང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་ཅན་དེ་དག་ཐམས་ཅད་ཀྱིས། བསྐལ་
པ་ལས་ལྷག་པར་ཐེ་ཚོམ་དྲི་བ་བསམས་ཤིང་གཞལ་ཏེ་ཡོངས་སུ་བཙལ་ལ། སེམས་ཅན་གཅིག་གིས་ཐེ་ཚོམ་དྲི་བ་གང་ཡིན་པ་དེ་གཉིས་པ་མ་ཡིན་པའི་རྣམ་གྲངས་འདིས། ཞི་བའི་བློ་གྲོས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་དྲི་བ་ཐ་དད་པ་བསམས་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་དོང་ནས། སེ་གོལ་
གཏོགས་པ་སྲིད་ལ་ཐེ་ཚོམ་དྲི་བ་དེ་དག་གསོལ་ཀྱང་། བཅོམ་ལྡན་འདས་ཀྱིས་སེམས་གཅིག་གིས་རྗེས་སུ་ཞུགས་པའི་དྲན་པས། དེ་དག་གིས་ཐེ་ཚོམ་ཐམས་ཅད་བཟུང་ནས། གསུང་གཅིག་བརྗོད་པས་ཐེ་ཚོམ་ཐམས་ཅད་གཅོད་དེ། དེ་དག་ཐམས་ཅད་ཀྱང་རང་གི་ཐེ་ཚོམ་བསལ་
བར་ཤེས་ཤིང་། ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པས་ཐམས་ཅད་ཀྱང་སེམས་རངས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པས་འདུལ་བ་རྣམས་ལ་བསྟན་པའི་རིམ་པ་དེ་ནི། བྱང་ཆུབ་སེམས་དཔའ་ཆོས་
Vol. 91 · folio 3a
སྡུད་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་དོ་ཞེས་མ་བརྗོད་པར་བདག་གི་སྤྱོད་ཡུལ་དུ་ཇི་ཙམ་གྱུར་པ་དང་། ཅི་ཐོས་པ་ཉི་ཚེ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་གསུངས་སོ། །དུས་གཅིག་
ན་ཞེས་བྱ་བ་ནི། དུས་གང་ཡང་རུང་བ་ཅིག་གཅིག་ན་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དུས་ངེས་པ་མ་མཛད་ཅེ་ན། དུས་ངེས་པར་བསྟན་པ་ཆེད་མི་ཆེ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རྩོད་པ་མེད་པར་བྱ་བའི་ཕྱིར་ཡང་། དུས་ངེས་པ་མ་བསྟན་ཏེ། འདི་ལྟར། དེ་བཞིན་
གཤེགས་པ་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ཀྱི་ཚེ་འཇིག་རྟེན་གྱི་ཁམས་སྣ་ཚོགས་དང་། གནས་སྣ་ཚོགས་རྣམས་སུ་བྱང་ཆུབ་སེམས་དཔའ་འམ། གཞན་ཡང་རུང་སྟེ། འདུལ་བ་སྣ་ཚོགས་རྣམས་ལ་ཆོས་བཤད་པ། རྣམ་པ་སྣ་ཚོགས་མཛད་པར་སྣང་སྟེ། གལ་
ཏེ་བྱང་ཆུབ་སེམས་དཔའ་འམ། གཞན་དག་ཀྱང་རུང་སྟེ། གདུལ་བའི་འགྲོ་བ་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་ན། འདི་སྐད་དུ་དེའི་ཚེ་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་ཁམས་འདིར་ཡུལ་འདི་ཞེས་བྱ་བ་ན། བདག་ཅག་གི་དེ་ན་བཞུགས་སོ། །བདག་
ཅག་གི་དེ་ན་བཞུགས་སོ་ཞེས་རྩོད་པའམ། ཡིད་གཉིས་སུ་འགྱུར་བ་ཡང་སྲིད་དེ། དེ་ལྟར་འགྱུར་དུ་དོགས་པའི་ཕྱིར། ཐམས་ཅད་དུ་ཡང་ཆོས་སྡུད་པ་མཛད་པ་རྣམས་ཀྱིས་དུས་ངེས་པ་མ་མཛད་དོ། །ཡང་རྣམ་པ་གཅིག་ཏུ་ན། རྒྱལ་པོའི་ཁབ་ན་ལན་མང་དུ་བཞུགས་
བཞུགས་པའི་ཕྱིར། རྒྱལ་པོའི་ཁབ་ན་བཞུགས་པའི་དུས་ཅིག་གཅིག་ན་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལྡན་པ་ལ་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་རྟེན་བརྟེན་པར་བྱ་བ་དང་ལྡན་པ་ལ་ཡང་། བཅོམ་ལྡན་འདས་ཞེས་བྱ་སྟེ།
བརྟེན་པར་བྱ་བ་ཡང་རྣམ་པ་དྲུག་སྟེ། དབང་ཕྱུག་དང་། ཡེ་ཤེས་དང་། གྲགས་པ་དང་། དཔལ་དང་། བསོད་ནམས་དང་། བརྩོན་འགྲུས་དང་། བརྟེན་པར་བྱ་བ་འདི་རྣམས། དེ་བཞིན་གཤེགས་པ་ལ་མངའ་ཞིང་ལྡན་པས་ན། བཅོམ་ལྡན་འདས་ཞེས་བྱའོ། །
Vol. 91 · folio 3b
རྒྱལ་པོའི་ཁབ་ན་བཞུགས་ཞེས་བྱ་བ་ནི། བཅོམ་ལྡན་འདས་བཞུགས་པའི་གནས་མཆོད་རྟེན་དུ་གྱུར་པ་བསྟན་པས། སེམས་ཅན་རྣམས་ཀྱི་བསོད་ནམས་འཕེལ་བར་འགྱུར་བའི་ཕྱིར་གནས་ངེས་པར་བསྟན་ཏོ། །གནས་དེ་ན་བཞུགས་པ་ཡང་རྣམ་པ་བཞིས་བཞུགས་ཏེ།
སྤྱོད་ལམ་གྱིས་བཞུགས་པ་དང་། ཆོས་འཆད་པས་བཞུགས་པ་དང་། སྙོམས་པར་འཇུག་པས་བཞུགས་པ་དང་། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །དེ་ལ་སྐུའི་ཕྲིན་ལས་སུ་གཏོགས་པ་གང་ཅི་ཡང་རུང་སྟེ་ཞེས་དེ་དག་ཐམས་ཅད་ནི་སྤྱོད་ལམ་གྱིས་བཞུགས་པའོ། །
གསུང་གི་ཕྲིན་ལས་གང་ཡིན་པ་དེ་དག་ཐམས་ཅད་ནི་ཆོས་འཆད་པས་བཞུགས་པའོ། །ཐུགས་ཀྱི་ཕྲིན་ལས་གང་ཡིན་པ་དེ་དག་ཐམས་ཅད་ནི་སྙོམས་པར་འཇུག་པས་བཞུགས་པ་དང་། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །དེ་ལ་རྟག་ཏུ་མཉམ་པར་འཇོག་ཅིང་ཏིང་ངེ་
འཛིན་ལ་སྙོམས་པར་འཇུག་པ་ནི་སྙོམས་པར་འཇུག་པའི་བཞུགས་པའོ། །ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་དགོངས་པ་དང་། ལྷ་ལ་སོགས་པ་འོང་བའི་གོ་སྐབས་དབྱེ་བའི་ཕྱིར་གཅིག་པུ་དབེན་པ་ན་བཞུགས་པ་ནི། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །རྒྱལ་
པོའི་ཁབ་ཀྱི་རི་བྱ་རྒོད་འཕུངས་པ་ལ་ཞེས་བྱ་བ་ནི། གནས་ཕུན་སུམ་ཚོགས་པ་བསྟན་ཏེ། ཡུལ་དེ་ན་འདྲེ་གདོན་གྱིས་རྟག་ཏུ་གཙེས་པ་ལས། གྲོང་ཁྱེར་གྱི་མིང་རྒྱལ་པོའི་ཁབ་ཏུ་བཏགས་ནས་འདྲེ་གདོན་གྱིས་མི་ཚུགས་པར་གྱུར་ཏེ། དེ་ཚུན་ཆད་ཡུལ་དང་གྲོང་ཁྱེར་དེ་
རྒྱལ་པོའི་ཁབ་ཏུ་གྲགས་སོ། །ཡང་རྣམ་པ་གཅིག་ཏུ་ན་གྲོང་ཁྱེར་དེ་གྲོང་ཁྱེར་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ། རྒྱལ་པོ་དང་འདྲ་བའི་ཕྱིར་རྒྱལ་པོའི་ཁབ་ཅེས་བྱའོ། །མདོ་སྡེ་འདི་ཡང་གསུང་རབ་ཐམས་ཅད་ཀྱི་གཙོ་བོ་ཡིན་པར་བསྟན་པའི་ཕྱིར། གྲོང་ཁྱེར་གྱི་མཆོག་དེར་བཤད་
པ་སྨོས་སོ། །རྒྱལ་པོའི་ཁབ་ཅེས་བྱ་བའི་ཡུལ་དང་གྲོང་ཁྱེར་དེ་ཡང་རབ་ཏུ་རྒྱ་ཆེ་བས། རྒྱལ་པོའི་ཁབ་ཀྱི་ས་ཕྱོགས་གང་ཁོ་ན་ན་བཞུགས་པ་མི་ཤེས་ཏེ། དེ་གསལ་བར་བསྟན་པའི་ཕྱིར། རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་འཕུངས་པ་ལ་ཞེས་བྱ་བ་གསུངས་སོ། །རི་དེའི་
Vol. 91 · folio 4a
དབྱིབས་བྱ་རྒོད་འཕུངས་པ་འདྲ་བའི་ཕྱིར་བྱ་རྒོད་འཕུངས་པ་ཞེས་བྱའོ། །རྒྱལ་པོའི་ཁབ་དང་རི་བྱ་རྒོད་འཕུངས་པ་ཞེས་བྱ་བའི་གནས་གཉིས་སྨོས་པ་ནི་ཁྱིམ་པའི་ཕྱོགས་དང་། རབ་ཏུ་བྱུང་བའི་ཕྱོགས་གཉིས་ལ་ཕན་འདོགས་པ་བསྟན་པ་སྟེ། རྒྱལ་པོའི་
ཁབ་སྨོས་པས་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་མཛད་ཅིང་གཤེགས་པའི་ཚེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་རྣམས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ན་དད་པ་སྐྱེས་ཏེ། བསོད་སྙོམས་ལ་སོགས་པ་འབུལ་ཞིང་། བསོད་སྙོམས་
བྱེད་པའི་སྒོ་ནས་ཕན་འདོགས་སོ། །རི་བྱ་རྒོད་འཕུངས་པ་སྨོས་པས་རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པ་རྣམས་ལ། ཆོས་ཀྱིས་ཕན་འདོགས་པ་བསྟན་པ་སྟེ། རབ་ཏུ་བྱུང་བ་རྣམས་འདུ་འཛིའི་ནང་ན་མི་གནས་པར་དགོན་པའི་ས་ཕྱོགས་རི་ལ་གནས་པ་རྣམས་ལ་དམ་པའི་ཆོས་
བཤད་པའི་སྒོ་ནས་ཕན་འདོགས་པའི་ཕྱིར་རོ། །དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ་ཞེས་བྱ་བ་ལ་སོགས་པས་འཁོར་ཕུན་སུམ་ཚོགས་པ་བསྟན་པ་སྟེ། འཁོར་ཡང་དགེ་སློང་གི་འཁོར་དང་། བྱང་ཆུབ་སེམས་དཔའི་འཁོར་རྣམ་པ་གཉིས་
ཏེ། དེ་གཉིས་ལས་དགེ་སློང་གི་འཁོར་སྔར་སྨོས་པ་ནི། རབ་ཏུ་བྱུང་བ་རྣམས་སྦྱིན་གནས་སུ་གྱུར་པའི་མཆོག་ཡིན་པས། འཇིག་རྟེན་པས་མཆོད་ཅིང་བཀུར་སྟི་བྱ་བའི་འོས་ཡིན་པ་དང་། བཅོམ་འདས་ཀྱི་ཞམ་འབྲིང་ན་རྟག་ཏུ་གནས་པ་དང་། འཇིག་རྟེན་པ་ཐམས་ཅད་ཀྱི་
སྤྱོད་ཡུལ་དུ་གྱུར་པའི་ཕྱིར་དགེ་སློང་གི་འཁོར་སྔར་སྨོས་སོ། །བྱང་ཆུབ་སེམས་དཔའི་འཁོར་ནི། ཁྱིམ་པའི་ཚུལ་དུ་གནས་པས་སྦྱིན་གནས་སུ་མ་གྲགས་པ་དང་། སེམས་ཅན་གྱི་དོན་ལ་གཤེགས་པས་ཞམ་འབྲིང་ན་མི་རྟག་པ་དང་། འཇིག་རྟེན་པ་ཐམས་ཅད་ཀྱི་སྤྱོད་ཡུལ་
མ་ཡིན་པའི་ཕྱིར་ཕྱིས་སྨོས་སོ། །དགེ་སློང་ལྔ་སྟོང་ཙམ་དང་ཞེས་བྱ་བའི་གྲངས་སྨོས་པས་འཁོར་མང་བ་བསྟན་པའོ། །ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཞེས་བྱ་བ་ལ་སོགས་པས་ནི། འཁོར་རྣམས་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་པའི་སྒོ་ནས་ཆེ་བ་
Vol. 91 · folio 4b
ཉིད་བསྟན་པ་སྟེ། ཐམས་ཅད་ཀྱང་ཞེས་བྱ་བས་ནི་འཁོར་འཕགས་པ་ཉན་ཐོས་དེ་དག་ཐམས་ཅད་ཀྱང་། དགྲ་བཅོམ་པ་ཤ་སྟག་སྟེ། འཁོར་དེའི་ནང་ན་རྒྱུན་ཏུ་ཞུགས་པ་ལ་སོགས་པ་སློབ་པའི་གང་ཟག་གམ། སོ་སོའི་སྐྱེ་བོ་གཅིག་ཀྱང་མེད་པར་བསྟན་པའོ། །དགྲ་
བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ་པའི་ཕྱིར་རོ། །ཡང་རྣམ་པ་གཅིག་ཏུ་ན། ཨ་རི་ཧན་ཞེས་བྱ་བ་མི་སྐྱེ་བའི་དོན་ལ་ཡང་སྙེག་སྟེ། འཁོར་བར་སླར་མི་སྐྱེ་བའི་ཆོས་ཉིད་ཅན་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་པ་གཅིག་ཏུ་ན། ཨ་རི་ཧན་ཞེས་བྱ་
བ་འོས་པའམ། ནུས་པ་ལ་ཡང་སྙེག་སྟེ། བདག་གི་དོན་ཐམས་ཅད་ཡོངས་སུ་རྫོགས་པས། གཞན་ལ་རྗེས་སུ་སྟོན་པར་འོས་ཤིང་ནུས་པའམ། དགེ་འདུན་དཀོན་མཆོག་ཅེས་བྱ་བར་འོས་པའམ། ཁམས་གསུམ་གྱི་མི་དང་ལྷའི་གཙོ་བོ་རྣམས་ཀྱིས་མཆོད་པ་རྣམ་པ་
དུ་མས་མཆོད་པར་འོས་པ་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་པ་གཅིག་ཏུ་ན་ཨ་རི་ཧན་ཞེས་བྱ་བ་མཆོད་པ་ལ་ཡང་སྙེག་སྟེ། འཕགས་པ་དགྲ་བཅོམ་པ་དེ་དག་དེ་བཞིན་གཤེགས་པ་ལ་སྒྲུབ་པའི་མཆོད་པས་རྒྱུན་མི་འཆད་པར་མཆོད་པར་བྱེད་པའི་ཕྱིར་ཡང་དགྲ་བཅོམ་
པ་ཞེས་བྱའོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་ཟག་པ་རྣམ་པ་བཞི་སྟེ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པ་རྣམས་སྤངས་ཏེ་ཟད་པར་གྱུར་པ་ལ་ཡང་། ཟག་པ་ཟད་པ་ཞེས་བྱ་སྟེ། དེ་ལ་འདོད་པའི་ཟག་པ་ནི། འདོད་པའི་
ཁམས་སུ་གཏོགས་པའི་ཉོན་མོངས་པ་རྣམས་སོ། །སྲིད་པའི་ཟག་པ་ནི་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པའི་ཉོན་མོངས་པ་རྣམས་སོ། །མ་རིག་པའི་ཟག་པ་ནི་ཁམས་གསུམ་ཆར་གྱི་མ་རིག་པའོ། །ལྟ་བའི་ཟག་པ་ནི། ལྟ་བ་ལྔ་སྟེ།
འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཆོས་འདི་རྣམས་ཀྱིས་སེམས་ཅན་རྣམས་འཁོར་བར་འཁོར་ཞིང་ངན་སོང་དུ་ལྟུང་བར་བྱེད་པའི་ཕྱིར་ཟག་པ་
Vol. 91 · folio 5a
ཟད་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་སྨིན་པའི་ཕུང་པོའི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་སྤངས་ཤིང་
མེད་པ་ལ་བྱ་སྟེ། དེ་ལ་ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་ཀྱི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ལས་རྣམས་བྱེད་པས་ཉོན་མོངས་པའོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །རྣམ་པར་སྨིན་པའི་
ཀུན་ནས་ཉོན་མོངས་པ་ནི་སྡུག་བསྔལ་ཞིང་ཉོན་མོངས་པར་འགྱུར་བའི་གཞི་ཕུང་པོ་ལྔ་ལ་བྱའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་མའི་མངལ་ནས་འབྱུང་བའི་ཚེ་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བ་སྟེ། དེ་རྣམས་མེད་པ་ལ་ཉོན་མོངས་པ་མེད་པ་ཞེས་བྱའོ། །དབང་དུ་གྱུར་པ་
ཞེས་བྱ་བ་ནི་དབང་བཞི་དང་ལྡན་པ་ལ་བྱ་སྟེ། བཞི་གང་ཞེ་ན། རྫུ་འཕྲུལ་ལ་དབང་བ་དང་། དབང་པོ་ལ་དབང་བ་དང་། ཏིང་ངེ་འཛིན་ལ་དབང་བ་དང་། ཤེས་རབ་ལ་དབང་བའོ། །དེ་ལ་རྫུ་འཕྲུལ་ལ་དབང་བས་ནི་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་
དེ་དག་གི་དབང་དུ་འགྱུར་རོ། །དབང་པོ་ལ་དབང་བས་ནི་སྤྱོད་ལམ་ཉེ་བར་ཞི་བས་དེ་དག་ལ་འཇིག་རྟེན་རྣམས་དགའ་བ་སྐྱེ་བར་བྱེད་དོ། །ཏིང་ངེ་འཛིན་ལ་དབང་བས་ནི་བདག་གི་སེམས་དབང་དུ་འགྱུར་རོ། །ཤེས་རབ་ལ་དབང་བས་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པ་
ཐམས་ཅད་མེད་པར་བྱེད་དེ་བཅིངས་པ་ལས་གྲོལ་བ་བཞིན་དུ་རང་དབང་ཐོབ་པར་འགྱུར་རོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བས་ནི་སྲེད་པའི་ཕྱོགས་སུ་གཏོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པར་བསྟན་པ་སྟེ། དེ་ལྟར་སེམས་
རྣམ་པར་གྲོལ་བ་ཐོབ་པས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་གྱུར་པ་བསྟན་ཏོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བས་ནི་མ་རིག་པའི་ཕྱོགས་སུ་གཏོགས་པའི་ཉོན་མོངས་པ་རྣམས་སྤངས་པ་བསྟན་ཏེ། དེ་ལྟར་ཤེས་རབ་རྣམ་པར་གྲོལ་བ་ཐོབ་པས་
Vol. 91 · folio 5b
ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བསྟན་ཏོ། །ཅང་ཤེས་པ་ཞེས་བྱ་བ་ནི་འཇིགས་པ་མེད་པ་ལ་བྱ་སྟེ། དེ་བས་ན་མདོ་སྡེ་དག་ལས་ཀྱང་། འཇིགས་པ་མེད་པའི་ཕྱིར་ཅང་ཤེས་པ་ལྔ་གསུངས་པ་ལྟ་བུ་སྟེ། ལྕེ་འབབ་པ་
ལ་སོགས་པ་འབྱུང་བའི་བག་ཚ་བ་དང་། འཇིགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་པ་དང་། འཐབ་མོའི་འཇིགས་པ་མེད་པས་རྟ་དང་གླང་པོ་ཆེ་ཅང་ཤེས་པ་དང་། གཞན་གྱིས་གནོད་པ་བྱེད་པའི་འཇིགས་པ་མེད་པས་སེང་གེ་ཅང་ཤེས་པ་དང་། འཆི་བའི་འཇིགས་པ་མེད་པས་དགྲ་
བཅོམ་པ་ཅང་ཤེས་པ་རྣམས་སོ། །འདིར་ནི་ཅང་ཤེས་པ་ཞེས་བྱ་བས་བག་ཚ་བ་བཞི་མེད་པ་བསྟན་ཏེ། བཞི་གང་ཞེ་ན། སྡུག་བསྔལ་གྱིས་བག་ཚ་བ་དང་། འཇིགས་པས་བག་ཚ་བ་དང་། འཇིག་རྟེན་གྱི་ཆོས་ཀྱིས་བག་ཚ་བ་དང་། མི་ཤེས་པས་བག་ཚ་བའོ། །དེ་ལ་མྱ་
ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་མེད་པས་སྡུག་བསྔལ་གྱིས་བག་ཚ་བ་མེད་དོ། །བདག་གིས་སྨད་པ་དང་། གཞན་གྱིས་སྨད་པ་དང་། ངན་འགྲོར་ལྟུང་བ་དང་། འཚོ་བ་མི་འབྱོར་བ་དང་། ཆད་པས་གཅད་དུ་དོགས་པ་དང་། མི་སྙན་
པར་གྲགས་སུ་དོགས་པ་དང་། འཆི་བས་འཇིགས་པ་རྣམས་མེད་པའི་ཕྱིར་འཇིགས་པའི་བག་ཚ་བ་མེད་དོ། །རྙེད་པ་དང་མ་རྙེད་པ་དང་། གྲགས་པ་དང་མ་གྲགས་པ་དང་། བསྟོད་པ་དང་སྨད་པ་དང་། བདེ་བ་དང་སྡུག་བསྔལ་གྱིས་གོས་པ་མེད་པའི་ཕྱིར། འཇིག་རྟེན་གྱི་ཆོས་
ཀྱིས་བག་ཚ་བ་མེད་དོ། །མི་ཤེས་པ་དང་། ཐེ་ཚོམ་དང་བཅས་པར་ཤེས་པ་དང་། ལོག་པར་ཤེས་པ་མེད་པའི་ཕྱིར། མི་ཤེས་པའི་བག་ཚ་བ་མེད་དེ། དེ་བས་ན་དེ་ལྟ་བུའི་བག་ཚ་བ་རྣམས་མེད་པའི་ཕྱིར་ཅང་ཤེས་པ་ཞེས་བྱའོ། །གླང་པོ་ཆེན་པོ་ཞེས་བྱ་བ་ནི་གཙོ་བོ་ཆེན་
པོ་ཞེས་བྱ་བའི་དོན་ཏེ། ཁྱད་པར་རྟོགས་པའི་ཆོས་ཐོབ་པའི་ཕྱིར་གླང་པོ་ཆེན་པོ་ཞེས་བྱའོ། །བྱ་བ་བྱས་པ་བྱེད་པ་བྱས་པ་ཞེས་བྱ་བས་ནི། བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་བསྟན་པ་སྟེ། ལས་ཀྱི་གཙོ་བོར་མི་བྱར་མི་རུང་བ་ལ་ནི་བྱ་བ་ཞེས་བྱའོ། །ཞར་ལ་བྱ་
Vol. 91 · folio 6a
བ་ནི་བྱེད་པ་ཞེས་བྱ་སྟེ། དེ་ལ་ལས་ཀྱི་གཙོ་བོ་མི་བྱར་མི་རུང་བ་ཡང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཡོངས་སུ་རྫོགས་པར་བྱས་པས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་བར་བྱ་བ་སྟེ། དེ་དག་ཡོངས་སུ་རྫོགས་པར་བྱས་པ་ལ་བྱ་བ་
བྱས་པ་ཞེས་བྱའོ། །ཞར་ལ་བྱ་བ་ནི་འདོད་པ་ཆུང་བར་བྱ་བ་དང་། ཆོག་ཤེས་པར་བྱ་བ་དང་། སྦྱངས་པའི་ཡོན་ཏན་ལ་གནས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མགུ་བར་བྱ་བ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱས་པ་ནི་བྱེད་པ་བྱས་པ་ཞེས་བྱ་སྟེ། དེ་བས་ན་བྱ་བ་བྱས་པ་
བྱེད་པ་བྱས་པ་ཞེས་བྱ་བ་འདིས་བསྒྲུབ་པར་བྱ་བའི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་བསྟན་ཏོ། །ཁུར་བོར་བ་ཞེས་བྱ་བ་ལ། ཁུར་ནི་རྣམ་པ་བཞི་སྟེ། ཕུང་པོའི་ཁུར་དང་། ཉོན་མོངས་པའི་ཁུར་དང་། ཁས་འཆེས་པའི་ཁུར་དང་། བརྩོན་འགྲུས་ཀྱི་
ཁུར་རྣམས་ཏེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པས་ནི་ཕུང་པོའི་ཁུར་བོར་རོ། །ཀུན་འབྱུང་བ་སྤངས་པས་ནི་ཉོན་མོངས་པའི་ཁུར་བོར་རོ། །ལམ་བསྒོམས་པས་ནི་ཁས་འཆེས་པའི་ཁུར་བོར་རོ། །འགོག་པ་མངོན་སུམ་དུ་བྱས་པས་ནི་བརྩོན་འགྲུས་ཀྱི་
ཁུར་བོར་བར་ཤེས་པར་བྱའོ། །བདག་གི་དོན་རབ་ཏུ་ཐོབ་པ་ཞེས་བྱ་བ་ལ། བདག་གི་དོན་ཐོབ་པ་ནི་རྣམ་པ་གཉིས་ཏེ། དོན་མ་ཡིན་པ་སྤངས་པ་དང་། དོན་དུ་གཉེར་བ་གྲུབ་པའོ། །དེ་ལ་མ་རིག་པ་སྤངས་པས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པར་གྱུར་པ་ནི།
དོན་མ་ཡིན་པ་སྤངས་པའོ། །རིག་པ་བསྐྱེད་པས་མྱ་ངན་ལས་འདས་པ་ཐོབ་པ་ནི་དོན་དུ་གཉེར་བ་གྲུབ་པའོ། །སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་བྱ་བ་ནི་སྲིད་པར་སྦྱོར་བའི་ཉོན་མོངས་པ་དགུ་སྤངས་པ་ལ་བྱ་སྟེ། སྲིད་པར་སྦྱོར་བའི་ཉོན་མོངས་པ་དགུ་གང་ཞེ་ན། ལྟ་བའི་
ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་། ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང་། སེར་སྣའི་ཀུན་ཏུ་སྦྱོར་བ་དང་། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་། མ་རིག་པའི་ཀུན་ཏུ་སྦྱོར་བ་དང་།
Vol. 91 · folio 6b
སྲེད་པའི་འདོད་ཆགས་ཀྱི་ཀུན་དུ་སྦྱོར་བ་རྣམས་ཏེ། ཉོན་མོངས་པ་འདི་རྣམས་ཀྱིས་སེམས་ཅན་རྣམས་འཁོར་བར་སྐྱེ་བར་སྦྱོར་བའི་ཕྱིར་སྲིད་པར་ཀུན་དུ་སྦྱོར་བ་ཞེས་བྱའོ། །བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་བཀའ་ཡང་
དག་པ་ནི་ཡང་དག་པའི་ལྟ་བ་ལ་བྱ་སྟེ། ཡང་དག་པའི་ལྟ་བ་ལ་གོམས་པར་བྱས་པས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། སེམས་ཡོངས་སུ་དག་པར་གྱུར་པ་ལ་བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །སེམས་ཀྱི་དབང་ཐམས་
ཅད་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ཞེས་བྱ་བས་ནི་བསམ་གཏན་དང་ཏིང་ངེ་འཛིན་ལ་གོམས་པའི་མཐུས་སེམས་ལ་དབང་ཐོབ་པའི་ཡོན་ཏན་བསྟན་པ་སྟེ། སེམས་ལ་དབང་ཐོབ་པས་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་
པའི་སྙོམས་པར་འཇུག་པ་དག་ལ། ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དང་། ཐོད་རྒལ་དུ་སྙོམས་པར་འཇུག་པ་ལ་ཐགས་ཐོགས་མེད་ཅིང་། ཇི་ལྟར་འདོད་པར་མཉམ་པར་འཇོག་ནུས་པས་སྙོམས་པར་འཇུག་པ་ཐམས་ཅད་ལ་སེམས་དབང་དུ་གྱུར་པ་ཡོངས་སུ་
རྫོགས་ཤིང་མཐར་ཕྱིན་པ་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟར་སློབ་པ་རྒྱུན་དུ་ཞུགས་པ་ཚེ་དང་ལྡན་པ་དགའ་བོའོ་ཞེས་བྱ་བ་ནི་འཕགས་པ་ཀུན་དགའ་བོ་འབའ་ཞིག་དེའི་ཚེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དགྲ་བཅོམ་པར་བྱ་བ་ལ་སློབ་
པ་ཡིན་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་སྨོས་པའི་ནང་དུ་མ་གཏོགས་ཏེ། དེ་འབའ་ཞིག་རྒྱུན་དུ་ཞུགས་པ་ཡིན་གྱིས། གཞན་ཐམས་ཅད་དགྲ་བཅོམ་པ་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཁོར་དགེ་སློང་རྣམས་
བསྟན་ནས། འཁོར་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་བསྟན་པའི་ཕྱིར། དགེ་སློང་མ་གྲགས་འཛིན་དང་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ལྔ་བརྒྱ་ཙམ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཤིན་ཏུ་མང་བ་ཀུན་ཀྱང་ཆོས་མཐོང་བ་
Vol. 91 · folio 7a
ཤ་སྟག་དང་ཞེས་བྱ་བ་གསུངས་ཏེ། ཀུན་ཀྱང་ཆོས་མཐོང་བ་ཤ་སྟག་ཅེས་བྱ་བ་ནི་དེ་དག་ཐམས་ཅད་ཀྱང་བདེན་པ་མཐོང་བ་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་ཞེས་བྱ་བ་ལ་སོགས་པས་བྱང་
ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པ་བསྟན་པ་སྟེ། ཚད་དང་གྲངས་ངེས་པ་མ་སྨོས་པ་ནི། འཇིག་རྟེན་གྱི་ཁམས་རྣམ་པ་སྣ་ཚོགས་དུ་མ་ནས་འདུས་པ་ཤ་སྟག་སྟེ། མང་ཆེས་པའི་ཕྱིར་ཚད་དང་གྲངས་འདི་སྙེད་ཅིག་གོ་ཞེས་ཚད་དང་གྲངས་ཆོད་པར་མ་སྨོས་སོ། །
བྱང་ཆུབ་སེམས་དཔའ་ཡང་རྣམ་པ་ལྔ་སྟེ། ལྷག་པའི་བསམ་པ་དག་པ་དང་། རྩོལ་བ་དང་བཅས་པ་ལ་མཚན་མ་མེད་པར་གནས་པ་དང་། མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་དང་། སྤྱོད་པ་ངེས་པ་ལ་ཞུགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་
སོ། །དེ་ལ་ས་དང་པོ་ནས་ས་དྲུག་པ་ལ་གནས་ཀྱི་བར་དུ་ནི་ལྷག་པའི་བསམ་པ་དག་པའོ། །ས་བདུན་པ་ནི་རྩོལ་བ་དང་བཅས་པ་ལ་མཚན་མ་མེད་པར་གནས་པའོ། །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པའོ། །ས་དགུ་པ་ནི་སྤྱོད་པ་ངེས་པ་ལ་
ཞུགས་པའོ། །ས་བཅུ་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་པར་ཤེས་པར་བྱའོ། །ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་པ་སྟེ། དེ་ལ་གཟུངས་ཞེས་བྱ་བ་ཡང་ཆོས་
རྣམས་ཀྱི་དོན་དང་ཚིག་རྣམས་ཕྱིན་ཅི་མ་ལོག་པར་འཛིན་པས་ན་གཟུངས་ཞེས་བྱ་སྟེ། མདོར་བསྡུས་ན་དྲན་པ་དང་ཤེས་རབ་ལ་བྱའོ། །སོ་སོར་དབྱེ་བ་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང་། གསང་སྔགས་ཀྱི་གཟུངས་དང་
ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་སོ། །དེ་ལ་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་ནི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཤིང་རང་བཞིན་གྱིས་སྟོང་པར་རྟོགས་པར་བྱ་བའི་ཕྱིར་བསྒོམ་པའི་ཚེ་ཤེས་རབ་དང་དྲན་པས་བསྒོམ་པའི་དོན་དང་། ཚིག་མ་བརྗེད་པར་
Vol. 91 · folio 7b
རྟོགས་པས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རྟོགས་པར་ནུས་ཤིང་། སྟོང་པས་མི་སྐྲག་པར་གྱུར་པ་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། བཟོད་པ་དེ་ལྟ་བུ་ཐོབ་པའི་རྒྱུ་ཏིང་ངེ་འཛིན་བསྒོམ་པའི་ཚེ། ཤེས་རབ་དང་དྲན་པ་ལ་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་ཞེས་བྱའོ། །
གསང་སྔགས་ཀྱི་གཟུངས་ནི། བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་གྲུབ་ཅིང་སེམས་ལ་དབང་དུ་གྱུར་པའི་མཐུ་དང་། སྔོན་གྱི་སྨོན་ལམ་དང་སྤྱོད་པའི་ཤུགས་ཀྱིས། སེམས་ཅན་རྣམས་ཀྱི་གནོད་པ་སྣ་ཚོགས་བསལ་བའི་ཕྱིར་གསང་སྔགས་ཀྱི་ཚིག་རྣམས་བྱིན་གྱིས་
རློབས་ཏེ། དེ་ལྟར་ཏིང་ངེ་འཛིན་གྱི་མཐུས་བྱིན་གྱིས་བརླབས་པའི་གསང་སྔགས་དེ་དག་གིས་ཀྱང་སེམས་ཅན་རྣམས་ཀྱི་གནོད་པ་ཐམས་ཅད་སེལ་ནུས་པར་འགྱུར་ཏེ། དེ་ལྟ་བུའི་གཟུངས་སྔགས་བྱིན་གྱིས་རློབ་པའི་མཐུ་དང་ལྡན་པ་ལ་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །
ཆོས་ཀྱི་གཟུངས་ནི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཉན་པའི་ཚེ་སྔོན་མི་ཤེས་མ་ཐོས་པའི་ཆོས་ཀྱི་ཚིག་རྣམ་གྲངས་མང་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་རྣམས་ཇི་སྐད་བཤད་པ་བཞིན་དུ་ཤེས་རབ་ཀྱིས་ཟིན་ཅིང་དྲན་པས་
ཡུན་རིང་པོར་ཡང་མི་བརྗེད་པར་ནུས་པ་ལ་ཆོས་ཀྱི་གཟུངས་ཞེས་བྱའོ། །དོན་གྱི་གཟུངས་ནི་དེ་ལྟར་ཆོས་ཀྱི་ཚིག་མང་པོ་བཤད་པ་རྣམས་ཕྱིན་ཅི་མ་ལོག་པར་བཟུང་བའི་དོན་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། སྟོབས་དང་། མི་འཇིགས་པ་ལ་
སོགས་པ་འབྲས་བུ་ཐོབ་པར་བྱ་བ་རྣམ་པ་མང་པོ་ཚད་མེད་གྲངས་མེད་པ་རྣམས་ཐོབ་པར་ནུས་པའི་དྲན་པ་དང་། ཤེས་རབ་ཏུ་ལྡན་པ་ལ་དོན་གྱི་གཟུངས་ཞེས་བྱ་སྟེ། དེ་ལྟ་བུ་ལ་སོགས་པའི་གཟུངས་དང་ལྡན་པ་ལ་གཟུངས་ཐོབ་པ་ཞེས་བྱའོ། །ཏིང་ངེ་འཛིན་རབ་ཏུ་ཐོབ་པ་ཞེས་བྱ་
བ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་ཕྲག་མང་པོ་རྣམས་ཐོབ་པ་ཞེས་བྱ་བའི་དོན་ཏེ། ཏིང་ངེ་འཛིན་དེ་དག་གི་མཚན་ཉིད་ཀྱང་འོག་ནས་ཞིབ་ཏུ་འཆད་དོ། །སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ། མཚན་མ་མེད་པའི་སྤྱོད་ཡུལ་ཅན། རྟོག་པ་མེད་
Vol. 91 · folio 8a
པའི་སྨོན་ལམ་དང་ལྡན་པ་ཞེས་བྱ་བས་ནི་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པའི་ཡོན་ཏན་བསྟན་པ་སྟེ། དེ་ལྟར་གོང་དུ་བཤད་པའི་རིམ་པས་གཟུངས་དང་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏོགས་པས་
ན། སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ་ཞེས་བྱའོ། །དེ་ལྟར་སྟོང་པ་ཉིད་ལ་སྤྱོད་ཅིང་བསྒོམས་པའི་རྒྱུས། གཟུགས་ལ་སོགས་པ་ཕྱི་ནང་གི་ཆོས་གང་ལ་ཡང་དངོས་པོར་མི་ལྟ་ཞིང་། མཚན་མར་མི་འཛིན་པས་ན་མཚན་མ་མེད་པའི་སྤྱོད་ཡུལ་ཅན་ཞེས་བྱའོ། །དེ་ལྟར་ཆོས་
ཐམས་ཅད་ལ་དངོས་པོར་མི་ལྟ་ཞིང་མཚན་མར་མི་འཛིན་ན། ཆོས་གང་ལ་ཡང་ཆགས་པ་མེད་པས། ཁམས་གསུམ་གྱི་བདེ་བའམ་འབྱོར་པ་གང་ལ་ཡང་བདེ་བར་རྣམ་པར་རྟོག་པ་མེད་ཅིང་། དེ་དག་ཐོབ་པར་བྱ་བའི་ཕྱིར་སྨོན་པ་མེད་པས་ན། རྟོག་པ་མེད་པའི་སྨོན་ལམ་དང་ལྡན་པ་
ཞེས་བྱའོ། །ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་ལེགས་པར་གནས་པ་དེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་བཟོད་པ་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན།
བདག་དང་གཞན་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་སེམས་ཅན་མཉམ་པ་ཉིད་ཀྱི་བཟོད་པ་དང་། བྱམས་པ་དང་སྡང་བ་མེད་པའི་ཕྱིར་འདུ་ཤེས་མཉམ་པ་ཉིད་ཀྱི་བཟོད་པ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་ཟད་པའི་ཕྱིར་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་དང་། འཁོར་
བ་དང་མྱ་ངན་ལས་འདས་པ་ལ་སེམས་མཉམ་པའི་ཕྱིར་མི་གནས་པ་མཉམ་པ་ཉིད་ཀྱི་བཟོད་པ་སྟེ། བཟོད་པ་དེ་ལྟ་བུ་དག་དང་ལྡན་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་
ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་རབ་ཏུ་ཐོབ་པ་དེ་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པར་རྟོགས་ཀྱང་། སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མི་གཏོང་བའི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་མྱ་ངན་ལས་འདས་པ་མངོན་དུ་ཡང་མི་བྱེད་ལ། ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པར་
Vol. 91 · folio 8b
རྟོགས་ཤིང་། ཉོན་མོངས་པ་རྣམས་སྤངས་པས་འཁོར་བ་ལ་ཡང་ཆགས་ཤིང་ཐོགས་པ་མེད་པ། ཉན་ཐོས་ལྟར་མྱ་ངན་ལས་འདས་པ་ལ་ཡང་ཆགས་ཤིང་ཐོགས་པ་མེད་པའི་ཤེས་རབ་དང་ལྡན་པ་ལ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ་ཞེས་བྱའོ། །བསྟན་པ་ཟད་མི་
ཤེས་པ་ལ་སོ་སོ་ཡང་དག་པར་རིག་པའི་ཚུལ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ། སེམས་ཅན་རྣམས་ལ་ཆོས་བསྟན་པའི་ཐབས་རྣམ་པ་མང་པོ་ཟད་མི་ཤེས་པ་རྣམས་ལ་རབ་ཏུ་མཁས་པའི་ཡོན་ཏན་དང་ལྡན་པ་ཤ་
སྟག་གོ་ཞེས་བྱ་བའི་དོན་ཏོ། །མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེ་བ་ཞེས་བྱ་བ་ནི་དེ་ལྟར་ཆོས་བསྟན་པའི་ཚུལ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཇི་ལྟར་ཆོས་བསྟན་པའི་ཚུལ་ལ་མཁས་པའི་རྒྱུ་བསྟན་པ་སྟེ། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བསམ་
གཏན་དང་། ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་མཐུས་མངོན་པར་ཤེས་པ་དྲུག་ཐོབ་པར་འགྱུར་ཏེ། མངོན་པར་ཤེས་པ་དྲུག་པོ་དེ་དག་གིས་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་བྱེད་པ་ལ་མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེ་བ་ཞེས་བྱ་སྟེ། ཆེན་པོ་སྨོས་པ་ནི་འཇིག་
རྟེན་པའི་མངོན་པར་ཤེས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་མངོན་པར་ཤེས་པ་བས་མཐུ་དང་ཡོན་ཏན་ཁྱད་པར་དུ་འཕགས་པར་ཆེ་བའི་ཕྱིར་རོ། །མངོན་པར་ཤེས་པ་དྲུག་ནི་ལྷའི་མིག་དང་། ལྷའི་རྣ་བ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང་། གཞན་གྱི་སེམས་
ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་དང་དྲུག་གོ། །དེ་ལ་ལྷའི་མིག་གིས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དགེ་བ་དང་མི་དགེ་བ་ཅི་སྤྱོད་པ་རྣམས་གཟིགས་ནས། དེ་དང་མཐུན་པའི་དོན་མཛད་དོ། །
ལྷའི་རྣ་བས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། མི་རྣམས་ཀྱི་སྡུག་བསྔལ་བ་དང་། ཡིད་མི་བདེ་བའི་སྒྲ་ཐོས་ནས་དེ་དག་གི་སྡུག་བསྔལ་སེལ་བར་མཛད་དོ། །རྫུ་འཕྲུལ་གྱི་བྱ་བ་ཤེས་པས་ནི་ལུས་དང་ངག་གི་སྤྲུལ་པ་སྣ་ཚོགས་དང་། ཡོ་བྱད་
Vol. 91 · folio 9a
ཀྱི་དངོས་པོ་རྣམ་པ་སྣ་ཚོགས་སྤྲུལ་པས་སེམས་ཅན་རྣམས་ཀྱི་སོ་སོའི་ཡིད་དང་སྦྱར་ཏེ་ཕན་འདོགས་སོ། །གཞན་གྱི་སེམས་ཤེས་པས་ནི་སེམས་ཅན་གཞན་རྣམས་ཀྱི་སེམས་ལ་ཅི་སེམས་པ་ཤེས་པས་དེ་དག་གི་བསམ་པ་དང་། བག་ལ་ཉལ་བ་དང་། དབང་པོ་
ལ་སོགས་པ་ཇི་ལྟ་བ་བཞིན་དུ་མཁྱེན་ནས། དེ་དང་མཐུན་པར་ཆོས་སྟོན་ཅིང་ཕན་འདོགས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པས་ནི་སེམས་ཅན་རྣམས་ཚེ་རབས་སྔ་མ་ལ་གནས་གང་དང་གར་སྐྱེས་པ་དང་། ཅི་དང་ཅི་སྤྱོད་སྤྱོད་པ་མཁྱེན་པས། དེ་དང་མཐུན་པར་ཆོས་བསྟན་པ་ལ་
སོགས་པས་ཕན་འདོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་སྤྱོད་པ་རླབས་པོ་ཆེ་རྨད་དུ་བྱུང་བ་རྣམས་བདག་གིས་དྲན་པས་སེམས་ཅན་རྣམས་ལ་བཟླས་པས་སེམས་ཅན་རྣམས་དད་པ་བསྐྱེད་པ་དང་། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་རྣམས་ལ་ཚེ་རབས་སྔ་
མ་བྱུང་བའི་རྒྱུད་བསྟན་པས་རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་ལས་བཟློག་པར་མཛད་དོ། །ཟག་པ་ཟད་པ་ཤེས་པས་ནི་བྱང་ཆུབ་སེམས་དཔའ་བདག་དང་གཞན་གྱི་ཉོན་མོངས་པ་ཟད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བདག་དང་གཞན་གྱི་ཉོན་མོངས་པ་ཟད་པར་
གྱུར་ཏམ། མ་གྱུར་པ་ཡང་རབ་ཏུ་མཁྱེན་ཏོ། །བདག་དང་གཞན་གྱི་ཉོན་མོངས་པ་ཟད་པར་བྱ་བའི་ཐབས་མ་ཡིན་པ་ཡང་རབ་ཏུ་མཁྱེན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔས་དེ་དག་ཐམས་ཅད་རབ་ཏུ་མཁྱེན་ནས། བདག་ཉིད་ཀྱིས་ཟག་པ་ཟད་པ་མངོན་དུ་མཛད་དོ། །བྱང་ཆུབ་
སེམས་དཔའ་ཟག་པ་ཟད་པའི་ཤེས་པ་དེ་ཉིད་ཀྱིས། ཟག་པ་དང་བཅས་པའི་ཆོས་རྣམས་དང་ལྷན་ཅིག་ཏུ་གནས་ཀྱང་ཆོས་དེ་དག་གིས་བདག་ཉིད་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ལྟར་མངོན་པར་ཤེས་པ་དྲུག་པོ་དེ་དག་གིས་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་པ་
མཛད་པ་ལ་མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེ་བ་ཞེས་བྱའོ། །མངོན་པར་ཤེས་པ་ཤིན་ཏུ་མ་ཉམས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཚེ་འཕོས་ན་ཡང་མངོན་པར་ཤེས་པ་དྲུག་པོ་དེ་དག་ཉམས་པར་མི་འགྱུར་ཏེ། མངོན་པར་ཤེས་པ་དྲུག་པོ་དེ་དག་ནི་བྱང་ཆུབ་
Vol. 91 · folio 9b
སེམས་དཔའ་ལ་ཚེ་རབས་ཐམས་ཅད་དུ་མེད་པར་མི་འགྱུར་ཏེ། བརྒྱ་ལ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ན་ཡང་ཉམས་ཤིང་མེད་པར་མི་འགྱུར་བའི་ཕྱིར་མངོན་པར་ཤེས་པ་ཤིན་ཏུ་མ་ཉམས་པ་ཞེས་བྱའོ། །མཉན་པར་འོས་པའི་ཚིག་དང་ལྡན་པ་ཞེས་བྱ་བ་ནི་དེ་ལྟར་མངོན་པར་ཤེས་
པ་དྲུག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་འདོགས་པ་གཙོར་བྱེད་པས། ཕན་གདགས་པར་བྱ་བའི་སེམས་ཅན་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་རང་བཞིན་གྱིས་དགའ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ངག་ཉན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་
གདམས་ཤིང་རྗེས་སུ་བསྟན་པ་ལས་སྲོག་གི་ཕྱིར་ཡང་འགལ་བར་མི་བྱེད་པའི་ཕྱིར་མཉན་པར་འོས་པའི་ཚིག་དང་ལྡན་པ་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ན། བྱང་ཆུབ་སེམས་དཔའ་སྔོན་སྦྱིན་པ་དང་། ཚིག་སྙན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་
རྣམས་ལ་ཕན་འདོགས་པའི་བསོད་ནམས་ཀྱི་མཐུ་དང་། བྱང་ཆུབ་སེམས་དཔའ་ཉིད་ཀྱང་དོན་དང་ལྡན་ཞིང་། རིགས་པ་དང་ལྡན་པའི་ཚིག་འབའ་ཞིག་སྨྲ་བའི་ཕྱིར་མཉན་པར་འོས་པའི་ཚིག་དང་ལྡན་པ་ཞེས་བྱའོ། །ལེ་ལོ་མེད་ཅིང་བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ནི་བདག་
དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བ་ལ་ལེ་ལོ་མེད་ཅིང་བརྩོན་འགྲུས་བརྩམས་པ་ཞེས་བྱ་བའི་དོན་ཏོ། །ལུས་དང་སྲོག་ལ་མི་ལྟ་བ་ཞེས་བྱ་བ་ནི་དམ་པའི་ཆོས་བཙལ་བ་དང་། སེམས་ཅན་གྱི་དོན་གྱི་ཕྱིར་ལུས་དང་སྲོག་ལ་མི་ཕངས་པར་དམ་པའི་ཆོས་བཙལ་བ་དང་།
སེམས་ཅན་གྱི་དོན་བྱེད་པ་ལ་བྱའོ། །ཚུལ་འཆོས་པ་མེད་པ་ཞེས་བྱ་བས་ནི་ལུས་ཀྱི་ལས་ཡོངས་སུ་དག་པས་ལོག་པར་འཚོ་བའི་སྐྱོན་མེད་པ་བསྟན་པ་སྟེ། རྙེད་པ་དང་བཀུར་སྟི་འདོད་པའི་ཕྱིར་གཞན་དག་ལ་ལུས་ཀྱི་སྤྱོད་ལམ་འཆོས་ཤིང་ཞི་བ་དང་ཚུལ་དུ་ཤིས་པར་སྟོན་པ་ནི་
ཚུལ་འཆོས་པ་ཞེས་བྱའོ། །ཁ་གསག་མེད་པ་ཞེས་བྱ་བས་ནི་ངག་གི་སྐྱོན་མེད་པར་བསྟན་པ་སྟེ། རྙེད་པ་དང་བཀུར་སྟི་འདོད་པའི་ཕྱིར་གཞན་དག་ལ་གཅམ་པའི་ཚིག་སྨྲ་བ་ནི་ཁ་གསག་ཅེས་བྱའོ། །གྲགས་པ་དང་། ཁེ་དང་བཀུར་སྟིའི་སེམས་མེད་པ་ཞེས་བྱ་བ་ནི་ཡིད་
Vol. 91 · folio 10a
ཀྱི་ལས་ཡོངས་སུ་མ་དག་པའི་སྐྱོན་མེད་པ་བསྟན་པའོ། །ཟང་ཟིང་མེད་པའི་ཆོས་བསྟན་པ་ཞེས་བྱ་བས་ནི་སྦྱོར་བ་ཡོངས་སུ་དག་པའི་ཡོན་ཏན་བསྟན་པ་སྟེ། སེམས་ཅན་རྣམས་ལ་ཆོས་སྟོན་ན་ཡང་སྙིང་རྗེ་ཡོངས་སུ་ཟིན་ཅིང་ཤེས་རབ་ཀྱིས་ཤིན་ཏུ་སྦྱངས་པས།
རྙེད་པ་དང་བཀུར་སྟི་ལ་ཆགས་པའི་སེམས་མེད་པ་ལ་ཟང་ཟིང་མེད་པའི་ཆོས་སྟོན་པ་ཞེས་བྱའོ། །འདི་ཡན་ཆད་ཀྱིས་ནི་བྱང་ཆུབ་སེམས་དཔའི་ས་བདུན་པ་མན་ཆད་རྩོལ་བ་དང་བཅས་ཤིང་མཚན་མ་མེད་པ་ལ་སྤྱོད་པའི་ཡོན་ཏན་རྣམས་བསྟན་པའོ། །ཆོས་ཟབ་མོའི་བཟོད་པ་དམ་པ་རྟོགས་
པར་ཁོང་དུ་ཆུད་པ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡན་ཆད་རྩོལ་བ་མེད་ཅིང་མཚན་མ་མེད་པར་གནས་པ་རྣམས་ཀྱི་ཡོན་ཏན་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ཡན་ཆད་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་
རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ཐམས་ཅད་ཆེད་དུ་བསམས་ཤིང་བཙལ་མི་དགོས་པར་སྔོན་གྱི་སྤྱོད་པའི་ཤུགས་དང་། སྨོན་ལམ་གྱི་མཐུས་ལྷུན་གྱིས་གྲུབ་པ་ཉིད་དུ་ཡོངས་སུ་རྫོགས་པར་འགྱུར་ཞིང་། ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་རྟོགས་པས་ཆོས་ཟབ་མོས་མི་
འཇིགས་ཤིང་མི་སྐྲག་པའི་མཆོག་ཏུ་གྱུར་པའི་ཕྱིར་ཆོས་ཟབ་མོའི་བཟོད་པ་དམ་པ་རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱའོ། །མི་འཇིགས་པ་ཆེན་པོ་ཐོབ་པ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཟབ་མོ་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཚངས་པ་ལ་སོགས་པའི་ལྷའི་འཁོར་དང་།
རྒྱལ་རིགས་དང་བྲམ་ཟེའི་འཁོར་དང་། བདུད་དང་མུ་སྟེགས་ཅན་ལ་སོགས་པའི་འཁོར་གང་དང་གང་དུ་འགྲོ་ཡང་མི་ཤེས་པས་འཇིགས་ཤིང་བག་ཚ་བ་དང་། ཉོན་མོངས་པ་ལས་གྱུར་པའི་འཇིགས་ཤིང་བག་ཚ་བ་མེད་པའི་ཕྱིར་མི་འཇིགས་པ་ཆེན་པོ་ཐོབ་པ་ཞེས་བྱའོ། །
ཡིད་ཡོངས་སུ་ཞུམ་པ་མེད་པ་ཞེས་བྱ་བ་ནི་དེ་ལྟར་མི་འཇིགས་པ་ཆེན་པོ་ཐོབ་པས་རྒྱལ་རིགས་དང་བྲམ་ཟེ་ལ་སོགས་པའི་འཁོར་གང་དང་གང་དུ་འགྲོ་ཡང་འཇིགས་ཤིང་བག་ཚ་བ་མེད་དེ། སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་ཡིད་ཡོངས་སུ་ཞུམ་པ་མེད་པ་ཞེས་བྱའོ། །
Vol. 91 · folio 10b
བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདས་པ་ཞེས་བྱ་བས་ནི་ཅིས་ཀྱང་མི་བརྫི་བའི་མཐུ་དང་ལྡན་པ་བསྟན་ཏེ། བདུད་ཀྱི་ལས་འོག་ནས་འབྱུང་བ་རྣམས་དང་། མདོ་གཞན་ལས་བཤད་པའི་བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་ཚུགས་པ་ཞེས་བྱ་བའི་དོན་ཏེ། ལས་ཀྱི་སྒྲིབ་
པ་རྒྱུན་བཅད་པ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་མི་ཤེས་པ་དང་། ཉོན་མོངས་པའི་འཇིགས་པ་མེད་ཅིང་། བདུད་ཀྱི་ལས་ལས་ཡང་དག་པར་འདས་པའི་ཕྱིར་སྔོན་གྱི་ལས་ཀྱི་དབང་གིས་བདེ་འགྲོ་དང་། ངན་འགྲོར་སྐྱེ་བར་འགྱུར་བ་མེད་པ་ཤ་སྟག་གོ་ཞེས་བྱ་
བའི་དོན་ཏོ། །ལས་དང་ཉོན་མོངས་པ་བཅོམ་པའི་ཕྱིར་རྒོལ་བ་རབ་ཏུ་བཅོམ་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དགྲ་རྣམས་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་པོའི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཕས་རྒོལ་བ་རྣམས་ཀྱིས་
མི་ཐུབ་པ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་དཀའ་བ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་ཤེས་པ་དང་། བསམ་པ་དང་། སྤྱོད་ཡུལ་རྣམས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པར་མི་ནུས་པ་ཞེས་
བསྟན་པའོ། །ཆོས་རབ་ཏུ་རྟོགས་པས་རྣམ་པར་དབྱེ་ཞིང་བསྟན་པ་ལ་མཁས་པ་ཞེས་བྱ་བས་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་འཇིག་རྟེན་
ལས་འདས་པའི་ཆོས་རྣམས་རབ་ཏུ་རྟོགས་པས། ཆོས་དེ་དག་གི་རང་གི་མཚན་ཉིད་དང་། ཕྱིའི་མཚན་ཉིད་རྣམ་པར་དབྱེ་ཞིང་། གཞན་ལ་སྟོན་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏེ། དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པའི་ཡོན་ཏན་བསྟན་ཏོ། །
བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་ཤིན་ཏུ་བརྩམས་པ་ཞེས་བྱ་བས་ནི་ས་དགུ་པའི་ཡོན་ཏན་བསྟན་པ་སྟེ། ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྔོན་བསྐལ་པ་གྲངས་མེད་པ་ནས། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་དང་།
Vol. 91 · folio 11a
སེམས་ཅན་གྱི་དོན་མཐར་ཕྱིན་པར་བྱ་བར་སྨོན་ལམ་བཏབ་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བརྩམས་པ་རྣམས་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པར་གྱུར་ཏེ། སྔོན་གྱི་སྨོན་ལམ་གྱི་མཐུ་དང་། སྤྱོད་པའི་ཤུགས་ཀྱིས་དེ་ཡན་ཆད་སངས་
རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་སྤྱོད་པ་དང་། སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བའི་སྤྱོད་པ་རྣམས་འབད་ཅིང་བཙལ་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་ཡོངས་སུ་རྫོགས་པར་འགྱུར་བས་སངས་རྒྱས་སུ་བསྒྲུབ་པ་དང་། སེམས་ཅན་གྱི་དོན་དུ་
སྤྱོད་པ་རྣམས་ཀྱང་གདོན་མི་ཟ་བར་འགྲུབ་པས་སྤྱོད་པ་ངེས་པ་ལ་ཞུགས་པ་ཞེས་ཀྱང་བྱ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པར་གྱུར་པ་ཡང་སྔོན་ཡུན་རིང་པོ་ནས་སྨོན་ལམ་ཤིན་ཏུ་བརྩམས་པའི་འབྲས་བུ་ཡིན་པའི་ཕྱིར། བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་ཤིན་ཏུ་བརྩམས་པ་
ཞེས་བྱའོ། །བཞིན་འཛུམ་པ་དང་ལྡན་པ། ཐོག་མར་སྨྲ་བ། ཁྲོ་གཉེར་མེད་པ་ཞེས་བྱ་བས་ནི་དེ་ལྟར་སྔོན་གྱི་སྨོན་ལམ་གྱི་མཐུས་སྤྱོད་པ་ལ་ངེས་པར་ཞུགས་པས། ས་དགུ་པའི་བྱང་ཆུབ་སེམས་དཔའ་དེ་དག་སྔོན་སེམས་ཅན་རྣམས་ལ་ཚད་མེད་པ་བཞི་སྤྱོད་སྤྱོད་པའི་རྒྱུ་
མཐུན་པའི་འབྲས་བུ་བསྟན་པ་སྟེ། དེ་ལ་བཞིན་འཛུམ་པ་དང་ལྡན་པ་ཞེས་བྱ་བས་ནི་བྱམས་པའི་རྒྱུ་མཐུན་པ་བསྟན་པ་སྟེ། སྔོན་སེམས་ཅན་ལ་བྱམས་པ་སྤྱོད་སྤྱོད་པའི་རྒྱུས་དུས་ཐམས་ཅད་དུ་སེམས་ཅན་རྣམས་ལ་བཞིན་འཛུམ་པ་འབའ་ཞིག་སྟོན་ཅིང་སེམས་ཅན་རྣམས་
དགའ་བར་བྱེད་ཀྱིས། ནམ་ཡང་ངོ་འཛུམ་ནག་ཅིང་སེམས་ཅན་རྣམས་མི་དགའ་བར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཐོག་མར་སྨྲ་བ་ཞེས་བྱ་བས་ནི་སྙིང་རྗེའི་རྒྱུ་མཐུན་པ་བསྟན་པ་སྟེ། སྔོན་སེམས་ཅན་རྣམས་ལ་སྙིང་རྗེ་སྤྱོད་སྤྱོད་པའི་རྒྱུས་བྱང་ཆུབ་སེམས་དཔའ་དེ་དག་
སེམས་ཅན་གློ་བུར་དུ་འོངས་པ་མ་འདྲིས་པ་རྣམས་ལ་ཡང་སྙིང་རྗེའི་ཤུགས་ཀྱིས་སེམས་ཅན་དེ་དག་དགའ་བར་བྱ་བའི་གཏམ་གྱིས་སྔ་ནས་བསུ་ཞིང་གསང་པོར་སྨྲ་བ་དག་གོ་ཞེས་བསྟན་པའོ། །ཁྲོ་གཉེར་མེད་པ་ཞེས་བྱ་བས་ནི་དགའ་བ་དང་། བཏང་སྙོམས་ཀྱི་རྒྱུ་མཐུན་པ་
Vol. 91 · folio 11b
བསྟན་པ་སྟེ། སྔོན་སེམས་ཅན་རྣམས་ཀྱི་འབྱོར་པ་ལ་ཕྲག་དོག་དང་། སེམས་འཁྲུགས་པ་མེད་ཅིང་། དགའ་བ་བསྐྱེད་བསྐྱེད་པ་དང་། བདག་ལ་གནོད་པ་བྱེད་པ་དང་། ཉེས་པ་བྱུང་བ་རྣམས་ལ་ཡང་བཟོད་ཅིང་དང་དུ་བླངས་ཏེ། བཏང་སྙོམས་སུ་འཇོག་འཇོག་པའི་
རྒྱུས་མི་དགའ་བ་དང་ཁྲོས་ཤིང་འཁྲུགས་པའི་མཚན་མ་བཞིན་ཁྲོ་གཉེར་ཅན་དུ་ནམ་ཡང་མི་འགྱུར་བ་དག་གོ་ཞེས་བྱ་བའི་དོན་ཏོ། །སྙན་ཅིང་འཇམ་པའི་ཚིག་དང་ལྡན་པས་ཕ་རོལ་ལ་ཚིགས་སུ་བཅད་པའི་དབྱངས་སུ་བརྗོད་པ་ལ་མཁས་པ་ཞེས་བྱ་བས་ནི་སངས་རྒྱས་ཀྱི་ཞིང་དུ་
འགྲོ་འགྲོ་བ་དང་། མངོན་པར་ཤེས་པ་ལ་སྤྱོད་སྤྱོད་པ་རྒྱུ་མཐུན་པའི་ཡོན་ཏན་དང་ལྡན་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་སྔོན་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། དེ་བཞིན་གཤེགས་པ་རྣམས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡོན་
ཏན་རྣམས་བརྗོད་ཅིང་བསྟོད་བསྟོད་པ་དང་། མངོན་པར་ཤེས་པའི་མཐུས་སེམས་ཅན་རྣམས་ཀྱི་སྤྱོད་པ་དང་། བསམ་པའི་རྗེས་སུ་མཐུན་པར་ཡིད་དུ་འོང་ཞིང་འཐད་པའི་ཚིག་གིས་ཆོས་སྟོན་སྟོན་པའི་རྒྱུས་ས་དགུ་པ་ཐོབ་པའི་ཚེ་ཡང་ལྷུན་གྱིས་གྲུབ་པ་ཉིད་དུ་དེ་བཞིན་གཤེགས་
པ་རྣམས་ལ་བསྟོད་པ་དང་། སེམས་ཅན་རྣམས་ལ་ཆོས་སྟོན་པའི་ཚེ་སྙན་ཅིང་འཇམ་པའི་ཚིག་དང་ལྡན་པ་ཚིགས་སུ་བཅད་པའི་དབྱངས་སུ་བརྗོད་པ་ལ་མཁས་པར་འགྱུར་བ་དག་གོ་ཞེས་བསྟན་པའོ། །སྤོབས་པ་མི་ཆོད་པ་ཞེས་བྱ་བས་ནི་ས་དགུ་པ་ལ་གནས་པའི་བྱང་ཆུབ་
སེམས་དཔའ་དེ་དག་འཁོར་གྱི་ནང་དུ་ཆོས་སྨྲ་བ་ཆེན་པོ་ཡིན་པའི་ཡོན་ཏན་བསྟན་པ་སྟེ། དེ་དག་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པས་འཁོར་མང་པོ་ལ་ཆོས་སྟོན་པའི་ཚེ་ན། སྤོབས་པ་ཆེན་པོས་བཤད་པ་ལ་ཐགས་ཐོགས་མེད་ཅིང་སུས་ཀྱང་ཟིལ་གྱིས་མི་གནོན་པ་དང་
ལྡན་པ་དག་གོ་ཞེས་བྱ་བའི་དོན་ཏོ། །འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པའི་མི་འཇིགས་པ་དང་ལྡན་པ་ཞེས་བྱ་བས་ནི་འཁོར་གྱི་ནང་དུ་འགྲོ་བ་ལ་མཁས་པའི་ཡོན་ཏན་དང་ལྡན་པ་བསྟན་པ་སྟེ། དེ་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་ཞིང་སྤོབས་པ་ཕུན་སུམ་ཚོགས་པ་
Vol. 91 · folio 12a
དང་ལྡན་པས་ལྷ་དང་མི་ལ་སོགས་པའི་འཁོར་གང་གི་ནང་དུ་འགྲོ་ན་ཡང་། མི་ཤེས་པས་འཇིགས་ཤིང་བག་ཚ་བ་མེད་དེ། བདག་གི་ཤེས་པས་ནི་འཁོར་ཐམས་ཅད་ཟིལ་གྱིས་གནོན་ལ། གཞན་སུས་ཀྱང་བདག་ཟིལ་གྱིས་མི་གནོན་པའི་ཕྱིར་འཁོར་
མཐའ་ཡས་པ་ཟིལ་གྱིས་གནོན་པའི་མི་འཇིགས་པ་དང་ལྡན་པ་ཞེས་བྱའོ། །བསྐལ་པ་བྱེ་བ་མཐའ་ཡས་པར་བསྟན་པའི་ཡེ་ཤེས་ཀྱི་འབྱུང་བ་ལ་མཁས་པ་ཞེས་བྱ་བས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་འབྲས་བུ་དང་ལྡན་པ་བསྟན་པ་སྟེ། སེམས་ཅན་གྱི་
དོན་དུ་ཆོས་སྟོན་པ་དང་། དཀའ་བ་སྤྱོད་པའི་བརྩོན་འགྲུས་ལྷུན་གྱིས་གྲུབ་པས་ཅི་བྱའོ་ཅོག་ལ་སྐྱོ་ཞིང་ཡིད་འབྱུང་བར་མི་འགྱུར་ཏེ། བསྐལ་པ་དུ་མར་སྤྱོད་ཀྱང་ཡུན་རིང་པོར་ཐོགས་པའི་འདུ་ཤེས་མེད་པས། བསྐལ་པ་བྱེ་བ་མཐའ་ཡས་པ་ཡང་ཡེངས་ལ་ཟད་ཅིང་འདས་
པའམ། དེ་ལས་བྱུང་བར་བྱེད་པ་ལ་མཁས་པ་དག་གོ་ཞེས་བསྟན་པའོ། །དེ་ལྟར་ས་དགུ་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ངེས་པར་ཞུགས་པ་རྣམས་ཀྱི་ཡོན་ཏན་བསྟན་ནས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་ཡོན་ཏན་
བསྟན་པའི་ཕྱིར། ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། ནམ་མཁའ་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་དང་། གཟུགས་བརྙན་ལྟ་བུར་ཁོང་དུ་ཆུད་པ་ཞེས་བྱ་བ་གསུངས་ཏེ། ས་བཅུ་
པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཀྱང་། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་བཀུར་སྟིར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་སུ་
སྨིན་པ་དང་རྣམ་པར་གྲོལ་བར་བྱ་བའི་སྤྱོད་པ་རྣམས་སྔོན་གྱི་སྨོན་ལམ་གྱི་མཐུ་དང་། སྤྱོད་པའི་ཤུགས་ཀྱིས་བཙལ་ཞིང་འབད་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་སྟེ། སྤྱོད་པ་དེ་དག་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་ཅིང་མ་ཆགས་པར་སྤྱོད་པ་ནི། ཆོས་
Vol. 91 · folio 12b
ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་ལྟ་བུར་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་བསྟན་པ་སྟེ། སྒྱུ་མ་ལ་སོགས་པའི་དཔེ་རྣམ་པ་བཅུ་བསྟན་པ་ཡང་། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསམ་པ་དང་། ཐེ་ཚོམ་ཐ་དད་པ་རྣམས་བསལ་བའི་ཕྱིར་ཏེ། ཆོས་ཐམས་ཅད་རང་
བཞིན་གྱིས་སྟོང་སྟེ། དངོས་པོ་མེད་ན་ཅིའི་ཕྱིར་ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བར་འགྱུར་སྙམ་དུ་སེམས་པ་ལ། སྒྱུ་མའི་དཔེ་བསྟན་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་རྟ་དང་གླང་པོ་ཆེ་ལ་སོགས་པའི་དངོས་པོ་སྣ་ཚོགས་བྱས་པ་རྣམས་ཁ་དོག་དང་
དབྱིབས་ལ་སོགས་པའི་ཁྱད་པར་སྣ་ཚོགས་སུ་སྣང་ཡང་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཁ་དོག་དང་དབྱིབས་ལ་སོགས་པའི་དངོས་པོར་སྣང་ཡང་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སེམས་ཅན་ཁ་ཅིག་ནི་དེ་ལྟར་ཆོས་ཐམས་ཅད་
དངོས་པོ་མེད་ན། སེམས་དང་སེམས་ལས་བྱུང་བ་རྣམས་ཅི་ལ་ཡང་དམིགས་ཏེ་འབྱུང་བར་འགྱུར་སྙམ་དུ་སེམས་པ་ལ། སྨིག་རྒྱུའི་དཔེ་བསྟན་ཏེ། སྨིག་རྒྱུ་ལ་ཆུའི་དངོས་པོ་མེད་པར་ཡང་དེ་ལ་དམིགས་ནས་ཆུའི་འདུ་ཤེས་སྐྱེ་ཞིང་། སེམས་དང་སེམས་ལས་བྱུང་བ་
རྣམས་འབྱུང་བར་འགྱུར་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་དེ། དམིགས་པའི་ཡུལ་མ་ཡིན་ཡང་། སེམས་ཅན་རྣམས་ཕྱིན་ཅི་ལོག་ཏུ་རྟོག་ཅིང་འཁྲུགས་པ་ལས་སེམས་དང་སེམས་ལས་བྱུང་བ་རྣམས་འབྱུང་བར་འགྱུར་རོ་ཞེས་
བསྟན་ཏོ། །ཆོས་ཐམས་ཅད་དངོས་པོ་མེད་ན་སྐྱེ་བ་དང་འཇིག་པར་ཡང་ཇི་ལྟར་འགྱུར་སྙམ་དུ་སེམས་པ་ལ་ཆུ་ཟླའི་དཔེ་བསྟན་ཏེ། དཔེར་ན་ནམ་མཁའ་ལ་ཟླ་བ་སྣང་ན་ནི་ཆུའི་ནང་དུ་ཡང་ཟླ་བ་འབྱུང་ཞིང་སྣང་བར་འགྱུར་ལ། ནམ་མཁའ་ལ་ཟླ་བ་མི་སྣང་ན་ནི་ཆུའི་ནང་གི་ཟླ་བ་
ཡང་མེད་ཅིང་མི་སྣང་བར་འགྱུར་བ་དེ་བཞིན་དུ། ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པར་སྣང་བ་ཡང་ཕྱིན་ཅི་ལོག་ཏུ་རྟོག་པའི་བག་ཆགས་ཡོད་ན་ནི་སྣང་ལ་བག་ཆགས་དེ་དག་བྱང་སྟེ་མེད་ན་སྐྱེ་བ་དང་འཇིག་པར་ཡང་མི་སྣང་ངོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་
Vol. 91 · folio 13a
སྟོང་སྟེ་དངོས་པོ་མེད་ན། བཟའ་བ་དང་བཏུང་བ་ལ་སོགས་ཏེ་འཇིག་རྟེན་གྱི་ཐ་སྙད་རྣམས་ཇི་ལྟར་འབྱུང་བར་འགྱུར་སྙམ་དུ་སེམས་པ་ལ། རྨི་ལམ་གྱི་དཔེ་བསྟན་ཏེ། དཔེར་ན་རྨི་ལམ་ན་བཟའ་བ་དང་བཏུང་བ་དང་། སྦྱིན་པ་དང་ལེན་པ་དང་། བདེ་བ་དང་
སྡུག་བསྔལ་ལ་སོགས་པ་རྣམ་པ་སྣ་ཚོགས་པར་སྣང་ཡང་དངོས་པོའི་རང་བཞིན་དུ་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་ཡང་འཇིག་རྟེན་གྱི་ཐ་སྙད་རྣམ་པ་སྣ་ཚོགས་སྣང་བའི་རྨི་ལམ་དང་འདྲའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་དངོས་
པོ་མེད་ན་མིང་གི་ཚོགས་དང་ཚིག་གི་ཚོགས་རྣམས་ཇི་ལྟར་འབྱུང་བར་འགྱུར་སྙམ་དུ་སེམས་པ་ལ། སྒྲ་བརྙན་གྱི་དཔེ་བསྟན་ཏེ། དཔེར་ན་བྲག་དང་། གཅོང་རོང་སྨྲ་བ་མེད་པ་ལས་སྒྲ་འབྱུང་བ་གྲག་པ། སྒྲ་གཞན་གྱི་རྐྱེན་གྱིས་འབྱུང་བ་དེ་བཞིན་དུ། སྒྲར་རྟོག་པའི་རྣམ་པར་
ཤེས་པ་འཁྲུལ་པ་ལས། མིང་གི་ཚོགས་དང་ཚིག་གི་ཚོགས་རྣམས་འབྱུང་བར་འགྱུར་གྱི། དངོས་པོ་ནི་གང་ཡང་མེད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་དངོས་པོ་མེད་ན། ཇི་ལྟར་རྒྱུ་དང་རྐྱེན་རྣམས་ལས་འབྱུང་བར་འགྱུར་སྙམ་དུ་སེམས་པ་ལ། མིག་ཡོར་དང་།
ནམ་མཁའ་དང་། དྲི་ཟའི་གྲོང་ཁྱེར་གྱི་དཔེ་བསྟན་ཏེ། དཔེར་ན་མིག་རབ་རིབ་ཅན་དུ་གྱུར་པའི་རྒྱུས་སྐྲ་ཤད་འཛིངས་པ་ལ་སོགས་པ་སྣང་བ་དང་། རི་རབ་ཀྱི་ངོས་སུ་རིན་པོ་ཆེ་བཻ་ཌཱུརྱའི་འོད་ཀྱིས་ནམ་མཁའ་སྔོན་པོར་སྣང་བ་དང་། ཡུལ་གྱི་ཁྱད་པར་དང་སྤྲིན་དང་ཉེ་བའི་རྒྱུས།
དྲི་ཟའི་གྲོང་ཁྱེར་དངོས་སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྒྱུ་དང་རྐྱེན་ལས་འབྱུང་བ་ཡང་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་དངོས་པོ་མེད་ན། རྒྱུ་དང་འབྲས་བུ་འདྲ་བར་ཇི་ལྟར་འགྱུར་སྙམ་དུ་སེམས་པ་ལ། གཟུགས་
བརྙན་གྱི་དཔེ་བསྟན་ཏེ། བཞིན་གྱི་རྒྱུས་མེ་ལོང་གི་ནང་དུ་བཞིན་གྱི་གཟུགས་བརྙན་བཞིན་དང་འདྲ་བར་སྣང་ཡང་། བཞིན་ཡང་དག་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྒྱུ་དང་འབྲས་བུ་འདྲ་བར་འབྱུང་ཡང་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་
Vol. 91 · folio 13b
ཅད་དངོས་པོ་མེད་ན། འགྲོ་བ་དང་འོང་བ་ལ་སོགས་པའི་བྱ་བ་རྣམས་ཇི་ལྟར་ཡོད་པར་འགྱུར་སྙམ་དུ་སེམས་པ་ལ། སྤྲུལ་པའི་དཔེ་བསྟན་ཏེ། དཔེར་ན་སྤྲུལ་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པའི་ལུས་ཀྱི་ལས་དང་། ངག་གི་ལས་རྣམས་བྱེད་པ་སྣ་ཚོགས་སྣང་ཡང་།
དངོས་པོར་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་བྱ་བ་སྣ་ཚོགས་བྱེད་པར་སྣང་ཡང་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སེམས་ཡོངས་སུ་ཞུམ་པ་མེད་པ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཤིན་ཏུ་རྣམ་པར་
དག་པའི་ཡོན་ཏན་བསྟན་པ་སྟེ། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་ཚོགས་ཡོངས་སུ་མ་རྫོགས་པ་དང་། རྟོག་པ་དང་བཅས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་དང་། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱིས་
འཕགས་པ་རྣམས་ཀྱི་སྤྱན་སྔར་སེམས་ཞུམ་པར་འགྱུར་ཡང་སྲིད་ཀྱི། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཚོགས་ཡོངས་སུ་རྫོགས་ཤིང་། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་དང་། དབང་པོ་རྣམས་ཐོབ་པའི་ཕྱིར་རྣམ་པ་ཐམས་ཅད་དུ་སེམས་ཞུམ་པ་མེད་
པ་དག་གོ་ཞེས་བསྟན་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང་། ཤེས་པ་ཕྲ་བ་དང་། སྤྱོད་པ་དང་། མོས་པ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ་ཞེས་བྱ་བས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུས་སེམས་ཅན་ཐམས་ཅད་ཀྱི་སེམས་
ཀྱི་སྤྱོད་པ་རྗེས་སུ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང་། མོས་པ་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཕྲ་བ་དང་།
སྤྱོད་པ་ལ་འཇུག་པ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པའི་ཡོན་ཏན་བསྟན་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྗེས་སུ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང་། མོས་པ་རྣམ་པ་སྣ་ཚོགས་ཁོང་དུ་ཆུད་
Vol. 91 · folio 14a
ནས་སེམས་ཅན་དེ་དག་གདུལ་བའི་ཐབས་ལ་མཁས་པར་གྱུར་ཏོ། །ཆོས་ཀྱི་དབྱིངས་ལ་འཇུག་པའི་ཏིང་ངེ་འཛིན་ཐོབ་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཟབ་ཅིང་ཕྲ་བ་དང་། སྤྱོད་པ་རྒྱ་ཆེན་པོ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པར་གྱུར་པ་དག་
གོ་ཞེས་བསྟན་པའོ། །སེམས་ཅན་ཐམས་ཅད་ལ་སྡང་བ་མེད་པའི་སེམས་དང་ལྡན་པ་ཞེས་བྱ་བས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་བརྩོན་འགྲུས་མ་བཏང་བའི་ཕྱིར། བྱམས་པ་ཆེན་པོའི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བའི་
ཕྱིར་སྙིང་རྗེ་ཆེན་པོའི་སྟོབས་དང་ལྡན་པ་བསྟན་པའོ། །བཟོད་པ་རླབས་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྱད་པར་ཅན་དུ་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་པས། ས་འོག་མ་དག་ལ་མི་སྐྱེ་
བའི་ཆོས་ལ་བཟོད་པ་ཐོབ་པ་དེ་དག་ཤིན་ཏུ་སྦྱངས་ཤིང་རྒྱ་ཆེ་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཟབ་ཅིང་ཕྲ་བ་རྟོགས་པར་དཀའ་བ་རྣམས་ཀྱང་རྟོགས་པར་ནུས་ཤིང་བཟོད་པ་རླབས་ཆེན་པོ་དང་ལྡན་པ་ཞེས་བྱ་སྟེ། དེ་བས་ན་བྱང་ཆུབ་སེམས་
དཔའ་དེ་དག་གི་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་ལ་དར་ལས་ཆོད་པ་ཙམ་མོ་ཞེས་བྱའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་བྱ་བའི་ཡེ་ཤེས་ལ་མཁས་པ་ཞེས་བྱ་བ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་བྱ་སྟེ། དེ་བཞིན་ཉིད་དེ་དག་གིས་
སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱེད་པ་ལ་ཡང་མཁས་ལ། གཞན་རྟོགས་པར་བྱེད་དུ་འཇུག་པ་ལ་ཡང་མཁས་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཉིད་ཟབ་མོ་དང་ལྡན་པས་གཏིང་དཔག་དཀའ་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་ཉིད་ཟབ་
མོ་རྟོགས་པས་དེ་དག་གི་སེམས་ཀྱང་ཟབ་ཅིང་བརྟག་དཀའ་བའི་ཕྱིར་རོ། །རང་གི་སེམས་ལ་དབང་རབ་ཏུ་ཐོབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཡོངས་སུ་དག་པས་ཉོན་མོངས་པའི་དབང་དུ་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ལ་དབང་
Vol. 91 · folio 14b
ཤིན་ཏུ་ཐོབ་པ་ཞེས་བྱ་བས་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་སེམས་ཙམ་དུ་ཟད་པར་ཤེས་པས་ཕྱི་རོལ་གྱི་དངོས་པོ་མི་བརྩོན་པར། བདག་གི་སེམས་ཀྱིས་ཅི་འདོད་པར་བསྒྱུར་ནུས་པའི་མཐུ་དང་ལྡན་པ་དག་གོ་ཞེས་བསྟན་པའོ། །ལས་དང་ཉོན་མོངས་པ་དང་ལྟ་
བའི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་ལྟ་བའི་དབང་གིས་ཁམས་གསུམ་དུ་མི་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །བདེན་པ་རྟོགས་པར་བསྟན་པ་ལ་མཁས་པ་ཞེས་བྱ་བས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་གཞན་གྱིས་
རྟོགས་པར་བྱ་བའི་ཕྱིར་བསྟན་པ་ལ་མཁས་པ་དག་གོ་ཞེས་བསྟན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ཟད་མི་ཤེས་པ་ལ་ཞུགས་པ་ཞེས་བྱ་བ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ནི་སྐྱེ་བ་དང་འགག་པ་མེད་པའི་ཆོས་ཟབ་མོ་ལ་བྱའོ། །སྐྱེ་བ་དང་འགག་པ་མེད་པ་ཉིད་ལ་
ཟད་མི་ཤེས་པ་ཞེས་བྱ་བ་སྟེ། དེ་ལ་ཞུགས་པ་ནི་རྟོགས་ཤིང་ཁོང་དུ་ཆུད་པ་ལ་བྱའོ། །ལྟ་བ་དང་། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ལ། ལྟ་བ་ནི་འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་
དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །བག་ལ་ཉལ་བ་ནི་བདུན་ཏེ། འདོད་པའི་འདོད་ཆགས་བག་ལ་ཉལ་བ་དང་། ཁོང་ཁྲོ་བ་བག་ལ་ཉལ་བ་དང་། སྲིད་པའི་འདོད་ཆགས་བག་ལ་ཉལ་བ་དང་། ང་རྒྱལ་
བག་ལ་ཉལ་བ་དང་། མ་རིག་པ་བག་ལ་ཉལ་བ་དང་། ལྟ་བ་བག་ལ་ཉལ་བ་དང་། ཐེ་ཚོམ་བག་ལ་ཉལ་བའོ། །ཀུན་ནས་ལྡང་བ་བརྒྱད་དེ། རྨུགས་པ་ཀུན་ནས་ལྡང་བ་དང་། གཉིད་ཀུན་ནས་ལྡང་བ་དང་། རྒོད་པ་ཀུན་ནས་ལྡང་བ་དང་། ཐེ་ཚོམ་ཀུན་ནས་ལྡང་
བ་དང་། ཕྲག་དོག་ཀུན་ནས་ལྡང་བ་དང་། སེར་སྣ་ཀུན་ནས་ལྡང་བ་དང་། ཁྲེལ་མེད་པ་ཀུན་ནས་ལྡང་བ་དང་། ངོ་ཚ་མི་ཤེས་པ་ཀུན་ནས་ལྡང་བ་སྟེ། ཉོན་མོངས་པ་དེ་དག་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ་ཞེས་བྱ་བ་ལ། ཀུན་ཏུ་
Vol. 91 · folio 15a
སྦྱོར་བ་ནི་དགུ་སྟེ། ཆགས་པ་ཀུན་དུ་སྦྱོར་བ་དང་། ཁོང་ཁྲོ་བ་ཀུན་དུ་སྦྱོར་བ་དང་། ང་རྒྱལ་ཀུན་དུ་སྦྱོར་བ་དང་། མ་རིག་པ་ཀུན་དུ་སྦྱོར་བ་དང་། ལྟ་བ་ཀུན་དུ་སྦྱོར་བ་དང་། མཆོག་ཏུ་འཛིན་པ་ཀུན་དུ་སྦྱོར་བ་དང་། ཐེ་ཚོམ་ཀུན་དུ་སྦྱོར་བ་དང་། ཕྲག་དོག་
ཀུན་དུ་སྦྱོར་བ་དང་། སེར་སྣ་ཀུན་དུ་སྦྱོར་བ་སྟེ། ཉོན་མོངས་པ་འདི་རྣམས་སེམས་ཅན་རྣམས་འགྲོ་བ་རྒྱུད་ལྔར་སྐྱེ་བར་བྱེད་ཅིང་། ཀུན་ཏུ་སྦྱོར་བའི་ཕྱིར་ཀུན་དུ་སྦྱོར་བ་ཞེས་བྱ་སྟེ། ཉོན་མོངས་པ་དེ་རྣམས་སྤངས་པ་ལ་ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པ་ཞེས་བྱའོ། །ལས་དང་
ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་མཁས་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་ཐབས་ལ་མཁས་པ་དག་གོ་ཞེས་བསྟན་པའོ། །བདེན་པ་རབ་ཏུ་
རྟོགས་པར་བྱ་བའི་ཡེ་ཤེས་ལ་མཁས་པ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྣམས་བདག་དང་གཞན་གྱིས་རྟོགས་པར་བྱ་བའི་ཐབས་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བར་རྟག་ཏུ་
རྒྱུན་མི་འཆད་པར་མོས་པ་ཞེས་བྱ་བས་ནི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་སྒྲ་དང་ཚིག་གི་རང་བཞིན་དུ་གྲག་པ་རྣམས་ལ། དངོས་པོར་མི་ལྟ་བར་སྒྲ་བརྙན་དང་འདྲ་བར་རྟོགས་པ་དག་གོ་ཞེས་བསྟན་པའོ། །ཆོས་ཀྱི་ཚུལ་བསྟན་པ་ཚད་མེད་པ་ལ་
འཇིགས་པ་མེད་པ་ཞེས་བྱ་བས་ནི་དེ་ལྟར་ལུང་གི་ཆོས་རྣམས་ལ། དོན་དམ་པར་དངོས་པོར་མི་ལྟ་ཡང་། ཀུན་རྫོབ་ཏུ་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཚུལ་བསྟན་པ་རྣམ་པ་སྣ་ཚོགས་ལ་མཁས་པས། འཁོར་གང་དང་གང་དུ་
ཆོས་དེ་དག་རྣམ་པར་ཕྱེ་ཞིང་སྟོན་པ་ལ་འཇིགས་ཤིང་བག་ཚ་བ་མེད་པ་དག་གོ་ཞེས་བསྟན་པའོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ་ཞེས་བྱ་བས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུས། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་
Vol. 91 · folio 15b
ཀྱི་སྤྱོད་ཡུལ་ལ་འཇུག་པ་ལ་མཁས་པའི་ཡོན་ཏན་བསྟན་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་རྣམ་པ་གཉིས་ཏེ། དོན་དམ་པའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་དང་། ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་
པའོ། །དེ་ལ་དོན་དམ་པའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་ནི་དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་ཟད་དེ། མཚན་མ་དང་རྟོག་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ། །ཀུན་རྫོབ་ཏུ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་ནི་སེམས་ཅན་ཡོངས་
སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་བླ་ན་མེད་པ་རྣམས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བ་ལ་མཁས་པ་ཞེས་བྱ་
བའི་དོན་ཏོ། །སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་རྣམ་པར་བཀོད་པའི་སྨོན་ལམ་གྱིས་འགྲོ་བ་ཡོངས་སུ་ཟིན་པ་ཞེས་བྱ་བས་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་རྒྱུས་སྔོན་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ་གྲུབ་པའི་ཡོན་ཏན་བསྟན་པ་སྟེ། སྔོན་བྱང་ཆུབ་
སེམས་དཔའི་ས་འོག་མ་ལ་གནས་པའི་ཚེ། སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དང་། པདྨོ་ཅན་ལ་སོགས་པའི་རྒྱན་དང་བཀོད་པ་རྣམ་པ་སྣ་ཚོགས་མཐའ་ཡས་པ་རྣམས་མཐོང་ཞིང་ཐོས་ནས། ནམ་བདག་མངོན་པར་སངས་རྒྱས་པའི་ཚེ་སངས་རྒྱས་ཀྱི་ཞིང་དེ་ལྟ་བུའམ། དེ་
བས་ཀྱང་ལྷག་པ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། སྨོན་ལམ་དང་མཐུན་པར་བརྩོན་འགྲུས་བརྩམས་ཤིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་པའི་མཐུས་ས་བཅུ་ལ་གནས་པའི་ཚེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་ལྟ་བུ་དང་ལྡན་
པར་གྱུར་པ་ལས་སངས་རྒྱས་ཀྱི་ཞིང་དུ་མཐའ་ཡས་པ་རྣམ་པར་བཀོད་པའི་སྨོན་ལམ་གྱིས་འགྲོ་བ་ཡོངས་སུ་ཟིན་པ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་བཞུགས་པའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་ཏུ་རྒྱུན་མི་འཆད་པར་མངོན་དུ་གྱུར་པ་ཞེས་བྱ་བས་
Vol. 91 · folio 16a
ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པའི་འབྲས་བུ་དང་ལྡན་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་སྔོན་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམས་པའི་དབང་གིས་ས་བཅུ་ལ་གནས་པའི་ཚེ་ཡང་འཇིག་རྟེན་གྱི་
ཁམས་ཚད་མེད་གྲངས་མེད་པ་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་མངོན་དུ་གྱུར་ཅིང་། སངས་རྒྱས་དེ་དག་གི་སྤྱན་སྔ་ན་རྟག་ཏུ་གནས་པ་དག་གོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་འབྱུང་བ་ཐམས་ཅད་དུ་ཉེ་བར་འགྲོ་བ་ལ་མཁས་པ་ཞེས་བྱ་
བས་ནི་འཇིག་རྟེན་གྱི་ཁམས་གང་དང་གང་དུ་སངས་རྒྱས་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་དུ་སོང་ནས་མཆོད་ཅིང་བཀུར་སྟི་བྱ་བ་ལ་མཁས་པ་དག་གོ་ཞེས་བསྟན་པའོ། །སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་བཏབ་པར་མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཚད་
མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ཀྱི་དྲུང་དུ་སོང་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ཡུན་རིང་དུ་བཞུགས་པར་བྱ་བའི་ཕྱིར་གསོལ་བ་
འདེབས་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གྱི་ལྟ་བ་སྣ་ཚོགས་ཀྱིས་ཡོངས་སུ་བསྐྱེད་པའི་ཉོན་མོངས་པ་ཞི་བར་བྱ་བ་ལ་མཁས་པ་ཞེས་བྱ་བས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པའི་འབྲས་བུ་བསྟན་པ་སྟེ། སེམས་ཅན་རྣམས་ཀྱི་
བསམ་པ་དང་། བག་ལ་ཉལ་བ་དང་། སྤྱོད་པ་དང་། མོས་པ་དང་། དབང་པོ་ཐ་དད་པ་རྣམས་གཟིགས་ནས། དེ་དག་ལ་ཅི་རིགས་པར་ཆོས་བསྟན་ཅིང་ནན་ཏན་བྱེད་དུ་བཅུག་པས་དེ་དག་གི་ལྟ་བ་སྣ་ཚོགས་ལས་གྱུར་པའི་ཉོན་མོངས་པ་རྣམས་ཐབས་མཁས་པས་ཞི་
བར་བྱ་བ་ལ་མཁས་པ་དག་གོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་བརྒྱ་སྟོང་མངོན་པར་སྒྲུབ་པ་ལ་རྣམ་པར་རྩེ་བའི་ཡེ་ཤེས་རྟོགས་པར་བྱ་བ་ལ་མཁས་པ་ཞེས་བྱ་བས་ནི་མངོན་པར་ཤེས་པའི་རྒྱུ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱས་པའི་འབྲས་བུ་དང་ལྡན་པར་བསྟན་པ་སྟེ།
Vol. 91 · folio 16b
སྔོན་ཏིང་ངེ་འཛིན་རྣམ་པ་མང་པོ་བསྒོམས་པའི་མཐུས་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་རོལ་ཅིང་། སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་མཛད་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་བརྗོད་པ་བསྐལ་པ་མཐའ་ཡས་པར་མི་ཟད་པ་དང་ལྡན་པ་ཞེས་བྱ་བས་ནི་ས་བཅུ་ལ་གནས་
པའི་བྱང་ཆུབ་སེམས་དཔའ་དེ་དག་གི་ཡོན་ཏན་རེ་རེ་ནས་བརྗོད་ན་བསྐལ་པ་མཐའ་ཡས་པར་བརྗོད་ཀྱང་མི་རྫོགས་པའི་ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པ་ཤ་སྟག་གོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བརྗོད་པ་མཇུག་བསྡུས་ཏེ་བསྟན་པའོ། །འདི་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བཞུགས་པ་ཐམས་ཅད་ཀྱི་མཚན་བརྗོད་ཀྱིས་ཀྱང་མི་ལང་བས་དེ་དག་གི་ནང་ནས་གཙོ་བོ་ཉུང་ཤས་ཅིག་གི་མཚན་བརྗོད་དེ་
བསྟན་པའོ། །འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱི་མཚན་ནི་མ་བརྗོད་ལ། འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཅིའི་ཕྱིར་བརྗོད་ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་མཐུ་ཆེ་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པ་དང་། བྱང་ཆུབ་
སེམས་དཔའི་ཐེག་པ་ལ་གཏོགས་པའི་ཕྱིར་མིང་ཁྱད་པར་དུ་བརྗོད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་འཁོར་ཕུན་སུམ་ཚོགས་པ་བསྟན་པས་མདོ་སྡེ་ཐམས་ཅད་དང་མཐུན་པའི་གླེང་གཞི་བསྟན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་གླེང་གཞི་ཁྱད་པར་ཅན་བསྟན་
པའི་ཕྱིར། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ནས་སྐུ་དྲང་པོར་བསྲང་སྟེ། དགོངས་པ་མངོན་དུ་བཞག་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་
བཤམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་འདི་ཐུན་མོང་མ་ཡིན་པར་བསྟན་པ་དང་། དཀོན་ཞིང་རིན་ཆེ་བས་མཆོད་ཅིང་བཀུར་སྟི་བྱ་བར་འོས་པ་ཡིན་པར་བསྟན་པ་དང་། འཁོར་རྣམས་གདུལ་བའི་ཕྱིར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་གདན་ཡང་
Vol. 91 · folio 17a
བཅོམ་ལྡན་འདས་ཉིད་ཀྱིས་བཤམས་པ་དང་སྦྱར་ན། འདི་བཤད་པ་ཡང་གཞན་གྱི་སྤྱོད་ཡུལ་མ་ཡིན་ཏེ་ཐུན་མོང་མ་ཡིན་པར་མངོན་ནོ། །དེ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་གདན་བཤམས་པ་དང་སྦྱར་ན། ཆོས་བཤད་པ་འདི་དཀོན་ཞིང་རིན་ཆེ་བས་
མཆོད་ཅིང་བཀུར་སྟི་བྱ་བར་འོས་པ་ཡིན་པར་མངོན་ནོ། །དེ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་གདན་བཤམས་ནས་འཁོར་རྣམས་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཉིད་ཀྱང་ཆོས་བཤད་པ་འདི་ལ་དེ་ལྟ་བུའི་བཀུར་སྟི་དང་། རིམ་གྲོ་མཛད་ན་བདག་ཅག་ལྟ་སྨོས་ཀྱང་ཅི་
དགོས་སྙམ་ནས་ཆོས་བཤད་པ་ལ་རིམ་གྲོ་ཆེར་བྱེད་དུ་གཞུག་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་གདན་བཤམས་པར་རིག་པར་བྱའོ། །སྐུ་དྲང་པོར་བསྲང་བ་དང་། སྐྱིལ་མོ་ཀྲུང་བཅས་པར་བསྟན་པས་ནི་གདུལ་བྱའི་འགྲོ་བ་རྣམས་སྒོམ་པ་དང་མཐུན་པའི་ལུས་རབ་ཏུ་སྦྱངས་
ཤིང་ལས་སུ་རུང་བར་བྱ་བ་བསྟན་པའི་ཕྱིར་རོ། །དགོངས་པ་མངོན་དུ་གཞག་པ་བསྟན་པས་ནི་གདུལ་བྱའི་འགྲོ་བ་རྣམས་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ལ་སེམས་རྩེ་གཅིག་ཏུ་གནས་ཤིང་ལས་སུ་རུང་བར་བྱ་བའི་ཕྱིར་དྲན་པ་མངོན་དུ་གཞག་པ་བསྟན་པའི་ཕྱིར་རོ། །ཆོས་བཤད་
པའི་གླེང་གཞི་འདི་ཡང་། ཆོ་འཕྲུལ་རྣམ་པ་གསུམ་གྱིས་བསྟན་ཏེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། བྱིན་གྱི་རླབས་ཀྱིས་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་གྱིས་བསྟན་ཏོ། །དེ་ལ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ནི་ཏིང་ངེ་འཛིན་གཉིས་ཀྱིས་བསྟན་ཏེ། ཏིང་ངེ་
འཛིན་གྱི་རྒྱལ་པོ་དང་། སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་ཏོ། །དེ་ལ་དེར་ཞུགས་ནས་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་འདུ་བ་དང་། ཁོང་དུ་ཆུད་པ་དང་། རྗེས་སུ་འབྲང་བ་དང་། འདུ་བར་འགྱུར་བའི་ཏིང་ངེ་འཛིན། ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་
མཉམ་པར་གཞག་གོ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་རྒྱལ་པོའི་ཆོ་འཕྲུལ་བསྟན་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཡང་ཏིང་ངེ་འཛིན་འདི་ལ་མཉམ་པར་གཞག་ནས། ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་འགྲུབ་ཅིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་དང་།
Vol. 91 · folio 17b
ཡོན་ཏན་དང་ལྡན་པ་རྒྱལ་པོ་དང་འདྲ་བའི་ཕྱིར་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱའོ། །དེ་བས་ན་ཏིང་ངེ་འཛིན་དེར་ཏིང་ངེ་འཛིན་ཐམས་ཅད་འདུ་བ་དང་། ཁོང་དུ་ཆུད་པ་དང་། རྗེས་སུ་འབྲང་བ་དང་། འདུ་བར་འགྱུར་བ་ཞེས་གསུངས་ཏེ། དེ་ལ་འདུ་བ་དང་ཁོང་དུ་ཆུད་པ་ཞེས་བྱ་
བས་ཏིང་ངེ་འཛིན་དེ་དག་ཐམས་ཅད་རྣམ་པར་མི་རྟོག་ཅིང་མི་གཡོ་ལ། སེམས་རྩེ་གཅིག་ཏུ་གནས་ཤིང་བཏང་སྙོམས་དང་ལྡན་པའི་རང་བཞིན་དུ་གཅིག་སྟེ་ཐ་མི་དད་པ་བསྟན་ཏོ། །རྗེས་སུ་འབྲང་བ་དང་། འདུ་བར་འགྱུར་བ་ཞེས་བྱ་བས་ནི་འོད་ཟེར་འགྱེད་པ་དང་། སེམས་ཅན་
གྱི་དོན་བྱ་བ་ལ་སོགས་པ་དོན་དུ་བསྒྲུབ་པ་རྣམས་གཅིག་པར་བསྟན་ཏོ། །ཏིང་ངེ་འཛིན་གྱི་རྒྱལ་པོའི་ཆོ་འཕྲུལ་དེ་ཡང་རྣམ་པ་བཞིས་བསྟན་ཏེ། ཡན་ལག་དང་ཉིང་ལག་ལས་འོད་ཟེར་འགྱེད་པ་དང་། སྤུའི་ཁུང་བུ་ནས་འོད་ཟེར་འགྱེད་པ་དང་། རང་བཞིན་གྱིས་འོད་ཟེར་འགྱེད་
པ་དང་། ལྗགས་ཀྱི་དབང་པོ་ལས་འོད་ཟེར་འགྱེད་པའོ། །དེ་ལ་དེ་ནས་བཅོམ་ལྡན་འདས་དགོངས་ཤིང་ཡང་དག་པར་མཁྱེན་པས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། འཕྲུལ་གྱི་སྤྱན་གྱིས་སངས་རྒྱས་ཀྱི་ཞིང་འདི་ལ་རྣམ་པར་གཟིགས་སོ། །དེ་ལྟར་གཟིགས་ནས་
སྐུ་ཐམས་ཅད་ནས་འོད་རབ་ཏུ་བཀྱེ་སྟེ་ཞེས་བྱ་བ་ནས། སེམས་ཅན་གང་གིས་འོད་དེ་མཐོང་བ་དང་། འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་ཡན་ལག་དང་ཉིང་ལག་
ནས་འོད་ཟེར་འགྱེད་པའི་ཆོ་འཕྲུལ་བསྟན་ཏེ། དེ་ལ་དེ་ནས་བཅོམ་ལྡན་འདས་དགོངས་ཤིང་ཡང་དག་པར་མཁྱེན་པས་ཞེས་བྱ་བས་ནི། དེ་ལྟར་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ལས། སྔོན་གྱི་སྨོན་ལམ་དགོངས་ཤིང་སེམས་ཅན་གྱི་དོན་བྱ་བའི་དུས་ལ་བབ་པ་མཁྱེན་
པ་བསྟན་ཏོ། །འཕྲུལ་གྱི་སྤྱན་གྱིས་སངས་རྒྱས་ཀྱི་ཞིང་འདི་ལ་རྣམ་པར་གཟིགས་སོ་ཞེས་བྱ་བས་ནི་སངས་རྒྱས་ཀྱི་ཞིང་འདི་ན་འཁོད་པའི་སེམས་ཅན་རྣམས་སྐལ་བ་དང་ལྡན་པ་དང་མི་ལྡན་པ་བརྟག་པའི་ཕྱིར་གཟིགས་པ་བསྟན་ཏོ། །བཅོམ་ལྡན་འདས་ལ་ནི་དེ་ལྟར་དགོངས་ཤིང་
Vol. 91 · folio 18a
གཟིགས་པའི་རྟོགས་པ་མི་མངའ་མོད་ཀྱི་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་དེ་ལྟར་མཐོང་བ་དང་། ཆོས་སྡུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་དུ་རུང་བར་བྱ་བ་དང་། མ་འོངས་པའི་དུས་ཀྱི་སྐྱེ་བོ་རྣམས་ཆོས་འཆད་པ་ལ་ནན་
ཏན་བསྐྱེད་པའི་ཚུལ་བསྟན་པའི་ཕྱིར་དེ་ལྟ་བུ་བཤད་དོ། །འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་འོད་ཟེར་ནི་ཁ་དོག་རྣམ་པ་དྲུག་ཡོད་དེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་།
འོད་གསལ་བའོ། །འོད་ཟེར་ཁ་དོག་དྲུག་པོ་དེ་དག་ཕྱོགས་བཅུར་རྣམ་པར་འཕྲོས་ན་དྲུག་ཅུར་འགྱུར་རོ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གྱུར་པ་ནི་གདུལ་བར་བྱ་བའི་སེམས་ཅན་མང་བ་དང་། དོན་དུ་བསྒྲུབ་པ་མང་བའི་ཕྱིར་འོད་ཟེར་ཁ་དོག་སྣ་གཅིག་ལས་ཀྱང་དེ་སྙེད་དུ་འཕྲོས་པར་
རིག་པར་བྱའོ། །དྲུག་ཅུ་དྲུག་ཅུ་ཞེས་ལན་གཉིས་སྨོས་པ་ནི། ཞབས་གཉིས་ལ་སོགས་པ་སྐུའི་ཡན་ལག་དང་ཉིང་ལག་ཕལ་ཆེར་གཉིས་གཉིས་ཡོད་པ་བརྩན་པར་བྱས་ནས་ལན་གཉིས་སུ་བཟླས་ཏེ་གསུངས་པར་རིག་པར་བྱའོ། །འོད་ཟེར་དེ་དག་ཀྱང་དོན་རྣམ་པ་གཉིས་
སྒྲུབ་སྟེ། འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་སྣང་བར་བྱེད་པའི་དོན་སྒྲུབ་པ་དང་། སེམས་ཅན་རྣམས་ལ་ཕན་འདོགས་པའི་དོན་སྒྲུབ་པའོ། །དེ་ལ་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་
ཐམས་ཅད་སྣང་བར་བྱས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་གྱི་ཁམས་རྣམས་ཀུན་དུ་སྣང་བར་བྱ་བའི་དོན་སྒྲུབ་པ་བསྟན་ཏོ། །སེམས་ཅན་གང་གིས་འོད་དེ་མཐོང་བ་དང་། འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
ངེས་པར་གྱུར་ཏོ་ཞེས་བྱ་བས་ནི་སེམས་ཅན་རྣམས་ལ་ཕན་འདོགས་པའི་དོན་སྒྲུབ་པ་བསྟན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བ་སྤུའི་སྒོ་ཐམས་ཅད་ནས་འོད་ཟེར་རབ་ཏུ་དགྱེ་བ་མཛད་དེ་ཞེས་བྱ་བ་ལ་སོགས་པས་ནི། སྤུའི་ཁུང་བུ་ནས་འོད་ཟེར་འགྱེད་པའི་ཆོ་འཕྲུལ་བསྟན་ཏེ།
Vol. 91 · folio 18b
འོད་ཟེར་དེ་དག་ཀྱང་དོན་དམ་པ་གཉིས་སྒྲུབ་པ་ནི་སྔ་མ་བཞིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཟེར་འགྱེད་པའི་ཆོ་འཕྲུལ་བསྟན་པ་སྟེ། འོད་ཟེར་དེ་དག་
ཀྱང་དོན་དམ་པ་གཉིས་སྒྲུབ་པ་ནི་སྔ་མ་བཞིན་ནོ། །རང་བཞིན་གྱི་འོད་ཅེས་བྱ་བ་ནི་སྐུ་མདོག་བཟང་ཞིང་འོད་གསལ་བ་འཕྲོས་པ་ལ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ལྗགས་ཀྱི་དབང་པོ་ལས་འོད་
ཟེར་འགྱེད་པའི་ཆོ་འཕྲུལ་བསྟན་པ་སྟེ། ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ལྗགས་ཀྱི་དབང་པོས་ཁྱབ་པར་མཛད་ནས་ཞལ་འཛུམ་པ་མཛད་པས་ནི། བཅོམ་ལྡན་འདས་ཆོས་འཆད་པའི་སྔ་
ལྟས་བསྟན་ཏོ། །ལྗགས་ཀྱི་འོད་ཟེར་དེ་དག་ཐམས་ཅད་ལས་པདྨ་རྣམས་བྱུང་བ་བསྟན་པས་ནི། ཆོས་འདི་ཉན་པའི་བྱང་ཆུབ་སེམས་དཔའ་རྣམས་པདྨ་ཅིས་ཀྱང་མ་གོས་པ་ལྟར། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ངེས་པར་འཇུག་པར་གྱུར་པའི་མཚན་མ་བསྟན་ཏོ། །པདྨ་དེ་དག་
ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་འདི་ཉིད་སྟོན་པ་བསྟན་པས་ནི། བྱང་ཆུབ་སེམས་དཔའ་ཆོས་འདི་ཉན་ཉན་པ་དེ་དག་པདྨ་ཁ་ཕྱེ་ཞིང་རྒྱས་པ་བཞིན་དུ་བློ་རྒྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་
ནས། ཕྱོགས་ཕྱོགས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་འདི་ཉིད་འཆད་པར་འགྱུར་བའི་སྔ་ལྟས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལ་མཉམ་པར་གཞག་སྟེ་
ཞེས་བྱ་བ་ལ་སོགས་པས་ནི་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བསྟན་ཏེ། ཆོ་འཕྲུལ་འདི་ཡང་སྣོད་ཀྱི་འཇིག་རྟེན་བཟང་ཞིང་བདེ་བར་བྱི་དོར་བྱ་བ་དང་། སེམས་ཅན་གྱི་འཇིག་རྟེན་ལ་ཕན་གདགས་པ་དང་རྣམ་པ་གཉིས་སུ་བསྟན་ཏེ། དེ་ལ་སྣོད་ཀྱི་འཇིག་
Vol. 91 · folio 19a
རྟེན་བཟང་ཞིང་བདེ་བར་བྱི་དོར་བྱ་བའི་ཆོ་འཕྲུལ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེད་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། རྣམ་པ་
དྲུག་ཏུ་གཡོས་པ་ནི་གཡོས་པ་དང་། འགུལ་བ་དང་། ལྡེག་པ་དང་། ཆེམ་ཆེམ་ཟེར་བ་དང་། འུར་འུར་ཞེས་ཟེར་བ་དང་། ཤིག་ཤིག་ཅེས་ཟེར་བ་རྣམས་ཏེ། རེ་རེ་ལ་ཡང་དྲག་དལ་རྣམ་པ་གསུམ་གསུམ་སྟེ། དང་པོ་དལ་བུས་གཡོས་པ་ལ་གཡོས་པ་ཞེས་བྱའོ། །
དེའི་འོག་ཏུ་འབྲིང་དུ་གཡོས་པ་ལ་རབ་ཏུ་གཡོས་པ་ཞེས་བྱའོ། །དེའི་འོག་ཏུ་དེ་བས་ཀྱང་དྲག་ཏུ་གཡོས་པ་ལ་ཀུན་དུ་གཡོས་པ་ཞེས་བྱ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ་ཞེས་བྱ་བ་ནི་དེ་ལྟར་རྣམ་པ་དྲུག་ཏུ་
གཡོས་པ་ཉིད་ཀྱི་ཚེ། མཐའ་དང་དབུས་མཐོན་དམན་དུ་གྱུར་པ་ལ་བྱ་བས་རྣམ་པ་དྲུག་ཏུ་གཡོས་པའི་ནང་དུ་གཏོགས་ཏེ་ལོགས་ཤིག་ཏུ་མི་བགྲང་ངོ་། །དལ་བུས་བགས་ཀྱིས་ཉམས་སུ་བདེ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེད་པར་གྱུར་ཏོ་ཞེས་བྱ་
བས་ནི་དེ་ལྟར་རྣམ་པ་དྲུག་ཏུ་གཡོས་པའི་ཚེ་ཡང་། སེམས་ཅན་རྣམས་སྔང་ཞིང་སྐྲག་པ་ལ་སོགས་པར་མི་འགྱུར་བར་རི་དང་ས་གཞི་དང་རྩི་ཤིང་ལ་སོགས་པ་ཡང་ལ་འཇམ་ཞིང་སྣུམ་པ་དང་ཉམས་དགའ་བར་གྱུར་ཏོ་ཞེས་བསྟན་ཏོ། །དེ་ནས་དེའི་ཚེ་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཆད་
པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་གྱི་འཇིག་རྟེན་ལ་ཕན་གདགས་པའི་ཆོ་འཕྲུལ་བསྟན་ཏེ། སེམས་ཅན་གྱི་འཇིག་རྟེན་ལ་ཕན་གདགས་པའི་ཆོ་འཕྲུལ་དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་ངན་སོང་རྒྱུད་གསུམ་ལ་སོགས་པ་
Vol. 91 · folio 19b
ན་གནས་པ་དང་། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ངན་སོང་རྒྱུད་གསུམ་ལ་སོགས་པ་ན་གནས་པ་ངན་སོང་གི་སྡུག་བསྔལ་ནས་ཐར་ཅིང་མཐོ་རིས་ཀྱི་བདེ་བ་མྱོང་བར་གྱུར་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་
ན་སེམས་ཅན་དམུས་ལོང་དང་། འོན་པ་ལ་སོགས་པའི་མི་བདེ་བ་དང་བཅས་པ་རྣམས་ཀྱང་མི་བདེ་བ་དེ་དག་ལས་ཐར་བ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་དང་། འཚོ་བ་མི་དགེ་བ་རྣམས་ཀྱང་དགེ་བར་གྱུར་པ་དང་། སེམས་ཅན་ཐམས་ཅད་ཀྱང་གཅིག་ལ་གཅིག་ཕ་མ་དང་།
ཕུ་ནུ་ལ་སོགས་པ་དང་འདྲ་བར་སེམས་མཉམ་པར་གྱུར་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཞིང་ཚངས་པར་སྤྱོད་པ་དང་། གཙང་སྦྲ་ཆེ་བ་དང་། ཉེས་པའི་སྐྱོན་མེད་པ་དང་། མི་དགེ་བའི་རྟོག་པ་ཐམས་ཅད་དང་བྲལ་བ་དང་། སྦྱིན་པ་ལ་སོགས་པའི་དགེ་བའི་ཤེས་
རབ་དང་ལྡན་པར་གྱུར་པ་སྟེ། དེ་ལ་མི་ཁོམ་པ་ཞེས་བྱ་བ་ནི་དམ་པའི་ཆོས་མངོན་པར་རྟོགས་ཤིང་འཕགས་པའི་ས་ཐོབ་པར་བྱ་བའི་སྐབས་དང་སྐལ་བ་མེད་པ་ལ་བྱའོ། །མི་ཁོམ་པ་དེ་ཡང་རྣམ་པ་བརྒྱད་དེ། བརྒྱད་གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེས་པ་དང་། དུད་འགྲོའི་
སྐྱེ་གནས་སུ་སྐྱེས་པ་དང་། ཡི་དགས་སུ་སྐྱེས་པ་དང་། མཐའ་འཁོབ་ཀྱི་ཀླ་ཀློར་སྐྱེས་པ་དང་། གཟུགས་མེད་པ་དང་། འདུ་ཤེས་མེད་པའི་སྲིད་པར་སྐྱེས་པ་དང་། དམུས་ལོང་དང་། འོན་པ་དང་། ལྐུགས་པ་ལ་སོགས་པར་གྱུར་པ་དང་། ལོག་པར་ལྟ་བར་
གྱུར་པ་དང་། སངས་རྒྱས་མེད་པའི་བསྐལ་པ་ལ་སྐྱེས་པ་རྣམས་སོ། །དེའི་ཚེ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་པས་འདི་ལྟ་སྟེ། དཔེར་ན་ཉི་མ་བསྒྲིབས་པ་མེད་པ་ནམ་མཁའི་དབྱིངས་ཡོངས་སུ་དག་པ་ལ་འདུག་པའམ་ཟླ་བ་ཉ་བའི་དཀྱིལ་འཁོར་ལྟར་ཞེས་
བྱ་བ་ནས་དེ་བཞིན་དུ་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་ལྷ་དང་བཅས་པ། དབང་པོ་དང་བཅས་པ། ཚངས་པ་དང་བཅས་པ། གཙང་མའི་གནས་དང་བཅས་པ་ཟིལ་གྱིས་གནོན་པར་བཞུགས་ཤིང་། འོད་དང་སྐུ་མདོག་དང་། གཟི་བརྗིད་དང་དཔལ་གྱིས་
Vol. 91 · folio 20a
མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱི་གཟི་བརྗིད་ཆེན་པོའི་ཡོན་ཏན་བསྟན་པ་སྟེ། ཉི་མ་དང་ཟླ་བས་སྐར་མ་ལ་སོགས་པའི་འོད་ཅན་ཐམས་ཅད་ཟིལ་གྱིས་མནན་པ་དང་། རིའི་རྒྱལ་པོ་རི་རབ་ཀྱིས་རི་གཞན་རྣམས་
ཟིལ་གྱིས་མནན་པ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་ལྷ་དང་བཅས་པ་རྣམས་ཟིལ་གྱིས་མནན་ཏེ་བཞུགས་སོ་ཞེས་བསྟན་ཏེ། འོད་ཀྱིས་ནི་ཚངས་པའི་འོད་བསྙེམས་པ་རྣམས་ཟིལ་གྱིས་མནན་ནོ། །སྐུ་མདོག་གིས་ནི་བརྒྱ་བྱིན་ལ་སོགས་པའི་ལྷ་མདོག་བཟང་
པོ་བསྙེམས་པ་རྣམས་ཟིལ་གྱིས་མནན་ཏོ། །གཟི་བརྗིད་ཀྱིས་ནི་བདུད་དང་མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་ཏོ། །དཔལ་གྱིས་ནི་མི་རྣམས་ཟིལ་གྱིས་མནན་ཏེ་བཞུགས་སོ། །འོད་དང་ལྡན་པས་ནི་མཛེས་སོ། །སྐུ་མདོག་དང་ལྡན་པས་ནི་ལྷམ་མེའོ། །གཟི་
བརྗིད་དང་ལྡན་པས་ནི་ལྷན་ནེའོ། །དཔལ་དང་ལྡན་པས་ནི་ལྷང་ངེར་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་སྐུ་ཅི་འདྲ་བ་དེ་བཞིན་དུ་བསྟན་ཏོ་ཞེས་བྱ་བ་ནས།
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་བསྟན་ཏོ་སྙམ་
མོ་ཞེས་བྱ་བའི་བར་གྱིས་ནི་བྱིན་གྱི་རླབས་ཀྱི་ཆོ་འཕྲུལ་བསྟན་ཏེ། བྱིན་གྱི་རླབས་ཀྱི་ཆོ་འཕྲུལ་ཞེས་བྱ་བ་ཡང་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་དེ་བཞིན་གཤེགས་པ་མཐོང་ནས་དད་པ་སྐྱེས་ཏེ། མཆོད་
པ་སྣ་ཚོགས་བྱེད་པ་དང་། མཆོད་པ་བྱས་པའི་མེ་ཏོག་ལ་སོགས་པ་དེ་དག་ཀྱང་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་མེ་ཏོག་ལ་སོགས་པའི་ཁང་པ་བརྩེགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་གནས་པར་གྱུར་པ་དང་།
Vol. 91 · folio 20b
ཁང་པ་བརྩེགས་པ་དེ་ལས་ཀྱང་མེ་ཏོག་དང་དར་གྱི་ལྡ་ལྡི་མང་པོ་འཕྱང་བར་གྱུར་པ་དང་། མེ་ཏོག་དང་དར་གྱི་ལྡ་ལྡི་དེ་དག་དང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་གསེར་གྱི་ཁ་དོག་ལྟ་བུ་དེས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཤིན་ཏུ་མཛེས་པར་ཁྱབ་ཅིང་གསལ་བར་གྱུར་པ་དང་། དེ་བཞིན་གཤེགས་པའི་རང་བཞིན་གྱི་སྐུ་གཅིག་པུ་བསྟན་ཀྱང་། གླིང་བཞིའི་མི་རྣམས་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ལ་སོགས་པ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་
རྣམས་དང་། སྟོང་གཅིག་དང་། སྟོང་གཉིས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་བདག་ཅག་གི་མདུན་
ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་དུ་སེམས་པར་བྱིན་གྱིས་བརླབས་པ་ལ་བྱིན་གྱི་རླབས་ཀྱི་ཆོ་འཕྲུལ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་སྐུ་དེ་མདོག་བཟང་ཞིང་གཟི་བརྗིད་ཆེ་ལ་འོད་གསལ་བ། མཐོང་
ན་སྐྱོ་མི་ཤེས་ཤིང་ཕྱི་ཕྱིར་ཇེ་བཟང་ཇེ་བཟང་སྣང་བ་ལ་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་ལ་བཞུགས་བཞིན་དུ་འོད་རབ་ཏུ་དགྱེ་བ་མཛད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་སྣང་བའི་ཆོ་འཕྲུལ་བསྟན་ཏེ། ཆོས་སྣང་བའི་ཆོ་འཕྲུལ་དེ་ཡང་རྣམ་པ་གཉིས་
ཏེ། འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པའི་ཆོ་འཕྲུལ་དང་། འཁོར་སྡུད་པའི་ཆོ་འཕྲུལ་ལོ། །དེ་ལ་ཡང་འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་སྣང་བར་གྱུར་ཏོ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན་
སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་
Vol. 91 · folio 21a
འཁོར་དང་ཐབས་ཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པའི་ཆོ་འཕྲུལ་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱིས་འོད་རབ་ཏུ་བཀྱེ་བ་མཛད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་།
ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རབ་ཏུ་སྣང་བར་གྱུར་ཏེ། སྣང་བ་དེས་འཇིག་རྟེན་གྱི་ཁམས་དེ་དག་ན་གནས་པའི་སེམས་ཅན་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་
གི་བྱེ་མ་སྙེད་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བས་དགའ་བ་དང་དད་པ་སྐྱེས་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པ་ལ་མཆོད་ཅིང་ཕྱག་འཚལ་དུ་འོང་འདོད་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་
ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་རིན་ཆེན་ཡོད་པ་ཞེས་བྱ་བ་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་འཁོར་སྡུད་པའི་ཆོ་འཕྲུལ་བསྟན་ཏེ། གོང་དུ་སྨོས་པའི་རིམ་པས་ས་གཡོས་པ་དང་འོད་སྣང་བ་ཆེན་པོ་འབྱུང་བ་དང་།
འོད་དེས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པའི་སྐུ་བལྟ་ན་ཆོག་མི་ཤེས་པ་དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་
ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འདུས་ཤིང་གཤེགས་པར་བྱ་བའི་ཕྱིར། འོད་རབ་ཏུ་དགྱེ་བར་མཛད་པ་ཉིད་ལ་འཁོར་སྡུད་པའི་ཆོ་འཕྲུལ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་བྱང་ཆུབ་སེམས་
དཔའ་དེ་དག་འོད་ཟེར་གྱིས་བསྐུལ་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་གཤེགས་པ་ཡང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྔོན་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ། བྱང་ཆུབ་སེམས་དཔའ་དེ་དག་དང་སྨོན་ལམ་གཅིག་ཏུ་བཏབ་ཅིང་། བྱང་ཆུབ་སེམས་དཔའི་
Vol. 91 · folio 21b
སྤྱོད་པ་མཐུན་པར་སྤྱོད་སྤྱོད་པའི་རྒྱུས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གདུལ་ཞིང་དགེ་བའི་བཤེས་གཉེན་མཛད་པར་གྱུར་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་གཤེགས་པར་གྱུར་ཏོ། །ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་
ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན་ཞེས་བྱ་བ་ལ་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་ཕྱིར་ཕ་རོལ་གྱི་མཐའ་བལྟར་མེད་མོད་ཀྱི། འཇིག་རྟེན་གྱི་ཁམས་གང་ཚུན་ཆད་ཀྱི་བྱང་ཆུབ་སེམས་དཔའ་འདིར་གཤེགས་པ་རྣམས་ཀྱི་མཐའ་མ་ལ་ཀུན་གྱི་ཕ་རོལ་
ཞེས་བྱའོ། །ཀུན་གྱི་ཕ་རོལ་ཞེས་སྨོས་པས་དེ་ཚུན་ཆད་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤེགས་པར་བལྟའོ། །བཞུགས་ཤིང་འཚོ་སྐྱོང་ཞེས་བྱ་བ་ལ་ཡོངས་སུ་མྱ་ངན་ལས་མ་འདས་ཤིང་སྲོག་གི་དབང་པོའི་རྒྱུན་ལ་བཞུགས་པའི་
ཕྱིར་བཞུགས་ཞེས་བྱའོ། །སྐུ་ལ་སྙུན་མི་མངའ་བའི་ཕྱིར་འཚོ་ཞེས་བྱའོ། །གློ་བུར་གྱི་སྙུན་མི་མངའ་བས་སྐུ་ཚེའི་མངའ་ཐང་བཞིན་དུ་ཚེའི་བར་ཆད་མི་འབྱུང་བའི་ཕྱིར་སྐྱོང་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་ཆོས་ཀྱི་སྐུ་ནི་གནས་པའི་རང་བཞིན་པས་ཆོས་ཀྱི་སྐུའི་རང་བཞིན་
དུ་བཞུགས་པ་ལ་བཞུགས་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ལ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་འཚོ་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་དུ་བཞུགས་པ་ལ་འཚོ་ཞེས་བྱའོ། །སྤྲུལ་པའི་སྐུ་ནི་སེམས་
ཅན་ཡོངས་སུ་མ་དག་པ་རྣམས་སྐྱོང་བའི་ཕྱིར་སྤྲུལ་པའི་སྐུའི་ཚུལ་དུ་བཞུགས་པ་ལ་སྐྱོང་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ་ཞེས་བྱ་བ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞམ་འབྲིང་ན་བཞུགས་པའི་བྱང་ཆུབ་
སེམས་དཔའ་དེ་དག་ལས་ཁ་ཅིག་ནི་རང་བཞིན་གྱིས་འདོད་ཆགས་ཆུང་བས་སེམས་དང་པོ་བསྐྱེད་པ་ནས་ཚངས་པར་སྤྱོད་པ་ལ་གནས་ཤིང་ས་བཅུ་ཡོངས་སུ་རྫོགས་པར་གྱུར་པ་དང་། ཁ་ཅིག་ནི་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡན་ཆད་ལ་གནས་པ་ཐོབ་པས་རྩོལ་བ་དང་།
Vol. 91 · folio 22a
རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བར་འོས་པའི་ཕྱིར་རྒྱལ་པོའི་སྲས་གཞོན་ནུ་རྒྱལ་ཚབ་ཏུ་དབང་བསྐུར་བར་འོས་པ་དང་འདྲ་བར་ཆོས་ཀྱི་རྒྱལ་ཚབ་ཀྱི་ས་ལ་གནས་པའི་ཕྱིར་གཞོན་
ནུར་གྱུར་པ་ཞེས་བྱའོ། །པདྨོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་ཁ་དོག་ཅན་རྣམས་བསྐུར་བ་དང་། སྙུན་གསོལ་སྤྲིང་བ་ནི་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ང་རྒྱལ་དང་ཕྲག་དོག་མེད་པའི་ཕྱིར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གཅིག་ལ་གཅིག་
འདི་ལྟར་སྲི་ཞུ་དང་། གུས་པ་མཛད་ན་བདག་ཅག་གིས་དེ་ལྟར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་ཤིང་དད་པ་བསྐྱེད་པའི་ཕྱིར་རོ། །ཡང་རྣམ་པ་གཅིག་ཏུ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་
རྣམས་བཞུགས་པར་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག་ཅེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་སྙིགས་མ་ལྔ་དང་ལྡན་པའི་ཕྱིར། བག་ཡོད་པར་སྤྱོད་ཅིག་ཅེས་གདམས་ཤིང་རྗེས་སུ་བསྟན་པ་མཛད་དོ། །དེ་ལ་
སྙིགས་མ་ལྔ་ནི་ཉོན་མོངས་པའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་དང་། ཚེའི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མའོ། །དེ་ལ་ཉོན་མོངས་པའི་སྙིགས་མ་ནི། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་འདོད་ཆགས་དང་། ཞེ་སྡང་
དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་རྣམས་ཤས་ཆེ་བས་མི་དགེ་བ་བཅུའི་ལས་ལ་སོགས་པ་སྡིག་པའི་ཆོས་མང་དུ་སྤྱོད་པ་དང་། དེའི་རྒྱུས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མང་བ་དང་། མིར་སྐྱེས་ན་ཡང་
སྡུག་བསྔལ་མང་པོ་དང་ལྡན་པ་མང་དུ་སྣང་སྟེ། དེ་དག་ནི་ཉོན་མོངས་པའི་སྙིགས་མ་ལས་གྱུར་ཏོ། །དུས་ཀྱི་སྙིགས་མ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་བར་བར་དུ་མུ་གེའི་སྡུག་བསྔལ་མི་བཟོད་པ་རྣམས་འབྱུང་། བར་བར་དུ་ནི་ནད་ཀྱི་སྡུག་བསྔལ་བརྣག་མི་བཟོད་
Vol. 91 · folio 22b
པ་རྣམས་འབྱུང་། བར་བར་དུ་ནི་སེམས་ཅན་རྣམས་གཅིག་ལ་གཅིག་འཚེ་ཞིང་གནོད་པ་བྱེད་པའི་དབང་གིས་འཐབ་ཅིང་མཚོན་གྱིས་འདེབས་པ་མང་དུ་འབྱུང་། བར་བར་དུ་ནི་ཆུའི་འཇིགས་པ་འབྱུང་། བར་བར་དུ་ནི་མེའི་འཇིགས་པ་འབྱུང་། བར་བར་དུ་ནི་རླུང་གི་འཇིགས་པ་
འབྱུང་སྟེ། དེ་ལྟ་བུའི་དུས་ངན་པ་མང་དུ་འབྱུང་བ་ལ་དུས་ཀྱི་སྙིགས་མ་ཞེས་བྱའོ། །ཚེའི་སྙིགས་མ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་རྣམས་ཀྱི་ཚེ་ལ་ངེས་པ་མེད་དེ། བར་བར་དུ་ནི་ཚེའི་ཚད་དཔག་ཏུ་མེད། བར་བར་དུ་ནི་ཚེ་ལོ་བཅུ་པར་འགྱུར། དེ་ལ་
ཡང་ངེས་པ་མེད་དེ། ཁ་ཅིག་ནི་མའི་མངལ་ནས་ཚེ་འཕོ། ཁ་ཅིག་ནི་སྐྱེས་མ་ཐག་ཏུ་ཚེ་འཕོ། ཁ་ཅིག་ནི་ལང་ཚོའི་དུས་ལ་བབ་ན་ཚེ་འཕོ། ཁ་ཅིག་ནི་དར་ལ་བབ་ན་ཚེ་འཕོ། ཁ་ཅིག་ནི་རྒ་ནས་ཚེ་འཕོ་སྟེ། དེ་ལྟར་ཚེ་ལ་ངེས་པ་མེད་པས་དེའི་རྒྱུས་མྱ་ངན་དང་སྨྲེ་སྔགས་འདོན་
པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ལ་སོགས་པ་རྣམ་པ་མང་པོ་འབྱུང་སྟེ། དེ་ལྟར་སེམས་ཅན་རྣམས་ཀྱི་ཚེ་ལ་ངེས་པ་མེད་དེ། ཚེ་དུས་ངན་པའི་ཕྱིར་ཚེའི་སྙིགས་མ་ཞེས་བྱའོ། །ལྟ་བའི་སྙིགས་མ་ནི་ལོག་པར་ལྟ་བ་ལ་སོགས་པ་མུ་སྟེགས་ཅན་གྱི་ལྟ་བ་ངན་པ་
དགེ་བ་ཐམས་ཅད་རྩ་བ་ནས་འབྱིན་པ་རྣམས་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མང་དུ་འབྱུང་སྟེ། ལྟ་བ་དེ་དག་གིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་སྐལ་བ་མེད་པར་འགྱུར་བའི་ཕྱིར་ལྟ་བའི་སྙིགས་མ་ཞེས་བྱའོ། །སེམས་ཅན་གྱི་སྙིགས་མ་ནི་མི་མཇེད་
ཀྱི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་རྣམས་ཕལ་ཆེར་སྐུར་པ་འདེབས་པའི་ངང་ཚུལ་ཅན་མ་དད་པ། མཁས་པ་དང་མི་མཐུན་པ་སྐྱེས་བུ་དམ་པ་རྣམས་ཀྱིས་ཤིན་ཏུ་སྨད་པ། དམ་པའི་ཆོས་ཀྱི་སྣོད་དུ་མ་གྱུར་པ་སེམས་ཅན་གྱི་རྒྱུད་ས་ཚ་སྒོ་ཅན་ལྟ་བུར་གྱུར་པས་དགེ་བའི་ལོ་
ཐོག་མི་འཕེལ་བ་ཕལ་ཆེ་བའི་ཕྱིར་སེམས་ཅན་གྱི་སྙིགས་མ་ཞེས་བྱ་སྟེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་སྙིགས་མ་དེ་ལྔ་དང་ལྡན་ཞིང་སྐྱོན་ཆེ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་ནས་འདིར་འདོང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་
Vol. 91 · folio 23a
ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག་ཅེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གདམས་ཤིང་རྗེས་སུ་བསྟན་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་མགུ་བར་དཀའ་བ་
ཡིན་གྱིས་དེར་ཉམས་པར་གྱུར་ཏ་རེ་ཞེས་བྱ་བས་ནི་སངས་རྒྱས་ཀྱི་ཞིང་འདིར་བག་ཡོད་པར་སྤྱད་པར་བྱ་བའི་རྒྱུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་དེ་དེ་ལྟར་སྐྱོན་ཆེ་བར་མ་ཟད་ཀྱི། དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་གདུལ་དཀའ་བ་རྣམས་འདུལ་འདུལ་བས་
ཐབས་མཁས་ཤིང་མཁྱེན་པ་རྒྱ་ཆེ་བའི་ཕྱིར་མགུ་དཀའ་བ་ཡིན་གྱིས། བྱང་ཆུབ་སེམས་དཔའ་དེ་དག་གིས་མ་ཁྲེལ་བར་གྱིས་ཤིག་ཅེས་གདམས་ཤིང་རྗེས་སུ་བསྟན་པ་མཛད་དོ། །རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་མཆོད་པར་བྱེད་ཅིང་ཞེས་
བྱ་བ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་གུས་ཤིང་བསྟི་སྟང་བྱེད་པའི་རྣམ་གྲངས་སོ། །སྙུན་མི་མངའ་འམ། གནོད་པ་མ་མཆིས་སམ། ཟོ་མདོག་བདེ་འམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ་ཞེས་བྱ་བ་ནི་གློ་བུར་གྱི་སྙུན་མི་མངའ་
ཞེས་བྱའོ། །ན་བཟའ་དང་། བསོད་སྙོམས་དང་། གནས་དང་། སྙུན་གྱི་རྐྱེན་སྨན་རྣམས་དང་ལྡན་པ་ལ་གནོད་པ་མ་མཆིས་པ་ཞེས་བྱའོ། །བགྲེས་པ་ལ་སོགས་པས་སྐུ་ཟོར་ལྕི་བར་མ་གྱུར་པ་ལ་ཟོ་མདོག་བདེ་བ་ཞེས་བྱའོ། །སྙུན་མི་མངའ་བ་དང་གནོད་པ་
མ་མཆིས་པ་དང་ཟོ་མདོག་བདེ་བ་གསུམ་ཆར་དང་ལྡན་པའི་འབྲས་བུ་ནི་སྐུ་ཉམས་དང་ལྡན་ཞིང་བདེ་བ་དང་དགྱེས་པར་སྤྱོད་པའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་སྡུད་པའི་ཆོ་འཕྲུལ་ཇི་ལྟར་བསྟན་པ་དེ་བཞིན་དུ། ལྷོ་ཕྱོགས་ལ་སོགས་པ་སྟེང་གི་ཕྱོགས་ཀྱི་
འཇིག་རྟེན་གྱི་ཁམས་ལ་ཐུག་གི་བར་དུ་ཕྱོགས་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ནས་དེའི་ཚེ་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་
Vol. 91 · folio 23b
པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་མཐུ་དང་། བྱིན་ཆེ་བ་བསྟན་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་གཤེགས་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་དད་པ་དང་། མོས་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་
ཀྱིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་དུ་གནས་པར་གྱུར་ཅིང་། །རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་འདྲ་བར་གྱུར་པ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་
རྒྱ་ཆེར་བཤད་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་གླེང་གཞིའི་ལེའུ་བསྟན་ནས། དེའི་འོག་ཏུ་གཞུང་གི་དོན་ཉིད་བསྟན་པའི་ཕྱིར། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ལྷ་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་
བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པ་མང་པོ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ་མང་པོ་དེ་དག་འདུས་པར་ཐུགས་སུ་ཆུད་པས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་
བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་ཆེན་པོའི་མཆོག་བསྟན་པ་འདི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་ཏེ། སྐབས་དབྱེ་བའི་རིགས་པ་ལས་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ། སྐབས་ཕྱེ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐེག་པ་
གསུམ་ཆར་གྱི་སྤྱིར་ཐུན་མོང་དུ་བསྟན་པ་ཡིན་ཏེ། དེ་ལྟར་ཅིས་མངོན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་གསུམ་ཆར་རྒྱ་ཆེར་བསྟན་པའི་ཕྱིར་ཏེ། གལ་
ཏེ་བྱང་ཆུབ་སེམས་དཔའ་འགའ་ཞིག་ལ་བཀའ་སྩལ་ཏེ། སྐབས་ཕྱེ་ནས། ཐེག་པ་ཆུང་ངུ་པ་དང་། སྐྱེ་བོ་གཞན་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བདག་ཅག་གི་སྤྱོད་ཡུལ་མ་ཡིན་ནོ་སྙམ་ནས་འབད་ཅིང་རྩོལ་བར་མི་བྱེད་ཀྱང་སྲིད་ཀྱི། ཤཱ་རིའི་བུ་ལ་བཀའ་
Vol. 91 · folio 24a
སྩལ་ཏེ་སྐབས་ཕྱེ་ན། ཐེག་པ་ཆུང་ངུ་བ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤཱ་རིའི་བུའི་སྤྱོད་ཡུལ་དུ་གྱུར་པ་དང་སྦྱར་ན་བདག་ཅག་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་ཡང་འགྱུར་རོ་སྙམ་ནས་ཐེག་པ་ཆུང་ངུ་པ་ལ་སོགས་པ་སྐྱེ་བོ་ཐམས་
ཅད་ཀྱང་འབད་ཅིང་རྩོལ་བར་འགྱུར་བར་བྱ་བའི་ཕྱིར། ཤཱ་རིའི་བུ་ལ་བཀའ་སྩལ་ཏེ། སྐབས་ཕྱེའོ། །རྣམ་པ་གཅིག་ཏུ་ན་དེ་བཞིན་གཤེགས་པས་ཆོས་བསྟན་པ་འདི་གསུང་གཅིག་གིས་ཀྱང་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དང་མཐུན་པར་ཆོས་བསྟན་པ་སྣ་ཚོགས་སོ་སོར་བསྟན་པ་
ཁྱབ་པར་འབྱུང་སྟེ། སྐྱེ་བོ་དེ་དག་ཀྱང་སོ་སོ་ནས་དེ་བཞིན་གཤེགས་པ་ནི་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་དུ་སེམས་པ་དང་སྦྱར་ན། ཐམས་ཅད་ལ་བཀའ་སྩལ་ཏེ་སྐབས་ཕྱེ་མོད་ཀྱི། འོན་ཀྱང་ཆོས་སྡུད་པར་བྱེད་པ་རྣམས་ཀྱིས་དེ་སྙེད་ཅིག་ཆར་ལ་བསྡུར་
མི་རུང་བས་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འགྱུར་བ་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ། སྐབས་ཕྱེ་བ་གཅིག་པུ་སྨོས་ནས་ཆོས་བསྡུ་བ་བྱས་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་སྒོ་གསུམ་གྱིས་བསྟན་ཏེ། མགོ་སྨོས་
པས་གོ་བ་དང་། རྣམ་པར་སྤྲོས་ནས་གོ་བ་དང་། དྲང་དགོས་པའི་འདུལ་བ་དང་། འདུལ་བ་རྣམ་པ་གསུམ་ལས་བརྩམས་ཏེ། མདོར་བསྟན་པའི་སྒོ་དང་། འབྲིང་དུ་བསྟན་པའི་སྒོ་དང་། རྒྱས་པར་བསྟན་པའི་སྒོ་སྟེ། སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གིས་
བཤད་དེ། དེ་ལ་རྣམ་གྲངས་བཅུ་གཅིག་ནི་དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ་བཤད་པ་གཅིག་དང་། རབ་འབྱོར་ལ་བཀའ་སྩལ་ཏེ་བཤད་པ་ལྔ་དང་། བརྒྱ་བྱིན་ལ་བཀའ་སྩལ་ཏེ་བཤད་པ་གཉིས་དང་། བྱམས་པ་ལ་བཀའ་སྩལ་ཏེ་བཤད་པ་གཉིས་དང་། བྱང་ཆུབ་
སེམས་དཔའ་ཆོས་འཕགས་དང་རྟག་ཏུ་ངུའི་གཏམ་གླེངས་ནས་གནས་བརྟན་ཀུན་དགའ་བོ་ལ་བཀའ་སྩལ་ཏེ་ཡོངས་སུ་གཏད་པ་གཅིག་དང་འདི་དག་ནི་རྣམ་གྲངས་བཅུ་གཅིག་གོ། །དེ་ལ་མགོ་སྨོས་པས་གོ་བ་རྣམས་ཀྱི་ཕྱིར་མདོར་བཤད་པ་གསུངས་པ། ཤཱ་རིའི་བུ་འདི་ལ་
Vol. 91 · folio 24b
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བས་དེ་ལ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནི། གནས་བརྟན་ཤཱ་རིའི་བུའི་མའི་མིང་
ལས་དྲས་ཏེ་བོས་པའོ། །འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྟན་པ་འདི་ལའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་འདི་ལ་གནས་ཏེ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང་། དོན་དམ་པའི་བྱང་ཆུབ་སེམས་དཔའོ། །དེ་ལ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་
དཔའ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་སེམས་ཅན་དམིགས་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། ཨེ་མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་
འདས་པ་ལ་དགོད་པར་བྱའོ་སྙམ་དུ་བསམས་ཏེ། བྱང་ཆུབ་དང་སེམས་ཅན་ལ་དམིགས་ནས་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་གནས་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་དང་ལྡན་པ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་
ཞེས་བྱའོ། །དེ་ལ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུའི་སེམས་བསྐྱེད་པ་དང་ལྡན་པ་རྣམས་ནི་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སློབ་དཔོན་གཞན་དག་འཆད་པ་ནི་སེམས་ཅན་
ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ནོ་ཞེས་གཞུང་ལས་འབྱུང་བས་སེམས་ཅན་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཅན་ཡིན་ནོ། །དེ་བཞིན་ཉིད་དེ་ལ་ཡང་གནས་སྐབས་གསུམ་ཡོད་དེ། མ་དག་པའི་གནས་སྐབས་དང་། དག་པ་དང་མ་དག་པའི་གནས་
Vol. 91 · folio 25a
སྐབས་དང་། ཤིན་ཏུ་ཡོངས་སུ་དག་པའི་གནས་སྐབས་སོ། །དེ་ལ་མ་དག་པའི་གནས་སྐབས་ནི། སོ་སོའི་སྐྱེ་བོ་ཐམས་ཅད་ཡིན་ཏེ། དེ་དག་ལ་བྱང་ཆུབ་ཀྱི་གནས་སྐབས་ནི་མེད་ཀྱི་སེམས་དཔའི་གནས་སྐབས་འབའ་ཞིག་ཏུ་ཟད་པས་དེ་བཞིན་
ཉིད་དེ་ལ་སེམས་དཔའ་ཞེས་བྱ་བའི་མིང་དུ་བརྗོད་དོ། །དག་པ་དང་མ་དག་པའི་གནས་སྐབས་ནི་འཕགས་པ་རྣམས་ཡིན་ཏེ། དེ་དག་ལ་བྱང་ཆུབ་ཀྱི་གནས་སྐབས་དང་། སེམས་དཔའི་གནས་སྐབས་གཉི་ག་ཡོད་པས། དག་པ་དང་མ་དག་པའི་དེ་བཞིན་ཉིད་དེ་ལ་བྱང་
ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དུ་བརྗོད་དོ། །ཡོངས་སུ་དག་པའི་གནས་སྐབས་ན་ནི་བྱང་ཆུབ་ཀྱི་གནས་སྐབས་འབའ་ཞིག་ཏུ་ཟད་པས་དེ་བཞིན་ཉིད་དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་དུ་བརྗོད་དེ། ཇི་སྐད་དུ་རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་ནི་ཡང་དག་
པ་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་གསུངས་པ་ལྟ་བུའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་རྣམ་པ་བཅུ་གཅིག་དང་ལྡན་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། བཅུ་གཅིག་གང་ཞེ་ན། འབྲས་བུ་དང་མཐུན་པའི་རིགས་དང་། རིགས་དང་མཐུན་པའི་མོས་པ་
དང་། མོས་པ་དང་མཐུན་པའི་བསམ་པ་དང་། བསམ་པ་དང་མཐུན་པའི་སྨོན་ལམ་དང་། སྨོན་ལམ་དང་མཐུན་པའི་སྤྱོད་པ་དང་། སྤྱོད་པ་དང་མཐུན་པའི་བརྩོན་འགྲུས་དང་། བརྩོན་འགྲུས་དང་མཐུན་པའི་དུས་དང་། དུས་དང་མཐུན་པའི་ཚོགས་དང་། ཚོགས་
དང་མཐུན་པའི་ཡང་དག་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་པ་དང་མཐུན་པའི་འབྲས་བུ་དང་། འབྲས་བུ་དང་མཐུན་པའི་སེམས་ཅན་གྱི་དོན་དང་། ཆེན་པོ་རྣམ་པ་བཅུ་གཅིག་པོ་འདི་དག་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །
ཆོས་ཐམས་ཅད་ཅེས་བྱ་བ་འདིས་ནི་ཇི་སྙེད་ཡོད་པ་བསྟན་ཏོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་འདིས་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་བསྟན་ཏོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཞེས་བྱ་བས་ནི་མངོན་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བར་སེམས་པ་བསྟན་ཏོ། །
Vol. 91 · folio 25b
དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ལ། ཆོས་ནི་རྣམ་པ་གཉིས་ཏེ། ཀུན་བརྟགས་པའི་ཆོས་རྣམས་དང་། ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །དེ་ལ་ཀུན་བརྟགས་པའི་ཆོས་རྣམས་ནི། ཁམས་གསུམ་དུ་གཏོགས་པ་དང་། དུས་གསུམ་དུ་གཏོགས་པའོ། །ཡོངས་
སུ་གྲུབ་པའི་ཆོས་རྣམས་ནི་འཇིག་རྟེན་ལས་འདས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་ལ་སོགས་པའོ། །རྣམ་པ་ཐམས་ཅད་
དུ་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་རྣམ་པ་དང་། དོན་དམ་པའི་རྣམ་པའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཞེས་བྱ་བ་ལ། མངོན་པར་རྫོགས་པར་འཚང་རྒྱ་བ་རྣམ་པ་གཉིས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་ཀུན་བརྟགས་པའི་ཆོས་རྣམས་ཀུན་རྫོབ་ཀྱི་རྣམ་པར་མངོན་པར་རྫོགས་པར་འཚང་རྒྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་ཡོངས་སུ་གྲུབ་པའི་ཆོས་རྣམས་དོན་དམ་
པའི་རྣམ་པར་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བས་ན་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་དངོས་སུ་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་
རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་གཏོགས་པ་དེ་སྨོན་ལམ་དང་། བརྩོན་འགྲུས་བརྩམས་པ་དང་། ཉོན་མོངས་པ་དང་། ལས་དང་། སྡུག་བསྔལ་དང་། འཁོར་བ་དང་། རྣམ་པར་རྟོག་པ་དང་། ཡོན་ཏན་དང་། ཤེས་པར་བྱ་བ་དང་། རྣམ་པ་འདི་དགུའི་མཐར་
ཕྱིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གཞན་ཡང་དེའི་རྗེས་ལས་ཐོབ་པ་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་རྣམས་
Vol. 91 · folio 26a
ཀྱང་དེའི་རྒྱུ་ལས་བྱུང་བའི་ཕྱིར་འབྲས་བུ་ལ་རྒྱུ་བཏགས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་རུང་ངོ་། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཐར་ཕྱིན་པའི་སར་གཏོགས་པ་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་
པ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། ས་ཆོས་ཀྱི་སྤྲིན་གྱི་བར་དུ་མཉན་པ་དང་། བསམ་པ་དང་། བསྒོམ་པ་ལ་སོགས་པའི་རིམ་པས་མངོན་པར་འཕེལ་བ་ཆོས་ཀྱི་
དབྱིངས་དྲི་མ་མེད་པར་བྱེད་པ་ཐབས་ཀྱིས་ཟིན་པ། དེ་བཞིན་ཉིད་ལ་ཀུན་དུ་འགྲོ་བའི་དོན་དང་། མཆོག་གི་དོན་ལ་སོགས་པར་རྟོགས་པའི་ཁྱད་པར་མངོན་སུམ་དུ་བྱེད་པས། ས་དང་ས་དག་ལ་གནས་རྣམ་པར་དག་པའི་ཤས་ཇེ་ཆེ་ཇེ་ཆེར་གྱུར་པས་ལྷག་པར་རྟོགས་པའི་ཁྱད་པར་
ཐོབ་པར་བྱེད་པའི་ཡེ་ཤེས་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཡོངས་སུ་འགྱུར་བའི་ཆོས་བསྟན་པ་གང་ཡིན་པ་དེ་དག་ཀྱང་ཤེས་རབ་དེ་དག་སྒྲུབ་པ་དང་། རྟོགས་པ་དང་།
མཐར་ཕྱིན་པའི་སའི་ཏིང་ངེ་འཛིན་ལ་གནས་པའི་དངོས་པོ་མ་ལུས་པའི་ཁྱད་པར་རྟོགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དུ་བརྗོད་དོ། །དེ་ལྟར་ཅི་ཙམ་དུ་རྣམ་པ་འདི་ལྟ་བུ་དག་མངོན་པར་སྟོན་པ་ཐེག་པ་ཆེན་པོའི་ཚུལ་གང་ཡིན་པ་ཐམས་ཅད་
ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་པ་འདི་རྣམས་ལས་འདིར་ནི་སངས་རྒྱས་ཀྱི་སར་གཏོགས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །
དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཤིན་ཏུ་ཡོངས་སུ་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་
Vol. 91 · folio 26b
ཐེག་པ་ཆེན་པོ་ལ་བྱ་བས་ན་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་སྤངས་པ་སྟེ། ཐེག་པ་ཆེན་པོ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེ་ལ་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བྱ་བར་
གྱུར་པ་དེའི་ཚེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་རྣམ་པར་མི་རྟོག་པའི་ཤེས་རབ་བམ། ཐེག་པ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་གྱུར་པ་དེའི་ཚེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
དེ་ལ་གནས་ཏེ་བརྩོན་པར་བྱའོ་ཞེས་བྱ་བར་རིག་པར་བྱའོ་ཞེས་ཟེར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་བརྩོན་པ་རྣམ་པ་གསུམ་སྟེ། བསླབ་པ་ལ་བརྩོན་པ་དང་། སྤྱོད་པ་ལ་བརྩོན་པ་དང་། ཡང་དག་པར་སྒྲུབ་པ་ལ་བརྩོན་པའོ། །དེ་ལ་མཉན་པའོ། །བསམ་པ་ལ་སོགས་པའི་དུས་ན་ནི་བསླབ་པ་
ལ་བརྩོན་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་འོག་ནས་འཆད་པའོ། །སྒྲུབ་པའི་དུས་ན་ནི་སྤྱད་པ་ལ་བརྩོན་པར་བྱ་བ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་འོག་ནས་འཆད་པའོ། །རབ་ཏུ་རྟོགས་པའི་
དུས་ན་ནི་ཡང་དག་པར་འགྲུབ་པ་ལ་བརྩོན་པ་སྟེ། དེ་ཡང་བརྩོན་པར་བྱེད་པའོ་ཞེས་བྱའོ། །ཞེས་འོག་ནས་འཆད་པའོ། །བརྩོན་པར་བྱའོ་ཞེས་བྱ་བ་ནི་བྱ་བར་འོས་པ་སྟེ་བྱ་བའི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གིས་ནི་གང་གིས་བྱ་བ་དང་། གང་ལ་
བྱ་བ་དང་། གང་བྱ་བ་རྣམ་པ་དེ་གསུམ་བསྟན་པ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལ་ནི་ངེས་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱིས་བྱའོ། །བསྒྲུབ་པར་བྱ་བ་ཐམས་ཅད་ཀྱི་རྩ་བ་དེ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཉིད་ལ་བྱའོ། །རྒྱུན་ཆད་པ་དང་། གུས་པ་དང་། འགྲུབ་པ་ལ་སོགས་པས་བརྩོན་པར་བྱའོ། །འདིར་འབྲས་བུ་ཕུན་སུམ་ཚོགས་པ་དང་། རྒྱུ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་གསུམ་བསྟན་ཏེ། ཆོས་ཐམས་ཅད་རྣམ་པ་
Vol. 91 · folio 27a
ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་བྱ་བ་ནི་འབྲས་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྒྱུའོ། །བརྩོན་པར་བྱའོ་ཞེས་བྱ་བ་ནི་སྦྱོར་བའོ། །རྡོ་རྗེ་གཅོད་པ་ལས་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་།
སེམས་རབ་ཏུ་གཟུང་བར་བྱ་བ་ཇི་སྐད་དུ་བཤད་པ་དེ་བཞིན་དུ། འདིར་ཡང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་འདིས་ནི་བསམ་པ་ཕུན་སུམ་ཚོགས་པར་བསྟན་པས་གནས་བསྟན་པ་ཡིན་ནོ། །བརྩོན་པར་བྱའོ་ཞེས་བྱ་
བ་ནི་སྒྲུབ་པ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བས་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བའི་ཕྱིར་སེམས་རབ་ཏུ་གཟུང་བར་བསྟན་པ་ཡིན་ནོ། །དེ་ལྟར་མགོ་སྨོས་པས་གོ་བ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་བྱས་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་དང་། དེའི་འོག་ཏུ་གནས་བརྟན་ཤཱ་རིའི་བུས་རྣམ་པར་སྤྲོས་ན་གོ་བ་རྣམས་ཀྱི་དོན་དུ་འབྲིང་དུ་བཤད་པའི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི་ཞེས་བྱ་བའི་ཞུ་བ་བརྩམས་སོ། །དེས་ནི་མདོར་བསྟན་པའི་ཆོས་རྣམ་པ་བཞི་ཞུས་པ་ཡིན་ཏེ། ཇི་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་དང་། ཇི་ལྟར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་ཞེས་བྱ་བ་དང་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། ཇི་ལྟར་བརྩོན་པར་བགྱི་ཞེས་བྱ་བ་རྣམས་ཏེ། དེ་བཞི་ཡང་
འོག་ནས་སྐབས་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །དེ་ལ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་སྦྱིན་པ་དང་། གཏོང་བ་དང་། ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར་ཡོངས་སུ་
Vol. 91 · folio 27b
གཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་མདོར་བཤད་པའི་སྒོ་ནས་ཆོས་ཐམས་ཅད་བསྡུས་ཏེ་བསྟན་ནས། སྤྱོད་པ་རྣམ་པ་བཞི་བསྟན་ཏེ། སྤྱོད་པ་རྣམ་པ་བཞི་ཡང་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་
སྤྱོད་པ་དང་། ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་དང་། བར་དུ་གཅོད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་དང་། གོས་པ་མེད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ། །དེ་ལ་ཐབས་མཁས་པས་ནི་ཕ་རོལ་ཏུ་
ཕྱིན་པའི་སྤྱོད་པ་འགྲུབ་བོ། །ཡོངས་སུ་འདྲིས་པའི་ཤེས་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་འགྲུབ་བོ། །སྙིང་རྗེས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་བོ། །ཤེས་རབ་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་བོ། །དེ་ལ་
རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ནི། གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དེ་ཡང་གནས་པ་དང་། སྒྲུབ་པ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། རྣམ་པ་
གསུམ་གྱིས་བསྟན་ཏེ། རྡོ་རྗེ་གཅོད་པ་ལས་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་བསྟན་པ་ལྟ་བུའོ། །དེ་ལ་གནས་པ་མེད་པའི་ཚུལ་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ནི། དེ་ལས་གཞན་པའི་འབྲས་བུའི་
ཁྱད་པར་འདོད་པ་ཡོངས་སུ་བཏང་སྟེ། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་བསྒྲུབ་པར་བྱ་བའི་བསམ་པ་དང་། ཤེས་རབ་ཀྱི་དབང་གིས་ཁམས་གསུམ་པའམ་ཆོས་ཐམས་ཅད་ཀྱང་རུང་སྟེ། གང་ལ་ཡང་མི་གནས་པ་ནི་འདིར་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱའོ། །ཐམས་ཅད་ལ་མི་གནས་པ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་དགོངས་པའོ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། རྣམ་པར་མི་རྟོག་པའི་
Vol. 91 · folio 28a
ཤེས་རབ་བམ། ཐེག་པ་ཆེན་པོ་ཡིན་པར་བསྟན་ཏོ། །བྱང་ཆུབ་ཀྱི་ལམ་དང་མཐུན་པར་སྤྱོད་པ་ནི་སྒྲུབ་པ་སྟེ། དེ་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་སོ། །དོན་དམ་པར་ཆོས་ཐམས་ཅད་ལ་ཡོངས་སུ་མི་རྟོག་པ་ནི་
འཁོར་གསུམ་ཡོངས་སུ་དག་པ་ཡིན་ཏེ། དེ་བས་ན་སྦྱིན་པར་བྱ་བ་དང་། གཏོང་བ་པོ་དང་། ལེན་པ་མི་དམིགས་པའི་ཕྱིར་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེས་བསྐྱོད་པས་སེམས་ཅན་ཐམས་ཅད་ལ་ཅི་འདོད་པ་དེ་
ཐམས་ཅད་སྦྱིན་པར་བྱེད་ཀྱང་། དེའི་ཚེ་ནི་དེ་སྦྱིན་པ་ཞེས་བརྗོད་པར་ཟད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གང་གི་ཚེ་སྦྱིན་པ་བྱེད་པའམ། སྦྱིན་པ་བྱིན་པའི་འོག་ཏུ་ཡོངས་སུ་བརྟག་པ་བཞིས་ཡོངས་སུ་བརྟགས་ཤིང་། ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་
པར་བྱེད་པ་བཞིས་ཡོངས་སུ་ཤེས་པར་བྱས་ནས། ཤེས་རབ་ཀྱིས་ཡོངས་སུ་དག་པར་བྱེད་པ་དེའི་ཚེ་ན་དེ་ལེགས་པར་སྦྱངས་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དང་པོར་སྙིང་རྗེས་ལས་ཐམས་ཅད་བྱས་ནས་ཕྱིས་ཤེས་རབ་ཀྱིས་ཡོངས་སུ་
སྦྱོང་ངོ་། །དེ་བས་ན་སྙིང་རྗེས་ནི་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱིས་ནི་དག་པར་བྱེད་དོ། །སྙིང་རྗེས་ནི་བསམ་པ་དག་པར་བྱེད་དོ། །ཤེས་རབ་ཀྱིས་ནི་སྦྱོར་བ་དག་པར་བྱེད་དོ། །སྙིང་རྗེས་ནི་ཀུན་རྫོབ་ལ་གནས་ཏེ་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱིས་ནི་དོན་དམ་པ་ལ་
གནས་ཏེ་སྦྱོང་བར་བྱེད་དོ། །སྙིང་རྗེས་ནི་ལས་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱས་པའི་ཕྱིར་བསོད་ནམས་ཀྱི་ཚོགས་སུ་བགྲང་ངོ་། །ཤེས་རབ་ཀྱིས་ནི་བྱང་ཆུབ་ཀྱི་དོན་གྱི་ཕྱིར་བྱས་པས་ཡེ་ཤེས་ཀྱི་ཚོགས་སུ་བགྲང་ངོ་། །དེ་བས་ན་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་སོ། །འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ས་དང་པོ་ལ་དེ་བཞིན་ཉིད་རྟོགས་པ་ནས་བཟུང་སྟེ། སྦྱོར་བ་ཐམས་ཅད་དོན་དམ་པར་བརྟགས་ནས། དེ་བཞིན་ཉིད་དུ་མངོན་སུམ་དུ་མཐོང་བས། དེ་བཞིན་དུ་
Vol. 91 · folio 28b
གནས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་ཉིད་དེ་ཡང་སྦྱིན་པ་བྱེད་པའི་ཚེ་ནི་སུས་ཀྱང་སྦྱིན་པའམ། བླང་བར་མི་ནུས་ཏེ། དེ་བས་ན་དོན་དམ་པར་ཡོངས་སུ་གཏོང་བ་ཞེས་བྱ་བ་གང་ཡང་མེད་དོ། །བཟའ་བ་དང་། བཏུང་བ་དང་། མལ་ཆ་ལ་སོགས་པ་ཡོངས་སུ་
གཏོང་བ་གང་ཡིན་པ་དེ་དག་ནི་ཀུན་བརྟགས་པའི་ཆོས་ལ་གནས་པའི་ཕྱིར་རྨི་ལམ་གྱི་ཚེ་དང་སྒྱུ་མ་བཞིན་ཏེ། ཡང་དག་པ་ནི་མ་ཡིན་ནོ། །དེ་ལྟར་དོན་དམ་པར་ཡོངས་སུ་གཏོང་བའི་མཚན་ཉིད་དང་བྲལ་བ་ཉིད་ལ་ཡོངས་སུ་གཏོང་བ་མེད་པའི་ཚུལ་ཞེས་བྱའོ། །ཡོངས་སུ་གཏོང་བ་མེད་པའི་
རིགས་པ་དེས་དངོས་པོ་ལ་སྦྱིན་པར་བྱ་བ་དང་། བདག་ལ་གཏོང་བ་པོ་དང་། སློང་བ་ལ་ལེན་པར་བྱེད་པ་དང་གསུམ་མི་དམིགས་ཏེ། མི་དམིགས་པའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །དང་པོར་རྒྱུ་ནི་སྙིང་རྗེའི་སྟོབས་ཀྱི་
ཀུན་རྫོབ་ཀྱི་ཚུལ་ལ་གནས་ཏེ། འཇིག་རྟེན་པའི་སྤྱོད་པའི་དབང་གིས་སྦྱིན་པ་བྱེད་དོ། །དེ་ནས་ཤེས་རབ་ཀྱི་དབང་གིས་དོན་དམ་པའི་ཚུལ་ལ་གནས་ཏེ། འཇིག་རྟེན་ལས་འདས་པའི་སྤྱོད་པའི་དབང་གིས་ཐམས་ཅད་ཀྱང་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ན་དམིགས་སུ་མེད་པར་
གྱུར་པ་དེའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཞེས་བྱ་བར་འགྱུར་རོ། །དེ་བས་ན་དང་པོ་སེམས་བསྐྱེད་པའི་དམིགས་པར་གྱུར་པ་སེམས་ཅན་དང་། བྱང་ཆུབ་གཉིས་ཡོངས་སུ་མ་བཏང་བར་གྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དེ་ཡང་དོན་དང་
ལྡན་པར་འགྱུར་རོ། །དེ་ལྟ་ན་སྦྱིན་པར་བྱ་བ་དང་། གཏོང་བ་པོ་དང་། ལེན་པ་པོ་རྣམས་མི་དམིགས་པ་དང་། སྦྱིན་པ་དག་ཤིན་ཏུ་འགལ་བ་ཡིན་ན། ཇི་ལྟར་མི་འགལ་བ་བཞིན་དུ་བྱེད་པར་འགྱུར་ཞེ་ན། ཐབས་མཁས་པ་ནི་ཕ་རོལ་ཏུ་ཕྱིན་པའི་མཐུས་རུང་བར་འགྱུར་ཏེ།
ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་རྫོབ་འཛིན་པའི་སྙིང་རྗེ་དང་། དོན་དམ་པ་མི་འཛིན་པའི་ཤེས་རབ་གཉིས་ཀྱིས་སྐམ་ལ་རྒྱུ་བ་དང་། ཆུ་ལ་རྒྱུ་བའི་སྲོག་ཆགས་ཀྱི་སྦྱོར་བ་བཞིན་དུ་ཤིན་ཏུ་འགལ་བ་ཡིན་དུ་ཟིན་ཡང་། སྦྱོར་བའི་རྣམ་པས་འགལ་བ་མེད་པར་གྲོགས་བྱས་
Vol. 91 · folio 29a
ནས་ཅིག་ཅར་སྒྲུབ་ཅིང་བྱང་ཆུབ་ཀྱི་བར་དུ་སྤྱོད་དེ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་བསྒྲུབས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པའི་མཆོག་ཏུ་འགྱུར་ཏེ། འོག་ནས་ཀྱང་སྐབས་ཇི་ལྟ་བ་དེ་དང་དེ་དག་ཏུ་དེའི་བཤད་
པ་འབྱུང་ངོ་། །ལྟུང་བ་མི་འབྱུང་བ་དང་ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་སྡོམ་པའི་བསླབ་པ་དང་། རབ་ཏུ་བྱུང་བའི་སྡོམ་པའི་བསླབ་པ་གཉིས་
ཡང་དག་པར་བླངས་ཏེ་གནས་པ་ན་ལྟུང་བ་བྱུང་ན་ཡང་དུས་ལས་ཡོལ་བར་ལྷག་པར་ལྟུང་བ་མི་འབྱུང་གི་མྱུར་ཞིང་མྱུར་དུ་མཐོལ་བར་བྱེད་དེ། དེ་བས་ན་ལྟུང་བ་མི་འབྱུང་བ་དང་། ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
གནས་ཏེ་ཞེས་བྱ་བར་སྙེགས་ཏེ། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །བདག་ནི་ཚུལ་ཁྲིམས་སོ། །འདི་ནི་འཆལ་པའི་ཚུལ་ཁྲིམས་སོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གསུམ་མི་དམིགས་པས། འཁོར་གསུམ་ཡོངས་སུ་དག་པར་རིག་པར་བྱ་སྟེ། འདི་ལྟར་འོག་ནས་ཀྱང་བདག་ནི་
ཚུལ་ཁྲིམས་དང་ལྡན་ནོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་འཆལ་པའི་ཚུལ་ཁྲིམས་སོ་ཞེས་བྱ་བའི་རློམ་སེམས་སུ་མི་བྱེད་དོ་ཞེས་འབྱུང་ངོ་། །འཁྲུག་པ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་
ཉིད་བསྟན་ཏེ། དེ་ཡང་སྙིང་རྗེའི་དབང་གིས་སེམས་ཅན་གྱི་འདུ་བྱེད་རྣམས་ལ་འཁྲུག་པ་མེད་པ་དང་། ཤེས་རབ་ཀྱི་དབང་གིས་བདག་མེད་པར་རྟོགས་པའི་ཕྱིར་རོ། །འདིར་ཡང་བཟོད་པ་དང་། བཟོད་པར་བྱ་བ་དང་། གནོད་སེམས་རྣམས་མི་དམིགས་པས་འཁོར་
གསུམ་ཡོངས་སུ་དག་པ་ནི་འོག་ནས་སྐབས་ཇི་ལྟ་བ་ཉིད་དུ་འཆད་དོ། །ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་འདིས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་བསྟན་ཏེ། རྒྱུན་དུ་ཆུད་པ་དང་།
Vol. 91 · folio 29b
གུས་པ་དང་། ནན་ཏན་དུ་ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པར་མི་བྱེད་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཉམས་པ་མེད་པ་དེ་ཡང་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་འགྱུར་བ་ཉིད་དོ། །འདིར་ཡང་བརྩོན་འགྲུས་དང་
ལྡན་པ་དང་། བརྩོན་འགྲུས་དང་ལེ་ལོ་རྣམས་མི་དམིགས་པས་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་འགྱུར་རོ། །རོ་མྱང་བ་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་བདག་གི་དོན་དུ་བསམ་གཏན་ལ་འཇུག་ན་ནི་བསམ་གཏན་གྱི་རོ་མྱོང་
བར་བྱེད་པར་འགྱུར་ན་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བདག་གི་དོན་འབའ་ཞིག་ལ་སྦྱོར་བ་ཐམས་ཅད་ལ་སྡིག་པ་བཞིན་དུ་རྣམ་པར་སྨོད་པར་བྱེད་ན། དེ་ལ་བསམ་གཏན་གྱི་རོ་མྱང་བའི་ཡིད་ལ་བྱེད་པ་ལྟ་ག་ལ་ཡོད། དེ་བས་ན་ཉོན་མོངས་པ་ཅན་དང་། དག་པ་དང་། ཟག་པ་མེད་
པའི་བསམ་གཏན་གསུམ་ལས་དག་པ་དང་། ཟག་པ་མེད་པ་ཉིད་ལ་སྙོམས་པར་འཇུག་གི །ཉོན་མོངས་པ་ཅན་ལ་ནི་མི་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་ཏིང་ངེ་འཛིན་དང་ལྡན་པ་དང་། ཏིང་ངེ་འཛིན་དང་གཡེང་བ་རྣམས་མི་དམིགས་པས། ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་བཞིན་ཉིད་ཙམ་དུ་མཐོང་བས་ནི་འཇིག་རྟེན་པའི་ཀུན་བརྟགས་པའི་ཆོས་ཐམས་ཅད་མི་དམིགས་ལ། འཇིག་རྟེན་ལས་
འདས་པ་ཡང་རྣམ་པར་མི་རྟོག་སྟེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་འགྱུར་རོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཐེག་པ་ཆེན་པོ་ལ་བྱ་བ་དེའི་ཚེ་ན་ནི་ཀླན་ཀར་འགྱུར་བ་མེད་དོ། །གང་གི་ཚེ་རྣམ་པར་མི་རྟོག་པའི་ཤེས་རབ་ལ་བྱ་བར་གྱུར་པ་དེའི་ཚེ་ཡང་། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་གང་ཡང་མེད་དོ་སྙམ་དུ་སེམས་པས་ཤེས་རབ་ཀྱི་
Vol. 91 · folio 30a
ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོག་པ་མེད་པའི་བདག་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེའི་ཚེ་ནི་ཁམས་གསུམ་ལ་སོགས་པ་དེ་བཞིན་ཉིད་ཙམ་དུ་ཟད་དོ། །ཀུན་རྫོབ་ཀྱི་རྣམ་པར་སྐྱེས་པའི་ཤེས་རབ་སྦྱོར་བའི་ལམ་དུ་
གཏོགས་པ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་ཡང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་འགྱུར་རོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་དགོངས་པས་ཀླན་ཀར་
འགྱུར་བ་མེད་དོ། །འདིར་ཡང་ཤེས་རབ་ཅན་དང་ཤེས་རབ་དང་། འཆལ་པའི་ཤེས་རབ་རྣམས་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བཤད་ཟིན་ནས། ད་ནི་ཉོན་མོངས་པ་མེད་པའི་
བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་བསྟན་པར་བྱ་སྟེ། དེ་ཡང་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་མི་དམིགས་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་པ་ནི་ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་པ་མྱ་ངན་ལས་འདས་པ་ལ་གཞོལ་བར་བྱེད་པ་རྣམས་ཉིད་ལ་རིགས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ལ་མི་རིགས་སོ་ཞེ་ན། ཡང་འདི་ལ་ཉེས་པ་མེད་དེ། བྱང་ཆུབ་སེམས་དཔའ་
རྣམས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པར་བཞེད་ཅིང་། ཆོས་ཐམས་ཅད་མི་དམིགས་པ་ལྷུར་ལེན་པས། ཅི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དོན་དམ་པར་ཡོད་དམ་འོན་ཏེ་མེད་ཅེས་དེ་དག་ལ་ཡོངས་སུ་བརྟག་པར་རིགས་སོ། །འོན་ཏེ་དེ་ལྟར་གྱུར་ན། བྱང་ཆུབ་ཀྱི་
ཕྱོགས་ཀྱི་ཆོས་རྣམས་བསྒོམ་པའི་རྒྱུས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུན་དུ་ཞུགས་པ་ནས། དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་རོ་ཞེ་ན་ཡང་། སྔོན་གྱི་རྩོལ་བའི་ཤུགས་ཀྱི་མཐུ་ཉིད་ཀྱིས་དེ་འགྲུབ་པའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words