བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) བྷ་ག་ཝ་ཏྱཱ་མ་ནཱ་ཡཱ་ནུ་སཱ་རི་ཎི་ནཱ་མ་བྱཱ་ཁྱཱམ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 94 · folio 29b

བྱ་བ་ནི་གཞུང་གིས་སོ། །བསྟན་པ་དང་ཞེས་བྱ་བ་ནི་དོན་ལས་སོ། །ཉེ་བར་བསྟན་པ་ལ་ཞེས་བྱ་བ་ནི་དོན་ལ་བསམ་པའི་རང་བཞིན་གྱིས་ཤེས་རབ་བསྐྱེད་པ་ལས་སོ། །བསྟན་པར་བྱེད་པ་ལ་ཞེས་བྱ་བ་ནི་ཀློག་པར་བྱེད་པས་སོ། །སེམས་མི་འགོང་ཞེས་བྱ་བ་ལ་སོགས་པ་སྔ་མ་

བཞིན་ནོ། །མོས་པའི་ཞེས་བྱ་བ་ནི་མཐའ་གཉིས་བསལ་བས་ངེས་པར་བྱེད་པའོ། །བསམ་པ་ལྷག་པ་ནི་ལྷག་པའི་བསམ་པ་སྟེ་དེས་སོ། །མཐའ་གཅིག་གིས་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ནི་མཐའ་གཉིས་བསལ་བའི་མཚན་ཉིད་ཅན་གྱིས་རིག་པར་

བྱའོ། །གནས་པ་ཞེས་བྱ་བ་ལ་སོགས་པ་ཕྱིར་མི་ལྡོག་པ་ཞེས་བྱ་བ་སྟེ། ཕྱིར་མི་ལྡོག་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ལྡོག་པའི་ངེས་པས་དེའི་དོན་དུ་ཕན་པ་ལའོ། །ཇི་ལྟར་གནས་ཤེ་ན། གསུངས་པ་ནི་མི་གནས་པའི་ཚུལ་གྱིས་ལེགས་པར་གནས་

པ་ལགས་སོ་ཞེས་བྱ་བ་སྟེ། གནས་པ་ལ་མི་དམིགས་པའི་ཚུལ་གྱིས་གང་ཞིག་ལེགས་པར་གནས་པ་སྟེ་ཡང་དག་པར་གནས་པའོ། །དེ་ཉིད་ནི་དེ་ལ་གནས་པའོ། །འདི་ནི་སྒྲུབ་པ་འདི་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ལྡོག་པའི་ངེས་པས་ངེས་པར་འབྱུང་བ་ཉིད་བསྟན་

ཏོ། །དེ་ལྟར་མཐའ་གཉིས་ཁས་མི་ལེན་པའི་སྒྲུབ་པ་བཤད་ནས། འོག་ཏུ་མི་གནས་པའི་སྒྲུབ་པ་འཆད་པར་བྱེད་དེ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །

ཞེས་བྱ་བའི་བར་གྱི་གཞུང་གིས་སོ། །མཐའ་གཉིས་ཁས་མི་ལེན་པའི་སྒྲུབ་པའི་མཐར་མི་གནས་པའི་ཚུལ་གྱིས་ལེགས་པར་གནས་པ་ལགས་སོ་ཞེས་བྱ་བའི་ཚིག་གི་མཐའ་གནས་སྐབས་ཀྱིས་མི་གནས་པའི་སྒྲུབ་པ་གཟུང་བར་བྱ་ཞེས་འབྲེལ་ཏོ། །གཟུགས་ལ་གནས་པར་མི་བགྱི་

ཞེས་བྱ་བ་ནི་ཅིའི་ཕྱིར་གཟུགས་ལ་གནས་པར་མི་བྱ་ཞེ་ན། ཆེན་པོ་རྣམས་ལས་འཐད་པ་གསུངས་པ། འདི་ལྟ་སྟེ། གཟུགས་ནི་གཟུགས་ཉིད་ཀྱིས་སྟོང་སྟེ། གང་ཡང་གཟུགས་ཀྱི་སྟོང་པ་ཉིད་དེ་ནི་གཟུགས་མ་ཡིན་ཏེ། སྟོང་པ་ཉིད་ལས་གཞན་དུ་ཡང་གཟུགས་མེད་ལ་གཟུགས་ཉིད་

Vol. 94 · folio 30a

ཀྱང་སྟོང་པ་ཉིད་དེ་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བའོ། །དགོངས་པ་ནི་འདི་ཡིན་ཏེ་གཟུགས་ལ་གནས་པར་མི་བྱ་སྟེ་གང་གི་ཕྱིར་གཟུགས་ནི་གཟུགས་ཉིད་ཀྱིས་སྟོང་ཞེས་བྱ་བའོ། །འདིར་གཟུགས་ནི་རྣམ་པ་གསུམ་སྟེ། ཀུན་ཏུ་བརྟགས་

པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བའོ། །གང་ཞིག་འདི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུགས་སུ་བྱེད་པ་ལ་སོགས་པའི་མཚན་ཉིད་ཀྱིས་བཟུང་བར་གྱུར་པ་དང་དངོས་པོའི་ངོ་བོ་ཅན་དེ་ནི་ཀུན་ཏུ་བརྟགས་པའི་གཟུགས་

ཞེས་བྱ་བའོ། །དེ་ཉིད་ནི་རྣམ་པ་གང་གིས་དོན་སྣང་བ་ལ་ཡུལ་དུ་གྱུར་པ་དེ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱ་བའོ། །གང་ཞིག་རྣམ་པ་དེ་དག་དང་བྲལ་བ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བའོ། །དེ་ལ་གང་ཞིག་འདི་ཡོངས་སུ་

གྲུབ་པ་ཆོས་ཉིད་ཀྱི་གཟུགས་དེ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་སྟོང་པ་ཉིད་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་དེ་ནི་གཟུགས་མ་ཡིན། དེ་གཟུགས་ཀྱི་རང་བཞིན་མ་ཡིན་ཏེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་རྣམ་པ་དང་རྣམ་པར་བྲལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་

ན་རྣམ་པ་ཐམས་ཅད་དུ་གཟུགས་མེད་པ་ཡིན་ན་གང་གིས་འདི་སྟོང་པ་ཉིད་ཡིན་ཞེས་བརྗོད་དོ། །གང་གི་ཕྱིར་ཡུལ་དང་བྲལ་བའི་སྟོང་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། ཆོས་ལས་གཞན་དུ་གྱུར་པའི་ཆོས་ཉིད་ཀྱང་མི་རིགས་ལ། ཆོས་ཉིད་ལས་གཞན་པའི་ཆོས་ཀྱང་རིགས་པ་མ་ཡིན་ནོ་ཞེས་ཐེ་ཚོམ་ཟ་བ་

ལ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ལས་གཞན་པ་གཟུགས་ཡོད་པ་མ་ཡིན་ཞེས་བྱ་བའོ། །ཅི་ཞིག་གསུངས་པར་འགྱུར། ཇི་ལྟར་མ་དག་པའི་ཆུ་ནི་མ་དག་པའི་གནས་སྐབས་ལ་འདམ་ཞེས་བརྗོད་ལ་དག་པའི་གནས་སྐབས་སུ་ཆུ་ཞེས་བརྗོད་དོ། །ཇི་ལྟར་མ་དག་པའི་གནས་

སྐབས་ལ་ནམ་མཁའ་ནི་ཡུལ་ངན་ཞེས་བརྗོད་ལ་དག་པའི་གནས་སྐབས་སུ་ནམ་མཁའ་ཞེས་བྱ་བའོ། །དེ་བཞིན་དུ་སྟོང་པ་ཉིད་འདི་ཡང་བྱིས་པ་རྣམས་ལ་མ་དག་པའི་གནས་སྐབས་སུ་སོ་སོར་གྱུར་པ་མ་ཡིན་པའི་གཟུགས་ལ་སོགས་པའི་སྒྲ་རྣམས་ཀྱིས་མངོན་པར་

Vol. 94 · folio 30b

བརྗོད་པ་ཡིན་ལ་དག་པའི་གནས་སྐབས་ལ་སྟོང་པ་ཉིད་ཅེས་བརྗོད་དོ། །དེ་བས་ན་སྟོང་པ་ཉིད་ལས་སོ་སོར་གྱུར་པའི་གཟུགས་ལ་སོགས་པའི་ཆོས་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་ཆོས་དང་ཆོས་ཉིད་དག་ཐ་མི་དད་པར་ཡོད་པ་ལ་བརྒྱ་ལམ་ན་གཟུགས་ཉིད་སྟོང་པ་ཉིད་

དུ་བརྗོད་དེ། གང་གི་ཚེ་ཆོས་ཉིད་ཀྱིས་ཆོས་བརྗོད་པར་འདོད་ན་བརྒྱ་ལམ་ན་སྟོང་པ་ཉིད་ལ་གཟུགས་ཞེས་བརྗོད་པ་ཡིན་ནོ། །གང་གི་ཚེ་ཆོས་ཀྱི་ཆོས་ཉིད་བརྗོད་པར་འདོད་ན་ཡང་དེ་ན་གཟུགས་ཉིད་སྟོང་པ་ཉིད་ཅེས་བྱ་བ་ཆོས་ཉིད་ཀྱི་གཟུགས་ཉིད་སྟོང་པ་ཉིད་ཅེས་བརྗོད་དེ་སྟོང་པ་

ཉིད་ཁོ་ན་གཟུགས་ཞེས་བྱ་བའོ། །སྟོང་པ་ཉིད་ནི་དེ་བཞིན་ཁོ་ན་སྟེ་ཆོས་ཉིད་ཀྱི་གཟུགས་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཚེ་ཀུན་ཏུ་བརྟགས་པ་དང་རྣམ་པར་བརྟགས་པའི་གཟུགས་དག་ལ་ཤིན་ཏུ་མེད་པས་ཡོངས་སུ་གྲུབ་པ་ལ་ཡང་གནས་པར་མི་རུང་བའི་ཕྱིར་གསུངས་པ།

གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་སྟེ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་མི་གནས་པའི་སྒྲུབ་པ་ཉེ་བར་བསྟན་ནས་གནས་པ་ལ་ཉེས་དམིགས་བསྟན་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཟུགས་ལ་གནས་

ན་ཞེས་བྱ་བ་ནི་གཟུགས་ཐབས་མི་མཁས་པ་ཉིད་ཀྱིས་ཚུལ་བཞིན་མ་ཡིན་པ་བཟུང་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཆོས་རྣམས་ལ་མ་ཤེས་ཤིང་བདག་ནི་གཟུགས་ཀྱི་རང་བཞིན་ཞེའམ་བདག་གི་འདི་གཟུགས་ཤེའམ་གཟུགས་ཀྱི་མཚན་ཉིད་འདི་ཞེས་བྱ་བ་ནི་གཟུགས་

ལ་གནས་པ་ཡིན་ནོ། །དེ་ནི་གཟུགས་ཀྱི་མངོན་པར་འདུ་བྱེད་པ་གཟུགས་ཀྱི་རྣམ་པར་རྟོག་པ་དང་རྗེས་སུ་སོང་བའི་འདུ་བྱེད་ཀྱི་ཆོས་ལ་སྤྱོད་དེ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་རྗེས་སུ་འབྲང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །མངོན་པར་

འདུ་བྱེད་པའི་སྤྱོད་པ་ལ་ཡང་ཉེས་དམིགས་བསྟན་པར་བྱེད་དེ་མངོན་པར་འདུ་བྱེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ལགས་པ་ཞེས་བྱ་བ་ནི། ཅིའི་ཕྱིར་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ལ་ལྟུང་བ་མངོན་པར་འདུ་བྱེད་པ་ལ་སྤྱོད་ཅིང་ཤེས་

Vol. 94 · folio 31a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་དང་རྣལ་འབྱོར་ཐོབ་པ་དང་ཡོངས་སུ་རྫོགས་པ་དང་ངེས་པར་འབྱུང་བ་རྣམས་ཐོབ་པ་མ་ཡིན་ཞེས་གསུངས་པ། ཡོངས་སུ་མི་བཟུང་བ་ཡོངས་སུ་བཟུང་བས་ཞེས་བྱ་བ་སྟེ། ཇི་ལྟར་ཡོངས་

སུ་མི་འཛིན་པ་འཛིན་པར་བྱེད་ཅེས་གསུངས་པ། གཟུགས་ཡོངས་སུ་བཟུང་བ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་ཡོངས་སུ་མི་འཛིན་པའི་སྒྲུབ་པ་ཞེས་བརྗོད་པ་ཡིན་ནོ། །སྒྲུབ་པ་འདི་ཡང་རྣམ་པ་གསུམ་དུ་བསྟན་པ་ཡིན་ཏེ་ཆོས་ཡོངས་སུ་མི་འཛིན་པ་དང་།

ཡེ་ཤེས་ཡོངས་སུ་མི་འཛིན་པ་དང་། མཚན་མ་ཡོངས་སུ་མི་འཛིན་པའོ། །དེ་ལ་ཆོས་མི་འཛིན་པའི་དུས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཟུགས་ཡོངས་སུ་བཟུང་བ་མ་མཆིས་སོ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཡོངས་སུ་བཟུང་

བ་མ་མཆིས་ཏེ་ཞེས་བྱ་བའི་བར་གྱིས་སོ། །མཚན་མར་མི་འཛིན་པའི་དུས་ནི་མཚན་མར་བཟུང་བ་མ་ལགས་སོ། །ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་ཏོ་ཞེས་བྱ་བའི་བར་གྱིས་སོ། །ཡེ་ཤེས་ཡོངས་སུ་མི་འཛིན་པའི་དུས་ནི་དེ་ལ་

ཤེས་པ་དེ་དགའ་བ་དང་བདེ་བ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་སོ། །དེ་ལ་དང་པོ་ཆོས་ཡོངས་སུ་མི་འཛིན་པའི་དུས་ལ། གཟུགས་ཡོངས་

སུ་བཟུང་བ་མ་མཆིས་སོ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ལ་ལྟུང་བའི་རྒྱུད་གང་གིས་ཀྱང་གཟུགས་ཉིད་དུ་ཡོངས་སུ་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་མངོན་པར་འདུ་བྱེད་པ་ལ་སྤྱོད་ཅིང་དོན་དམ་པའི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སྤྱོད་པར་མི་བྱེད་ཅེས་བྱ་བ་བསྟན་པར་བྱེད་དེ། ཅིའི་ཕྱིར་གཟུགས་ཡོངས་སུ་མི་འཛིན་ཞེས་བྱ་བ་གསུངས་པ། གཟུགས་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཞེས་བྱ་བ་སྟེ་འདིར་ནི་ཡོངས་སུ་མི་

Vol. 94 · folio 31b

འཛིན་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བརྗོད་པ་ཡིན་ཏེ། གང་ཞིག་ཆོས་ཉིད་ཀྱི་གཟུགས་ལ་ཡོངས་སུ་མི་འཛིན་པ་ཡོངས་སུ་གྲུབ་པའི་རང་བཞིན་དེ་ནི་ཀུན་ཏུ་བརྟགས་པའི་གཟུགས་ཀྱི་རང་བཞིན་ནི་མ་ཡིན་ནོ། །དེ་བས་ན་ཆོས་ཉིད་ཀྱི་གཟུགས་

ཡོངས་སུ་མ་བཟུང་ཞེས་སྦྱར་བར་བྱ་སྟེ་དོན་ནི་འདི་ཡིན་ནོ། །གཟུགས་ལ་སོགས་པའི་ཆོས་ཀྱི་རྣམ་པ་འགའ་ཞིག་སྔར་ཡོངས་སུ་བཟུང་ནས་ཕྱིས་གཞན་གང་གིས་ཀྱང་སྟོང་པར་བྱེད་པ་མ་ཡིན་ཏེ་འོན་ཀྱང་སྟོང་པ་ཉིད་དེའི་རང་བཞིན་དེའི་ཕྱིར་དེ་ལ་ཡོངས་སུ་འཛིན་པ་

ཡང་དག་པར་འབྱུང་བ་གང་ལས་ཡིན། དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །འདི་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་དེའི་ཆོས་བརྗོད་པ་མིང་ཙམ་ཏིང་ངེ་འཛིན་ལ་གསུངས་པ། ཆོས་རྣམས་ཐམས་ཅད་

ཡོངས་སུ་མ་བཟུང་བ་གང་ལ་དེ་ནི་དེ་ལྟར་བརྗོད་དོ། །ཡངས་པ་ནི་ཡངས་པའི་ཆོས་ཀྱི་དབྱིངས་ལ་དམིགས་པའི་ཕྱིར། མདུན་དུ་བགྱིས་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའི་ཕྱིར་རོ། །ཚད་མེད་པ་ནི་སངས་རྒྱས་ཉིད་དེ་དེ་ལ་ངེས་པའི་ཕྱིར་ཚད་མེད་པར་

ངེས་པའོ། །ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། གང་གི་ཕྱིར་སྟོང་པ་ཉིད་ཐམས་ཅད་ཀྱིས་ཤིན་ཏུ་ཡོངས་སུ་སྦྱངས་པའི་ཡེ་ཤེས་ཆོས་ཐམས་ཅད་མི་དམིགས་པ་ཡོངས་སུ་མཐར་ཐུག་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་

བ་སྟེ། དེ་བས་ན་དེ་ཡང་ཡོངས་སུ་བཟུང་བ་ཞེས་བསྟན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མཚན་མར་བཟུང་བ་མ་ལགས་སོ། །ཞེས་བྱ་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མས་རྣམ་པར་བྲལ་བར་རྣམ་

པ་ཐམས་ཅད་དུ་མཚན་མ་མེད་པའི་རྣམ་པ་ཅན་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི་མཚན་མའི་ཉོན་མོངས་པ་ཅན་ཞེས་བརྗོད་པ་ཡིན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་རྟོག་པའི་མཚན་མ་ཉིད་རྒྱུད་ལ་ཉོན་མོངས་པར་

Vol. 94 · folio 32a

བྱེད་པ་དེ་བས་ན་ཉོན་མོངས་པ་ཞེས་བརྗོད་པ་ཡིན་ནོ། །འདིས་ཀྱང་མཚན་མ་ཡོངས་སུ་མི་འཛིན་པའི་དུས་ཉེ་བར་བསྟན་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་མཚན་མ་མེད་པའི་ལམ་ཉིད་སྐྱེད་པར་བྱེད་དེ། ཀུན་ཏུ་རྒྱུ་ཞེས་བྱ་བ་ནི་ཀུན་

ཏུ་རྒྱུ་ཞེས་བྱ་བའོ། །མོས་ནས་ཞེས་བྱ་བ་ནི་གང་གི་ཕྱིར་ཕྲེང་བ་ཅན་ཏེ་སྔར་མཚན་མ་མེད་པའི་ལམ་ལ་དམིགས་ནས་དེ་ལ་དད་པ་སྐྱེས་ཏེ། དད་པ་དེ་ཉིད་ཀྱིས་མཚན་མ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་པ་སོ་སོར་ཐོབ་ནས་མཚན་མ་མེད་པའི་ཡེ་ཤེས་དེས་ཆོས་ཐམས་ཅད་

ཡུལ་མ་ཡིན་པའི་ཕྱིར་ཕྱོགས་གཅིག་པས་ཆོས་རྣམས་ལ་འཇུག་སྟེ། གཟུགས་བཟུང་ནས་སོ་སོར་རྟོག་པར་བྱེད་པ་ན་གཟུགས་ཀྱི་མཚན་མ་དམིགས་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་བཟུང་ནས་སོ་སོར་རྟོག་པ་ན། ཚོར་བ་ལ་སོགས་པའི་ཆོས་

ཀྱི་མཚན་མ་ཡང་ཉེ་བར་དམིགས་པ་མ་ཡིན་ནོ། །དེའི་ཕྱིར་བརྗོད་པ་དེ་ཞུགས་ནས་ཀྱང་གཟུགས་ཡོངས་སུ་མི་འཛིན་ཏོ་ཞེས་བྱ་བ་སྟེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་ལའོ། །འདིར་རྒྱུ་གསུངས་པ། དེ་ལ་ཤེས་པ་དེ་དགའ་བ་དང་བདེ་བ་ཞེས་བྱ་བ་སྟེ། དེ་ལ་མཚན་

མ་མེད་པ་ལ་ཡོངས་སུ་འཛིན་པའོ། །དེ་ལ་ནི་མཚན་མ་མེད་པ་ཡོངས་སུ་མི་འཛིན་པ་ལའོ། །དགའ་བ་དང་བདེ་བ་ནི་ཏིང་ངེ་འཛིན་ལས་སྐྱེས་པས་ཡང་དག་པར་ལྡན་པའི་ཤེས་པ་དེ་ནི་ཡོངས་སུ་འཛིན་པར་བྱེད་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་མེད་པའི་ཤེས་

པ་དེ་སོ་སོར་མཚན་མ་མེད་པའི་རྣམ་པ་ལ་རབ་ཏུ་ཞུགས་པས་ཆོས་རྣམས་ཐམས་ཅད་ནི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཞེས་ཤེས་པ་དེའི་ཕྱིར་མཚན་མ་མེད་པ་ལ་ཡོངས་སུ་མི་འཛིན་པ་འཛིན་པའི་ཤེས་པ་ཡང་ཉེ་བར་དམིགས་པ་མ་ཡིན་ནོ། །འདིས་ནི་ཡེ་ཤེས་ཡོངས་སུ་མི་འཛིན་

པའི་དུས་ཉེ་བར་བསྟན་པ་ཡིན་ནོ། །སླར་ཤེས་པ་དེ་ཅིའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་འདི་ལ་ཡང་རྒྱུ་གསུངས་པ། ནང་གི་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ཡུལ་གྱི་ཤེས་པ་མ་མཐོང་བའི་གནས་

Vol. 94 · folio 32b

སྐབས་སུ་བྱས་པ་ལ་མི་མཐོང་བ་གསུངས་པ་ནི་གང་གི་ཕྱིར་ཕྲེང་བ་ཅན་དེ་བདག་ཉིད་ཀྱི་ཤེས་པ་བཟུང་ནས་བདག་འདིས་འདི་མཐོང་ངོ་ཞེས་བྱ་བའི་ཀུན་བརྟགས་ཀྱི་ཤེས་པ་འདི་ཉིད་ནང་དུ་གནས་པ་མ་ཡིན་ཏེ་ཕྱིར་ཡང་གནས་པ་མ་ཡིན་གཉི་གར་གནས་པ་མ་ཡིན། དེ་

ལས་གཞན་དུ་ཡང་གནས་པ་མ་ཡིན་ཏེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བའི་ཐ་ཚིག་གོ །འདི་ཉིད་ནི་སླར་ཡང་གསལ་བར་བྱེད་དེ། ཚིག་གི་རྣམ་གྲངས་འདི་ལ་ཞེས་བྱ་བ་སྟེ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་ཀྱི་ཁྱད་པར་རོ། །མོས་སོ་ཞེས་བྱ་བ་ནི་མཐའ་

གཅིག་ཏུ་ངེས་པ་སྐྱེས་པའོ། །འདིར་ནི་འདི་ལ་ཐམས་ཅད་དུ་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་ཞེས་བྱ་བ་ནི་རྟོགས་པའི་གནས་སྐབས་ཀྱི་སྔ་རོལ་དུ་ལྷག་པར་མོས་པ་ཞེས་བྱ་བའོ། །ཐོས་པ་དང་བསམ་པ་ལ་སོགས་པའི་གནས་

སྐབས་མ་གསུངས་པ། འདི་ལ་བརྗོད་ཅེས་བྱ་བ་ནི་འགའ་ཞིག་ཏུ་འབྱུང་བའོ། །དེ་ལ་དད་པས་རྗེས་སུ་འབྲང་ཞིང་ཞེས་རྗེས་སུ་འབྲེལ་ཏོ། །ཆོས་ཉིད་སྟོན་པའི་བསྟན་པ་ལ་ཚད་མར་བྱས་ནས་དེ་ལྟར་ལྷག་པར་མོས་པའོ། །དམིགས་པ་ཞེས་བྱ་བ་ནི་དངོས་པོ་ཉིད་ཀྱིས་མཐོང་

བའོ། །མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་ལས་མཆོག་ཏུ་གྱུར་པ་དེ་ཡང་འདིས་རློམ་སེམས་སུ་མི་བགྱིད་དོ། །འདི་ནི་འདིའི་ཡོངས་སུ་མི་འཛིན་པའི་སྒྲུབ་པའི་མཚན་ཉིད་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ་ཞེས་བྱ་བའོ། །ཡོངས་སུ་མི་འཛིན་པ་ནི་གང་ཡིན་

ན། གསུངས་པ། གང་གཟུགས་ཡོངས་སུ་མི་འཛིན་ཞེས་བྱ་བ་ལ་སོགས་པ་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཞེས་བྱ་བ་ནི་ཕྲེང་བ་ཅན་དེ་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་དེ་ཡོངས་སུ་མ་རྫོགས་པའི་སྟོབས་

ལ་སོགས་པ་རྣམས་ཀྱིས་སོ། །འོན་ཏེ་དེའི་བར་མ་དོར་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ཅི་ཙམ་ཞིག་ཡིན་སྙམ་ན། ཉན་ཐོས་ཀྱི་བྱང་ཆུབ་ནི་མ་ཡིན་ཏེ་གང་གི་ཕྱིར་དེ་ནི་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་པའི་མཚན་ཉིད་ཅན་ཏིང་ངེ་འཛིན་ལ་འཇུག་པ་སྟེ། དེ་ཇི་ལྟར་གང་ཟག་གི་བདག་

Vol. 94 · folio 33a

མེད་པ་རྟོགས་པའི་མཚན་ཉིད་ཅན་ཉན་ཐོས་ཀྱི་བྱང་ཆུབ་ཀྱིས་ཡོངས་སུ་མྱ་ངན་ལས་འདའ། འདི་ནི་བརྗོད་པར་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་མཚན་ཉིད་ཅན་སྐུ་གསུམ་གྱི་ངོ་བོ་སངས་རྒྱས་ཉིད་འཁོར་བ་ཇི་སྲིད་

འགྲོ་བའི་དོན་མཛད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྲུབ་པར་བྱ་བ་དེ་མ་ཐོབ་པས་ཆོས་ཀྱི་བདག་མེད་ཀྱི་ཡེ་ཤེས་ཉིད་ཀྱིས་འགྲོ་བའི་དོན་ལ་བྱ་བ་རྩོམ་པ་གཅོད་པ་མྱ་ངན་ལས་འདས་པ་ཙམ་ལ་རྩེ་གཅིག་པར་འགྱུར། མྱ་ངན་ལས་འདས་པ་དེ་ཡང་ཉན་ཐོས་ཀྱི་མྱ་ངན་

ལས་འདས་པ་དང་འདྲ་བར་ཞེས་འཆད་པར་འགྱུར་རོ། །འདི་ཡང་ཞེས་བྱ་བ་ནི་རྣམ་པ་གསུམ་གྱིས་ཡོངས་སུ་མི་འཛིན་པའི་མཚན་ཉིད་ཅན་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །དེ་ལྟར་ཡོངས་སུ་མི་འཛིན་པའི་སྒྲུབ་པ་ཡོངས་སུ་རྫོགས་པར་བྱས་ནས་སླར་ཡང་ཉེ་བར་དཔྱད་

པའི་སྒྲུབ་པ་ལ་རྩོམ་པར་བྱེད་དེ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་ཉེ་བར་བརྟག་ཅིང་ཞེས་བྱ་བ་ལ་རྣམ་པར་དཔྱོད་པར་བྱའོ། །ངེས་པར་བསམ་པར་བྱ་སྟེ་ཞེས་བྱ་བ་ནི་མཐའ་གཅིག་ཏུ་ངེས་པར་བྱའོ། །ཉེ་བར་བརྟགས་པའི་བསྒྲུབ་པ་དེ་ཉིད་རྣམ་པ་གཉིས་ཀྱིས་བསྟན་

ཏེ། འདི་གང་ཡིན་འདི་གང་གི་ཡིན་ཞེས་བྱ་བ་ནི་དེ་ལ་འདི་གང་ཡིན་ཞེས་བྱ་བ་ནི་རང་གི་ངོ་བོ་ལ་འདྲི་བའོ། །དེ་ལ་འདི་ལྟར་བརྗོད་པར་བྱ་བ་ཡིན་ཏེ་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །གང་གི་ཞེས་བྱ་བ་ནི་འབྲེལ་པ་ཅན་ལ་དྲི་བའོ། །དེ་ཡང་རྣམ་པ་

གསུམ་སྟེ། གཅིག་ནི་ཉམས་སུ་མྱོང་བ་དང་འབྲེལ་པ་ཅན་ཞེས་བྱ། །དེ་ཉིད་ལ་བརྗོད་པར་བྱ་སྟེ་ཆོས་ཐམས་ཅད་ཅེས་བྱ་བའོ། །སླར་ནི་གང་གི་ཕྱིར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་རྒྱུ་ལ་དྲི་བའོ། །ཅིའི་ཕྱིར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཐ་ཚིག་

གོ། །དེ་ལ་བརྗོད་པར་བྱ་སྟེ་ཇི་ལྟ་བ་བཞིན་དུ་མཚན་ཉིད་རྟོགས་པས་ཞེས་བྱ་བའོ། །སླར་ཡང་གང་གི་ཞེས་བྱ་བ་ནི་རྒྱུ་ལ་དྲི་བའོ། །རྒྱུ་གང་གིས་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། དེ་ལ་སྨྲ་བར་བྱ་སྟེ་ངེས་པར་འབྱུང་བ་ཉིད་ཀྱིས་ཞེས་བྱ་བའོ། །དེ་

Vol. 94 · folio 33b

ཐམས་ཅད་སེལ་བར་བྱེད་ཅིང་འདི་གང་ཡིན་ཞེས་སྔ་མའི་དྲི་བའི་ཆེད་དུ་གསུངས་པ། ཅི་ཆོས་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་གང་ཡིན་ཞེ་ན་ཤེས་བྱ་ཐམས་ཅད་དང་ཤེས་པའི་རང་བཞིན་ཀུན་བརྟགས་དང་གཞན་དབང་དང་བྲལ་བ་ཡོངས་སུ་

གྲུབ་པའི་གནས་སྐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་དེའི་ཚེ་ཆོས་ཐམས་ཅད་མི་དམིགས་པའི་རང་བཞིན་ནམ་མཁའ་དང་མཚུངས་པ་ཡིན་ནོ། །དེའི་ཕྱིར་གང་ཞིག་དེ་ལ་མཐོང་ཞིང་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་དེ་ཉིད་ཀྱི་བདག་ཉིད་ཀྱིས་མཐོང་བ་དེ་ཡང་

དག་པར་མཐོང་བ་སྟེ། གང་ཕྱིར་གནས་སྐབས་དེ་ལ་ཆོས་རྣམས་ཐམས་ཅད་ཡོད་པ་མ་ཡིན་དམིགས་པ་མ་ཡིན་ནོ། །དེ་ལྟར་ན་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ལ་མེད་པ་མཐོང་ཞིང་གང་གིས་ཞུམ་པ་དང་སྐྲག་པ་ལ་སོགས་པ་རྣམས་སྐྱེ་བ་མ་ཡིན་པ་དེ་

ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱའོ་ཞེས་བྱ་བ་ནི་གནས་བརྟན་རབ་འབྱོར་གྱིས་གསུངས་པ་ལ། གནས་བརྟན་ཤཱ་རིའི་བུས་མ་བྲལ་བའི་མཚན་ཉིད་སྲིད་པའི་དོན་དུ་དྲི་བར་བྱེད་དེ། ཅིའི་ཕྱིར་མ་བྲལ་བ་ཞེས་བྱ་བ་ནི་དེའི་ཚེ་གང་གི་ཚེ་གནས་

བརྟན་གང་གི་ཕྱིར་ཆོས་རྣམས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་བྲལ་བ་སྟེ། དེའི་ཕྱིར་དེ་ལྟར་འདི་མཐོང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །འདིས་ཀྱང་ཤཱ་རིའི་བུ་གཟུགས་ཉིད་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་

བ་ཞེས་བྱ་བ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཡིན་ཞེས་བྱ་བའི་དྲི་བ་དོན་གཅིག་གིས་བཤད་པ་ཡིན་ནོ། །འདི་ལྟ་སྟེ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་བྲལ་བ་རང་བཞིན་མེད་པའོ། །དེ་ལྟར་ཡོད་པ་ལ་ཆོས་གང་རྟོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

རིག་པར་བྱ་ཞེས་བྱ་བས་བསྟན་པ་ཡིན་ནོ། །གང་གི་ཚེ་འདི་གང་གི་ཞེས་བྱ་བ་ལ་རྒྱུ་ལ་འདྲི་བ་དེའི་ཚེ་ན་ཡང་ལན་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་དང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་རྟོགས་པའི་རྒྱུས་ཤེས་རབ་ཀྱི་ཕ་རོལ་ཏུ་

Vol. 94 · folio 34a

ཕྱིན་པ་རྣམ་པར་གཞག་པར་བྱ་སྟེ། གང་གི་ཚེ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རང་གི་མཚན་ཉིད་ཀྱིས་རྣམ་པར་བྲལ་བ་དེའི་ཚེ་མཚན་ཉིད་གང་རྣམས་ལ་རྟོགས་པར་འགྱུར་ཞེས་གསུངས་པ་ཡིན་ནོ། །མཚན་ཉིད་ཐམས་ཅད་ཀྱང་ཀུན་ཏུ་

བརྟགས་པ་སྟེ་མེད་པར་གྱུར་པ་དེའི་ཚེ་ཆོས་ཉིད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་དང་རྣམ་པར་བྲལ་བ་ཞེས་བརྗོད་པ་ཡིན་ནོ། །ད་ནི་འདི་གང་གི་ཞེས་བྱ་བ་གང་གི་ཚེ་བྱེད་པ་ལ་འདྲི་བ་དེ་ལ་གསུངས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཞེས་བྱ་

བ་ལ་སོགས་པ་སྟེ། ངེས་པར་འབྱུང་བའི་སྒྲུབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ནོ། །ངེས་པར་འབྱུང་བ་དེ་ཡང་ཆོས་རྣམས་ཐམས་ཅད་ལ་ཡང་ཡོད་པ་མ་ཡིན་ཏེ་གང་གི་ཕྱིར་ཆོས་རྣམས་ཐམས་ཅད་ནི་ངེས་པར་མ་བྱུང་བ་སྟེ་མ་སྐྱེས་པའོ། །དེའི་ཕྱིར་

ཡང་ངེས་པར་འབྱུང་བ་ཉིད་ཡོད་པ་མ་ཡིན་ལ་དོན་ནི་འདི་ཡིན་ཏེ། ཡོངས་སུ་གྲུབ་པའི་གནས་སྐབས་སུ་ཆོས་ཉིད་ཀྱི་ངོ་བོ་ཅན་གྱི་ཆོས་རྣམས་ལ་བདག་ཉིད་ལ་ཕྱིན་ཅི་ལོག་མེད་པའི་ཕྱིར་གློ་བུར་བའི་ངེས་པར་འབྱུང་བ་ཡོད་པ་མ་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཀྱི་

ཕྱིར་དང་ཆོས་ཉིད་ལ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །འཁོར་བའི་གནས་སྐབས་ལ་ཀུན་ནས་ཉོན་མོངས་པ་ཅན་ཀུན་ཏུ་བརྟགས་པའི་རང་བཞིན་གྱི་དངོས་པོ་རྣམས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་ངོ་བོས་སྐྱེ་བ་ནི་བསྐྱེད་པ་མེད་པའི་ཚེ་དེ་ལྟར་ངེས་པར་འབྱུང་བ་མ་ཡིན་ནོ། །དྲི་མ་

དང་བྲལ་བའི་གནས་སུ་སྐྱེད་པ་མེད་དེ་དྲི་མ་དང་བཅས་པའི་གནས་སྐབས་སུ་ཞེས་བྱ་བ་ཉེ་བར་བསྟན་ནས་ངེས་པར་འབྱུང་བ་ཉིད་མཇུག་བསྡུ་བར་བྱེད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་སྤྱོད་པའི་ཞེས་བྱ་བ་ལ་སོགས་པས་སོ། །ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་འགྱུར་རོ་

ཞེས་བྱ་བ་ནི་རང་གི་ངག་གིས་རྒྱུ་བ་དེའི་སྤྱོད་པ་དེ་ཞེས་དེས་ན་འདི་ལྟར་བརྗོད་པ་ཡིན་ནོ། །གང་གི་ཚེ་བརྩོན་འགྲུས་ལ་སོགས་པའི་ཕུན་སུམ་ཚོགས་པས་བྱང་ཆུབ་སེམས་དཔའ་རྩོལ་བ་དང་ལྡན་པ་སྤྱོད་པ་ལ་སྤྱོད་པ་ཞེས་བརྗོད་པར་འདོད་པ་དེའི་ཕྱིར་གསུངས་པ། ཐམས་

Vol. 94 · folio 34b

ཅད་མཁྱེན་པ་ཉིད་ལ་ཉེ་བར་འགྱུར་རོ་ཞེས་བྱ་བའོ། །སླར་ཡང་ཡང་དག་པར་ནི་ཅི་ལྟ་ཅི་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་འགྲེས་བར་དུ་བཀླགས་ནས་ཡང་དང་ཡང་དུ་ཉེ་བར་བསྡུ་བ་འདོན་པར་བྱེད་དེ་འགྲེས་འདི་ཡང་ནི་སྔར་གྱི་པོ་ཏི་རྣམས་

ལ་ཡོད་པ་མ་ཡིན་ནོ། །དེ་བས་ན་མངོན་པར་རྟོགས་པ་ལ་སྦྱར་བའི་དོན་དུ་རབ་ཏུ་བཞག་པ་འབྱུང་བར་འགྱུར་རོ། །དེ་ལྟར་ཉེ་བའི་བརྟགས་པའི་སྒྲུབ་པ་བཤད་ནས་རིག་པའི་སྒྲུབ་པ་བཤད་པར་བྱེད་དེ། གལ་ཏེ་གཟུགས་ལ་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ།

སྤྱད་པར་བྱ་བ་ཡང་མ་ཡིན་ལ་སྤྱད་པར་མི་བྱ་བ་ཡང་མ་ཡིན་པ་ཉིད་དོ་སྙམ་དུ་ཉེ་བར་མི་རྟོགས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་སོ། །རིགས་པའི་སྒྲུབ་པ་འདི་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཐབས་མ་ཡིན་པ་ཡོངས་སུ་སྤང་བ་དང་། ཐབས་ལ་བསྙེན་པའོ། དེ་ལ་

ཐབས་མ་ཡིན་པ་ནི་མཚན་མ་ལ་སྤྱོད་པ་སྟེ། དེ་གསུངས་པ་ནི་གལ་ཏེ་གཟུགས་ལ་སྤྱོད་པ་ན་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། ཐབས་མི་མཁས་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་སོ། །གལ་ཏེ་གཟུགས་ལ་སྤྱོད་ཅེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ལ་གལ་ཏེ་

སྤྱོད་ན་དེའི་ཚེ་འདི་ནི་གཟུགས་ཞེས་བྱ་བར་མངོན་པར་ཞེན་པ་ན་མཚན་མ་མེད་པ་དོར་ནས་སྤྱོད་ཅིང་མཚན་མ་ལ་སྤྱོད་དོ། །གང་གི་ཚེ་ན་ཡང་འདིའི་གཟུགས་ཡོངས་སུ་དོར་ནས་གཟུགས་ཀྱི་མཚན་མ་ལ་སྤྱོད་པ་དེའི་ཚེ་ན་མཚན་མ་ཉིད་ཚད་མར་བྱས་ཏེ། མངོན་པར་ཞེན་པས་མཚན་མའི་

སྤྱོད་པ་ཉིད་དོ། །གལ་ཏེ་གཟུགས་ལ་སོ་སོར་གཟུགས་ཀྱི་མཚན་མ་ལ་སྤྱོད་པ་ན་མཚན་མའི་སྦྱོར་བ་ནི་མཚན་མའི་སྤྱོད་པ་སྟེ། དེའི་གཟུགས་ཉིད་མཚན་མ་ཞེས་གཉི་ག་ཡང་གཅིག་ཏུ་བྱས་ནས་སྤྱོད་པར་འགྱུར་བ་སྟེ་དེ་ཉིད་གསུངས་པ་ནི། གལ་ཏེ་གཟུགས་ཀྱི་མཚན་མ་ལ་སྤྱོད་ན་

ཞེས་བྱ་བ་ནི་དེ་ལྟ་ན་ཡང་མཚན་མའི་སྤྱོད་པ་ཉིད་ཅེས་གསུངས་པ་ནི་མཚན་མ་ལ་སྤྱོད་དོ་ཞེས་བྱ་བའོ། །དེ་བཞིན་དུ་གཟུགས་ཀྱི་སྐྱེ་བ་ལ་ནི་མ་བྱུང་བ་ལ་འབྱུང་བ་ལའོ་འགག་པ་ནི་བྱུང་ནས་ལོག་པ་ལའོ། །འཇིག་པ་ལ་ནི་སྐད་ཅིག་མ་རེ་རེ་རྣམ་པར་འཇིག་པ་ལའོ། །འོ་ན་གཟུགས་

Vol. 94 · folio 35a

ནི་སྟོང་པ་ཡིན་མོད་ཅེས་བྱ་བས་མཚན་མ་མེད་པ་ལ་སྤྱོད་པ་དེ་ཡང་གསུངས་པ། མཚན་མ་ལ་སྤྱོད་དོ་ཞེས་བྱ་སྟེ། གལ་ཏེ་གཟུགས་སྟོང་ངོ་ཞེས་སྟོང་པ་འདི་ལ་འདིར་མངོན་པར་ཞེན་པ་ཡིན་ན་དེ་ཡང་མཚན་མའི་སྤྱོད་པ་ཉིད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་དེ་

འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་དེ་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མཚན་མ་འགག་པའི་སྒོ་ནས་ཡང་སྤྱོད་ཅིང་འགག་པའི་མཚན་མ་ཉིད་རང་བཞིན་ལ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །ཐབས་ལ་མི་མཁས་པ་ཞེས་བྱ་བ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་འབྲས་བུ་

སྟེ། དེའི་ཡང་ཀུན་ཏུ་བརྟགས་པའི་ངོ་བོ་རྣམ་པར་སྒོམ་པ་ནི་ཐབས་སོ། །ཀུན་བརྟགས་མེད་པའི་ཤེས་པ་ཡང་གཞན་དབང་གི་ངོ་བོ་བརྫུན་པའི་རྣམ་པ་ཙམ་ཞེས་གྲུབ་པ་ཡིན་ནོ། །འཁྲུལ་པའི་ངོ་བོ་དེ་ཡང་ལོག་པ་ན་གཉིས་དང་གཉིས་སུ་སྣང་བ་དང་མེད་པའི་ངོ་བོ་སྤྱིའི་

མཚན་ཉིད་ཅན་ཉིད་ཀུན་ཏུ་བརྟགས་པ་དང་གཞན་དབང་གི་ངོ་བོ་ཐམས་ཅད་དང་རང་གི་མཚན་ཉིད་རྣམ་པར་མི་ལྡན་པ་ས་དང་པོ་ལ་སྣང་བ་ཡིན་ནོ། །ཇི་སྐད་དུ་གསུངས་པ། དེ་ཉིད་དོན་ལ་སོ་སོར་རྟོགས། །ཅིག་ཅར་མཚན་ཉིད་གསུམ་པོ་ནི། །ཡོངས་སུ་ཤེས་པ་སྤང་བ་དང་། །

ཐོབ་པ་རིམ་པ་ཇི་བཞིན་འདོད། །ཡོངས་སུ་ཤེས་ནི་མི་དམིགས་འདིར། །སྤང་བ་མི་སྣང་འདོད་པ་སྟེ། །ཉེ་བར་དམིགས་པ་ནུས་པ་ལ། །ཐོབ་པ་མངོན་དུ་བྱ་བ་སྟེ། །གཉིས་པོ་ངག་ནི་མི་དམིགས་པས། །གཉིས་མེད་རྣམ་པར་རྟོགས་པར་འགྱུར། །རྣམ་

པར་བྲལ་བས་དེ་གྲུབ་པ། །གཉིས་སུ་མེད་པ་རྟོགས་པར་འགྱུར། །གླང་པོ་ཆེ་ནི་མི་དམིགས་དང་། །དེ་ཡི་རྣམ་པ་རྣམ་བྲལ་བ། །ཞིང་ལ་ཉེ་བར་དམིགས་པ་ནི། །ཅི་ལྟར་ཅིག་ཅར་སྒྱུ་མ་ལ། །ཞེས་བྱ་བའོ། །དེའི་འོག་ཏུ་རྗེས་ཀྱི་ཤེས་པས་གཞན་དབང་མ་ཆད་

པའི་བག་ཆགས་ཀྱི་ས་བོན་གལ་ཏེ་ཡང་སྣང་བ་དེ་ལྟར་ན་ཡང་མཐོང་བའི་ལམ་ལ་སྟོང་པ་ཉིད་ཀྱི་ངོ་བོས་མཐོང་བའི་ངོ་བོ་ཉིད་ཤེས་པ་ཉིད་དེ། དེ་ཉིད་ཀྱི་ཕྱིར་རྣམ་པར་མི་རྟོག་པ་ལ་ཞུགས་པ་ལ་གསུངས་པ། རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་

Vol. 94 · folio 35b

ཤེས་བྱ་དང་ཁྱད་པར་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ནམ་མཁའི་དཀྱིལ་དང་མཉམ་པའི་ཆོས་ཐམས་ཅད་མཐོང་སྟེ། དེའི་རྗེས་ལ་ཐོབ་པའི་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་དང་སྣང་བ་དང་། བྲག་ཅ་དང་གཟུགས་བརྙན་དང་ཆུ་ཟླ་དང་སྤྲུལ་པ་དང་མཚུངས་པའི་ཆོས་

རྣམས་མཐོང་ངོ་ཞེས་བྱའོ། །དེ་ལྟར་མངོན་སུམ་དུ་བྱ་བའི་ཆོས་ཀྱི་དབྱིངས་ལ་དྲི་མ་དང་བྲལ་བར་བྱེད་པས་སངས་རྒྱས་ཀྱི་ས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའོ། །མཚན་མ་ལ་མངོན་པར་ཞེན་པའི་ཀུན་བརྟགས་པའི་ངོ་བོ་ལས་མ་འདས་པ་ཅིའི་ཕྱིར་སྟོང་པ་ཉིད་

མཐོང་བ་ཞེས་བྱ་བ་ནི་ཐབས་ལ་མི་མཁས་པ་ཉིད་དོ། །ད་ནི་བསྟན་པ་ཉིད་ཀྱིས་རིགས་པ་བསྒྲུབ་པ་གསུངས་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་ཞེས་བྱ་བ་སྟེ། ཐབས་ཀྱི་བསྒྲུབ་པ་ཡང་རྣམ་པ་གཉིས་ལས་ཆོས་རྣམས་ལ་མི་དམིགས་པའི་སྤྱོད་པ་དང་། མཚན་མ་དམིགས་

པའི་སྤྱོད་པ་ལས་སོ། །དེ་ལ་དང་པོ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་མི་སྤྱོད་ཅེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་སོ། །གཉིས་པ་གསུངས་པ་ནི་

དེ་སྤྱོད་ཀྱང་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་སྟེ་འདིས་ཀྱང་མཚན་མ་མེད་པའི་སྤྱོད་པ་ལ་རློམ་སེམས་སུ་མི་བྱེད་པ་རྣམ་པ་བདུན་བསྟན་ཏེ། ཉེ་བར་མི་རྟོག་ཅེས་བྱ་བ་ནི་འཛིན་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རིགས་པ་བསྒྲུབ་པ་བཤད་ནས་མྱུར་དུ་མངོན་པར་རྫོགས་

པར་འཚང་རྒྱ་བའི་སྒྲུབ་པ་བསྟན་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཉེ་བར་མ་རྟོགས་ཤིང་མ་ཟིན་པས་ཞེས་བྱ་བ་ལ་སོགས་པས་སོ། །སྒྲུབ་པ་འདི་ཡང་རྣམ་པ་བཞིས་སྟོན་ཏེ། ཏིང་ངེ་འཛིན་ལ་བསླབ་པ་དང་། ཆོས་ཐམས་ཅད་མི་དམིགས་པའི་

བསླབ་པ་དང་། སྒྱུ་མ་ལྟ་བུར་བསླབ་པ་དང་། ཐབས་ལ་མཁས་པ་ལས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནས་བརྩམས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ་ཞེས་བྱ་བའི་བར་གྱིས་ཏིང་ངེ་འཛིན་གྱི་བསླབ་པའོ། །དེ་ལྟར་སློབ་ན་ཆོས་གང་

Vol. 94 · folio 36a

ལ་ཡང་མི་སློབ་བོ་ཞེས་བྱ་བ་ནས་བརྩམས་ནས། ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཆོས་ཐམས་ཅད་ལ་མི་དམིགས་པའི་བསླབ་པའོ། །བཅོམ་ལྡན་འདས་གང་ཞིག་འདི་སྐད་དུ་འདྲི་སྟེ་ཞེས་བྱ་བ་ནས་བརྩམས་

ནས། དབང་པོ་དྲུག་དང་ཕུང་པོ་ལྔ་པོ་དེ་དག་ལགས་སོ་ཞེས་བྱ་བའི་བར་གྱིས་སྒྱུ་མ་ལྟ་བུའི་བསླབ་པའོ། །བཅོམ་ལྡན་འདས་ཐེག་པ་གསར་དུ་ཞེས་བྱ་བ་ནས་བརྩམས་ཏེ། དགེ་བའི་བཤེས་གཉེན་རྣམས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཐབས་ལ་མཁས་པའོ། །དེ་ལ་ཏིང་ངེ་

འཛིན་གྱི་བསླབ་པ་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ། མིང་བཤད་པ་དང་རྣམ་པར་མི་རྟོག་པའི་བཤད་པས་སོ། །དེ་ལ་མིང་གི་བཤད་པ་ལ་ནི་ཆོས་ཐམས་ཅད་ལེན་པ་ཉིད་དང་བདག་ཏུ་བྱ་བ་ཉིད་ནི་སྔོན་རོལ་དུ་བཤད་པར་བྱེད་དེ། ཏིང་ངེ་འཛིན་གྱི་མིང་ལ་དོན་ཉེ་བར་སྟོན་པའི་དོན་དུའོ། །

ཉེ་བར་མ་རྟོགས་ཤིང་ཞེས་བྱ་བ་ནི་བསྟན་པའོ། །མ་ཟིན་པས་ཞེས་བྱ་བ་ནི་བཤད་པའོ། །ཆོས་ཐམས་ཅད་ཀུན་བརྟགས་དང་། གཞན་དབང་གི་ངོ་བོ་མེད་པར་གྱུར་པ་ལེན་པ་ཏིང་ངེ་འཛིན་གང་ལ་དེ་ནི་བརྗོད་པ་ཡིན་ནོ། །འདི་ཡང་མྱུར་དུ་མངོན་པར་རྫོགས་པར་བྱང་

ཆུབ་པའི་རྒྱུ་ཏིང་ངེ་འཛིན་ཞེས་གསུངས་པ་འདིས་ཞེས་བྱ་བ་ལ་སོགས་པ་སྟེ། ཏིང་ངེ་འཛིན་འདི་ཡང་ལུང་བསྟན་པའི་རྒྱུ་ཡིན་ཏེ་དེ་ཉེ་བར་མཚོན་པ་ལ་ཡང་སངས་རྒྱས་ཀྱི་མཐུ་མེད་པས་གཞན་གྱིས་མི་ནུས་ཞེས་སླར་ཡང་ཁྱད་པར་དུ་བྱས་ནས་སྨྲས་པ། སངས་རྒྱས་ཀྱི་མཐུས་ཁྱད་

པར་དུ་བྱས་ནས་གསུངས་པ་སངས་རྒྱས་ཀྱི་མཐུས་ཞེས་བྱ་བའོ། །ལུང་བསྟན་པ་ཞེས་བྱ་བ་ནི་མིང་ཡང་དག་པར་བརྗོད་པས་ཏིང་ངེ་འཛིན་གྱི་གནས་པ་བཤད་ནས་སླར་ཡང་རྣམ་པར་རྟོག་པའི་ཕྱིར་གསུངས་པ། དེ་ནི་ཏིང་ངེ་འཛིན་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་སྟེ།

ཡོངས་སུ་གྲུབ་པའི་གནས་སྐབས་སུ་ཆོས་རྣམས་ཐམས་ཅད་ལ་ཡང་དེ་བཞིན་ཉིད་ཙམ་ཐོབ་པའི་ཕྱིར། འདི་ནི་ཏིང་ངེ་འཛིན་འདི་ནི་མཉམ་པར་གཞག་པ་ཞེས་བྱ་བ་ལ་སོགས་པའི་ཀུན་རྟོག་རྣམས་ཤིན་ཏུ་མེད་པའི་ཕྱིར་ཏིང་ངེ་འཛིན་གྱི་རྣམ་པར་རྟོག་པ་དང་། བདག་ཉིད་ལ་མཉམ་

Vol. 94 · folio 36b

པར་གཞག་པའི་རྣམ་པར་རྟོག་པ་དུས་ཀྱི་དབང་གིས་སྙོམས་པར་ཞུགས་པའི་རྣམ་པར་རྟོག་པ་གསུམ་ཡང་དག་པར་འབྱུང་བ་མ་ཡིན་ནོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་འདི་ནི་ཏིང་ངེ་འཛིན་ཡངས་པ་མདུན་དུ་བྱས་པ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་ཐམས་

ཅད་ཀྱིས་སོ། །ཐམས་ཅད་ཅེས་བྱ་བ་ནི་ཡོངས་སུ་རྫོགས་པའོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ཤིན་ཏུ་ཆུང་བའི་རྣམ་པས་སོ། །ཐམས་ཅད་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པ་ལས་བརྩམས་ཏེ་དུས་ཐམས་ཅད་དུ་མ་མཆིས་སོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གྱིས་

གནས་པར་བྱེད་དེ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བའི་ཚིག་དྲི་བར་བྱེད་དེ། གང་གིས་ཞེས་བྱ་བ་ལ་སོགས་པའོ། །ཏིང་ངེ་འཛིན་དེ་བསྟན་པར་ནུས་སམ་ཞེས་བྱ་བ་ནི་འདི་ལྟར་རློམ་སེམས་སུ་བྱེད་དེ་གལ་ཏེ་ཏིང་ངེ་འཛིན་གྱི་ཐ་དད་པར་བསྟན་པར་མི་ནུས་ན་དེའི་ཕྱིར་ཇི་ལྟར་

དེས་གནས་པར་བྱེད་ཅེས་བརྗོད་པ་ཡིན་ནོ། །འོན་ཏེ་ཐ་དད་པར་བརྗོད་པར་ནུས་ན་དེའི་ཚེ་ཇི་ལྟར་ཏིང་ངེ་འཛིན་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བའོ། །རབ་འབྱོར་གྱིས་སྨྲས་པ། དེ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། འདི་ལྟར་རློམ་སེམས་སུ་བྱེད་དེ་ཡོངས་སུ་གྲུབ་པའི་

གནས་སྐབས་སུ་ཆོས་རྣམས་ཐམས་ཅད་ལ་དེ་བཞིན་ཉིད་ཙམ་གྱིས་གཅིག་པ་ཉིད་ཅེས་ཏིང་ངེ་འཛིན་ཇི་ལྟར་སོ་སོར་བྱས་ནས་འདི་ནི་ཏིང་ངེ་འཛིན་གཞན་ལ་བྱང་ཆུབ་སེམས་དཔའ་ཡང་ཞེས་བརྗོད་པ་ཡིན་ནོ། །མི་ཤེས་ཡང་དག་པར་མི་ཤེས་ཞེས་བྱ་བ་ནི་རྗེས་སུ་དཔག་པ་

དང་མངོན་སུམ་གྱིས་སམ་མན་ངག་གི་སྟོབས་སམ་རང་གི་སྟོབས་ཀྱིས་སོ། །དེའི་ཕྱིར་ཤཱ་རིའི་བུས་གལ་ཏེ་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ན་ཇི་ལྟར་དེ་ཡང་དག་པར་ཤེས་པ་ཡིན་ཞེས་བྱ་བའི་དགོངས་པས་དྲི་བར་བྱེད་པ་ནི་མི་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་

བས་ན་རབ་འབྱོར་ལ་ཏིང་ངེ་འཛིན་གྱི་རྟོག་པ་མེད་པའི་ཕྱིར་གསུངས་པ། མི་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། འོན་ཏེ་ཕྱོགས་གཞན་ན་ཏིང་ངེ་འཛིན་གྱི་བསྟན་པ་མཐོང་བའི་ཕྱིར་དང་བྱ་བ་གཞན་མཐོང་བའི་ཕྱིར་ཇི་ལྟར་ཏིང་ངེ་འཛིན་ཡང་དག་པར་མི་ཤེས་ཞེས་བྱ་བའོ། །

Vol. 94 · folio 37a

དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་དོགས་པ་བཅས་ནས་གསུངས་པ། ཏིང་ངེ་འཛིན་དེ་མེད་པས་ན་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་དང་དེའི་བྱ་བ་རྣམས་ཀུན་ཏུ་བརྟགས་པའི་བདག་ཉིད་ཀྱིས་ཀུན་བརྟགས་ཀྱི་བདག་ཉིད་དུ་བརྗོད་པ་ཡིན་ཏེ། ཀུན་བརྟགས་

ཀྱི་མཚན་ཉིད་སྤངས་པས་མེད་པ་ཉིད་ཀྱིས་ཉེ་བར་དམིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གྱི་བསླབ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ནས་རྗེས་སུ་སློབ་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་

པ་སྟེ་འདི་ལྟ་བུར་གྱུར་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་མེད་ན་སྤོབས་པ་དང་གཞན་རྣམས་ཀྱི་ཕྱིར་ཉེ་བར་བསྟན་པ་ཞེས་གསུངས་པ། ཇི་ལྟར་ཡང་ཁྱོད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་འདི་ལ་ཞེས་བྱ་བ་ནི་

ཉེ་བར་བསྡུ་བའོ། །གནས་བརྟན་ཤཱ་རིའི་བུས་གསལ་བར་བྱེད་པའི་དོན་དུ་ཉེ་བར་བསྡུ་བའི་ངག་ཉིད་རྗེས་སུ་རྗོད་པར་བྱེད་དེ། དེ་ལྟར་སློབ་ན་ཞེས་བྱ་བ་ལ་སོགས་པས་སོ། །འདི་ཙམ་གྱིས་ནི་ཏིང་ངེ་འཛིན་གྱི་བསླབ་པ་བསྟན་ཏོ། །ད་ནི་མི་དམིགས་པའི་བསླབ་

པ་ཉེ་བར་བསྟན་པའི་ཕྱིར་ཤཱ་རིའི་བུས་དྲི་བར་བྱེད་དུ་བཅུག་པའི་ཕྱིར་དོན་དུ་སྔར་བཤད་པའི་གསུངས་པ་ཉིད་རྗེས་སུ་རྗོད་པར་བྱེད་དེ། དེ་ལྟར་སློབ་ན་ཞེས་བྱ་བ་ལ་སོགས་པ་སྟེ། སྐབས་ཐོབ་པ་ཤཱ་རིའི་བུས་མི་དམིགས་པའི་བསླབ་པ་ཉེ་བར་བསྟན་པའི་ཕྱིར་བཅོམ་ལྡན་འདས་

ལ་ཞུ་བར་བྱེད་པ་ནི་དེ་ལྟར་ཆོས་གང་ལ་སློབ་པ་ལགས་ཞེས་བྱ་བ་སྟེ། ལན་ནི་ཆོས་གང་ལ་ཡང་མི་སློབ་པོ་ཞེས་བྱ་བའོ། །དགོངས་པ་ནི་འདི་ཡིན་ཏེ་དེ་བཞིན་ཉིད་ལ་དྲི་མ་དང་བཅས་པའི་གནས་སྐབས་སུ་ཀུན་དུ་རྟོག་པ་ལ་ཆོས་རྣམས་སྐྱེ་བ་ཡིན་པ་དང་འགག་པ་ཡིན་པ་

དང་ཀུན་ནས་ཉོན་མོངས་པར་བྱ་བ་དང་རྣམ་པར་བྱང་བ་ཡིན་ཏེ། དེ་ལ་ལྟོས་ནས་བསླབ་པ་ནི་རིགས་པ་ཡིན་ནོ། །དྲི་མ་དང་བྲལ་བའི་གནས་སྐབས་ལ་དེ་བཞིན་ཉིད་དེ་ལ་སྐྱེ་བ་ལ་སོགས་པ་དེ་རྣམས་ནི་ཆོས་རྣམས་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོད་པ་མ་

Vol. 94 · folio 37b

ཡིན་ནོ། །དེས་ན་དེའི་གནས་སྐབས་སུ་ཆོས་རྣམས་ཐམས་ཅད་མ་མཐོང་བའི་ཕྱིར་གསུངས་པ། ཆོས་གང་ལ་ཡང་མི་སློབ་པོ་ཞེས་བྱ་བ་སྟེ་འདི་ཉིད་གསལ་བར་བྱེད་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྟེ། དེ་ཐམས་ཅད་ཆོས་རྣམས་ལ་མི་སློབ་པ་ཅིའི་ཕྱིར་ཞེ་ན། ལན་ནི་ཡོད་པ་མ་ཡིན་

ཞེས་བྱ་བ་ལ་སོགས་པའོ། །ཆོས་དེ་དག་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་སོ། །བྱིས་པ་ནི་ངན་པ་བསམ་པ་རྣམ་པར་སེམས་པ་ཉིད་ཀྱིས་མི་ཤེས་པ་དང་ཐེ་ཚོམ་དུ་ཤེས་པ་དང་ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ནི་འཕགས་པ་མ་ཡིན་པ་སྟེ་ཐོས་པ་དང་མི་ལྡན་

པ་འགའ་ཞིག་ལས་འབྱུང་བ་སྟེ། དེ་བས་ན་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་རབ་རྣམས་ཀྱིས་རྣམ་པར་རྟོག་པ་མེད་པའི་ཕྱིར་བྱིས་པ་ཉིད་གསལ་བར་བྱས་སོ། །དེ་རྣམས་ཇི་ལྟར་མངོན་པར་ཆགས་པ་ནི་བདེན་པ་ཉིད་ཀྱིས་སོ། །དེ་བཞིན་དུ་ནི་འདིའི་ངོ་བོས་ཡོད་པ་

མ་ཡིན་ནོ། །འདིས་ནི་ཀུན་ཏུ་བརྟགས་པ་དང་གཞན་དབང་གི་མཚན་ཉིད་ཀྱིས་མེད་པ་ཉིད་གསུངས་སོ། །དེ་ལྟར་དགག་པའི་ཚིག་ལ་མ་ངེས་པ་ཉིད་གསུངས་སོ། །དེ་ལྟར་དགག་པའི་ཚིག་ལ་མ་ངེས་པ་ཉིད་ཐོས་ནས་ཤཱ་རིའི་བུས་གསོལ་པ། འོ་ན་དེ་དག་ཇི་ལྟར་མཆིས་

ཞེས་བྱ་བའོ། །ཇི་ལྟར་མེད་པ་དེ་བཞིན་དུ་ཡང་དག་པར་ཡོད་དེ་ཞེས་བྱ་བ་ནི་ཀུན་དུ་རྟོག་པ་དང་གཞན་དབང་མེད་པའི་རྒྱུས་བརྗོད་པར་བྱ་བ་མ་ཡིན་པའི་བདག་ཉིད་སྤྱིའི་ངོ་བོ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་ཡོད་པ་ཉིད་གསུངས་པའོ། །སྤྱིའི་མཚན་ཉིད་དེ་ལ་ཡང་གཉིས་མེད་པའི་ངོ་

བོ་ཉིད་ཉེ་བར་བསྟན་པའི་དོན་དུ་ཇི་ལྟར་མེད་པ་ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་རིམ་པས་མེད་པ་དེའི་ཕྱིར་མ་རིག་པ་ཞེས་བྱ་བའོ། །རྨི་ལམ་གྱི་རྣམ་པར་ཤེས་པ་བཞིན་དུ་རང་ཉིད་ཀྱིས་ཡང་དག་པ་མ་ཡིན་པའི་ཕྱིར་མེད་པའི་དོན་འཛིན་པར་བྱེད་ཅེས་བྱ་

བའོ། །མེད་པ་ནི་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་སོ། །ཡོད་པ་ནི་ཤེས་པར་གྱུར་པ། དེའི་ཕྱིར་མ་རིག་པ་ཞེས་བརྗོད་པ་ཡིན་ནོ། །དགོངས་པ་ནི་འདི་ཡིན་ཏེ་གཟུགས་ལ་སོགས་པ་རྣམས་ཀྱི་མེད་པ་སྟེ་ཡོད་པ་མ་ཡིན་པ་དེས་ཡོད་པ་ལྟར་ཡོད་པ་བཞིན་དུ་འཛིན་པར་

Vol. 94 · folio 38a

བྱེད་པ་དེའི་ཕྱིར་དེ་མེད་པ་ཉིད་ཀྱིས་རིག་པར་བྱེད་ཅིང་མེད་པ་ཉིད་ཀྱིས་ཤེས་པར་གྱུར་པ་ནི་མ་རིག་པ་ཞེས་བྱ་བར་བརྗོད་པ་ཡིན་ཞེས་བྱ་བའོ། །དོན་འདི་ཉིད་ལ་གསལ་བར་བྱེད་ཅིང་གསུངས་པ། དེ་དག་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་

ཞེས་བྱ་བ་ནི་གསུངས་པའི་མཚན་ཉིད་ཅན་གྱི་མ་རིག་པའོ། །འགའ་ཞིག་ལས་དེ་རྣམས་ཞེས་འབྱུང་བ་ཡིན་ཏེ། དེ་རྣམས་ནི་སྣ་ཚོགས་པའི་མ་རིག་པའི་དབང་གིས་མེད་པ་རྣམས་ཡོད་པའི་རྣམ་པས་མངོན་པར་ཞེན་པར་བྱ་སྟེ་རྟག་པ་དང་ཆད་པའི་མཐའ་དག་ལ་ཆགས་པ་

ཞེས་བྱ་བའི་དོན་ཏོ། །མི་ཤེས་མི་མཐོང་ཞེས་བྱ་བ་ནི་རྗེས་སུ་དཔག་པ་དང་མངོན་སུམ་དང་རང་གི་སྟོབས་དང་གཞན་གྱི་སྟོབས་ཀྱིས་སོ། །དེ་ལྟར་སྤྱིར་མངོན་པར་ཞེན་པའི་སྐྱོན་ཉེ་བར་བསྟན་ནས་དེ་ཉིད་རྣམ་པ་གསུམ་གྱིས་ཉེ་བར་བསྟན་པར་བྱེད་དེ། །དེའི་

ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །དེའི་ཕྱིར་དེ་དག་ཅེས་བྱ་བ་ལས་བརྩམས་ཏེ་མངོན་པར་ཞེན་ཏོ་ཞེས་བྱ་བའི་བར་གྱིས་མ་རིག་པའི་རྩ་བ་ཅན་ནོ། །དེ་དག་གིས་ཞེས་བྱ་བ་ལས་བརྩམས་ཏེ་འགྲོའོ་ཞེས་བྱ་བའི་བར་གྱིས་རྟོག་པའི་རྩ་བ་ཅན་ནོ། །དེ་དག་ཆོས་བདེན་

པ་ལ་ཡིད་མི་ཆེས་སོ་ཞེས་བྱ་བ་ལས་བརྩམས་ཏེ་དད་པའི་རྩ་བ་ཅན་ཡང་བསྟན་པ་ཞེས་བྱ་བའོ། །དེ་ལ་དུས་དང་པོ་ལ་མངོན་པར་ཆགས་པ་ཞེས་བྱ་བ་ནི་མཐའ་གཉིས་ཀྱི་གནས་སྐབས་སུའོ། །དེའི་གཞིས་ཞེས་བྱ་བ་ནི་དེའི་རྩ་བའོ། །དམིགས་པ་ཞེས་བྱ་བ་ནི་ལོག་པའི་

ཤེས་པའོ། །གནས་ནས་ཞེས་བྱ་བ་ནི་བརྟེན་ནས་སོ། །འདས་པ་ལ་སོགས་པ་ཞེས་བྱ་བ་ནས། དུས་གསུམ་ལ་ཡང་གཅིག་པའི་ངོ་བོ་བདག་གནས་པས་རྟག་པར་ལྟ་བའི་རྩ་བ་གསུངས་སོ། །མ་འོངས་པའི་དུས་སུ་ལམ་མེད་པ་ཉིད་ཀྱིས་བདག་

ཆད་པས་ན་ཆད་པར་ལྟ་བའི་རྩ་བ་གསུངས་སོ། །མིང་དང་གཟུགས་ཞེས་བྱ་བ་ལ་མིང་ནི་གཟུགས་མེད་པའི་ཕུང་པོ་རྣམས་སོ། །གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ་དེ་ལ་མངོན་པར་ཞེན་པའོ། །དེ་ལ་གཟུགས་མེད་པའི་ཁམས་ལས་སྐྱེས་པ་རྣམས་མིང་ལ་མངོན་

Vol. 94 · folio 38b

པར་ཞེན་པའོ། །གཞན་དག་ནི་མིང་དང་གཟུགས་རྣམས་ལའོ། །གཉིས་པ་གསུངས་པ་ནི་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ནི་མཐའ་གཉིས་ལ་ལྟུང་བའོ། །ལམ་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ལམ་བདག་མེད་པའི་

ཡེ་ཤེས་སོ། །ཁམས་གསུམ་ལས་ངེས་པར་མི་འབྱུང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཀྱིས་སམ་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱིས་སོ། །ཅིའི་ཕྱིར་སླར་ཡང་དག་པའི་མཐའ་ཁོང་དུ་མི་ཆུད་དེ། ཡང་དག་པའི་དེ་ཁོ་ན་ཉིད་རྣམས་སོ། །དེ་རྣམས་ཀྱི་མཐའ་ནི་རྩེ་མོའོ། །

ཡང་དག་པའི་མཐའ་ནི་སྟོང་པ་ཉིད་དེ། དེ་ཁོང་དུ་མི་ཆུད་པ་ནི་སངས་རྒྱས་ཀྱི་ས་ལ་ཞེས་བྱ་བའི་དགོངས་པའོ། །གྲངས་ནི་རྩིས་སོ། །གསུམ་པ་གསུངས་པ་ནི་དེ་དག་ཆོས་བདེན་པ་ཞེས་བྱ་བ་སྟེ། དེ་དག་ནི་བྱིས་པ་དང་སོ་སོའི་སྐྱེ་བོ་རྣམས་སོ། །ཆོས་བདེན་པ་ཞེས་བྱ་བ་ནི་

ཡོད་པར་གྱུར་པའི་དོན་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་ཡིད་མི་ཆེས་པ་ནི་གུས་པར་མི་བྱེད་པའོ། །དེས་ན་དེ་རྣམས་ནི་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་སྔ་མ་ལ་ལྟོས་པར་བྱའོ། །འདིས་ནི་བྱིས་པའི་གྲངས་ཉིད་དུ་འགྲོ་བ་ཡིན་ཏེ་བདེན་པའི་ཆོས་ལ་ཡིད་

ཆེས་པར་བྱས་ནས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པའི་ཞེས་བྱ་བ་བསྟན་ཏོ། །དེ་ལྟར་དམིགས་པ་ལ་ཉེས་དམིགས་བསྟན་ནས། མི་དམིགས་པའི་བསླབ་པ་ཉིད་ཉེ་བར་བསྟན་པར་བྱེད་དེ། ཤཱ་རིའི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་གང་

ལ་ཡང་མངོན་པར་ཞེན་པར་མི་བྱེད་དོ་ཞེས་བྱ་བ་ནི་མངོན་པར་ཞེན་པའི་རྩ་བའི་དམིགས་པ་ཉིད་མེད་པའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །དེ་ལྟར་གནས་པ་ལ་ཤཱ་རིའི་བུས་ཞུ་བར་བྱེད་པ་དེ་ནི་དེ་ལྟར་སློབ་ན་ཞེས་བྱ་བ་ལ་སོགས་པ་སྟེ། དབྱེ་བ་ཇི་ལྟར་ཞེས་གོ་བར་བྱ་བ་སྟེ་དེ་ལྟར་ན་དོན་འདི་

ཡིན་ཏེ། གལ་ཏེ་ཆོས་ཐམས་ཅད་མི་དམིགས་པ་ལ་སློབ་ན་དེའི་ཚེ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་མི་སློབ་བོ། །དེ་ལ་མི་དམིགས་པའི་ཕྱིར་འབད་པ་ཐམས་ཅད་འདིར་དེའི་དོན་ཅན་ཡིན་ནོ་ཞེས་རློམ་སེམས་སུ་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མི་སློབ་སྟེ།

Vol. 94 · folio 39a

དམིགས་པའི་སྦྱོར་བས་ཞེས་བྱ་བའི་དགོངས་པའོ། །དེ་ལྟར་སློབ་ན་ཞེས་བྱ་བ་ནི་གང་ཞིག་ཡང་འདི་ལྟར་མི་དམིགས་པའི་སྦྱོར་བས་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་ལ་བསླབ་པ་དེ་ཉིད་ནི་ཆོས་རྣམས་ཐམས་

ཅད་ལ་སྟེ། དེ་རྣམས་ལ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་མ་དམིགས་པས་སློབ་པར་བྱེད་ན། མངོན་པར་མི་ཞེན་ཅིང་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ནོ་ཞེས་བྱ་བ་ནི་མི་དམིགས་པའི་སློབ་པ་ལ་

མཇུག་བསྡུ་བར་བྱེད་དེ། མི་དམིགས་པའི་བསླབ་པ་ལ་ངེས་པར་འབྱུང་བ་ཉིད་གསུངས་པ་ནི་དེ་ལྟར་སློབ་ན་ཞེས་བྱ་བ་ནས་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བའོ། །ད་ནི་སྒྱུ་མ་ལྟ་བུའི་བསླབ་པ་བསྟན་པའི་ཕྱིར། བཅོམ་

ལྡན་འདས་གང་ཞིག་འདི་སྐད་དུ་འདྲི་སྟེ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །འདི་ལ་ཡང་གནས་བརྟན་གྱི་དགོངས་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་གལ་ཏེ་དམིགས་སུ་མ་མཆིས་པའི་སྦྱོར་བས་དངོས་པོ་མ་མཆིས་པའི་ཆོས་རྣམས་ཀྱིས་དངོས་པོ་མ་མཆིས་

པའི་ཆོས་རྣམས་ལ་བསླབས་ནས་ངེས་པར་འབྱུང་བར་འགྱུར་ན། འོ་ན་ནི་ཤིན་ཏུ་མ་མཆིས་པའི་ཆོས་ཅན་སྒྱུ་མའི་སྐྱེས་བུས་ཀྱང་སྒྱུ་མར་བགྱིས་པ་རྣམས་ལ་དམིགས་སུ་མ་མཆིས་པའི་ཡིད་ལ་བགྱིད་པས་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་

འགྱུར་ཞིང་རྗེས་སུ་ཐོབ་པར་འགྱུར་རོ་སྙམ་པའོ་ཞེས་བཤད་པར་བྱ་བ་སྟེ་ཞེས་བྱ་བ་དག་སྨྲ་བའི་ཕྱིར་དེ་ལྟར་སྨྲ་བར་བྱ་བའོ། །རབ་འབྱོར་དེ་བས་ན་ཞེས་བྱ་བ་ནི་གང་གིས་འདི་སྒྱུ་མའི་སྐྱེས་བུ་དང་མཉམ་པ་ཉིད་མི་འདོད་པ་རྒྱུ་དེས་སོ། །གང་གི་ཕྱིར་གྱི་སྒྲ་ནི་ངག་གི་རྒྱན་ནོ། །

ཁྱོད་ཉིད་ལ་དྲི་བར་འདོད་པས་དྲི་བར་བྱ་བ་སྟེ་སོ་སོར་དྲི་བར་བྱ་ཞེས་བྱ་བ་ནི་འགའ་ཞིག་ཏུ་བྱུང་བ་དེ་ལ་ཡང་སོ་སོར་དྲི་བའི་ཡུལ་དུ་བྱ་བའི་དོན་ཏོ། །ཅི་ནུས་པ་ཞེས་བྱ་བ་ནི་སོ་སོར་སྣང་བའོ། །སྟོན་ཅིག་ཅེས་བྱ་བ་ནི་ཀུན་ལ་སྨྲ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱི་ལྟར་

Vol. 94 · folio 39b

ཉན་པ་ཞེས་བྱ་བ་ནི་ཁས་བླང་བར་བྱས་པའོ། །དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སོ་སོར་དྲིས་པའོ། །དེ་ཞེས་བྱ་བ་ནི་ངག་ཉེ་བར་བཀོད་པ་ལའོ། །ཅི་ཞེས་བྱ་བ་ནི་དྲི་བ་ལའོ། །དེའི་དགོངས་པ་ནི་འདི་ཡིན་ཏེ་སྒྱུ་མའི་ཆོས་རྣམས་དང་གཟུགས་

ལ་སོགས་པ་རྣམས་ལ་ཐ་དད་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟར་སྒྱུ་མའི་ཆོས་རྣམས་ཀྱི་བསླབ་པའམ་ངེས་པར་འབྱུང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བསླབ་པ་དང་དེ་རྣམས་ལས་ངེས་པར་འབྱུང་བ་དང་ཐམས་

ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་མེད་ཅེས་སྒྱུ་མ་དང་ཆོས་མཐུན་པ་ཉིད་བསྟན་པར་བྱེད་དེ། སྒྱུ་མ་དེ་གཞན་ལ་གཟུགས་དེ་གཞན་ནམ་ཞེས་བྱ་བའོ། །རབ་འབྱོར་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དམིགས་པ་མེད་

པ་མཐོང་བའི་ཀུན་ཏུ་བརྟགས་པའི་གཟུགས་ལ་སོགས་པའི་ཆོས་རྣམས་དང་སྒྱུ་མ་ལ་སོ་སོ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱེད་དེ། དེ་ལྟ་མ་ལགས་ཏེ་ཞེས་བྱ་བ་ནི་ཀུན་བརྟགས་ཀྱི་ངོ་བོ་ཉིད་ཀྱིས་ཐམས་ཅད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྒྱུ་མ་དང་ཐ་དད་པ་

ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཐ་དད་པ་དེ་ཉིད་སྟོན་པར་བྱེད་པ་ནི་དེ་ལྟ་མ་ལགས་ཏེ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་དང་སྒྱུ་མ་ཐ་མི་དད་པ་ཉིད་དུ་བསྟན་ནས་སྒྱུ་མའི་སྐྱེས་བུ་ལས་བྱང་ཆུབ་སེམས་དཔའ་ཐ་མི་དད་པ་ཉིད་བསྟན་པའི་དོན་དུ་གསུངས་པ།

འདིར་འདུ་ཤེས་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདུ་ཤེས་ལ་སོགས་པ་རྣམས་ཀྱི་རྣམ་གྲངས་གང་གི་ཡང་འགའ་ཞིག་རྣམ་གྲངས་ཏེ་རིག་པར་འགྱུར་ཞེས་དེའི་ཕྱིར་མང་བ་ཉེ་བར་བསྟན་པ་ཡིན་ནོ། །གཞན་རྣམས་ཀྱང་དེའི་དུས་སུ་རྣམ་པར་གཡེང་བ་རྣམས་ལ་རྣམ་གྲངས་

ཀྱིས་དེའི་དོན་ཉན་པ་ལ་སོགས་པ་རྣམས་རྣམ་པར་བཤད་པའི་རིགས་པ་ལས་རྣམ་གྲངས་ཀྱིས་བསྟན་པ་ལ་དགོངས་པ་རྣམས་གསུངས་པ་ཡིན་ནོ། །ཡང་ན་འདུ་ཤེས་ལ་བ་ལང་གི་རྫས་ལ་བ་ལང་ཞེས་བྱ་བའི་མིང་ནི་མཉམ་པ་སྟེ་མཚུངས་པའོ། །ནོག་དང་ལྐོག་ཤལ་

Vol. 94 · folio 40a

ལ་སོགས་པའི་མཚན་མས་ཤེས་ཏེ་ཞེས་བྱ་བའོ། །ཀུན་ཤེས་པ་ནི་རྒྱུ་མཚན་འདྲ་བར་འཛིན་པའི་བློ་སྟེ་རྣམ་པར་རིག་པ་ནི་བརྗོད་པ་ཐམས་ཅད་དོ། །བ་ལང་ཁྱེར་ལ་ཤོག་བ་ཞོས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་ཐ་སྙད་དོ། །འདིར་ཞེས་

བྱ་བའི་རྒྱས་པར་བཤད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་རྣམས་ལ་ཞེས་བྱ་བའོ། །ཉེ་བར་ལེན་པ་རྣམས་ནི་ཉོན་མོངས་པ་སྟེ་དེ་དང་མཚུངས་པར་ལྡན་པའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ་བར་མའི་ཚིག་མི་སྣང་བས་སོ། །ཡང་ན་དྲུག་པའི་བསྡུ་བ་

ཡང་ཡིན་ཏེ་ཉེ་བར་ལེན་པས་བདག་ཏུ་བྱས་པའི་ཕྱིར་དེ་རྣམས་ལ་ཞེས་བྱ་བ་བརྗོད་པ་ཡིན་ནོ། །འདུ་ཤེས་ལ་སོགས་པ་རྣམས་ཀྱི་རྒྱས་པར་བཤད་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །སྒྱུ་མ་ལྟར་རང་བཞིན་མེད་པའི་ཕུང་པོ་ལྔ་རྣམས་ལ་བྱང་ཆུབ་སེམས་

དཔའ་ཞེས་བྱ་བ་ནི་རྣམ་པར་རིག་པའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སྒྱུ་མའི་སྐྱེས་བུ་ཁོ་ན་སྟེ་ཞེས་བྱ་བ་ནི་བསྡུས་པའི་དོན་ནོ། །འདིར་ཡང་ཕྱོགས་སྔ་མ་སྔ་མ་ལ་བསྟན་པར་བྱེད་པ་ཉིད་ལན་ཏེ་དགོངས་པ་དེས་རབ་འབྱོར་གྱིས་གསོལ་པ། དེས་ནི་ཞེས་བྱ་བ་ལ་

སོགས་པ་སྟེ། འགའ་ཞིག་ཏུ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་འདི་དེ་མ་ཐག་ཏུ་བཅོམ་ལྡན་འདས་དེ་དེ་བཞིན་ཏེ་བདེ་བར་གཤེགས་པ་དེ་དེ་བཞིན་ཞེས་འབྱུང་བ་ཡིན་ནོ། །དེས་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྒྱུ་མའི་སྐྱེས་བུ་ཉིད་བསྟན་པས་བྱང་ཆུབ་སེམས་དཔའ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་བྱེད་དེ་སེམས་དང་ལྡན་པའི་ཕྱིར་རོ། །སྒྱུ་མའི་སྐྱེས་བུ་ནི་མ་ཡིན་ཏེ་སེམས་དང་བྲལ་བའི་ཕྱིར་རོ། །སྒྱུ་མའི་སྐྱེས་བུ་ལྟར་ཞེས་བྱ་བ་ནི་སྒྱུ་མ་མཁན་གྱི་སྤྲུལ་པའི་སྐྱེས་བུ་བཞིན་དུ་བདག་ཉིད་མཐོང་ཞེས་བྱ་བའི་དོན་ཏོ། །འོན་ཏེ་

བྱང་ཆུབ་སེམས་དཔས་བགྲང་བར་བྱས་པའི་ཡང་ཕུང་པོ་རྣམས་ལ་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་འདིའི་སེམས་དང་ལྡན་པ་འདི་ཉིད་ཅི་ཞིག་ཡིན་སྙམ་ན། གང་གིས་སྒྱུ་མའི་སྐྱེས་བུ་ལྟར་ཞེས་བྱ་བའི་ལྟར་གྱི་དོན་འགྱུར་བ་ཕུང་པོ་ལ་འཁྲུལ་པ་ཉིད་ནི་འདིའི་སེམས་དང་ལྡན་པ་སྟེ་

Vol. 94 · folio 40b

ཕུང་པོ་ལ་སོགས་པ་མ་ཡིན་ནོ། །སྒྱུ་མའི་སྐྱེས་བུ་ལ་འཁྲུལ་པ་ཡང་མེད་དེ་ཞེས་བྱ་བ་འདིས། ཤིན་ཏུ་ཡང་མེད་པའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་མེད་པའི་ཆོས་རྣམས་ལ་གང་ཞིག་མི་དམིགས་པའི་སྦྱོར་བས་སློབ་པར་བྱེད་པ་དེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་

ལ་སློབ་པར་བྱེད་ཅེས་ཉེ་བར་བསྟན་པ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་སྟེ་དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྒྱུ་མའི་སྐྱེས་བུ་ལྟར་བདག་ཉིད་ལ་མཐོང་བ་ཅིའི་ཕྱིར། གཟུང་བར་བགྱིའོ་ཞེས་བྱ་བ་ནི་ངེས་པར་བགྱིའོ་ཞེས་བྱ་བའོ། །གཟུགས་ནི་སྒྱུ་མ་ལྟ་བུ་ནི་གཟུགས་

ལ་དངོས་པོ་མེད་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །གང་ལགས་པ་དེ་ལ་ཡང་ཞེས་བྱ་བ་ནི་གང་ཞེས་གང་དང་འདྲ་བ་གང་གི་སྐྱེ་བ་དང་ལྡན་པ་སྒྱུ་མ་ལྟ་བུའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེའི་རིགས་དང་ལྡན་པ་དབང་པོ་དྲུག་ཅེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་

ལུས་དང་ཡིད་ཅེས་བྱ་བའོ། །དབང་པོ་དྲུག་པོ་ཡང་རང་གི་ངོ་བོ་རྣམ་པར་རིག་པའི་ཕྱིར་དེ་ལྟར་གསུངས་པ། དེ་ཡང་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པ་སྒྱུ་མ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའི་གཞུང་བཤད་པར་བྱའོ། །ཆོས་ཐམས་

ཅད་དངོས་པོ་མེད་པའི་ངོ་བོ་ཉིད་འདི་ལ་ཡང་ཐོབ་པའི་ལྷག་པར་མོས་པ་ཅན་རྣམས་ལ་ཟད་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །གང་ཞིག་ཡང་ཐེག་པ་ལ་གསར་དུ་ཞུགས་པ་དེ་རྣམས་ནི་སྐྲག་པ་ལ་སོགས་པ་སྲིད་པ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ལ་དེ་ཡོངས་སུ་སྤང་བ་ལ་

རྩེ་གཅིག་པ་ཉིད་དུ་བྱ་བ་སྟོན་ཅིང་ཐབས་ལ་མཁས་པར་སྐབས་དབྱེ་བའི་ཕྱིར་གསུངས་པ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། གསར་པ་ནི་ཤིན་ཏུ་མཆོག་ཉིད་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་སོ། །སྐྲག་པ་ལ་སོགས་པ་རྣམས་ནི་

བཤད་ཟིན་ཏོ། །སྐྲག་པ་ལ་སོགས་པ་འདི་ལ་ཐབས་གང་ཞིག་དེར་བཅོམ་ལྡན་འདས་ཀྱིས་བསྟན་པའི་དོན་དུ་རྣམ་པ་གཉིས་ཀྱིས་ཐབས་ལ་མཁས་པར་སྟོན་པར་བྱེད་དེ། སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པའོ། །

Vol. 94 · folio 41a

གལ་ཏེ་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བར་གྱུར་ན་སྐྲག་པར་འགྱུར་ཞེས་བྱ་བའི་སྡིག་པའི་གྲོགས་པོའི་སྐྱོན་ཉེ་བར་བསྟན་པར་ནུས་པའི་ཕྱིར། དེ་ཡོངས་སུ་སྤང་བར་བྱ་ཞེས་བྱ་བའོ། །སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བས་ཐབས་ལ་མཁས་པ་

སྟོན་པར་བྱེད་དེ། དགེ་བའི་བཤེས་གཉེན་རྣམས་སུ་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་གསུངས་པ་ནི་རབ་འབྱོར་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དྲི་བར་བྱེད་དེ། གང་རྣམས་ཞེས་བྱ་བ་ནི། ལན་ནི་གང་དེ་

དག་ལ་ཞེས་བྱ་བའོ། །བདུད་ཀྱི་ལས་ཉེ་བར་སྟོན་པ་ཞེས་བྱ་བ་ནི་འདིར་བདུད་ཀྱི་སྐྱོན་རྣམས་ཀྱང་བདུད་ཀྱི་ལས་རྣམས་སོ། །བདུད་ཀྱི་བྱ་བ་ལས་འབྱུང་བའི་ཕྱིར་དང་ལས་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཉེ་བར་སྟོན་པར་བྱེད་ཅེས་གསུངས་པ། འདི་ལྟ་བུར་ཞེས་བྱ་བ་ལ་སོགས་པ་སྟེ།

བདུད་ཀྱིས་བྱིན་གྱིས་བརླབས་པས་འབྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་ལ་སོགས་པའི་བྱ་བ་རྣམས་ནི་བདུད་ཀྱི་སྐྱོན་རྣམས་སོ། །འདི་ལྟ་བུར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་བར་དུ་གཅོད་པ་ཉིད་ཀྱིས་དེ་རྣམས་ཤེས་པར་བྱའོ། །བདུད་ཀྱི་ཉེས་པ་ནི་འདི་དག་ཡིན་ཞེས་

བྱ་བ་ནི་གང་རྣམས་བདག་གིས་ཡོད་པ་ལ་བཤད་པའོ། །བདུད་ཀྱི་ལས་ནི་ཞེས་བྱ་བ་ནི་བདུད་རང་ཉིད་ཀྱིས་སངས་རྒྱས་ཀྱི་གཟུགས་ལ་སོགས་པའི་ཆ་བྱད་དུ་བྱས་ནས་གང་ཞིག་དམ་པ་མ་ཡིན་པའི་ལམ་ཉེ་བར་བསྟན་པར་བྱས་པའོ། །འདི་དག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་

རྣམ་པར་དབེན་པ་ཉིད་ཀྱིས་དེ་རྣམས་ཤེས་པར་བྱའོ། །འདི་དག་ཅེས་བྱ་བ་ནི་གང་རྣམས་ཁྱོད་ལ་བདག་གིས་ཉེ་བར་བསྟན་པ་དེ་རྣམས་ཞེས་བདུད་ཀྱི་ལས་རྣམས་ནི་གཉིས་སོ་ཞེས་བྱ་བའི་སྒྲ་ནི་འདི་ལྟར་གྱི་དོན་ཏེ་ཉེ་བར་སྟོན་པར་བྱེད་ཅེས་བྱ་བ་དང་འབྲེལ་ཏོ། །དེ་ལྟར་དགེ་བའི་

བཤེས་གཉེན་བསྟེན་པའི་ཐབས་ལ་མཁས་པའོ། །འདི་དག་ནི་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བར་བྱེད་དེ། ཡང་དག་པར་ཞུགས་པ་ཞེས་བྱ་བ་འདིའི་དེ་མ་ཐག་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བ་འགའ་ཞིག་ལས་མི་འབྱུང་སྟེ་དེ་ལྟར་ངེས་པར་འབྱུང་

Vol. 94 · folio 41b

བའི་རབ་ཏུ་དབྱེ་བས་བསྟན་པ་ཡིན་ནོ། །ད་ནི་བསྟན་པ་འདི་ལ་ངེས་པ་གང་ཡིན་ཞེ་ན། བརྗོད་པར་བྱ་སྟེ། །དེ་ལ་གང་ཞིག་སྤོབས་པར་བྱོས་ཤིག་ཅེས་བྱ་བ་ལ་སོགས་པས་རབ་འབྱོར་ལ་ངེས་པར་སྦྱོར་བར་མཛད་པའི་བཅོམ་ལྡན་འདས་ཀྱིས་དང་པོ་སྐབས་ཕྱེ་བ་གང་ཡིན་པའི་

གཏན་ལ་དབབ་པ་དང་འདིར་སྐབས་དབྱེ་བའོ། །གཏན་ལ་དབབ་པ་དེ་ཡང་རྣམ་པ་གཉིས་ཏེ། གཞིའི་དོན་དང་། མཚན་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཞིའི་དོན་གང་ཡིན་པ་དང་། སེམས་དཔའ་ཆེན་པོ་གཞིའི་དོན་གང་ཡིན་པ་དང་། ཇི་ལྟར་

ན་གོ་ཆ་ཆེན་པོ་བགོས་པ་དང་། ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང་། ཇི་ལྟར་ན་ཐེག་པ་ཆེན་པོ་ལ་གནས་པ་དང་། ཇི་ལྟར་ན་ཐེག་པ་ཆེན་པོ་ཡིན་པ་དང་། ཐེག་པ་དེ་གང་ལས་ངེས་པར་འབྱུང་བ་དང་། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་དང་།

ཐེག་པ་ཆེན་པོ་འདི་གང་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ཐེག་པ་ལ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་དང་། ཐེག་པ་དེ་ནམ་མཁའ་དང་མཚུངས་སོ་ཞེས་བྱ་བ་དང་། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པའི་ཐེག་པ་ཆེན་པོ་ཡིན་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐའ་དང་དབུས་རྣམས་སུ་ཁས་མི་ལེན་ཏོ་ཞེས་བྱ་བ་དང་། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་ཀུན་ཏུ་མཐའ་ཡས་པའི་ཕྱིར་བྱང་

ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་བྱ་བ་དང་། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་ཞེས་བྱ་བ་དང་། དེ་ལྟར་བདག་གིས་ཐམས་ཅད་ཀྱི་ཐམས་ཅད་

རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་དེ་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ན་ཆོས་གང་ཞིག་གིས་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་བྱ་བ་དང་། བཅོམ་ལྡན་འདས་སངས་རྒྱས་ཞེས་བྱ་བ་ནི་མིང་ཙམ་ཞེས་བྱ་བ་དང་། བདག་བདག་ཅེས་བགྱི་བ་བདག་ནི་ཤིན་ཏུ་

Vol. 94 · folio 42a

མངོན་པར་མ་གྲུབ་པོ་ཞེས་བྱ་བ་དང་། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན་གཟུགས་དེ་གང་ལགས་ཞེས་བྱ་བ་ནས། ཇི་སྲིད་རྣམ་པར་ཤེས་པ་དེ་གང་ལགས་ཞེས་བྱ་བའི་བར་དང་། གང་ཞིག་ཡང་ཆོས་རྣམས་ཀྱི་

མངོན་པར་མ་གྲུབ་པ་དེ་ཆོས་རྣམས་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མངོན་པར་མ་གྲུབ་པ་ནི་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པར་བགྱི་རྗེས་སུ་བསྟན་པར་བགྱི་ཞེས་བྱ་བ་དང་། མངོན་པར་མ་གྲུབ་པ་ལས་གུད་ན་ཆོས་ཐམས་ཅད་མི་དམིགས་ཞེས་བྱ་བ་

དང་། གལ་ཏེ་དེ་ལྟར་བསྟན་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཞུམ་པར་མི་འགྱུར་བ་དངང་བར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་དང་། དུས་གང་ལ་བྱང་ཆུབ་སེམས་དཔའ་

ཆོས་འདི་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བརྟག་པར་བྱེད་ཅེས་བྱ་བ་དང་། རྒྱུ་གང་གིས་གཟུགས་ལ་སོགས་པ་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་གཟུགས་ལ་སོགས་པ་མ་ལགས་ཞེས་བགྱི་བ་དང་། ཅིའི་སླད་དུ་གཟུགས་ལ་སོགས་པའི་སྒྲིབ་པ་གང་

ལགས་པ་དེ་གཟུགས་ལ་སོགས་པ་མ་ལགས་ཞེས་བྱ་བ་དང་། ཅིའི་སླད་དུ་གཟུགས་ལ་སོགས་པ་དེ་དག་གཉིས་སུ་མ་མཆིས་པའི་གྲངས་སུ་མི་བགྲང་ཞེས་བྱ་བའི་དྲི་བ་མང་བ་སྟེ། འོག་ནས་གནས་བརྟན་དག་གིས་དྲིས་པ་དང་ལན་བཏབ་པ་ཞིབ་མོ་འབྱུང་བའི་དོན་དེ་དག་

ཉེ་བར་བཟུང་ནས་བརྒྱ་བྱིན་གྱི་ལེའུ་ལ་ཐུག་གི་བར་དུ་ནི་གཏན་ལ་དབབ་པ་ཡིན་པར་རིག་པར་བྱའོ། །དང་པོར་བསྟན་པ་ངེས་པའི་དོན་དུ་གནས་བརྟན་རབ་འབྱོར་གྱི་དྲི་བ་བསྟན་པར་བྱེད་དེ། དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པས་སོ། །ངེས་པར་བྱ་བའི་བྱང་ཆུབ་

སེམས་དཔའི་སྒྲ་སྐབས་སུ་ཡང་དག་པར་འབྱུང་བའི་ཕྱིར་སྐབས་སུ་བརྗོད་པ་སྔོན་དུ་འགྲོ་བ་གསུངས་པ། བཅོམ་ལྡན་འདས་ཀྱིས་གང་ཡང་འདི་སྐད་དུ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། གང་ཞིག་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྣམ་པར་

Vol. 94 · folio 42b

དབྱེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་གང་ཞིག་ཡང་བཅོམ་ལྡན་འདས་ཀྱིས་ངག་དང་པོ་ལ་བྱང་ཆུབ་སེམས་དཔའ་ཞེས་གསུངས་པ། དེ་ལ་ཚིག་གཉིས་ནི་འདི་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་སྒྲས་གཞིའི་དོན་གང་

བརྗོད་པ་ཡིན་ཞེས་འཇུག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞིའི་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དོན་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་དོན་རྣམ་པ་བཞི་ཡོད་དེ། བྱང་ཆུབ་སེམས་དཔའ་དང་ཕུང་པོའི་བདག་ཉིད་ཀུན་རྫོབ་

ཀྱི་བྱང་ཆུབ་སེམས་དཔའ་དང་དོན་དམ་པའི་བྱང་ཆུབ་སེམས་དཔའོ། །དེ་བཞི་ཆར་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཞིའི་དོན་ནི་གཞིའི་དོན་མེད་པ་སྟེ། གཞིའི་དོན་མེད་པ་ནི་གནས་མེད་པ་ལ་བྱའོ། །དེ་བས་ན་གཞིའི་དོན་མེད་པ་ལ་བྱའོ། །

གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོའི་བདག་ཉིད་འབའ་ཞིག་ཡོད་པར་གྱུར་ནས་དེའི་གཞིའི་དོན་གཞི་དང་བཅས་པ་གནས་པ་དང་བཅས་པར་འགྱུར་བ་ཞིག་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་གཉིས་ཀྱང་མེད་དེ། དེའི་ཕྱིར་བྱང་ཆུབ་

སེམས་དཔའི་གཞིའི་དོན་ནི་གཞི་མེད་དེ་མི་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་ལ་གཏན་ཚིགས་སུ་གསུངས་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་མ་བྱས་པའི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་

དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ནི་བྱང་ཆུབ་སྟེ། ཀུན་བརྟགས་དང་གཞན་དབང་གི་ངོ་བོ་སེམས་ཅན་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་འདུས་བྱས་ཀྱི་ཆོས་ཀྱི་མཚན་ཉིད་ཅན་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་སྟེ། ཆོས་ཀྱི་དབྱིངས་

རྟོགས་པའི་བདག་ཉིད་ཅན་ནི་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའོ། །ཆོས་ཐམས་ཅད་འདི་རྣམས་ཀྱི་ཆགས་པ་མེད་པ་ལ་ནི་མེད་པ་ཉིད་ལ་གང་གི་ཕྱིར་སློབ་པ་དེའི་ཕྱིར་གཞིའི་དོན་མེད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། གཉིས་སུ་མེད་པའི་

Vol. 94 · folio 43a

ངོ་བོ་ཉིད་ཀྱིས་མེད་པའི་མཚན་ཉིད་ཅེས་བྱ་བའོ། །རྫས་མེད་པའི་ཕྱིར་མེད་པར་གྱུར་པའི་སེམས་ཅན་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་ཡང་ཀུན་བརྟགས་དང་གཞན་དབང་གི་ངོ་བོས་མེད་པའོ། །དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡང་དེ་

བཞིན་རྟོགས་པའི་བདག་ཉིད་ཅན་ནམ་མཁའ་དང་མཚུངས་པ་ཆོས་ཐམས་ཅད་མཐོང་བ་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་བཞིན་ཉིད་ལས་མེད་པར་གྱུར་པ་ཞེས་བརྗོད་པ་ཡིན་ནོ། །སྔོན་གྱི་པོ་ཏི་རྣམས་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཚིག་གི་དོན་གང་

ལགས། བཅོམ་ལྡན་འདས་ཀྱི་ལན་ནི་ཆོས་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་སྟེ་ཞེས་བྱ་བའི་འདོན་པ་མཐོང་ངོ་། །དེ་ལ་ཡང་སྨྲ་བའི་ཚིག་སྟེ། དོན་འདིས་བརྗོད་པ་ན་ཞེས་བྱ་བའམ། ཚིག་ནི་བཞི་སྟེ་དེའི་དོན་གང་ལགས་ཞེས་དྲི་བའི་དོན་ཏོ། །ལན་ལ་ཡང་དོན་གཞི་

མེད་པའི་ཕྱིར་མ་ཆགས་པ་ཉིད་ལ་སློབ་བོ་ཞེས་བྱ་བའི་དོན་བཤད་མ་ཐག་པས་སྟོན་པར་བྱེད་དེ། ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བའི་ངོ་བོ་གསུམ་གྱི་གོ་རིམས་ཀྱིས་རྟོགས་པ་ནི་རྗེས་སུ་རྟོགས་པ་སྟེ།

ཆོས་ཐམས་ཅད་ཀྱི་གང་ཞིག་རྗེས་སུ་རྟོགས་པ་དེ་ཉིད་ནི་དོན་ཏེ་ཐབས་སོ། །དོན་དུ་གཉེར་བ་སློང་བ་འདིས་ཞེས་བྱས་ནས་དེས་སོ། །ཆོས་ཐམས་ཅད་ལ་མ་ཆགས་པ་ཉིད་ཡོད་པ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །གང་

གི་ཕྱིར་གྱི་སྒྲ་ནི་གཏན་ཚིགས་ལ་སྟེ་གང་གི་ཕྱིར་འདི་ལྟར་དེའི་ཕྱིར་ཆོས་ཐམས་ཅད་ཀྱི་མ་ཆགས་པ་ཉིད་ལ་སློབ་བོ་ཞེས་བྱ་བའོ། །གང་གི་ཕྱིར་འདི་ཆོས་རྣམས་ཐམས་ཅད་ལ་མི་དམིགས་པས་སློབ་པ་ནི་ཡང་དག་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འདི་ཉིད་

ཀྱི་ཕྱིར་གསུངས་པ། བྱང་ཆུབ་དོན་དུ་གཉེར་བས་ན་ཞེས་བྱ་བ་ལ་སོགས་པ་སྟེ། ནའི་སྒྲ་ནི་ངེས་པ་ལའོ། །བྱང་ཆུབ་ལ་དོན་དུ་གཉེར་བ་ནི་དོན་དེ་འདོད་པ་དེས་སོ། །མི་དམིགས་པའི་སྦྱོར་བས་སློབ་པ་ན་བྱང་ཆུབ་སེམས་དཔའ་ཉིད་འབྱུང་ཞིང་སེམས་དཔའ་

Vol. 94 · folio 43b

ཆེན་པོ་ཞེས་བརྗོད་པ་ཡིན་ནོ། །དེ་བས་ན་སེམས་དཔའ་ཆེན་པོའི་སྒྲའི་རྒྱུ་མཚན་མ་བརྗོད་པས་རབ་འབྱོར་འདྲི་བར་བྱེད་དེ། གང་ཡང་ཞེས་བྱ་བ་ལ་སོགས་པས་སོ། །འདིར་ནི་རྣམ་པ་བཞི་དགོངས་པ་བཞི་ཡིན་ཏེ། རེ་ཞིག་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་

ལ་སེམས་དཔའ་ཆེན་པོ་སྟེ་དེའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་བའོ། །གནས་བརྟན་ཤཱ་རིའི་བུ་ཆོས་ཐམས་ཅད་ལ་ཆེན་པོ་སེམས་དཔའ་ནི་མེད་པ་དམིགས་པས་ན་ཞེས་བྱ་བའོ། །གནས་བརྟན་རབ་འབྱོར་ལ་ཆེན་པོ་ནི་མ་ཆགས་པ་ཉིད་དང་། ཐོགས་པ་མེད་པ་ཉིད་འདི་

ལ་ཡོད་པས་ན་དེའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་བའོ། །སྔར་གནས་བརྟན་གང་པོ་ལ་གོ་ཆ་ཆེན་པོ་ཉིད་དང་དེ་ནས་སྒྲུབ་པ་ཆེན་པོ་ཉིད་དང་དེ་ནས་ཡང་འབྲས་བུ་ཆེན་པོ་ཉིད་ལ་ཞུགས་པའི་ཕྱིར་ཆེན་པོ་སེམས་དཔའ་འདི་ལ་ཡོད་པས་ན། སེམས་དཔའ་ཆེན་པོ་ཞེས་བྱ་བའོ། །

དེ་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་ཞེས་བྱ་བ་སྟེ། རིགས་སུ་གྱུར་པའི་གང་ཟག་ལས་མང་པོའི་རང་སངས་རྒྱས་ལས་ཡོན་ཏན་ལྷག་པའི་སེམས་ཅན་གྱི་ཕུང་པོ་ལ་བཟུང་བའོ། །སེམས་ཅན་གྱི་རིས་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་

བཟུང་བའོ། །མཆོག་ཉིད་དེ་ཡང་བསམ་པ་ཆེན་པོ་ཉིད་ཀྱི་ཕྱིར་དང་སྒྲུབ་པ་ཆེན་པོ་ཉིད་ཀྱི་ཕྱིར་རོ། །དེ་ལ་བསམ་པ་ཆེན་པོ་ཉིད་ནི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ཡོན་ཏན་ལྔས་བརྒྱན་པ་སྟེ། ངེས་པར་འཇོམས་པ་དང་། རིན་ཆེ་བ་དང་། སྐྱོན་མེད་པ་དང་། མི་ཕྱེད་པ་དང་། དོན་

སྒྲུབ་པར་བྱེད་པའོ། །དོན་ངེས་པར་འཇོམས་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། སེར་སྣ་ལ་སོགས་པ་ངེས་པར་གཞོམ་པའི་ཕྱིར་རོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་ངེས་པར་གཞོམ་པའི་ཕྱིར་སེམས་མཉམ་པ་ཉིད་དང་། དེ་བཞིན་དུ་ལྟ་བའི་ཉེས་པ་

ཐམས་ཅད་ངེས་པར་གཞོམ་པའི་ཕྱིར་ངན་འགྲོ་འཇོམས་པ་ལ་སོགས་པ་རྣམས་ཤེས་པར་བྱའོ། །རིན་ཆེ་བ་ཉིད་ནི་སྙིང་རྗེའི་སྟོབས་ཀྱིས་ངན་སོང་ཐམས་ཅད་ལ་སྐྱེས་པའི་སེམས་ཅན་རེ་རེའི་དོན་གྱི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའ་བས་རང་ཉིད་ཀྱིས་དེ་དང་དེའི་སྡུག་བསྔལ་སོ་སོར་མྱོང་

Vol. 94 · folio 44a

བ་ཁས་ལེན་པས་སྐྱོན་དང་བྲལ་བ་ཉིད་སེམས་བསྐྱེད་པ་དང་པོ་ནས་བཟུང་ནས་འདོད་ཆགས་ལ་སོགས་པའི་སྐྱོན་དང་། ཉན་ཐོས་ལ་སོགས་པའི་སེམས་ཀྱི་སྐྱོན་མེད་པས་སོ། །མི་ཕྱེད་པ་ཉིད་ནི་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཕྱེད་པ་ཉིད་

ཀྱི་ཕྱིར་རོ། །དོན་སྒྲུབ་པ་ཉིད་ནི་སེམས་ཅན་ཐམས་ཅད་སྐྱོབ་པ་དང་ཡོངས་སུ་མི་གཏོང་བ་དག་གིས་ཕན་པ་དང་བདེ་བ་འགྲུབ་པ་ཉིད་ཀྱི་ཕྱིར་རོ། །སྒྲུབ་པ་ཆེན་པོ་འདི་ཉིད་ནི་རྣམ་པ་གསུམ་སྟེ་ཆོས་ལ་ཀུན་ཏུ་དགའ་བ་དང་། སྟོང་པ་ཉིད་ལ་གནས་པ་དང་། ཏིང་ངེ་འཛིན་ལ་གནས་

པ་ཞེས་སོ། །དེ་ལ་ཆོས་ཞེས་བྱ་བ་ནི་དཀར་པོའི་ཆོས་ཐམས་ཅད་དེ་ན་ཐ་དད་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་ལ་བྱའོ། །དེའི་ཀུན་དགའ་བོ་ཉིད་ནི་དེའི་སྒོམ་པ་མང་བ་ཉིད་བྱས་པས་སོ། །ཆེན་པོ་འདི་དག་ཉིད་ཀྱིས་རང་སངས་རྒྱས་དང་ཉན་ཐོས་ལ་སོགས་པ་རྣམས་ལས་

མཆོག་ཡིན་ཏེ་དེ་རྣམས་ལ་དེ་དག་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་རིགས་ཀྱི་ས་འོག་མ་གནས་པ་ལས་ཆེན་པོ་འདི་དག་ཉིད་ལ་གོང་ནས་གོང་གིས་རྣམས་ལ་ཁྱད་པར་ཡོད་པའི་ཕྱིར་མཆོག་ཉིད་དུ་བྱའོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་

ནས་ཤཱ་རིའི་བུས་བཤད་པ་གསུངས་པའོ། །དུས་ལ་ཞེས་བྱ་བ་ནི་སྐབས་སོ། །བདག་ཏུ་ལྟ་བ་ཞེས་བྱ་བ་ལ་སོགས་པས་གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་པ་བསྟན་པར་བྱེད་དོ། །ང་རྒྱལ་ཆེན་པོ་ནི་འདི་ལ་ཀུན་ནས་བྱས་པས་ན་བདག་གོ། །སེམས་

པར་བྱེད་པས་ན་སེམས་ཅན་ནོ། །སྲོག་གི་དབང་པོའི་དབང་གིས་གནས་པས་ན་སྲོག་གོ། །ཡང་དང་ཡང་དུ་ཐིམ་པས་ན་གང་ཟག་གོ། །ཡང་དག་པར་འདོད་པའི་ངོ་བོ་འབྱུང་བས་ན་འབྱུང་བའོ། །རང་གི་ངོ་བོ་དང་རྣམ་པར་བྲལ་བས་འཇིག་པའོ། །ད་ལྟར་མེད་པ་

སྔར་ཡོད་པས་དེའི་ཕྱིར་ཆད་པའོ། །གང་ཞིག་སྣ་ཚོགས་པའི་རང་བཞིན་གྱིས་ཡོད་པ་དེ་ནི་མེད་པ་མ་ཡིན་པས་དེའི་ཕྱིར་རྟག་པའོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱི་བདག་ནི་རང་གི་ལུས་ཁོ་ན་ཞེས་བྱ་བའི་མངོན་པར་ཞེན་པས་རང་གི་ལུས་སོ། །བདག་ལ་སོགས་པ་འདི་

Vol. 94 · folio 44b

རྣམས་ཀྱི་ལྟ་བ་ནི་མཆོག་ཉིད་མཆོག་ཏུ་འཛིན་པའི་བློའོ། །ཆེན་པོ་ཉིད་ནི་ཁམས་གསུམ་ལ་ཁྱབ་པར་བྱེད་པ་ཉིད་དང་འཁོར་བ་ཇི་སྲིད་དུ་གནས་པ་ཉིད་དང་ཉོན་མོངས་པ་ཐམས་ཅད་དང་རྟེན་ཆེན་པོ་ཉིད་ཀྱིས་ཀྱང་ཤེས་པར་བྱའོ། །ལྟ་བ་འདི་རྣམས་སྤངས་པས་གང་ཞིག་

བདག་ལ་སོགས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པ་ལས་ཐ་དད་པའི་བདག་ལ་སོགས་པ་མཆོག་ཏུ་འཛིན་པ་དེའི་ཚེ་ན་གང་ཟག་གི་བདག་མེད་པའོ། །གང་གི་ཚེ་ན་ཕུང་པོ་ལ་སོགས་པ་རྣམས་ཉིད་བདག་ལ་སོགས་པའི་ངོ་བོས་བཟུང་བར་བྱེད་པ་དེའི་ཚེ་ཆོས་ཀྱི་བདག་

མེད་པའོ། །དོན་འདི་ཉིད་ཉེ་བར་བསྟན་པའི་དོན་དུ་ཐ་མར་རང་གི་ལུས་ལ་བལྟ་བ་ཞེས་བྱ་བ་གསུངས་སོ། །དེ་དག་ཅེས་བྱ་བ་ནི་ཇི་སྐད་གསུངས་པ་རྣམས་ལའོ། །འདི་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ནི་དམིགས་པའི་ལྟ་བ་གཞན་རྣམས་ལ་ཡང་དང་གི་སྒྲ་ནི་མེད་ཀྱང་དང་གི་

དོན་གོ་བ་ཡིན་ནོ། །ཆོས་བསྟན་ཏོ་ཞེས་བྱ་བ་ནི་ཆོས་རྣམས་ལ་རང་ཉིད་ཀྱིས་དངོས་པོ་མེད་པ་མཐོང་བའི་ཕྱིར་བདག་ཏུ་ལྟ་བ་ལ་སོགས་པ་རྣམས་རྣམ་པར་རྟོག་པའི་མཐོང་བ་རྣམས་མེད་པའི་དོན་དུ་གཞན་རྣམས་ཆོས་སྟོན་པར་བྱེད་ཅེས་བྱ་བའོ། །སྤང་བ་བརྗོད་པ་ལ་བསྟན་པས་ཅི་

ཞིག་བྱ་སྙམ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཐམས་ཅད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཐའ་ཅན་ཞེས་བསྟན་པའི་དོན་དུ་དེ་ལྟར་གསུངས་སོ། །བདག་ཏུ་ལྟ་བ་ཆེན་པོ་ཞེས་བྱ་བ་ནི་འགའ་ཞིག་ཏུ་གསུམ་པའི་མཐའ་བཅད་འདོན་པའོ། །དེར་ནི་

ལྟ་བ་འདི་རྣམས་ཀྱིས་ལྟ་བ་འདི་རྣམས་ཉིད་ལ་སྤངས་པའི་དོན་དུ་ཆོས་བསྟན་པ་ལ་རྒྱུར་གྱུར་པ་རྣམས་ཀྱིས་ཆོས་ནི་བསྟན་པར་བྱེད་ཅེས་བྱ་བའི་དོན་ཏེ། །རབ་འབྱོར་གྱི་སྤོབས་པ་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པས་སོ། །རབ་འབྱོར་བགྱི་བ་ནི་ཞེས་བྱ་བ་ལ་

སོགས་པས་དེའི་ཐོགས་པ་མེད་པའི་རྣམ་པ་གསལ་བར་བྱེད་དེ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་སོགས་པ་ནས་བརྩམས་ཏེ་རྣམ་པར་མི་རྟོག་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་དོ། །དེ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཉིད་ཀྱི་ཕྱིར་ཐམས་

Vol. 94 · folio 45a

ཅད་མཁྱེན་པའི་སེམས་སོ། །ཟག་པ་མེད་པ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་བྲལ་བའི་ཕྱིར་རོ། །ས་དེ་ལ་ཡང་སེམས་གང་ཞིང་ནམ་མཁའ་དང་མཉམ་པར་ཆོས་ཐམས་ཅད་མཐོང་བ་དེ་མཉམ་པ་མེད་པའི་དེ་བཞིན་ཉིད་ཀྱི་ངོ་བོས་མཉམ་

པའི་ཆོས་རྣམས་ཐམས་ཅད་མཐོང་བ་དེའི་ཕྱིར་མི་མཉམ་པ་དང་མཉམ་པའི་སེམས་ཞེས་བརྗོད་དོ། །སེམས་མཉམ་པ་མེད་པ་ཞེས་བྱ་བ་ནི་འགའ་ཞིག་ལྷག་པར་འབྱུང་བ་ཡིན་ཏེ་འདིར་ནི་མཉམ་པ་མེད་པ་ནི་མི་མཉམ་པ་སྟེ་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་

ཐམས་ཅད་ཀྱང་དེ་ལ་རག་ལུས་པའི་ཕྱིར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་སེམས་ལ་མ་ཆགས་པའོ། །ཡང་གི་སྒྲས་སླར་ཆོས་གཞན་རྣམས་ལ་ལྟ་སྨོས་ཅི་དགོས་ཞེས་བྱའོ། །ཡོངས་སུ་མ་ཟིན་པ་ཞེས་བྱ་བ་ནི་མ་ཆགས་པའི་གནས་པ་དེ་ཉིད་ལ་རྟག་ཏུ་གནས་

པ་ཉིད་ཀྱིས་ཡོངས་སུ་ཐོབ་པའི་ཕྱིར་དང་རྫོགས་པའི་མཚན་ཉིད་མེད་པའི་ཕྱིར་ཡོངས་སུ་མ་ཟིན་པ་ཞེས་བྱ་བའོ། །ཐོབ་པའི་ངོ་བོ་ལ་རྫོགས་པ་མེད་པའི་ཕྱིར་རོ། །ལྷག་མ་ནི་གོ་སླ་བས་བཤད་པ་དང་འདྲ་བའི་ཕྱིར་རོ། །དོན་འདི་བཤད་མ་ཐག་པ་ཉིད་ཞར་ལ་འབྱུང་

བ་གཞན་གྱིས་གསུངས་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་དྲི་བ་ལ་གཞན་ལན་མེད་པས་དེའི་ཕྱིར་ཐབས་གཞན་མེད་པ་རབ་ཏུ་བསྟན་པའི་དོན་དུ། གང་པོ་ལ་བཤད་པ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་སེམས་དང་

པོ་ལས་བརྩམས་ནས་བསམ་པ་རྒྱ་ཆེ་བ་བཤད་པའོ། །དེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལས་བརྩམས་ཏེ་ཇི་སྲིད་དུ་བདུན་པ་ལ་འབད་པ་དང་བཅས་ཤིང་རྟོག་པ་དང་བཅས་པའི་དཔྱོད་པའི་གནས་སྐབས་བཤད་པའོ། །ཐེག་པ་ཆེན་

པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བ་ནི་བརྒྱད་པ་ལས་བརྩམས་ཏེ་དོན་དམ་པའི་སྤྱོད་པ་བཤད་པའོ། །དེ་ལ་གོ་ཆ་ཆེན་པོ་ཉིད་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྩོམ་པས་བསམ་པ་རྒྱ་ཆེ་བ་ཉིད་དང་། ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ནི་སེམས་

Vol. 94 · folio 45b

ཅན་རྣམས་ལ་མི་དམིགས་པ་ཡིན་ལ་བྱེད་པས་སྒྲུབ་པ་རྒྱ་ཆེན་པོ་ཉིད་ཀྱིས་སོ། །དེ་ལ་བསམ་པ་རྒྱ་ཆེ་བ་ཉིད་གསུངས་པ་ནི་བདག་གིས་སེམས་ཅན་གྲངས་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། གྲངས་མེད་པ་ཞེས་བྱ་བ་ནི་གྲངས་རྒྱ་ཆེ་བས་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །

གཞལ་དུ་མེད་པ་ཞེས་བྱ་བ་ནི་ཡུལ་གྱི་རྒྱ་ཆེ་བ་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །ཚད་མེད་པ་ཞེས་བྱ་བ་ནི་འོག་ཏུ་འབྱུང་བའི་འདོན་པ་ལ་རིག་པར་བྱ་སྟེ། གང་ཟག་གི་ཡོངས་སུ་གཅོད་པ་མེད་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བ་ནི་ལམ་བསྟན་པས་

མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་པར་བྱ་བའོ། །སྒྲུབ་པ་རྒྱ་ཆེ་བ་གསུངས་པ་ནི་དེ་དག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སོ། །འདིས་ནི་སེམས་ཅན་རྣམས་མྱ་ངན་ལས་འདའ་བ་བསམ་པའི་དུས་སུ་སེམས་ཅན་ཐམས་ཅད་དང་ཐུན་མོང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་

ལ་སོགས་པའི་བྱ་བ་བྱས་པ་སེམས་ཅན་གྱི་མཚན་མ་དམིགས་པ་མ་ཡིན་ཞེས་བྱ་བས་བསྟན་ཏོ། །གལ་ཏེ་ཡང་ཀུན་རྫོབ་ཡོངས་སུ་མ་སྤངས་པར་སྦྱིན་པ་ལ་སོགས་པ་རྣམས་བྱང་ཆུབ་ལ་ཡོངས་སུ་བསྔོ་ཞིང་དོན་དམ་པ་ཡོངས་སུ་མ་སྤངས་པར་དམིགས་སུ་མེད་པའི་སྦྱོར་བ་ཡིད་ལ་

བྱེད་པ་དང་ལྡན་པ་སྦྱིན་པ་ལ་སོགས་པའི་མཚན་མ་རྣམས་དང་བྱང་ཆུབ་ཀྱི་མཚན་མ་རྣམས་དང་། བྱང་ཆུབ་ཀྱི་མཚན་མ་མི་དམིགས་པ་སྟེ། འོན་ཀྱང་སེམས་ཅན་གྱི་དོན་ཉིད་ལ་བྱང་ཆུབ་སེམས་དཔའ་བྱ་བ་བྱས་པའི་ཕྱིར་གཙོ་བོར་སེམས་ཅན་གྱི་མཚན་མ་བཤད་པ་ཡིན་ནོ། །ཡང་

ན་གང་རྣམས་ཀྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གིས་གང་རྣམས་ཀྱང་ཡོངས་སུ་རྫོགས་པར་བྱས་པའི་སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་བྱེད་པ་པོ་དང་བྱེད་པ་གཉི་གས་ཀྱང་རྒྱུ་ཉིད་དུ་བརྗོད་པར་འདོད་པ་གཅིག་ཉིད་ཀྱིས་བཤད་པའོ། །སེམས་ཅན་མྱ་ངན་

ལས་འདའ་བ་བསམ་པའི་དུས་བཞིན་དུ་མྱ་ངན་ལས་འདའ་བའི་དུས་ལ་ཡང་། མཚན་མ་མི་དམིགས་པ་གསུངས་པ། དེས་སེམས་ཅན་ཞེས་བྱ་བ་ལ་སོགས་པས་སོ། །འགའ་ཞིག་ཏུ་དེ་རྣམས་ཀྱང་ཡོད་པ་མ་ཡིན་ཞེས་འདོན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སེམས་

Vol. 94 · folio 46a

ཅན་དེའི་མཚན་མ་ལ་སོགས་པ་མི་དམིགས་པའི་རྒྱུ་གསུངས་པ་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཞེས་བྱ་བ་ལ། ཆོས་རྣམས་ནི་ཕུང་པོ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་འདི་ཉིད་མཚན་མ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ནི་རང་བཞིན་ཏེ་དེ་ལྟར་འདི་ཆོས་

ཐམས་ཅད་མི་དམིགས་པའི་མཚན་ཉིད་བྱང་ཆུབ་སེམས་དཔའི་སྒྲུབ་པ་རྒྱ་ཆེ་བ་ཉིད་ཀྱིས་གོ་ཆ་ཆེན་པོ་ཞེས་བསྟན་ཏོ། །འདི་ཉིད་ནི་འཇིག་རྟེན་པ་ལ་གྲུབ་པའི་དཔེས་གསུངས་པ། དཔེར་ན་ཞེས་བྱ་བ་ལ་སོགས་པས་སོ། །འདི་ལྟར་གྱུར་པ་མེད་པ་ནི་མ་ཡིན་ནོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་ཇི་ལྟར་ཉིད་

ཅེས་བྱ་བའི་དོན་ཏོ། །གྲགས་པ་ཉིད་དཔེ་ཡིན་ཞེས་བྱ་བའོ། །མིང་གི་སྒྲ་ནི་གསལ་བ་སྟེ་མཁས་པ་ནི་རྣོ་བའོ། །སྒྱུ་མ་བྱེད་པའི་སྒྱུ་མས་འཚོ་བའོ། །སྒྱུ་མ་བྱེད་པའི་ཉེ་གནས་ནི་གང་ཞིག་དེའི་སློབ་མ་གོམས་པའི་དོན་དུ་སྤྲུལ་པར་བྱེད་ཅིང་སྒྱུ་མས་འཚོ་བ་ནི་མ་ཡིན་ནོ། །སྐྱེ་བོའི་ཚོགས་ནི་སྐྱེ་བོའི་

ཕུང་པོའོ། །མི་སྣང་བ་ནི་ཡང་དག་པར་མི་མཐོང་བ་སྟེ་སྤྲུལ་པ་ཉེ་བར་བསྡུས་པའི་ཕྱིར་རོ། །རབ་འབྱོར་དེ་ཇི་ལྟར་དུ་སེམས་ཞེས་བྱ་བ་སྟེ་སྤྱིར་དྲིས་ནས་ཁྱད་པར་དུ་འདྲི་བར་བྱེད་དེ། ཡང་ཞེས་བྱ་བ་ནི་འོན་ཀྱང་ཞེས་བྱ་བའི་དོན་ཏོ། །བསད་པ་ནི་སེམས་ཅན་བསད་པའོ། །ཤི་

བ་ནི་རང་ཉིད་ཀྱིས་སོ། །སེམས་ཅན་གྲངས་མ་བྱས་པའི་གོས་ལ་སོགས་པའི་སེམས་ཅན་རྣམས་ཀྱི་ཉེ་བར་མཁོ་བ་ལ་ལྟོས་ནས་གསུངས་པ་བཤིག་པ་ཞེས་བྱ་བའོ། །མི་སྣང་བར་བྱས་པ་ནི་རང་ཉིད་ཀྱིས་འཇིག་པའོ། །མིང་དང་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་

ནས་གནས་བརྟན་རབ་འབྱོར་སྒྱུ་མ་དང་མཚུངས་པའི་རྒྱུ་ལས་བདག་ཉིད་ལས་སྐྱེས་པའི་སྤོབས་པ་བརྟན་པར་བྱེད་པ་ནི་བཅོམ་ལྡན་འདས་ཀྱེ་མ་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་གོ་ཆ་མ་མཆིས་པ་ཞེས་བྱ་བ་སྟེ། ཀྱེ་མའི་སྒྲ་ནི་དགའ་བ་ལ་སྟེ་དོན་དམ་པར་བརྗོད་པའི་ཕྱིར་སྔར་བཤད་

པའི་གོ་ཆ་ལ་ཀུན་བརྟགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་གོ་ཆ་མེད་པའི་ངོ་བོས་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་གོ་ཆ་བགོས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ནི་གང་ཡིན་སྙམ་ན། འཇིག་རྟེན་འདིར་གོ་ཆ་ནི་རྣམ་པ་གསུམ་

Vol. 94 · folio 46b

གྱིས་འཇུག་པ་ཡིན་ཏེ། ཅུང་ཟད་བྱེད་པར་འགྱུར་ཞིང་གོ་ཆར་བྱེད་པ་ཇི་ལྟར་གྲོང་ཁྱེར་བྱ་ལྷ་ཁང་བྱ་ཞེས་བྱ་བ་ལྟ་བུ་སྟེ་ཅུང་ཟད་ཀྱང་མེད་པར་བྱེད་ཅིང་བགོ་བར་བྱེད། ཇི་ལྟར་བདག་ནི་གྲོང་འཇིག་པར་བྱེད་གྲོང་ཁྱེར་ལྟུང་བར་བྱེད་ཅེས་བྱ་བ་ལྟ་བུའོ། །ཅུང་ཟད་ཀྱང་མངོན་པར་བྱེད་ཅིང་

བགོ་བར་བྱེད། ཇི་ལྟར་བདག་ནི་གྲོང་མཛེས་པར་བྱེད་ཅེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་ནི་གང་གིས་ཀྱང་བྱས་པའམ་རྣམ་པར་བསྒྱུར་བའམ་མངོན་པར་འདུས་བྱས་པ་དེ་ལྟར་ཡོད་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་གོ་ཆར་འགྱུར་རོ། །གང་གི་

ཕྱིར་ཐམས་ཅད་མཁྱེན་པ་ཉིད་ནི་མ་བྱས་པ་རྣམ་པར་མ་བསྒྱུར་བ་མངོན་པར་འདུས་མ་བྱས་པ་དེའི་ཕྱིར་དེའི་དོན་དུ་གོ་ཆ་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་ཐམས་ཅད་མཁྱེན་པ་ནི་དེ་བཞིན་ཉིད་ཁོ་ན་ལ་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་ཀྱང་གང་གི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་དང་སྒྲའི་

དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ཀུན་བརྟགས་ཀྱི་རྣམ་པས་བཟུང་ན་དེའི་ཚེ་དེ་ཡང་རྣམ་པ་དེས་ཡོད་པ་མ་ཡིན་ཞེས་དེ་ལྟར་བརྗོད་པ་ཡིན་ནོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ནོ་ཞེས་བྱ་བ་ལན་གཉིས་སུ་བརྗོད་པ་ནི་སེམས་

ཉིད་འཛིན་པའི་རྟགས་ཏེ། དེས་ན་བདག་ཉིད་ལ་སེམས་ཉིད་འཛིན་པ་ཡོངས་སུ་གསལ་བར་བྱེད་དེ་དེ་ཉིད་བསྟན་པར་བྱེད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་ནི་གང་ཡིན་ཞེ་ན། འགའ་ཞིག་འདི་སྙམ་དུ་སེམས་པར་འགྱུར་ཏེ་བྱེད་པ་མ་ཡིན་

རྣམ་པར་བསྒྱུར་བ་མ་ཡིན་ཞེས་བྱ་བ་ནི་ཅི་ལ་ཡང་བརྗོད་པ་མ་ཡིན་ཏེ། གང་གི་ཕྱིར་ཕུང་པོ་ལྔ་པོ་རྣམས་ནི་ཟག་པ་དང་བཅས་པ་ཀུན་ཏུ་སྦྱོར་བ་ལ་སོགས་པ་རྣམས་ཀྱིས་བཅིངས་པ་སྟེ། དེ་རྣམས་ཀྱང་བཅིངས་པ་ཡང་ནས་ཡང་དུ་འཁོར་བ་ལ་ལས་དང་ཉོན་མོངས་

པ་རྣམས་ཀྱིས་བྱེད་པ་ཡིན་ནོ། །ཟག་པ་མེད་པ་ནི་ཕྱིས་གྲོལ་བར་འགྱུར་བ་དེའི་ཚེ་ན་རྣམ་པར་འགྱུར་བ་ཡིན་ཞེས་བྱ་བའོ། །དེའི་ཕྱིར་གསུངས་པ། གཟུགས་ནི་མ་བཅིངས་མ་གྲོལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་བཅིང་བ་དང་ཐར་པ་ཡོད་པར་གྱུར་

Vol. 94 · folio 47a

པ་ལ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པ་རྣམས་ནི་ཤིན་ཏུ་ཉིད་ཀྱིས་ཡོད་པ་མ་ཡིན། ཅིའི་ཕྱིར་འདི་རྣམས་ལ་བཅིང་བ་དང་གྲོལ་བ་གྲུབ་པ་ཡིན། ཀུན་བརྟགས་ཀྱི་དབང་གིས་དེ་དག་བཤད་པ་ཡིན་གྱི་དོན་དམ་པར་

ནི་མ་ཡིན་ཞེས་བྱ་བའི་དགོངས་པའོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱང་ཞེས་བྱ་བ་སྟེ། དེ་བཞིན་ཉིད་ཀྱང་གང་གི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་དང་སྒྲའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པས་ཀུན་བརྟགས་ཀྱི་རྣམ་པས་བཟུང་བ་ཡིན་ན་དེའི་ཚེ་དེ་ཡང་དེའི་རྣམ་པས་མེད་ཅེས་དེ་

ལྟར་བརྗོད་དོ། །གལ་ཏེ་གཟུགས་ལ་སོགས་པ་རྣམས་མེད་པའི་ཕྱིར་བཅིང་བ་དང་གྲོལ་བ་མེད་པ་དེ་ལྟར་ཡོད་ན་གཟུགས་ནི་མ་བཅིངས་མ་གྲོལ་བ་དེ་བཞིན་ཉིད་ཀྱང་དེའི་ཕྱིར་ཐ་སྙད་མི་འཐད་པ་ཞེས་བྱ་བར་དགོངས་ནས་རབ་འབྱོར་གྱི་ཚིག་རྗེས་སུ་བརྗོད་པ་སྔོན་དུ་འགྲོ་བས།

གང་པོས་སྨྲས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འོན་ཏེ་གཟུགས་གང་མ་བཅིངས་པ་ཞེས་བྱ་བ་ལ་སོགས་པ་ནས་ཇི་སྲིད་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཅེས་བྱ་བའི་བར་གྱི་དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་གཟུགས་ལ་སོགས་པ་ཡོད་ན་དེའི་ཚེ་དེ་ལ་ཡང་བཅིང་

བ་དང་གྲོལ་བ་དག་ཀྱང་ཡང་དག་པར་འབྱུང་བ་ཁོ་ན་སྟེ། འོན་ཏེ་མེད་ན་དེའི་ཚེ་གཟུགས་ནི་མ་བཅིངས་མ་གྲོལ་བ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་རིགས་པ་མ་ཡིན་ནོ། །དེ་ལ་རབ་འབྱོར་གྱི་ལན་ནི་སྒྱུ་མའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་སྒྱུ་མའི་སྐྱེས་བུ་ལ་གཟུགས་ལ་

སོགས་པ་མེད་པར་གྱུར་པ་ཉིད་ཐ་སྙད་དུ་བྱ་བ་དེ་བཞིན་དུ་འདི་ཡང་ཞེས་བྱ་བའི་དགོངས་པའོ། །དེ་ཞེས་བྱ་བ་ནི་མ་བཅིངས་མ་གྲོལ་བ་ཉིད་དོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་འཐད་པ་མངོན་པར་བརྗོད་པའི་ཕྱིར་དོགས་པར་བྱེད་དེ། གང་ཞིག་གཟུགས་ལ་སོགས་པ་རྣམས་ནི་

ཀུན་ཏུ་བརྟགས་པ་གང་ཞིག་ཡང་དེ་རྣམས་ཀྱི་དེ་བཞིན་ཉིད་རྣམས་ཀྱང་བཅིང་བ་མ་ཡིན་ལ་དེ་བཞིན་དུ་གྲོལ་བ་མ་ཡིན་ཏེ་མེད་པ་ཡིན་པའི་ཕྱིར་ཞེས་བྱ་བའོ། །གང་ཞིག་ཡང་འདི་སྒྱུ་མའི་སྐྱེས་བུ་རྣམས་ལ་སྐྱེས་བུ་ཞེས་བྱ་བའི་དོན་སྒྲོ་བཏགས་པ་དེ་ནི་མེད་པ་སྟེ། དེ་བཞིན་དུ་ཀུན་

Vol. 94 · folio 47b

བརྟགས་འདི་མེད་པའི་ཕྱིར་བཅིང་བ་དང་གྲོལ་བ་དག་མེད་དོ། །གང་ཞིག་ཡང་དེར་སྐྱེས་བུའི་རྣམ་པ་ཅན་གྱི་སྣང་བ་དེ་ནི་སྔགས་དང་རྒྱུད་ཀྱིས་བྱས་པའོ། །དེ་ནི་དབེན་པ་གསོ་བ་སྟེ་སྣང་བར་འགྱུར་བའི་ངོ་བོ་དེས་སྟོང་པའི་ཕྱིར་རོ། །བཅིང་བ་ལས་གཞན་དབང་གིས་རྣམ་པར་དབེན་པའི་

ཕྱིར་བཅིང་བ་དང་གྲོལ་བ་དག་ཡོད་པ་མ་ཡིན་ནོ། །གང་ཡང་ཤིང་ལ་སོགས་པའི་དོན་ནི་སྒྱུ་མའི་རྒྱུ་མཚན་དེ་ཡང་མི་སྐྱེ་བ་སྟེ། སྐྱེས་བུ་དེ་སྐྱེས་བུ་སྣང་བའི་ངོ་བོས་རང་བཞིན་ལ་གནས་པ་ཤིང་ལ་སོགས་པ་དེ་མ་སྐྱེས་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་མ་སྐྱེས་པ་ཀུན་བརྟགས་

པ་དང་། གཞན་དབང་གི་ངོ་བོ་དག་གིས་ཏེ། དེའི་ཕྱིར་དེ་ལ་ཡང་བཅིང་བ་དང་། གྲོལ་བ་དག་ཡོད་པ་མ་ཡིན་ནོ། །འདི་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་བསྡུ་བའོ། །གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་འདི་ཙམ་དུ་བརྗོད་པར་བྱ་བ་ལ།

ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བའི་ཚིག་ནི་འཇུག་པ་ལ་སོགས་པའི་དུས་སུ་ཡང་གོ་ཆ་ཡོངས་སུ་མི་འདོར་བའི་དོན་དུ་བལྟ་བར་བྱའོ། །འགའ་ཞིག་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་འདི་ཙམ་

འདོན་པ་ཡིན་ནོ། །རབ་འབྱོར་གྱིས་འདི་ལ་ཡང་གང་པོའི་ཡང་དག་པར་ཚིམ་པ་གསུངས་པ། དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་གོ་ཆ་ཆེན་པོ་བཤད་པ་ཡོངས་སུ་རྫོགས་པ་ལ་རབ་འབྱོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལ་ཞེས་

བྱ་བ་ལ་སོགས་པ་ངེས་པའི་དོན་དུ་དྲི་བར་བྱེད་དེ། བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། གོ་ཆ་ཆེན་པོ་བགོས་པ་ཡོད་བཞིན་པ་ཇི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བར་འབྲེལ་ཏོ། །དེ་

ལ་ཐེག་པ་ཆེན་པོའི་ངེས་པ་མེད་པས་དེ་ལ་ཡང་དག་པར་ཞུགས་པ་ཉིད་དང་དེ་ལ་ཡང་དག་པར་གནས་པ་ཉིད་དག་ཀྱང་མ་ངེས་པའི་ཕྱིར་རོ། །དེ་ལ་ཡང་དྲི་བར་བྱེད་དེ། ཐེག་པ་ཆེན་པོ་དེ་ནི་གང་ལགས་ཞེས་བྱ་བ་སྟེ་ཅི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིས་འགྲོ་བས་ན་ཐེག་

Vol. 94 · folio 48a

པ་ཞེས་བྱ་བ་སྟེ། འཕགས་པའི་ལམ་དང་གནས་དང་འགྲོ་བ་པོ་དང་སྒྲུབ་པ་རྣམས་མེད་པས་དེ་འཇུག་པ་ལ་སོགས་པ་མི་རིགས་པས་དེ་རྣམས་ལ་ངེས་པའི་དོན་དུ་དྲི་བར་བྱེད་དེ། གང་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དག་ནི་སླར་བཅོམ་

ལྡན་འདས་ཇི་ལྟར་ཞེས་བྱ་བ་འདིར། ཇི་ལྟར་ཞེས་བྱ་བ་བླངས་ནས་འདི་ལྟར་གྱི་སྒྲ་འདོན་པར་བྱ་སྟེ། ཐེག་པ་ཆེན་པོ་དེ་ནི་གང་ལགས། དེ་ལ་ཇི་ལྟར་ཡང་དག་པར་ཞུགས་པར་རིག་པར་བགྱི་ཞེས་བྱ་བར་འདོན་པར་བྱེད་དོ། །འོག་ནས་ཀྱང་དྲི་བ་དང་རྗེས་སུ་བརྗོད་པ་ལ་སོགས་པའི་

ངག་རྣམས་ལ་ཡང་ཇི་ལྟར་དེ་ལ་ཡང་དག་པར་ཞུགས་པར་རིག་པར་བྱའོ་ཞེས་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཡང་དག་པར་ཞུགས་པ་ཞེས་བྱ་བ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་འབྱུང་བ་ཞེས་བྱ་བ་དང་། འོན་ཀྱང་

གང་ནས་ཀྱང་ངེས་པར་འབྱུང་བ་མ་ཡིན། གང་གིས་ཀྱང་ཡང་དག་པར་ཞུགས་པ་མ་ཡིན། གང་དུ་ཡང་གནས་པར་མི་འགྱུར་མོད་ཀྱི་འོན་ཀྱང་གནས་མེད་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་ལ་ཞེས་བྱ་བ་འདོན་པ་ཡིན་ཏེ། འདོན་པ་འདི་ཐམས་

ཅད་སྔར་གྱི་པོ་ཏི་རྣམས་ལ་མེད་དེ་ལེགས་པར་འབྲེལ་པའི་དོན་ཡང་མེད་པས་དེའི་ཕྱིར་བཞག་པ་ཉིད་དོ། །སླར་ཡང་བཞག་པའི་རྒྱུ་གང་ཡིན་ཞེ་ན། འཕགས་པ་རྣམ་གྲོལ་སྡེའི་འགྲེལ་པ་ལས་དྲི་བ་རྣམ་པ་ལྔ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་གང་ལགས། ཇི་

ལྟར་ན་དེ་ལ་ཡང་དག་པར་ཞུགས་པར་རིག་པར་བགྱི་ཞེས་བྱ་བ་ལ་སོགས་པ་འདོན་ནོ། །དེ་ལྟར་ཡང་མངོན་པར་རྟོགས་པ་དང་སྦྱར་བ་བདེ་བླག་པ་ཡིན་པའི་ཕྱིར་འདོན་པ་དེ་དེར་རིགས་པ་ཡིན་ནོ། །བཅོམ་ལྡན་འདས་མ་དེ་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཉིད་ཀྱིས་སྔར་དྲིས་པ་

མེད་པའི་ཕྱིར་རོ། །འདི་ལ་ནི་ཇི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་སྔར་ཉིད་དུ་དྲིས་པའོ། །གལ་ཏེ་ཡང་ཇི་ལྟར་གྱི་སྒྲ་བསལ་ནས་འདི་ལྟར་ཞེས་བྱ་བ་བཞག་པ་དེ་ལྟར་ན་ཡང་འབྲེལ་པ་མེད་པ་ཉིད་དོ། །དེ་བཞིན་དུ་གནས་དང་གནས་རྣམས་ཞུ་གཏུགས་བྱས་

Vol. 94 · folio 48b

པ་རྣམས་ལ་འདོན་པ་མ་འབྲེལ་བ་སྟེ་བཞག་པ་མཐོང་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ལན་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་ཡང་ཐོག་མར་ཇི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་དྲི་བ་དེ་ལྟར་ན་ཡང་ཇི་སྲིད་དུ་ཐེག་པ་ཆེན་པོའི་རང་གི་ངོ་བོ་མི་བརྗོད་པ་དེ་སྲིད་དུ་ལེན་

འདེབས་པར་མི་ནུས་སོ་ཞེས་དང་པོ་ཐེག་པ་ཆེན་པོ་རང་གི་ངོ་བོ་ཉིད་གསུངས་པ། གཞལ་དུ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྟེ། གཞལ་དུ་མེད་པའི་ཐེག་པ་ལ་ཞེས་བྱ་བའི་དོན་ཏོ། །སྤྱོད་པ་དང་བསམ་པ་དང་དུས་དང་རྟེན་དང་སེམས་ཅན་གྱི་དོན་དང་འབྲས་བུ་ལ་ཞེས་དང་པོར་ཡང་གཞལ་

དུ་མེད་པའི་ཕྱིར་གཞལ་དུ་མེད་པ་སྟེ། སྤྱོད་པ་ནི་དཀའ་བ་རྣམ་པ་སྣ་ཚོགས་པ་དེ་དེའི་མདོ་རྣམས་འབྱུང་བ་ཡིན་ནོ། །བསམ་པ་གཞལ་དུ་མེད་པ་ཉིད་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་བསམ་པའོ། །དུས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་མཚན་ཉིད་ཅན་ནོ། །རྟེན་ནི་བསོད་ནམས་དང་

ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་བསྡུས་པའོ། །སེམས་ཅན་གྱི་དོན་ནི་འཁོར་བ་ཇི་ལྟར་སྐལ་བ་ཉིད་ཀྱིས་འཇུག་པ་དང་ཡོངས་སུ་སྨིན་པ་དང་རྣམ་པར་གྲོལ་བའི་མཚན་ཉིད་དོ། །འབྲས་བུ་ནི་སྐུ་གསུམ་གྱི་རང་བཞིན་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པའི་མཚན་ཉིད་

ཅན་གྱི་སངས་རྒྱས་ཉིད་དོ། །དེ་ལ་ཆོས་ཀྱི་སྐུ་ནི་གཞལ་དུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་གཞལ་དུ་མེད་པ་སྟེ་གཞལ་དུ་མེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་གཞལ་དུ་མེད་པའི་གཟུགས་རྣམས་ཀྱིས་གཞལ་དུ་མེད་པའི་ཕུན་

སུམ་ཚོགས་པ་ཡང་དག་པར་བསྟན་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ཡང་གཞལ་དུ་མེད་པ་སྟེ་གཞལ་དུ་མེད་པའི་རབ་ཏུ་དབྱེ་བ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་བུ་ལ་སོགས་པ་གཞལ་དུ་མེད་པ་རྣམས་དང་ལྡན་པའི་ཕྱིར་གཞལ་དུ་མེད་པའི་ཐེག་པ་གང་ཞིག་དེའི་ཚིག་བླ་དགས་ནི་རྗོད་པར་བྱེད་པའོ། །

འོན་ཏེ་གལ་ཏེ་གཞལ་དུ་མེད་པ་ཡིན་ན་དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་བྱས་པའི་དེ་ལ་ཇི་ལྟར་འཇུག་ཅེ་ན་གསུངས་པ། གཞལ་དུ་མེད་པ་ཞེས་བྱ་བ་འདི་ནི་ཚད་མ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ཀྱིས་གཞལ་དུ་མེད་པ་ཞེས་བརྗོད་པ་མ་ཡིན་

Vol. 94 · folio 49a

ནོ། །འོན་ཀྱང་གཅིག་དང་གཉིས་ལ་སོགས་པའི་གྲངས་རྣམས་ཀྱིས་གཞལ་བར་མི་ནུས་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐེག་པ་ཆེན་པོ་བཤད་ནས་གང་ཞིག་ཐེག་པ་ཆེན་པོ་དེར་དོར་བར་བྱ་བ་དེ་གསུངས་པ། ཁམས་གསུམ་ནས་ཞེས་བྱ་བ་སྟེ། །འདོད་

པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་ལས་སོ། །དེའི་ལམ་གསུངས་པ་ནི་གང་གིས་མི་དམིགས་པ་ཞེས་བྱ་བ་སྟེ། དམིགས་པ་མེད་པས་མི་དམིགས་པས་ན་སྟོང་པ་ཉིད་དོ། །དེས་ཇི་ལྟར་ཡང་དག་པར་ཞུགས་པ་ནི་དཔེར་ན་ལམ་གང་གིས་འགྲོ་གང་གིས་འཇིགས་

པ་མེད་པ་དེས་ཡང་དག་པར་ཞུགས་པ་ཞེས་བྱ་བའོ། །འདིས་ནི་རྒྱུ་དང་འབྲས་བུར་གྱུར་པའི་ཐེག་པ་ཆེན་པོའི་ཆོས་རྣམས་ཐམས་ཅད་ཉིད་ལ་སྟོང་པ་ཉིད་དུ་མཐོང་བར་རྣམ་པར་དག་པ་གསུངས་པ་ནི་འགྲོ་བའི་ཐེག་པ་ཆེན་པོ་ལ་གནས་གསུངས་པའོ། །ཐམས་ཅད་མཁྱེན་པ་ཉིད་ལ་གནས་

པར་འགྱུར་ལ་ཞེས་བྱ་བ་སྟེ། འདིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལས་ཁྱད་པར་གསུངས་སོ། །དེ་དག་ལ་ཡང་ཁམས་གསུམ་ལས་ངེས་པར་འབྱུང་བ་ཡོད་དེ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་གནས་པ་མ་ཡིན་ཞེས་བྱ་བར་དགོངས་པའོ། །རིམ་པ་འདིས་ཀྱང་

གང་གིས་ཇི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེར་ཡང་གནས་པར་གྱུར་ཞེས་བསྟན་པར་བྱེད་པ་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཉིད་བྱང་ཆུབ་སེམས་དཔའ་ལ་བསྟན་པ་ཡིན་ནོ། །གང་གི་ཕྱིར་ལམ་གཞན་གྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་།

གཞན་གྱི་ཐེག་པ་ལ་གནས་པ་དང་། གཞན་ལ་ཡང་སོང་ནས་ཐེག་པ་ལ་གནས་པ་དང་། གཞན་ལ་དེ་ལ་གནས་པ་ཞེས་སྲིད་པ་ཡོད་པ་མ་ཡིན་ནོ། །དེ་ལ་གང་ཞིག་གང་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་སྤྱོད་པས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་

དེ་རྣམས་ཐམས་ཅད་སྟོང་པ་ཉིད་ཀྱིས་རྣམ་པར་སྦྱོང་བར་བྱེད་ཅེས་བྱ་བ་ནི་དམིགས་པ་གང་ཡིན་པས་ཞེས་འདིས་བསྟན་ནོ། །འདི་ཡང་མོས་པས་སྤྱོད་པའི་ས་ལས་བརྩམས་ཏེ་བདུན་པའི་བར་འབད་པ་དང་བཅས་པ་མཚན་མ་དང་བཅས་པའི་སྤྱོད་པ་ལ་ཇི་སྲིད་རབ་ཏུ་

Vol. 94 · folio 49b

འཇུག་པར་གསུངས་སོ། །དེ་ལྟར་ཡང་ཡང་དག་པར་ཞུགས་པའི་ཆེན་པོ་ཉིད་ཀྱིས་སེམས་དཔའ་ཆེན་པོ་ཞེས་བསྟན་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་ལ་ཞེས་བྱ་བས་ས་བརྒྱད་པ་ལས་བརྩམས་ཏེ་ལྷུན་གྱིས་གྲུབ་པར་འབད་པ་རྣམ་པར་

མི་རྟོག་པའི་ཡེ་ཤེས་ཀྱི་འབྲས་བུར་གྱུར་པ་འདིར་ཐམས་ཅད་དུ་ལམ་གྱི་ངོ་བོ་ཐེག་པ་ཆེན་པོ་འདིས་སོང་ནས། འབྲས་བུར་གྱུར་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལ་གནས་པར་འགྱུར་ཞེས་བྱ་བས་ཐེག་པ་ཆེན་པོ་ལ་ཡང་དག་

པར་གནས་པ་ཞེས་བརྗོད་པ་ཡིན་ནོ། །འདིས་ནི་ཡང་དག་པར་གནས་པ་ཆེན་པོ་ཉིད་ཀྱིས་སེམས་དཔའ་ཆེན་པོ་ཞེས་བསྟན་པ་ཡིན་ནོ། །གང་ཡིན་གང་ཡང་དེས་ཞེས་བྱ་བའི་དྲི་བ་ལ་ལན་གསུངས་པ་ནི་འོན་ཀྱང་གནས་གང་ནས་ཀྱང་ངེས་པར་འབྱུང་བ་མེད་ཅེས་བྱ་བ་སྟེ། ངེས་

པར་འབྱུང་བར་བྱེད་པ་པོ་ནི་དོན་དམ་པར་འགའ་ཡང་མེད་དེ་གང་ཟག་དང་ཆོས་དག་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དགོངས་པའོ། །ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ངེས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལྷག་པར་འབྱུང་བ་ཡིན་ཏེ། དེ་ཞེས་བྱ་བ་ནི་ངེས་པར་མ་ཕྱུང་བའོ། །

ཅིའི་ཕྱིར་ཞེ་ན་གང་ཞེས་བྱ་བ་ནི་གང་ཟག་གམ་ཆོས་སོ། །གང་གིས་ཞེས་བྱ་བ་ནི་རྟོགས་ནས་ཆོས་ཀྱིས་སོ། །དེ་ལྟར་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་འདི་ནི་ཉེ་བར་བསྡུ་བའི་ངག་གོ། །འདིའི་འདོན་པ་ནི་རིགས་པ་ཁོ་ན་

སྟེ། འོན་ཀྱང་པོ་ཏི་རྙིང་པ་རྣམས་ལ་འདོན་པ་འདི་མཐོང་བ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་བརྗོད་པར་བྱ་བ་ཞེས་བྱ་བ་ནི་ཡང་སྐབས་གང་ཡིན། གཞལ་དུ་མེད་པའི་ཚིག་བླ་དགས་སོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་བཤད་པ་

སྔར་ཉིད་དུ་བྱས་པ་ཡིན་ཞེ་ན། འདི་ནི་བདེན་ཏེ། སྔར་གྱི་ལམ་གྱི་ངོ་བོ་ཐེག་པ་ཆེན་པོ་གཙོ་བོ་ཉིད་དུ་བཤད་པ་སྟེ། ད་ལྟར་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་བ་ཞེས་བྱ་བ་ངེས་པར་འབྱུང་བའི་སྐབས་སུ་ཐེག་པ་ཆེན་པོ་སངས་རྒྱས་བཤད་པ་ཡིན་ནོ། །དེའི་ཕྱིར་ད་

Vol. 94 · folio 50a

ལྟར་ཐེག་པ་ཆེན་པོ་འདིའི་འབྲས་བུའི་ངེས་པའི་ཚིག་ཅེས་བྱ་བའི་སྐབས་འདི་ཡིན་ནོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ཞེས་བྱ་བ་སྟེ། འདིར་སོང་བ་ནི་ཐེག་པ་ཞེས་བརྗོད་དེ་ངེས་པར་འབྱུང་བ་ཆེན་པོ་གང་ལ་ཡོད་པ་དེ་ནི་

ཐེག་པ་ཆེན་པོའོ། །གང་གི་ཕྱིར་འཇིག་རྟེན་གསུམ་ཟིལ་གྱིས་མནན་ནས་ཐམས་ཅད་ལས་ངེས་པར་འབྱུང་བ་དེའི་ཕྱིར་འདིའི་ངེས་པར་འབྱུང་བ་ཆེན་པོ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །དེ་ཉིད་ནི་ཆེན་པོ་ཉིད་སྒྲུབ་པར་བྱེད་དེ། ནམ་མཁའ་ལྟར་ཆེན་པོ་ཉིད་ཀྱིས་ཤེས་པར་

བྱ་བ་སྟེ། རྒྱུ་གསུམ་གྱི་ནམ་མཁའ་ནི་གཟུགས་མེད་པར་བསྟན་ཏེ། གོ་འབྱེད་པ་ཆེན་པོ་ཉིད་ཀྱིས་ཏེ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པ་ཉིད་ཀྱིས་སོ། །དུས་གསུམ་དུ་མ་བསྡུས་པ་ཉིད་ཀྱིས་ཏེ་ཇི་ལྟར་ནམ་མཁའ་ནི་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་མ་གཅིག་ལ་འདོད་པ་ཇི་ལྟ་

བར་སྤྱོད་ལམ་ཐམས་ཅད་ཀྱིས་གནས་པ་ན་གནོད་པ་མེད་པར་ཆེན་པོའི་གོ་སྐབས་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ལ་ཅིག་ཅར་སྐད་ཅིག་མ་གཅིག་ལ་སེམས་ཅན་ཐམས་ཅད་ཀྱང་འོངས་ནས་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམས་ལ་གནས་ནས་རྣམ་པར་གནས་པར་འགྱུར་བར་གནོད་པ་གང་ཡང་ཡོད་པ་མ་ཡིན་ཞེས་གོ་སྐབས་ཆེན་པོ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་ནམ་མཁའ་ནི་དུས་འདི་ལ་འོང་བ་ནི་སྐྱེས་པ་ཞེས་སམ་འགྲོ་བ་ནི་འགག་པ་ཞེས་ཡོད་པ་མ་ཡིན་པ་གནས་པའི་

མཚན་ཉིད་ཀྱི་དབང་གིས་གནས་པ་ཞེས་བརྗོད་པར་མི་ནུས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་ངོ་། །ཇི་ལྟར་ཡང་ནམ་མཁའ་ནི་སྔོན་གྱི་དུས་ན་ཡོད་པར་གྱུར་པ་དུས་འདི་ལ་ཕྱི་མའི་མཐའ་ལ་ཡོད་པར་འགྱུར། དུས་འདི་ལ་དབུས་ཀྱི་མཐར་ཡོད་པ་ཞེས་བརྗོད་པར་ནུས་པ་མ་ཡིན་པ་དེ་

བཞིན་དུ་ཐེག་པ་ཆེན་པོ་ཡང་ཞེས་བྱ་བའོ། །དེའི་གོ་རིམས་ཀྱིས་སྒོ་གསུམ་ནས་བསྟན་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་གྱིས་གསུངས་པ་ཉིད་ཀྱི་རྣམ་གྲངས་ལ་མངོན་པར་བསྟོད་པར་བྱེད་དེ། ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པས་སོ། །

Vol. 94 · folio 50b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་ལ་ཐེག་པ་ཆེན་པོ་གཞན་དག་རྣམས་ཀྱི་སྐབས་མ་ཡིན་པའི་དོགས་པ་བསལ་བའི་དོན་དུ་གང་པོའི་དྲི་བའོ། །གནས་བརྟན་རབ་འབྱོར་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་ནི་བསྟན་པ་བརྩམས་པ་ལ་བཅོམ་ལྡན་འདས་ཀྱིས་རབ་

འབྱོར་སྤོབས་པར་བྱོས་ཤིག་ཅེས་བྱ་བ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་བྱིན་གྱིས་བརླབས་པ་དེ་ལྟར་ནི་ཐེག་པ་ཆེན་པོའི་བཤད་པ་བྱས་པར་གྱུར་ཞེས་དྲི་བར་བྱེད་དེ། བཅོམ་ལྡན་འདས་ཀྱིས་བདག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་དང་ཐེག་པ་ཆེན་པོ་དག་ལ་ཐ་མི་དད་པའི་ཕྱིར་ཐེག་པ་ཆེན་པོ་བཤད་པ་བྱས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པར་འགྱུར་ཞེས་བྱ་བའི་དགོངས་པའོ། །དགོངས་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དེ། རྗེས་སུ་མཐུན་པར་སྟོན་ཏོ་ཞེས་བྱ་བ་སྟེ་ཁྱོད་ནི་ཐེག་པ་ཆེན་

པོ་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པར་བྱེད། རང་བཞིན་མེད་པར་ཤེས་པ་ཡང་དེ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་བསྟན་པའི་ས་བོན་གྱི་ངག་རྣམས་

འཆད་པར་བྱེད་ཅིང་བསྟན་པའི་སྐབས་སྐྱེད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཡང་ཉེ་བར་མ་རྟོགས་ཞེས་བྱ་བ་ལ་སོགས་པས་སོ། །བྱང་ཆུབ་སེམས་དཔའ་ནི་ཡོད་པར་གྱུར་ཡོད་པར་འགྱུར་ཡོད་ཅེས་བྱ་བའི་དུས་གསུམ་ལ་ཡང་བྱང་ཆུབ་སེམས་དཔའ་མི་དམིགས་ཞེས་གསུངས་པའོ། །

གང་གི་ཕྱིར་མཐའ་གསུམ་པོ་འདི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་མི་དམིགས་པ་དེའི་ཕྱིར་མཐའ་མེད་པས་བྱང་ཆུབ་སེམས་དཔའ་མུ་མ་མཆིས་ཞེས་སྟོན་ཅིང་འོག་ཏུ་གཟུགས་མུ་མ་མཆིས་པས་ན་བྱང་ཆུབ་སེམས་དཔའ་ཡང་མུ་མ་མཆིས་པར་རིག་པར་བགྱིའོ་ཞེས་བྱ་བ་ལ་སོགས་པས་གསུངས་

སོ། །གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ལ་མཐའ་གསུམ་དང་མེད་པ་ཉིད་ཀྱིས་མུ་མ་མཆིས་པ་ཉིད་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མུ་མ་མཆིས་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཟུགས་ལ་སོགས་པ་རྣམས་ལ་མུ་མ་མཆིས་པ་ཉིད་ཀྱིས་བྱང་

Vol. 94 · folio 51a

ཆུབ་སེམས་དཔའ་མུ་མ་མཆིས་པ་ཉིད་ཅེས་བརྗོད་ན། འོ་ན་དེ་ལྟར་གཟུགས་ལ་སོགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ཞེས་ཐོབ་པར་འགྱུར་རོ། །དེའི་ཕྱིར་གསུངས་པ། གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ནི་བྱང་ཆུབ་

སེམས་དཔའོ་ཞེས་ཉེ་བར་མ་རྟོགས་པ་ནི་མ་རྟོགས་པ་མ་ཡིན་ནོ། །གང་གི་ཕྱིར་འདི་ཡང་མ་མཆིས་མི་དམིགས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་དུས་གསུམ་ལ་བྱང་ཆུབ་སེམས་དཔའ་མི་དམིགས་པས་གཟུགས་ལ་སོགས་པ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་མི་དམིགས་པའི་ཕྱིར་རོ། །བྱང་ཆུབ་

སེམས་དཔའ་མི་དམིགས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཟུགས་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཞེས་འདོན་པ་ལ་ཡང་དོན་འདི་ཉིད་དོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་ཚོགས་ཀྱི་དབྱེ་བ་ཐམས་ཅད་ཀྱིས་སོ། །ཐམས་

ཅད་ཀྱིས་ཞེས་བྱ་བ་ནི་ཐམས་ཅད་ཇི་ལྟར་གྱུར་པ་ཚོགས་རྣམས་ཀྱི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་ཚོགས་དེ་རྣམས་ལ་གཅིག་ནི་ཐམས་ཅད་དོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་རང་རང་གིས་གཞན་རྣམས་ཐམས་ཅད་ཀྱི་མི་དམིགས་པ་སྟེ་དེ་རྣམས་ཀྱིས་སྟོང་

པའི་ཕྱིར་རོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་མི་དམིགས་པས་སྐུར་པ་འདེབས་པ་བྱེད་པར་མི་ནུས་ཞེས་བྱ་བ་ཉེ་བར་བསྟན་ནས་ཡུལ་ལ་ལྟོས་ནས་ཀྱང་མི་ནུས་པ་ཉིད་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་བུ་ལ་ལྟོས་ནས་ཀྱང་

གསུངས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མང་བར་འགྱུར་བ་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལ་སོགས་པ་མི་དམིགས་པས་གདམས་པ་དང་རྗེས་སུ་བསྟན་པ་དང་ཡོད་པ་མ་ཡིན་ཞེས་བྱ་བའོ། །སྔར་བཤད་

པ་ཉིད་ཀྱི་དོན་འཆད་པར་བྱེད་དེ། བཅོམ་ལྡན་འདས་བདག་གིས་ཞེས་བྱ་བ་ལ་སོགས་པས་སོ། །ཆོས་དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་སྐབས་ཀྱིས་གོ་བར་བྱའོ། །

Vol. 94 · folio 51b

ཆོས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའོ། །ཆོས་ཀྱིས་ཞེས་བྱ་བ་ནི་ལམ་དུ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བས་སོ། །ཆོས་གང་ལ་ཞེས་བྱ་བ་ནི་འབྲས་བུར་གྱུར་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ཐོབ་པར་བྱ་བ་ལའོ། །གདམས་ཤིང་ཞེས་བྱ་བ་ནི་ཐོབ་

པའི་དོན་དུ་ཅུང་ཟད་ཀྱང་མ་ཡིན་ཏེ་གང་གིས་ཀྱང་གང་དུ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཉིད་དེ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ནི་མིང་ཙམ་མོ་ཞེས་བྱ་བ་ནི་འདི་ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཀུན་ཏུ་བརྟགས་

པ་ཙམ་ཞེས་བསྟན་པར་བྱེད་དེ། དེ་ལྟར་འདི་ཐམས་ཅད་དོན་དམ་པར་མེད་ཅེས་ཉེ་བར་བསྟན་ནས་ཆོས་མཐུན་པ་ཉིད་གསུངས་པ་ནི་ཇི་ལྟར་བདག་བདག་ཅེས་བརྗོད་ཀྱང་བདག་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། མཐའ་གཅིག་པ་ཉིད་ཀྱིས་མེད་པའི་ཕྱིར་སྐྱེ་བ་མེད་པས་མངོན་པར་མ་གྲུབ་པ་

ཇི་ལྟར་གྱི་སྒྲ་དང་སྐབས་ཀྱིས་ཀྱང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་གོ་བ་ཡིན་ཏེ། འདིས་ནི་མངོན་པར་གྲུབ་པའི་མཚན་ཉིད་འདི་པ་གསུངས་སོ། །འོག་ནས་མངོན་པར་མ་གྲུབ་པའི་མཚན་ཉིད་མེད་པ་གསུངས་པའོ། །དེ་ལྟར་ངོ་བོ་ཉིད་མ་མཆིས་པ་ལ་ཞེས་

བྱ་བ་ལ་སོགས་པ་སྟེ། བྱིས་པ་རྣམས་ཀྱིས་བརྟགས་པའི་ངོ་བོས་མ་བཟུང་བ་ཉིད་དང་མངོན་པར་མ་གྲུབ་པའི་མཚན་ཉིད་ཀྱང་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཀུན་ཏུ་བརྟགས་པའི་གཟུགས་ལ་སོགས་པ་རྣམས་ཀྱིས་མ་ཡིན་ཞེས་བྱ་བར་དགོངས་པའོ། །དེ་ལྟར་ཀུན་ཏུ་བརྟགས་

པའི་ངོ་བོ་ཉིད་མེད་པའི་ཕྱིར་གདམས་པ་ལ་མི་ནུས་པ་ཉིད་བསྟན་པ་ཡིན་ནོ། །འོ་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོད་པའི་ཕྱིར་གདམས་པ་ལ་ནུས་པ་ཉིད་ཡོད་པར་འགྱུར་ཞེས་བྱ་བའི་དོགས་པ་བསལ་བའི་དོན་དུ་ཡོངས་སུ་གྲུབ་པ་ཉིད་རེ་ཞིག་ངོ་བོ་ཉིད་བསྟན་པར་བྱེད་དེ། དེ་ལྟར་ཆོས་དེ་

དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཀྱིས་གང་ཞིག་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་སྟོང་པ་ཉིད་དེ་ནི་མངོན་པར་མ་གྲུབ་པ་ཞེས་བྱ་བ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །འོན་ཏེ་སྟོང་པ་ཉིད་ནི་ཆོས་ཉིད་

Vol. 94 · folio 52a

དེ་གལ་ཏེ་དེ་ཀུན་ཏུ་བརྟགས་པ་ལས་ཐ་མི་དད་ན་དེའི་ཚེ་འཁྲུལ་པ་ཟད་པ་ལ་སྟོང་པ་ཉིད་ཀྱང་ཟད་པར་འགྱུར་རོ། །འོན་ཏེ་སྟོང་པ་ཉིད་རྟག་པ་ཡིན་ན་དེའི་ཚེ་དེ་དང་ཐ་མི་དད་པའི་ཕྱིར་འཁྲུལ་པ་ཡང་རྟག་པར་འགྱུར་ཞེ་ན་འདིའི་ཕྱིར་གསུངས་པ། གང་

ཞེས་བྱ་བ་ལ་སོགས་པ་སྟེ། གང་ཞིག་ཡོངས་སུ་གྲུབ་པའི་ངོ་བོ་དེ་རྣམས་འཁྲུལ་པའི་རང་བཞིན་ཀུན་ཏུ་བརྟགས་པའི་ཆོས་རྣམས་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་གསུངས་པ། མིང་ནི་གང་དང་གང་གིས་ཀྱང་། །ཆོས་ནི་གང་ཞིག་མངོན་པར་བརྗོད། །ཀུན་ཏུ་

བརྟགས་པ་ཉིད་འདི་སྟེ། །རང་བཞིན་ཡོད་པ་མ་ཡིན་ནོ། །གཞན་ནི་དབང་གི་ངོ་བོ་སྟེ། །རྣམ་རྟོག་རྐྱེན་ལས་བྱུང་བ་སྟེ། །ཡོངས་གྲུབ་དེ་ཡི་སྔར་དུ་ཡང་། །རྟག་ཏུ་གང་ཞིག་བྲལ་བ་ཉིད། །དེ་ཉིད་ཕྱིར་ཡང་གཞན་མ་ཡིན། །མི་གཞན་མ་ཡིན་གཞན་དབང་ལས། །བརྗོད་

བྱ་མི་རྟག་ལ་སོགས་བཞིན། །ཞེས་བྱ་བའོ། །གཞན་དབང་དེའི་ཕྱིར་གྱི་ཀུན་ཏུ་བརྟགས་པས་བྲལ་བ་ཉིད་ཅེས་བྱ་བ་ནི་གཞན་དབང་གི་ཆོས་ཀྱིས་སོ། །དེའི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་དག་གིས་བརྗོད་པར་བྱ་བ་མ་ཡིན་པ་ཆོས་ཉིད་ཀྱི་ངོ་བོ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་

པ་དང་བཅས་པའི་གནས་སྐབས་སུ་གསུངས་སོ། །རྣམ་པར་བྱང་བའི་གནས་སྐབས་སུ་ནི་གཞན་དབང་ཆད་པ་ཉིད་དེའི་དམིགས་སོ། །དེའི་ཚེ་ན་ཡང་ཆོས་ཉིད་ཅེས་བྱ་བའོ། །སྔོན་གྱི་རྗེས་སུ་འགྲོ་བ་ཐ་སྙད་དོ། །ཇི་སྐད་དུ་གསུངས་པ། གླང་པོ་ཆེ་ནི་མི་དམིགས་པས། །དེ་ཡི་རྣམ་པའི་

རྣམ་པ་བྲལ། །ཞིང་གི་ཉེ་བར་དམིགས་པ་ཡང་། །ཇི་ལྟར་ཅིག་ཅར་སྒྱུ་མ་ལའོ། །བསྟན་བཅོས་ལས་ཀྱང་། ཡང་དག་མ་ཡིན་ཀུན་བརྟགས་ཉིད། །དེ་ཕྱིར་འདི་ལས་གྲུབ་པ་ཡིན། །ཐམས་ཅད་ཡོད་ཕྱིར་དེ་ལྟར་མེད། །དེ་ཟད་པས་ན་གྲོལ་བར་འདོད། །ཅེས་བྱ་བའོ། །གཞན་དབང་

དེ་ཟད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ཀུན་ཏུ་བརྟགས་པ་ལས་ཐ་དད་པ་ཉེ་བར་བསྟན་པ་ལའོ། །ཡོངས་སུ་གྲུབ་པའི་དབང་དུ་མཛད་ནས་གསུངས་པ་ནི་ཅི་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། དོན་དམ་པར་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཆོས་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་

Vol. 94 · folio 52b

ཕྱིར་མངོན་པར་མ་གྲུབ་པའི་མཚན་ཉིད་དོ། །དེའི་ཕྱིར་དེ་རྣམས་ལ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་གདམས་པ་ལ་མི་ནུས་པ་ཉིད་ཅེས་བྱ་བའི་དགོངས་པའོ། །བཤད་མ་ཐག་པའི་དོན་བསྟན་པར་བྱ་བའི་ཕྱིར་གསུངས་པ། མངོན་པར་མ་གྲུབ་པ་ལས་གཞན་ན་ཞེས་བྱ་བ་སྟེ། །ཆོས་ཐམས་

ཅད་དམ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཤེས་བྱ་རྣམས་སོ། །སངས་རྒྱས་ཆོས་སམ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་རྟོགས་པ་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའི་ཆོས་སམ་ཞེས་བྱ་བ་ནི་སྔར་ཐོབ་པའི་ཡོན་ཏན་རྣམས་སོ། །གང་བྱང་ཆུབ་ཏུ་སྤྱོད་པ་ལ་ཞེས་བྱ་བ་ནི་བྱང་

ཆུབ་སེམས་དཔའོ། །འདི་རྣམས་ཐམས་ཅད་དོན་དམ་པའི་གནས་སྐབས་སུ་མངོན་པར་མ་གྲུབ་པ་ལས་གཞན་དུ་ཞེས་སྟོང་པ་ཉིད་ལས་ཐ་དད་པས་དམིགས་པ་མ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྟོང་པ་ཉིད་ཁོ་ན་དེའི་ཚེ་འབའ་ཞིག་ལྷག་པར་འགྱུར་བ་ཡིན་ནོ། །

དེ་བས་ན་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་གདམས་པ་ཡང་དག་པར་ཡོད་པ་མ་ཡིན་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་དོན་དམ་པའི་ངོ་བོ་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་བསྟན་ནས། དོན་དམ་པའི་སྤྱོད་པ་བཤད་པར་བྱེད་དེ། བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་

པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་མདོར་བསྟན་པའོ། །སྒོམ་པའོ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །འགའ་ཞིག་ཏུ་ནི་ཉེ་བར་རྟོག་པ་དང་ངེས་པར་བསམ་པའོ་ཞེས་བྱ་བ་འདོན་པ་སྟེ། དེ་ལ་སྒོམ་པའོ་ཞེས་བྱ་བས་ཞི་གནས་སྨྲས་པ་ཉེ་བར་རྟོག་པ་ནི་

ལྷག་མཐོང་ངོ་། །ངེས་པར་སེམས་པ་ནི་ཞི་གནས་དང་ལྷག་མཐོང་དག་གོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཡིད་ལ་བྱེད་པ་ཉེ་བར་བསྟན་ནས། དེའི་འབྲས་བུ་རྒྱས་པར་བཤད་པར་འདོད་ཅིང་དོགས་པར་བྱེད་དེ། དེ་ཅིའི་སླད་དུ་ཞེ་ན། དེ་ནི་རྣམ་པར་མི་རྟོག་པའི་ཡིད་ལ་བྱེད་པ་

དོགས་པ་གང་གིས་སོ། །ཆོས་འདི་དག་ཅེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་ཕྱོགས་པར་བྱས་པའོ། །གཟུགས་ཉེ་བར་མི་རྟོགས་ཞེས་བྱ་བ་ནི་སྔ་རོལ་དུ་མིང་གིས་མི་རྟོགས་སོ། །གཟུགས་ཉེ་བར་མི་འཛིན་ཞེས་

Vol. 94 · folio 53a

བྱ་བ་ནི་དེ་ནས་ཡིད་ཀྱིས་འཛིན་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཞེས་རྟོག་པ་ལ་གཏན་ཚིགས་ཉིད་སྙིང་པོ་ཅན་དུ་གསུངས་པ། གཟུགས་སྐྱེ་བར་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ཀུན་བརྟགས་ཀྱི་གཟུགས་ལ་སྐྱེ་བ་དང་འགག་པ་དག་མི་མཐོང་

སྟེ། དེ་བས་ན་དེ་མི་རྟོགས་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་པ་ཞེས་བྱ་བ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ནི་སྐྱེ་བ་མེད་པའི་རང་བཞིན་ཏེ་དེའི་ཕྱིར་སྐྱེ་བ་མེད་པ་ལ་ཀུན་བརྟགས་ཀྱི་མཚན་ཉིད་རང་བཞིན་མ་ཡིན་པ་གསུངས་པ་

ཡིན་ནོ། །གཟུགས་ཀྱི་འཇིག་པ་མ་མཆིས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ་ཞེས་བྱ་བ་ནི་མེད་པའི་ངོ་བོ་ལ་ཀུན་བརྟགས་པའི་རྣམ་པ་འགྱུར་བ་ཡིན་ནོ། །དེའི་ཕྱིར་འཇིག་པ་ཞེས་བརྗོད་དོ། །གང་ཡང་ཀུན་བརྟགས་ཀྱི་གཟུགས་ལ་བརྟགས་པའི་འཇིག་པ་

དེ་ནི་ཆོས་ཉིད་ཀྱི་གཟུགས་མ་ཡིན་ནོ། །མི་འཇིག་པ་ཞེས་བྱ་བའི་འདོན་པ་ལ་འཇིག་པ་ནི་འཇིག་པ་སྟེ་དེ་མེད་པས་ན་མི་འཇིག་པ་སྟེ་ཡོངས་སུ་གྲུབ་པའི་རང་བཞིན་ནོ། །དེ་ལ་ཀུན་བརྟགས་ཀྱི་མཚན་ཉིད་མེད་པ་གསུངས་པ་ཡིན་ནོ། །དེས་ན་སྐྱེ་བ་མ་མཆིས་པ་དང་གཟུགས་

ཞེས་བྱ་བ་འདི་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་སོ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ལ་སྐྱེ་བ་མེད་པའི་རང་བཞིན་གྱི་ཕྱིར་སྐྱེ་བ་མེད་པ་ལ་ཡང་ཆོས་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་གཟུགས་ཞེས་བྱ་བ་དང་སྐྱེ་བ་མེད་ཅེས་བྱ་བ་གཅིག་པ་ཁོ་ན་སྟེ་སོ་སོར་

མ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ན་འཇིག་པ་དང་གཟུགས་ཞེས་བགྱི་བ་འདི་ཡང་གཉིས་སུ་བགྱིར་མ་མཆིས་ཞེས་བྱ་བ་སྟེ་གཟུགས་དང་འཇིག་པ་ཡང་གཉིས་ཀ་བཏགས་པ་ཡིན་པའི་ཕྱིར་མེད་པ་ཉིད་ཀྱིས་གཅིག་པ་ཉིད་ཅེས་བྱ་བའི་དོན་ཏོ། །འཇིག་པ་མེད་ཅེས་བྱ་བའི་འདོན་པ་

ལ་ཆོས་ཉིད་ཀྱི་གཟུགས་ལ་མི་འཇིག་པའི་རང་བཞིན་ཉིད་ཀྱི་ཕྱིར་མི་འཇིག་པ་ལ་ཡང་ཆོས་ཉིད་ཀྱི་རང་བཞིན་གྱི་ཕྱིར་གཅིག་པ་ཉིད་ཅེས་བྱ་བའི་དོན་ཏོ། །གཟུགས་ཞེས་བགྱི་བ་ནི་གཉིས་སུ་མེད་པ་ལ་ཆོས་ཉིད་ཀྱི་ཕྱིར་གཅིག་པ་ཉིད་ཅེས་བྱ་བའི་དོན་ཏོ། །གཟུགས་ཞེས་བགྱི་བ་

Vol. 94 · folio 53b

འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་གཏོགས་སོ་ཞེས་བྱ་བ་སྟེ་གཉིས་སུ་མེད་པ་ཞེས་བྱ་བ་ནི་ཆོས་ཉིད་དོན་དམ་པའོ། །དོན་དམ་པ་དེའི་གྲངས་འདི་ལྟ་སྟེ་གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པས་དེ་ཅི་ཞིག་གསུངས་པར་འགྱུར་ཆོས་ཉིད་ཀྱི་གཟུགས་དང་ཆོས་ཉིད་ཚོར་བ་ཇི་སྲིད་དུ་ཆོས་

ཉིད་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་གཅིག་པ་ཉིད་གཉིས་སུ་མེད་པའི་དོན་དམ་པ་རྣམ་པ་མང་པོ་བྱས་ནས་མངོན་པར་བརྗོད་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཉེ་བར་བསྡུ་བ་གསུངས་པ་ནི་དེ་ལྟར་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ལས་གཞན་

དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་ནས། གནས་བརྟན་དག་གིས་སྨྲས་པའི་དྲི་བ་དང་ལན་དག་སྟོན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་པ་ཡིན་ནོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་སྒྲས་བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་བརྗོད་པ་ཡིན་ནོ། །

དེ་ཡང་བྱང་ཆུབ་ཀྱི་རང་བཞིན་ལས་བདག་ཉིད་གཅིག་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔས་ཐོབ་པ་ཉིད་ཅེས་བྱ་བའོ། །དཀའ་བ་སྤྱད་པ་སྤྱོད་པའམ། ནང་གི་བདག་ཉིད་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ལ་སོགས་པའི་མཚན་ཉིད་གནོད་པ་ཉིད་དུ་འགྱུར་རོ། །སྦྱོར་བའི་

བརྩོན་འགྲུས་ཀྱི་དཀའ་བ་སྤྱོད་པ་ཉེ་བར་བསྟན་ནས། གོ་ཆའི་བརྩོན་འགྲུས་ཀྱི་ཡང་གསུངས་པ། སྡུག་བསྔལ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྡུག་བསྔལ་གང་ཡིན་པ་དེ་དག་ཉམས་སུ་མྱོང་བའི་དོན་དུ་སྤྲོ་བ་ཅི་ཞིག་ཅེས་བྱ་བ་ནི་ངན་སོང་ཐམས་ཅད་ནས་སྐྱེས་པ་རྣམས་

ཀྱིས་སེམས་ཅན་རེ་རེའི་དོན་གྱི་ཕྱིར་དེ་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཕྱིར་རོ། །རང་ཉིད་ཀྱིས་དེ་དང་དེའི་སྡུག་བསྔལ་ཉམས་སུ་མྱོང་བ་ཁས་བླངས་པས་སེམས་ཅན་རྣམས་ཀྱི་དོན་དུ་དེ་རྣམས་ཀྱང་ཅིའི་ཕྱིར་ཉམས་སུ་མྱོང་བར་བྱེད་དེ། བྱང་ཆུབ་ཐོབ་པ་ཉིད་ཀྱི་ཕྱིར་

དཀའ་བའི་སྤྱོད་པ་མ་ཡིན་དེ་ཡང་རྣམ་པར་གཞག་པ་མ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །ཁོ་བོ་ནི་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་པ་སྤྱོད་པར་མི་འདོད་དོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པར་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་པའི་ཕྱིར་གསུངས་པ། བྱང་ཆུབ་

Vol. 94 · folio 54a

སེམས་དཔའ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་གང་གི་ཚེ་ཆོས་ཐམས་ཅད་མི་དམིགས་པ་དེའི་ཚེ་སྐྱེས་རབས་ལ་སོགས་པས་བྱས་པའི་དཀའ་བ་སྤྱོད་པ་རྩོམ་པ་ཡིན་ནོ། །དེའི་ཚེ་ན་ཡང་འགའ་ཞིག་ཏུ་ཡང་མི་དམིགས་པ་ཡིད་

ལ་བྱེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་མགོ་གཅོད་པ་ལ་སོགས་པའི་དཀའ་བ་སྤྱོད་པའི་འདུ་ཤེས་སམ་སྡུག་བསྔལ་གྱི་འདུ་ཤེས་རབ་ཏུ་འཇུག་པ་མ་ཡིན་ཞེས་སྟོན་པར་བྱེད་དོ། །ཡང་ཞེས་བྱ་བ་ལ་སོགས་པས་ལན་གཉིས་པ་ཡིན་ནོ། །སྤྱོད་པ་མ་ཡིན་ཞེས་བྱ་

བ་ནི་འགྲུབ་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འཐད་པ་གསུངས་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྟེ། བདེ་བའི་འདུ་ཤེས་ཉིད་ནི་ཇི་ལྟར་ཡིན་ཞེ་ན་གསུངས་པ། སེམས་ཅན་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་བ་ཐོག་མ་མེད་པ་ནས་སེམས་ཅན་ཐམས་

ཅད་ཀྱི་མ་ཉིད་ལ་སོགས་པ་ཡང་དག་པར་འབྱུང་བའི་ཕྱིར་འདི་ལྟར་གསུངས་སོ། །འདུ་ཤེས་ཀྱི་རབ་ཉིད་གསུངས་པ་ནི་ཇི་སྲིད་དུ་བདག་ཉིད་ཀྱི་བར་དུ་ཡང་འདུ་ཤེས་བསྐྱེད་པར་བྱ་སྟེ། ཇི་ལྟར་བདག་ནི་ཞེས་བྱ་བ་ལ་སོགས་པའོ། །སྡུག་བསྔལ་ཐམས་ཅད་ནི་ཟག་པ་དང་

བཅས་པའི་ཕུང་པོ་ལྔ་རྣམས་ཐམས་ཅད་དོ། །དེ་རྣམས་ཐམས་ཅད་ལས་ཐར་བར་བྱའོ། །ཐམས་ཅད་ནས་ཞེས་བྱ་བ་ནི་འགྲོ་བ་གཞན་མ་ཡིན་པའི་དབྱེ་བ་ཐམས་ཅད་ཀྱིས་སོ། །ཐམས་ཅད་ཅེས་བྱ་བ་ནི་སྡུག་བསྔལ་གསུམ་གྱིས་སོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་

རྣམ་པར་རྟོག་པ་ཐམས་ཅད་ཀྱིས་སོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། །ཐར་བར་བྱ་བ་ནི་སྡུག་བསྔལ་གྱི་ཕུང་པོ་ལས་ཞེས་བྱ་བའོ། །སྡུག་བསྔལ་ནི་སྤུངས་པ་ལས་སོ། །གནོད་སེམས་ནི་ཁོང་ཁྲོ་བའོ། །འདི་ནི་ཀུན་རྫོབ་ཏུ་ཡང་དཀའ་བའི་འདུ་ཤེས་མེད་

པ་བསྟན་པ་ཡིན་ནོ། །སྔར་ནི་དོན་དམ་པར་དཀའ་བའི་རྣམ་པར་རྟོག་པ་མེད་པར་ཉེ་བར་བསྟན་ཏོ། །དཔེས་གསལ་བར་བྱེད་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་སོ། །ཇི་ལྟར་བདག་མེད་པ་ཐམས་ཅད་ནས་ཞེས་བྱ་བ་ནི་བདག་དང་སེམས་ཅན་དང་སྲོག་ལ་སོགས་པ་དབྱེ་བ་ཐམས་ཅད་

Vol. 94 · folio 54b

ཀྱིས་སོ། །ཐམས་ཅད་ནི་ཇི་ལྟར་གྱུར་པ་མཐོང་བར་བྱ་བ་དང་མཐོང་བར་བྱ་བ་མ་ཡིན་པ་ལ་སོགས་པའི་དབྱེ་བས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ལས་ཐ་དད་པ་དང་ཐ་མི་དད་པས་སོ། །ཐམས་ཅད་ཅེས་བྱ་བ་ནི་དུས་ཐམས་ཅད་ལའོ། །

ཇི་ལྟར་བདག་དེ་ལྟར་ཆོས་རྣམས་ཐམས་ཅད་ཡོད་པ་མ་ཡིན་ནོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་ཚོགས་ཀྱི་དབྱེ་བ་ཐམས་ཅད་ཀྱིས་སོ། །ཐམས་ཅད་ཅེས་བྱ་བ་ཇི་ལྟར་ཡིན་པ་ཚོགས་རྣམས་ལ་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཞེས་

བྱ་བ་ནི་རབ་ཏུ་དབྱེ་བ་ཐམས་ཅད་ལས་བདག་ཉིད་དང་གཞན་རྣམས་ལ་ཐམས་ཅད་དང་ཐམས་ཅད་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །སྔར་ནི་གནས་བརྟན་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མེད་ཅེས་བྱ་བ་དགོངས་པ་གང་གིས་གསུངས་པ་དེའི་

ལན་གདབ་པའི་དོན་དུ་གསལ་བའི་ཕྱིར་རབ་འབྱོར་གྱིས་སྨྲས་པ། གང་ཡང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པའི་ཕྱིར་སྐྱེ་བ་མེད་པའི་ངོ་བོ་ཉིད་དང་བྱང་ཆུབ་སེམས་དཔའ་ལ་འབྲས་

བུའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཡིན་མོད། ཐམས་ཅད་མཁྱེན་པ་ཉིད་ནི་འབྲས་བུའི་རང་བཞིན་ཏེ་དེའི་ཕྱིར་ཇི་ལྟར་སྐྱེ་བ་མེད་པ་ཡིན་ཞེས་གདུལ་བྱའི་སྐྱེ་བོ་ལ་ལྟོས་ནས་མི་སྲིད་པ་ཉིད་སྟོན་ཅིང་གསུངས་པ། འོན་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བ་མེད་ཅེས་བྱ་སྟེ་ཐམས་ཅད་

མཁྱེན་པ་ཉིད་ཀྱི་ཆོས་རྣམས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །བསྒྲུབ་པར་བྱ་བའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱེ་བ་མེད་པ་ཡིན་མོད། འོ་ན་གྲུབ་པའི་སོ་སོའི་སྐྱེ་བོ་ལ་སོགས་པ་ལའང་དེ་ཡོད་པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སོགས་པ་མེད་པར་ཐལ་བར་

འགྱུར་ཞེས་བྱ་བ་གསུངས་པ། འོན་ཏེ་སོ་སོའི་སྐྱེ་བོ་ཡང་སྐྱེ་བ་མེད་ཅེས་བྱ་བ་སྟེ། དེ་ལྟར་ཆོས་ཐམས་ཅད་ལ་མི་སྐྱེ་བའི་ངོ་བོ་ཉིད་ཉེ་བར་བསྟན་ནས། སྔར་མངོན་པར་འདོད་པའི་མི་འདོད་པ་འབབ་པ་བསལ་བར་བྱེད་པ་གསུངས་པ། ཚེ་དང་ལྡན་པ་རབ་འབྱོར་འོ་ན་ཞེས་བྱ་

Vol. 94 · folio 55a

བ་ལ་སོགས་པ་སྟེ། རྗེས་སུ་ཐོབ་པ་ཡིན་ནམ་ཞེས་བྱ་བ་ནི་དང་པོ་ཉིད་དུ་ཐམས་ཅད་ལ་སྐྱེ་བ་མེད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཉིད་ཙམ་གྱི་ཕྱིར་ཆོས་ཀྱི་དབྱིངས་ཀྱང་རང་བཞིན་གྱི་དུས་ཐམས་ཅད་དུ་གདོད་མ་ནས་རྟག་པའི་ཕྱིར། གཟུགས་ལ་སོགས་

པ་ཡང་དག་པར་རྟོགས་པ་ལས་ཆོས་ཀྱི་དབྱིངས་ཉིད་ཡང་དག་པར་རྟོགས་པ་ཡིན་ནོ་ཞེས་སེམས་ཅན་ཐམས་ཅད་ཀྱང་དོན་དམ་པར་མཐོང་བར་འགྱུར་བ་ཞེས་བྱ་བའི་དགོངས་པའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པས་རབ་འབྱོར་གྱི་ལན་ནོ། །མ་སྐྱེས་པའི་ཆོས་

ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་བྱེད་པ་པོར་བྱེད་པ་ལའོ། །ཐོབ་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཆོས་ཀྱི་སྐུ་ལས་སུ་གྱུར་པ་ལ་ཐོབ་པ་འདོད་པ་མ་ཡིན་ནོ། །མངོན་པར་རྟོགས་པར་ཡང་མ་ཡིན་ཞེས་བྱ་བ་ནི་ཐོབ་པའི་མངོན་པར་རྟོགས་

པའོ། །གལ་ཏེ་འདོད་ན་དེའི་ཚེ་མི་སྐྱེ་བའི་ངོ་བོས་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ངོ་བོའི་བྱང་ཆུབ་ཐོབ་ཅེས་བདག་ལ་མི་འདོད་པ་ཐལ་བར་འགྱུར་རོ། །དེ་ལྟར་ནི་བདག་མི་འདོད་པས་དེའི་ཕྱིར་ཐལ་བར་རིགས་པ་མ་ཡིན་ནོ། །མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་མ་སྐྱེས་པ་འཐོབ་པར་མི་འགྱུར་རོ་

ཞེས་བྱ་བ་སྟེ། ཆོས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་སོ་སོར་རྟོག་པར་བྱེད་ཅེས་བྱ་བ་ཡང་བདག་འདོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་གལ་ཏེ་མ་སྐྱེས་པས་མ་སྐྱེས་པའི་ཐོབ་པ་ཐོབ་པར་མི་འགྱུར་འོན་ཏེ་སྐྱེས་པས་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར། འོན་ཏེ་

སྐྱེས་པས་མ་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་ཞེས་བརྟགས་པ་བྱས་ནས་དེ་གཉི་ག་དྲི་བར་བྱེད་དེ། ཡང་ཅི་ཞེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བརྟགས་པ་ཡོངས་སུ་ཐོབ་པར་གྱུར་ན། དེ་ལྟར་ཡོད་ན་ནི་མི་སྐྱེ་བའི་ཆོས་ཀྱིས་

སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་རོ། །གལ་ཏེ་ཀུན་ཏུ་བརྟགས་པའི་བྱང་ཆུབ་སེམས་དཔའ་ཡང་དག་པའི་བྱང་ཆུབ་དེ་བཞིན་ཉིད་ཀྱི་བདག་ཉིད་ཐོབ་པར་འགྱུར་བ་དེ་ལྟར་ཡོད་ན་ནི་སྐྱེ་བའི་ཆོས་ཀྱིས་མི་སྐྱེ་བའི་ཐོབ་པ་ཐོབ་པར་འགྱུར་རོ། །དེ་སྲིད་པའི་འདོད་པས་སེལ་བར་བྱེད་དེ། མ་སྐྱེས་པའི་

Vol. 94 · folio 55b

ཆོས་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ་གཉིས་སུ་མེད་པའི་དོན་ནི་དེ་ཁོ་ན་ཉིད་དེ། དེ་ལྟ་ན་ཡང་གལ་ཏེ་མ་སྐྱེས་པ་དང་སྐྱེས་པ་དག་ལ་གཅིག་པའི་ངོ་བོ་ཉིད་དུ་འགྱུར་ན་དེའི་ཚེ་མ་སྐྱེས་པ་སྐྱེས་པ་དང་སྐྱེས་པས་མ་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ཡོད་ན་ནི་ཕྱོགས་གཉིས་ལ་

ཡང་མ་སྐྱེས་པའི་ཆོས་སྐྱེ་བ་ཡིན་ཞེས་བྱ་བར་འགྱུར་རོ། །འདི་ཡང་མི་རིགས་ཏེ། མ་སྐྱེས་པའི་ཆོས་ནི་ཡོངས་སུ་གྲུབ་པ་སྟེ། དེའི་ཇི་ལྟར་ཀུན་ཏུ་བརྟགས་པའི་ངོ་བོ་སྐྱེ་བ་སྲིད་ཅེས་བྱ་བའོ། །གལ་ཏེ་ཡང་མ་སྐྱེས་པའི་ཆོས་མ་སྐྱེས་པ་ཉིད་ཡིན་ན་དེའི་ཚེ་ལེགས་པར་སྨྲས་པར་འགྱུར་ཏེ།

མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་མ་ཡིན་ཞེས་བྱ་བའི་དགོངས་པའོ། །གནས་བརྟན་ཤཱ་རིའི་བུས་སྐྱེས་པ་དང་མ་སྐྱེས་པ་དག་གཉི་ག་ལ་ཡང་ཡོད་པ་བསྟན་པའི་ཕྱིར་གསུངས་པ། སྐྱེ་བའི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ་སྐྱེ་བ་ཡང་རེ་ཞིག་རྒྱུ་ཡོད་པ་རྣམས་ལ་

མངོན་སུམ་གྱིས་གྲུབ་པ་སྟེ་ཅིའི་ཕྱིར་མི་སྐྱེ་བའི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན། གང་ཞིག་ཡང་མི་སྐྱེ་བའི་ཆོས་སྟོང་པ་ཉིད་ཅེས་བྱ་བ་དེ་ཡང་སྐྱེ་བ་ཡིན་ཞེས་རིགས་པ་མ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་དང་མི་སྐྱེ་བ་དག་གཉི་ག་ཡང་སོ་སོ་ཁོ་ན་ཡིན་ཞེས་བྱ་བའི་དགོངས་པའོ། །གནས་བརྟན་རབ་འབྱོར་ནི་ཀུན་

བརྟགས་ཀྱི་ངོ་བོས་མི་སྐྱེ་བ་ཡང་མེད་པ་གསུངས་པ་ནི་སྐྱེ་བའི་ཆོས་སམ་ཞེས་བྱ་བ་ལ་སོགས་པས་སོ། །སྨྲ་བར་མི་སྤོབས་སོ་ཞེས་བྱ་སྟེ། མ་སྐྱེས་པ་ཡང་སྨྲ་བ་ནི་གནས་པར་ཀུན་ཏུ་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་ཁོ་བོ་འདོད་པ་ཉིད་མ་ཡིན་སྔོན་ཉིད་སྐྱེ་བ་ཞེས་བྱ་བའི་དགོངས་པའོ། །

གལ་ཏེ་མི་སྐྱེ་བ་ཡོད་ན་འོ་ན་ཐོབ་པ་དང་མངོན་པར་རྟོགས་པ་ཡང་རིགས་པ་མ་ཡིན་ཞེས་ཐ་དད་པར་འགྱུར་བ་གནས་བརྟན་ཤཱ་རིའི་བུས་བསྟན་པར་བྱེད་དེ། ཁྱོད་ཀྱི་སྐྱེ་བ་མེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེ་བ་མེད་པ་ཉིད་བརྗོད་པ་མ་ཡིན་

ལ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཡང་གཟུགས་ལ་སྐྱེ་བ་མེད་པ་དང་། སྒྲ་ལ་སྐྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་ངོ་བོས་ཀུན་ཏུ་བརྟགས་པ་ཁོ་ན་སྟེ། འོ་ན་ཅི་ཞིག་མངོན་པར་རྟོགས་པར་འགྱུར་ཐོབ་པར་འགྱུར་ཞེས་བྱ་བ་དགོངས་པ་གསུངས་པ། སྐྱེ་བ་མེད་པ་ཉིད་སོ་སོར་སྣང་བ་ཡིན་ནོ་ཞེས་

Vol. 94 · folio 56a

བྱ་བ་སྟེ། རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་མི་སྐྱེ་བ་ཉིད་གཅིག་ཏུ་དེའི་ཚེ་ནི་སོ་སོར་སྣང་། འོ་ན་སྐྱེ་བ་ལ་སོགས་པ་སོ་སོར་ཡེ་ཤེས་ཡོད་དེ་གང་དུ་འདི་སོ་སོར་སྣང་ཞེས་གསུངས་པ་ནི་སྐྱེ་བ་མེད་པ་ཉིད་སྤོབས་པ་ཡིན་ཏེ་ཞེས་བྱ་བ་

སྟེ། ཡེ་ཤེས་ཀྱང་དེའི་ཚེ་སྐྱེ་བ་མེད་པའི་ངོ་བོ་ཉིད་དུ་སོང་བ་ཞེས་བྱ་བའི་དགོངས་པའོ། །འོ་ན་ཡེ་ཤེས་དེ་ལ་ཇི་ལྟར་སྣང་ཞེས་བརྗོད་པ་ལ་ཞེས་བྱ་བའི་དགོངས་པ་གསུངས་པ། དེ་ཁོ་ན་བཞིན་དུ་ཤིན་ཏུ་སོ་སོར་སྣང་བ་ཉིད་དོ་ཞེས་བྱ་བ་སྟེ། དེ་བཞིན་ཉིད་དུ་སྐྱེ་བ་མེད་པའི་

ངོ་བོ་ཉིད་ཐོབ་པ་ཉམས་པའི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་ངོ་བོས་གནས་པ་གཟུང་བ་དང་འཛིན་པ་མ་ཡིན་པའི་ངོ་བོ་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ་སོ་སོའི་སྐྱེ་བོ་ཐམས་ཅད་ལ་དམུས་ལོང་རྣམས་ལ་གཟུགས་ལྟར་སྤྱོད་ཡུལ་མ་ཡིན་ཏེ་དེའི་

ཚེ་སོ་སོར་སྣང་ངོ་། །ཤིན་ཏུ་ཞེས་བྱ་བ་ནི་འགའ་ཞིག་ལས་འདོན་པ་སྟེ། དེར་ཤིན་ཏུ་འདས་པ་དང་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའོ། །ཀུན་ཏུ་བརྟགས་པ་དང་གཞན་གྱི་དབང་དག་མེད་པའི་ཕྱིར་སྒྲོ་འདོགས་པའི་མཐའ་མེད་པའོ། །ཡོངས་སུ་གྲུབ་པ་དེ་བཞིན་

ཉིད་ཀྱི་ངོ་བོ་ཡོད་པའི་ཕྱིར་སྐུར་པ་འདེབས་པའི་མཐའ་མེད་པའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ། སེམས་མེད་མི་དམིགས་པ་ནི་འདི། །ཡེ་ཤེས་འཇིག་རྟེན་འདས་ཀྱང་དེ། །དེ་ཉིད་ཟག་པ་མེད་པའི་དབྱིངས། །བསམ་གྱིས་མི་ཁྱབ་དགེ་བ་བརྟགས། །བདེ་བ་རྣམ་པར་གྲོལ་སྐུ་འདི། །

ཆོས་ཞེས་བྱ་དང་ཐུབ་ཆེན་གྱི། །ཞེས་བྱ་བའོ། །འདི་ནི་འདིར་སྐབས་ཀྱི་དོན་ཏེ་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པ་གཉི་ག་ལ་ཡང་དོན་དམ་པར་མི་སྐྱེ་བའི་རང་བཞིན་ཉིད་ཀྱི་ཕྱིར་ཆོས་འགའ་ཡང་གང་གིས་ཀྱང་ཐོབ་པར་བྱ་བའི་ཕྱིར་དང་མངོན་པར་རྟོགས་པའི་ཕྱིར་ནུས་པ་མ་ཡིན་ཏེ།

གཅིག་ཏུ་ན་ཆོས་ཐམས་ཅད་ཀྱི་དོན་དམ་པ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ཡང་རང་བཞིན་གྱིས་འོད་གསལ་བ། ཐོག་མ་དང་ཐ་མ་མེད་པའོ། །དེ་བས་ན་རང་བཞིན་གྱིས་འོད་གསལ་བ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་གློ་བུར་བའི་སྒྲིབ་པ་དང་དྲི་མ་རྣམས་ཀྱིས་དྲི་མ་

Vol. 94 · folio 56b

ཅན་དུ་བྱས་པ་དེ་ན་དེ་རྣམས་ལ་ཟད་པ་ཡོད་ན་དེ་ཟད་པའི་མཚན་ཉིད་ཅན་གྱི་རྣམ་པར་དག་པ་སྔོན་ཆད་མེད་པ་ཐོབ་པ་ཡིན་ནོ། །དཔེར་ན་རང་བཞིན་གྱིས་ནམ་མཁའ་ནི་གློ་བུར་བའི་ཁ་བ་དང་རྡུལ་དང་སྤྲིན་དང་དུ་བ་ལ་སོགས་པའི་སྒྲིབ་པ་རྣམས་ཀྱིས་དྲི་མ་ཅན་དུ་བྱེད་པ་ཡིན་ཏེ། ཕྱིས་དེ་མེད་པའི་

མཚན་ཉིད་ཅན་རྣམ་པར་དག་པ་དེས་ཐོབ་པ་ཡིན་ནོ། །དེའི་གློ་བུར་བའི་འཁྲུལ་བ་ཐམས་ཅད་ལོག་པ་ལ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཐམས་ཅད་སྔོན་ཆད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔས་ཐོབ་པ་ཡིན་ནོ། །དེ་ཉིད་རྣམ་པར་དག་པ་དེའི་བདག་

ཉིད་དུ་གྱུར་པ་རྟོགས་པའི་ཕྱིར་ཐོབ་པ་དང་མངོན་པར་རྟོགས་པ་ཡང་དག་པར་ཡོད་པ་ཡིན་ཞེས་ཀུན་ཏུ་བརྟགས་པའི་སྒྲིབ་པ་ཙམ་བསལ་བ་ཐོབ་པ་དང་། མངོན་པར་རྟོགས་པ་ཞེས་འདོད་པ་ཡིན་ཏེ། གཟུང་བ་དང་འཛིན་པའི་ངོ་བོ་མེད་པའི་ཕྱིར་ཞེས་བྱ་བའོ། །འདིར་ནི་འཕགས་པ་

རབ་འབྱོར་གྱིས་སྐྱོན་མེད་པའི་ཆོས་ཉེ་བར་བསྟན་པ་སྤོབས་པ་ལ་གདུལ་བྱ་རྣམས་ཀྱི་ལྷག་པར་མོས་པ་བརྟེན་པའི་དོན་དུ་གནས་བརྟན་ཤཱ་རིའི་བུས་བསྔགས་པ་གསུངས་ཏེ། ཆོས་སྟོན་པའི་ནང་ན་ཞེས་བྱ་བ་ལ་སོགས་པ་སྟེ། དྲི་བ་ཐམས་ཅད་ལ་ལན་གདབ་པ་ངེས་པར་འབྱུང་བའི་ཕྱིར་མཆོག་

ཏུ་གཞག་པར་བྱའོ། །ཐེ་ཚོམ་མེད་པར་བགྲང་བར་བྱའོ། །གང་དང་གང་ཉིད་ལ་ཞེས་བྱ་བ་སྟེ། གང་དང་གང་ཉིད་ཀྱིས་གནས་པའོ། །ངེས་པར་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་བརྒལ་བར་འགྱུར་རོ། །མི་གཡོ་ཞེས་བྱ་བ་ནི་སྟོར་བར་མི་འགྱུར་རོ། །འགལ་བར་ཡང་མི་

བྱེད་དོ་ཞེས་བྱ་བ་ནི་འཁྲུག་པར་མི་བྱེད་པའོ། །མི་གནས་པའི་ཆོས་ཅན་རྣམས་ཀྱི་ཞེས་བྱ་བ་ནི་མི་གནས་པ་ནི་མངོན་པར་མི་ཞེན་པ་ཆོས་གང་རྣམས་ཀྱིས་དེ་རྣམས་དེ་ལྟར་བརྗོད་པ་ཡིན་ནོ། །མི་འདའོ་ཞེས་བྱ་བ་ནི་སྐྲག་པར་མི་བྱེད་པའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ནི་

ཆོས་ཐམས་ཅད་མི་གནས་པར་གསུངས་པའོ། །འདི་ཞེས་བྱ་བ་ནི་དེ་མ་ཐག་པར་གསུངས་པའོ། །ཆོས་ཐམས་ཅད་ལ་མི་གནས་པ་ཡང་ཡིན་ལ་མཆོག་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནོ། །གང་ཡིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་གཞན་ཉིད་ཀྱི་

Vol. 94 · folio 57a

དགོས་པས་དྲི་བར་བྱེད་དེ། རབ་འབྱོར་གྱིས་སྨྲས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཞེས་བྱ་བ་སྟེ། གང་ལ་བཤད་པའི་དོན་དུ་བདག་ལ་སྨྲས་པ་དེ་ནི་འདི་ཡིན་ནོ། །གཞན་ཉིད་ལ་དེ་ལྟར་མི་གནས་པ་ཉིད་མི་རིགས་པའི་ཕྱིར་རོ། །འདི་ཉིད་ནི་ཇི་

ལྟར་ཤེས་པར་བྱ་ཞེ་ན་གསུངས་པ། ཐེག་པ་ཐམས་ཅད་པ་ཞེས་བྱ་བ་སྟེ། སྔར་གསུངས་པ་ཁོ་ན་སྟེ་ཉན་ཐོས་ཀྱི་ས་ལ་ཡང་ཞེས་བྱ་བ་ལ་སོགས་པས་ཐེག་པ་ཐམས་ཅད་པ་ཉིད་དེའི་ཕྱིར་འདི་ཉིད་འདི་ཞེས་བྱ་བའི་དགོངས་པའོ། །འདི་ནི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

བྱང་ཆུབ་སེམས་དཔའི་གདམས་ངག་སྦྱོར་བར་བྱེད་དེ། དེ་ལྟར་ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་ལྟར་དེའི་ཕྱིར་རོ། །ཞུམ་པ་ཉིད་ནི་སྡུག་བསྔལ་ལོ། །ནེམ་ནུར་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བ་ཉིད་དོ། །རྨོངས་པ་ཉིད་ནི་རྩེ་གཅིག་པ་མེད་པའོ། །གཞན་པ་ཉིད་ནི་རྒྱབ་ཏུ་ཕྱོགས་པའི་ངོ་བོའོ། །

འགའ་ཞིག་ཏུ་ནི་ཚིག་རྣམས་ཐམས་ཅད་འདོན་པ་མ་ཡིན་ཏེ། དེ་བཞིན་དུ་གནས་གཞན་རྣམས་ལ་ཡང་ཉུང་བ་དང་ཉུང་བའི་ཚིག་རྣམས་པོ་ཏི་རྙིང་པ་རྣམས་ལ་མཐོང་བ་ཡིན་ནོ། །དེ་ཙམ་ཡང་དེ་འདོན་པ་བཤད་པ་པོ་རྣམས་ཀྱིས་བཤད་པ་ཡིན་ཞེས་བྱ་བའོ། །ཡིད་ལ་བྱེད་པ་འདི་དང་ཞེས་བྱ་བ་ནི་ཀུན་

རྫོབ་ཏུ་གནས་རབ་ཏུ་གནས་པ་ལ་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཡིད་ལ་བྱེད་པས་སྙིང་རྗེ་ཆེན་པོ་ཉེ་བར་སྐྱེས་པས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཤཱ་རིའི་བུའི་དགོངས་པ་འདི་ཡིན་ཏེ་རྣམ་པར་རྟོག་པ་ནི་རྣམ་པ་ཐམས་ཅད་དུ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གནས་པར་འགལ་བ་ཅན་ཡིན་ནོ། །དེ་བས་ན་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཡིད་ལ་བྱེད་པ་ཡང་འགལ་བ་ཅན་ཁོ་ན་སྟེ། འདི་ཉིད་ཀྱི་ཕྱིར་གསུངས་པ། དོན་དམ་རྣམ་པར་རྟོག་ལ་ཡང་། །མཁས་པས་ཞུམ་པ་མི་བྱ་སྟེ། །རྣམ་རྟོག་ལ་ནི་ཐ་དད་

གང་། །དགེ་བའམ་ནི་མི་དགེ་ལ། །བརྟེན་པའི་དབྱེ་བས་ཐ་དད་མེད། །ཆེད་དུ་མེ་ཡིས་བསྲེག་པ་ཉིད། །ཙནྡན་ལས་འབར་དེ་ཡང་ནི། །རེག་པར་གྱུར་ན་སྲེག་པ་ཡིན། །ཞེས་བྱ་བའོ། །འདིར་ནི་རབ་འབྱོར་གྱིས་ལེགས་སོ་ཞེས་བྱ་བའི་སྔོན་དུ་འགྲོ་བ་ཅན་ལན་ཏེ། རྒྱས་པར་ཕྱོགས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words