No title in the text — opening words: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 91 · folio 87a

ཞེས་གཏན་ཚིགས་དྲིས་པའི་ལན་དུ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཉིད་ཀྱང་། དོན་དམ་པར་ངོ་བོ་ཉིད་ཡོད་པར་མ་གྲུབ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་ཤིན་ཏུ་མེད་ན། གཟུགས་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་སམ། གཟུགས་ཀྱི་

དེ་བཞིན་ཉིད་ལ་སོགས་པ་འདུས་མ་བྱས་པའི་ཆོས་རྣམས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས་ཞེས་བསྟན་པ་སྟེ། དེ་ནི་གནས་མ་མཆིས་སོ་ཞེས་བྱ་བ་ནི། དེ་ལྟར་འགྱུར་བ་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་

སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་ལ་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ནི། སེམས་ཅན་མི་དམིགས་པས་བརྩོན་པ་ལ་གདམས་པ་མཇུག་བསྡུས་ནས་བསྟན་པ་སྟེ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་དོན་དམ་པར་དམིགས་སུ་མེད་པར་རྟོགས་ནས། ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། མིང་དང་བརྡ་ཙམ་དུ་བཏགས་པ་བརྩོན་པ་ལ་གདམས་པར་བྱེད་པ་དེ་ལེགས་སོ་ཞེས་བསྟོད་ནས། དེ་ལྟར་

བསླབ་པར་བྱའོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་གང་ཡང་འདི་སྐད་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན་ཞེས་ཟེར་ཞེས་བྱ་བ་ནས། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི། གོང་དུ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དགས་ལགས་ཞེས་ཞུས་པ་ལ། འཁོར་གྱི་ནང་ན་ཁ་ཅིག་བྱང་ཆུབ་སེམས་དཔའ་དོན་དམ་པར་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དུ་མེད་དུ་ཟིན་

ཀྱང་། ཚིག་བླ་དགས་སུ་བཏགས་པའི་ངོ་བོ་ཉིད་དུ་ཡོད་དོ་སྙམ་དུ་རྟོག་པ་སྐྱེ་བ་དེ་ལས་བཟློག་པའི་ཕྱིར་ཚིག་བླ་དགས་མི་དམིགས་པའི་གདམས་པ་བཤད་པ་སྟེ། དེ་ཡང་གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚིག་བླ་དགས་དང་། གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དེ་དག་ཉིད་ལ་རྟག་པ་

Vol. 91 · folio 87b

ལ་སོགས་པ་ཕྱིན་ཅི་ལོག་བཞིར་འདོགས་པའི་ཚིག་བླ་དགས་དང་། ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་རྟག་པ་ལ་སོགས་པ་བཞིར་འདོགས་པའི་ཚིག་བླ་དགས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་གསུམ་དུ་འདོགས་པའི་ཚིག་བླ་དགས་དང་། དེའི་མི་མཐུན་པའི་ཕྱོགས་

མི་སྟོང་པ་ལ་སོགས་པ་གསུམ་དུ་འདོགས་པའི་ཚིག་བླ་དགས་མི་དམིགས་པ་བསྟན་ཏོ། །དེ་ལ་རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་

ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ་ཞེས་བྱ་བའི་བར་དུ་ནི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་ཚིག་བླ་དགས་ཡིན་སྙམ་དུ་སེམས་སམ་ཞེས་དྲིས་པ་དང་། རབ་འབྱོར་གྱིས་དོན་དམ་པར་ཚིག་བླ་དགས་མི་དམིགས་པར་རྟོགས་

ནས་དེ་ལྟར་མི་སེམས་སོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་གཟུགས་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས་ཞེས་བྱ་བ་ནས། བཅོམ་ལྡན་འདས་སྨོན་པ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་

ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས་ཞེས་བྱ་བའི་བར་དུ་ནི། རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་དོན་དམ་པར་ཚིག་བླ་དགས་ཀྱི་དངོས་པོར་ཡོད་པ་མ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་

དཔའ་ཉིད་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ལ། གཟུགས་ལ་སོགས་པ་དང་། དེ་དག་གི་རྟག་པ་དང་མི་རྟག་པ་ལ་སོགས་པ་ཉིད་ཀྱང་དངོས་པོར་མེད་ཅིང་དེ་དག་ཏུ་གདགས་པའི་ཚིག་བླ་དགས་ཀྱང་ཡོད་པ་དོན་དམ་པར་རང་བཞིན་གྱིས་མ་གྲུབ་པས་དེ་དག་བྱང་ཆུབ་སེམས་དཔར་མི་འགྱུར་

རོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་ཚེ། གཟུགས་ཀྱི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བའི་

Vol. 91 · folio 88a

ཚིག་བླ་དགས་མི་དམིགས་པ་དང་ཞེས་བྱ་བ་ནས། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཚིག་བླ་དགས་དམིགས་སུ་མེད་པའི་གཏན་ཚིགས་རབ་འབྱོར་

གྱིས་བཤད་པ་མཉེས་པར་བསྟོད་ནས། ཚིག་བླ་དགས་མི་དམིགས་པར་གདམས་པའི་མཇུག་བསྡུས་ཏེ། དེ་ལྟར་བསླབ་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་བདག་གིས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་ལྟ་བུ་ཡང་དག་

པར་རྗེས་སུ་མ་མཐོང་ངོ་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པས། རབ་འབྱོར་གྱིས་དང་པོར་ཞུས་པའི་ཚིག་བཅོམ་ལྡན་འདས་ཀྱིས་བཟླས་ཏེ་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་བ་ལ་གླེང་བསླང་སྟེ། བྱང་ཆུབ་སེམས་དཔའ་འབའ་ཞིག་དོན་དམ་

པར་མི་དམིགས་པར་མ་ཟད་ཀྱི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་། དོན་དམ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་ཆོས་ཐམས་ཅད་མི་དམིགས་པར་གདམས་པ་བསྟན་ཏོ། །དེ་ལ་ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་

ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ལ། ཆོས་ཞེས་བྱ་བ་ནི་ཀུན་རྫོབ་བརྟགས་པའི་ཆོས་རྣམས་སོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི། ཡོངས་སུ་གྲུབ་པའི་ཆོས་དེ་དོན་དམ་པར་ཀུན་བརྟགས་པ་དང་། ཡོངས་སུ་གྲུབ་པ་གཉིས་ཀ་

སྟོང་པའི་ངོ་བོ་ཉིད་དུ་རོ་གཅིག་སྟེ། ཐ་དད་དུ་དབྱེར་མེད་པས་གཅིག་གིས་གཅིག་མི་མཐོང་ངོ་ཞེས་བསྟན་པའོ། །རབ་འབྱོར་གཟུགས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པའི་ཆོས་རྣམས་སོ་སོར་

ཕྱེ་ནས། ཆོས་ཐམས་ཅད་མི་དམིགས་པ་བསྟན་པ་སྟེ། གཟུགས་ཀྱི་དབྱིངས་ཞེས་བྱ་བ་ནི། ཀུན་བརྟགས་པའི་གཟུགས་ཀྱི་རང་བཞིན་ནོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི། ཡོངས་སུ་གྲུབ་པའི་གཟུགས་ཀྱི་རང་བཞིན་ཏེ། དེ་གཉིས་གཅིག་གིས་གཅིག་མི་མཐོང་

Vol. 91 · folio 88b

བ་ནི་སྔར་བཤད་པ་བཞིན་ནོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པ་ནས། ཆོས་ཀྱི་དབྱིངས་ཀྱི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །རབ་འབྱོར་འདུས་བྱས་ཀྱི་དབྱིངས་ཀྱིས་འདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་མ་བྱས་ཀྱི་དབྱིངས་

ཀྱིས་འདུས་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བསྡུས་ཏེ་སྤྱིར་མི་དམིགས་པ་བསྟན་པ་སྟེ། འདུས་བྱས་དང་འདུས་མ་བྱས་གཉི་ག་ཡང་དོན་དམ་པར་རང་བཞིན་དབྱེར་མེད་པས། གཅིག་གིས་གཅིག་མི་མཐོང་

བ་ནི་སྔ་མ་བཞིན་ནོ། །འདུས་བྱས་ཀྱི་དབྱིངས་མ་ཡིན་པར་ཡང་འདུས་མ་བྱས་ཀྱི་དབྱིངས་རབ་ཏུ་གདགས་པར་མི་ནུས་སོ། །འདུས་མ་བྱས་ཀྱི་དབྱིངས་མ་ཡིན་པ་ཡང་འདུས་བྱས་ཀྱི་དབྱིངས་རབ་ཏུ་གདགས་པར་མི་ནུས་ཏེ་ཞེས་བྱ་བ་ནི། འདུས་བྱས་དང་འདུས་མ་བྱས་གཉི་ག་དོན་དམ་

པར་རོ་གཅིག་པས། འདུས་བྱས་མ་གཏོགས་པར་འདུས་མ་བྱས་ལོགས་ཤིག་ཏུ་གདགས་སུ་ཡང་མི་རུང་ལ། འདུས་མ་བྱས་མ་གཏོགས་པར་འདུས་བྱས་ལོགས་ཤིག་ཏུ་གདགས་སུ་ཡང་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་དུ་རང་བཞིན་གཅིག་པ་ལས་ཡོངས་སུ་མ་

དག་པའི་ཚེ་ནི་འདུས་བྱས་ཞེས་གདགས། ཡོངས་སུ་དག་པའི་ཚེ་ནི་འདུས་མ་བྱས་པ་ཞེས་གདགས་ཏེ། དཔེར་ན་ཆུའི་དངོས་པོར་གཅིག་པ་ལས་རྙོག་མ་ཅན་གྱི་ཚེ་ནི་ཆུ་མ་དངས་པ་ཞེས་བྱ། ཕྱིས་རྙོག་མ་མེད་པར་གྱུར་པའི་ཚེ་ནི་ཆུ་དངས་པ་ཞེས་བྱ་སྟེ། ཆུའི་རང་བཞིན་ལ་ཐ་

དད་པར་གདགས་སུ་མི་རུང་བ་བཞིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས་མི་འཇིགས་མི་

དངང་ཞེས་བྱ་བ་ལ་སོགས་པས། ཆོས་ཐམས་ཅད་མི་དམིགས་པར་རྟོགས་པའི་འབྲས་བུའི་ཕན་ཡོན་བསྟན་པ་སྟེ། ཕན་ཡོན་དེ་ཡང་དད་པ་ཆེ་བ་དང་ཤེས་རབ་རྣོ་བར་འགྱུར་རོ། །དད་པ་ཆེ་བས་ནི་ཆོས་ཟབ་མོ་བཤད་པ་དང་། ཤིན་ཏུ་བྱ་དཀའ་བ་བསྒྲུབ་པ་དང་།

Vol. 91 · folio 89a

སངས་རྒྱས་ཀྱི་ཆོས་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་རྣམས་ལ་མ་དད་པའི་དབང་གིས་འཇིགས་པ་དང་དངང་བ་དང་སྐྲག་པར་མི་འགྱུར་རོ། །ཤེས་རབ་རྣོ་བས་ནི་ཟབ་པ་དང་བྱ་དཀའ་བ་དང་། སངས་རྒྱས་ཀྱི་ཆོས་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་རྣམས་ལ། སེམས་

ཞུམ་པ་དང་ཡིད་འགྱོད་པར་མི་འགྱུར་བ་བསྟན་ཏོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས། དེ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བས་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་སྐྲག་པར་མི་འགྱུར་བའི་གཏན་ཚིགས་བསྟན་པའི་

སྒོ་ནས། ཆོས་ཐམས་ཅད་མི་དམིགས་པ་དེ་ཉིད་ཞིབ་ཏུ་བསྟན་པ་སྟེ། དེ་ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་སྨོས་པས་ནི་ཕྱི་ནང་གི་ཆོས་རྣམས་བསྡུས་སོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་

སྨོས་པས་ནི་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་བསྡུས་སོ། །བདག་དང་སེམས་ཅན་དང་སྲོག་ལ་སོགས་པ་སྨོས་པས་ནི་མུ་སྟེགས་ཅན་གྱིས་བདག་ཏུ་བཏགས་པ་སྣ་ཚོགས་བཏགས་པ་ཙམ་དུ་ཡོད་པ་རྣམས་བསྡུས་སོ། །ཁམས་གསུམ་སྨོས་པས་ནི་འཁོར་

བར་གཏོགས་པའི་ཆོས་ཐམས་ཅད་བསྡུས་སོ། །ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་འཕགས་པ་རྣམས་དང་། འཕགས་པའི་ཆོས་རྣམས་སྨོས་པས་ནི། རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པ་དཀར་པོའི་ཆོས་ཐམས་ཅད་བསྡུས་ཏེ། དེ་ལྟར་འཇིག་རྟེན་དང་

འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བས་འཇིགས་ཤིང་སྐྲག་པར་འགྱུར་བའི་རྒྱུ་མི་དམིགས་པའི་ཕྱིར་མི་འཇིགས་མི་སྐྲག་གོ་ཞེས་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ལ་སེམས་ཞུམ་པར་མི་འགྱུར་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་ཡོངས་སུ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ། ཤེས་རབ་རྣོ་བའི་རྒྱུ་སེམས་

Vol. 91 · folio 89b

ཞུམ་པར་མི་འགྱུར་བ་དང་། ཡིད་ཡོངས་སུ་སྐྲག་པར་མི་འགྱུར་བའི་གཏན་ཚིགས་རབ་འབྱོར་གྱིས་ཞུས་པའི་ལན་བཀའ་སྩལ་པ་སྟེ། དེ་ལ་སེམས་དང་སེམས་ལས་བྱུང་བའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི། འཇུག་པའི་རྣམ་པར་ཤེས་པ་དྲུག་དང་།

ཀུན་གཞིའི་རྣམ་པར་ཤེས་པ་དང་། དེ་དང་འབྲེལ་པའི་སེམས་ལས་བྱུང་བའི་ཆོས་རྣམས་དོན་དམ་པར་མི་དམིགས་པ་བསྟན་པའོ། །ཡིད་དང་ཡིད་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི། ཉོན་མོངས་པའི་ཡིད་དང་། དེ་དང་འབྲེལ་པའི་སེམས་ལས་

བྱུང་བའི་ཆོས་རྣམས་དོན་དམ་པར་མི་དམིགས་པ་བསྟན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཆོས་ཐམས་ཅད་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་བརྩོན་པ་ལ་གདམས་པའི་དོན་དང་། ཚིག་

མཇུག་བསྡུས་ནས་བསྟན་པ་སྟེ། དེ་ཡན་ཆད་བརྩོན་པ་ལ་གདམས་པ་བཤད་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་གསུམ་པའོ།། །།ད་ནི་བརྩོན་པའི་ཕན་ཡོན་བཤད་པར་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་གཟུགས་

ཡོངས་སུ་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་།

ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་བསླབ་པར་བྱ་བའི་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་གྱིས་བཤད་དོ། །ཕན་ཡོན་དེ་ཡང་རྣམ་པ་བཞི་སྟེ། ཡོངས་སུ་རྟོགས་པར་བྱ་བའི་ཆོས་རྣམས་ཡོངས་སུ་རྟོགས་པ་དང་། སྤང་བར་བྱ་བ་

རྣམས་སྤོངས་པ་དང་། ཡོངས་སུ་རྫོགས་པར་བྱ་བ་རྣམས་ཡོངས་སུ་རྫོགས་པ་དང་། མངོན་སུམ་དུ་བྱ་བ་རྣམས་ཐོབ་པས་མངོན་སུམ་དུ་བྱས་པའོ། །དེ་ལ་བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་འཚལ་བས་ཞེས་བྱ་བ་ནས། བཅོམ་ལྡན་འདས་འཁྲུག་པ་

Vol. 91 · folio 90a

ཡོངས་སུ་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་

གཉིས་རྣམས་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་དུ་ཤེས་པར་བྱ་བ་རྣམས་ཡང་དག་པ་ཇི་ལྟ་བ་ཉིད་དུ་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་ཕན་ཡོན་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདོད་ཆགས་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བ་ནས། མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བའི་བར་དུ་ནི། འདོད་

ཆགས་ལ་སོགས་པ་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་སྤང་བར་བྱ་བ་རྣམས་སྤངས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་ཕན་ཡོན་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ལ་འདོད་ཆགས་དང་། ཞེ་སྡང་དང་།

གཏི་མུག་གསུམ་ནི་ཉོན་མོངས་པ་ཐམས་ཅད་དང་། མི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་སྤང་བར་བྱའོ། །འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ནི་ཕུང་པོ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཚོགས་པ་བདག་མེད་པའི་དངོས་པོ་ལ་བདག་དང་བདག་གིར་འཛིན་པའོ། །

ཐེ་ཙོམ་ཞེས་བྱ་བ་ནི་ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་སོགས་པ་ལ་ཡིད་གཉིས་ཟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱ་བ་ནི། སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་གསུམ་དང་། བརྫུན་དུ་སྨྲ་བ་ལ་སོགས་པ་ངག་གི་

བཞི་སྤང་བའི་མཚན་ཉིད་ནི་ཚུལ་ཁྲིམས་སོ། །བརྟུལ་ཞུགས་ནི་རི་དགས་དང་། ཕྱུགས་ཀྱི་བརྟུལ་ཞུགས་བྱེད་པ་དང་། ཐལ་བ་ལ་ཉལ་བ་དང་། རལ་པ་ཐོགས་པ་ལ་སོགས་པ་མུ་སྟེགས་ཅན་གྱི་དཀའ་ཐུབ་རྣམས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་དེ་དག་

Vol. 91 · folio 90b

གིས་གྲོལ་ཐར་པར་འཛིན་ཅིང་དགེ་བ་གཞན་མི་སྤྱོད་པར་དེ་དག་ཉིད་མཆོག་དམ་པ་ཡིན་ནོ་སྙམ་ནས་དེ་དག་བསྙེམས་པའོ། །འདོད་པའི་འདོད་ཆགས་དང་གནོད་སེམས་ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་འདོད་ཆགས་དང་། ཁོང་ཁྲོ་བའོ། །གཟུགས་ཀྱི་འདོད་ཆགས་

ཞེས་བྱ་བ་ནི། གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་བསམ་གཏན་དང་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པའོ། །གཟུགས་མེད་པའི་འདོད་ཆགས་ཞེས་བྱ་བ་ནི། གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞིའི་བདེ་བ་ལ་ཆགས་པའོ། །ཀུན་ཏུ་སྦྱོར་བ་ཞེས་བྱ་བ་

ནི་ཀུན་ཏུ་སྦྱོར་བ་དགུ་སྟེ། ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པ་དང་། འཇུངས་པ་དང་། ཐེ་ཚོམ་དང་། ཕྲག་དོག་རྣམས་ཏེ། འདི་རྣམས་ཀྱིས་འཁོར་བར་ཀུན་དུ་འཆིང་

ཞིང་སྦྱོར་བར་བྱེད་པའི་ཕྱིར་ཀུན་དུ་སྦྱོར་བ་ཞེས་བྱའོ། །བག་ལ་ཉལ་བ་ཞེས་བྱ་བ་ནི་བག་ལ་ཉལ་བ་བདུན་ཏེ། འདོད་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། གཟུགས་དང་གཟུགས་མེད་པའི་འདོད་ཆགས་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་

རྣམས་ཏེ། འདི་རྣམས་མངོན་དུ་མ་བྱུང་ཞིང་རབ་ཏུ་ཕྲ་བའི་ཚེ། མི་མངོན་པར་བག་ལ་ཉལ་བ་ལས་ལྡང་ཞིང་འཕེལ་བ་དང་། ལུས་དང་ངག་ཡིད་གསུམ་གྱི་རྗེས་སུ་འབྲང་བའི་ཕྱིར་བག་ལ་ཉལ་བ་ཞེས་བྱའོ། །ཀུན་ནས་ལྡང་བ་ཞེས་བྱ་བ་ནི་ཀུན་ནས་ལྡང་བ་བཅུ་སྟེ། རྨུགས་པ་

དང་། གཉིད་དང་། འཕྱར་བ་དང་། འགྱོད་པ་དང་། ཕྲག་དོག་དང་། སེར་སྣ་དང་། ཁྲེལ་མེད་པ་དང་། ངོ་ཚ་མི་ཤེས་པ་དང་། ཁྲོ་བ་དང་། འཆལ་པ་རྣམས་ཏེ། འདི་དག་གིས་སེམས་དཀྲིས་ཤིང་གླགས་པ་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་

རྣམས་ལྡང་བའི་ཕྱིར་ཀུན་ནས་ལྡང་བ་ཞེས་བྱའོ། །ཟས་བཞི་ཞེས་བྱ་བ་ནི། ཁམ་གྱིས་ཟ་བའི་ཟས་དང་། རེག་པའི་ཟས་དང་། ཡིད་ལ་སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་ཏེ། དེ་ལ་ཁམ་གྱིས་ཟ་བའི་ཟས་ནི། དཔེར་ན་འདོད་པའི་ཁམས་ཀྱི་མི་དང་ལྷ་

Vol. 91 · folio 91a

ལ་སོགས་པའི་ཟས་ཁམ་གྱིས་ཟ་བ་ལྟ་བུའོ། །རེག་པའི་ཟས་ནི་དཔེར་ན་བྱ་དང་རུས་སྦལ་ལ་སོགས་པ་སྒོ་ང་ལས་སྐྱེས་པ་ལྟ་བུ་སྟེ། མ་མའི་ལུས་ཀྱིས་རེག་པའི་དྲོད་ཀྱིས་འཚོ་བའོ། །ཡིད་ལ་སེམས་པའི་ཟས་ནི། དཔེར་ན་མུ་གེ་བྱུང་བའི་ཚེ། ཕ་

མ་གཉིས་ཀྱིས་ཐལ་བའི་ཐུམ་བུ་གདུང་ལ་བཏགས་ཏེ་བཞག་ནས། བུ་ཆུང་ངུ་གཉིས་ཤིག་ལ་ངེད་སླར་འོངས་ཏེ་ཕྱེ་འདི་ལས་ཟན་བྱས་ཏེ་སྦྱིན་གྱིས། དེའི་བར་དུ་མ་ངུ་བར་འཁོད་ཅིག་ཅེས་བསྒོ་ནས་ཕ་མ་གཉིས་ཀྱིས་བུ་གཉིས་ཁྱིམ་དུ་བཞག་སྟེ། ཡུལ་གཞན་དུ་ཟས་ཚོལ་

དུ་དོང་བའི་ཕྱིར་ན། བུ་གཉིས་ཀྱི་ཡིད་ལ་བདག་ཅག་གི་ཟས་ཕྱེ་ཡོད་དོ་སྙམ་དུ་ཡིད་ལ་སེམས་ཤིང་རེ་བས། ཟས་སུ་ཕྱེ་དེ་མ་ཐོས་པར་ཡང་ཡུན་རིང་པོར་ཚེ་མ་འདས་ཏེ་འཚོ་བ་ལྟ་བུའོ། །རྣམ་པར་ཤེས་པའི་ཟས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་རྣམ་

པར་ཤེས་པ་ལ། བསམ་གཏན་དང་ཏིང་ངེ་འཛིན་བསྒོམས་པས་བདེ་བའི་རོ་མྱོང་བས་ཟས་གཞན་མི་དགོས་པར་འཚོ་བ་ལྟ་བུའོ། །སྦྱོར་བ་བཞི་ཞེས་བྱ་བ་ནི། འདོད་པའི་སྦྱོར་བ་དང་། སྲེད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བ་སྟེ། དེ་ལ་

འདོད་པའི་སྦྱོར་བ་ནི། འདོད་པའི་ཁམས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ། ལྟ་བ་དང་མ་རིག་པ་གཉིས་མ་གཏོགས་སོ། །སྲེད་པའི་སྦྱོར་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ།

ལྟ་བ་དང་མ་རིག་པ་གཉིས་མ་གཏོགས་སོ། །ལྟ་བའི་སྦྱོར་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་བསྙེམས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པ་དང་ལྔའོ། །མ་རིག་པའི་སྦྱོར་བ་ནི།

ཁམས་གསུམ་གྱི་མ་རིག་པ་སྟེ། ཉོན་མོངས་པ་འདི་རྣམས་ཀྱིས་སེམས་ཅན་རྣམས་ཁམས་གསུམ་དང་། འགྲོ་བ་དྲུག་དང་། སྐྱེ་བ་བཞི་རྣམས་སུ་སྐྱེ་བར་སྦྱོར་བའི་ཕྱིར་སྦྱོར་བ་ཞེས་བྱའོ། །ཆུ་བོ་བཞི་ཞེས་བྱ་བ་ནི། སྦྱོར་བ་བཞི་པོ་འདི་དག་ཉིད་སེམས་ཅན་རྣམས་

Vol. 91 · folio 91b

ངན་སོང་གསུམ་དུ་ཁྱེར་བར་བྱེད་པའི་ཕྱིར་ཆུ་བོ་དང་འདྲ་བས་ཆུ་བོ་ཞེས་བྱའོ། །མདུད་པ་བཞི་ཞེས་བྱ་བ་ནི། ཆགས་སེམས་དང་། གནོད་སེམས་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པ་དང་། ལྟ་བ་བསྙེམས་པ་སྟེ། ཉོན་མོངས་པ་འདི་རྣམས་ཀྱིས་སེམས་

ཅན་རྣམས་གྲོལ་ཐར་པར་མི་འགྱུར་བར་འཆིང་བར་བྱེད་པའི་ཕྱིར་མདུད་པ་ཞེས་བྱའོ། །ཉེ་བར་ལེན་པ་བཞི་ཞེས་བྱ་བ་ནི། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པ་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་

ལེན་པ་སྟེ། དེ་ལ་འདོད་པ་ཉེ་བར་ལེན་པ་ནི། འདོད་པའི་ཁམས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །ལྟ་བ་ཉེ་བར་ལེན་པ་ནི། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་བསྙེམས་པ་དང་བཞིའོ།

ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཉེ་བར་ལེན་པ་ནི་སྔར་བཤད་པའོ། །བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ནི། བདག་གི་ལུས་ལ་བདག་གོ་ཞེས་སྨྲ་བའམ། ངའོ་ཞེས་པའི་ང་རྒྱལ་ལ་བྱ་སྟེ། ཉོན་མོངས་པ་འདི་རྣམས་ཀྱིས་འཁོར་བའི་ལུས་ཉེ་བར་ལེན་པར་འགྱུར་བའི་

ཕྱིར་ཉེ་བར་ལེན་པ་ཞེས་བྱའོ། །ཕྱིན་ཅི་ལོག་བཞི་ཞེས་བྱ་བ་ནི། མི་རྟག་པ་ལ་རྟག་པར་འཛིན་པ་དང་། སྡུག་བསྔལ་ལ་བདེ་བར་འཛིན་པ་དང་། བདག་མེད་པ་ལ་བདག་ཏུ་འཛིན་པ་དང་། མི་གཙང་བ་ལ་གཙང་བར་འཛིན་པ་དང་བཞིའོ། །མི་དགེ་བ་བཅུ་ཞེས་བྱ་བ་ནི།

སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་སྤྱོད་པ་སྟེ། ལུས་ཀྱི་གསུམ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་ཟེར་བ་དང་། ཚིག་ཀྱལ་པ་དང་། ངག་རྩུབ་མོ་སྟེ་ངག་གི་བཞི་དང་། ཆགས་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་

བ་སྟེ་ཡིད་ཀྱི་གསུམ་དང་བཅུའོ། །སྤང་བར་བྱ་བའི་རིགས་སུ་གཏོགས་པ་རྣམས་ལ། འདོད་ཆགས་ལ་སོགས་པ་གཞན་ནི་སྤང་བར་འཚལ་བས་ཞེས་གཞུང་ལས་འབྱུང་ལ། ཟས་བཞི་དང་། སྦྱོར་བ་བཞི་དང་། ཆུ་བོ་བཞིའི་སྐབས་སུ་ཡོངས་སུ་རྟོགས་པར་འཚལ་བས་

Vol. 91 · folio 92a

ཞེས་འབྱུང་བ་འདི་དག་ཡོངས་སུ་རྟོགས་པར་བྱས་ནས་སྤང་བར་བྱ་བ་ཡིན་པས། སྤང་བར་འཚལ་བས་ཞེས་མ་སྨོས་ཀྱང་སྤང་བར་བྱ་བར་རིག་པར་བྱའོ། །འདོད་ཆགས་ལ་སོགས་པ་གཞན་རྣམས་ལ་ཡོངས་སུ་རྟོགས་པར་འཚལ་བས་ཞེས་མ་སྨོས་

ཀྱང་། ཡོངས་སུ་རྟོགས་པར་བྱས་ནས་སྤང་བར་རིག་པར་བྱའོ། །དེ་ལྟར་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་སྤང་བར་བྱ་བ་རྣམས་ཡོངས་སུ་སྤངས་པར་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཕ་ལ་བརྩོན་པའི་ཕན་ཡོན་ཡིན་ནོ་ཞེས་བསྟན་པའོ། །དགེ་བ་

བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་

བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བའི་བར་དུ་ནི། ཡོངས་སུ་རྫོགས་པའི་ཕན་ཡོན་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་

བའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ལ་འཇིག་རྟེན་པའི་དགེ་བའི་ཆོས་ནི་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་སོ། །མངོན་པར་ཤེས་པ་ལ་

སོགས་པ་གཞན་རྣམས་ནི། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་རྣམས་ཏེ། དེ་དག་ཡོངས་སུ་རྫོགས་པར་གྱུར་པ་ནི་བརྩོན་པའི་ཕན་ཡོན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས་ཏེ། བསམ་གཏན་དང་པོ་ལས་ལངས་ནས་

འགོག་པ་ལ་མཉམ་པར་གཞག་པ་དང་ཞེས་བྱ་བ་ནས། དེ་ལྟར་དེ་དག་དང་ཏིང་ངེ་འཛིན་གྱི་སྒོ་གཞན་དག་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བའི་བར་དུ་མངོན་སུམ་དུ་བྱས་པའི་

Vol. 91 · folio 92b

ཆོས་རྣམས་ཐོབ་པས། མངོན་སུམ་དུ་བྱས་པའི་བརྩོན་པའི་ཕན་ཡོན་བསྟན་པ་སྟེ། ཐོབ་པས་མངོན་སུམ་དུ་བྱ་བའི་ཆོས་ཀྱང་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་

ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་བསྒོམས་པས་དེ་དག་གི་འབྲས་བུ་ཐོབ་ཅིང་དོན་མངོན་སུམ་དུ་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་ཕན་ཡོན་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས་ཏེ་ཞེས་བྱ་

བ་ནི་དང་པོའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་ཚེ། བདག་གིས་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་ཆོས་རྣམས་མངོན་སུམ་དུ་བྱའོ་སྙམ་པའི་བསམ་པས་ཏིང་ངེ་འཛིན་ལ་མཉམ་པར་གཞག་སྟེ། ཏིང་ངེ་འཛིན་དེ་བསྒོམ་པ་ལས་བྱང་ཆུབ་ཀྱི་ཡན་ལག་བདུན་མངོན་སུམ་དུ་ཐོབ་པར་

འགྱུར་བའི་ཏིང་ངེ་འཛིན་དེ་ལ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་གནས་ནས། བསམ་གཏན་དང་པོ་ལ་སོགས་པ་དང་། འགོག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་སྤེལ་མར་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྟན་པའི་ཕྱིར་

རོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་ནི་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོའི་སྐབས་ནས། གཞུང་འདི་ཉིད་ལས་འོག་ནས་ཞིབ་ཏུ་འཆད་པའི་ཕྱིར་སྐབས་འདིར་མ་

བཤད་དོ། །བཅོམ་ལྡན་འདས་གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བ་ཞེས་བྱ་བ་ནས། དེ་ལྟ་བུའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བའི་བར་དུ་ཡང་། ཡོངས་སུ་རྫོགས་པའི་བརྩོན་པའི་ཕན་ཡོན་སྔར་བཤད་པའི་ལྷག་མ་བསྟན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱ་བ་

Vol. 91 · folio 93a

ལས་གླེངས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོ་རྒྱས་པར་བསྟན་པའི་ཕྱིར། སྐབས་འདིར་ལོགས་ཤིག་ཏུ་ཕྱེ་སྟེ་བསྟན་ཏོ། །དགེ་བའི་རྩ་བ་གང་ཡོངས་སུ་རྫོགས་པས་ཞེས་བྱ་བ་ལ་སོགས་པས་ནི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱ་བའི་ཁྱད་

པར་བསྟན་པ་སྟེ། ངན་སོང་རྣམས་སུ་མི་ལྟུང་བ་སྨོས་པས། དགེ་བ་བཅུའི་ལས་ཀྱི་ལམ་སྤངས་པའི་དགེ་བའི་རྩ་བ་དང་། རིགས་དམའ་བར་མི་སྐྱེ་བ་སྨོས་པས་ང་རྒྱལ་བཅག་ཅིང་བླ་མ་ལ་རིམ་གྲོ་དང་། བཀུར་སྟི་བྱེད་པའི་དགེ་བའི་རྩ་བ་དང་། ཉན་ཐོས་དང་རང་སངས་

རྒྱས་ཀྱི་ས་ལ་མི་གནས་པ་སྨོས་པས་ཆོས་ལ་བདག་མེད་པར་རྟོགས་པའི་དགེ་བའི་རྩ་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོར་མི་ལྟུང་བ་སྨོས་པས། ཐབས་མཁས་ཤིང་ཆོས་ལ་མངོན་པར་ཆགས་པ་མེད་པའི་དགེ་བའི་རྩ་བ་སྟེ། དགེ་བའི་རྩ་བ་དེ་ལྟ་བུ་ཡོངས་སུ་རྫོགས་

པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བ་དང་སྦྱར་རོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོ་དྲི་བ་

ལས་གླེང་བསླང་སྟེ། འཁོར་རྣམས་ཐེ་ཚོམ་བསལ་བ་དང་། ཆོས་བཤད་པ་ཞིབ་ཏུ་བསྟན་པའི་ཕྱིར། འཕགས་པ་གཉིས་གཅིག་གིས་དྲིས་པའི་ལན་གཅིག་གིས་བཏབ་པ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་དྲོད་དང་། རྩེ་མོ་

དང་། བཟོད་པ་དང་། འཇིག་རྟེན་གྱི་ཆོས་ཀྱི་མཆོག་ཅེས་བྱ་བ། རྣམ་པ་བཞི་ལས་རྩེ་མོར་གྱུར་པའི་ཚེ་ན་འཁོར་གསུམ་ཡོངས་སུ་མ་དག་པར་སྦྱིན་པ་ལ་སོགས་པ་སྤྱོད་ཅིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བྱང་ཆུབ་སེམས་དཔའི་ས་དང་པོ་ཡང་ཐོབ་པར་

མི་བྱེད་པར་བར་མ་དོར་གནས་པ་ནི། བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོ་ཞེས་བྱ་སྟེ། དེ་བས་ན་སྐྱོན་ཆེན་པོར་ལྟུང་བ་གང་ཡིན་ཞེས་དྲིས་པའི་ལན་དུ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ཞེས་བྱ་བ་ལ་

Vol. 91 · folio 93b

སོགས་པ་གསུངས་སོ། །དེ་ལ་ཆོས་ལ་སྲེད་པ་ཞེས་བྱ་བ་ནི། ཆོས་རྣམས་ལ་མཚན་མར་འཛིན་པ་སྟེ། དེ་ཉིད་གསལ་བར་བཤད་པའི་ཕྱིར། གཟུགས་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་

རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ། འདུ་ཤེས་པ་འདི་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་དུ་འགྱུར་བའོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཕུང་

པོ་ལྔ་རྣམས་ལ་སྟོང་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་ལ་སོགས་པར་རྟོག་ཅིང་སྒོམ་པའི་ཚེ། དངོས་པོ་ཡོད་པ་དང་། མཚན་མ་ཅན་དུ་དམིགས་ཤིང་བསྒོམ་པའི་ཕྱིར་ཆོས་ལ་སྲེད་པ་ཞེས་བྱའོ། །རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་མ་

གྱུར་པའི་ཕྱིར་མཐུན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང་། འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པའི་རིགས་པ་ལས་དངོས་པོར་ཆགས་ཤིང་མཚན་མར་འཛིན་པའི་ཕྱིར་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་

སེམས་དཔའི་སྐྱོན་ནི་རྣམ་པ་གསུམ་སྟེ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །དེ་ལ་མངོན་པར་ཆགས་ཞེས་བྱ་བ་ནི། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །གནས་ཞེས་བྱ་བ་ནི། སེམས་ཕྱིན་

ཅི་ལོག་ཏུ་གྱུར་པའོ། །འདུ་ཤེས་ཞེས་བྱ་བ་ནི། འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་བསྟན་ཏོ། །གལ་ཏེ་གཟུགས་འདི་སྤང་བར་བྱའོ། །འདིས་གཟུགས་སྤང་བར་བྱའོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་འདི་སྤང་བར་བྱའོ། །འདིས་རྣམ་པར་ཤེས་པ་སྤང་བར་བྱའོ་

ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་སོ་སོར་ཕྱེ་སྟེ། སྤང་བར་བྱ་བའི་སྒོ་ནས་མཚན་མར་འཛིན་པའི་སྐྱོན་བསྟན་པ་སྟེ། འདིས་གཟུགས་སྤང་བར་བྱའོ་ཞེས་བྱ་བ་ནི། སྤོང་བར་བྱེད་པའི་བྱང་ཆུབ་སེམས་དཔའ་འདིས་གཟུགས་སྤང་བར་བྱའོ་ཞེས་བྱ་

Vol. 91 · folio 94a

བའམ། འཕགས་པའི་ལམ་བསྒོམ་པ་འདིས། གཟུགས་སྤང་བར་བྱའོ་ཞེས་བྱ་བ་མཚན་མར་འཛིན་པ་སྟེ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྦྱར་བར་བྱའོ། །སྡུག་བསྔལ་འདི་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནས། ལམ་འདི་བསྒོམ་པར་བྱའོ། །

འདིས་ལམ་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུ་ནི། འཕགས་པའི་བདེན་པ་བཞི་ལ། སྡུག་བསྔལ་ནི་ཤེས་པར་བྱའོ། །ཀུན་འབྱུང་བ་ནི་སྤང་བར་བྱའོ། །འགོག་པ་ནི་མངོན་སུམ་དུ་བྱའོ། །ལམ་ནི་བསྒོམ་པར་བྱའོ་ཞེས་འབྱུང་བ་ལ་མཚན་མར་འཛིན་པ་སྐྱོན་དུ་འགྱུར་

རོ་ཞེས་བསྟན་པ་སྟེ། འདིས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པའོ། །འདི་ནི་སྐྱོན་དུ་འགྱུར་བའོ་ཞེས་བྱ་བར་ཆོས་དེ་དག་ལ་མངོན་

པར་ཆགས་ཤིང་གནས་ཏེ། འདུ་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ་ཞེས་བྱ་བའི་བར་དུ་ནི། ཆོས་རྣམས་ལ་བླང་བ་དང་། དོར་བའི་འདུ་ཤེས་དང་། མཚན་མར་འཛིན་པ་སྐྱོན་དུ་འགྱུར་བ་བསྟན་

པ་སྟེ། དེ་ལ་འདི་ནི་ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་འཁོར་བའི་རྒྱུར་འགྱུར་བའོ། །འདི་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བ་རྣམས་སོ། །

ཆོས་འདི་དག་ནི་བསྟེན་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པར་ལྟ་བ་དང་། དད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མི་འགལ་བ་རྣམས་སོ། །ཆོས་འདི་དག་ནི་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི་ལོག་པར་ལྟ་བ་དང་། མ་དད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་

པ་དང་འགལ་བ་རྣམས་སོ། །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤྱད་པར་བྱའོ་ཞེས་བྱ་བ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །འདི་ལ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའོ། །

Vol. 91 · folio 94b

འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ལམ་ལ་རྣམ་པ་གཉིས་ཏེ། མཐོང་བའི་ལམ་དང་། བསྒོམ་པའི་ལམ་མོ། །དེ་ལ་མཐོང་བའི་ལམ་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་

བཞིན་དུ་རྟོགས་པའོ། །བསྒོམ་པའི་ལམ་ནི་ཆོས་ཀྱི་དབྱིངས་ཇི་ལྟར་རྟོགས་པ་དེ་ཉིད་ས་གཉིས་པ་ལ་སོགས་པ་ལ་ཡང་དང་ཡང་དུ་གོམས་པར་བྱེད་པའོ། །འདི་ནི་ལམ་མ་ཡིན་ནོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ལམ་གོང་དུ་སྨོས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ།

ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་རྣམས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་བསླབ་པ་རྣམ་པ་གསུམ་སྟེ། སྡོམ་པའི་བསླབ་པ་དང་། དགེ་བའི་ཆོས་ལ་སོགས་པའི་བསླབ་པ་

དང་། སེམས་ཅན་གྱི་དོན་བྱེད་པའི་བསླབ་པའོ། །འདི་ནི་བསླབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་གོང་མ་ལས་བཟློག་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། འཁོར་གསུམ་ཡོངས་སུ་དག་པར་སྦྱིན་པར་བྱེད་པའོ། །

འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། འཁོར་གསུམ་ཡོངས་སུ་མ་དག་པར་སྦྱིན་པ་བྱས་པ་ནི་སྦྱིན་པ་ཙམ་དུ་ཟད་ཀྱི། ཕ་རོལ་ཏུ་ཕྱིན་པར་མི་ཆུད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔ་ལ་ཡང་སྦྱར་བར་བྱའོ། །འདི་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པའོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་སྟོང་པར་རྟོགས་ཀྱང་། ཀུན་རྫོབ་ཏུ་བསྡུ་བ་རྣམ་བཞི་ལ་སོགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །འདི་ནི་ཐབས་མཁས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཉན་

ཐོས་ལྟར་ཞི་བ་ཕྱོགས་གཅིག་ལ་གནས་པའམ། སོ་སོའི་སྐྱེ་བོ་ལྟར་དངོས་པོ་ལ་ཆགས་ནས་འཁོར་བ་ལ་གནས་པ་ལྟ་བུའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པའོ་ཞེས་བྱ་བ་ནི། སྐྱོན་མེད་པའི་མཚན་ཉིད་འོག་ནས་འཆད་དོ། །འདི་ནི་སྐྱོན་དུ་འགྱུར་

Vol. 91 · folio 95a

བའོ་ཞེས་བྱ་བ་ནི། སྐྱོན་གྱི་མཚན་ཉིད་གོང་དུ་བཤད་པ་ཉིད་དོ། །དེ་ལྟར་ཆོས་རྣམས་ལ་མཚན་མར་འཛིན་ཅིང་མངོན་པར་ཆགས་ཏེ། འདུ་ཤེས་སུ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་སྒྲིབ་པ་ཡིན་པའི་ཕྱིར་སྐྱོན་དུ་འགྱུར་བའོ་ཞེས་བསྟན་པའོ། །ནང་སྟོང་པ་

ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པ་ཤཱ་རིའི་བུས་འཕགས་པ་རབ་འབྱོར་ལ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་གང་ཡིན་ཞེས་དྲིས་པའི་ལན་དུ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་གང་ཡིན་པ་ཞིབ་ཏུ་བསྟན་པ་སྟེ།

ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི། ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་པས་ཕྱི་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་གཞན་གྱིས་སྟོང་པར་བྱ་མི་དགོས་ཏེ་དེ་བས་ན་དེ་སྟོང་པར་བྱ་བའི་ཕྱིར། ནང་སྟོང་པ་ཉིད་ལ་ཕྱི་

སྟོང་པ་ཉིད་བཙལ་མི་དགོས་པས། དེ་ལ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་སྟོང་པ་ཉིད་བཅྭ་བརྒྱད་ལ་ཡང་སྦྱར་བར་བྱ་སྟེ། དེ་ལྟར་ཕྱི་ནང་སྟོང་པ་ཉིད་ལ་སོགས་པ་དངོས་པོ་ཐ་དད་པར་མི་ལྟ་བར་རང་བཞིན་གྱིས་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པ་ཉིད་བྱང་ཆུབ་

སེམས་དཔའི་སྐྱོན་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་བསླབ་པར་བྱ་སྟེ། སློབ་པའི་ཚེ་ཅི་ནས་ཀྱང་གཟུགས་ཤེས་པར་

བྱ་སྟེ། གཟུགས་དེས་རློམ་སེམས་སུ་མི་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཤེས་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་གིས་རློམ་སེམས་སུ་མི་བྱའོ་ཞེས་བྱ་བའི་བར་དུ་ཡང་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་

སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀུན་རྫོབ་ཏུ་སོ་སོའི་མཚན་ཉིད་གང་ཡིན་པ་ཤེས་པར་བྱས་ནས། དོན་དམ་པར་དེ་དག་གི་མཚན་ཉིད་སེམས་ལ་མཚན་མར་འཛིན་ཅིང་། འདིའི་

Vol. 91 · folio 95b

མཚན་ཉིད་ནི་འདི་ཡིན་ནོ་སྙམ་དུ་སེམས་ལ་མི་བསམ་མོ་ཞེས་བསྟན་པ་སྟེ། དེ་ལྟར་མཚན་མར་མི་འཛིན་ཅིང་མི་སེམས་པ་ཉིད་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམ་སེམས་སུ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི། ཆོས་

ཐམས་ཅད་ལ་མཚན་མར་མི་འཛིན་ཅིང་རློམ་སེམས་མེད་པ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཡིན་ནོ་ཞེས་བཤད་པ་དེ་གཉིས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་རྒྱུ་ཡིན་པས་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ་སྙམ་མམ། མི་མཉམ་

པ་དང་མཉམ་པའི་སེམས་ཡིན་ནོ་སྙམ་མམ། རླབས་པོ་ཆེའི་སེམས་ཡིན་ནོ་སྙམ་དུ་འདུ་ཤེས་མི་སྐྱེད་ཅིང་རློམ་སེམས་སུ་མི་བྱའོ་ཞེས་བསྟན་པ་སྟེ། དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་

སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ་ཞེས་བྱ་བས་ནི། བྱང་ཆུབ་ཀྱི་སེམས་ལ་རློམ་སེམས་སུ་མི་བྱ་བའི་གཏན་ཚིགས་བསྟན་པ་སྟེ། སེམས་དེ་ཞེས་བྱ་བ་ནི། ཀུན་རྫོབ་ཏུ་བྱང་ཆུབ་ཀྱི་སེམས་ཞེས་ཀུན་བརྟགས་པ་སྟེ། དོན་དམ་པར་རང་བཞིན་

ཡོད་པར་མ་གྲུབ་པས་སེམས་མ་ཡིན་ཞེས་གསུངས་སོ། །སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པ་ལ་སོགས་པར་རྣམ་པར་རྟོག་པའི་དྲི་མ་དང་། སྒྲིབ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་རབ་

འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན་ཞེས་བྱ་བ་ནས། འདི་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་བྱ་བའི་བར་དུ་ནི། གཟུང་བ་དང་འཛིན་པ་ལ་སོགས་པའི་དྲི་མ་མེད་པ་དང་། རང་

བཞིན་གྱིས་འོད་གསལ་བ་ཞིབ་ཏུ་བསྟན་པ་སྟེ། སེམས་གང་འདོད་ཆགས་དང་ཡང་མི་ལྡན་མ་བྲལ་ཞེས་བྱ་བ་ནི་སེམས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ཡེ་ནས་དག་པ་ཡིན་པའི་ཕྱིར་སོ་སོའི་སྐྱེ་བོའི་ཚེ་ན་ཡང་། འདོད་ཆགས་ལ་སོགས་པ་དང་མི་ལྡན་པ། འཕགས་པའི་ཚེ་ན་ཡང་

Vol. 91 · folio 96a

འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་ནི་མི་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཏི་མུག་ལ་སོགས་པ་ལྷག་མ་རྣམས་དང་མི་ལྡན་མ་བྲལ་བ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང་།

ཀུན་ནས་ལྡང་བ་དང་། བག་ལ་ཉལ་བ་དང་། ཀུན་དུ་སྦྱོར་བ་དང་། ལྟ་བ་རྣམས་ཀྱི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །སྒྲིབ་པ་དང་གཅོད་པ་གཉིས་སྔར་བཤད་པས་དེ་གཉིས་ད་འདིར་བཤད་པར་བྱ་སྟེ། དེ་ལ་སྒྲིབ་པ་ཞེས་བྱ་བ་ནི་ཤེས་བྱ་དང་། ཉོན་མོངས་པའི་སྒྲིབ་པའོ། །

གཅོད་པ་ཞེས་བྱ་བ་ནི་བར་དུ་གཅོད་པ་རྣམ་པ་ལྔ་སྟེ། འདོད་པའི་འདོད་ཆགས་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། འཕྱར་བ་དང་། འགྱོད་པ་དང་། ཐེ་ཚོམ་དང་ལྔ་སྟེ། རྨུགས་པ་དང་གཉིད་གཉིས་གཅིག་ཏུ་བགྲང་། འཕྱར་བ་དང་འགྱོད་པ་གཉིས་གཅིག་

ཏུ་བགྲང་ངོ་། །བར་དུ་གཅོད་པ་འདི་ལྔ་མྱ་ངན་ལས་འདས་པ་ལ་བར་དུ་གཅོད་པའི་ཕྱིར་གཅོད་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་མི་ལྡན་མ་བྲལ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དམན་པ་དང་མི་ལྡན་མ་བྲལ་བའོ། །སྨྲས་པ། ཚེ་དང་ལྡན་པ་རབ་

འབྱོར་སེམས་གང་ལ་སེམས་མ་ཡིན་ནོ་ཞེས་བྱ་བ་དེ་ཡོད་དམ་ཞེས་བྱ་བ་ནི་དོན་དམ་པར་སེམས་ཀྱི་རང་བཞིན་མ་གྲུབ་ན། སེམས་མ་ཡིན་ནོ་ཞེས་བྱ་བ་ཡང་དམིགས་སུ་ཡོད་དམ་ཞེས་འཕགས་པ་ཤཱ་རིའི་བུས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་

སེམས་མ་ཡིན་ནོ། །སེམས་མ་ཡིན་པ་དེ་ལ་ཡོད་པའམ་མེད་པ་དམིགས་པའམ་ཡོད་པར་འགྱུར་རམ་ཞེས་བྱ་བ་ནི་སེམས་མ་ཡིན་ནོ་ཞེས་བྱ་བ་དེ་ཡོད་དམ་ཞེས་བྱ་བའི་ཚིག་གཟུང་སྟེ། ཡོད་དམ་ཞེས་བྱ་བ་ཉིད་ཀྱང་དོན་དམ་པར་མི་འཐད་པའི་ཕྱིར་ཡོད་པའམ་མེད་པ་དོན་དམ་པར་དམིགས་

པའམ། ཡོད་པར་འགྱུར་རམ་ཞེས་རབ་འབྱོར་གྱིས་ཤཱ་རིའི་བུ་ལ་སླར་དྲིས་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ཡོད་པའམ་མེད་པ་ཞེས་བྱ་བ་དེ་ཡང་། དོན་དམ་པར་དམིགས་པའམ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་སེམས་

Vol. 91 · folio 96b

མ་ཡིན་པ་དེ་ལ་ཡོད་པའམ་མེད་པ་ཞེས་བྱ་བ་མེད་ཅིང་མི་དམིགས་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་སྐད་དུ། སེམས་གང་ལ་སེམས་མ་ཡིན་པ་ཞེས་བྱ་བ་དེ་ཡོད་དམ་ཞེས་ཕྱིར་དྲིས་པ་དེ་འཐད་པར་འགྱུར་རམ་ཞེས་བྱ་བ་ནི། ཤ་ར་དྭ་ཏིའི་བུས་སྨྲས་པའི་ཚིག་རབ་འབྱོར་

གྱིས་བཟླས་ཏེ། དེ་ལྟར་དོན་དམ་པར་ཡོད་པའམ་མེད་པ་མི་དམིགས་ན། སེམས་མ་ཡིན་པ་ཞེས་བྱ་བ་ཡོད་དམ་ཞེས་ཁྱོད་ཀྱིས་བདག་ལ་དྲིས་པ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་མ་ཡིན་པ་གང་ཡིན་ཞེས་བྱ་བ་ནི། དོན་

དམ་པར་སེམས་ཀྱི་མཚན་ཉིད་དམིགས་སུ་མེད་པའི་དོན་གང་ཡིན་པ་དྲི་བ་ལས་གླེང་བསླང་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར། འཕགས་པ་ཤཱ་རིའི་བུས་འཕགས་པ་རབ་འབྱོར་

ལ་དྲིས་པའོ། །སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ་ཞེས་བྱ་བ་ནི། དོན་དམ་པར་སེམས་མ་ཡིན་པ་ཞེས་བྱ་བ་ནི། སེམས་མ་ཡིན་པའི་དངོས་པོ་ཞིག་གུད་ན་ཡོད་པ་ལ་མི་བྱའི། སེམས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ། གཟུང་

བ་དང་འཛིན་པ་ལ་སོགས་པར་རྣམ་པར་མི་རྟོག་ཅིང་མི་སེམས་ལ། སེམས་མ་ཡིན་པ་ཞེས་བྱའོ་ཞེས་བསྟན་པའོ། །དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་ལ་ནི་སེམས་མེད་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་དོན་ཉིད་གསལ་བར་བསྟན་པ་སྟེ།

སེམས་ཀྱི་དེ་བཞིན་ཉིད་མི་འགྱུར་བ་རང་བཞིན་གྱིས་འོད་གསལ་བ་དེ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་རང་བཞིན་དབྱེར་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེ་ཡིན་ཏེ། རྟོག་པ་ཅན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་ཞེས་བྱའོ་ཞེས་

བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ་ཞེས་བྱ་བ་ནས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འགྱུར་བ་

Vol. 91 · folio 97a

མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ་ཞེས་བྱ་བའི་བར་དུ་ནི་སེམས་ཀྱི་དེ་བཞིན་ཉིད་དང་། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པར་རོ་གཅིག་པ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ་ཞེས་བྱ་བ་ནས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་

མེད་དོ་ཞེས་བྱ་བའི་བར་དུ་ནི། འཕགས་པ་ཤཱ་རིའི་བུས་དྲིས་པའི་ལན། འཕགས་པ་རབ་འབྱོར་གྱིས་བཏབ་པ་སྟེ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་དོན་ནི་སྔར་བཤད་ཟིན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་

བྱིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་དོན་ལེགས་པར་བཤད་དོ་ཞེས་བསྟོད་པའོ། །ཁྱོད་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་ཞེས་བྱ་བ་ནི། ཐུགས་ཀྱི་རང་བཞིན་ཞི་གནས་དང་ལྷག་མཐོང་ཟུང་

དུ་འབྲེལ་པ་ལས་འབྱུང་བའི་ཕྱིར་རོ། །ཞལ་ནས་བྱུང་བ་ཞེས་བྱ་བ་ནི་ཞལ་ནས་གསུངས་པའི་ཆོས་བཤད་པའི་ལུང་ལས་བྱུང་བའི་ཕྱིར་རོ། །ཆོས་ལས་སྐྱེས་པ་ཞེས་བྱ་བ་ནི། བསམ་པ་དང་བསྒོམ་པའི་རང་བཞིན་སྒྲུབ་པའི་ཆོས་ལས་བྱུང་བའི་ཕྱིར་རོ། །ཆོས་ཀྱི་སྤྲུལ་པ་ཞེས་བྱ་བ་ནི་ལམ་གྱི་

འབྲས་བུ་ཟག་པ་མེད་པའི་ཆོས་རྟོགས་པ་ལས་བྱུང་བའི་ཕྱིར་རོ། །ཆོས་ཀྱི་བགོ་སྐལ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་ལ་དབང་བའི་ཕྱིར་རོ། །ཟང་ཟིང་གི་བགོ་སྐལ་བ་མ་ཡིན་ཞེས་བྱ་བ་ནི་སེར་སྣ་སྤངས་པའི་ཕྱིར་རོ། །ཆོས་རྣམས་ལ་མངོན་སུམ་གྱི་མིག་དང་ལྡན་པ་ཞེས་བྱ་བ་ནི་

ཆོས་ཀྱི་ཆོས་ཉིད་ལས་གཞན་གྱིས་མི་ཕྱེད་པའི་ཕྱིར་རོ། །ལུས་མངོན་དུ་གྱུར་པ་ཞེས་བྱ་བ་ནི། གཟུགས་དང་གཟུགས་མེད་པའི་བསམ་གཏན་དང་། ཏིང་ངེ་འཛིན་གྱི་ལུས་ཀྱིས་མངོན་དུ་བྱས་པའི་ཕྱིར་རོ། །ཉན་ཐོས་ཉོན་མོངས་པ་མེད་པ་རྣམ་པར་སྤྱོད་པ་རྣམས་ཀྱི་མཆོག་ཅེས་བྱ་བ་ནི།

Vol. 91 · folio 97b

ཉོན་མོངས་པའི་གཉེན་པོར་གྱུར་པའི་ཏིང་ངེ་འཛིན་ལ་གནས་པ་ནི། ཉོན་མོངས་པ་མེད་པ་ལ་རྣམ་པར་སྤྱོད་པ་ཞེས་བྱ་སྟེ། དེ་དག་གི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །བསྟན་པ་འདི་ཡང་དེའི་ཚུལ་དང་འདྲའོ་ཞེས་བྱ་བ་ནི། ཁྱོད་ཀྱིས་ཆོས་བསྟན་པ་འདི་ཡང་དོན་གྱི་ཚུལ་

དང་འདྲ་བར་བསྟན་པ་དེ་ལེགས་སོ་ཞེས་བྱ་བ་དང་སྦྱར་རོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་དུ་བསླབ་པར་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རབ་འབྱོར་གྱིས་ཇི་ལྟར་ཞིབ་ཏུ་བསྟན་པ།

དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བསླབ་པར་བྱའོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཡང་འདི་ལས་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་སློབ་ན་ཚུལ་དེ་ལས་བྱང་ཆུབ་སེམས་དཔའ་དེ་ཕྱིར་མི་ལྡོག་པ་

ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི། དེ་ལྟར་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མཐུན་པར་སྤྱོད་པའི་ཕྱིར་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཞེས་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །བཀླག་པར་བྱའོ། །ཡོངས་སུ་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ་ཞེས་བྱ་བའི་བར་དུ་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་

དཔའི་ས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་དང་། ས་འདི་རྣམས་ཀུན་ལ་བསླབ་པ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མེད་དུ་མི་རུང་སྟེ། ཐམས་ཅད་ལ་ཕན་འདོགས་པ་ཡིན་ནོ་ཞེས་བསྟན་པའོ། །ནན་ཏན་དུ་མཉན་པར་བྱའོ་ཞེས་བྱ་བ་ནི་མཉན་པའི་ཤེས་རབ་

Vol. 91 · folio 98a

ཀྱིས་གཞན་ལས་ལེགས་པར་མཉན་པར་བྱའོ་ཞེས་བསྟན་པའོ། །གཟུང་བར་བྱའོ་ཞེས་བྱ་བ་ནི། མཉན་པའི་ཚིག་ཁ་ཏོན་དུ་ལོབས་ཤིང་ཟིན་པར་བྱའོ། །བཅང་བར་བྱའོ་ཞེས་བྱ་བ་ནི། ལོབས་ཤིང་ཟིན་པའི་ཚིག་དྲན་པས་ཕྱི་ཕྱིར་མ་བརྗེད་པར་བྱའོ། །

བཀླག་པར་བྱའོ་ཞེས་བྱ་བ་ནི། གླེགས་བམ་དུ་བྲིས་ཏེ་ཡི་དམ་དུ་ཀློག་པའོ། །ཡོངས་སུ་ཆུབ་པར་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་མ་ལུས་པར་བསམ་པའི་ཤེས་རབ་ཀྱིས་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་མངོན་སུམ་དུ་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ་

ཞེས་བྱ་བ་ནི། ཇི་ལྟར་རྟོགས་པའི་དོན་བསྒོམ་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་གོམས་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་ཤེས་རབ་རྣམ་པ་གསུམ་གྱིས་ནན་ཏན་དུ་བྱ་བའི་གཏན་ཚིགས་བསྟན་པ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་།

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་ཆར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་ལྟར་བསླབ་པར་བྱའོ་ཞེས་བརྩོན་པའི་ཕན་ཡོན་མཇུག་བསྡུས་ནས་བསྟན་པ་སྟེ། འདི་ཡན་

ཆད་དུ་བརྩོན་པའི་ཕན་ཡོན་བཤད་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བཞི་པའོ།། །།ད་ནི་བརྩོན་པར་བྱ་བའི་དངོས་པོ་དུ་ཡོད་པ་བསྟན་པའི་ཕྱིར་བརྩོན་པའི་རབ་ཏུ་དབྱེ་བ་བཤད་པར་བྱ་སྟེ། བརྩོན་པར་བྱ་བ་རབ་ཏུ་དབྱེ་བ་དེ་ཡང་ངེས་པར་

འབྱུང་བའི་སྒྲུབ་པ་རྣམ་པ་དྲུག་འོག་ནས་གཞུང་ལས་བསྟན་པ་སྟེ། དྲུག་གང་ཞེ་ན། མཐའ་གཉིས་དང་བྲལ་བར་སྒྲུབ་པ་དང་། མི་གནས་པར་སྒྲུབ་པ་དང་། ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་དང་། ཡོངས་སུ་བརྟག་པའི་སྒྲུབ་པ་དང་། ཐབས་ལ་སྒྲུབ་པ་དང་། མྱུར་དུ་མངོན་

པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པ་སྟེ། སྒྲུབ་པ་འདི་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱའོ། །ངེས་པར་འབྱུང་བའི་སྒྲུབ་པ་དེ་དག་ལ་བརྩོན་པར་བྱ་བའི་རབ་ཏུ་དབྱེ་བ་བསྟན་པའི་སྐབས་དབྱེ་བའི་ཕྱིར། འཕགས་པ་རབ་

Vol. 91 · folio 98b

འབྱོར་གྱིས་བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་དམིགས་མ་འཚལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དོན་དམ་པར་བརྩོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དང་། བརྩོན་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་གཉིས་ཀ་ཡང་མི་དམིགས་ན། གང་ཟག་གང་ཞིག་ཆོས་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེ་ན། གོང་དུ་བརྩོན་པ་ལ་གདམས་པ་བཤད་པའི་ཚིག་དང་། དོན་དེ་ཉིད་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་ཐམས་ཅད་འཕེལ་བ་དང་། འགྲིབ་པ་

མ་དམིགས་མ་འཚལ་བར་ཞེས་བྱ་བ་ནས། དེ་ཉིད་བདག་གིས་འགྱོད་པར་འགྱུར་རོ་ཞེས་བྱ་བའི་བར་དུ། ཆོས་དང་གང་ཟག་གཉི་ག་དོན་དམ་པར་དེ་ལྟར་མི་དམིགས་བཞིན་དུ། བྱང་ཆུབ་སེམས་དཔའ་ཞེའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་དངོས་པོར་དམིགས་ཏེ་གདམས་པར་

བགྱིས་ན། དངོས་པོ་མེད་པ་ལས་སྒྲོ་བཏགས་ཤིང་སྐྱེད་པ་དང་། དངོས་པོ་ཡོད་པའི་ཟླས་མེད་པ་ཡང་འགྲུབ་པས། སྐུར་པ་བཏབ་པར་ཡང་འགྱུར་ཏེ། དེ་ལྟར་སྒྲོ་བཏགས་ཤིང་སྐུར་པ་བཏབ་པར་གྱུར་ན། ཡོད་པ་དང་མེད་པའི་མཐའ་གཉིས་ལ་གནས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་གཞུང་དང་འགལ་བའི་ཕྱིར་བདག་གིས་འགྱོད་པར་འགྱུར་རོ་ཞེས་གསོལ་པ་སྟེ། འཕེལ་བ་ཞེས་བྱ་བ་ནི་དོན་དམ་པར་དངོས་པོ་མེད་པ་ལས་བསྐྱེད་དེ་སྒྲོ་བཏགས་པའོ། །འགྲིབ་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་མེད་པ་མ་ཡིན་པ་ལས་ཕྲི་སྟེ། སྐུར་པ་བཏབ་པ་སྟེ། དེ་ལྟར་སྒྲོ་འདོགས་པ་

དང་། སྐུར་པ་འདེབས་པའི་མཐའ་གཉིས་ལ་མི་གནས་པ་ནི། གང་ཟག་དང་ཆོས་ལ་ཡོད་པ་དང་མེད་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ་ཞེས་བྱ་བ་ལ་སོགས་

པས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དེ་ཡང་བརྗོད་པར་བྱ་བའི་དངོས་པོར་མེད་པས། གནས་པ་དང་མི་གནས་པའི་མཐའ་གཉིས་སྤང་བ་བསྟན་ཏེ། དངོས་པོ་ཞིག་ཡོད་ན་ནི། གཟུགས་ལ་སོགས་པ་འདུས་བྱས་ཀྱི་ཆོས་ལྟར་ཡུལ་དང་

Vol. 91 · folio 99a

ཕྱོགས་ན་གནས་པའམ། ནམ་མཁའ་ལ་སོགས་པ་འདུས་མ་བྱས་པའི་ཆོས་ལྟར་ཡུལ་དང་ཕྱོགས་ན་མི་གནས་པར་འགྱུར་གྲང་ན། མིང་དེ་ལ་དངོས་པོ་མེད་པས་གནས་པ་ཡང་མེད་ན། མི་གནས་པ་ཡང་མེད་དོ་ཞེས་བསྟན་པ་སྟེ། ཐུག་པ་མ་མཆིས་ཞེས་བྱ་བ་ནི་མི་

གནས་པ་ཡང་མ་མཆིས་སོ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་པ་མ་མཆིས་ཞེས་བྱ་བ་ནི། གནས་པ་དང་མི་གནས་པ་གཉིས་ཀྱི་མཐའ་སྤངས་ནས་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་པའི་དངོས་པོས་བྱིན་གྱིས་བརླབས་ཏེ། གནས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །

དེ་ལྟར་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ལ་དངོས་པོ་ཡོད་པ་དང་མེད་པའི་སྒོ་ནས་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་སྤང་བ་དང་། བྱང་ཆུབ་སེམས་དཔའི་མིང་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ལ་གནས་པ་དང་། མི་གནས་པར་

འཛིན་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་མདོར་བསྟན་ནས། ད་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་། འདུས་བྱས་དང་འདུས་མ་བྱས་པའི་ཆོས་སོ་སོར་ཕྱེ་སྟེ། མཐའ་གཉིས་དང་བྲལ་བའི་སྒྲུབ་པ་

ཞིབ་ཏུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕེལ་བ་དང་འགྲིབ་པའི་དོན་ནི་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་

ཡིན་ནོ་ཞེས་སྔར་བཤད་པ་སྟེ། དེས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི་ཞེས་བྱ་བ་ལ་སོགས་པས་ནི། གཟུགས་ལ་སོགས་པའི་མིང་ལ་གནས་པ་དང་། མི་གནས་

པར་རྟོག་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། གནས་པ་དང་མི་གནས་པའི་མཐའ་གཉིས་སུ་རྟོག་པ་དང་བྲལ་བའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །ཇི་ལྟར་གཟུགས་ལ་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་འོག་མ་ཐམས་ཅད་

Vol. 91 · folio 99b

ལ་ཡང་སྦྱར་བར་བྱའོ། །དེ་ལ་བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པར་ཤེས་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་

མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་ལྔའི་འཕེལ་བ་དང་། འགྲིབ་པ་དང་། གནས་པ་དང་། མི་གནས་པའི་མཐའ་གཉིས་དང་

བྲལ་བའི་སྒྲུབ་པ་བསྟན་ཏེ། བཅོམ་ལྡན་འདས་བདག་གིས་མིག་གི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་

པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་ཀྱི་དངོས་པོ་དང་། མིང་ལ་མཐའ་གཉིས་སུ་

རྟོག་པ་དང་བྲལ་བའི་སྒྲུབ་པ་བསྟན་པའོ། །བཅོམ་ལྡན་འདས་བདག་གིས་མིག་གི་འདུས་ཏེ་རེག་པའི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མིང་དེ་ཡང་གནས་པ་མ་མཆིས།

ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། རེག་པ་དྲུག་དང་། ཚོར་བ་དྲུག་གི་དངོས་པོ་དང་། མིང་

ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་སའི་ཁམས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཁམས་ཀྱི་མིང་

Vol. 91 · folio 100a

དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི།

སའི་ཁམས་ལ་སོགས་པ་ཁམས་དྲུག་རྣམས་ཀྱི་དངོས་པོ་དང་། མིང་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་མ་རིག་པའི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་

སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྒ་ཤིའི་འགག་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་

པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་བཞིན་འབྱུང་བ་དང་། ལུགས་ལས་བཟློག་པའི་དངོས་པོ་དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་

ཏོ། །བཅོམ་ལྡན་འདས་བདག་གིས་འདོད་ཆགས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་གཏི་མུག་གི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་

ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་དངོས་པོ་དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་

གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལྟ་བའི་རྣམ་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་

Vol. 91 · folio 100b

པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་རྣམས་ཀྱི་དངོས་པོ་དང་།

མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ནི་གཟུགས་བདག་ཡིན། བདག་གཟུགས་དང་ལྡན་པ་ཡིན། བདག་ལ་གཟུགས་གནས། གཟུགས་ལ་བདག་གནས་ཞེས་བདག་ཏུ་ལྟ་བའི་རྣམ་པ་

བཞི་པ་དེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། ཕུང་པོ་ལྔ་ཆར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལྟར་ཕུང་པོ་ལྔ་ལ་བདག་ཏུ་ལྟ་བའི་རྣམ་པ་བཞིར་སྦྱར་ན། རྣམ་པ་ཉི་ཤུར་གྱུར་པ་དེ་འདས་པ་དང་། མ་འོངས་པ་དང་། དེ་ལྟར་གྱི་དུས་དང་།

དུས་གསུམ་ལ་སྦྱར་ན། དྲུག་ཅུར་གྱུར་པའི་སྟེང་དུ་ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་གཉིས་ཀྱིས་བསྣན་ན། དྲུག་ཅུ་རྩ་གཉིས་སུ་འགྱུར་ཏེ། ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་གཉིས་ཚེ་སྔ་ཕྱི་དང་། ལས་ལེགས་ཉེས་ཀྱི་འབྲས་བུ་སྐྱིད་སྡུག་ཡོད་པར་མི་

ལྟ་བས་དུས་གསུམ་དང་མི་སྦྱར་རོ། །བཅོམ་ལྡན་འདས་བདག་གིས། བདག་གི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་མཐོང་བ་པོའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་

མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། མུ་སྟེགས་ཅན་གྱིས་བཏགས་པའི་བདག་རྣམ་པ་བཅུ་གསུམ་གྱི་དངོས་པོ་དང་། མིང་ལ་སྒྲོ་འདོགས་

ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །དེ་དག་གིས་འཁོར་བའི་རྒྱུར་གྱུར་པ་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་

Vol. 91 · folio 101a

འདས་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་

པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ཀྱི་དངོས་པོ་དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་

པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་ནང་སྟོང་པ་ཉིད་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མིང་དེ་ཡང་གནས་པ་

མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། སྟོང་པ་ཉིད་བཅྭ་བརྒྱད་ཀྱི་དངོས་པོ་

དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་

འཕགས་པའི་ལམ་ཡན་ལག་བརྒྱད་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་

སོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ཀྱི་དངོས་པོ་དང་། མིང་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་འཕེལ་བ་དང་། འགྲིབ་

Vol. 91 · folio 101b

པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་

མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། རྣམ་པར་ཐར་པའི་སྒོ་གསུམ་གྱི་དངོས་པོ་དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་

གིས་བསམ་གཏན་བཞིའི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་གཟུགས་མེད་པའི་སྙོམས་པར་འཇུག་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་

སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྒྲོ་འདོགས་

པ་དང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་སངས་རྒྱས་རྗེས་སུ་དྲན་པའི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལྷ་རྗེས་སུ་དྲན་པའི་མིང་དེ་ཡང་གནས་པ་

མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། རྗེས་སུ་དྲན་པ་དྲུག་གི་དངོས་པོ་དང་།

མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་ལུས་ཀྱི་རྣམ་པ་རྗེས་སུ་དྲན་པའི་འཕེལ་བ་དང་། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་འཆི་བ་རྗེས་སུ་དྲན་

Vol. 91 · folio 102a

པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་

བར་དུ་ནི། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། ཚེ་འཕོ་བ་རྗེས་སུ་དྲན་པའི་དངོས་པོ་དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏེ། ལུས་ཀྱི་རྣམ་པ་རྗེས་སུ་

དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། ཚེ་འཕོ་བ་རྗེས་སུ་དྲན་པ་གསུམ་ནི་འཕགས་པ་ཉན་ཐོས་རྣམས་འཁོར་བས་སྐྱོ་བར་བྱ་བའི་ཕྱིར་སྒོམ་པ་སྟེ། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་ཞེས་བྱ་བ་ནི། ལུས་ཀྱི་མགོ་ནས་རྟིང་གི་བར་དུ་ཕྱི་ནང་ཐམས་ཅད་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་

རྗེས་སུ་དྲན་པར་བྱེད་པའོ། །སྐྱེ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འཁོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྐྱོ་བར་སེམས་པའོ། །ཚེ་འཕོ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི། ལུས་མི་རྟག་པར་སེམས་པའོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི། འཕགས་པ་ཉན་

ཐོས་རྣམས་བསམ་གཏན་དང་། ཏིང་ངེ་འཛིན་སྒོམ་པ་ལ་སེམས་ལས་སུ་རུང་བར་བྱ་བའི་ཕྱིར། དབུགས་ཕྱི་ནང་དུ་རྒྱུ་བ་བགྲང་ཞིང་དྲན་པར་བྱེད་པའོ། །བཅོམ་ལྡན་འདས་བདག་གིས་ཤའི་མིག་གི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་

བ་ནས། བཅོམ་ལྡན་འདས་སངས་རྒྱས་ཀྱི་མིག་གི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་

མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། སྤྱན་ལྔའི་དངོས་པོ་དང་མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་མངོན་པར་ཤེས་པ་དྲུག་གི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་

Vol. 91 · folio 102b

ཞེས་བྱ་བ་ནས། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས།

བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། མངོན་པར་ཤེས་པ་དྲུག་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་

པ་བཅོ་བརྒྱད་རྣམས་ཀྱི་དངོས་པོ་དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང་། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མི་

མཐོང་སྟེ་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། མདོ་སྡེ་དག་ལས། ཆོས་ཐམས་ཅད་རྨི་ལམ་དང་། སྒྱུ་

མ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། སྤྲུལ་པ་ལྟ་བུའོ་ཞེས་དཔེ་རྣམ་པ་བརྒྱད་བསྟན་པའི་དངོས་པོ་དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏེ། དེ་ལ་རྨི་ལམ་

ལྟ་བུ་ཞེས་བྱ་བ་ནི། རྨི་ལམ་ན་མཐོང་བའི་ཆོས་རྣམས་གཉིད་སངས་པའི་ཚེ། དེ་ལྟར་མི་སྣང་བ་བཞིན་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པའི་ཀུན་བརྟགས་པའི་ཆོས་རྣམས་ཀྱང་མ་རིག་པའི་གཉིད་ཀྱིས་ལོག་པའི་ཚེ་སྣང་བ་རྣམས་མ་རིག་པ་སྤངས་ཏེ། འཕགས་པའི་ཤེས་རབ་

ཐོབ་པའི་ཚེ་དེ་ལྟར་མི་སྣང་བའི་ཕྱིར་རོ། །སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི། སྒྱུ་མ་མཁན་གྱིས་བྱས་པའི་རྟ་དང་གླང་པོ་ཆེ་ལ་སོགས་པ། རྟ་དང་གླང་པོ་ཆེའི་དངོས་པོ་མ་ཡིན་ཡང་། རྟ་དང་གླང་པོ་ཆེ་ལ་སོགས་པའི་དངོས་པོར་སྣང་བ་འཁྲུལ་པ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཇི་ལྟར་

Vol. 91 · folio 103a

སྣང་བའི་དངོས་པོར་ཡོད་པ་མ་ཡིན་པ་ལ་དེ་ལྟར་སྣང་བའི་ཕྱིར་རོ། །སྒྲ་བརྙན་ལྟ་བུ་ཞེས་བྱ་བ་ནི། སྒྲ་སྒྲོགས་པའི་གཞི་མ་ཡིན་པ་ལས་སྒྲ་འབྱུང་བ་སྒྲ་ལ་བདག་པ་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པ་ལས་སྣང་ཞིང་གྲག་པའི་ཕྱིར་

རོ། །མིག་ཡོར་ལྟ་བུ་ཞེས་བྱ་བ་ནི། མི་ལ་སོགས་པའི་དངོས་པོ་མ་ཡིན་པ་ལ། མི་ལ་སོགས་པའི་དངོས་པོར་སྣང་བ་ནོར་བར་མཐོང་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཇི་ལྟར་སྣང་བའི་དངོས་པོ་མ་ཡིན་པ་ལས་ནོར་བར་མཐོང་བའི་ཕྱིར་རོ། །གཟུགས་བརྙན་ལྟ་བུ་ཞེས་བྱ་བ་

ནི། གཟུགས་ཀྱི་དངོས་པོ་མ་ཡིན་པ་ལ། གཟུགས་ཀྱི་རྣམ་པར་སྣང་བ་དེ་གཟུགས་ཡང་དག་པ་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཇི་ལྟར་སྣང་བའི་དངོས་པོར་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྨིག་རྒྱུ་ལྟ་བུ་ཞེས་བྱ་བ་ནི། དཔྱིད་ཚ་བའི་དུས་ན་སྨིག་རྒྱུའི་རང་བཞིན་ཆུ་མ་

ཡིན་པ་ལས་ཆུར་འཁྲུལ་པ་སྣང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཇི་ལྟར་སྣང་བའི་རང་བཞིན་དུ་ཡོད་པ་མ་ཡིན་པ་ལས། དངོས་པོ་ཡོད་པ་ལྟ་བུར་སྣང་བའི་ཕྱིར་རོ། །ཆུ་ཟླ་ལྟ་བུ་ཞེས་བྱ་བ་ནི། ཆུའི་ནང་ན་སྣང་བའི་ཟླ་བ་ཡང་དག་པ་མ་ཡིན་ཡང་། ཟླ་བ་ཡང་དག་པ་ཡིན་པ་ལྟ་

བུར་སྣང་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཇི་ལྟར་སྣང་བའི་དངོས་པོར་ཡང་དག་པར་ཡོད་པ་མ་ཡིན་ཡང་། ཡང་དག་པར་ཡོད་པ་ལྟ་བུར་སྣང་བའི་ཕྱིར་རོ། །སྤྲུལ་པ་ལྟ་བུ་ཞེས་བྱ་བ་ནི། སྤྲུལ་པར་བྱེད་པའི་སེམས་ཀྱི་དབང་གིས་དངོས་པོ་རྣམ་པ་སྣ་ཚོགས་སྤྲུལ་པ་རྣམས་

ཡང་དག་པར་ཡོད་པ་མ་ཡིན་པ་ལས་སྣང་བ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཕྱི་རོལ་གྱི་དངོས་པོ་ཡོད་པ་མ་ཡིན་པ་ལས་སེམས་འཁྲུལ་པའི་དབང་གིས་སྣང་བའི་ཕྱིར་རོ། །བཅོམ་ལྡན་འདས་བདག་གིས་དབེན་པའི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་

མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པར་བྱང་བ་མ་མཆིས་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་

Vol. 91 · folio 103b

མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། དོན་དམ་པར་ཆོས་ཐམས་ཅད་དབེན་པ་དང་། ཞི་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་

པར་བྱང་བ་མེད་པའོ་ཞེས་མདོ་ལས་འབྱུང་བའི་དངོས་པོ་དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། དེ་ལ་དབེན་པ་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པ་ལས་དབེན་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི། རང་བཞིན་གྱིས་མྱ་ངན་

ལས་འདས་པ་ཡིན་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཞེས་བྱ་བ་ནི། རྒྱུ་དང་རྐྱེན་གྱིས་མ་སྐྱེས་པའི་ཕྱིར་རོ། །འགག་པ་མེད་པ་ཞེས་བྱ་བ་ནི། མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །འབྱུང་བ་མེད་པ་ཞེས་བྱ་བ་ནི། རྒྱུ་མེད་པ་ལས་མ་བྱུང་བའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱ་བ་ནི།

དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པས་བཅོས་ཤིང་བྱི་དོར་བྱར་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པས་ཞེས་བྱ་བ་ནི། ཀུན་ནས་ཉོན་མོངས་པར་འགྱུར་བའི་དངོས་པོ་དང་ཀུན་ནས་ཉོན་མོངས་པ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པ་ཞེས་

བྱ་བ་ནི། ཀུན་ནས་ཉོན་མོངས་པ་ཡོད་ན་དེའི་ཟླས་རྣམ་པར་བྱང་བ་ཡང་འགྲུབ་ན། ཀུན་ནས་ཉོན་མོངས་པ་མེད་པས་རྣམ་པར་བྱང་བ་ཡང་མི་འགྲུབ་པའི་ཕྱིར་རོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་དབྱིངས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་

ནས། བཅོམ་ལྡན་འདས་ཆོས་སྐྱོན་མེད་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་

མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་རྣམས་ཀྱི་དངོས་པོ་དང་། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། དེ་ལ་

Vol. 91 · folio 104a

ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཐོབ་པར་འགྱུར་བའི་རྒྱུའམ་གཞི་ཡིན་པའི་ཕྱིར་རོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཡོངས་སུ་དག་པའི་རང་

བཞིན་གཞན་དུ་མི་འགྱུར་ཞིང་རྟག་ཏུ་དེ་བཞིན་དུ་གནས་པའི་ཕྱིར་རོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པའི་མཐར་ཕྱིན་པའི་ཕྱིར་རོ། །ཆོས་ཀྱི་གནས་ཉིད་ཅེས་བྱ་བ་ནི་དེ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་

ཆོས་ཉིད་ནི་ཡེ་ནས་དེ་བཞིན་དུ་གནས་པའོ་ཞེས་འབྱུང་བ་ལྟ་བུ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་དུ་གནས་པའི་ཕྱིར་རོ། །ཆོས་སྐྱོན་མེད་ཅེས་བྱ་བ་ནི། ས་དང་པོ་ཡན་ཆད་དེ་བཞིན་ཉིད་དེ་རྟོགས་པས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་

པར་འགྱུར་ཞིང་ཕྱིར་མི་ལྡོག་པར་ཡོངས་སུ་རྫོགས་པའི་ཕྱིར་རོ། །བཅོམ་ལྡན་འདས་བདག་གིས་དགེ་བ་དང་མི་དགེ་བའི་ཆོས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་འདས་པ་དང་། མ་འོངས་པ་དང་།

ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་

བའི་བར་དུ་ནི། དགེ་བ་དང་། མི་དགེ་བའི་ཆོས་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། འདུས་བྱས་དང་། འདུས་མ་བྱས་པའི་ཆོས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་

བའི་ཆོས་རྣམས་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས་ཀྱི་མཚན་ཉིད་ནི་འོག་ནས་གཞུང་ཉིད་ལས་ཞིབ་ཏུ་འཆད་པས་སྐབས་འདིར་མ་བཤད་དོ། །བཅོམ་ལྡན་

Vol. 91 · folio 104b

འདས་བདག་གིས་འདས་པ་མ་མཆིས་པ་དང་། མ་འོངས་པ་མ་མཆིས་པ་དང་། ད་ལྟར་བྱུང་བ་མ་མཆིས་པ་ཞེས་བྱ་བ་ནས། འདུས་མ་བགྱིས་པ་དེ་ཡང་གང་ཞེ་ན། གང་ལ་སྐྱེ་བ་མ་མཆིས། གནས་པ་མ་མཆིས། འཇིག་པ་མ་མཆིས་པ་སྟེ་ཞེས་བྱ་བའི་བར་དུ་ནི། འདུས་

མ་བྱས་པའི་མཚན་ཉིད་བསྟན་པ་སྟེ། འདུས་མ་བྱས་པ་ནི་དུས་གསུམ་ལས་འདས་ཤིང་སྐྱེ་འགག་དང་གནས་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བདག་གིས་ནི། བཅོམ་ལྡན་འདས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་

མཐོང་ངོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ལ་དངོས་པོ་ཡོད་པ་དང་མེད་པར་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང་འགྲིབ་པ་ཡང་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་བདག་གིས་སྟེང་གི་

ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང་འགྲིབ་པ་ཡང་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་

ངོ་ཞེས་བྱ་བའི་བར་དུ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་རྣམས་ལ་དངོས་པོ་ཡོད་པ་དང་མེད་པར་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པའོ། །བཅོམ་ལྡན་འདས་དེ་

ལྟར་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་

Vol. 91 · folio 105a

མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་

དུ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་འཁོར་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དུ་བཅས་པ་རྣམས་ཀྱི་དངོས་པོ་དང་། མིང་རྣམས་ལ་འཕེལ་བ་དང་འགྲིབ་པ་མེད་པས་དོན་དམ་པར་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཡང་

ཡོད་པར་མ་གྲུབ་པའི་ཕྱིར་གདམས་ཤིང་རྗེས་སུ་བསྟན་པ་གང་ཡང་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན།

མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོང་པ་ཉིད་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་

པ་སྟེ། དེ་ལྟར་ན་འདུས་བྱས་པའི་ཆོས་ཐམས་ཅད་སྨོས་ནས། དེ་དག་གི་དངོས་པོ་དང་མིང་ལ་འཕེལ་བ་དང་འགྲིབ་པ་དམིགས་སུ་མེད་པས། དོན་དམ་པར་ཡོད་པ་མ་ཡིན་པ་ལ་བསྐྱེད་དེ་སྒྲོ་འདོགས་པ་དང་། ཀུན་རྫོབ་ཏུ་མེད་པ་མ་ཡིན་པ་ལ་ཕྲི་སྟེ། སྐུར་པ་འདེབས་པའི་

མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དེ་བརྡ་ཙམ་དུ་གདགས་པ་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པའི་ཕྱིར། བཅོམ་

ལྡན་འདས་གང་ཡང་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བགྱི་བ་དང་། ཆོས་སུ་བཏགས་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ་ཞེས་བྱ་

Vol. 91 · folio 105b

བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བརྗོད་དུ་མ་མཆིས་པ་སྟེ། ཆོས་སུ་གདགས་པ་ཙམ་དུ་བས་སོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་

འཇིག་རྟེན་ལས་འདས་པའི་ཆོས་རྣམས་གང་གི་དངོས་པོར་ཡང་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དེ་དོན་དམ་པར་བརྗོད་དུ་མེད་པས་ཀུན་རྫོབ་ཏུ་ཆོས་ཀྱི་བརྡར་བཏགས་པ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན།

རྨི་ལམ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བའི་མིང་དེ་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། རྨི་ལམ་དང་སྒྱུ་མ་ལ་སོགས་པ་འཇིག་རྟེན་ན་ཤིན་ཏུ་མེད་པར་གྲགས་པ་རྣམས་

ཀྱི་དཔེས། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་དོན་དམ་པར་བརྗོད་དུ་མེད་པར་བསྟན་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས། རླུང་ཞེས་བགྱི་བའི་མིང་

ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཀུན་བཏགས་པ་ཙམ་གྱི་མཚན་ཉིད་དུ་གྲགས་པ་ནམ་མཁའི་ཁམས་དང་། ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་གང་གི་དངོས་པོར་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །

དེ་བཞིན་ཉིད་ཅེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས། ཡང་དག་པའི་མཐའ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གྲགས་པ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་

ལ་སོགས་པ་མིང་གིས་སྨོས་པ་རྣམས་ཀྱི་མིང་ཡང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དངོས་པོ་གང་གི་མིང་དུ་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པ་སྟེ། དེ་བཞིན་ཉིད་ལ་སོགས་པའི་མཚན་ཉིད་ཀྱང་གོང་དུ་བཤད་ཟིན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ནི་

Vol. 91 · folio 106a

གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱང་གྲགས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་དོན་དམ་པར་

དངོས་པོ་ཡོད་པར་མ་གྲུབ་པས། གང་གི་དངོས་པོར་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །ཚུལ་ཁྲིམས་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་ཆོས་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་

བའི་བར་དུ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་སུ་གྲགས་པ། ཟག་པ་མེད་པའི་ཕུང་པོ་ལྔ་ལ་སོགས་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དངོས་པོ་གང་གི་མིང་དུ་ཡང་བརྗོད་དུ་མེད་དོ་ཞེས་བསྟན་

པའོ། །བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་བཅོམ་ལྡན་འདས་ཉིད་དང་། སངས་རྒྱས་ཀྱི་ཆོས་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་ཡང་དོན་

དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དངོས་པོ་གང་གི་མིང་དུ་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཞེས་བགྱི་བའི་མིང་ཡང་དགེ་བའམ་མི་དགེ་བ་འམ་ཞེས་བྱ་བ་ལ་སོགས་པ་ནི། གོང་དུ་སྨོས་པའི་ཆོས་རྣམས་ཀྱི་མིང་གང་

གིས་ཀྱང་བརྗོད་དུ་མེད་དོ་ཞེས་བསྟན་པའི་དོན་དེ་ཉིད་དམིགས་ཀྱིས་ཕྱེ་ནས་བཀྲོལ་བ་སྟེ་དགེ་བའམ། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའོ་ཞེས་བྱ་བ་ལ་སོགས་པར་དངོས་པོ་གང་གི་མིང་དུ་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །བཅོམ་

ལྡན་འདས་བདག་གིས་དོན་གྱི་དབང་དེ་ལྟ་བུ་མཐོང་བའི་སླད་དུ་ཞེས་བྱ་བ་ནས། བདག་གིས་འགྱོད་པར་འགྱུར་ཞེས་གསོལ་ཏོ་ཞེས་བྱ་བའི་བར་དུ་ནི། མཐའ་གཉིས་དང་བྲལ་བའི་སྒྲུབ་པ་བཤད་པའི་མགོ་ལ་སྨོས་པའི་ཚིག་དེ་ཉིད་སླར་བཟླས་ཏེ། དོན་དམ་པར་ཆོས་གང་གི་དངོས་

Vol. 91 · folio 106b

པོར་ཡང་མིང་དུ་གདགས་སུ་མེད་པ་ལས། བྱང་ཆུབ་སེམས་དཔའ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དུ་བཏགས་ཏེ། གདམས་པའམ་རྗེས་སུ་བསྟན་པ་བྱས་ནས། ཡང་དག་པར་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པའི་སྐྱོན་དུ་འགྱུར་བའི་

དོན་གྱི་དབང་དེ་ལྟ་བུ་མཐོང་བའི་ཕྱིར། བདག་གིས་འགྱོད་པར་འགྱུར་རོ་ཞེས་གསོལ་ཏོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དེ་ཞེས་བྱ་བ་ནས། གནས་པ་ཞེས་བགྱི་བ་ནི་གནས་པ་

མ་མཆིས་པའི་ཚུལ་ལོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་མཐའ་གཉིས་དང་བྲལ་བའི་སྒྲུབ་པ་གོང་དུ་སྨོས་པའི་རིམ་པས་ཞིབ་ཏུ་བཤད་པ་ཉིད་མཇུག་བསྡུས་ཏེ་བསྟན་ནས། དོན་དེ་ལྟ་བུ་ཟབ་མོ་ཐོས་པས་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་དེ་

བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཕྱིར་མི་ལྡོག་པ་ལ་གནས་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་བསྟན་པ་སྟེ། རྣམ་པ་དེ་དག་དང་། ཚུལ་འདི་དག་དང་། མཚན་མ་འདི་དག་གིས་ཞེས་བྱ་བ་ནི་གོང་དུ་མཐའ་གཉིས་དང་བྲལ་བའི་རྣམ་པ་དང་།

ཚུལ་དང་མཚན་མས་ཆོས་ཟབ་མོ་བསྟན་པའི་ཚེ། སེམས་ཞུམ་པ་དང་། འགྱོད་པར་མི་འགྱུར་ན་ཕྱིར་མི་ལྡོག་པའི་ས་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་འོག་ནས་འབྱུང་བ་དང་སྦྱར་རོ། །དེ་ལྟར་མཐའ་གཉིས་དང་བྲལ་བའི་

སྒྲུབ་པ་བསྟན་ནས། ད་ནི་མི་གནས་པའི་སྒྲུབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེས་གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་གནས་

པའི་སྒྲུབ་པ་འདི་ཡང་རྣམ་པ་གཉིས་ཏེ། ཆོས་ལ་མི་གནས་པ་དང་། ཆོས་ཉིད་ལ་མི་གནས་པའོ། །དེ་ལ་ཆོས་ལ་མི་གནས་པ་ནི། དེས་གཟུགས་ལ་གནས་པར་མི་བགྱིའོ། །དེས་ཚོར་བ་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་

Vol. 91 · folio 107a

སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་ཆོས་ལ་མི་གནས་པ་བསྟན་པ་སྟེ། དེ་ལ་ཆོས་ལ་མི་གནས་པ་དེ་ཡང་། དེས་གཟུགས་ལ་གནས་པར་

མི་བགྱིའོ། །དེས་ཚོར་བ་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནས། དེས་སྐྱེ་བ་ལ་གནས་པར་མི་བགྱིའོ། །དེས་རྒ་ཤི་ལ་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རེག་པ་དྲུག་དང་། ཚོར་བ་དྲུག་དང་། ས་དང་། ཆུ་དང་།

མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམས་ལ་གནས་པར་མི་བྱ་བ་བསྟན་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་སྟེ།

གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ལ་སོགས་པ་ལ་གནས་པར་མི་བྱ་བའི་གཏན་ཚིགས་

བསྟན་པ་སྟེ། འདི་ལ་གཟུགས་ཀྱང་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་སོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་དུ་གཟུང་བ་དངོས་པོའི་

གཟུགས་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་གཟུགས་སོ། །གཟུགས་དེ་ཉིད་རྣམ་པ་གང་གི་དོན་དུ་སྣང་བའི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་དེ་ལ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ། །ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་གཟུགས་དེ་གཉིས་ཀྱི་རྣམ་པ་

དང་བྲལ་བ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ལ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །དེ་ལ་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ལ་ནི། ཀུན་བརྟགས་པའི་གཟུགས་གཟུགས་སུ་རུང་བའི་མཚན་ཉིད་ཅན་དང་། རྣམ་པར་བརྟགས་

Vol. 91 · folio 107b

པའི་གཟུགས་ཡུལ་གྱི་རྣམ་པར་སྣང་བའི་གཟུགས་གཉིས་མེད་པས་ན། གཟུགས་གཟུགས་ཀྱིས་སྟོང་སྟེ་ཞེས་བྱ་བ་གསུངས་ཏེ། ཆོས་ཉིད་ཀྱི་གཟུགས་ཡོངས་སུ་གྲུབ་པ་མཚན་ཉིད་དེ་གཟུང་བ་དང་འཛིན་པའི་མཚན་ཉིད་ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་

གཟུགས་ཀྱིས་སྟོང་ངོ་ཞེས་བསྟན་པའོ། །དེ་སྐད་བཤད་པ་དང་ཀུན་བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་པའི་ཆོས་ཉིད་གཟུགས་གང་ཡིན་པ་དེ་ལ་གཟུགས་ཞེས་སྨོས་པས་དེ་ལ་ཡང་གཟུགས་ཤིག་ཡོད་སྙམ་དུ་སེམས་པ་ལས་བཟློག་

པའི་ཕྱིར། གཟུགས་ཀྱིས་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས་ཞེས་བྱ་བ་གསུངས་ཏེ། ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་པ་གང་ཡིན་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བ་དེ་ནི་

གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་རྣམ་པ་ལས་དབེན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་བཤད་པ་དང་། དེ་ལྟར་གཟུགས་རྣམ་པ་ཐམས་ཅད་དུ་མེད་ན། གང་གིས་སྟོང་པ་ན་འདི་ལ་སྟོང་པ་ཉིད་ཅེས་བྱ། དཔེར་ན་མར་མེད་པའི་

བུམ་པ་ནི་མར་གྱིས་བུམ་པ་སྟོང་ཞེས་བྱར་རུང་གི་བུམ་པ་དང་མར་གཉི་ག་མེད་པ་ལ་སྟོང་ཞེས་བྱ་བའི་དམིགས་ཀྱང་མེད་སྙམ་དུ་སེམས་པ་དང་། ཆོས་ལས་ཆོས་ཉིད་གཞན་པ་ཡང་མི་རིགས་ལ་ཆོས་ཉིད་ལས་ཆོས་གཞན་པ་ཡང་མི་རིགས་སོ་སྙམ་དུ་ཐེ་ཚོམ་ཟ་བ་དེའི་ཕྱིར།

གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ་ཞེས་བྱ་བ་གསུངས་ཏེ། དོན་དམ་པར་གཟུགས་ཀྱི་རང་བཞིན་ཡོད་པར་མ་གྲུབ་པ་ཉིད་ལ་སྟོང་པ་ཉིད་ཅེས་བྱའི། སྣོད་དང་བཅུད་ལྟར་གཅིག་གིས་གཅིག་སྟོང་པ་ལྟ་བུ་ལ་མི་བྱའོ་ཞེས་བསྟན་པའོ། །དོན་དེ་ཉིད་གསལ་བར་བསྟན་

པའི་ཕྱིར། གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་གསུངས་ཏེ། གཟུགས་དངོས་པོ་ཡོད་པར་མ་གྲུབ་པ་ཉིད་ལ་སྟོང་པ་ཉིད་ཅེས་བྱ་སྟེ། དེ་ལས་གུད་ན་སྟོང་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར། ཆོས་དང་ཆོས་ཉིད་གཉིས་ཐ་དད་པ་མ་ཡིན་པ་བཞིན་

Vol. 91 · folio 108a

ནོ་ཞེས་བསྟན་པ་སྟེ། དེ་ལྟར་ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་གཟུགས་གཉིས་ནི་ཤིན་ཏུ་མེད་པ་དང་། ཆོས་ཉིད་ཀྱི་གཟུགས་དེ་བཞིན་ཉིད་ཙམ་དུ་ཟད་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཡང་གནས་སུ་མི་རུང་བའི་ཕྱིར། གཟུགས་ལ་གནས་པར་

མི་བྱའོ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་རྣམས་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་དང་། རྟེན་ཅིང་འབྲེལ་པར་

འབྱུང་བའི་ཡན་ལག་བཅུ་གཉིས་རྣམས་ཏེ། འཁོར་བའི་རྒྱུར་གྱུར་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་

ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་

བརྒྱད་རྣམས་དང་། ཡི་གེ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་འཁོར་བའི་རྒྱུར་གྱུར་པའི་ཆོས་རྣམས་དང་། རྣམ་པར་བྱང་བའི་ཆོས་རྣམས་དེ་དག་གི་རང་བཞིན་གྱིས་སྟོང་པས་

Vol. 91 · folio 108b

གནས་པར་བྱར་མི་རུང་བའི་ཕྱིར་དེ་དག་ལ་གནས་པར་མི་བྱའོ་ཞེས་བསྟན་པའོ། །དེ་ལ་ཡི་གེ་རྣམས་ལ་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནི། ཡི་གེ་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེའི་འབྲུ་རྣམས་དངོས་པོ་ཡོད་པར་ལྟ་བས་གནས་པར་མི་བྱའོ། །ཡི་གེ་མངོན་པར་སྒྲུབ་པ་ལ་གནས་

པར་མི་བགྱི་ཞེས་བྱ་བ་ནི། ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་འབྲུ་རྣམས་ལ་བརྟེན་ནས། སྐྱེ་བ་མེད་པའི་དོན་རྟོགས་པར་བྱེད་པའི་གཟུངས་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་བ་དེ་ལ་ཡི་གེ་མངོན་པར་སྒྲུབ་པ་ཞེས་བྱ་སྟེ། དེ་ལ་ཡང་གནས་པར་མི་བྱའོ་ཞེས་བསྟན་པ་སྟེ། གཟུངས་ཀྱི་

ཡེ་ཤེས་དེ་ཡང་གཟོད་མ་ནས་མ་སྐྱེས་པའི་ཕྱིར། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་དེ་ལྟ་བུར་བརྗོད་པ་ལས་མངོན་པར་འགྲུབ་བོ། །ཡི་གེའི་འབྲུ་ཚིག་ཏུ་བརྗོད་པ་དེ་ཡང་བྱང་ཆུབ་སེམས་དཔའ་དབང་པོ་རབ་ཏུ་རྣོ་བ་ཁ་ཅིག་གིས་ནི་སྐྱེ་བ་མེད་པའི་དོན་གཅིག་ལ་

བརྟེན་ཏེ་བསྒོམས་ན་མངོན་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་རྒྱུར་འགྱུར་རོ། །དབང་པོ་བར་མ་རྣམས་ཀྱིས་ནི་ཡི་གེ་གཉིས་ལ་བརྟེན་ནས་ཚིག་ཏུ་བརྗོད་པ་གཉིས་ལ་གོམས་པར་བྱས་པ་ལས་མངོན་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་རྒྱུར་འགྱུར་རོ། །དབང་པོ་རྟུལ་པོ་

རྣམས་ཀྱིས་ནི་ཚིག་ཏུ་བརྗོད་པ་དུ་མ་ལ་བརྟེན་ནས། གོམས་པར་བྱས་ནས་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། དེ་བས་ན་གཅིག་ཏུ་བརྗོད་པ་ལ་གནས་པར་མི་བགྱི། གཉིས་སུ་བརྗོད་པ་ལ་གནས་པར་མི་བགྱི། ཐ་དད་དུ་བརྗོད་པ་ལ་གནས་པར་མི་བགྱིའོ་

ཞེས་བྱ་བ་གསུངས་ཏེ། ཡི་གེ་གཅིག་དང་། ཡི་གེ་གཉིས་དང་། ཡི་གེ་མང་པོའི་ཚིག་བརྗོད་པའི་སྒོ་ནས། གཟུགས་ཀྱི་ཡེ་ཤེས་སྐྱེ་ཞིང་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་ལྟ་བུ་ལ་ཡང་གནས་པར་མི་བྱའོ་ཞེས་བསྟན་པ་སྟེ། གནས་པར་མི་བྱ་བའི་

དོན་ནི་སྔ་མ་བཞིན་ནོ། །དེ་ལྟར་ཆོས་ལ་གནས་པར་མི་བྱ་བ་བསྟན་ནས། ད་ནི་ཆོས་ཉིད་ལ་གནས་པར་མི་བྱ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མི་

Vol. 91 · folio 109a

རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཉིད་ལ་མི་གནས་པ་དེ་ཡང་གཟུགས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་མཐའ་ལ་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། དེ་ལ་གཟུགས་མི་རྟག་པ་ཉིད་ཅེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མི་རྟག་པ་ནི་སྐྱེ་བ་དང་འགག་པའི་མཚན་

ཉིད་དེ་ཀུན་བརྟགས་པའི་རང་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པ་ནི་མེད་པའི་མཚན་ཉིད་ལ་བརྟེན་ནས་མེད་པའི་དོན་ཏོ་ཞེས་བཤད་པ་སྟེ། འདི་ལྟར་རྟག་ཏུ་ཡོད་པ་ལ་རྟག་པ་ཞེས་བྱའོ། །དེ་ལས་བཟློག་ན་རྟག་ཏུ་མེད་ཅིང་དུས་ཐམས་ཅད་དུ་མེད་པ་ལ་ནི་བྱང་ཆུབ་

སེམས་དཔའ་རྣམས་ཀྱི་མི་རྟག་པ་ཞེས་བྱའོ། །དེ་བས་ན་མེད་པའི་མཚན་ཉིད་ནི་དོན་དམ་པར་མི་རྟག་པ་ཉིད་དོ། །གཟུགས་མི་རྟག་པ་ཉིད་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པའི་མི་རྟག་པ་གང་ཡིན་པ་དེ་ཉན་ཐོས་དང་

རང་སངས་རྒྱས་ཀྱི་ཀུན་བརྟགས་པའི་སྐྱེ་བ་དང་། འགག་པའི་མཚན་ཉིད་ཀྱིས་མི་རྟག་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གཟུགས་མི་རྟག་པ་ཉིད་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་ངོ་ཞེས་བསྟན་པའོ། །གཟུགས་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་། གཟུགས་

མི་རྟག་པ་ཉིད་མ་ལགས་ཞེས་བྱ་བ་ནི། དོན་དམ་པའི་གཟུགས་མི་རྟག་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཀུན་བརྟགས་པའི་གཟུགས་མི་རྟག་པ་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་ཆོས་ལས་ཆོས་ཉིད་ཐ་དད་པར་འགྱུར་རོ་སྙམ་པ་ལ། གཟུགས་མི་རྟག་

པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་མི་རྟག་པ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། དོན་དམ་པའི་མི་རྟག་པ་ཉིད་དེ་བཞིན་ཉིད་ལས་གུད་ན། ཀུན་བརྟགས་པའི་གཟུགས་མི་རྟག་པ་ཉིད་དངོས་པོ་ཡོད་པ་མ་

Vol. 91 · folio 109b

ཡིན་ནོ་ཞེས་བསྟན་པ་སྟེ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་ལ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

གཟུགས་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པ་བཞིའོ་ཞེས་བགྱི་བར་གནས་པར་མི་བགྱིའོ་ཞེས་

བྱ་བའི་བར་དུ་ནི། ཕུང་པོ་ལྔའི་རང་བཞིན་སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བའི་ཆོས་ཉིད་དུ་ཤེས་པར་བྱ་བ་ལ་གནས་པར་མི་བྱ་བའི་སྒྲུབ་པ་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་པའི་ཚེ། གཟུགས་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པ་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ་

ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པའི་ཆོས་ཉིད་དུ་ཤེས་པར་བྱ་བ་ལ་མི་གནས་པའི་སྒྲུབ་པ་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པ་དབེན་

ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་དབེན་པའི་ཆོས་ཉིད་ཤེས་པར་བྱ་བ་ལ་མི་གནས་པའི་སྒྲུབ་པ་བསྟན་པ་སྟེ། དབེན་པ་ཞེས་བྱ་བ་ནི་སྟོང་པའི་རྣམ་གྲངས་ཡིན་ཏེ། གཟུང་བ་དང་འཛིན་པ་གཉིས་ལས་དབེན་པའི་

Vol. 91 · folio 110a

ཕྱིར་རོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་ཉིད་ལ་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་མཐའ་ལ་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་ནི། རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པའི་ཆོས་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་

དག་པའི་མཐའ་རྣམས་ལ་ཡོན་ཏན་དུ་ལྟ་བའི་སྒོ་ནས་མི་གནས་པའི་སྒྲུབ་པ་བསྟན་པ་སྟེ། དེ་བཞིན་ཉིད་ལ་སོགས་པ་དེ་དག་ཀྱང་སྟོང་པ་ཉིད་ཀྱི་རྣམ་གྲངས་ཙམ་དུ་ཟད་དེ། དེ་དག་གི་མཚན་ཉིད་ནི་སྔར་བཤད་པ་བཞིན་ནོ། །དེ་ཡན་ཆད་ཀྱིས་ཆོས་ཉིད་ལ་མི་གནས་པའི་སྒྲུབ་པ་བཤད་ཟིན་

ཏོ། །ད་ནི་ཆོས་དང་ཆོས་ཉིད་ལ་གནས་ན་ཉེས་པའི་དམིགས་སུ་འགྱུར་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང་། བདག་གིར་བགྱི་བ་ལ་

གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན་དེ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་

མཁས་པས་བདག་ཏུ་བགྱི་བ་དང་། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་ཡང་དག་པའི་མཐའ་ལ་གནས་ན། དེ་ཡང་དག་པའི་མཐའ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ཐབས་མི་མཁས་པས་

ཞེས་བྱ་བ་ནི། ཆོས་རྣམས་དོན་དམ་པར་དངོས་པོ་མེད་པར་དངོས་པོ་ལ་གནས་པའི་སེམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སྤྱོད་པའོ། །བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན་ཞེས་བྱ་བ་ནི། བདག་

Vol. 91 · folio 110b

ཉིད་གཟུགས་ཀྱི་རང་བཞིན་ནོ་སྙམ་མམ། གཟུགས་འདི་དག་བདག་གི་ཡིན་ནོ་སྙམ་དུ་བདག་དང་བདག་གི་བའི་དངོས་པོར་ལྟ་བའི་སེམས་ཀྱིས་སྤྱོད་པ་ལ་བྱའོ། །དེ་ལ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནི། གཟུགས་དངོས་

པོ་ཡོད་པར་ལྟ་བས་རྒྱུ་དང་རྐྱེན་རྣམས་ཀྱིས་སྐྱེ་བ་དང་འགག་པ་ཡོད་པར་ལྟ་བ་ཡིན་གྱི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ལྷག་མ་ཐམས་ཅད་ལ་ཡང་སྦྱར་

བར་བྱའོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པས་གཟུགས་ལ་སོགས་པའི་དངོས་པོ་ལ་གནས་ཤིང་། མངོན་པར་འདུ་བྱ་བ་ལ་

སྤྱོད་ན་ཉེས་པའི་དམིགས་རྣམ་པ་བཞིར་འགྱུར་བ་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་

འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་བ་དང་བཞིའོ། །དེ་ལ་ཡོངས་སུ་ཟིན་པར་མི་འགྱུར་ཞེས་བྱ་བ་ནི། མོས་པས་སྤྱོད་པའི་ས་ལ་མཉན་པ་དང་། བསམ་པའི་ཤེས་རབ་ཀྱིས་ཚིག་དང་དོན་ཡོངས་སུ་ཟིན་པར་མི་འགྱུར་བའོ། །རྣལ་འབྱོར་ལ་

སྙོམས་པར་འཇུག་པར་མི་འགྱུར་ཞེས་བྱ་བ་ནི། ས་དང་པོ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐོང་བའི་ལམ་གྱིས་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་བ་བསྟན་ཏོ། །ཡོངས་སུ་རྫོགས་པར་མི་འགྱུར་བ་ཞེས་བྱ་བ་ནི། ས་གཉིས་ནས་ས་བཅུའི་བར་དུ་བསྒོམ་པའི་ལམ་

གྱིས་མི་མཐུན་པའི་ཕྱོགས་སྤང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ས་གོང་ནས་གོང་དུ་རྒྱ་ཆེར་རྟོགས་པར་བྱ་བ་ཡོངས་སུ་རྫོགས་པར་མི་འགྱུར་བ་བསྟན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ས་ལ་རྣམ་པ་

Vol. 91 · folio 111a

ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དེ་ཐོབ་པར་མི་འགྱུར་བའི་ཉེས་པ་བསྟན་ཏོ། །དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་། ས་དང་ཆུ་ལ་སོགས་པའི་ཁམས་དྲུག་དང་། རྟེན་ཅིང་

འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་བཅོ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་

པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་

སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང་། རང་བྱང་ཆུབ་དང་། ཐམས་

ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་།

ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ལ་ཐུག་གི་བར་དུ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་མི་གནས་པའི་སྒྲུབ་པ་བསྟན་ནས། དེའི་འོག་ཏུ་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པར་

བཤད་པར་བྱའོ། །ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། ཆོས་ཡོངས་སུ་འཛིན་པ་མེད་པ་དང་། མཚན་མ་ཡོངས་སུ་འཛིན་པ་མེད་པ་དང་། ཤེས་པ་ཡོངས་སུ་འཛིན་པ་མེད་པའོ། །དེ་ལ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་

Vol. 91 · folio 111b

འདི་ལྟར་གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། གཟུགས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ་ལགས་ཞེས་བྱ་བ་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཡོངས་སུ་བཟུང་བ་མ་མཆིས་པའོ་ཞེས་བྱ་བའི་བར་དུ་ནི། ཆོས་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་བསྟན་པ་

སྟེ། དེ་ལ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ་ཞེས་བྱ་བ་ནི། དོན་དམ་པར་གཟུགས་ཀྱི་དངོས་པོ་ཡོད་པར་མ་གྲུབ་པས་ཡོངས་སུ་གཟུང་དུ་མེད་པའི་ཕྱིར་རོ། །དེ་སྐད་བཤད་པ་དང་། འགའ་ཞིག་འདི་སྙམ་དུ་རྟོག་

སྟེ། ཀུན་བརྟགས་པའི་གཟུགས་ནི་དོན་དམ་པར་མ་གྲུབ་པས་ཡོངས་སུ་གཟུང་དུ་མེད་མོད་ཀྱི། ཀུན་བརྟགས་པའི་གཟུགས་ཡོངས་སུ་གཟུང་དུ་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པའི་གཟུགས་ནི་ཡོད་དོ་སྙམ་དུ་རྟོག་པ་དེ་ལས་བཟློག་པའི་ཕྱིར། གཟུགས་ཀྱི་ཡོངས་སུ་བཟུང་བ་

མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ་ལགས་ཞེས་བྱ་བ་བསྟན་ཏེ། ཡོངས་སུ་གྲུབ་པའི་གཟུགས་ཞེས་བྱ་བ་ཡང་ཀུན་རྫོབ་ཏུ་ཐ་སྙད་ཀྱི་བརྡར་བཏགས་ཤིང་བརྗོད་པ་ཙམ་དུ་ཟད་ཀྱི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ན་ཆོས་ཐམས་ཅད་རང་བཞིན་གྱིས་

སྟོང་པ་ཉིད་དུ་ཡོངས་སུ་བརྟག་པར་བགྱི་སྟེ། ཅི་ནས་ཀྱང་ཆོས་གང་ལ་ཡང་ཡིད་རྣམ་པར་མི་རྒྱུ་བ་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པའི་དོན་མདོར་བསྡུས་ནས་བསྟན་པ་སྟེ། ཆོས་གང་ལ་ཡང་དངོས་པོར་མི་གཟུང་ཞིང་རྣམ་པར་མི་རྟོག་པའི་

Vol. 91 · folio 112a

ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཞེས་བགྱི་བ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཐམས་ཅད་ཡོངས་སུ་

འཛིན་པ་མེད་པར་སྒྲུབ་པའི་ཏིང་ངེ་འཛིན་གྱི་རང་བཞིན་དང་ཡོན་ཏན་བསྟན་པ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱ་བ་ནི། ཏིང་ངེ་འཛིན་རྣམས་ཀྱི་སྙིང་པོར་གྱུར་པའི་ཕྱིར་རོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་གང་ཟག་དང་། ཆོས་གཉི་ག་ལ་བདག་མེད་པར་རྟོགས་ཤིང་བདག་དང་གཞན་གྱི་

དོན་ཕུན་སུམ་ཚོགས་པའི་ཕྱིར་རོ། །ཕུལ་དུ་བགྱི་བ་ཞེས་བྱ་བ་ནི། དེའི་གོང་ན་དེ་ལས་ལྷག་པ་མེད་པའི་ཕྱིར་རོ། །ཚད་མ་མཆིས་པ་ཞེས་བྱ་བ་ནི། དེ་དང་འདྲ་བའི་ཟླ་མེད་པའི་ཕྱིར་རོ། །ཚད་མ་མཆིས་པར་ངེས་པ་ཞེས་བྱ་བ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་

པར་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་སུན་འབྱིན་པར་མི་འགྱུར་བའི་ཕྱིར་རོ། །དེ་དག་དང་ཐུན་མོང་མ་ལགས་པ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཏིང་ངེ་

འཛིན་དེ་ལྟ་བུ་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནི། ཏིང་ངེ་འཛིན་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་

པའི་གོ་འཕང་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་ནང་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པས་ནི། དོན་དམ་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་བཟུང་བ་མེད་པར་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་མཚན་

མར་བརྗོད་པ་མ་ལགས་ཏེ་ཞེས་བྱ་བ་ནས། དེ་ནི་འདི་ལྟར་དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མ་དམིགས་ཏེ་ཞེས་བྱ་བའི་བར་དུ་ནི། མཚན་མར་ཡོངས་སུ་མི་འཛིན་པའི་སྒྲུབ་པ་བསྟན་ཏོ། །དེ་ནི་འདི་ལྟར་མཚན་མ་ལས་ཉོན་མོངས་པར་

Vol. 91 · folio 112b

འགྱུར་ཏེ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ལ་དངོས་པོ་ཡོད་པར་ལྟ་ཞིང་མཚན་མར་འཛིན་པ་ཉིད་བྱང་ཆུབ་སེམས་དཔའི་སྒྲིབ་པ་ཡིན་ཏེ། སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པའི་ཕྱིར་ཉོན་མོངས་པ་ཞེས་བྱའོ། །མཚན་མ་དེ་དག་ཀྱང་གང་ཞེ་ན། གཟུགས་ནི་མཚན་

མའོ། །ཚོར་བ་ནི་མཚན་མའོ་ཞེས་བྱ་བ་ནས། ཡི་གེ་རྣམས་ནི་མཚན་མའོ། །གཅིག་ཏུ་བརྗོད་པ་ནི་མཚན་མའོ། །གཉིས་སུ་བརྗོད་པ་ནི་མཚན་མའོ། །ཐ་དད་དུ་བརྗོད་པ་ནི་མཚན་མའོ། །དེ་ནི་ཉོན་མོངས་པ་ཞེས་བགྱིའོ་ཞེས་བྱ་བའི་བར་དུ་འཇིག་རྟེན་དང་། འཇིག་རྟེན་

ལས་འདས་པའི་ཆོས་མིང་གིས་སྨོས་པ་དེ་དག་ལ་དངོས་པོར་རྟོག་ཅིང་མཚན་མར་འཛིན་པ་ནི་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ལ་ཡི་གེ་རྣམས་ནི་མཚན་མའོ་ཞེས་བྱ་བ་ནི། ཡི་གེ་ཨ་ལ་སོགས་པ་མ་སྐྱེས་པའི་དོན་སྟོན་པའི་སྒོ་རྣམས་ལ་མཚན་

མར་འཛིན་པའོ། །གཅིག་ཏུ་བརྗོད་པ་དང་། གཉིས་སུ་བརྗོད་པ་དང་། ཐ་དད་དུ་བརྗོད་པ་རྣམས་ཀྱང་སྔར་བཤད་པ་བཞིན་ཏེ། དེ་དག་ལ་དངོས་པོར་རྟོག་པ་ནི་མཚན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་མཚན་མར་བཟུང་བ་ཞིག་ལགས་ན་ནི། ཀུན་དུ་རྒྱུ་ཕྲེང་བ་ཅན་ཡང་ཐམས་ཅད་

མཁྱེན་པའི་ཡེ་ཤེས་འདི་ལ་དད་པ་ཐོབ་པར་མ་གྱུར་ཏོ་ཞེས་བྱ་བ་ནི། མཚན་མ་མེད་པའི་གཏན་ཚིགས་དང་དཔེ་བསྟན་པ་སྟེ། མུ་སྟེགས་ཅན་ཀུན་དུ་རྒྱུ་ཕྲེང་བ་ཅན་ཞེས་བྱ་བ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་དགའ་བ་ཞིག་ཡོད་པས། བཅོམ་ལྡན་འདས་ལས་མཚན་མ་མེད་པའི་ཆོས་ཐོས་

ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དད་པར་གྱུར་པའི་དཔེས་མཚན་མར་བཟུང་བ་མ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གལ་ཏེ་མཚན་མར་བཟུང་བ་ཞིག་ཡིན་ན། བཅོམ་ལྡན་འདས་ཀྱིས་ཀྱང་མཚན་མ་མེད་པའི་ཆོས་མི་

བཤད་པ་ལ། ཀུན་དུ་རྒྱུ་དེ་ཡང་མཚན་མ་མེད་པའི་ཆོས་ཐོས་ནས་དད་པ་སྐྱེས་པར་འགྱུར་བ་མི་རིགས་པ་ཞིག་ན། མཚན་མ་མེད་པའི་ཆོས་བཤད་པ་ལས་དད་པ་སྐྱེས་པར་གྱུར་པ་དང་སྦྱར་ན། མཚན་མ་མེད་པ་ནི་ཡང་དག་པ་ཡིན་གྱི། མཚན་མར་རྟོག་པ་ནི་ཕྱིན་ཅི་ལོག་ཡིན་པས་ཉོན་

Vol. 91 · folio 113a

མོངས་པར་འགྱུར་རོ་ཞེས་བསྟན་པའོ། །དད་པ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པ་དང་ཞེས་བྱ་བ་ལ་སོགས་པ་ནི། ཀུན་དུ་རྒྱུ་དེ་ཆོས་གང་ལ་དད་པ་སྐྱེས་པའི་དམིགས་དང་། དད་པའི་མཚན་ཉིད་དང་རྣམ་གྲངས་བསྟན་

པའོ། །དེ་ཡང་མཚན་མའི་ཡུལ་དུ་མ་ལགས་ཞེས་བྱ་བ་ནི། དད་པ་དེ་ཡང་དོན་དམ་པར་མཚན་མ་ཅན་གྱི་ཚུལ་དུ་སྐྱེས་པ་ཡང་མ་ཡིན་པའོ། །མཚན་མ་མཆིས་པའི་ཚུལ་དུ་ཡང་མ་ལགས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་མིང་དང་བརྡར་གདགས་པ་ཙམ་དུ་མཚན་མ་མེད་པ་ཡང་མ་ཡིན་ནོ་ཞེས་

བྱ་བའོ། །དེ་ལྟར་ན་དེ་ནི་མཚན་མ་དང་མཚན་མ་མ་མཆིས་པར་ཡོངས་སུ་གཟུང་བ་མ་མཆིས་པས་གཟུང་བ་མ་ལགས་ཏེ་ཞེས་བྱ་བ་ནི། མཚན་མར་མི་འཛིན་པར་སྒྲུབ་པའི་དོན་གོང་དུ་བཤད་པ་ཉིད་མཇུག་བསྡུས་ནས་བསྟན་པ་སྟེ། མཚན་མ་ཅན་དུ་ཡང་མི་འཛིན། མཚན་མ་མེད་པར་

ཡང་མི་འཛིན་པར་རྟོགས་པར་བྱའོ་ཞེས་བསྟན་པའོ། །ཀུན་དུ་རྒྱུ་ཕྲེང་བ་ཅན་དེས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་མོས་པར་གྱུར་ནས། དད་པའི་རྗེས་སུ་འབྲང་བས་ཉི་ཚེ་བའི་ཡེ་ཤེས་ཀྱིས་ཞུགས་ཏེ་ཞེས་བྱ་བ་ནི། ཀུན་དུ་རྒྱུ་བ་དེ་སྔོན་མཚན་མ་མེད་པར་སྤྱོད་པ་ལ་དད་པས་དད་

པའི་རྗེས་སུ་འབྲང་བ་ཞེས་བྱ། ཆོས་ཐམས་ཅད་ཅིག་ཅར་མཚན་མ་མེད་པར་ནི་མ་རྟོགས་ཀྱི། གཟུགས་ལ་སོགས་པ་རེ་རེ་ནས་མཚན་མ་མེད་པར་རྟོགས་པའི་ཕྱིར། ཉི་ཚེ་བའི་ཡེ་ཤེས་ཀྱིས་ཞུགས་ཞེས་བྱའོ། །དེ་ལྟར་ཞུགས་ནས་གཟུགས་ཡོངས་སུ་མ་བཟུང་། ཚོར་བ་

ཡོངས་སུ་མ་བཟུང་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ངོ་ཞེས་བྱ་བའི་བར་དུ་ནི། ཀུན་དུ་རྒྱུ་བ་དེས་གཟུགས་ལ་སོགས་པའི་ཆོས་རྣམས་ལ། ཉི་ཚེ་བའི་ཡེ་ཤེས་ཀྱིས་སོ་སོར་བརྟགས་ནས་མཚན་མ་མེད་པར་རྟོགས་པ་བསྟན་ཏོ། །དེ་ནི་འདི་ལྟར་དེས་རང་གི་མཚན་

ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མ་དམིགས་ཏེ་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཆོས་རྣམས་ལ་མཚན་མར་མི་འཛིན་པའི་གཏན་ཚིགས་བསྟན་པ་སྟེ། ཀུན་དུ་རྒྱུ་བ་དེ་ལ་སོ་སོར་བརྟགས་ན་གཟུགས་ལ་སོགས་པའི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་

Vol. 91 · folio 113b

སྟོང་པར་རྟོགས་ནས། མཚན་མར་གཟུང་དུ་རུང་བ་མ་མཐོང་བའི་ཕྱིར་མཚན་མར་ཡོངས་སུ་མ་བཟུང་ངོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཡེ་ཤེས་དེ་རྟོགས་པ་དང་ཐོབ་པར་བགྱི་བའི་ཚུལ་གྱིས་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་ནས། ཆོས་སྐྱོན་

མེད་པ་ཉིད་ཡོངས་སུ་མི་འཛིན་པ་དང་། ཡང་དག་པའི་མཐའ་ཡོངས་སུ་མི་འཛིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཤེས་པ་ཡོངས་སུ་མི་འཛིན་པའི་སྒྲུབ་པ་བསྟན་པ་སྟེ། གོང་དུ་སྨོས་པའི་རིམ་པས་

ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་པའི་ཤེས་པ་དེ་ཡང་བདག་གིས་ཤེས་པ་འདིས་ཆོས་ཀྱི་ཁྱད་པར་མ་རྟོགས་པ་རྣམས་མངོན་པར་རྟོགས་སོ་སྙམ་དུ་སེམས་པའམ། མ་ཐོབ་པ་རྣམས་ཐོབ་བོ་སྙམ་དུ་སེམས་པའི་ཤེས་པ་དེ་ཡང་དོན་དམ་པར་དངོས་པོ་མེད་པའི་ཕྱིར།

དེ་ལྟར་ཡོངས་སུ་མི་འཛིན་པ་ལ་ཤེས་པ་ཡོངས་སུ་མི་འཛིན་པ་ཞེས་བྱའོ། །དེ་ལ་རྟོགས་པ་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའོ། །ཐོབ་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་སའི་རིམ་པ་དང་། མངོན་པར་ཤེས་པ་ལ་

སོགས་པའི་ཡོན་ཏན་གྱི་ཁྱད་པར་ཐོབ་པ་ལ་བྱ་སྟེ། དེ་ལྟར་ཆོས་རྣམས་རྟོགས་པ་དང་། ཡོན་ཏན་གྱི་ཁྱད་པར་འཐོབ་པའི་རྒྱུར་གྱུར་པའི་ཤེས་པ་དེ་ཡང་དོན་དམ་པར་བདག་གི་ལུས་ཀྱི་ནང་ན་ཡོད་པར་ཡང་མི་མཐོང་། ཕྱི་རོལ་ན་ཡོད་པར་ཡང་མི་མཐོང་། ཕྱི་ནང་གཉིས་ཀ་

ན་ཡང་ཡོད་པར་མི་མཐོང་། ཕྱི་ནང་གཉིས་ཀ་ལ་མ་གཏོགས་པ་གཞན་འགའ་ཞིག་ན་ཡོད་པར་ཡང་མ་མཐོང་ངོ་ཞེས་བསྟན་པའི་ཕྱིར། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཡེ་ཤེས་དེ་རྟོགས་པ་དང་། ཐོབ་པར་བགྱི་བའི་ཚུལ་གྱིས་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་

ངོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ཞེས་བྱ་བ་ནི་ཀུན་དུ་རྒྱུ་བ་ཆོས་ཐམས་ཅད་མཚན་མ་མེད་པར་ཤེས་པ་དེས་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཆོས་གང་གིས་རྟོགས་པར་བགྱི་བ་དང་། གང་རྟོགས་པར་བགྱིད་པ་དང་། གང་

Vol. 91 · folio 114a

རྟོགས་པར་བགྱི་བ་དེ་ལྟ་བུའི་ཆོས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནི། མཚན་མ་མེད་པར་རྟོགས་པའི་ཡེ་ཤེས་དེ་དོན་དམ་པར་གང་ཟག་གང་རྟོགས་པར་བྱེད་པ་དང་། ཤེས་པ་གང་གིས་རྟོགས་པར་བྱ་བ་དང་། ཆོས་གང་རྣམ་པར་རྟོགས་པར་བྱ་བའི་

དངོས་པོ་གསུམ་མི་དམིགས་པ་བསྟན་པ་སྟེ། དེས་ཆོས་གང་གིས་རྟོགས་པར་བགྱི་བ་དང་ཞེས་བྱ་བ་ནི་ཤེས་པ་ལ་བྱའོ། །གང་རྟོགས་པར་བགྱིད་པ་ཞེས་བྱ་བ་ནི་གང་ཟག་ལ་བྱའོ། །གང་རྟོགས་པར་བགྱི་བ་ཞེས་བྱ་བ་ནི་ཤེས་པར་བྱ་བའི་ཡུལ་ཆོས་ཀྱི་དོན་རྟོགས་པར་བྱ་བ་དང་།

ཡོན་ཏན་གྱི་ཁྱད་པར་ཐོབ་པར་བྱ་བ་ལ་བྱ་སྟེ། དེ་ལྟ་བུའི་ཆོས་གང་ཡང་དོན་དམ་པར་དམིགས་སུ་མེད་པས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བསྟན་པའོ། །དེ་ལྟར་ཆོས་རྣམས་ཀྱི་ཕྱིར་རྟོགས་པ་དང་། ཐོབ་པར་བྱེད་པའི་ཤེས་པ་དེ་དག་གི་ལུས་ཀྱི་ནང་དང་། ཕྱི་རོལ་དང་། ཕྱི་

ནང་གཉི་ག་དང་། དེ་དག་ལས་གཞན་པ་བཞི་ཆར་ན་ཡང་མེད་པར་བསྟན་ནས། གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་རེ་རེ་ལ་འཇུག་པའི་ཤེས་པ་དེ་ཡང་ནང་དང་། ཕྱི་རོལ་དང་། ཕྱི་ནང་གཉི་ག་དང་། དེ་དག་ལས་གཞན་པ་ན་ཡང་མེད་པར་བསྟན་པའི་ཕྱིར། དེས་

ཡེ་ཤེས་དེ་གཟུགས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་གཟུགས་ཀྱི་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དང་།

བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་ཡང་དག་པའི་མཐའི་བར་དུ་སོ་སོར་རྟོག་ཅིང་འཇུག་པའི་ཤེས་པ་དེ་ཡང་ནང་དང་། ཕྱི་རོལ་དང་། ཕྱི་ནང་གཉིས་ཀ་དང་། དེ་དག་ལས་གཞན་ན་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བསྟན་པའོ། །རྣམ་

གྲངས་འདི་ལ་ཀུན་དུ་རྒྱུ་ཕྲེང་བ་ཅན་མོས་པར་འགྱུར་ཏེ་ཞེས་བྱ་བ་ནི་ཤེས་པ་ཡོངས་སུ་མི་འཛིན་པའི་རྣམ་གྲངས་དེ་ཀུན་དུ་རྒྱུ་བ་དེས་རྟོགས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཀུན་དུ་རྒྱུ་བ་དེ་ཡིད་ཆེས་ཤིང་དད་པར་གྱུར་ཏོ་ཞེས་བྱ་བའི་

Vol. 91 · folio 114b

དོན་ཏོ། །དད་པའི་རྗེས་སུ་འབྲང་བས་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །ཆོས་ཉིད་ཚད་མར་བགྱིས་ཏེ། ཆོས་ཐམས་ཅད་མི་དམིགས་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཞུགས་པར་གྱུར་ཏེ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་

མཚན་མ་མེད་པར་རྟོགས་པའི་ཆོས་ཉིད་དེ་བརྩོན་པར་བྱས་ནས། ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཞུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་མོས་པར་གྱུར་ནས་ཞེས་བྱ་བ་ནས། དེ་ནི་མྱ་ངན་ལས་

འདས་པས་ཀྱང་རློམ་སེམས་སུ་འགྱུར་བ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི་ཀུན་དུ་རྒྱུ་བ་དེས་མཚན་མ་མེད་པའི་ཆོས་རྟོགས་པའི་ཡོན་ཏན་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་ཅིང་མཚན་མ་དང་བྲལ་བར་རྟོགས་པ་དང་། ཆོས་གང་ཡང་ཡིད་ལ་མི་བྱེད་ཅིང་

གང་ལ་ཡང་མི་རྟོག་པས་མྱ་ངན་ལས་འདས་པ་ཐོབ་ཀྱང་དེས་རློམ་སེམས་སུ་འགྱུར་བ་མེད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་གཟུང་དུ་མ་མཆིས་གཏང་དུ་མ་མཆིས་པའི་སླད་དུ་ཡོངས་སུ་གཟུང་བར་བགྱི་བའམ། གཏང་བར་བགྱི་བ་དེ་ལྟ་བུའི་ཆོས་གང་ཡང་མ་དམིགས་

ཏེ་ཞེས་བྱ་བ་ནི། གཟུང་དུ་ཡོད་ན་ནི་གཏང་བར་བྱ་བ་ཡང་ཟླས་འགྲུབ་ན། གོང་དུ་བཤད་པའི་རིམ་པས་གཟུང་དུ་མེད་པའི་ཕྱིར་གཏང་བ་ཡང་མི་འགྲུབ་སྟེ། གཟུང་དུ་མེད་པའི་ཟླས་བཏང་དུ་མེད་པ་ཡང་ཞར་ལ་བཤད་པ་བསྟན་ཏོ། །བཅོམ་ལྡན་འདས་དེ་ལྟར་གང་ཆོས་ཐམས་

ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ་གཟུགས་ཡོངས་སུ་མི་འཛིན་པ་དང་ཚོར་བ་ཡོངས་སུ་མི་འཛིན་པ་དང་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཡོངས་སུ་གཟུང་དུ་མ་མཆིས་པའི་སླད་དུ་ཡང་དག་པའི་མཐའ་ཡོངས་སུ་མི་འཛིན་པ་འདི་ནི་ཕ་རོལ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པས།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་འདིའི་ཕན་ཡོན་བསྟན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་ཐམས་ཅད་དངོས་པོ་ཡོད་པར་

Vol. 91 · folio 115a

མ་གྲུབ་པས་གང་ལ་ཡང་དངོས་པོར་ཡོངས་སུ་མི་འཛིན་པ་ཉིད་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པ་སྟེ། ཕ་རོལ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དངོས་པོ་ཞིག་ཡོད་ན་ནི་ཕ་རོལ་དང་ཚུལ་རོལ་ཞེས་བྱ་བ་ཡང་

ཡོད་ན། འདི་ལ་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་ཕ་རོལ་ཞེས་བྱ་བ་ཡང་མེད་དེ། དེ་ལྟར་ཕ་རོལ་མེད་པར་རྟོགས་པ་དེ་ཉིད་ཕུལ་དུ་ཕྱིན་པའམ། མཐར་ཕྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འོན་ཀྱང་སྨོན་ལམ་ཡོངས་སུ་མ་རྫོགས་ཀྱི་བར་དུ་བར་མ་དོར་

ཡོངས་སུ་མྱ་ངན་ལས་མི་འདའ་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་བྱ་བའི་བར་དུ་ནི་ཀུན་དུ་རྒྱུ་བ་དེས་ཆོས་ཐམས་ཅད་མཚན་མ་མེད་པ་ལ་མོས་ཤིང་སངས་རྒྱས་ཀྱི་རིགས་ཡིན་

པའི་ཡོན་ཏན་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཡོངས་སུ་གཟུང་དུ་མེད་པར་རྟོག་ཀྱང་། ཀུན་རྫོབ་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མ་བྱས་པར་ཉན་ཐོས་དང་རང་སངས་རྒྱས་ལྟར་བར་མ་དོར་མྱ་ངན་ལས་མི་འདའ་བར་ཚོགས་ཡོངས་སུ་

རྫོགས་པར་བྱ་བ་ལ་བརྩོན་པར་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སྨོན་ལམ་རྣམས་ནི་སྨོན་ལམ་མ་ལགས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སངས་རྒྱས་ཀྱི་ཆོས་མ་ལགས་ཏེ། དེ་དག་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་

པ་ཡང་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པར་བར་མ་དོར་མྱ་ངན་ལས་མི་འདའ་བའི་རྒྱུ་བསྟན་པ་སྟེ། སྨོན་ལམ་དང་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་ན་ནི་དེ་དག་གི་མི་མཐུན་

པའི་ཕྱོགས་སྤངས་ཤིང་གཉེན་པོ་ལ་བརྟེན་ཏེ་མྱ་ངན་ལས་འདའ་བ་སྒྲུབ་ཀྱི། ཆོས་དེ་དག་དང་མྱ་ངན་ལས་འདས་པ་ཉིད་ཀྱང་དོན་དམ་པར་དངོས་པོར་ཡོངས་སུ་མི་འཛིན་པའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་ཆོས་ཀྱང་མ་ལགས་ཞེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words