འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ

Sanskrit title (Tibetan script, as in the text) ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཾ་གྲ་ཧ་ཀཱ་རི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 93 · folio 292b

༄༅༅།། །།རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཾ་གྲ་ཧ་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །

ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །རྟེན་དང་དབང་དུ་བྱ་བ་དང་། །ལས་ནི་སྒོམ་པ་དང་བཅས་དང་། །རབ་དབྱེ་རྟགས་དང་ལྟུང་བ་དང་། །ཕན་ཡོན་བཅས་པར་ཡང་དག་བརྗོད། །དད་ལྡན་འཇུག་པའི་ཡན་ལག་

ཏུ། །སྟོན་པ་དཔང་པོ་འཁོར་དང་ནི། །ཡུལ་དུས་དག་ཀྱང་ངེས་བསྟན་པ། །སྡུད་པོ་རང་ཉིད་ཚད་མར་ནི། །རབ་གྲུབ་ཕྱིར་ཡིན་འཇིག་རྟེན་ན། །ཡུལ་དང་དུས་ཀྱིས་ཉེར་མཚོན་ཞིང་། །དཔང་པོར་བཅས་པ་སྨྲ་བ་ཡིན། །སྨྲ་པོ་ཚད་མར་རྗེས་སུ་རྟོགས། །ཚིག་ཕྲད་བདག་ཐོས་

ལ་སོགས་པ། །འདི་དག་ཐམས་ཅད་ཞར་ལ་ནི། །བརྗོད་པ་ཡིན་ཏེ་གཙོ་བོའི་དོན། །སུམ་ཅུ་རྩ་གཉིས་དེ་དག་ཉིད། །སྟོང་པ་ཉིད་ཀྱི་དབྱེ་བ་ནི། །རྣམ་པ་བཅུ་དྲུག་བརྒྱད་སྟོང་པར། །རིམ་པ་ཇི་བཞིན་བརྗོད་པ་ནི། །གཞན་གྱིས་བསྟན་པར་ཤེས་པར་བྱ། །དེ་ལྟར་ཇི་སྐད་བཤད་

Vol. 93 · folio 293a

དོན་གྱིས། །བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་འདོད་དེ། །དོན་ནི་ཇི་སྐད་བརྗོད་ཉིད་དོ། །བྱང་ཆུབ་སེམས་དཔའ་དེ་ཉིད་དུ། །ངས་མ་མཐོང་ཞེས་ཐུབ་པས་གསུངས། །ཟ་པོ་ནང་གི་དངོས་རྣམས་ཀྱི། །སྟོང་པ་ཉིད་ནི་དེ་ཡིས་བརྗོད། །

གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས། །སྟོང་པ་ཞེས་ནི་གསུངས་པའི་ཕྱིར། །བཟའ་བར་བྱ་བ་ཕྱི་ཡི་ནི། །སྐྱེ་མཆེད་རྣམས་ཀྱང་འདིར་བཀག་གོ། །གཟུགས་སོགས་མེད་ན་དེ་ཡི་ནི། །ལུས་གནས་མཚན་ཉིད་ཟད་པའི་དོན། །རྟོགས་ཉིད་གང་གིས་དེ་མཐོང་བ། །དེ་ཡང་

ནང་པ་ཡིན་ཕྱིར་མེད། །གང་ཕྱིར་ནང་རྣམས་སྟོང་ཉིད་ན། །རང་བཞིན་ཡང་ནི་སྟོང་པ་ཉིད། །འདི་ལྟར་རྣམ་ཤེས་རང་བཞིན་རིགས། །བརྩེ་དང་ཤེས་རབ་བདག་ཉིད་ཡིན། །སེམས་ཅན་སྐྱེ་མེད་འགག་པ་ཡང་། །མེད་ཅེས་སོགས་ཀྱིས་སེམས་ཅན་དང་། །འཁོར་བ་དག་ནི་སྟོང་ཉིད་

གཙོར། །དེས་ནི་གསལ་བར་བསྟན་པ་ཡིན། །སངས་རྒྱས་ཆོས་དང་དེ་བཞིན་དུ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི། །མ་མཐོང་ཞེས་བྱ་ལ་སོགས་ཀྱི། །སྟོབས་བཅུ་ལ་སོགས་སྟོང་པར་བསྟན། །གང་ཕྱིར་ཆོས་རྣམས་སོ་སོར་ནི། །སོ་སོར་བརྟགས་ཞེས་རབ་བརྗོད་པ། །

དེས་ན་ཆོས་རྣམས་དོན་དམ་དུ། །ཡོད་མིན་ཞེས་བྱར་བརྗོད་པ་ཡིན། །གང་ཕྱིར་བདག་སོགས་ལོག་ལྟ་ནི། །ཆེན་པོ་གཅོད་མཛད་དེ་ཡི་ཕྱིར། །བཅོམ་ལྡན་འདས་ཀྱིས་རྣམ་ཀུན་དུ། །གང་ཟག་བདག་མེད་ཉིད་དུ་གསུངས། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཞེས། །བརྗོད་པར་

མཛད་པས་དེ་བཞིན་དུ། །དེ་ཉིད་རིག་པས་རྣམ་ཀུན་དུ། །ཆོས་ཀྱི་བདག་མེད་གསུངས་པ་ཡིན། །ཁ་ན་མ་ཐོ་བཅས་མེད་རྣམས། །འཕེལ་དང་ཉམས་པ་མེད་པའི་ཕྱིར། །འདུས་བྱས་འདུས་མ་བྱས་པ་ཡིན། །དགེ་བ་རྣམས་ནི་བསལ་བ་ཡིན། །དགེ་བ་རྣམས་ནི་སྟོང་པ་ན། །དེར་རྟེན་མི་

ཟད་དེ་བཞིན་དུ། །གཞག་ཉིད་དེ་ནི་སྟོང་ཉིད་ཀྱི། །རབ་ཏུ་དབྱེ་བ་བསྡུས་པའོ། །སེམས་ཀྱི་རྣམ་པར་གཡེང་བ་བཅུས། །གཞན་ལས་སེམས་ནི་རྣམ་གཡེང་པས། །བྱིས་པ་རྣམས་ལ་གཉིས་མེད་ཀྱི། །ཡེ་ཤེས་སྒྲུབ་པའི་སྐལ་པ་མེད། །དེ་དག་ཕན་ཚུན་གཉེན་པོ་དང་། །མི་མཐུན་

Vol. 93 · folio 293b

ཕྱོགས་ཀྱིས་བཟློག་པའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་གཞུང་སྟེ། །དེ་རྣམས་ཀྱང་ནི་བསྡུས་ཏེ་བསྟན། །སྟོན་པས་ཕུང་པོ་ཀུན་བརྗོད་པ། །གཟིགས་ཕྱིར་བྱང་སེམས་དཔའ་ཡོད་ཅེས། །གང་གསུངས་པ་ཡིས་དངོས་མེད་ཀྱི། །རྟག་པའི་གཡེང་བ་འགོག་པ་ཡིན། །འདིས་ནི་བརྒྱད་སྟོང་ལ་

སོགས་སུ། །དང་པོའི་ངག་ནས་བརྩམས་ནས་ནི། །རྫོགས་པའི་བར་ནི་སྒྲུབ་པ་ཡིས། །དངོས་མེད་རྟོག་པ་དགག་བྱ་ཡིན། །འདི་དག་གཏན་ཚིགས་ངག་མིན་ཏེ། །བྱ་བ་ཙམ་ཞིག་སྨོས་པ་ཡིན། །རིགས་པ་ཚངས་པའི་དྲ་བ་སོགས། །མདོ་ཀུན་དུ་ནི་ཤེས་པར་བྱ། །བདག་གིས་བྱང་

ཆུབ་སེམས་དཔའ་ནི། །མ་མཐོང་ཞེས་སོགས་རྒྱས་རྣམས་ཀྱིས། །བཅོམ་ལྡན་དངོས་པོ་ཀུན་རྟོག་གི། །འཁྲུལ་པ་འགོག་པར་མཛད་པ་ཡིན། །གང་ཕྱིར་མིང་ཡང་མ་མཐོང་ཞིང་། །སྤྱོད་ཡུལ་དང་ནི་བྱ་བ་དང་། །ཕུང་པོ་ཀུན་ནས་དེ་བཞིན་དེས། །བྱང་ཆུབ་སེམས་དཔའ་མཐོང་

བ་མེད། །འདི་ནི་བརྟགས་པ་འགོག་པ་ཡིན། །དེ་འདྲ་བསྡུས་པའི་ལྟ་བ་སྟེ། །ཤེས་བྱ་ཉིད་དུ་བློར་ཞུགས་པའི། །རྣམ་པ་ཐམས་ཅད་བརྟགས་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཁོ་ནའོ། །

མེད་ཅེས་བྱ་ལ་སོགས་ཚིག་གིས། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པ་རབ་ཏུ་བསྒྲགས། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་ཀྱིས་ནི་གཞན་

བསྟན་མེད། །ཀུན་རྟོག་གཡེང་བ་རྣམ་བཅུ་ཡི། །མི་མཐུན་ཕྱོགས་བསྟན་ཚུལ་ལ་ནི། །གསུམ་པོ་བསྡུས་དང་སོ་སོ་བ། །འདིར་བརྗོད་པར་ནི་ཤེས་བྱ་སྟེ། །དཔེར་ན་གྲུབ་དང་གཞན་དབང་དང་། །རབ་ཏུ་བརྟགས་པས་ངག་དང་པོར། །དངོས་པོ་མེད་པར་རང་བཞིན་གྱིས། །རྣམ་པར་

གཡེང་བ་སེལ་བ་བཞིན། །དེས་ན་སངས་རྒྱས་དེ་བཞིན་དུ། །བྱང་ཆུབ་མ་ཐོབ་པར་བརྗོད་པ། །ཡོངས་སུ་རྫོགས་པའི་བར་གྱིས་འདིར། །བརྟགས་རྣམས་བསལ་བར་ཤེས་པར་བྱ། །ངོ་བོས་སྟོང་པའི་གཟུགས་རྣམས་ལ། །གང་དུའམ་གང་གིས་སྒྲོ་འདོགས་འགྱུར། །དེས་ན་ངག་གཞན་

Vol. 93 · folio 294a

རྣམས་ལ་ཡང་། །དེ་བཟློག་པར་ནི་ཤེས་པར་བྱ། །སྟོང་ཉིད་ཀྱིས་ནི་མི་སྟོང་ཞེས། །བྱ་བའི་ངག་ནི་སྟོན་པ་ན། །སྐུར་བ་ཡི་ནི་རྣམ་རྟོག་རྣམས། །ཐམས་ཅད་དུ་ནི་སེལ་བར་གསུངས། །དེ་བཞིན་སངས་རྒྱས་སྒྱུ་འདྲ་དང་། །དེ་བཞིན་རྨི་འདྲ་ཞེས་བྱ་ཡང་། །ཚུལ་འདི་ཉིད་

ནི་མཁས་རྣམས་ཀྱིས། །ངག་གཞན་དག་ལ་འང་ཤེས་པར་བྱ། །གཞི་མཐུན་པ་ཡིས་རྒྱལ་བ་ནི། །སྒྱུ་མ་ལྟ་བུར་རབ་བརྗོད་ཅིང་། །སྒྱུ་མ་ལྟ་བུ་ལ་སོགས་པའི། །སྒྲ་རྣམས་ཀྱིས་ཀྱང་གཞན་དབང་བརྗོད། །སོ་སོའི་སྐྱེ་བོའི་ཤེས་པ་གང་། །རང་བཞིན་གྱིས་ནི་རྣམ་བྱང་བ། །དེ་ལ་སངས་

རྒྱས་སྒྲ་བརྗོད་དེ། །བྱང་ཆུབ་སེམས་དཔའ་ལ་རྒྱལ་བཞིན། །མ་རིག་པས་ནི་དབང་བྱས་ཏེ། །རང་གི་རང་བཞིན་རབ་བསྒྲིབས་ནས། །སྒྱུ་མ་ལྟ་བུར་གཞན་དུ་སྣང་། །འབྲས་བུ་རྨི་ལམ་བཞིན་དུ་སྤོང་། །གཉིས་མེད་གཞན་དུ་སྣང་བ་ན། །འབྲས་བུ་ལ་ཡང་སྐུར་རྣམས་ཀྱི། །སྐུར་བའི་

རྣམ་པར་རྟོག་རྣམས་ལ། །སྐུར་པར་བྱེད་པར་འདི་དག་བརྗོད། །ཕན་ཚུན་དུ་ནི་འགལ་བའི་ཕྱིར། །གཟུགས་ནི་སྟོང་ཉིད་ཡིན་མི་རིགས། །སྟོང་ཉིད་རང་བཞིན་མེད་ཉིད་ལ། །གཟུགས་ནི་རྣམ་པ་དང་འབྲེལ་བ། །དེས་ན་གཅིག་ཏུ་རྣམ་རྟོག་ལ། །གནོད་འགྱུར་གཟུགས་དེ་སྟོང་ཉིད་ལས། །ཇི་

ལྟ་བུར་ཡང་གཞན་མིན་པས། །ཐ་དད་ཀྱི་ནི་རྣམ་རྟོག་འགོག །གང་ཕྱིར་མ་རིག་པས་སྤྲུལ་པ། །དེ་ནི་མེད་པ་ཁོ་ན་སྣང་། །མེད་པ་སྟོན་པར་ཞུས་པ་ན། །དེ་ནི་མ་རིག་ཅེས་བརྗོད་དོ། །རང་བཞིན་དེ་ཉིད་ཤེས་རབ་ཀྱི། །ཕ་རོལ་ཕྱིན་པ་ཞེས་ཀྱང་བརྗོད། །གཉིས་འདི་ཉིད་ནི་གཉིས་མེད་པ། །

རྣམ་རྟོག་གཉིས་ལ་གནོད་བྱེད་ཡིན། །རིགས་པ་ཡང་གསུང་རྣམ་དག་ཕྱིར། །དེ་བཞིན་མི་དམིགས་ཕྱིར་དང་ནི། །དངོས་དང་དངོས་མེད་འགལ་ཕྱིར་ཡང་། །ཐ་དད་ཉིད་ཀྱང་མཐོང་བ་ཡིན། །གཟུགས་འདི་མིང་ཙམ་དེ་ཉིད་དུ། །རང་གི་ངོ་བོ་ཡོད་མིན་པས། །དེས་ན་ངོ་བོ་ཉིད་དུ་ནི། །རྣམ་

རྟོག་རྣམས་ཀྱི་གོ་སྐབས་བསལ། །གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས། །སྟོང་པ་སྔར་བརྗོད་གང་ཡིན་པ། །དེ་ནི་རང་གི་ངོ་བོ་ཡིས། །སྒྲོ་འདོགས་རྣམ་རྟོག་འགོག་བྱེད་ཡིན། །ཆོས་རྣམས་ཀྱི་ནི་སྐྱེ་བ་དང་། །འགག་པ་མཐོང་བ་མེད་ཅེས་གང་། །བཅོམ་ལྡན་འདས་ཀྱིས་གསུངས་པ་དེས། །

Vol. 93 · folio 294b

དེ་ཡི་ཁྱད་པར་རྣམ་རྟོག་བསལ། །གང་ཕྱིར་མིང་བཅོས་བརྗོད་བྱ་ཡི། །ཆོས་དེ་དག་ཀྱང་བརྟགས་ཡིན་པས། །སྒྲ་དོན་དག་གི་འབྲེལ་པ་ནི། །ངོ་བོ་ཉིད་དུ་དེས་མི་བཞེད། །བྱིས་པའི་ཕྱི་རོལ་དོན་དུ་ནི། །མངོན་ཞེན་འཁྲུལ་པས་སྤྱད་པ་ཡིན། །ཐ་སྙད་འདི་ཡང་དེ་བཞིན་ཏེ། །འདི་ལ་དོན་

འགའ་ཡོད་མ་ཡིན། །དེས་འདིར་ཇི་ལྟར་མིང་བྱ་བ། །དེ་ལྟར་བརྗོད་བྱའི་དངོས་པོ་དེ། །ཡོད་མིན་དང་ཕྱིར་མིང་ཇི་བཞིན། །དོན་དུ་རྟོག་པ་འདོད་མ་ཡིན། །བདེན་དོན་རྣམ་རྟོག་སེལ་བ་ན། །ཤེས་རབ་ཕ་རོལ་ཕྱིན་པ་དང་། །སངས་རྒྱས་དེ་བཞིན་བྱང་སེམས་དཔའ། །མིང་ཙམ་

ཞེས་ནི་རབ་ཏུ་གསུངས། །འདི་ནི་སྒྲ་དོན་འགོག་པ་སྟེ། །དངོས་པོ་སེལ་བར་བྱེད་པ་མིན། །དེ་བཞིན་དུ་ནི་ངག་གཞན་ལའང་། །དོན་རྣམས་ངེས་པར་ཤེས་པར་བྱ། །དེ་ཉིད་རིག་པས་མིང་རྣམས་ཀུན། །དོན་ཇི་ལྟ་བར་ཡང་དག་ཏུ། །དམིགས་པ་མེད་ཉིད་དེ་ཡི་ཕྱིར། །སྒྲ་འདི་ཟློག་པར་བྱེད་མ་

ཡིན། །རབ་འབྱོར་གྱིས་ནི་སྒྲ་དང་སྒྲའི། །དོན་ཉིད་གཉི་ག་འགོག་པ་ན། །དེ་ཡིས་བྱང་ཆུབ་སེམས་དཔའི་མིང་། །མ་མཐོང་ཞེས་ནི་བརྗོད་པར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་ངག་གང་། །འདི་ཙམ་གྱིས་རྟོགས་མིན་པ་མེད། །འོན་ཀྱང་འདི་དག་དེ་ཤེས་པ། །རྣམས་ཀྱིས་ཞིབ་

མོའི་བློ་ཡིས་དཔྱོད། །སྐབས་ཀྱི་དོན་ནི་སྤོང་བ་དང་། །དོན་གཞན་རྟོག་པ་གང་ཡིན་པ། །དེ་ནི་ཤེས་རབ་ཕ་རོལ་ཏུ། །ཕྱིན་པར་གཟུགས་བརྙན་ཡིན་པར་འདོད། །ཤེས་རབ་ཕ་རོལ་ཕྱིན་རྟེན་ཅན། །བསྡུས་དོན་འདི་ཙམ་ཉིད་ཡིན་ཏེ། །སླར་ཡང་དོན་གཞན་ལ་བརྟེན་ནས། །དོན་དེ་

ཉིད་ནི་བཟླས་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་མ་ནི། །བརྒྱད་སྟོང་ཡང་དག་བསྡུས་པ་ཡི། །བསོད་ནམས་ཐོབ་གང་དེས་སྐྱེ་བོ། །ཤེས་རབ་ཕ་རོལ་ཕྱིན་གྱུར་ཅིག །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་

ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words