བཅོམ་ལྡན་འདས་མའི་མན་ངག་གི་རྗེས་སུ་འབྲང་བ་ཞེས་བྱ་བའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) བྷ་ག་ཝ་ཏྱཱ་མ་ནཱ་ཡཱ་ནུ་སཱ་རི་ཎི་ནཱ་མ་བྱཱ་ཁྱཱམ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 94 · folio 141b
ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་རྣམས་སྡེ་པའི་མདོ་རྣམས་ལས་གསུངས་པ། དེ་རྣམས་ཐེག་པ་ཆེན་པོ་ལ་ཡང་ཞེས་བྱ་བའོ། །དེའི་ཕྱིར་ཇི་ལྟར་མདོ་སྡེ་ལ་མི་འཇུག །
ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་ནས་ལུས་ཀྱི་སྡོམ་པ་དང་ངག་གི་སྡོམ་པ་རྣམ་པ་མང་པོ་ཡང་ཐེག་པ་ཆེན་པོ་ལ་ཡང་བསྟན་པར་བྱེད་པས་དེའི་ཕྱིར་ཇི་ལྟར་འདུལ་བ་ལ་འཇུག་པ་མ་ཡིན། ཁྱད་པར་དུ་ཡང་འདིར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཐམས་
ཅད་བསྟན་པ་དེ་བས་ན། ཇི་ལྟར་ཆོས་ཉིད་དང་འགལ་བར་བྱེད། སྡེ་པའི་མདོ་ལ་སོགས་པ་རྣམས་ལས་བསྟན་པ་འདི་ཐམས་ཅད་གཞན་དུ་ཡིན་ཞེ་ན། སྡེ་པའི་གཞུང་ཡང་དབྱེ་བ་རྣམ་པ་བཅོ་བརྒྱད་ཀྱིས་ཐ་དད་པ་རྣམས་ལ་མདོའི་སྡེ་སྣོད་གཅིག་ལ་སྡེ་པ་
གཞན་རྣམས་ཀྱི་རྣམ་པ་ཐམས་ཅད་དུ་མི་འཇུག་པ་དང་འདུལ་བ་གཅིག་ལ་འདུལ་བ་གཞན་རྣམས་རྣམ་པ་ཐམས་ཅད་དུ་མི་འཇུག་པ་དང་། ལྟུང་བར་བྱ་བ་རྣམས་ལ་ཡང་ལོག་པར་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ་གང་ཞིག་སྡེ་གཅིག་ལ་ཆོས་ཉིད་གསུངས་པ་དེ་ནི་
ཐམས་ཅད་དུ་མ་ཡིན་ཏེ། ཇི་སྲིད་དུ་མྱ་ངན་ལས་འདས་པ་ལ་ཡང་རྩོད་པའི་ཕྱིར་རོ། །ཁ་ཅིག་ནི་ཉོན་མོངས་པ་དང་སྐྱེ་བ་ཟད་པ་ཙམ་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། གཞན་དག་ནི་ཐ་སྙད་ཙམ་སྨྲ་སྟེ་གང་མཐོང་བ་ལ་ཉོན་མོངས་པ་དང་སྐྱེ་བ་ཟད་པར་འགྱུར་བ་དེ་ནི་དོན་
དམ་པར་ཡོད་པ་ཉིད་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་རྣམ་པར་གྲོལ་བ་མེད་པས་དེ་བཞིན་གཤེགས་པའི་བསྟན་པ་ལ་དེ་བས་ན་ཐ་དད་པར་ཡོད་ཀྱང་རྣམ་པར་གྲོལ་བ་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་ཉིད་དེ་དེ་བས་ན་སངས་རྒྱས་
ཀྱི་གསུང་ཉིད་དོ། །དེ་བཞིན་དུ་རྒྱལ་པོ་ཀྲྀ་ཀཱིའི་རྨི་ལམ་དུ་རས་ཡུག་གཅིག་སྐྱེས་པ་བཅོ་བརྒྱད་ཀྱིས་འཐེན་པར་གྱུར་ཀྱང་ཆད་པ་མ་ཡིན་ཏེ། དེ་བཞིན་དུ་དབྱེ་བ་བཅོ་བརྒྱད་ཀྱིས་ཐ་དད་པར་གྱུར་པའི་བསྟན་པ་ཡང་རྣམ་པར་གྲོལ་བ་མེད་པས་ཡོངས་སུ་སྤངས་པ་ཞེས་བྱ་བའོ། །
Vol. 94 · folio 142a
གལ་ཏེ་དེ་ལྟར་ཡིན་ན་ཐེག་པ་ཆེན་པོ་ལ་ཡང་ཆེ་བའི་ཐ་དད་པ་ཡོད་ཀྱང་རྣམ་པར་གྲོལ་བ་མི་བདེན་པ་ཉིད་མ་སྤངས་པས་སངས་རྒྱས་ཀྱི་གསུང་ཉིད་དོ། །ཇི་སྐད་དུ་གསུངས་པ། རང་ཉིད་འཇུག་པས་རང་ཉིད་ཀྱི། །འདུལ་བ་ལ་ཡང་
མཐོང་བའི་ཕྱིར། །རྒྱ་ཆེ་བ་ཡང་ཟབ་པས་ན། །ཆོས་ཉིད་མི་འགལ་བ་ཉིད་དོ། །ཞེས་བྱ་བའོ། །དེ་བས་ན་གང་ཞིག་འཕགས་པའི་བདེན་པའི་མདོ་ལ་འཇུག་པ་དང་ཉོན་མོངས་པ་འདུལ་བ་ལ་ཡང་དག་པར་མཐོང་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ལ་ཡང་འགལ་
བར་མི་བྱེད་པ་སྟེ་ཐམས་ཅད་རྣམ་པར་གྲོལ་བ་དང་རོ་གཅིག་པ་སངས་རྒྱས་ཀྱི་གསུང་ཉིད་དོ། །འོན་ཏེ་ཇི་ལྟར་ཐེག་པ་ཆེན་པོ་ལ་རྣམ་པར་གྲོལ་བ་མེད་པ་ཉིད་འདིར་ནི་ཐམས་ཅད་མེད་པ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་རབ་
འབྱོར་གཟུགས་ནི་དངོས་པོ་མེད་པ་སྟེ་ཇི་སྲིད་དུ་རབ་འབྱོར་བྱང་ཆུབ་ཀྱང་དངོས་པོ་མེད་པ་ཞེས་བྱ་བ་དེ་དང་དེར་ཐེག་པ་ཆེན་པོའི་མདོ་རྣམས་ལ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་དང་། མ་འགགས་པ་དང་། གདོད་མ་ནས་ཞི་བ་དང་།
རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཡང་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། དེའི་ཚེ་ལམ་གང་ལམ་དང་རྣམ་པར་གྲོལ་བའི་འབྲས་བུ་གང་ལས་ཞེས་འདི་ནི་མི་རིགས་པ་ཡིན་ནོ། །རྣམ་པ་ཐམས་
ཅད་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པ་ནི་ཐེག་པ་ཆེན་པོ་ལས་བསྟན་པ་མ་ཡིན་ཏེ། དངོས་པོ་མེད་པ་བསྟན་པ་ཐམས་ཅད་ནི་དགོངས་པ་ཅན་ཡིན་ནོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཆོས་རྣམས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་
པ་བསྟན་པ་འདི་ལན་མང་དུ་དེ་ཉིད་ལ་བརྗོད་པ་ཡིན་ཏེ། རབ་འབྱོར་གཞན་ཡང་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའི་དྲུང་དུ་ཉེ་བར་འོངས་ནས་འདི་ལྟར་འཆད་པར་འགྱུར་ཏེ། ཆོས་འདི་རྣམས་ཐམས་ཅད་ནི་ནམ་མཁའ་དང་མཉམ་པ་སྟེ་དོན་མེད་པ་ཉིད་འདི་ནི་བདུད་
Vol. 94 · folio 142b
ཀྱི་ལས་ཡོངས་སུ་བསལ་བའོ། །འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ཞེས་བྱ་བའོ། །རིགས་ཀྱི་བུ་འདི་ནི་བདུད་ཀྱི་ལས་ཞེས་ཤེས་པར་བྱའོ། །
གལ་ཏེ་ཐམས་ཅད་མེད་པ་ཉིད་ནི་དེར་དོན་ཡིན་ན་མེད་པའི་ལྟ་བ་འདི་ཅིའི་ཕྱིར་དགག་པ་ཡིན། ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཉིད་རྣམ་པ་མང་བ་བྱང་ཆུབ་སེམས་དཔའ་རྣམས་ལ་དེར་བརྗོད་པ་ཡིན་ཏེ། བསྟན་པ་དེ་ཀུན་རྫོབ་པ་ཐམས་ཅད་མེད་
པ་ཉིད་དོན་དམ་པ་ཡིན་ཞེ་ན། དེ་ནི་མི་རིགས་ཏེ་འཇིག་རྟེན་ལས་འདས་པའི་དམ་པའི་ཡེ་ཤེས་ནི་དེའི་དོན་ནོ། །དེ་ནི་གལ་ཏེ་ཡང་ཀུན་བརྟགས་མ་ཡིན་པ་དང་གཞན་དབང་མ་ཡིན་ཏེ་དེ་དག་ལ་བརྫུན་པ་ཉིད་ཀྱི་ཕྱིར་བརྗོད་པར་བྱ་བ་མ་ཡིན་པ་སྤྱིའི་མཚན་ཉིད་དེ་
བཞིན་ཉིད་ཅེས་བྱ་བ་དེའི་ཡུལ་དོན་དམ་པར་ཡོད་པ་ཉིད་དོ། །ཇི་སྐད་དུ་གསུངས་པ། དོན་དམ་པར་ཡང་དེ་ཉིད་དེ། །དེ་བཞིན་ཉིད་ནི་རྫས་སུ་འདོད། །དེ་ནི་བདེན་པ་ཡུལ་ཡིན་ཏེ། །དེ་རྟོགས་པས་ནི་སངས་རྒྱས་བརྗོད། །གཞན་དབང་ནི་ཀུན་རྫོབ་ཉིད་ཀྱང་
ཀུན་རྫོབ་པའི་འབྲས་བུ་དོན་དུ་གཉེར་བ་རྣམས་ལ་འཇུག་པ་རིགས་པ་ཡིན་ནོ། །གཞན་དུ་ན་ཟས་ལ་སོགས་པ་རྣམས་ལ་ཡང་འཇུག་པ་མེད་པར་ཐལ་བར་འགྱུར་རོ། །རྒྱུ་དང་འབྲས་བུ་དག་མཐར་ཐུག་པ་ལོག་པ་ཡིན་ཞེ་ན། ཁྱེད་ལ་ཡང་ཕུང་པོ་ལྷག་མ་མེད་པའི་
མྱ་ངན་ལས་འདས་པ་ལས་དེ་ལྟར་དེ་ཁོ་ན་སྟེ། ཇི་སྐད་དུ་གསུངས་པ། སྐྱེ་མེད་ཐེག་པ་ཆེན་པོ་ལ། །གཞན་གྱི་སྟོང་ཉིད་ཟད་པ་སྟེ། །གཅིག་ཉིད་ཟད་དང་སྐྱེ་མེད་ལ། །དོན་ལས་འདི་ནི་བཟོད་པར་གྱིས། །དེའི་ཕྱིར་སྤྲོས་པའི་གནས་སྐབས་དངོས་པོ་མེད་
པ་དང་ལྡན་པ་དེའི་ཚེ་ལོག་པར་འཁྲུལ་པ་ཙམ་གྱི་ངོ་བོ་དེ་ཟད་པས་ལོག་པ་ཞེས་ཁྱད་པར་གང་ཡང་མཐོང་བ་མ་ཡིན་ནོ། །གཞན་ཡང་ཁོ་བོ་ཅག་ལ་མངོན་སུམ་དུ་བྱས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཆོས་ཀྱི་དབྱིངས་ཆོས་ཀྱི་སྐུ་རྟོགས་པར་གྱུར་པ་བཅོམ་ལྡན་
Vol. 94 · folio 143a
འདས་འགྲོ་བའི་དོན་གྱི་ངོ་བོར་སྨོན་ལམ་གྱི་དབང་དང་གདུལ་བྱ་རྣམས་ཀྱི་སྐལ་བ་ཇི་བཞིན་དུ་བསོད་ནམས་ཀྱི་ཕུང་པོ་རྣམས་ཀྱིས་འཁོར་བ་ཇི་སྲིད་ཀུན་རྫོབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་མཐའ་ཡས་པའི་སྤྲུལ་པ་རྣམས་ཀྱིས་དེ་རིག་པ་ཉིད་དོ། །དེ་ཉིད་ནི་ས་གསུམ་གྱི་
བདག་ཉིད་ཅན་འཁོར་བ་དང་མྱ་ངན་འདས་པ་ལ་མི་གནས་པའི་མཚན་ཉིད་ཐར་པ་ཐེག་པ་ཆེན་པོ་ལ་བསྒྲུབ་པར་བྱ་བ་དེའི་ཕྱིར་ཐམས་ཅད་མེད་པའི་ངོ་བོ་ཉིད་དུ་ག་ལ་འགྱུར། ཁྱོད་ཅག་ལ་ནི། མར་མེ་བཞིན་དུ་མྱ་ངན་འདས། །དེ་ཡི་སེམས་ནི་རྣམ་པར་ཐར། །ཞེས་
བྱ་བས་རྣམ་པ་ཐམས་ཅད་དུ་འཆད་པ་ཉིད་དོ། །ཡོད་པ་དང་མེད་པ་ལ་སོགས་པ་རྣམས་ཀྱིས་གནས་སྐབས་དེ་བརྗོད་དུ་མེད་པ་ཡིན་ཞེས་པའོ། །ཇི་ལྟ་བ་དེ་ལྟར་ཡོད་མོད་ཀྱི་མ་ལུས་པའི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་སྒྲུབ་པར་བྱེད་པའི་ཆོས་འཆད་པའི་རང་བཞིན་དང་།
མ་ལུས་པའི་རང་བཞིན་འགྲོ་བའི་དོན་སྤངས་པ་རེ་ཞིག་འབྱུང་བ་ཡིན་ནོ། །ཐེག་པ་ཆེན་པོ་ལ་ནི་ཇི་སྲིད་འགྲོ་བ་འགྲོ་བའི་དོན་གྱི་ཕྱིར་སྐུ་གསུམ་གྱིས་གནས་པ་བཅོམ་ལྡན་འདས་འདི་ཐམས་ཅད་མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། །ཐེག་པ་ཆེན་པོ་ལ་དེ་ཁོ་ན་ཉིད་ནི་ཐམས་ཅད་
མེད་པ་མ་ཡིན་ནོ། །གང་ཞིག་དེ་འཕགས་པ་རྣམས་ཀྱི་འཕགས་པའི་ཡེ་ཤེས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དོན་དམ་པར་ཡོད་ཅེས་དྲང་བའི་དོན་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དམ་པའི་ཆོས་ལ་རྒྱལ་ཚབ་ཏུ་དབང་བསྐུར་
བ་ཐོབ་པ་ཐེག་པ་ཆེན་པོ་ཐམས་ཅད་ཀྱི་དོན་ལ་མཁས་པ་མགོན་པོ་བྱམས་པ་རང་ཉིད་ཀྱིས་གསུངས་པ། གང་ཞིག་མེད་མིན་ཡོད་པ་མིན་དང་ཡོད་མེད་མ་ཡིན་ཡོད་མེད་ལས་ནི་གཞན་པའང་མིན། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་པར་བྱ་བ་
ཞི་བ་སྟེ། །དྲི་མ་མེད་པའི་ཡེ་ཤེས་འོད་ཟེར་སྣང་བ་དང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང་། །སྡང་དང་རབ་རིབ་རྣམ་པར་འཇོམས་པར་མཛད་པའི་དམ་ཆོས་ཉི་མ་དེ་ལ་ཕྱག་འཚལ་ལོ། །འཕགས་པས་ཀྱང་གསུངས་པ། གང་ཞིག་གཅིག་མིན་དུ་མ་
Vol. 94 · folio 143b
ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་རྟེན་གྱུར་པ། །དངོས་མེད་མ་ཡིན་དངོས་པོ་ཡང་མིན་ནམ་མཁའ་བཞིན་དུ་རོ་མཉམ་དངོས་པོ་ཀུན་གྱི་ངོ་བོ་ཉིད། །མ་གོས་འགྱུར་བ་མེད་པ་ཞི་བ་མི་མཉམ་དང་མཉམ་ཁྱབ་པའི་སྤྲོས་པ་མེད་པ་དང་། །སོ་སོར་
རང་གིས་རིག་བྱ་མཉམ་པ་དང་བྲལ་ཐུབ་པ་རྣམས་ཀྱི་ཆོས་སྐུ་དེ་ལ་བདག་ནི་འདུད། །ཅེས་བྱ་བའོ། །དེ་བས་ན་མང་དུ་སྨོས་ཅི་ཞིག་དགོས་ཏེ་ཐམས་ཅད་མེད་པའི་ལྟ་བ་འདི་ཞེས་གང་ཞིག་ཐེག་པ་ཆེན་པོ་ལ་སྨོད་པར་བྱེད་པ་དེ་རྣམས་ལ་གཅིག་ཏུ་མ་སྤྱད་པ་ཉིད་འདི་ལ་ཤིན་ཏུ་དཀའ་བ་ཅི་
ཞིག་ཡོད། གང་ཞིག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་རྣམས་ཀྱང་ཆུང་བ་ཆོས་འདོད་པ་དང་ཕྱིན་ཅི་ལོག་པ་ཚུལ་མ་ཡིན་པ་ཆེན་པོ་སྒྲུབ་པར་བྱེད་དོ། །གང་ཞིག་རང་གི་རྒྱུད་བཅོམ་ནས་གཞན་གྱི་རྒྱུད་ཀྱང་འཇིག་པར་བྱེད་པ་ཡིན་ནོ། །ཡང་གསུངས་
པ། སྙིང་རྗེ་སྔོན་འགྲོ་ཐམས་ཅད་ནི། །རྒྱུ་མཐུན་ཡེ་ཤེས་དྲི་མ་མེད། །ཐེག་པ་ཆེན་པོ་གང་ལ་གསུངས། །སེམས་པ་དང་བཅས་དེ་སུས་སྨོད། །སྐྱོན་དང་ཡོན་ཏན་མི་ཤེས་པ། །ཡོན་ཏན་རྣམས་ལ་སྐྱོན་དུ་འཛིན། །ཡང་ན་ཡོན་ཏན་སྡང་བ་དེ། །ཐེག་པ་ཆེ་ལ་སྨོད་
པར་བྱེད། གང་གིས་གུས་པ་ཐེག་ཆེན་ལ། །བདེ་བར་གཤེགས་པ་པ་གཞན་སོང་། །རང་གི་སྡེ་པ་ཡང་ས་འོག །ལམ་མིན་གཡང་ས་འཁྲུལ་པའི་ཕྱིར། །ཞེས་བྱ་བའོ། །རིགས་དང་བྲལ་བའི་ཕྱིར་ལྷག་པར་མོས་པ་མེད་ཀྱང་བདག་ཉིད་འདོད་
པས་སྤང་བ་མི་བྱའོ། །ཐམས་ཅད་མཁྱེན་པ་ནི་ཐམས་ཅད་མཁྱེན་པའི་འདུལ་བར་བྱེད་པའི་ཐམས་ཅད་ཡོངས་སུ་ཤེས་པར་ནུས་པ་མ་ཡིན་ནམ། དེ་ལྟ་ན་ཡང་སྟོད་པར་བྱེད་པ། །མང་བ་མང་བའི་ངོ་བོ་ནི། །ངག་རྣམས་དང་ནི་སྤྱོད་པ་དང་། །གདུལ་བྱའི་
བསམ་པ་ཐ་དད་པས། །དེ་དང་དེར་ནི་ཁྱོད་ཀྱིས་སོང་། །ཐབས་དེ་ཡོད་མིན་ནུས་པ་ཡང་། །གང་གི་ཁྱོད་ཀྱིས་ཁྱབ་པ་མིན། །འཁོར་བའི་ས་འོག་འཇིགས་པ་ལས། །བརྩེ་བས་འགྲོ་བ་གདོན་པའི་ཕྱིར། །ཞེས་བྱ་བའོ། །དེ་ལྟར་ན་སྣ་ཚོགས་པའི་བསྟན་
Vol. 94 · folio 144a
པ་འདི་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་ནི་མ་ཡིན་ཞེས་གང་གིས་ངེས་པར་ནུས། དེ་ཉིད་ཀྱི་ཕྱིར་གསུངས་པ། ཡིད་ཀྱི་སྐྱོན་ནི་རང་བཞིན་དག་གིས་གདུག་པ་སྟེ། །མི་རིགས་ངོ་བོ་ལ་ཡང་རིགས་པ་མ་ཡིན་ནོ། །ཆོས་
ལ་སྔོན་ཉིད་དུ་ནི་ཐེ་ཚོམ་གྱུར་པ་ལ། །དེ་བས་བཏང་སྙོམས་ཉིད་ནི་མཆོག་ཏུ་སྐྱོན་དང་བྲལ། །ཞེས་བྱ་བའོ། །འོན་ཏེ་ཐམས་ཅད་མེད་པའི་ལྟ་བ་འདི་འཇིག་རྟེན་རྣམ་པར་འཇིག་པའི་དོན་དུ་འགའ་ཞིག་གིས་ཉེ་བར་བསྟན་པ་ཞེས་གདོན་མི་ཟ་བར། དམ་པའི་
ཆོས་ནི་བསྔགས་པ་སྟེ། །དམ་ཆོས་མ་ཡིན་སྨོད་པར་བྱེད། །ཅེས་བྱ་བའི་རིགས་པས་དགག་པར་བྱ་བའོ། །དེ་ནི་རིགས་པ་མ་ཡིན་ཏེ་ཐེག་པ་ཆེན་པོ་ཐམས་ཅད་ཉིད་ལ་མི་དགེ་བའི་ཆོས་བཀག་པས་སྦྱིན་པ་མེད་ཅེས་བྱ་བ་ལ་སོགས་པའི་ལོག་པའི་ལྟ་བ་དགག་
པའི་ཕྱིར་ཕན་པའི་ཐབས་ཉེ་བར་བསྟན་པ་ཐམས་ཅད་དུ་འདོན་པ་ཡིན་ཏེ། དཔེར་ན་ཆོས་བཞི་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་སྐྱེ་བ་མེད་པའི་ཆོས་རྣམས་ལ་བཟོད་པ་ཐོབ་པ་ཡིན་ཏེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་
བ་ཉིད་དང་། ལྟ་བ་དོར་བ་ཉིད་ཀྱིས་སོ། །ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བས་སོ། །བཟོད་པ་སྟོབས་དང་ལྡན་པ་དང་ཆོས་ལ་འཇུག་པས་སོ། །བརྩོན་འགྲུས་བརྩམས་པ་ཉིད་དང་དབེན་པའི་ཆོས་ལ་
ལྷག་པར་མོས་པས་སོ། །དེ་བཞིན་དུ་བྱམས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་ཀྱིས་སོ། །སྙིང་རྗེ་ཆེན་པོ་ནི་འཁོར་བ་ལ་སྐྱོ་བ་མེད་པ་ཉིད་ཀྱིས་སོ། །དགའ་བ་ཆེན་པོ་ནི་ཆོས་ལ་དགའ་བ་དང་རབ་ཏུ་དགའ་བས་སོ། །བཏང་སྙོམས་
ཆེན་པོ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་སྤངས་པས་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་སེམས་ཅན་རྣམས་མི་འཇིགས་པར་བྱེད་པའི་དོན་དུ་འཇུག་པ་དེ་ཇི་ལྟར་མེད་པ་པོའི་ལྟ་བ་ཐོབ་པའི་དོན་དུ་སེམས་ཅན་རྣམས་ལ་ཕན་པ་ཉིད་ཀྱི་ཐབས་ཉེ་བར་སྟོན་པ་
Vol. 94 · folio 144b
ཡིན་ཏེ། ཡང་དག་པར་སྒྲུབ་པ་འདི་མེད་པས་ལོག་པའི་ལྟ་བ་ཐོབ་པ་མ་ཡིན་ཞེས་བྱ་བའོ། །དེ་བས་ན་འཇིག་པའི་ཕྱིར་ཐེག་པ་ཆེན་པོ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོ་པ་སློབ་དཔོན་ལ་ལ་ཞིག་ཐམས་ཅད་མེད་པའི་ལྟ་བ་སྐྱེས་པས་སྦྱིན་པ་དང་ཚུལ་ཁྲིམས་ལ་
སོགས་པའི་རང་བཞིན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དོར་ནས་ཇི་ལྟར་འདོད་པ་སྤྱོད་པ་ཡང་དག་པར་སྒྲུབ་པ་ཞེས་ཐོས་པ་མ་ཡིན་ནོ། །དེ་ལྟ་ན་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་ཐམས་ཅད་ལ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་མཆོག་ལས་དབུ་
སྦྱིན་པའི་གཏམ་ཤིན་ཏུ་གྲགས་པ་ཉིད་དོ། །འཕགས་པ་ཐོགས་མེད་ཀྱི་ཞབས་ཀྱིས་ཀྱང་སྙིང་རྗེ་སྲོག་ཆགས་རྣམས་ལ་འཚོ་བའི་ཚུལ་གྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ཤ་ལ་སོགས་པ་བཅད་ཅིང་སྦྱིན་པར་མཛད་པ་ལ། དགའ་ལྡན་གྱི་གནས་
ནས་བྱོན་པའི་མགོན་པོ་བྱམས་པ་མཐོང་ནས་ཇི་ལྟར་སྔ་མའི་ལུས་དེ་ཐོབ་སྟེ་དེའི་གདམས་ངག་གིས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པར་གྱུར་ཏོ། །དོན་ལ་རག་ལས་པ་མང་བའི་ཐེག་པ་ཆེན་པོ་པ་རྣམས་ཀྱི་སྣ་ཚོགས་པ་དང་ངོ་མཚར་བར་བྱེད་པ་སྦྱིན་པ་དང་ཚུལ་
ཁྲིམས་ལ་སོགས་པའི་གཏམ་ཐོས་པ་ཡིན་ནོ། །དེ་བས་ན་རབ་ཏུ་འཇུག་པའི་དོན་དུ་ཐེག་པ་ཆེན་པོ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོ་མེད་ན་བྱང་ཆུབ་ཆེན་པོ་འབྱུང་བ་མ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་ཉིད་ནི་ཐེག་པ་ཆེན་པོ་ཡིན་པར་འོས་པ་མ་ཡིན་ཏེ་འགལ་བ་ཉིད་
ཀྱི་ཕྱིར་རོ། །བསམ་དང་ཉེ་བར་བསྟན་པ་དང་། །སྦྱོར་བ་དང་ནི་འགལ་བའི་ཕྱིར། །ཉེ་བར་བསྟན་དང་དུས་དག་གིས། །གང་ཞིག་དམན་པ་དེ་དམན་ཉིད། །ཅེས་བྱ་བའོ། །ཉན་ཐོས་ཀྱི་ཐེག་པ་ལ་ནི་བདག་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་ཉིད་བསམ་པ་
སྟེ་ཡིད་ནི་དེའི་དོན་ཉིད་ལའོ། །བདག་ཉིད་ལ་མྱ་ངན་ལས་འདས་པ་དང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བ་ཙམ་གྱི་ཐབས་ཉེ་བར་བསྟན་པ་དང་དེའི་དོན་ཉིད་དུ་སྦྱོར་བ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་བསྡུས་པ་ཆུང་བ་ཉེ་བར་
Vol. 94 · folio 145a
བསྟན་པ་དང་། དུས་ཉུང་བས་དེའི་དོན་ཐོབ་པ་སྟེ་དེ་ཇི་སྲིད་སྐྱེ་བ་གསུམ་གྱིས་སོ། །ཐེག་པ་ཆེན་པོ་ལ་ནི་ཐམས་ཅད་ལོག་པས་ཉེ་བར་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཕན་ཚུན་དུ་འགལ་བས་གང་ཞིག་དམན་པ་དེ་ནི་དམན་པ་ཉིད་དོ། །དེ་ནི་ཐེག་པ་ཆེན་པོར་བགྲང་བར་འོས་
པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོའི་ཆོས་རྣམས་ནི་ཉན་ཐོས་ཀྱི་ཐེག་པ་ལ་འཇུག་པའི་དོན་དུ་རིགས་པ་མ་ཡིན་ཏེ་མི་ཁྱེད་པར་ལྐོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཐེག་པ་དམན་པ་ལ་ཐེག་པ་ཆེན་པོའི་ཁོངས་སུ་བསྡུ་བར་གྱུར་ན་ཐེག་པ་ཆེན་པོ་ཉིད་དེ་ལ་འགྲིབ་པ་ཡིན་ནོ། །ཁྲོན་པ་ལ་སོགས་པ་
ལ་འཇུག་པ་ཉིད་དང་ཁོངས་སུ་བསྡུ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རྒྱ་མཚོ་ཆེན་པོ་རྣམས་ནི་ཆུའི་གནས་མེད་པར་གྱུར་རམ་ཅི། བཅོམ་ལྡན་འདས་ཀྱིས་ཀྱང་ཐེག་པ་ཆེན་པོ་ལ་རྣམ་པ་དུ་མ་ལྐོག་ཏུ་གྱུར་པའི་ཁྱད་པར་ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་དག་ལ་བསྟན་པ་ཡིན་ནོ། །ཇི་སྲིད་དུ་ཉན་ཐོས་ཀྱི་ཐེག་པ་ནི་
ཐེག་པ་དམན་པ་སྟེ། ཐེག་པ་ཆེན་པོ་ནི་མཆོག་གི་ཐེག་པ་དང་གཙོ་བོའི་ཐེག་པ་དང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱ་བའོ། །ཉན་ཐོས་ཀྱི་མདོ་སྡེ་རྣམས་ལ་ཡང་དོན་འདི་ནི་མཚོན་པ་མཐོང་བ་ཡིན་ཏེ། ཇི་ལྟར་ཤ་བའི་ནགས་ཀྱི་མདོ་ལས་ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། ཤ་པའི་འདབ་མ་མང་པོ་ཤ་
པའི་ནགས་འདི་ལ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ན་བདག་གིས་ཆོས་ཆེར་མང་བ་རྣམས་མངོན་པར་རྫོགས་པར་སངས་རྒྱས་པ་བདག་གིས་ཁྱེད་ཅག་ལ་མ་བསྟན་པ་དེ་ཙམ་
ཉིད་ཀྱིས་དོན་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ནི་ཁྱེད་ཅག་ལ་མྱ་ངན་ལས་འདའ་བའི་ཕྱིར་མ་ཡིན་འདོད་ཆགས་བྲལ་བའི་ཕྱིར་ཡང་མ་ཡིན་ཞེས་བྱ་བ་རྒྱས་པར་རོ། །དེ་བས་ན་ཤེས་པར་བྱས་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཉིད་ལ་བསྟེན་པ་འདི་མ་ལུས་པ་ཆད་པ་མེད་པ་ཞེས་བྱ་བའོ། །འཕགས་པའི་
མདོ་སྡེ་ལ་སོགས་པ་རྣམས་ལ་འཇུག་པ་མེད་པ་ལ་སོགས་པ་ཉིད་གཟིགས་པའི་བཅོམ་ལྡན་འདས་ཀྱིས་དེ་ཤེས་པར་བྱ་བའི་དོན་དུ་གང་ཞིག་མདོ་སྡེ་ལ་མི་འཇུག་པ་ཞེས་བྱ་བ་ལ་སོགས་པ་བསྟན་པར་རིགས་པ་ཡིན་ནོ། །ཇི་ལྟར་ཐེག་པ་ཆེན་པོ་ལ་སྡང་བ་རྣམས་ཀྱི་དེ་ལ་འདུན་པའི་ལན་གྱིས་
Vol. 94 · folio 145b
མདོ་སྦྱར་བར་གྲགས་པ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལ་འཇུག་པ་མེད་པ་ཞེས་བྱ་བའོ། །དེ་བས་ན་བཅོམ་ལྡན་འདས་མ་སངས་རྒྱས་ཀྱི་གསུང་ཡིན་ཞེས་འདི་གནས་པ་ཡིན་ནོ། །འབྱོལ་བར་འགྱུར་བ་དང་ཡོངས་སུ་གཏོང་བར་འགྱུར་བ་དང་ཡོངས་སུ་ཕྱི་རོལ་དུ་འགྱུར་རོ་ཞེས་བྱ་བ་དོན་གཅིག་
གོ། །ཐམས་ཅད་ནས་ནི་ཐམས་ཅད་ཇི་ལྟར་འབྱུང་བ་དེ་ལྟར་རོ། །ཐམས་ཅད་ནི་ཆ་ཐམས་ཅད་ཀྱིས་སོ། །རྣམ་པ་ཐམས་ཅད་དུ་ནི་རྣམ་པ་ཐམས་ཅད་ཀྱིས་སོ། །ཐམས་ཅད་ཀྱིས་ཞེས་བྱ་བ་འགའ་ཞིག་ཏུ་འདོན་པ་མ་ཡིན་ནོ། །ལས་མངོན་པར་འདུ་བྱེད་པ་ནི་ལས་ཀྱི་བྱ་བའོ། །ཉེ་བར་
གཞག་པ་དང་ཞེས་བྱ་བ་ནི་བྱས་པས་སོ། །ཀུན་ནས་བསླང་བ་ཞེས་བྱ་བ་ནི་ཉེ་བར་བསགས་པས་སོ། །བརྒྱ་ལ་སོགས་པའི་སྒྲས་སྐུར་པ་འདེབས་པའི་སེམས་ལ་ཆུང་བ་ལ་སོགས་པའི་དབྱེ་བས་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཐ་དད་པ་སྟོན་པར་བྱེད་དོ། །དམྱལ་བ་ཆེན་པོ་རྣམས་ནི་མནར་མེད་
དང་ཚ་བ་དང་རབ་ཏུ་ཚ་བ་ལ་སོགས་པ་རྣམས་སོ། །འཇིག་པ་ནི་འཇིག་པའོ། །འོག་གི་མནར་མེད་པ་ནས་བརྩམས་ཏེ་ཇི་སྲིད་ཚངས་པའི་འཇིག་རྟེན་གང་ལ་མེས་ཟད་པར་བྱེད་པ་དེ་ནི་མེས་འཇིག་པའོ། །འདོར་བར་འགྱུར་བ་ནི་སྲིད་པ་བར་མ་དོའི་ལུས་ཀྱིས་སོ། །ལྷུང་བར་འགྱུར་བ་ནི་སྐྱེ་བ་སྲིད་
པའི་ལུས་ཀྱིས་སོ། །དེ་ལྟར་དེ་དག་སྡུག་བསྔལ་མང་པོ་མྱོང་བ་ནི་དེ་མང་པོ་ཡིན་ལ་སྡུག་བསྔལ་ཡང་ཡིན་པས་དེས་མྱོང་བར་བྱ་བ་གང་གི་ཕྱིར་དེ་སྐད་དུ་བརྗོད་པའོ། །ལྔ་ཞེས་བྱ་བ་ནི་མ་བསད་པ་དང་ཕ་བསད་པ་དང་དགྲ་བཅོམ་པ་བསད་པ་དང་དགེ་འདུན་གྱི་དབྱེན་དང་དེ་བཞིན་གཤེགས་
པ་ལ་ངན་སེམས་དང་གསོད་སེམས་ཀྱིས་ཁྲག་འབྱིན་པའོ། །གསོད་སེམས་ཞེས་བྱ་བ་ནི་གཞུས་པ་བརྗོད་པར་འདོད་པ་ལ་མཚམས་མེད་མ་ཡིན་ཞེས་བྱ་བ་ལུང་གིས་སོ། །མནར་མེད་པའི་དམྱལ་བར་ལྟུང་བའི་སླད་དུ་གཟུང་བར་མི་ནུས་པའི་ཕྱིར་མནར་མེད་པ་སྟེ་རང་གི་དོན་ལ་ཨ་ཎའོ། །
གཟུགས་བརྙན་ལ་སོགས་པ་ཚིག་གསུམ་པོ་ནི་དོན་མཉམ་པའོ། །རྙེད་པ་དང་བཀུར་སྟི་ནི་དེ་རྣམས་ཉིད་ལས་གང་གི་དོན་དུ་དེ་རྣམས་མཐོང་བར་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེ་རྣམས་ཀྱིས་དེ་མི་མཐོང་བ་ལ་སོགས་པ་ཅིའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལོ་འདབ་རུལ་པ་ནི་རློན་པ་རུལ་
Vol. 94 · folio 146a
པའོ། །དེ་མ་དོར་ན་རློན་པ་གཞན་ཡང་ཆུད་ཟོས་པར་བྱེད་དོ། །ལྟ་བུ་ནི་རིགས་ཏེ་རློན་པ་རུལ་བ་བཞིན་དུ་སྐྱེ་བ་གང་རྣམས་ལ་ཡོད་པ་དེ་རྣམས་ནི་རློན་པ་རུལ་བ་ལྟ་བུའོ། །ནག་པོ་ནི་རྩྭའི་བྱེ་བྲག་གོ། །དེ་ཡང་ཞིང་ལས་མ་བཏོན་ན་ཞིང་ཆུད་ཟ་བར་བྱེད་དོ། །ཉེ་བར་སྐྱེད་པ་
ནི་སྒྲུབ་པའོ། །ནག་པོ་བཞིན་དུ་ཉེ་བར་སྐྱེད་པ་འདི་རྣམས་ལ་ཡོད་པས་ན་ནག་པོ་ཉེ་བར་སྐྱེད་པའོ། །ཡང་ན་སྦྲུལ་ནག་པོའི་རིགས་ཅན་ཞེས་བྱ་བ་ནི་སྦྲུལ་ནག་པོའོ། །དེ་རང་ཉིད་དུག་དང་བཅས་པ་འདྲེས་པ་རྣམས་དུག་ལངས་ཤིང་དུག་དང་བཅས་པར་བྱེད་དོ། །ཚུལ་མ་ཡིན་པས་ཞེས་བྱ་བ་ནི་དེ་རྣམས་
ལས་ཐོས་པ་དང་དད་པ་ལ་སོགས་པའི་ལམ་མ་ཡིན་པས་སོ། །བརླག་པ་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལོ། །མི་བཟད་པ་དང་ནད་ཀྱིས་རེག་པ་ནི་གནོད་པ་ཆེན་པོར་ངེས་པར་འགྱུར་བའོ། །རེག་པ་ནི་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྣང་བ་ནི་སྔར་བྱས་པའི་ལས་ལ་རྣམ་པར་སྨིན་པ་ཤེས་པའོ། །དཀར་
པོའི་སྐལ་བ་ནི་དགེ་བའི་ཆའོ། །དེ་དང་ལྡན་པས་ན་དཀར་པོའི་སྐལ་བ་ཅན་ནོ། །ཕྲད་པར་ནི་སྦྱོར་བའོ། །སྡིག་པ་བྱེད་པ་རྣམས་ནི་རྣམ་པ་གཉིས་ཏེ། གཅིག་ཏུ་ནག་པོ་ལ་སྤྱོད་པ་དང་དཀར་པོའི་ཆ་དང་འདྲེས་པའི་ནག་པོ་ལ་སྤྱོད་པ་རྣམས་སོ། །དེ་ལྟ་བུའི་རྣམ་པའི་སྡིག་པ་འབད་པས་ཡོངས་སུ་སྤང་བར་བྱ་ཞེས་
བྱ་བ་འཕགས་པ་རབ་འབྱོར་གྱིས་གཞན་ལ་བརྩེ་བས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སོ། །ངག་གིས་ཞེས་བྱ་བ་ནི་འདྲི་བ་སྟེ་ལས་གཞན་ལ་ལྟོས་པས་ཅི་གཞན་ཡང་ལས་མངོན་པར་འདུ་བྱ་བ་ཡོད་དམ། གང་གིས་འདི་ཙམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐུར་པ་འདེབས་པ་ལས་སྐྱེས་
པའི་བསོད་ནམས་མ་ཡིན་པའི་ཚད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ངག་གིས་ཉེས་པར་སྨྲས་པ་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐུར་པ་འདེབས་པའི་ངག་གིས་ཉེས་པར་སྨྲས་པ་འདི་ཉིད་ཀྱིས་ཏེ་གཞན་གྱིས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལེགས་པར་གསུངས་
པ་ནི་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་རོ། །ཆོས་འདུལ་བ་ཞེས་བྱ་བ་ནི་རིགས་པ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པའི་དོན་གྱི་ཆོས་སོ། །ཉོན་མོངས་པ་འདུལ་བས་ན་འདུལ་བའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པས་ནི་འོན་ཏེ་དོན་འདི་སྔར་ཡང་དྲིས་པ་སྟེ་ལན་ཡང་
Vol. 94 · folio 146b
དེར་གསུངས་སོ། །སྔར་ཡང་དེ་དག་དེ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་དང་པོ་སྐུར་པ་འདེབས་པ་ཅི་ཞིག་རྒྱུ་མཚན་དུ་གྱུར་ཅེས་བྱ་བ་སྔ་མ་དང་ཕྱི་མའི་གནས་སྐབས་ཀྱི་ཐ་མ་ལ་གནས་པ་ཡོངས་སུ་དྲི་བའོ། །དེ་བས་ན་དང་པོར་སྐུར་པ་འདེབས་པ་ཉིད་བདུད་ཀྱིས་བྱིན་གྱིས་བརླབས་པའོ། །
དད་པ་དང་རབ་ཏུ་དང་བ་མེད་པའི་རྒྱུ་དག་གསུངས་སོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་རྒྱུ་གཞན་རྣམས་ཀྱང་གསུངས་སོ། །སྡིག་པའི་གྲོགས་པོས་བྱིན་གྱིས་བརླབས་པའི་འབྲས་བུ་གསུངས་པ་ནི་མངོན་པར་མི་བརྩོན་པར་འགྱུར་བའམ་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པ་ལ་ལྟོས་པ་ཉིད་ཀྱི་ཕྱིར་
རོ། །ཕུང་པོ་ལ་མངོན་པར་ཞེན་པར་འགྱུར་བ་ཞེས་བྱ་བ་ལ། མངོན་པར་ཞེན་པ་ནི་འདོད་པ་བརྟན་པ་ལ་སོགས་པ་ལས་མ་ལོག་པའི་ཕྱིར་རོ། །ཕུང་པོ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ནི་འདོན་པ་ལ་དོན་གསལ་བ་ཉིད་དོ། །རྣམ་པ་འདི་དག་ཅེས་བྱ་བ་ནི་འདིར་ཡང་རིགས་དང་བྲལ་བས་བབ་པའི་ཆོས་ལ་
ལྷག་པར་མོས་པ་མ་ཡིན་པ་ཉིད་རྒྱུ་གཙོ་བོར་བལྟ་བར་བྱའོ། །གཞན་རྣམས་དེའི་ཉེ་བར་མཁོ་བའོ། །རྣམ་པ་བཞི་ཞེས་བྱ་བའི་འདོན་པ་ལ་བདག་ལ་བསྟོད་པ་ཞེས་བྱ་བ་ལ་སོགས་པ་གསུམ་གྱིས་ཕུང་པོ་གཅིག་གོ། །དམྱལ་བའི་གཞུང་མང་བ་ཉིད་ཀྱི་ཕྱིར་དམྱལ་བའི་ལེའུ་སྟེ་ལེའུ་བདུན་པའོ།། །།
སྔར་བཅོམ་ལྡན་འདས་མ་ལ་ཆེ་བའི་བདག་ཉིད་ཐོས་པ་དང་མངོན་པར་འཕེལ་བའི་གནས་བརྟན་ཤཱ་རིའི་བུས་དེ་ལ་ལྷག་པར་མོས་པའི་སླད་དུ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ཞེས་དྲིས་པ་ལ། གནས་སྐབས་དེ་ཉིད་ཀྱིས་དམ་པའི་ཆོས་ལ་སྐུར་པ་འདེབས་པའི་གཏམ་གནས་སྐབས་སུ་
བྱས་པའོ། །ད་ནི་ཡང་གནས་སྐབས་དེ་ཉིད་ཀྱིས་གནས་བརྟན་རབ་འབྱོར་མོས་པར་དཀའ་བ་ཉིད་དག་གནས་སྐབས་སུ་འབྱེད་པ་ནི་མངོན་པར་མི་བརྩོན་པ་དང་ཞེས་བྱ་བ་ལ་སོགས་པས་སོ། །མོས་པར་དཀའ་བ་ནི་རིགས་དམན་པ་རྣམས་ཀྱིས་དེ་ལ་ལྷག་པར་མོས་པ་ལ་དེ་བཞིན་གཤེགས་པ་ལ་
བསྙེན་བཀུར་བྱེད་པ་ལ་སོགས་པས་ཡང་རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །རྒྱུ་གསུངས་པ་ནི་མངོན་པར་མི་བརྩོན་པ་ཞེས་བྱ་བ་སྟེ། མངོན་པར་མི་བརྩོན་པ་ནི་ལྷག་པར་མོས་པའི་རྒྱུ་ལ་དུས་རིང་པོར་ཇི་ལྟ་བ་བཞིན་དུ་མ་གོམས་པའོ། །དོན་དུ་མི་གཉེར་བ་ཞེས་བྱ་བ་ནི་འདུན་པ་ཞན་པས་སོ། །ཉེ་
Vol. 94 · folio 147a
བར་བསྟན་པ་ནི་བགེགས་སུ་བྱས་པའོ། །ལེགས་པར་མི་ཉན་པ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་རྣམས་ལའོ། །ཡང་མོས་པར་དཀའ་བ་ཉིད་དེ་བསྟན་པའི་དོན་དུ་ཅི་ཙམ་དུ་ཟབ་པ་ལགས་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་མ་ཅི་ཙམ་གྱིས་ཟབ་པ་
ནི་གང་ཞིག་འདི་ལྟར་མོས་པར་དཀའ་བ་ཞེས་བྱ་བའོ། །ཟབ་པའི་དྲི་བ་ལ་བཅོམ་ལྡན་འདས་ཀྱིས་མ་བཅིངས་མ་གྲོལ་བ་བསྟན་པ་དང་མུ་མེད་པ་བསྟན་པ་དང་ཆགས་པ་དང་མ་ཆགས་པ་བསྟན་པ་ཞེས་བྱ་བའི་བསྟན་པ་བཞི་ཅིའི་ཕྱིར་བར་སྐབས་སུ་མཛད། རབ་འབྱོར་གཟུགས་ནི་མ་
བཅིངས་མ་གྲོལ་བའོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་ལ། གང་ཞིག་ཡོངས་སུ་གྲུབ་པ་ཆོས་ཀྱི་ངོ་བོ་སྣང་བ་དེ་འཁོར་བའི་གནས་སྐབས་ལ་དུས་འདི་ཙམ་དུ་ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་འཆིང་བ་ཐམས་ཅད་ཀྱིས་མ་བཅིངས་ཞེས་
བྱ་བ་བརྗོད་པ་ཡིན་ནོ། །ཕྱིས་ཡང་ཡོངས་སུ་གྲུབ་པའི་གནས་སྐབས་ལ་མ་གྲོལ་བ་ཞེས་བརྗོད་དོ། །གང་གི་ཕྱིར་ཀུན་བརྟགས་ཉིད་ནི་འཆིང་བ་ཞེས་བྱ་བ་དང་གྲོལ་བ་ཞེས་བྱ་བར་བརྗོད་ཀྱི་ནམ་མཁའ་བཞིན་དུ་གོས་པ་མེད་པ་དང་འགྱུར་བ་མེད་པའི་ཆོས་ཉིད་ཀྱི་གཟུགས་ནི་མ་ཡིན་
ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་ནི་རབ་འབྱོར་གཟུགས་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་བརྟགས་དང་གཞན་དབང་གིས་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམས་ལ་གཟུང་བར་བྱའོ། །ཡང་མ་
བཅིངས་མ་གྲོལ་བ་ཉིད་ལ་གསལ་བར་བྱེད་པའི་དོན་དུ་དུས་གསུམ་དང་སྦྱར་བར་བྱེད་དེ། །རབ་འབྱོར་གཟུགས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ལ་འཁོར་བར་དྲི་མ་དང་བཅས་པ་མ་དག་པའི་གནས་སྐབས་སྔོན་གྱི་མཐའ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ན་
ཉེ་བར་བསྟན་ནས་སླར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པ་ཡོངས་སུ་མ་དག་པའི་གནས་སྐབས་ཀྱི་ཕྱི་མའི་མཐའ་ཞེས་བརྗོད་དོ། །དུས་གསུམ་ཡང་འགྱུར་བ་མེད་པ་མི་གནས་མཚན་ཉིད་དེ་བཞིན་ཉིད་ཅེས་བསྟན་པར་བྱེད་པ་ནི་རབ་འབྱོར་གཟུགས་ལ་སྔོན་གྱི་མཐའི་ངོ་བོ་ཉིད་མེད་པའི་
Vol. 94 · folio 147b
ཕྱིར་རོ། །ཕྱིར་ཞེས་བྱ་བ་ནི་ཆོས་ཉིད་ལ་དུས་ལས་ངེས་པར་གྲོལ་བའི་མཚན་ཉིད་ཀྱི་ཕྱིར་གསུངས་པ། མཆོག་ཏུ་མོས་པར་དཀའ་བ་ཞེས་བྱ་བ་སྟེ་མཆོག་ཏུ་ཟབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་མ་བཅིངས་མ་གྲོལ་བ་བསྟན་པ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ངོ་བོ་བྱང་ཆུབ་སེམས་
དཔའ་རྣམས་ལ་དག་པ་དང་མ་དག་པའི་གནས་སྐབས་ད་ལྟར་བྱུང་བ་ཞེས་བརྗོད་དོ། །གང་ཞིག་བསྟན་པའི་དོན་དུ་རྣམ་པར་དག་པའི་བསྟན་པ་རྩོམ་པར་བྱེད་དེ། རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་འབྲས་བུ་རྣམ་པར་དག་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་
ཐམས་ཅད་ལ་བཅིངས་པ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའོ། །ཀུན་ནས་ཉོན་མོངས་པ་མེད་པས་རང་བཞིན་ཅན་གྱི་རྣམ་པར་དག་པའོ། །རྣམ་པར་དག་པ་ལ་རང་བཞིན་ཅན་ཉིད་ཀྱི་ཕྱིར་རྣམ་པར་བྱང་བའི་ཆོས་རྣམས་མེད་པའོ། །རང་བཞིན་ཅན་གྱི་རྣམ་པར་དག་པ་ལ་རྣམ་པར་བྱང་བའི་
ཆོས་རྣམས་དོན་དམ་པར་ཅུང་ཟད་བྱེད་པ་མ་ཡིན་ཏེ། དེ་བས་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྣམ་པར་རྟོག་པ་ཡང་བྱིས་པ་རྣམས་ལ་ཀུན་ཏུ་བརྟགས་པ་ཉིད་དེ་ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ། །དེ་ལ་གང་ཞིག་གཟུགས་རྣམ་པར་དག་པ་ནི་དེ་འབྲས་བུ་རྣམ་པར་དག་པ་ཞེས་བྱ་བའོ། །
གཟུགས་ལ་སོགས་པའི་ཆོས་རྣམས་ལ་འབྲས་བུར་གྱུར་པའི་རྣམ་པར་དག་པ་ཞེས་བྱ་བ་སུ་ཞིག་སོ་སོར་གྱུར་པ་ཡོད་པ་མ་ཡིན་ནོ། །གང་ཞིག་འདི་ཆོས་ཉིད་ཀྱི་གཟུགས་གྲུབ་པ་ལ་རང་བཞིན་ཅན་རྟག་ཏུ་རྣམ་པར་དག་པ་ཉེ་བར་གནས་པའོ། །དེ་ཉིད་ནི་འབྲས་བུར་གྱུར་པ་མྱ་ངན་ལས་འདས་པའི་
མིང་ཅན་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཟུགས་དང་འབྲས་བུ་དག་ལ་རྣམ་པར་དག་པ་གཅིག་ཉིད་ཡིན་ཞེས་མཇུག་སྡུད་པར་བྱེད་པ་ནི་གཟུགས་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅེས་བྱ་བ་ལ། གཉིས་སུ་མེད་པ་
ནི་གཅིག་ཉིད་ཀྱི་ཕྱིར་རོ། །གཉིས་སུ་བྱར་མེད་པ་ནི་སོ་སོར་བྱ་བར་མི་ནུས་པའི་ཕྱིར་རོ། །ཐ་མི་དད་པ་ནི་ཐ་དད་པ་མེད་པའི་ཕྱིར་རོ། །མ་ཆད་པ་ནི་བར་མ་ཆད་པའམ་རྟག་པ་ཉིད་ཀྱི་ཕྱིར་རོ། །ད་ནི་ཆོས་ཐམས་ཅད་རྣམ་པར་དག་པས་གཟུགས་ལ་སོགས་པའི་རྣམ་པར་དག་པ་བརྗོད་པར་བྱ་བ་ལ་
Vol. 94 · folio 148a
གཙོ་བོ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་དག་པ་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ད་ནི་གནས་བརྟན་ཤཱ་རིའི་བུས་རྣམ་པར་དག་པའི་བསྟན་པ་ཐོབ་པས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དང་བ་མངོན་པར་འཕེལ་བ་སྤོབས་པ་ཡང་དག་པར་སྐྱེས་པ་རིམ་གྱིས་རྣམ་པར་དག་པའི་ཚིག་བཅུ་གཅིག་ལ་ཡང་འཁོར་ཡང་དག་པར་བསྡུ་བའི་ཕྱིར་བསྟན་པ་རྩོམ་པར་བྱེད་པ་ནི་ཟབ་བོ་ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བའོ། །འདིས་ཉོན་མོངས་
པ་དང་ཉེ་བའི་ཉོན་མོངས་པའི་རྣམ་པར་རྟོག་པའི་དྲི་མས་ཉེ་བར་བསགས་པའི་འཁོར་བ་པའི་ཆོས་རྣམས་ལས་དེ་རྣམས་སོ་སོར་མ་ཡིན་པར་གྱུར་པའི་ཆོས་ཉིད་དྲི་མ་དེ་རྣམས་ཀྱིས་དྲི་མ་ཅན་དུ་འགྱུར་བ་མ་ཡིན་ཏེ། དུས་ཐམས་ཅད་དུ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་འདི་བྱིས་པ་རྣམས་
ཀྱིས་ཡང་དག་པར་དཀའ་བ་སྟེ། དེ་བས་ན་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ཟབ་པ་ཞེས་བརྗོད་དོ། །གསལ་བར་བགྱིད་པ་ནི་འོད་གསལ་བ་སྟེ་དྲི་མ་དང་བཅས་པའི་གནས་སྐབས་ལ་ཡང་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཞེས་གསུངས་པ་ནི་རྣམ་པར་དག་པ་ཡིན་པའི་ཕྱིར་རོ་
ཞེས་བྱ་བའོ། །སྣང་བར་བགྱིད་པ་ཞེས་བྱ་བ་ནི་ཇི་ལྟར་ཟླ་བ་དང་ཉི་མ་ལ་སོགས་པ་རྣམས་ལ་སྤྲིན་དང་བ་མོ་ལ་སོགས་པ་མེད་པ་ལ་ཤིན་ཏུ་རྣམ་པར་དག་པའི་སྣང་བ་ཆེན་པོར་འགྱུར་རོ། །དེ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་རྣམས་ཀྱང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་
སྣང་བ་བཞིན་དུ་སྣང་བར་འགྱུར་ཞེས་གསུངས་པ་ནི་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་སྟེ། མཚམས་སྦྱོར་བ་མ་མཆིས་པ་ཞེས་བྱ་བ་ནི་འདས་པའི་ཉོན་མོངས་པ་དང་རྣམ་པར་རྟོག་པ་དང་སྤྲོས་པའི་དྲི་མ་རྣམས་སླར་མི་སྐྱེད་པ་ནི་མཚམས་སྦྱོར་བ་མ་མཆིས་པ་ཞེས་བརྗོད་དོ། །ཡོངས་སུ་དོར་བ་
དེ་རྣམས་ལ་སླར་སྐྱེ་བ་མེད་པས་གསུངས་པ་ནི་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་སྟེ། ཀུན་ནས་ཉོན་མོངས་པ་མ་མཆིས་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་སྤྲིན་དང་ཁ་བ་ལ་སོགས་པ་ཡོད་ཀྱང་ནམ་མཁའ་ལྟར་རང་བཞིན་གྱིས་རྣམ་པར་དག་པ་ཉིད་བརྗོད་དོ། །ཐོབ་པ་མ་མཆིས་པ་མངོན་པར་
Vol. 94 · folio 148b
རྟོགས་པ་མ་མཆིས་པ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་འདི་དང་ཐོབ་པར་བྱེད་པའི་ཆོས་ཡོད་པ་ལ་ཐོབ་པ་འབྱུང་བ་ཡིན་ཏེ། རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པ་ཡོད་ན་མངོན་པར་རྟོགས་པ་འབྱུང་བ་མ་ཡིན་ནོ། །དེ་ལ་ཀུན་བརྟགས་དང་གཞན་དབང་དག་གསལ་བ་ཙམ་ལ་ཡོངས་སུ་གྲུབ་པ་
ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །དེ་བས་ན་དེའི་འགའ་ཞིག་ཐོབ་པ་འམ་མངོན་པར་རྟོགས་པ་ཡོད་པ་མ་ཡིན་ནོ། །མངོན་པར་གྲུབ་པ་མ་མཆིས་ཞེས་བྱ་བ་ནི་ཀུན་བརྟགས་དང་གཞན་དབང་གི་གཟུགས་ལ་སོགས་པའི་ཆོས་རྣམས་མངོན་པར་མ་གྲུབ་པ་ལ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་རྣམ་པར་གཞག་པས་མངོན་པར་མ་གྲུབ་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྗོད་དོ། །ཤིན་ཏུ་མི་དམིགས་པ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་མི་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཞེས་བྱ་བའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ནི་ཀུན་བརྟགས་དང་གཞན་དབང་ངོ་། །གང་ཞིག་དེ་རྣམས་ལ་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །འགའ་ཞིག་ཏུ་ནི་ཤིན་ཏུ་སྐྱེ་བ་མ་མཆིས་པ་ཞེས་བྱ་བ་འདོན་པའོ། །དེ་ལ་སྐྱེ་བ་མ་
མཆིས་པ་ནི་མི་འབྱུང་བའོ། །མ་འཚལ་བ་ཡང་དག་པར་མ་འཚལ་བ་ཞེས་བྱ་བ་ལ། མ་འཚལ་བ་ནི་རང་ཉིད་ཀྱིས་ཡེ་ཤེས་ཀྱི་ངོ་བོ་ཉིད་མ་ཡིན་ནོ། །ཡང་དག་པར་མ་འཚལ་བ་ནི་ཆོས་རྣམས་ཀྱི་དངོས་པོ་མེད་པའི་མཚན་ཉིད་ཀྱི་ཕྱིར་གཟུང་བར་བྱ་བའི་གཟུགས་ཅུང་ཟད་མཐོང་བ་མ་ཡིན་ནོ། །གཉིས་
ཀྱིས་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོའི་མཚན་ཉིད་གསུངས་པ་གསལ་བར་བྱ་བའི་ཕྱིར་དྲི་བའོ། །བཅོམ་ལྡན་འདས་ཡང་ཞེས་བྱ་བ་ལ་སོགས་པའོ། །ལན་ནི་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ་གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་མི་མཐོང་
ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལ་གནོད་པར་མི་བགྱིད་ཕན་པར་ཡང་མི་བགྱིད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་འདི་ཉིད་ཀྱང་ཤིན་ཏུ་རྣམ་པར་དག་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ལ་ཕན་པ་འམ་གནོད་
Vol. 94 · folio 149a
པ་བགྱིད་པ་མ་ལགས་ཏེ། དཔེར་ན་ནམ་མཁས་ནམ་མཁའ་ལའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་སྟེ། ཡོངས་སུ་མི་འཛིན་ཡོངས་སུ་མི་གཏོང་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་ཐམས་ཅད་དང་ཡོངས་སུ་གཏོང་བ་མེད་པ་མཚན་ཉིད་ཤིན་
ཏུ་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་ནི་གལ་ཏེ་ཆོས་གང་ཡང་ཡོངས་སུ་འཛིན་པའམ་ཡོངས་སུ་དོར་བ་མེད་པ་ནི་རྣམ་པར་དག་པ་ཉིད་དུ་མི་འགྱུར་རོ། །འོག་ཏུ་གནས་བརྟན་རབ་འབྱོར་གྱིས་བདག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་ཞེས་བྱ་བ་ནི་བདག་མེད་པ་
ཉིད་ཀྱིས་གཟུགས་ལ་སོགས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །འདིར་དངོས་པོ་མེད་པ་ནི་རྣམ་པར་དག་པ་སྟེ་ཐོབ་པ་མ་མཆིས་མངོན་པར་རྟོགས་པ་ཡང་མ་མཆིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟར་རྣམ་པར་དག་པའི་བསྟན་པ་ཡོངས་སུ་རྫོགས་པ་ལ་མུ་མ་མཆིས་པའི་བཤད་པ་ཟབ་པ་ཉིད་
རྟོགས་པའི་དོན་དུ་རྩོམ་པར་བྱེད་པ་ནི་བདག་མུ་མ་མཆིས་པས་ན་གཟུགས་མུ་མ་མཆིས་པའོ་ཞེས་བྱ་བ་སྟེ། རྟག་པ་དང་ཆད་པའི་མཐའ་མེད་པའི་ཕྱིར་དང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་མེད་པའི་ཕྱིར་མུ་མ་མཆིས་པ་ཉིད་དེ། གང་ཞིག་དེ་ལྟར་བྱང་ཆུབ་སེམས་དཔའ་འདི་རྟོགས་པ་འདི་
ནི་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །དེ་ལྟར་ཟབ་པའི་དོན་གྱི་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཉིད་ལ་བརྗོད་ཀྱི་སངས་རྒྱས་རྣམས་ལ་ནི་མ་ཡིན་ཞེ་ན། དགོངས་པ་ནི་འདི་ཡིན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་མཐར་ཐུག་པ་དང་བྱ་
བ་བྱས་པ་མ་ཡིན་ཏེ་འོན་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །དེ་ཉིད་རྣམ་པར་དག་པ་ལ་ལྟོས་པ་ཤིན་ཏུ་རྣམ་པར་མ་དག་པ་ལ་ལྟོས་པས་ཤིན་ཏུ་རྣམ་པར་མ་དག་ཅེས་བརྗོད་པ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཉིད་ལ་བརྗོད་པ་ཡིན་ནོ། །བཅོམ་
ལྡན་འདས་ཡང་ཞེས་བྱ་བ་ལ་སོགས་པ་ལ། དགོངས་པ་ནི་འདི་ཡིན་ཏེ། ཕ་རོལ་དུ་སོང་བ་ཞེས་བྱ་བའམ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་དུ་སོང་བ་ཡང་
Vol. 94 · folio 149b
དམ་པ་རྣམས་ལ་ཚུ་རོལ་གྱི་འགྲམ་ན་ཡང་མི་གནས་ཕ་རོལ་གྱི་འགྲམ་ན་ཡང་མི་གནས་པ་འདི་འགྲམ་གཉིས་ལས་ཐ་དད་པར་གཞན་དུ་དམིགས་པ་མ་ཡིན་ནོ། །ཚུ་རོལ་གྱི་འགྲམ་ཞེས་བྱ་བ་ནི་འདུས་བྱས་ཀྱི་འགྲམ་ལའོ། །ཕ་རོལ་གྱི་འགྲམ་ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་འགྲམ་ལའོ། །གཉི་གའི་
བར་རྒྱང་རིང་པོ་ན་ཡང་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པ་དང་ལྐོག་ཏུ་མ་གྱུར་པ་གལ་ཏེ་འགའ་ཞིག་ཏུ་ཡོད་པར་གྱུར་ན་དེའི་ཚེ་གང་ལ་ཡང་ཉེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འདི་ལ་རྒྱུ་གསུངས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་སྟེ། གལ་ཏེ་འགྲམ་འགའ་ཞིག་ལ་དམིགས་པར་
འགྱུར་ན་དེ་ལྟར་ཡོད་ན་ནི་རྣམ་པར་དག་པ་ཉིད་དུ་མི་འགྱུར་རོ། །གང་གི་ཕྱིར་འགའ་ཞིག་ཏུ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་སྟེ། ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་འགྲམ་གཉིས་ལ་མེད་དེ་གཞན་དུ་ཡང་གནས་པ་མ་ཡིན་ནོ། །ཆོས་ཐམས་ཅད་ལ་དེ་བཞིན་ཉིད་
དང་རོ་གཅིག་པ་ཉིད་དུ་གཞན་གྱི་འདུ་ཤེས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གང་དུ་ཡང་གནས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་ཞེས་བྱ་བ་ནི་གང་དུ་ཡང་གནས་པ་མ་ཡིན་ནོ་ཞེས་སྤང་ངོ་། །གལ་ཏེ་ཤེས་པར་གྱུར་ན་མཚན་མའི་སྦྱོར་བས་འདོར་བར་འགྱུར་བ་ནི་གཏང་བའི་ཕྱིར་རོ། །རིང་དུ་
བགྱིད་པར་འགྱུར་བ་ཞེས་བྱ་བ་ནི་བར་རིང་བའི་ཕྱིར་རོ། །ཟབ་པ་ཉིད་རྟོགས་པའི་དོན་དུ་ཆགས་པ་དང་མ་ཆགས་པའི་བསྟན་པ་སྐབས་འབྱེད་པ་ནི་རབ་འབྱོར་མིང་ལས་ཀྱང་ཞེས་བྱ་བ་ལ་སོགས་པས་སོ། །གཟུགས་ལ་སོགས་པའི་ཆོས་རྣམས་ལ་ནི་མིང་གི་སྒྲར་ཀུན་དུ་བརྟགས་པས་བརྡའི་རྒྱུ་
མཚན་འཛིན་པ་ཀུན་དུ་བརྟགས་པ་ཞེས་གཉི་ག་ཡང་སྒྲིབ་པའི་བདག་ཉིད་ཀྱི་ཕྱིར་ཆགས་པ་ཞེས་བརྗོད་པ་ཡིན་ཏེ་ཆགས་པའོ། །ཆགས་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པའོ། །བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་
ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་གསུངས་པ་ཡིན་ནོ། །ལེགས་པར་བཤད་པ་ནི་ཐམས་ཅད་མ་ཡིན་པའོ། །རྣམ་གྲངས་ཡོངས་སུ་གསལ་བ་ཉེ་བར་བསྟན་པའི་ཕྱིར་རོ། །ལེགས་པར་བསྟན་ཏེ་ཞེས་བྱ་བ་ནི་ཕྲ་བ་ཡང་ཆགས་པའི་རྒྱུ་མཚན་ཉེ་བར་བསྟན་པའི་ཕྱིར་རོ། །ཤིན་ཏུ་མཐར་
Vol. 94 · folio 150a
གཏུགས་པ་ནི་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་པ་བསྟན་པའི་ཕྱིར་རོ། །ཆགས་པ་འདི་དག་ཀྱང་ངོ་། །ཀྱང་ཞེས་བྱ་བ་ནི་ཁྱད་པར་ལའོ། །ཆགས་པ་ཞེས་བྱ་བ་ནི་སྣ་ཚོགས་པའི་ཡུལ་གྱི་བདག་མེད་པ་མཆོག་
ཏུ་འཛིན་པའི་མཚན་ཉིད་ཅན་ནོ། །གཟུགས་སྟོང་པའོ་སྙམ་པ་ནི་ཆགས་པའོ་ཞེས་བྱ་བ་ནི་དམིགས་པའི་སྦྱོར་བ་ཉིད་ཀྱིས་འབྱུང་བ་ཡིན་ནོ། །ཅི་ལྟར་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ཆོས་རྣམས་ལ་ཆགས་པ་ནི་ཕྱིན་ཅི་ལོག་པའོ། །དེ་བཞིན་དུ་རྣམ་པར་བྱང་བའི་ཕྱོགས་རྣམས་
ལ་ཡང་ཞེས་གསུངས་པ་ནི་སེམས་དང་པོ་བསྐྱེད་པ་ཞེས་བྱ་བ་སྟེ། སེམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་ནི་མི་ནུས་སོ་ཞེས་བྱ་བ་ནི་ཆོས་རྣམས་ལ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་ཡོངས་སུ་བསྔོ་བ་མེད་ཅེས་བྱ་བ་ནི་རྟོགས་པ་ལས་ཡོངས་སུ་བསྔོ་བ་དམིགས་པའི་སྦྱོར་བས་
བྱ་བ་མ་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་དེ་བས་ན་རང་ཉིད་ཀྱིས་ཆགས་པ་སྤངས་པའི་རྒྱུ་ལས་སོ། །གཞན་རྣམས་ལ་ཡང་དག་པར་སྟོན་པའི་དུས་སུ་ཡང་དག་པར་སྟོན་པ་དང་ཞེས་བྱ་བ་སྔར་ཐོས་པ་དང་མི་ལྡན་པ་ཐོས་པར་བྱེད་ཅིང་ཡང་དག་པར་དགོད་པ་དང་ཞེས་བྱ་བ་ནི་
རྗེས་སུ་གྲུབ་པའི་ཕྱིར་ཡང་དག་པར་འཛིན་པར་བྱེད་པའོ། །ཡང་དག་པར་གཟེངས་བསྟོད་པ་ཞེས་བྱ་བ་ནི་དལ་བ་རྣམས་སྤྲོ་བ་སྐྱེད་པར་བྱེད་པའོ། །ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་ཞེས་བྱ་བ་ནི་བརྩོན་འགྲུས་རྩོམ་པ་རྣམས་ལ་ལེགས་སོ་བྱ་བ་ལ་སོགས་པ་རྣམས་ཀྱིས་སོ། །ཡང་
དག་པ་ཉིད་རྗེས་སུ་རྟོགས་པས་ཞེས་བྱ་བ་ནི་ཆགས་པ་གཏོང་བའི་ཕྱིར་རོ། །དེ་ལྟར་ཡང་དག་པར་དགོད་པ་ལ་རང་དང་གཞན་གྱི་དོན་དག་བསྟན་པའི་ཕྱིར་གསུངས་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བདག་ཉིད་ལ་ཡང་གནོད་པར་མི་བྱེད་ཅིང་སངས་རྒྱས་རྣམས་ལ་བསྙེན་བཀུར་མི་བྱེད་
དོ། །རང་ཉིད་ཀྱིས་ཡང་དག་པ་ཉིད་རྗེས་སུ་རྟོགས་པས་ཕན་ཡོན་གསུངས་པ་ནི་འདི་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སོ། །གཞན་དག་ཀྱང་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་འགྲིབ་པར་འགྱུར་བ་རྣམས་སོ། །མཚན་མར་ཡིད་ལ་བྱེད་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་
Vol. 94 · folio 150b
པ་ལ་སོགས་པ་ལ་དངོས་པོ་ཉིད་དུ་གཟུང་བའི་ཕྱིར་རོ། །དེ་ནི་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བ་ནི་དུས་གསུམ་ལས་ཡང་དག་པར་འདའ་བའི་ཕྱིར་རོ། །མཚན་མར་བྱ་བར་མི་ནུས་ཞེས་བྱ་བ་ནི་མཚན་མ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དམིགས་པར་བྱ་བར་མི་ནུས་ཞེས་བྱ་བ་ནི་མི་དམིགས་པའི་
སྦྱོར་བས་སོ། །གང་གི་ཕྱིར་དེ་ནི་མཐོང་བ་དང་ཐོས་པ་དང་རྟོགས་པ་དང་རྣམ་པར་ཤེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་མ་རྟོགས་པའི་ཕྱིར་རོ། །དེ་ནི་དེ་ལྟ་བུར་གྱུར་པའི་རྣམ་པར་རྟོག་པ་རྣམས་དང་མཐོང་བ་ལ་སོགས་པའི་རྣམ་
པར་ཤེས་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ཏེ། མཉམ་པས་མཉམ་པའི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོ་ལ་གནས་པ་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་རྟོགས་པའི་ཕྱིར་རོ། །ཆོས་རྣམས་ཀྱི་རང་བཞིན་ནི་ཟབ་པོ་ཞེས་བྱ་བ་སྟེ། སྔ་
ཉིད་གནས་བརྟན་ཤཱ་རིའི་བུས་ཟབ་པ་དང་མོས་པར་དཀའ་བ་ཉིད་རྟོགས་པའི་དོན་དུ་བསྟན་པའི་སྐབས་བྱས་པའོ། །ད་ནི་བདག་ཉིད་ཀྱིས་རྟོགས་པའི་ཟབ་པ་གནས་བརྟན་རབ་འབྱོར་གྱིས་རྗོད་པར་བྱེད་པ་ནི་ཟབ་པ་ཞེས་བྱ་བ་སྟེ་དབེན་པའི་ཕྱིར་རོ་ཞེས་བྱ་བའོ། །གང་གི་ཕྱིར་གང་ཞིག་ཆོས་ཐམས་
ཅད་ཀྱི་རང་བཞིན་དེ་ཉོན་མོངས་པའི་དྲི་མ་ཐམས་ཅད་ཀྱིས་དབེན་པ་དུས་ཐམས་ཅད་དུ་གནས་པ་སྟེ་འོན་ཀྱང་། གློ་བུར་པའི་དྲི་མས་ཡོངས་སུ་མ་བཏང་བའི་ཕྱིར་དམིགས་པ་མ་ཡིན་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་ཟབ་པོ་ཞེས་བྱ་བ་སྟེ། འདིའི་གཏན་ཚིགས་
གསུངས་པ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་སྟེ་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །རང་བཞིན་གྱིས་དབེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཆགས་པའི་དྲི་མ་རང་བཞིན་གྱིས་གློ་བུར་བའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ་དུས་ཐམས་ཅད་དུ་ཆོས་རྣམས་ཐམས་ཅད་
ནི་ཆགས་པ་ཐམས་ཅད་དང་རྣམ་པར་བྲལ་བ་རང་བཞིན་གྱིས་དབེན་པ་སྟེ་འོན་ཀྱང་ཆགས་པ་ཡང་ཀུན་བརྟགས་ཀྱི་དམིགས་པའོ། །དམིགས་པར་བྱ་བ་ཀུན་བརྟགས་ཀྱི་ཆགས་པ་ལ་ཡང་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དེ། གོས་པ་མེད་པ་དང་
Vol. 94 · folio 151a
དབེན་པ་དེའི་ཕྱིར་རང་བཞིན་གྱིས་ཟབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་རང་བཞིན་གྱིས་དྲི་མ་དང་བྲལ་བ་རྟོགས་ནས་ངོ་མཚར་བར་གྱུར་པ་སླར་གསུངས་པ་ནི་རང་བཞིན་གྱིས་དབེན་པའི་ཕྱིར་ཞེས་བྱ་བ་སྟེ། དེ་བས་ན་ཕྱག་འཚལ་བར་
བྱ་བའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱང་རང་བཞིན་དབེན་པ་ཉིད་དེ་འདིར་གཏན་ཚིགས་གསུངས་པ་ནི་མ་བྱས་པར་ཞེས་བྱ་བ་སྟེ། གང་གི་ཕྱིར་མ་བྱས་པར་ཞེས་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་ཉིད་ཀྱིས་ངོ་བོ་ཉིད་ཀྱི་འདུས་མ་བྱས་
པའི་ཕྱིར་རོ། །དེ་བས་ན་དམིགས་པའི་སྦྱོར་བས་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་བས་ན་དེ་རྣམས་རང་བཞིན་གྱིས་ཅུང་ཟད་མ་ཡིན་ཏེ་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གང་ཞིག་ཡང་གཉིས་སུ་མེད་པ་དེ་བཞིན་ཉིད་དེ་འདི་རྣམས་ཀྱི་རང་བཞིན་ཏེ། དེའི་ངོ་བོ་ཉིད་ཀྱི་ཕྱིར་
དེ་ནི་དེ་ཁོ་ན་ཉིད་དེ་ཆོས་ཉིད་གཞན་འགའ་ཞིག་གི་རྒྱུ་མ་ཡིན་ཞེས་དེའི་ཕྱིར་རང་བཞིན་མེད་པ་ཞེས་བརྗོད་པ་ཡིན་ནོ། །ཆོས་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ་གཅིག་ཁོ་ནའོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཆོས་རྣམས་ལ་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་
ཆགས་པའི་མཐའ་དེ་དག་ཐམས་ཅད་རྣམ་པར་སྤངས་པ་ཡིན་ནོ། །རབ་འབྱོར་ནམ་མཁའ་ཟབ་པའི་ཕྱིར་ཞེས་བྱ་བ་ནི་ཅི་ལྟར་ནམ་མཁའ་ནི་སྤྲིན་དང་ཁུག་རྣ་ལ་སོགས་པ་ཡོད་པས་རང་བཞིན་གྱིས་རྣམ་པར་མ་དག་པ་མ་ཡིན་ཏེ་རང་བཞིན་མ་རྟོགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་
པའོ། །རྗེས་སུ་རྟོགས་པར་དཀའ་བ་ནི་དེ་བཞིན་ཉིད་དང་གཅིག་པའི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་སྣ་ཚོགས་པའི་ངོ་བོ་ཉིད་ཀྱིས་སྣང་བའི་ཕྱིར་རོ། །རབ་འབྱོར་འདི་ལྟར་སུ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་དོ་ཞེས་བྱ་བ་ནི་གློ་བུར་བའི་དྲི་མ་བསལ་
བའི་མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་ཐ་སྙད་ཡོད་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་དུ་བས་མེ་ལྟར་ཆོས་གཞན་གྱིས་བསམ་པར་མི་ནུས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ་ནི་སེམས་ཀྱིས་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་སྟེ། སེམས་ཀྱིས་རྟོགས་
Vol. 94 · folio 151b
པར་བྱ་བ་མ་ཡིན་པ་ནི་རྟོགས་པར་ནུས་པ་མ་ཡིན་པའོ། །མ་བྱས་པ་ཞེས་བྱ་བ་ནི་འདུས་མ་བྱས་པའི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་གང་གིས་ཆོས་ཐམས་ཅད་མི་དམིགས་པའི་མཚན་ཉིད་ཅན་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་
ལ་ཇི་ལྟར་སྤྱད་པར་བྱ་ཞེས་འདྲི་བར་བྱེད་དེ། གལ་ཏེ་གཟུགས་ལ་སོགས་པ་རྣམས་ཀྱི་རང་གི་མཚན་ཉིད་མ་མཐོང་ཞིང་སྤྱོད་ན་དེའི་ཚེ་སྤྱོད་ཅེས་གསུངས་པ་ནི་གཟུགས་ལ་མི་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་རྣམས་ཀྱི་མཚན་ཉིད་དེ་མི་རྟག་པ་ལ་སོགས་པ་གང་མ་མཐོང་ཞིང་སྤྱོད་ན་དེའི་ཚེ་སྤྱོད་ཅེས་
བྱ་བ་ལན་གཉིས་པ་གསུངས་པ་ནི་གལ་ཏེ་གཟུགས་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་མ་རྫོགས་པ་དང་རྫོགས་པའོ་ཞེས་བྱ་བ་ནི་བསྒོམ་པ་ཡོངས་སུ་རྫོགས་པ་མ་ཐོབ་པ་དང་ཐོབ་པའི་ཕྱིར་གསུངས་པ། དེ་ནི་གཟུགས་མ་ཡིན་ཏེ་ཞེས་བྱ་བའོ། །རྫོགས་པ་མ་ཡིན་པའམ་རྫོགས་པ་གང་ཡིན་
པ་དེ་ནི་གཟུགས་ཀྱི་དོན་དམ་པར་དེ་བཞིན་ཉིད་དེ་དེ་ལ་ཡང་གཟུགས་ཀྱི་མཚན་ཉིད་མི་རིགས་པས་གསུངས་པ་ཉིད་དེ་ནི་གཟུགས་མ་ཡིན་ཏེ་ཞེས་བྱ་བའོ། །འགའ་ཞིག་ཏུ་ནི་རྫོགས་པ་མ་ཡིན་ཏེ་ཞེས་འདོན་པ་ཡིན་ནོ། །ངོ་མཚར་བ་ཉིད་བསྟན་པར་བྱེད་པ་ནི་ཆགས་པ་དང་བཅས་པ་ཉིད་དང་ཆགས་པ་མ་
མཆིས་པ་ཉིད་བཤད་པའོ། །གཟུགས་ལ་སོགས་པ་མེད་པར་རྟོགས་པ་ལ་ཡང་མཚན་མ་དང་མཚན་མ་མེད་པའི་སྦྱོར་བས་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདིའི་རྗེས་ལ་སྔོན་གྱི་བཅོམ་ལྡན་འདས་མ་རྣམས་ལ་གཟུགས་ནི་ཆགས་པ་མེད་པ་ཞེས་བྱ་བ་
སྤྱོད་པར་མི་བྱེད་པ་ནས་ཇི་སྲིད་དུ་རྣམ་པར་ཤེས་པ་ནི་ཆགས་པ་མེད་པ་ཞེས་བྱ་བ་སྤྱོད་པར་མི་བྱེད་ཅེས་བྱ་བ་འབའ་ཞིག་འདོན་པ་ཡིན་ནོ། །ཆགས་པ་མ་ཡིན་པ་དང་མི་ཆགས་པ་ཡང་མ་ཡིན་ཞེས་ཞུ་གཏུགས་བྱས་པ་རྣམས་ལ་ཡང་མང་བའི་ཆོས་ཀྱི་ཕུང་པོ་འདོན་པ་ཡིན་ནོ། །ཆགས་པ་དང་བཅས་
པ་དང་ཆགས་པ་མེད་པ་ཞེས་བྱ་བ་ཡང་འདོན་པ་ཡིན་ནོ། །དེ་ཡང་མདོར་བསྡུས་ཏེ་བསྟན་པ་དང་རྗེས་སུ་མཐུན་པ་མ་ཡིན་པ་དེའི་ཕྱིར་ཕལ་ཆེར་བསྣན་པ་ཉིད་དོ། །དང་པོར་བསྟན་པའི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་གཉིས་པ་ལས་བསྟན་པའི་ཕྱིར་སྔར་འབྱུང་བའི་འདོན་པ་ཡང་ལེགས་
Vol. 94 · folio 152a
པར་འབྲེལ་པ་མ་ཡིན་ནོ། །ཆགས་པ་མེད་པ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་སྒྲིབ་པ་དང་བྲལ་བའོ། །དེ་ལྟར་སྤྱོད་པ་ཞེས་བྱ་བ་སྟེ། གཟུགས་ནི་མ་ཆགས་པ་ཞེས་སྤྱོད་ཅིང་། མ་ཆགས་པ་ཞེས་བྱ་བ་ནི་ཆགས་པ་ཐམས་ཅད་མེད་པའི་ཕྱིར་རོ། །དེ་བས་
ནམ་བཅིངས་པ་དེ་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་ཀྱིས་སོ། །དེའི་ཕྱིར་མ་གྲོལ་བ་སྟེ་ཉོན་མོངས་པ་རྣམས་ཀྱིས་སོ། །ཡང་དག་པར་མ་འདས་པ་ནི་ཁམས་གསུམ་ལས་སོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བའོ། །ཆོས་འདི་ནི་ཟབ་སྟེ་ཞེས་
བྱ་བ་ནི་མཚན་མ་ཐམས་ཅད་རྗེས་སུ་མི་འཛིན་པ་དང་ཏིང་ངེ་འཛིན་དང་སྦྱོར་བས་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །བསྟན་ཀྱང་མི་འགྲིབ་ཅེས་བྱ་བ་ནི་བསྟན་པ་དང་མ་བསྟན་པ་དག་ལ་མཚན་མ་མེད་པ་ཉིད་ཀྱིས་འགྲིབ་པ་དང་འཕེལ་བ་མེད་པའི་ཕྱིར་རོ། །
འདི་ཉིད་དཔེས་གསལ་བར་བྱེད་པ་ནི་ནམ་མཁའི་ཁམས་ཞེས་བྱ་བ་སྟེ། རྟོགས་པར་བྱེད་པ་པོའི་སྐྱེས་བུས་ཡང་སྟེའུ་དང་ཙནྡན་དུ་མཉམ་པས་སྦྱར་བར་བྱའོ་ཞེས་དེའི་ཕྱིར་སྒྱུ་མའི་སྐྱེས་བུའི་དཔེའོ། །ཀུན་ནས་ཉོན་མོངས་པར་མི་འགྱུར་ཞེས་བྱ་བ་དང་པོ་ནི་ཀུན་ནས་ཉོན་མོངས་
པའི་ཁོང་ཁྲོ་བའོ། །གང་ཞིག་སླར་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞེས་བྱ་བ་ནི་དེར་ཀུན་ནས་ཉོན་མོངས་པ་ནི་རྗེས་སུ་ཆགས་པའོ། །དེ་ལྟར་ངོ་མཚར་བ་ཐོབ་པའི་གནས་བརྟན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་དགའ་བའི་སྤྱོད་པ་གསུངས་པ། དཀའ་བ་བགྱིད་
པ་ལགས་སོ་ཞེས་བྱ་བ་སྟེ། སྤྱོད་ཅིང་ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །ཞུམ་པར་མི་བགྱིད་པ་ཞེས་བྱ་བ་ནི་བྱིང་བས་སོ། །ཡ་ཡ་པོར་མི་འགྱུར་བ་ནི་རྒོད་པས་སོ། །ཕྱིར་མི་ལྡོག་པ་ནི་ལྡོག་པའོ། །ནམ་མཁའ་སྒོམ་པ་ཞེས་བྱ་བ་ནི་མཚན་ཉིད་གཅིག་ཏུ་སྣང་བའི་ཕྱིར་རོ། །གོ་ཆ་འདི་ཞེས་
བྱ་བ་ནི་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ལ་འཆད་པར་འགྱུར་བའོ། །ནམ་མཁའ་དང་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བའི་སྦྱོར་བས་དེ་དང་ལྡན་པའི་ཕྱིར་རོ། །ནམ་མཁའ་དང་མཚུངས་པ་ཆོས་ཀྱི་དབྱིངས་དང་མཚུངས་པ་ཞེས་བྱ་བ་ནི་འཇིག་རྟེན་དང་
Vol. 94 · folio 152b
རླུང་གི་གྲགས་པའི་དབྱེ་བས་གཉིས་སུ་གསུངས་པས་སོ། །ནམ་མཁའ་ཡོངས་སུ་ཐར་པར་འཚལ་བ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པའི་ཕྱིར་རོ། །སེམས་ཅན་འདེགས་པར་འཚལ་བ་ཞེས་བྱ་བ་ནི་གྱེན་དུ་སློང་བ་ཞེས་འདེགས་པའོ། །དགེ་སློང་གཞན་ཞིག་གིས་ཞེས་བྱ་བ་
ནི་འཇིག་རྟེན་དུ་རུས་དང་རིགས་དང་མིང་མི་ཤེས་པའོ། །ཆོས་གང་ཡང་མི་སྐྱེད་པ་ནི་རྣམ་པར་བྱང་བ་ཅན་ནོ། །འགོག་པར་མི་བགྱིད་པ་ནི་ཀུན་ནས་ཉོན་མོངས་པ་ཅན་ནོ། །དེ་ཅི་ལ་ཞེས་བྱ་བ་ནི་གང་དུ་ཡང་མ་ཡིན་ཞེས་རློམ་སེམས་སུ་བྱེད་པའོ། །ནམ་མཁའ་ལ་ཞེས་བྱ་བ་ནི་ནམ་མཁའི་མཚན་
ཉིད་ཅན་གྱི་སྟོང་པ་ཉིད་ལའོ། །བླ་གབ་མེད་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྣམ་གྲངས་གཞན་ནོ། །ནམ་མཁའ་ནི་སྐར་མའི་ལམ་མོ། །བླ་གབ་མེད་པ་ནི་སའི་སྟེང་དུ་མ་བཀབ་པའི་གཟུགས་ཅན་མ་ཡིན་པའི་གནས་ཞེས་བྱ་བ་ཁ་ཅིག་གོ། །གང་བསྲུང་བ་དང་བསྐྱབ་པ་དང་སྦ་བ་ཞེས་བྱ་བའི་འདོན་
པ་ལ། གང་ཞེས་བྱ་བ་ནི་ཇི་ལྟ་བུའོ། །ཀཽ་ཤི་ཀ་གལ་ཏེ་དེ་ལྟར་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པས་སོ། །ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པ་དང་དག་པའི་འཇིག་རྟེན་པའོ། །
དེ་ལྟར་ཡང་གསུངས་པ། རྣམ་པར་མི་རྟོག་པའི་ཁམས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་བྱ་དང་ཁྱད་པར་མེད་པའི་ཡེ་ཤེས་ཀྱིས་ནམ་མཁའི་དཀྱིལ་དང་མཉམ་པར་ཆོས་རྣམས་ཐམས་ཅད་མཐོང་ངོ་། །དེའི་རྗེས་ལ་ཐོབ་པས་སྒྱུ་མ་དང་སྨིག་རྒྱུ་དང་ཆུ་ཟླ་དང་མཉམ་པར་
ཆོས་ཐམས་ཅད་མཐོང་བ་ཡིན་ཞེས་བྱ་བའོ། །དེ་བས་ན་འཇིག་རྟེན་ལས་འདས་པའི་དབང་དུ་མཛད་ནས་གསུངས་པ་ནི་ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་སྒྲ་ཡོད་པས་བྲག་ཅ་མེད་ཀྱང་སྣང་བ་ཡིན་པ་དེ་བཞིན་དུ་གཉིས་ཀྱིས་སྟོང་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་
ཡོད་ན་ཆོས་རྣམས་མེད་པའི་གཉིས་ཀྱི་ངོ་བོར་སྣང་ཞེས་བྱ་བའོ། །གང་ཞིག་དེ་ལྟར་ཡོངས་སུ་ཤེས་པ་དེ་ལ་བསྲུང་བར་བྱ་བ་ཅི་ཞིག་ཡིན་ཞེས་བྱ་བའི་དགོངས་པའོ། །དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་བྲག་ཅ་དང་མཚུངས་པ་དེ་བས་ན་དེ་རྣམས་དངོས་པོ་ལ་མངོན་པར་ཞེན་
Vol. 94 · folio 153a
པས་རློམ་སེམས་སུ་མི་བྱེད་དོ། །ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་ལྟ་བས་སོ། །མི་ཤེས་པ་ནི་འཛིན་པས་སོ། །ཡང་དག་པར་མི་ཤེས་ཞེས་བྱ་བ་ནི་རྟོགས་པས་སོ། །དེས་ནི་འཛིན་པ་མེད་པ་ཉེ་བར་བསྟན་ནས་གཟུང་བ་མེད་པ་ཉེ་བར་བསྟན་པ་
ནི་གལ་ཏེ་དེ་ལྟར་གནས་ན་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་སྟོང་ཤེས་པར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་ལ་སངས་རྒྱས་སྟོང་མཐོང་ནས་ཕན་ཚུན་དུ་བརྗོད་པར་གྱུར་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་ཆེན་མོ་རྣམས་ལ་ཤར་དང་ལྷོ་དང་ཇི་སྲིད་དུ་ཐམས་ཅད་
དུ་སངས་རྒྱས་སྟོང་ཤེས་པར་གྱུར་ཏོ་ཞེས་བྱ་བ་འདོན་པ་ཡིན་ནོ། །ཉི་ཁྲིའི་གཞུང་འགྲེལ་ལས་ཀྱང་དེ་རྣམས་ཀྱིས་སངས་རྒྱས་སྟོང་མཐོང་བ་ནི་དེ་ལ་དང་བ་ཡང་དག་པར་བསྐྱེད་པའི་དོན་དུ་ཞེས་བྱ་བའོ། །ལྷ་རྣམས་ཀྱིས་ཕན་ཚུན་དུ་བརྗོད་པའི་ཚིག་ཉིད་གསུངས་པ་ནི་དེ་དག་གི་མིང་འདི་
དག་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། མིང་དང་ཚིག་དང་ཡི་གེ་རྣམས་ཀྱིས་ཞེས་བྱ་བ་ནི་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ཀྱིས་སོ། །དེ་ལ་མིང་ནི་གང་གིས་ཆོས་རྣམས་ཀྱི་རང་བཞིན་ཙམ་བརྗོད་པའོ། །དཔེར་ན་མིག་དང་རྣ་བ་ལྷ་དང་མི་ཞེས་བྱ་བ་ལྟ་བུའོ། །ཚིག་
ནི་ཁྱད་པར་གྱི་ཚིག་སྟེ་འདུ་བྱེད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་གེ་རྣམས་ནི་གཉི་གའི་རྟེན་དུ་གྱུར་པ་ཨ་ཨཱི་ཨུ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་རྣམས་སོ། །ཉེ་བར་བསྟན་ཅིང་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་ཕྱིར་བརྩམས་པའོ། །ལེའུ་འདི་ཉིད་ཅེས་བྱ་བ་ནི་རྣམ་པར་དག་པའི་
ལེའུའོ། །ཡོངས་སུ་དྲིས་ཤིང་ཡོངས་སུ་ཞུས་ཏེ་ཞེས་བྱ་བ་ནི་གྱུར་ཏོ་ཞེས་བྱ་བའི་སྒྲས་སྟོང་པ་པོ་ཏི་རྙིང་པ་རྣམས་ལ་འདོན་པའོ། །དེ་ཉིད་རིགས་པ་སྟེ་ད་ལྟར་བའི་དོན་ཉིད་ནི་ཕན་ཚུན་དུ་ལྷ་རྣམས་ཀྱིས་བརྗོད་པའི་ཕྱིར་རོ། །འཇིག་རྟེན་པའི་ཁམས་གཞན་ན་ད་ལྟར་སངས་རྒྱས་ཀྱི་བསྟན་པ་མཐོང་
ནས་ཕན་ཚུན་དུ་རྗོད་པར་བྱེད་པ་སངས་རྒྱས་ཀྱི་བསྟན་པ་ཡང་སངས་རྒྱས་ཀྱི་མཐུས་མཐོང་ནས་ཕན་ཚུན་དུ་བརྗོད་པར་གྱུར་ཅེས་བྱ་བ་གསུངས་པ་ནི་ས་ཕྱོགས་འདི་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་མིང་འདི་དག་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལྟོས་པར་བྱའོ། །མ་བྱོན་པའི་
Vol. 94 · folio 153b
སངས་རྒྱས་ཀྱི་དབང་དུ་མཛད་ནས་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་མཐོང་ནས་འདི་བརྗོད་པར་གྱུར་ཅེས་གསུངས་པ་ནི་བྱམས་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། །འདིས་དུས་གསུམ་ལ་ཡང་འདི་ཉིད་བསྟན་པ་ཡིན་ཞེས་ཤེས་པར་བྱེད་
པ་ཡིན་ནོ། །མཐོང་ནས་ཕན་ཚུན་དུ་བརྗོད་པ་ཉིད་ཤེས་པའི་དོན་བཤད་པར་བྱ་བའོ། །གཞན་དུ་ན་ལེའུ་ཕྱི་མ་ལ་རྒྱུ་གང་གིས་བྱམས་པས་གསུང་བར་འགྱུར་ཞེས་བྱ་བ་ནས་གནས་བརྟན་རབ་འབྱོར་གྱི་དྲི་བ་རྗེས་སུ་མཐུན་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་བྱམས་པས་གསུང་
བར་འགྱུར་ཞེས་ལྷ་རྣམས་ཀྱིས་བསམས་པ་ཙམ་གྱིས་དེའི་ཚེ་ཇི་ལྟར་གནས་བརྟན་གྱིས་ཤེས་པར་གྱུར་ཅེས་བརྗོད་པར་བྱ་བར་འགྱུར་ཞེས་བྱ་བའོ། །རྣམ་པར་དག་པ་གཙོ་བོ་ཉིད་དུ་རྗོད་པར་བྱེད་པའི་ལེའུ་ནི་རྣམ་པར་དག་པའི་ལེའུ་སྟེ་ལེའུ་བརྒྱད་པའོ།། །།གང་ཞིག་
སྔར་གྱི་ལེའུའི་མཐར་ལྷ་རྣམས་ཀྱིས་བྱམས་པས་ཀྱང་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེ་ལ་སྲིད་པ་བསྟན་པ་མི་འཐད་པ་ཉེ་བར་བསྟན་ནས། །རྣམ་པ་གང་ཞིག་གིས་བསྟན་པ་དེ་དྲི་བར་འདོད་ཅིང་གནས་བརྟན་རབ་འབྱོར་གྱིས་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་གཉིས་ཉེ་བར་དམིགས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དང་དེ་བརྗོད་པར་བྱ་བའི་དངོས་པོ་ཙམ་མོ། །དེ་ལ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དེ་རེ་ཞིག་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྟེ། འདི་ནི་མིང་ཙམ་མོ་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དོན་གྱིས་སྟོང་པ་མིང་གི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དོན་གྱི་ངོ་བོ་སྟོང་པ་ཞེས་གསུངས་པ་ནི་མིང་དེ་
ཡང་འདིའོ་ཞེས་མི་དམིགས་ཏེ་ཞེས་བྱ་བ་ནི་མིང་གི་རང་གི་ངོ་བོ་ཉེ་བར་དམིགས་པ་ལ་ཡང་དོན་གྱི་ངོ་བོ་ཉིད་ཀྱིས་འདི་ནི་དེའི་དངོས་པོ་ཞེས་མི་དམིགས་པའོ། །ཇི་ལྟར་མིག་གི་རྣམ་པར་ཤེས་པ་ལ་གཟུགས་ཉེ་བར་དམིགས་པ་དེ་ལྟར་སྒྲ་ལས་བྱུང་བའི་ཤེས་པ་ལ་མ་ཡིན་ཞེས་བྱ་བའི་དོན་ཏོ། །
Vol. 94 · folio 154a
ཅིའི་ཕྱིར་ཞེ་ན་མེད་ཅེས་གསུངས་པ་ནི་ངག་གི་དངོས་པོ་ཉིད་མིང་ཞེས་བགྱིའོ་ཞེས་བྱ་བ་སྟེ་ཚིག་གི་ངོ་བོའི་དངོས་པོ་གང་ཡིན་པ་དེ་ནི་མིང་ཞེས་བརྗོད་ཀྱི་དོན་གྱི་ངོ་བོ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །མིང་གི་ངོ་བོས་དོན་གྱི་རང་གི་ངོ་བོ་མ་ཡིན་མོད་བརྗོད་བྱ་དང་
རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ནི་དོན་དམ་པ་བར་ཡང་ཡོད་དེ་དེས་ན་མིང་ཐོས་པས་དོན་གྱི་རྟོགས་པ་ཡོད་དོ། །དེ་ལ་ཡང་གསུངས་པ་ནི་དེ་ཡང་ཞེས་བྱ་བ་སྟེ། མ་མཆིས་པ་ནི་དོན་དམ་པར་བརྗོད་པར་བྱ་བའི་ངོ་བོ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་དེའི་ངོ་བོས་མི་དམིགས་སོ། །
དོན་ནི་འདི་ཡིན་ཏེ་གལ་ཏེ་དངོས་པོ་གང་ཞིག་མིང་གང་གིས་བརྗོད་པ་དེ་དངོས་པོ་ཉིད་ལས་དེ་དང་འབྲེལ་བར་འགྱུར་ན། དེའི་ཚེ་བརྡ་མི་ཤེས་པ་རྣམས་ཀྱང་སྒྲ་ཐོས་པ་ཉིད་ཀྱིས་དངོས་པོ་འདི་སྒྲ་འདིས་བརྗོད་པར་བྱ་བ་ཞེས་ཤེས་པར་འགྱུར་རོ། །འདི་གཉིས་ནི་མ་མཆིས་པ་ཞེས་
བྱ་བ་ནི་མིང་གི་ངོ་བོ་དང་དོན་གྱི་ངོ་བོའོ། །རེ་ཞིག་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ངོ་བོ་ཉིད་ཀུན་ཏུ་བརྟགས་པས་ཡོད་པ་མ་ཡིན་ཏེ། གཞན་གྱི་ངོ་བོ་གཞན་དབང་ཞེས་བྱ་བས་གལ་ཏེ་ཡོད་པར་གྱུར་པ་ཡང་དེ་ཡོད་པ་ཡིན་ན། དེ་ལྟ་ན་ཡང་དེས་བསྟན་པར་རུང་བ་མ་ཡིན་ཞེས་དེ་ལ་
དེའི་འདིར་དངོས་པོ་མེད་པ་ཉེ་བར་དགོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་དོན་ཇི་ལྟ་བར་དེ་ལྟར་མིང་ཡོད་པ་མ་ཡིན་ནོ། །མིང་ཇི་ལྟ་བ་དེ་ལྟར་དོན་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་གཉིས་ནི་མ་མཆིས་ཞེས་གསུངས་སོ། །དེ་ལྟར་ཡོད་པ་ན་ཅིའི་སླད་དུ་རྣམ་པ་གང་གིས་མངོན་པར་རྫོགས་པར་
སངས་རྒྱས་ནས་མིང་ལ་སོགས་པ་འདི་རྣམས་ཉིད་ཀྱིས་བྱམས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་འགྱུར། དགོངས་པ་ནི་འདི་ཡིན་ཏེ་གལ་ཏེ་སྒྲ་དང་དོན་དག་ལ་འབྲེལ་པ་དངོས་པོ་བ་ཡོད་ན། དེའི་ཚེ་དོན་གང་ཞིག་དེ་བཞིན་གཤེགས་པ་གཅིག་གིས་མིག་ལ་སོགས་པ་གང་དག་གིས་
བསྟན་པའི་མིག་ལ་སོགས་པ་དེ་རྣམས་ཉིད་ཀྱིས་དོན་དེ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་བསྟན་པར་འགྱུར། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མངོན་པར་རྫོགས་པར་སངས་རྒྱས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྒྲ་རྣམས་
Vol. 94 · folio 154b
དང་ལྷན་ཅིག་ཏུ་འབྲེལ་པ་མེད་ན། དེའི་ཚེ་བསྟན་པ་འདི་དོན་དང་འབྲེལ་པ་ལ་མི་ལྟོས་པ་ཇི་ལྟར་མིང་གི་ཚོགས་ལ་སོགས་པ་རྣམས་ངེས་པ་ཅན་དུ་བྱེད་པ་ཡིན་ནོ། །འདིར་འདི་ལྟར་ཞེས་བྱ་བ་ལ་སོགས་པའི་ལན་གསུངས་པའི་བཅོམ་ལྡན་འདས་ཀྱི་དགོངས་པ་འདི་ཡིན་ཏེ། གཟུགས་
ལ་སོགས་པའི་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་དང་བྲལ་བ་སྟོང་པ་ཉིད་ཀྱི་ངོ་བོས་གང་གི་ཚེ་སྣང་བ་དེའི་ཚེ་བྱང་ཆུབ་ཅེས་བྱ་བ་སངས་རྒྱས་ཐམས་ཅད་དང་འདྲ་བ་སྟེ། དེ་ཡང་ཆོས་ཉིད་ཀྱི་ངོ་བོ་ཉིད་གཟུགས་ལ་སོགས་པ་དང་འདྲ་བ་སངས་རྒྱས་རྣམས་ལ་སོ་སོར་རང་གིས་རིག་པར་བྱ་བ་ཞེས་
དོན་དམ་པར་གཞན་རྣམས་ལ་བསྟན་པར་མི་ནུས་པ་སྲིད་པའི་ཀུན་རྫོབ་ལ་བརྟེན་ནས་འགྲོ་བའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སྟོན་པ་ལ་འཇུག་པར་མཛད་དོ། །གཞན་དུ་ན་གཟུགས་ལ་སོགས་པ་རྣམས་ཀྱི་ཆོས་ཉིད་དེ་ཉིད་ལ་ཡང་ཞུགས་པའི་ཕྱིར་མི་ནུས་ན་མངོན་དུ་བྱེད་པ་
ལྟ་ག་ལ་ཡོད། དེ་བས་ན་སྲིད་པའི་ཀུན་རྫོབ་ལ་བརྟེན་ནས་ཇི་ལྟར་དོན་རྟོགས་པ་དེ་ཉིད་སྟོན་པ་ཞེས་དུས་གསུམ་ལ་ཡང་འདི་ཉིད་མིང་ལ་སོགས་པ་འདི་རྣམས་ཀྱིས་བསྟན་པ་ཡིན་པ་དེའི་ཕྱིར། བྱམས་པ་ཡང་མངོན་པར་རྫོགས་པར་སངས་རྒྱས་ནས་མིང་ལ་སོགས་པ་འདི་རྣམས་ཉིད་ཀྱིས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པར་འགྱུར་རོ་ཞེས་རིགས་པར་གསུངས་སོ། །ཅིའི་སླད་དུ་ཞེས་བྱ་བ་ནི་དྲིས་པའི་རྒྱུ་ཉེ་བར་སྟོན་པར་བྱེད་པ་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་སྟེ། ཆོས་ཉིད་ཀྱི་གཟུགས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་སྤྲོས་པ་ཐམས་ཅད་ཀྱི་དྲི་མ་གློ་བུར་བ་རྣམས་
ཀྱིས་མ་འབྱོར་བ་སྟོང་པ་མ་ཡིན་པ་དང་བཅིངས་པ་མ་ཡིན་པ་དང་གྲོལ་བ་ཡང་མ་ཡིན་ཞེས་བརྗོད་པར་མི་ནུས་ཞེས་གསུངས་པ་ནི་སྟོང་པ་མ་ཡིན་ཞེས་བྱ་བ་སྟེ། ཁ་ཅིག་གིས་རྟག་པ་མ་ཡིན་མི་རྟག་པ་མ་ཡིན་ཞེས་བྱ་བའི་འདོན་པ་བྱས་པའོ། །དེ་ཡང་དོན་ནི་འདི་ཉིད་དོ། །གནས་བརྟན་དང་བ་སྐྱེས་
པའི་ཡང་དག་པའི་དོན་ཅན་ཡོན་ཏན་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་གསུངས་པ་ནི་ཡོངས་སུ་དག་པ་ཞེས་བྱ་བ་སྟེ། གཟུགས་རྣམ་པར་དག་པས་ཞེས་བྱ་བ་ནི་གང་གི་ཚེ་གཟུགས་ལ་སོགས་པ་རྣམས་ནི་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་དག་གིས་སྣང་བ་མ་ཡིན་པ་དེའི་ཚེ་རྣམ་པར་
Vol. 94 · folio 155a
དག་པ་མ་ཡིན་པ་ཞེས་བརྗོད་པ་ཡིན་ཏེ་སྟོང་པ་ཉིད་ཀྱི་ངོ་བོ་ཙམ་དུ་སྣང་བའི་ཕྱིར་རོ། །དེ་ཉིད་ལ་གཟུགས་ལ་སོགས་པའི་བྱེ་བྲག་རྣམས་རྣམ་པར་དག་པས་ཆོས་ཐམས་ཅད་ཡོངས་སུ་དག་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བདག་ཉིད་གཅིག་པས་རྣམ་པར་གནས་
པ་དེའི་ཕྱིར་གཟུགས་རྣམ་པར་དག་པས་དེའི་རྣམ་པར་དག་པ་བརྗོད་དོ། །གཟུགས་སྐྱེ་བ་མེད་པ་དང་ཞེས་བྱ་བ་སྟེ། གང་གི་ཚེ་ཆོས་ཉིད་ཀྱི་བདག་ཉིད་ཀྱིས་གཟུགས་ཡོངས་སུ་གྱུར་པ་ཡོད་པ་ལ་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྣམས་
སྣང་བ་མེད་པ་དེའི་ཚེ། གཟུགས་དེ་ནི་ཡོངས་སུ་དག་པ་ཞེས་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འགྲེས་འདི་ནི་སྔར་གྱི་བཅོམ་ལྡན་འདས་མ་རྣམས་ལ་མེད་པ་ཁོ་ན་སྟེ་ཆེན་མོ་བསྟན་པ་ལས་མངོན་རྟོགས་དང་སྦྱར་བའི་དོན་དུ་བླངས་ནས་བསྣན་པ་ཞེས་སྨྲའོ། །ནམ་མཁའ་རྣམ་པར་དག་
པ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་གློ་བུར་བའི་སྤྲིན་དང་ན་བུན་ཡོད་ཀྱང་རྣམ་པར་མ་དག་པ་མེད་དེ་ངོ་བོ་ཉིད་ཀྱི་བདག་ཉིད་ཀྱིས་དེ་དག་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུགས་དང་མ་གོས་པ་ཉིད་ཀྱིས་ཞེས་བྱ་བའོ། །གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་
གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ཀུན་དུ་བརྟགས་པའི་ཉོན་མོངས་པ་དང་རྣམ་པར་རྟོག་པའི་སྤྲོས་པའི་དྲི་མ་ཉེ་བར་གོས་པ་ལོག་པ་ལས་ཡོངས་སུ་དག་པར་བྱེད་པ་མཐོང་བ་དེའི་ཚེ་དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་མི་དམིགས་པའི་རྣམ་པ་ཡོངས་སུ་དག་པ་ཞེས་
བརྗོད་དོ། །ཡོངས་སུ་འཛིན་པ་མེད་པའི་སྒྲ་ཡང་གཞན་དག་འདོན་པ་ཡིན་ཏེ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ནམ་མཁའ་དང་ཆོས་མཐུན་པ་ཉེ་བར་བསྟན་ནས་གོས་པ་མེད་པ་ཉིད་ཀྱིས་གསུངས་པ་ནི། ནམ་མཁའ་གོས་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ་སྔར་གློ་བུར་བའི་སྤྲིན་ལ་སོགས་པའི་
དྲི་མ་ཡོད་ཀྱང་ནམ་མཁའ་རྣམ་པར་དག་པར་བརྗོད་དོ། །དེ་ནི་དེ་རྣམས་ཀྱིས་མ་གོས་པ་ཞེས་བྱ་བའི་དོན་ཐ་དད་པའོ། །གཞན་དག་ནི་ནམ་མཁའ་དང་བྲག་ཅ་སྨྲར་མེད་ཅིང་བརྗོད་དུ་མེད་ལ་དམིགས་སུ་མེད་པས་ཞེས་བྱ་བ་འདོན་པ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ་ཇི་ལྟར་ནམ་མཁའ་ལ་བྲག་ཅ་
Vol. 94 · folio 155b
གཉིས་ཀྱི་སྒྲ་ཐོས་པ་ཡོད་ཀྱང་འདིར་སྒྲ་དང་སྒྲ་བརྙན་དག་གི་བྲག་ཅའི་སྒྲ་གནས་པ་ཞེས་ནམ་མཁའི་འདི་སྒྲ་ཞེས་སྨྲ་བར་ནུས་པ་མ་ཡིན་ལ་ཐ་དད་པ་བརྗོད་པར་འདོད་པ་མེད་པའི་ཕྱིར་རོ། །དེ་བས་ན་ནམ་མཁའི་བརྗོད་པ་མེད་པ་ཉིད་ཀྱིས་བརྗོད་པས་ཉེ་བར་གོས་པ་མེད་དོ། །གཞན་ནི་དེ་ལྟ་ན་ཡང་མངོན་
རྟོགས་དང་སྦྱར་བ་ལ་བདེ་བ་མ་ཡིན་པ་ཉིད་རློམ་སེམས་སུ་བྱེད་ཅིང་ནམ་མཁའ་དང་བྲག་ཅ་སྨྲར་མེད་ཅིང་བརྗོད་དུ་མེད་ལ་དམིགས་སུ་མེད་པ་ཉིད་ཀྱིས་ཞེས་བྱ་བ་འདོན་པ་བྱས་པ་ཡིན་ནོ། །དེ་ལ་བཤད་པ་ནི་འདི་ཡིན་ཏེ་ནམ་མཁའ་ལ་བྲག་ཅ་གང་ཞིག་དེས་སྤྱིའི་ངོ་བོས་ཀྱང་མི་བརྗོད་པས་ཆོས་ཐམས་
ཅད་བརྗོད་པར་བྱ་བ་མ་ཡིན་ནོ། །བརྗོད་དུ་མེད་པ་ནི་ཆོས་ཐམས་ཅད་ཀྱི་ཁྱད་པར་བརྗོད་པ་ཞེས་བྱ་བས་ཀྱང་མཆོག་ཏུ་བརྗོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེའི་ངོ་བོས་དམིགས་པ་མེད་པས་མི་དམིགས་པ་ཞེས་བྱ་བས་ཁྱད་པར་དུ་བསྡུ་བར་བྱས་ནས་དེ་རྣམས་ཀྱི་ངོ་བོ་ནི་དེ་ཉིད་དེ་དེས་ཡོངས་
སུ་དག་པའོ། །འདོན་པ་འདི་ནི་དྲང་སྲོང་བ་མ་ཡིན་པར་རང་དགའ་བ་མཁས་པར་རློམ་པ་རྣམས་ཀྱིས་བརྩམས་པ་དེ་ལྟ་ན་ཡང་པོ་ཏི་མང་པོར་དར་བ་དེ་བས་ན་བཤད་པའོ། །ཉེ་བར་གོས་པ་དང་གོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ནི་ཉེ་བར་
གོས་པའོ། །རྣམ་པར་བྱང་བ་རྣམས་ནི་ཉེ་བར་མ་གོས་པའོ། །ཉེ་བར་གོས་པ་དང་གོས་པ་མེད་པ་དེ་རྣམས་ཡིན་ལ་ཉེ་བར་གོས་པ་དང་གོས་པ་མེད་པའི་ཆོས་རྣམས་སོ། །ཐམས་ཅད་ཀྱང་ཡིན་ལ་དེ་རྣམས་ཀྱང་ཡིན་ཏེ་དེ་རྣམས་ཀྱིས་ཉེ་བར་གོས་པ་མ་ཡིན་པ་ཉིད་ནི་མ་གོས་པ་ཉིད་དེ་གཉིས་
ཀ་མི་དམིགས་པའི་ཕྱིར་དེ་རྣམ་པར་དག་པའོ། །དེ་ལྟར་ཤིན་ཏུ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་དང་བ་མངོན་པར་འཕེལ་བའི་གནས་བརྟན་གྱིས་གསུངས་པ་ནི་ལེགས་པར་རྙེད་པ་ལགས་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཅིའི་ཕྱིར་རྙེད་པ་ལེགས་པར་རྙེད་ཅེ་ན།
གསུངས་པ་ནི་གང་དག་གི་རྣ་ལམ་དུ་གྲག་པར་གྱུར་པ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། སླར་ཡང་དང་བ་ཡང་དག་པར་བསྐྱེད་པའི་དོན་དུ་མཐོང་བའི་ཆོས་ཀྱི་ཕན་ཡོན་རྣམས་གསུངས་པ་ནི་དེ་དག་ལ་མིག་གི་ནད་འབྱུང་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་སྟེ། ཚེས་བརྒྱད་ལ་ཞེས་
Vol. 94 · folio 156a
བྱ་བ་ཤིན་ཏུ་ཡང་དག་པར་སྦྱོར་བ་ལ་གཉིས་པ་སྟེ་དུས་དང་དངོས་པོ་དང་ལམ་དུ་འགྲོ་བ་ལ་སོགས་པས་ལས་ཀྱི་མིང་བྱས་པས་ལས་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །གཞན་དག་ལ་ནི་ལས་རྣམས་ཀྱི་དོན་ལ་འགྲོ་བས་ཚེས་བརྒྱད་ལའོ། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས་ཕོ་བྲང་
དུ་སྲུང་བར་བྱེད་པ་ནི་ཚེས་བཅུ་བཞི་ལའོ། །དེ་དག་གི་བུ་རྣམས་ནི་བཅོ་ལྔ་ལའོ། །རྒྱལ་པོ་ཆེན་པོ་བཞི་ནི་རང་ཉིད་ཀྱིས་འཛམ་བུའི་གླིང་དུ་སོང་ནས་རྣམ་པར་འཚམ་པར་བྱེད་དེ་གང་གི་ཚེ་དགེ་བ་བྱེད་པ་མང་བ་རྣམས་མཐོང་ན་དེའི་ཚེ་ལྷ་རྣམས་ཀྱི་དགའ་བའི་སེམས་འཕེལ་བར་བྱེད་དེ་ལྷའི་དབང་པོའི་
གན་དུ་སོང་སྟེ་རིག་པར་བྱེད་དེ་ཞེས་མདོ་ལས་སོ། །དེ་ལྟ་ན་ཡང་རྟག་ཏུ་མངོན་པར་སྦྱོར་བ་མེད་ཀྱང་ཚེས་འདི་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་པ་ལ་མྱུར་བར་བྱའོ། །དེ་བས་ན་འཛམ་བུའི་གླིང་དུ་འཇུག་པའི་ལྷ་ལ་སོགས་པའི་སེམས་ཅན་མང་པོ་ལ་ཕན་པའི་རྟེན་ཡིན་པའི་ཕྱིར་བསོད་
ནམས་ཆེར་མང་དུ་སྐྱེད་པར་འགྱུར་ཞེས་བྱ་བའོ། །གང་ན་མེད་པའི་རིན་པོ་ཆེ་ཡིན་པའི་ཕྱིར་འདི་ལ་བསོད་ནམས་མང་པོ་སྐྱེད་པའི་རྟེན་ཉིད་དོ། །རབ་འབྱོར་དེའི་ཕྱིར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ཉིད་ཀྱི་ཕྱིར། །ལེགས་རྣམས་གེགས་ནི་མང་བ་སྟེ། །ཞེས་བྱ་བ་སྨྲས་པས་བར་དུ་གཅོད་པ་ཡང་
དག་པར་འབྱུང་བ་ཞེས་གསུངས་པ་ནི་རབ་འབྱོར་འོན་ཀྱང་བར་ཆད་མང་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྟེ། དགྲ་ནི་ཕོངས་པའོ། །ཇི་ཙམ་དུ་གཅེས་པར་གྱུར་པ་ནི་ཇི་ལྟར་འཕེལ་བའོ། །བླ་ན་མེད་པ་ཞེས་བྱ་བ་སྟེ། ཅིའི་ཕྱིར་བླ་ན་མེད་པ་ཞེ་ན་དེའི་ཕྱིར་གསུངས་པ་ནི་ཕན་པ་དང་བདེ་བའི་ཕྱིར་
ཞུགས་པ་ཞེས་བྱ་བ་སྟེ་འཇུག་པའོ། །འདི་ཉིད་ཀྱི་བཤད་པ་ནི་ཆོས་ཐམས་ཅད་མི་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བ་དང་འགག་པ་ལ་སོགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྣང་བ་མ་ཡིན་ཞེས་སྟོན་པར་བྱེད་པ་ནི་མི་འཇུགས་པའི་ཚུལ་གྱིས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ཀྱི་
རང་བཞིན་ནི་འོད་གསལ་བ་ཉིད་དེ་དེ་ཡང་གཡོ་བ་མེད་པའི་ངོ་བོ་ཡིན་པའི་ཕྱིར་མི་འཇིགས་པའི་ཚུལ་ཞེས་བརྗོད་དོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གྲུབ་པའི་ངོ་བོའོ། །ཆོས་གང་ལ་ཡང་མི་གནས་ཞེས་བྱ་བ་སྟེ་ཀུན་དུ་བརྟགས་པ་ལ་མངོན་པར་ཞེན་པར་མི་བྱེད་པའོ། །ཆོས་གང་ལ་ཡང་མི་སྦྱོར་ཞེས་བྱ་བ་ནི་གཞན་ལ་གནས་
Vol. 94 · folio 156b
པར་མི་བྱེད་པའོ། །དེ་དག་མེད་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་གང་ལ་ཡང་ཉེ་བར་མི་ལེན་ཏེ་རང་བཞིན་གྱིས་དྲི་མ་དང་བྲལ་བ་ཉིད་ཀྱིས་དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །དེ་ཉིད་ལ་རྒྱུ་གསུངས་པ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྟེ། ཆོས་དེ་དག་ཐམས་ཅད་ཅེས་བྱ་བ་ནི་ཀུན་བརྟགས་དང་གཞན་དབང་
རྣམས་སོ། །མི་དམིགས་པ་ཞེས་བྱ་བ་ནི་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གྲུབ་པ་ཡིན་ན་དེའི་ཚེ་ཀུན་བརྟགས་དང་གཞན་དབང་དག་ལ་སྣང་བ་མེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་མ་གོས་པ་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་རྟོག་པའི་དྲི་མ་རྣམས་ཀྱིས་སོ། །འདི་ལ་མི་
དམིགས་པ་དང་མ་གོས་པ་དག་ཀྱང་ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ་ནི་མ་གོས་པ་ཞེས་བྱ་བ་སྟེ་ཞེས་བྱ་བའི་སྒྲ་ནི་རྒྱུ་ལ་སྟེ་གང་གི་ཕྱིར་མ་གོས་པ་དེའི་ཕྱིར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྟེ། དེ་བས་ན་གལ་ཏེ་ཉེ་བར་མ་གོས་པར་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་མི་འགྱུར་
རོ། །ཇི་ལྟར་མ་གོས་པ་ཞེ་ན། དེའི་ཕྱིར་གསུངས་པ། རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་དེ་ལྟར་ཡང་དག་པར་མི་ཤེས་ན་ཞེས་བྱ་བ་ནི་དེ་ལྟར་ཡོན་ཏན་མང་བ་དང་ལྡན་པ་མ་གོས་པའི་རང་བཞིན་ཞེས་ཀྱང་རྣམ་པར་མི་རྟོག་པའོ། །ཆོས་གང་ལ་ཡང་འཇུག་པར་བྱེད་པའམ་
ཞེས་བྱ་བ་ལ་སོགས་པ་སྟེ། མི་འགྱུར་བའི་ཡོངས་སུ་གྲུབ་པས་ཆོས་ཐམས་ཅད་ནི་དེའི་ཚེ་ན་ཡོངས་སུ་གྲུབ་པ་ཉིད་དེ་ལ་སྣང་བ་ཞེས་ཁྱད་པར་ཅན་གྱི་ཆོས་གང་ལ་ཡང་འཇུག་པར་བྱེད་པ་ནི་སྐྱེ་བར་བྱེད་པའོ། །ངེས་པར་འཇུག་པར་བྱེད་པ་ནི་དེ་ཉིད་ལ་རྒྱུན་གྱིས་འཇུག་པར་བྱེད་པའོ། །ཡང་དག་པར་
སྟོན་པར་བྱེད་པ་ནི་མངོན་དུ་བྱས་པས་སོ། །ཡོངས་སུ་ཐོབ་པར་བྱེད་པ་ནི་འབྲས་བུར་གྱུར་པའི་ཆོས་ལ་ཕོངས་པར་བྱེད་པའོ། །ངེས་པར་ཐོབ་པར་བྱེད་པ་ཞེས་བྱ་བ་ནི་དེ་ཉིད་མཐར་ཐུག་པ་ལ་འདྲེན་པའོ། །ཐམས་ཅད་དུ་ནི་མེད་པ་ཞེས་འབྲེལ་པར་བྱའོ། །ཉེ་བར་བསྟན་པ་འདི་ལ་གདུལ་བྱ་
རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཆོག་ཤེས་པའི་འབྲས་བུ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཅ་ཅོ་ནི་སྐྱེ་བོའི་ཚོགས་ཆེན་པོའི་དགའ་བ་ལས་སྐྱེས་པའི་སྒྲ་ཆེན་པོའོ། །དེ་ཉིད་ནི་ག་ཞ་སྟེ་ཤིན་ཏུ་ཆེ་བ་ཉིད་ཀྱི་ཕྱིར་རོ། །ལན་གཉིས་སུ་ཞེས་བྱ་བ་ལ། གཅིག་ནི་
Vol. 94 · folio 157a
བཅོམ་ལྡན་འདས་ཀྱིས་གང་ཟག་གི་བདག་མེད་པའི་དབང་དུ་མཛད་ནས་བཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་སྔར་རབ་ཏུ་བསྐོར་བའོ། །འདི་ནི་ཆོས་ཀྱི་བདག་མེད་པ་ལ་ལྟོས་ནས་གཉིས་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་ལན་གཉིས་སུ་བསྐོར་བ་མ་ཡིན་ཏེ་ཞེས་བྱ་བ་
ནི་དོན་དམ་པར་ཆོས་ཐམས་ཅད་ཀྱི་གྲངས་ལས་འདས་པ་ཉིད་ཀྱི་ཕྱིར་གསུངས་པ་ནི་ཆོས་གང་ལ་ཡང་རབ་ཏུ་བསྐོར་བའམ་ལྡོག་པ་མེད་དོ་ཞེས་བྱ་བ་སྟེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཞེས་བྱ་བས་མིང་གི་རྣམ་པར་རྟོག་པ་གསལ་བར་མཛད་དེ། དེ་ལྟར་འདི་ནི་ཞེས་བྱ་བ་ལ་སོགས་
པ་སྟེ། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཁོ་ན་འཛིན་པར་བྱེད་པ་ཆོས་གང་ལ་ཡང་རབ་ཏུ་བསྐོར་བ་འམ་ལྡོག་པ་མེད་དོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བརྗོད་ཅེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་ཆེན་
པོ་ཞེས་བྱ་བ་ལ་སོགས་པས་རབ་འབྱོར་འདི་ལ་ཆོས་ཐམས་ཅད་ལ་འཇུག་པའི་རྒྱས་པ་བསྟན་པར་བྱེད་དེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་འདི་ཞེས་བྱ་བས་ཡུལ་ཆེན་པོ་ཉིད་དང་གསང་བའི་ཡུལ་ཆེན་པོ་ཞེས་བསྟན་པར་བྱེད་པ་ནི་འདི་ལྟ་སྟེ་གསང་བ་ནི་རྣམ་པ་གསུམ་ལས་ཆོས་ལ་
འཇུག་པའི་གསང་བ་དང་། མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་གསང་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་གསང་བའོ། །དེ་ལ་ཆོས་ལ་འཇུག་པའི་གསང་བ་གསུངས་པ་ནི་གང་ཞིག་ཆོས་ཐམས་ཅད་ལ་ཆགས་པ་མ་མཆིས་པ་ཞེས་བྱ་བ་སྟེ། གལ་ཏེ་ཡང་ཀུན་
རྫོབ་ཏུ་དེའི་ཆོས་ཐམས་ཅད་སྣང་བ་དེ་ལྟ་ན་ཡང་འདི་དོན་དམ་པར་དེ་རྣམས་ཀྱི་ངོ་བོ་མེད་པ་མཐོང་ཞིང་ཆོས་གང་ལ་ཡང་ཆགས་པར་མི་བྱེད་དེ། དེས་ན་ཐམས་ཅད་ལ་ཀུན་རྫོབ་དང་དོན་དམ་པའི་དབང་གིས་ཆོས་ཀྱི་མིང་ཡང་དག་པར་འཇུག་པར་བྱེད་པ་དང་ཆོས་མ་ཡིན་པའི་འདུ་
ཤེས་དང་མངོན་པར་རྫོགས་པའི་བྱང་ཆུབ་ཀྱང་བསྟན་པ་དང་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མཐོང་ཞེས་བྱ་བས་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་གསང་བ་གསུངས་པ་ནི། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་
Vol. 94 · folio 157b
འཚལ་བས་ཆོས་གང་ཡང་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཞེས་བྱ་བས་སོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་གསང་བ་གསུངས་པ་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཡང་ཞེས་བྱ་བས་སོ། །ཆོས་གང་ཡང་ཡང་དག་པར་མི་སྟོན་པ་སྟེ། འོག་ཏུ་ནི་ཆོས་ཀྱི་
འཁོར་ལོ་རབ་ཏུ་བསྐོར་བ་རྣམ་པ་བརྒྱད་ཀྱིས་འཆད་པར་བྱེད་དེ། ཆོས་མེད་པ་དང་། འཁོར་ལོ་མེད་པ་དང་། རབ་ཏུ་བསྐོར་བ་མེད་པ་དང་། བསྟན་པ་མེད་པ་དང་། སྟོན་པ་པོ་མེད་པ་དང་། ཐོས་པ་མེད་པ་དང་། རྟོགས་པ་མེད་པ་དང་། འཕགས་པའི་གང་ཟག་མེད་
པ་ལས་སོ། །དེ་ལ་ཆོས་མེད་པ་གསུངས་པ་ནི། གང་ཞིག་དམིགས་པར་བྱ་བ་དེ་ལ་ནི་ཆོས་མེད་དོ། །ཆོས་གང་ཞིག་བསྟན་པར་བྱ་བ་སྟེ། འཁོར་ལོ་མེད་པ་གསུངས་པ་ནི་འགའ་ཞིག་གིས་འགའ་ཞིག་བསྐོར་བར་བྱ་བ་ཡང་མེད་དོ་ཞེས་བྱ་བ་སྟེ། འགའ་ཞིག་མེད་ཅེས་བྱ་བའི་
སྒྲའོ། །དེ་ནི་འཁོར་ལོ་འདྲ་བས་ན་འཁོར་ལོ་སྟེ། དེ་ལ་གནས་ནས་དོན་ལ་འཇུག་པའི་ཕྱིར་རོ། །རབ་ཏུ་བསྐོར་བ་མེད་པ་གསུངས་པ་ནི་ཆོས་གང་ཡང་ལྡོག་པར་མི་འགྱུར་ཞེས་བྱ་བ་སྟེ། འདི་ཉིད་ལ་རྒྱུ་གསུངས་པ་ནི། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། རབ་
འབྱོར་གྱི་ཚིག་ཉིད་བསྟན་པར་བྱེད་པ་ནི་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་སྟོང་པ་ཉིད་ནི་འཇུག་པ་ཡང་མ་ཡིན་ལྡོག་པ་ཡང་མ་ཡིན་ནོ། །དེ་ལྟར་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། བསྟན་པ་མེད་པ་གསུངས་པ་ནི་གང་ཡང་འདི་ལྟར་བསྟན་པ་འདི་ནི་ཞེས་བྱ་བ་
སྟེ། སྟོན་པ་པོ་མེད་པ་གསུངས་པ་ནི་སུས་ཀྱང་བསྟན་པ་མེད་པ་ཞེས་བྱ་བའོ། །ཐོས་པ་མེད་པ་གསུངས་པ་ནི་སུས་ཀྱང་ཐོས་པ་མེད་ལ་སུས་ཀྱང་མནོས་པ་ཡང་མེད་ཅེས་བྱ་བའོ། །རྟོགས་པ་མེད་པ་གསུངས་པ་ནི་སུས་ཀྱང་མངོན་སུམ་དུ་བྱས་པ་ཡང་མེད་ཅེས་བྱ་བ་ལ་སོགས་
པ་སྟེ། འཕགས་པའི་གང་ཟག་མེད་པ་གསུངས་པ་ནི། འདིས་ནི་སུ་ཡང་ཡོངས་སུ་མྱ་ངན་ལས་མ་འདས་ཞེས་བྱ་བ་ནས་ཇི་སྲིད་སྦྱིན་པའི་གནས་སུ་བྱས་པ་ཡང་མེད་ཅེས་བྱ་བས་སོ། །ནམ་མཁའ་མཐའ་ཡས་པའི་སླད་དུ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྟེ། དེ་བཞིན་
Vol. 94 · folio 158a
ཉིད་ཀྱི་རང་བཞིན་གྱིས་ནམ་མཁའ་བཞིན་དུ་མུ་མེད་པའི་ཕྱིར་རོ། །ནམ་མཁའ་མ་མཆིས་པའི་སླད་དུ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པའོ། །དེར་ནི་ནམ་མཁའ་བཞིན་དུ་མི་དམིགས་པའི་བདག་ཉིད་དང་མེད་པའི་བདག་ཉིད་
ཀྱིས་ཡོད་པ་མ་ཡིན་ནོ། །འདི་ནི་ཆེན་མོ་རྣམས་ཀྱི་འདོན་པ་མངོན་རྟོགས་དང་སྦྱར་བའི་དོན་དུ་བསྣན་པའོ། །ཆོས་ཐམས་ཅད་དམིགས་སུ་མ་མཆིས་པར་མཉམ་པའི་སླད་དུ་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་ཀུན་གྱིས་དམིགས་པ་མེད་པའི་བདག་ཉིད་ཀྱིས་མཉམ་པའོ། །དབེན་པའི་ཞེས་
བྱ་བ་ནི་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལ་སོགས་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །ཤིན་ཏུ་སྟོང་པ་ཞེས་བྱ་བ་ནི་ཀུན་བརྟགས་དང་གཞན་དབང་གི་ངོ་བོས་ཆོས་ཐམས་ཅད་སྟོང་པའི་ཕྱིར་རོ། །མི་བརྫི་བ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཆོས་ཐམས་ཅད་སྒྲོ་འདོགས་
པ་ལ་ཡང་དག་པར་ལྡང་བའི་སྐྱོན་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །ཆོས་ཐམས་ཅད་མི་དམིགས་པའི་སླད་དུ་ཞེས་བྱ་བ་ནི་གང་གི་ཚེ་ཆོས་རྣམས་ཐམས་ཅད་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་དག་གིས་སྟོང་པ་དེ་བཞིན་ཉིད་དང་རང་བཞིན་གཅིག་པར་འགྱུར་བ་ཡིན་
ན་དེའི་ཕྱིར་གང་གིས་ཀྱང་ཟིལ་གྱིས་ནོན་པ་མ་ཡིན་ནོ། །གནས་པ་མ་མཆིས་པ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་རྣམས་འདི་ལ་གང་གིས་ཀྱང་གནས་སུ་གྱུར་པ་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྟེན་མེད་པས་གང་ནས་ཀྱང་འོང་བ་མེད་པ་དང་། གང་དུ་ཡང་འགྲོ་བ་མེད་པ་དང་ལུས་ཀྱང་ཅུང་
ཟད་ཀྱང་གང་ཟག་དང་ཆོས་ཀྱི་བདག་ཉིད་མེད་པ་ཞེས་བྱ་བའོ། །འོང་བ་མེད་པ་དང་འགྲོ་བ་མེད་པ་དང་ལུས་མེད་པ་དང་སྐྱེ་བ་མེད་པས་ཞེས་གསུངས་སོ། །མིང་མ་མཆིས་ཤིང་ལུས་མ་མཆིས་པ་ཞེས་བྱ་བའི་འདོན་པ་ལ་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམས་སོ། །ལུས་ནི་
གཟུགས་ཀྱི་ཕུང་པོའོ། །དེ་དག་མེད་པས་ཞེས་བཤད་པར་བྱེད་དེ། ངོ་བོ་ཉིད་མ་མཆིས་པ་ཞེས་བྱ་བ་ནི་གང་ཞིག་ཆོས་རྣམས་ཀྱི་རང་བཞིན་གཟུགས་བྱེད་པ་དང་ཉམས་སུ་མྱོང་བར་བྱེད་པ་ལ་སོགས་པ་འདི་དེ་དོན་དམ་པར་རང་བཞིན་ཡོད་པ་མ་ཡིན་ཞེས་དེས་ན་སྟོང་པ་དང་ངོ་བོ་ཉིད་མེད་
Vol. 94 · folio 158b
པ་རྣམས་སོ། །འགྲོ་བ་དང་འོང་བ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་གནས་སྐབས་དེ་ལ་ཆོས་ཐམས་ཅད་ཀྱི་འགྲོ་བ་དང་འོང་བ་ཕྱིན་ཅི་ལོག་སྤངས་པའི་ཕྱིར་རོ། །བརྗོད་དུ་མ་མཆིས་པ་ཞེས་བྱ་བ་ནི་བརྗོད་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །རྟོག་པ་མ་མཆིས་པ་ཞེས་བྱ་བ་ནི་བརྗོད་པ་
རྣམ་པར་རྟོག་པ་ཉིད་ཀྱི་ཕྱིར་རོ། །མིང་མ་མཆིས་པ་ཞེས་བྱ་བ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཞེས་བྱ་བའི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་མེད་པའི་ཕྱིར་རོ། །ཕུང་པོ་བཞི་པོ་འདི་རྣམས་ཉིད་ལ་མི་དམིགས་པ་ཉིད་ཀྱི་ཚིག་གཉིས་ནི་འགའ་ཞིག་ཏུ་
འདོན་པ་མ་ཡིན་ནོ། །ཆོས་ཐམས་ཅད་འགྲོ་བ་མ་མཆིས་པ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་ནི་འགྲོ་བ་ལས་གྲོལ་བའོ། །ཆོས་ཐམས་ཅད་གཟུང་བ་མ་མཆིས་པ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་རྣམས་ནི་ཆོས་རྣམས་ལ་མི་འཛིན་པ་སྟེ་དེ་བས་ན་མི་འཕྲོགས་པའོ། །མི་བས་
པའི་ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་ཟད་པའི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པའི་ཆོས་དང་ལྡན་པར་སྣང་བ་དེའི་ཕྱིར་མི་ཟད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་མངོན་པར་མ་གྲུབ་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་ཡོངས་སུ་གྲུབ་པའི་ངོ་བོས་
མངོན་པར་མ་གྲུབ་པའི་ངོ་བོ་ཉིད་དེའི་ཕྱིར་འདི་ནི་ཆོས་ཐམས་ཅད་མི་སྐྱེ་བའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །བྱེད་པ་པོ་མི་དམིགས་ཞེས་བྱ་བ་ནི་ཆོས་ཐམས་ཅད་བྱེད་པ་པོས་སྟོང་པའི་ཕྱིར་རོ། །བདག་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་གལ་ཏེ་བདག་ཉིད་ཀྱིས་ཡོད་པར་མི་འགྱུར་
ན་དེའི་ཚེ་འདི་ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་འགྱུར་ཞིང་མཐོང་བས་མཐོང་བར་འགྱུར་ན་དེ་མེད་པས་ན་ཤེས་པ་པོ་མ་མཆིས་པ་དང་མཐོང་བ་པོ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །འཆི་འཕོ་བ་དང་སྐྱེ་བ་དང་མི་སྐྱེ་བའི་ཞེས་བྱ་བ་ནི་འཆི་འཕོ་བ་དང་སྐྱེ་
བ་དག་ལ་མི་སྐྱེད་པ་ནི་དོན་དམ་པ་རྟོག་པ་ཙམ་དུ་སྣང་བའི་ཕྱིར་ཞེས་བྱ་བའོ། །གང་ལ་ཡང་འགའ་ཞིག་ཏུ་འཕོ་བ་ཡོད་པ་མ་ཡིན་ནོ། །འཇིག་པ་མེད་པ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དེ་བཞིན་ཉིད་དེ་དེ་ཡང་འཇིག་པ་མེད་པ་སྟེ་གཅིག་གི་ངོ་བོ་ཡིན་
Vol. 94 · folio 159a
པའི་ཕྱིར་དུས་ཀྱི་དབྱེ་བས་ཉེ་བར་དམིགས་པ་མ་ཡིན་ནོ། །སྒྱུ་མའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྒྱུ་མའི་མཚན་མ་ནི་ཤིང་བུ་ལ་སོགས་པ་བཀབ་ནས་གླང་པོ་ལ་སོགས་པ་གཟུགས་མེད་པ་ཉིད་སྒྱུ་མ་ལ་སྣང་བ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་མ་རིག་
པས་བཏང་བར་བྱས་པ་དོན་དམ་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་རྣམ་པར་རྟོག་པར་བྱས་པའི་ངོ་བོ་མེད་པས་སྣང་ཞེས་སྟོན་པར་བྱེད་པ་ལ་སྒྱུ་མའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟ་ན་ཡང་ཆོས་རྣམས་བརྫུན་པ་ཉིད་ཀྱིས་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་གསུངས་པ། སྐྱེ་བ་མ་མཆིས་པ་
རྣམ་པར་ཤེས་པར་བགྱིད་པ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྨི་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྨི་ལམ་དུ་མཐོང་བའི་དངོས་པོ་རྣམས་ནི་དངོས་པོ་མེད་པར་སད་པས་ཡང་དག་པར་བསྡུས་པའི་བདེན་པའི་དོན་སེམས་དང་སེམས་ལས་བྱུང་བས་བཀབ་ནས་སྣང་བ་ཡིན་ཏེ། དེ་བཞིན་དུ་ཆོས་
རྣམས་ཐམས་ཅད་བདེན་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་བསྒྲིབས་པར་བྱས་པ་མེད་པའི་ངོ་བོ་ཉིད་ཀྱིས་སྣང་བ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཀྱི་རྣམ་པར་ཤེས་པ་ཙམ་དུ་སྣང་བའི་ངོ་བོ་འདི་རྣམས་ལ་དོན་དམ་པ་ཅུང་ཟད་ཡོད་པ་མ་ཡིན་ཞེས་གསུངས་པ་ནི་རྣམ་པར་ཤེས་པར་བགྱིད་པའི་སླད་དུ་
ཞེས་བྱ་བ་སྟེ། འགའ་ཞིག་ཏུ་ཡང་རྨི་ལམ་དང་སྒྲ་བརྙན་དང་མིག་ཡོར་དང་སྨིག་རྒྱུ་དང་སྒྱུ་མའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེས་བྱ་བའི་འདོན་པའོ། །དེ་ལ་སྒྲ་བརྙན་ནི་མི་བདེན་པའི་སྒྲ་ཡང་དག་པར་སྣང་བའི་ངོ་བོ་ཡང་དག་པ་མ་ཡིན་པ་མི་བདེན་པ་བདེན་པ་མ་ཡིན་པའི་སྒྲ་ཉེ་བར་
སྟོན་པར་བྱེད་དོ། །མིག་ཡོར་ནི་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་རྣམ་པ་མི་བདེན་པའི་དོན་ཡུལ་ལ་སོགས་པ་བཀབ་ནས་མི་བདེན་པའི་གྲོང་ཁྱེར་ལ་སོགས་པ་ཉེ་བར་སྟོན་པར་བྱེད་དོ། །སྨིག་རྒྱུ་ནི་ཡང་དག་པ་ཇི་ལྟ་བར་རང་གི་ངོ་བོ་ཉེ་བར་མ་བསྟན་པས་ཡང་དག་པ་མ་ཡིན་པའི་ཆུ་
བསྟན་པར་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ནི་དོན་དམ་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོངས་སུ་བཏང་ནས་བདེན་པ་མ་ཡིན་པ་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་དག་གིས་སྣང་ཞེས་ངེས་པར་བྱའོ། །འདོན་པ་འདི་ཡང་ཆེན་མོ་རྣམས་ཀྱི་འགྲེས་ཡང་དག་པར་བསྡུས་ནས། མངོན་རྟོགས་སྦྱར་
Vol. 94 · folio 159b
བའི་དོན་དུ་བསྣན་པ་ཞེས་བཅོམ་ལྡན་འདས་མ་འདི་ལ་དྲང་སྲོང་གི་མ་ཡིན་པ་ཉིད་དོ། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་གང་གི་ཕྱིར་རང་བཞིན་ཉིད་ཀྱིས་ཆོས་རྣམས་དག་པ་སྟེ་དེ་བས་ན་འདོད་ཆགས་ལ་སོགས་པ་རྣམས་མེད་པ་དེའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་
ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་རྣམ་པར་བྱང་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་དང་མི་དམིགས་པ་ཞེས་བྱ་བའི་འདོན་པ་ལ་འདོད་ཆགས་དང་བྲལ་བ་ལ་སོགས་པ་དང་ཉོན་མོངས་པ་མི་དམིགས་པས་སོ། །རྣམ་པར་བྱང་བ་ཉིད་ནི་མི་དམིགས་པ་སྟེ་རྟེན་ནོ། །རྣམ་པར་
བྱང་བའི་སེམས་ཅན་ཉོན་མོངས་པ་ཅན་རྟེན་ཏེ་དེ་རྣམས་སེམས་ཅན་ལ་མ་དམིགས་པས་རྣམ་པར་བྱང་བ་མེད་པའོ། །གོས་པ་མ་མཆིས་པ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་ཆོས་ཀྱི་དབྱིངས་ལ་གོས་པ་མེད་པའི་ཕྱིར་རོ། །སྤྲོས་པ་མ་མཆིས་པ་ཞེས་བྱ་བ་ལ། སྤྲོས་པ་ནི་རྣམ་པར་རྟོག་
པ་རྣམས་ཏེ་དེ་རྣམས་མེད་པའོ། །རློམ་སེམས་ཐམས་ཅད་ནི་གཟུགས་ལ་སོགས་པའི་འདུ་ཤེས་སོ། །རློམ་སེམས་ནི་འདོན་པ་མ་ཡིན་ཏེ་དེ་བས་ན་རློམ་སེམས་ཐམས་ཅད་ལས་འདས་པས་སོ། །གཡོ་བ་མ་མཆིས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་ཉོན་མོངས་པ་
རྣམས་ཀྱིས་གང་ཞིག་གཡོ་བར་བྱེད་པ་དེ་མེད་པའི་ཕྱིར་རོ། །མི་གཡོ་བ་ཞེས་བྱ་བ་ནི་ཡོངས་སུ་ལྟུང་བ་མེད་པའི་དབང་གིས་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་དབྱིངས་དུས་ཐམས་ཅད་དུ་གནས་པའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ། འདོད་ཆགས་ནི་ལོག་པའི་ཀུན་
དུ་རྟོག་པ་ལས་བྱུང་བ་ཆོས་རྣམས་ལ་མངོན་པར་ཞེན་པའོ། །དེ་མེད་པས་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་ཅེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་ནི་སྟོང་པ་ཉིད་ཀྱི་ངོ་བོའོ། །དེར་ཆགས་པར་བྱ་བའི་
དངོས་པོའི་མཚན་མ་རྟག་པ་དང་གཙང་མ་ལ་སོགས་པའི་ངོ་བོ་རྣམས་ལ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ཆོས་རྣམས་ཐམས་ཅད་རྣམ་པར་རྟོག་པའི་དབང་གིས་ཡང་དག་པར་ལྡང་བ་སྟེ་དེ་མེད་པའི་ཕྱིར་ལྡང་བ་མ་མཆིས་པའོ། །ཆོས་ཐམས་ཅད་ངེས་པར་
Vol. 94 · folio 160a
འབྱེད་པའི་སླད་དུ་ཞེས་བྱ་བ་ནི་གང་གིས་ཆོས་ཐམས་ཅད་དོན་དམ་པའི་ངོ་བོས་རྟོགས་པར་བྱེད་པ་དེའི་ཚེ་ཇི་ལྟ་བ་བཞིན་དུ་དོན་རྟོགས་པས་ཇི་ལྟ་བ་བཞིན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ཀྱི་མཚན་མ་མི་དམིགས་པ་ཞེས་བྱ་བ་ནི་ཆོས་ཀྱི་མཚན་མ་ཐམས་ཅད་ཆོས་
ཀྱི་སྣང་བ་རྣམས་ལ་མི་དམིགས་པའི་ཕྱིར་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་མངོན་སུམ་དུ་བྱས་པས་ཆོས་ཐམས་ཅད་ཞི་བ་ཞེས་བྱ་བའི་ཤེས་རབ་ཉེ་བར་གནས་པ་དེའི་ཕྱིར་ཞི་བའི་ཕ་རོལ་ཏུ་ཕྱིན་པའོ། །ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པ་ནི་
ཡོན་ཏན་ནོ། །དེའི་དབང་གིས་སྐྱོན་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མཚན་མ་མེད་པའི་ཕྱིར་རོ། །ཉོན་མོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་རྟོག་པ་མ་མཆིས་པ་ཞེས་བྱ་བ་སྟེ་རྣམ་པར་རྟོག་པར་བྱས་པའི་ངོ་བོ་མེད་པ་ཉིད་
ལ་བརྟེན་ནས་ཉོན་མོངས་པ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མེད་པའི་ཕྱིར་རོ། །ཡང་དག་པའི་མཐའ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་མཐོང་བའི་ཕྱིར་རོ། །འཇིག་ཚོགས་ཀྱི་ལྟ་བའི་རྩ་བ་ཅན་སེམས་ཅན་གྱི་མངོན་པར་ཞེན་པ་སྤོང་བ་ཡིན་པ་དེའི་ཕྱིར་སེམས་ཅན་མ་མཆིས་པའི་ཕ་
རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ལྡང་བ་མ་མཆིས་པའི་སླད་དུ་འདི་ནི་ཚད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཚད་མའི་དབང་གིས་ཆོས་ཐམས་ཅད་གཞག་པ་ཡིན་ཏེ། གང་གི་ཕྱིར་འདི་ཆོས་ཐམས་ཅད་ཀྱི་ཚད་མས་ལྡང་བ་ནི་རྒྱུ་མཐོང་བ་མ་ཡིན་ནོ། །དེའི་ཕྱིར་ཚད་མ་
མཆིས་པ་ལྡང་བ་མ་མཆིས་ཞེས་བྱ་བའི་འདོན་པ་ལ་ཡང་ལྡང་བའི་ཡང་དག་པར་ལྡང་བ་མེད་པ་ཞེས་ཤེས་པར་བྱའོ། །རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་ཇི་ལྟ་བ་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་འཇིག་རྟེན་ལས་འདས་པ་དང་རྗེས་ལ་སྐྱེས་པའི་ཡེ་ཤེས་
ལ་བརྫུན་པའི་སྣང་བ་ཙམ་འདིར་ཇི་ལྟ་བ་བཞིན་ཏེ་བརྫུན་པ་ཉིད་ལ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱི་ཕྱིར་རོ། །སྔར་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་དོན་དམ་པའི་སྟོང་པ་ཉིད་ཀྱི་ངོ་བོ་རྟོགས་པ་ལ་ལྟོས་པས་ཇི་ལྟ་བ་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་དེ་བས་ན་དེ་ལས་ཐ་དད་པ་ཡིན་ནོ། །
Vol. 94 · folio 160b
རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་མི་རྟོག་པའི་དོན་དམ་པའི་ཡེ་ཤེས་ལ་ཆོས་རྣམས་ཀྱི་ངོ་བོ་འདི་སྣང་བ་མེད་པ་དེ་བས་ན་བརྫུན་པར་སྣང་བའི་ངོ་བོ་ཉིད་འདི་དོན་ཇི་ལྟ་བ་ཉིད་ཅེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་འདི་འདོན་པ་མ་ཡིན་ནོ། །ཆོས་ཐམས་
ཅད་མངོན་པར་མ་ཞེན་པའི་སླད་དུ་ཞེས་བྱ་བ་ནི་གང་གི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་ནི་ཡོད་པ་མ་ཡིན་པ་དེ་བས་ན་དེ་རྣམས་མངོན་པར་ཞེན་པར་མི་རུང་བ་ཉིད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་ནི་མེད་པ་ཞེས་རྟག་པ་དང་ཆད་པའི་མཐའ་གཉིས་དང་བྲལ་བ་དེའི་ཕྱིར་མཐའ་གཉིས་
དང་རྗེས་སུ་འགྲོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་དབྱེར་མ་མཆིས་པ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་ཕན་ཚུན་དུ་ཐ་དད་པ་ནི་སྲེད་པའི་ངོ་བོར་སོང་བ་མ་ཡིན་ཏེ་མེད་པའི་ཕྱིར་རོ། །དེ་བས་ན་ཐ་མི་དད་པའི་ཕ་རོལ་ཏུ་ཕྱིན་པའོ། །མཆོག་ཏུ་མི་འཛིན་པ་ཞེས་བྱ་བ་ནི་
ཀུན་ནས་ཉོན་མོངས་པ་མེད་པའོ། །ཀུན་ནས་ཉོན་མོངས་པ་གཅིག་པུར་མ་ཟད་ཀྱི་འཇིག་རྟེན་པའི་འབྲས་བུ་རྣམས་ཀྱིས་ཀྱང་མ་ཡིན་ནོ། །འོན་ཀྱང་བྱང་ཆུབ་གཞན་ཡང་དག་པར་བསྡུས་པ་རྣམས་ཀྱིས་ཀྱང་སྟེ་ཐེག་པ་དམན་པ་ལ་མི་འདོད་པའི་ཕྱིར་རོ། །འདི་ནི་རྣམ་པར་མི་རྟོག་པའི་ཕ་
རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི། རྟོག་པ་ནི་ཁྱད་པར་གྱི་གནས་སྐབས་འཛིན་པར་བྱེད་པའོ། །བཅོམ་ལྡན་འདས་མ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་སྤྱི་དང་རོ་གཅིག་པའོ། །རྣམ་པར་རྟོག་པ་ཞི་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མི་དམིགས་པའོ། །ཆོས་ཉིད་ཚད་མ་མཆིས་པ་ཉིད་ཀྱི་སླད་དུ་འདི་
ནི་གཞལ་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་གང་གི་ཕྱིར་ཚད་མ་ནི་ཡོངས་སུ་གཅོད་པའི་རྒྱུ་སྟེ་གཅིག་དང་གཉིས་དང་གསུམ་ཞེས་དམིགས་པ་མ་ཡིན་ཏེ་མེད་པའི་ཕྱིར་རོ། །དེའི་ཕྱིར་གཞལ་དུ་མ་མཆིས་པའོ། །གནས་འདི་ལ་པོ་ཏི་རྙིང་པ་རྣམས་ལ་དྲང་སྲོང་གི་འདོན་པ་
འདི་མཐོང་བ་བཤད་པ་ཡིན་ཏེ། འདོན་པ་གཞན་དེ་མ་ཐག་ཏུ་བསྟན་པར་བྱའོ། །ཆོས་ཉིད་བདག་མ་མཆིས་པའི་སླད་དུ་སྐྱེ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་གི་ཕྱིར་གཟུགས་ལ་སོགས་པ་རྣམས་བདག་དང་བདག་གི་བ་ཉིད་ཀྱི་གནས་སྐབས་དེ་ལ་མི་འཛིན་པ་དེ་བས་ན་
Vol. 94 · folio 161a
བདག་ཏུ་མངོན་པར་ཞེན་པ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་སྐྱེ་བ་མ་མཆིས་པའོ། །རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་མེད་པའི་ངོ་བོ་ཉིད་དེ་རྣམ་པར་རྟོག་པ་ཞི་བའི་སླད་དུ་ཞེས་བྱ་བ་ནི་རྣམ་པར་
རྟོག་པ་མི་དམིགས་པའོ། །ཆོས་ཀྱི་རང་བཞིན་ཉིད་ཀྱི་སླད་དུ་མི་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་ཞིག་འདི་ཆོས་རྣམས་ཀྱི་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་ཉིད་དེ་ནི་དོན་དམ་པར་ཡོད་པ་མ་ཡིན་ཏེ་དེའི་ཕྱིར་མི་དམིགས་པའོ། །ཆོས་ཀྱི་རང་བཞིན་ནི་ཡོངས་གྲུབ་པའི་ངོ་
བོ་ཉིད་དེ་ཡང་དོན་དམ་པར་ཡོད་པ་མ་ཡིན་ནོ། །ཆོས་ཐམས་ཅད་ཆགས་པ་མ་མཆིས་པའི་སླད་དུ་འདི་ནི་ཆགས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །རྟེན་མི་དམིགས་པའི་སླད་དུ་རྟེན་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་རྟེན་ནི་རྟེན་ནོ། །དེ་གལ་ཏེ་བཅོམ་ལྡན་འདས་མ་ལ་ཡོད་པར་གྱུར་
ན་ཁྱབ་པར་བྱེད་པ་མེད་པར་འགྱུར་རོ། །ཆོས་ཐམས་ཅད་མ་སྐྱེས་པའི་སླད་དུ་ཞེས་བྱ་བ་ལ། ཆོས་རྣམས་ཐམས་ཅད་ནི་དོན་དམ་པར་མ་སྐྱེས་པའོ། །དེ་བས་ན་བཅོམ་ལྡན་འདས་མ་སྐྱེས་པ་མ་མཆིས་པ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་མི་སྐྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ནི་སྤྱོད་
པ་སྐྱེད་པ་མ་མཆིས་པ་ཞེས་བྱ་བའི་ཁྱད་པར་རོ། །ཆོས་ཐམས་ཅད་འདུས་མ་བགྱིས་པའི་སླད་དུ་འདི་ནི་མི་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་སྐྱེད་པ་དེ་བས་ན་རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པ་དེའི་ཕྱིར་ཡོད་པ་མ་ཡིན་ཏེ་མེད་པ་ཉིད་ཀྱི་ཕྱིར་མི་རྟག་པའོ། །མེད་པའི་དོན་
ནི་མི་རྟག་དོན་ཞེས་བྱ་བའི་ཚིག་གིས་སོ། །ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པའི་སླད་དུ་འདི་ནི་སྡུག་བསྔལ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་གི་ཕྱིར་བཅོམ་ལྡན་འདས་མ་ནམ་མཁའ་དང་མཉམ་པའི་ཕྱིར་ངེས་པར་བྱ་བའི་དོན་དང་གནས་པར་བྱ་བའི་དོན་དང་ཉེ་བར་ལོངས་སྤྱོད་པའི་དོན་
དུ་ཆོས་ཀྱི་ངོ་བོ་ཡིན་པའི་ཕྱིར་མི་རུང་བ་དེའི་ཕྱིར་སྡུག་བསྔལ་བའོ། །ཆོས་ཐམས་ཅད་མི་དམིགས་པའི་སླད་དུ་འདི་ནི་སྟོང་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་ཞིག་འདི་ཆོས་ཐམས་ཅད་གཟུགས་སུ་བྱ་བ་དང་ཉམས་སུ་མྱོང་བ་ལ་སོགས་པའི་ངོ་བོ་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་
Vol. 94 · folio 161b
དེ་དག་དོན་དམ་པར་ཡོད་པ་མ་ཡིན་ཏེ་དེའི་ཕྱིར་དེའི་ངོ་བོས་སྟོང་པའོ། །ཆོས་ཐམས་ཅད་མངོན་པར་མ་ཆགས་པའི་སླད་དུ་འདི་ནི་བདག་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གང་གི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་ཡོད་པ་མ་ཡིན་པ་དེའི་ཕྱིར་དེ་རྣམས་མངོན་པར་ཞེན་
པའི་དོན་དུ་མི་རུང་བའོ། །དེ་ལྟར་ཆོས་ཐམས་ཅད་མེད་པ་ཞེས་བྱ་བ་ནི་བདག་མེད་པའོ། །གལ་ཏེ་ཡང་སྟོང་པ་ཉིད་དང་བདག་མེད་པ་དག་ལ་དོན་ལ་ཐ་དད་པ་མེད་ཀྱང་དེ་ལྟ་ན་ཡང་རྟོག་པའི་དབང་གིས་ཐ་དད་པ་ཡོད་དོ། །སྟོང་པ་ཉིད་དང་གཞན་གྱིས་གཞན་ལ་བྲལ་བ་ཉིད་དོ། །དཔེར་ན་ཆུ་དང་
བྲལ་བ་ཉིད་ཀྱི་ཕྱིར་བུམ་པ་སྟོང་པ་ཞེས་བརྗོད་དོ། །དེ་བས་ན་རང་གི་མཚན་ཉིད་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཆོས་རྣམས་དེ་ཉིད་སྟོང་པ་ཞེས་ཡོངས་སུ་རྟོག་པ་ཡིན་ནོ། །ཆོས་རྣམས་ཀྱི་བདག་མེད་པ་ཞེས་བྱ་བ་ནི་མེད་པ་ཉིད་དེ་ཇི་ལྟར་སྒྱུ་མའི་གླང་པོ་ལ་སོགས་པ་ཞེས་བྱ་
བའོ། །ཆོས་རྣམས་དེ་ཉིད་ནི་རང་གི་མཚན་ཉིད་ལ་སོགས་པ་དང་བྲལ་བ་བརྗོད་པར་འདོད་པས་སྟོང་པ་ཞེས་བརྗོད་པ་ཡིན་ནོ། །ཡོད་པ་མ་ཡིན་ན་ཞེས་བྱ་བ་མེད་པ་བརྗོད་པར་འདོད་པ་ལ་བདག་མེད་པ་ཞེས་བརྗོད་པ་ཡིན་ནོ། །མཚན་ཉིད་མ་མཆིས་པའི་ཞེས་བྱ་བ་ནི་མཚན་
ཉིད་མཚན་མ་སྟེ་གང་གི་ཕྱིར་དེ་མེད་པ་དེའི་ཕྱིར་མཚན་ཉིད་མེད་པའོ། །ཆོས་ཐམས་ཅད་མངོན་པར་མ་གྲུབ་པ་ཞེས་བྱ་བ་ནི་དོན་དམ་པར་རྒྱུ་དང་རྐྱེན་གྱིས་སྐྱེས་པའོ། །མཐའ་ཡས་མུ་མ་མཆིས་པའི་སླད་དུ་གཞལ་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་མ་
ནི་ཆོས་ཉིད་ཀྱི་ངོ་བོ་སྟེ་ནམ་མཁའ་ལྟར་ཁྱབ་པ་དེའི་ཕྱིར་མཐའ་ཡས་མུ་མ་མཆིས་པའོ། །དེ་བས་ན་རྒྱང་གྲགས་དང་དཔག་ཚད་ལ་སོགས་པའི་ཚད་རྣམས་ཀྱིས་ཡོངས་སུ་གཅད་པར་མི་ནུས་པའི་ཕྱིར་གཞལ་དུ་མ་མཆིས་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་
ཀྱི་རྣམ་པ་ཐམས་ཅད་དང་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་བཅུ་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་རྣམས་ལ་སྤྱོད་ཡུལ་མེད་པར་གྱུར་པའི་རྣམ་པ་ཡོད་པའོ། །གང་གི་ཕྱིར་རྣམ་པ་དེ་རྣམས་དོན་དམ་པར་ཡོད་པ་མ་ཡིན་པ་དེའི་ཕྱིར་སྟོབས་བཅུའི་ཡུལ་རྣམ་པ་རྣམས་ལ་མེད་
Vol. 94 · folio 162a
པར་སྟོན་པར་བྱེད་པ་ནི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ། །མི་བརྫི་བ་ཞེས་བྱ་བ་ནི་དེ་ནི་སྟོབས་ཀྱི་དོན་ཏོ། །ཤིན་ཏུ་མ་ཞུམ་པའི་སླད་དུ་འདི་ནི་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པ་ཉིད་ཆོས་འགའ་ཞིག་ལ་བརླན་པ་མ་
ཡིན་ནོ། །དེ་བས་ན་ཐམས་ཅད་དུ་མ་ཞུམ་པའི་ངོ་བོ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ནི་མི་འཇིགས་པའི་དོན་དེའི་ཕྱིར་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཞིག་ཡང་ལམ་ཤེས་པ་ཉིད་ཀྱི་སྐབས་ལ་འགའ་ཞིག་ཏུ་སངས་རྒྱས་ཀྱི་ཆོས་སྟོན་པ་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་དེའི་ཡོན་ཏན་
རྗེས་སུ་འགྲོ་བ་ཡང་དག་པར་འབྱུང་བས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཕྱིར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་ལ་མེད་པ་དེ་བས་
ན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཁོ་ནའོ། །གྲངས་ཀྱི་སྦྱོར་བ་ལས་ཡང་དག་པར་འདའ་བའི་སླད་དུ་ཞེས་བྱ་བ་ནི་འདྲ་བའི་བསམ་པ་ནི་གྲངས་ཏེ་དེ་དང་སྦྱོར་བ་ནི་སྦྱོར་བའོ། །དེ་ལས་ཡང་དག་པར་འདའ་བ་ཉིད་ནི་དེ་དང་འདའ་བའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་མི་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པའོ། །སངས་རྒྱས་ཐམས་ཅད་ལ་དེ་ལྟ་བུར་གྱུར་པའི་ཤེས་རབ་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཞེས་བྱ་བ་བཤད་པར་བྱའོ། །དེ་བཞིན་
གཤེགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་དེ་ལྟར་བརྗོད་པའི་ཕྱིར་དེ་བཞིན་གཤེགས་པའོ། །ཕྱིན་ཅི་མ་ལོག་པའི་ཆོས་ཐམས་ཅད་རྟོགས་པ་དང་གསལ་བའི་དོན་དམིགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །འདིའི་རྒྱུ་ནི་ཆོས་ཐམས་ཅད་མ་ལོག་པ་སྟེ། དེ་ཡང་
དོན་དམ་པར་ཆོས་ཐམས་ཅད་ཀྱི་རང་བཞིན་དང་དེའི་རྒྱུ་མཐུན་པར་གྱུར་པ་ཆོས་ཀྱི་བསྟན་པའོ། །ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པའི་སླད་དུ་འདི་ནི་རང་འབྱུང་གི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ཆོས་ཐམས་ཅད་རང་ཉིད་ཀྱིས་ཟིལ་གྱིས་གནོན་པ་དེའི་ཕྱིར་རང་འབྱུང་གི་ཕ་རོལ་
Vol. 94 · folio 162b
ཏུ་ཕྱིན་པའོ། །ཇི་ལྟར་གནོན་ཞེ་ན་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་ཆོས་རྣམས་ཐམས་ཅད་ནི་ངོ་བོ་ཉིད་མེད་པས་རྟོགས་པ་དེ་བས་ན་དེ་རྣམས་ཟིལ་གྱིས་གནོན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་རྫོབ་དང་དོན་དམ་
པ་མ་ལུས་པའི་རང་བཞིན་ཡོངས་སུ་ཤེས་པས་ཐམས་ཅད་མཁྱེན་པ་སྟེ། དེའི་ཡེ་ཤེས་ནི་ཐུན་མོང་མ་ཡིན་པའོ། །དེ་ནི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཞེ་ན་རྒྱུ་གསུངས་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མཁྱེན་པའི་སླད་དུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་
གང་ཞིག་དེ་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་ཤེས་པ་ཉིད་དོ། །དེ་ལ་ཀུན་ཏུ་བརྟགས་པའི་ཆོས་རྣམས་ལ་ཀུན་རྫོབ་པའི་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་ཤེས་པ་དང་། ཡོངས་སུ་གྲུབ་པའི་ཆོས་རྣམས་ལ་མ་སྐྱེས་པ་དང་མ་འགགས་པ་དང་གདོད་མ་ནས་ཞི་བ་ལ་སོགས་པ་རྣམས་
ཀྱིས་ཡོངས་སུ་ཤེས་པའོ། །གནས་འདི་ལ་སྔོན་གྱི་པོ་ཏི་རྣམས་ལས་ཐམས་ཅད་དུ་ངག་གཅིག་པ་ཉིད་ཀྱིས་ཚིག་འདི་རྣམས་གནས་པ་དེ་ཁོ་ན་བཞིན་དུ་བཤད་པའོ། །གཞན་དག་ནི་ཚིག་རྣམ་པ་མང་པོ་ཕྱིན་ཅི་ལོག་ཏུ་འདོན་པ་སྟེ། དེར་ལྷག་པ་ཕྱིན་ཅི་ལོག་ཏུ་འདོན་པ་ཕལ་ཆེར་
བཤད་པའོ། །ལྷག་མ་ནི་འཆད་པར་བྱ་བ་སྟེ། སྟོང་པ་ཉིད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་མུ་མེད་པ་ཞེས་བྱ་བའོ། །གང་གི་ཕྱིར་སྟོང་པ་ཉིད་བཅུ་དྲུག་ལ་དུས་
གསུམ་དུ་རྒྱས་པར་ཡོངས་སུ་གཅོད་པ་མེད་པར་སྟོང་པ་ཉིད་ཐམས་ཅད་ལ་དེ་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཚོགས་བདུན་གཅིག་ཏུ་རྣམ་པར་འབྱེད་པ་ནི་སུམ་ཅུ་རྩ་བདུན་ཡིན་ཏེ། དེ་རྣམས་ཀྱི་ནང་ནས་རེ་རེར་དེའི་རྣམ་པའི་ཕ་རོལ་ཏུ་ཕྱིན་པ་ལུས་དྲན་པ་ཉེ་
བར་གཞག་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྲིད་དུ་ཡང་དག་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་བྱ་བས་རྣམ་པར་ཐར་པའི་སྒོ་གསུམ་བཤད་པའོ། །རྣམ་པར་ཐར་པ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་གཟུགས་
Vol. 94 · folio 163a
ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་
ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པ་ཞེས་བྱ་བའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་དགུའོ། འདི་ནི་བདེན་པ་བཞིའི་ཕ་རོལ་ཏུ་ཕྱིན་པ་ཞེས་
བྱ་བ་ལ་བདེན་པ་བཞི་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཞེས་བྱ་བའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ཞེས་བྱ་བ་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཐབས་ཉིད་དང་། །སྨོན་ལམ་སྟོབས་དང་ཡེ་ཤེས་ནི། །འདི་རྣམས་ཕ་རོལ་ཕྱིན་
བཅུའོ། །འདི་ནི་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཆོས་དང་དོན་དང་ངེས་ཚིག་དང་སྤོབས་པ་སྟེ་སོ་སོ་ཡང་དག་པར་རིག་པ་བཞིའོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཡིན་ལ་མ་འདྲེས་པ་
ཡང་ཡིན་ཏེ་གཞན་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །ཐམས་ཅད་ཀྱང་དེ་ཡིན་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བའི་དོན་ཏོ། །འཁྲུལ་པ་དང་། ཅ་ཅོ་དང་། དྲན་པ་བསྙེལ་བ་མེད་པ་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་གསུམ་དང་། སེམས་
མཉམ་པར་མ་བཞག་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་གསུམ་དང་། འདུན་པ་དང་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་རྣམས་ལ་ཉམས་པ་མེད་པ་ཞེས་བྱ་
བ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་ཞེས་བྱ་བའི་ཕ་རོལ་ཏུ་ཕྱིན་པ་གསུམ་དང་། དུས་གསུམ་པོ་ཐམས་ཅད་ལ་མ་ཆགས་པ་དང་མ་ཐོགས་པའི་ཡེ་ཤེས་ཀྱི་འཇུག་པ་ཞེས་བྱ་བའི་ཕ་རོལ་ཏུ་ཕྱིན་པ་
Vol. 94 · folio 163b
གསུམ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གྲངས་ཀྱི་སྦྱོར་བ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ནི་འདྲ་བའི་བསམ་པ་ནི་འགྲང་བ་སྟེ་དེ་དང་སྦྱོར་བ་ནི་སྦྱར་བའོ། །དེ་ལས་ཡང་དག་པར་འདའ་བ་ནི་དེ་ལས་འདའ་བ་དེ་ཡང་མ་འདྲེས་པ་ཞེས་བྱ་བའི་དོན་
ཏོ། །འདོན་པ་འདི་ཡང་ཆེན་མོ་རྣམས་ཀྱི་འདོན་པ་ལས་མདོར་བསྡུས་ནས་མངོན་རྟོགས་དང་སྦྱར་བའི་དོན་དུ་བྱས་པ་སྟེ་དེ་ཡང་སྔོན་གྱི་པོ་ཏི་རྣམས་ལ་མི་སྲིད་པ་དྲང་སྲོང་གི་མ་ཡིན་པ་ཉིད་དོ། །དྲང་སྲོང་གི་མ་ཡིན་པའི་བརྗོད་པ་མདོར་བསྡུས་པ་ཉིད་དུ་ལེགས་པར་ཤེས་སོ། །མདོ་འདི་ལ་སྟོང་
པ་ཉིད་བཅུ་དྲུག་བློ་ནས་འདོན་པའོ། །དབྱེ་བ་རྣམ་པ་བཅུ་དྲུག་ནི། །རིམ་པ་ཇི་ལྟར་སྟོང་ཉིད་ལ། །བརྒྱད་སྟོང་པ་ལས་དེ་བསྟན་པ། །བསྟན་པ་གཞན་དུ་འང་ཤེས་པར་བྱ། །ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྟན་པ་ཡང་མདོ་འདི་
མཐོང་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་ནི་གང་དུ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་མ་འབྲེལ་པ་ཞེས་བྱ་བའོ། །མཐའ་ཡས་པ་ལ་སོགས་པའི་རྣམ་པ་འདི་རྣམས་ཀྱིས་བསྟོད་པ་ཡིན་པ་དེ་བས་ན་བསྟོད་པའི་མཐའི་ལེའུ་སྟེ་ལེའུ་དགུ་པའོ།། །།ད་ནི་ཤིན་ཏུ་རྙེད་པར་དཀའ་བའི་
བཅོམ་ལྡན་འདས་མའི་ཐོས་པ་ལ་སོགས་པ་ལ་རིམ་པ་བསམ་པར་བྱེད་ཅིང་ཞེས་བསྟན་པར་བྱེད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བརྒྱུད་པ་ལ་ཐོག་མ་མེད་པ་ཉིད་ཀྱི་ཕྱིར་སྔོན་གྱི་སངས་
རྒྱས་རྣམས་ལ་བྱས་པར་འགྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དེས་ན་ད་ལྟར་བྱུང་བ་ཉིད་དེ་རྣམས་ཀྱི་ཐོས་པ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་དང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་
པའོ། །ལྟ་ཅི་སྨོས་ཏེ་ཞེས་བྱ་བ་ནི་རྣ་ལམ་དུ་སྣང་བ་ཡང་རེ་ཞིག་མང་བར་རློམ་སེམས་སུ་བྱེད་དོ། །དེ་བཞིན་ཉིད་དུ་སློབ་པ་ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །དེ་བཞིན་ཉིད་དུ་སྒྲུབ་པ་ཞེས་བྱ་བ་ནི་ལྷག་མཐོང་གིས་སོ། །རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བ་ནི་གཉི་ག་དག་གིས་སོ། །
Vol. 94 · folio 164a
ངན་ངོན་ཙམ་དང་ལྡན་པར་མི་འགྱུར་རོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲི་བ་ལ་སོགས་པ་དང་བྲལ་བ་ཉུང་བ་སྟེ་རྫོགས་པའི་སངས་རྒྱས་ཀྱི་རྟེན་ཡིན་པའི་ཕྱིར་དང་རང་དང་རྗེས་སུ་མཐུན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣ་ལམ་དུ་སྣང་བ་ཙམ་
གྱི་འབྲས་བུ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དྲི་བ་ཁྱད་པར་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྒྲུབ་པའི་འབྲས་བུ་ཅན་ཞེས་གསུངས་པ་ནི། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་ཞེས་བྱ་བ་སྟེ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་
པ་ཞེས་བྱ་བ་ནི་བསྙེན་བཀུར་བྱ་བ་འདི་ལ་ཡོད་པས་ཞེས་བསྡུ་བའོ། །ཡོངས་སུ་ཞུས་ཤིང་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་ཇི་ལྟར་ཞེས་རང་གི་ངོ་བོ་ཙམ་གྱིས་ཡོངས་སུ་དྲིས་པར་བྱས་པ་དེའི་འཐད་པ་གཏོང་བས་ཡོངས་སུ་ཞུས་པར་བྱས་པའོ། །
ཐེ་ཚོམ་གྱི་གནས་ཐམས་ཅད་ཞུས་པ་ལན་གྱི་སྒོ་ནས་ཡོངས་སུ་དྲིས་པར་བྱས་པ་ཞེས་བྱ་བ་ནི་གཞན་དག་གོ། །རིག་པར་བྱའོ་ཞེས་བྱ་བ་ནི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པས་དེ་དང་མི་སྐྲག་པ་ལ་སོགས་པས་ད་ལྟར་བྱུང་བའི་སྐྱེ་བ་
ལ་ཡང་དག་པར་བྱུང་བའི་འབྲས་བུས་སྐྱེ་བ་གཞན་དུ་བྱས་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱ་བ་ལ་སོགས་པས་རང་གི་རྒྱུའི་ཕུན་སུམ་ཚོགས་པ་སྟོན་པའི་ཕྱིར་རོ། །འདི་བསྟན་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གང་རྣམ་པ་ཇི་ལྟར་བཤད་པའི་རྒྱུ་
དེ་དང་ཕྱིན་ཅི་ལོག་པའི་རྒྱུ་ཡང་དག་པར་བླངས་པ་དེ་རྣམས་སྤོང་བར་འགྱུར་ཞེས་གསུངས་པ་ནི། བཅོམ་ལྡན་འདས་ཡང་གང་དག་ཅེས་བྱ་བ་ལ་སོགས་པ་སྟེ། འདུན་པ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་གཞུང་དང་དོན་ལ་ཉན་པར་འདོད་པ་ནི་འདུན་པ་སྟེ། དེ་བཞིན་གཤེགས་པས་
གསུངས་པའི་ཕྱིར་རོ། །དད་པ་ནི་ཡིད་ཆེས་པའོ། །སྲིད་པ་ནི་གཏོང་བའི་ཕྱིར་འདོད་པ་མ་ཡིན་པའོ། །དང་བ་ནི་སེམས་ལ་ཐེ་ཚོམ་ལ་སོགས་པའི་དྲི་མ་རྣམས་ཀྱི་རྙོག་པ་མེད་པའོ། །བཟོད་པ་ནི་བཟུང་བར་འདོད་པའོ། །བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བ་སྐྱེད་པའོ། །བག་མཆིས་པ་
Vol. 94 · folio 164b
ནི་བར་ཆད་བྱེད་པ་ལེ་ལོ་ལ་སོགས་པ་རྣམས་ཀྱི་གཉེན་པོ་ནི་བག་མཆིས་པའོ། །མོས་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཚིག་རྣམས་ཀྱིས་ངེས་པར་བྱས་པའི་དངོས་པོ་ལ་དེ་དེ་བཞིན་ཞེས་རྗེས་སུ་འཛིན་པའོ། །དེ་ལ་ངོ་མཚར་ཅི་ཞིག་ཡོད་ཅེས་བྱ་བ་ནི་གང་ཞིག་འདི་
ལ་མོས་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལྟར་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དག་ལ་ཕན་ཚུན་དུ་རྒྱུ་ཉིད་དུ་རྣམ་པར་ངེས་པས་འདི་ལ་ཕྱག་འཚལ་ཏེ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་
འདས་ཀྱིས་ཉེ་བར་བསྟན་པའི་རྗེས་ལ་བརྒྱ་བྱིན་གྱིས་སྒྲུབ་པ་ཉན་པ་པོ་རྣམས་ལ་སྤྲོ་བ་བསྐྱེད་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་གཞན་དུ་ན་དེ་ལྟ་བུའི་ཟབ་པའི་ཆོས་ཉིད་ཀྱི་ཉེ་བར་བསྟན་པའི་བསམ་པ་ལ་མི་འཇུག་པའི་ཕྱིར་
གཟུགས་ལ་མི་གནས་པ་དེ་ལྟར་ན་གཟུགས་སོ་ཞེས་མི་གནས་པ་དེ་ལྟར་ན་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཆོས་གང་ལ་ཡང་མི་གནས་པ་
དེའི་ཕྱིར་མི་གནས་པ་ཉིད་དེའི་ཚུལ་ཐོབ་པ་ཞེས་བརྗོད་དོ། །དེ་ལ་གཟུགས་ཞེས་བྱ་བ་ནི་ད་ལྟར་བརྟེན་གྱི་ངོ་བོར་གྱུར་པ་ལ་གཟུགས་མི་གནས་པ་དེའི་ཕྱིར་ད་ལྟར་མེད་པར་གྱུར་པ་འདས་པ་དང་མ་འོངས་པ་ལ་གནས་པ་མེད་དོ། །གཟུགས་སོ་ཞེས་མི་སྦྱོར་ཞེས་བྱ་བ་ནི་གང་གི་ཚེ་
བརྗོད་པ་དང་བཅས་པའི་ཤེས་པས་གཟུགས་ཞེས་བྱ་བ་རྟོགས་པ་མ་ཡིན་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ། །སྔར་ནི་གནས་སེལ་བ་དང་འདིར་ནི་སྒྲུབ་པ་སེལ་བ་ཞེས་བྱ་བ་ཁྱད་པར་རོ། །གཟུགས་སོ་ཞེས་མི་གནས་པ་ཡིན་ནོ་ཞེས་བྱ་བ་ནི་སྔར་གྱི་རྗེས་
སུ་བརྗོད་པའོ། །དེ་བཞིན་དུ་ཚོར་བ་དང་ཞེས་བྱ་བ་ནི་གཉི་ག་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པ་ཡིན་ནོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་གནས་པ་མེད་པ་ཉིད་གནས་པ་དང་རྣལ་འབྱོར་དུ་བྱེད་པ་ཉིད་རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཤེས་
Vol. 94 · folio 165a
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཟབ་པའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ནི་ཟབ་པའི་ཕྱིར་ཞེས་བྱ་བའི་དགོངས་པའོ། །གཏིང་དཔག་དཀའ་བའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལ་གཏིང་དཔག་དཀའ་བ་ཉིད་དེ་དེ་ཡང་བསམ་པ་དང་ཤེས་
རབ་དམན་པ་རྣམས་ཀྱིས་གཟུང་བར་བྱ་བར་མི་ནུས་པའི་ཕྱིར་རོ། །གཟུང་བར་དཀའ་བ་ལ་ཡང་མཚན་མ་གང་གིས་ཀྱང་དེའི་རང་གི་ངོ་བོ་ཉེ་བར་མཚོན་པར་བྱེད་མི་ནུས་པའི་ཕྱིར་རོ། །ཚད་མ་མཆིས་པ་ཞེས་བྱ་བ་ནི་ཕྱོགས་དང་དུས་ལ་སོགས་པའི་དབྱེ་བས་གཞལ་བར་མི་ནུས་པའི་ཕྱིར་རོ། །
ཟབ་པ་འདི་ནི་ཡོད་མོད་འོན་ཀྱང་འདི་ཡང་མཚན་མར་བྱ་བ་མ་ཡིན་ནོ། །གཞན་དུ་ན་ཟབ་པ་ཉིད་དུ་མི་འགྱུར་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མི་གནས་ཏེ་ཞེས་བྱ་བ་སྟེ་མངོན་པར་ཞེན་པར་མི་བྱེད་པའོ། །དེ་ལྟར་ཡང་དག་པར་སྦྱོར་བར་བྱེད་པ་ཞེས་བྱ་བ་ཡང་མཚན་མར་བྱ་བ་ལ་
མངོན་པར་ཞེན་པ་ཉིད་ཡོད་པར་འགྱུར་ཞེས་གསུངས་པ་ནི། ཤཱ་རིའི་བུ་འདི་ལྟར་གཟུགས་ཟབ་པོ་སྙམ་དུ་མི་གནས་པ་དེ་ལྟར་ན་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཡོད་ན་ཡང་བདེ་བླག་ཏུ་ཟབ་པ་ཉིད་དེ་དེ་ཡང་བསྲུང་བར་བྱ་བ་ཞེས་སྟོན་པར་བྱེད་
པ་ནི་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཟབ་པ་ཉིད་གཙོ་བོ་སྟེ་གཏིང་དཔག་དཀའ་བ་ལ་སོགས་པ་རྣམས་ལ་དེའི་ཡན་ལག་ཉིད་ཀྱིས་ཉེ་བར་དགོད་པ་ཞེས་བྱ་བའོ། །དེ་རྣམས་ཀྱིས་སླར་བརྗོད་པ་ནི་ལས་དང་པོ་པ་འགའ་ཞིག་ལ་བཅོམ་ལྡན་འདས་མ་བརྗོད་པ་ལྷག་
པར་མོས་པའི་རྒྱུ་ཡིན་པ་ཞེས་སྟོན་པར་བྱེད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ལུང་མ་བསྟན་པའི་མདུན་དུ་ཞེས་བྱ་བ་ནི་མངོན་སུམ་དུ་ལུང་བསྟན་པས་ལུང་བསྟན་པའི་ཕྱིར་མི་ལྡོག་པ་ཞེས་དགོངས་པའོ། །ཉེས་པ་ཅིར་འགྱུར་ཞེས་བྱ་བ་ནི་འགའ་ཞིག་ལ་ལྷག་པར་མོས་པ་ཡང་དག་པར་འབྱུང་བའི་
ཕྱིར་ཅི་ཞིག་བཤད་ཅེས་བྱ་བ་དགོངས་པའོ། །གཞན་ཡང་ཐེག་པ་ལ་གསར་དུ་ཞུགས་པའི་ལུང་མ་བསྟན་པ་འདོན་པ་ཡིན་ཏེ། དེ་ལ་ཡང་འདོད་པ་ལ་སོགས་པའི་སྐྱོན་འབྱུང་བས་འདི་མེད་པས་འདི་ཕྱིར་མི་ལྡོག་པ་དང་འདྲ་བས་འདི་ཞེས་གསུངས་པ་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་
Vol. 94 · folio 165b
ཞུགས་པ་ཞེས་བྱ་བ་སྟེ། སྔོན་གྱི་སྐྱེ་བའི་བརྒྱུད་པ་ལ་ལྟོས་ནས་གསར་དུ་ཞུགས་པའི་འདི་ལྟ་བུའི་ཡོན་ཏན་འབྱུང་བས་ཞེས་བྱ་བའི་དོན་ཏོ། །འདི་ནི་དེ་ལྟ་བུའི་ཡོན་ཏན་ཉེ་བ་ལ་དངོས་སུ་ལུང་བསྟན་པས་ཕྱིར་མི་ལྡོག་པ་ཉིད་ཅེས་གསུངས་པ་ནི་འདི་ལས་ནི་ད་རིང་པོར་མི་ཐོགས་པར་ཞེས་བྱ་བ་ལ་
སོགས་པ་དང་། འདི་ཉིད་གསུངས་པ་ནི་བསྙེན་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་གཅིག་གམ་གཉིས་སམ་གསུམ་ལས་མི་འདའ་སྟེ། ཕྱིས་ལུང་བསྟན་པ་སོ་སོར་ཐོབ་པར་འགྱུར་ཞེས་བྱ་བ་དེ་ལྟར་ནི་མ་ཡིན་ཏེ་འོན་ཀྱང་དེ་རྣམས་ཉིད་ལས་ཞེས་བྱ་བའི་དོན་ཏོ། །གཅིག་
གམ་གཉིས་སམ་གསུམ་ལས་ཞེས་བྱ་བ་འགའ་ཞིག་ཏུ་དགག་ཚིག་གིས་སྟོང་པའི་འདོན་པའོ། །དེར་གཅིག་དང་གཉིས་དང་དེ་བཞིན་གཤེགས་པ་གསུམ་ལས་མི་འདའ་བ་ཉིད་དུ་ཉེ་བའོ། །བརྙེས་པར་བྱེད་པར་འགྱུར་ཏེ་ཞེས་བྱ་བ་ནི་ཐོབ་པར་འགྱུར་བའོ། །ཐུགས་འབྱུང་བར་བྱེད་པར་མི་
འགྱུར་ཞེས་བྱ་བ་ནི་མཉེས་པར་འགྱུར་བའོ། །དེ་བཞིན་གཤེགས་པ་མཐོང་བ་ན་ཡང་ལུང་བསྟན་པས་འབྲས་བུ་ཡོད་པར་བྱེད་པར་འགྱུར་ཞེས་བྱ་བ་ནི་མཐོང་བ་དོན་ཡོད་པ་ཉིད་འདིར་བསྒྲུབ་པར་བྱ་བ་སྟེ། ངེས་པར་ལུང་བསྟན་པ་ཐོབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་མཐོང་བ་
དེ་ལས་ཀྱང་ཞེས་བྱ་བ་ནི་འདིའི་རྗེས་ལ་ཇི་སྲིད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་བ་དེ་སྲིད་དུ་དོན་ཡོད་པར་བྱེད་པར་འགྱུར་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་མཐོང་བ་དང་ཕྱག་འཚལ་བ་དང་བསྙེན་བཀུར་བྱ་བ་དང་རིམ་གྲོ་བྱ་བ་ནས་ཇི་སྲིད་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བའོ། །རྒྱང་རིང་པོ་ནས་མཆིས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་བསྙེན་པ་ལ་བརྟེན་པའི་སྐྱེ་བའི་བརྒྱུད་པ་ལས་སོ། །འདི་ཉིད་ནི་བཅོམ་ལྡན་འདས་ཀྱིས་བསྟན་པར་མཛད་པ་ནི་དེ་དེ་བཞིན་ནོ་
ཞེས་བྱ་བ་སྟེ། འདི་ལྟ་བུར་གྱུར་པའི་སྦྱོར་བ་འདི་ལ་ལུང་བསྟན་པའི་འབྲས་བུ་ཉིད་དཔེས་བསྟན་པའི་དོན་དུའོ། །འདི་ལྟ་བུར་གྱུར་པའི་མཚན་མ་རྣམས་དེ་དང་ལྡན་པ་རྣམས་ལ་ཡང་དག་པར་དགའ་བ་བསྐྱེད་པའི་དོན་དུ་བྱང་ཆུབ་མཚོན་པར་བྱེད་པ་ཞེས་བསྟན་པའི་ཕྱིར་གནས་བརྟན་ཤཱ་རིའི་
Vol. 94 · folio 166a
བུས་གསུངས་པ་ནི་དཔེར་གསོལ་བར་བདག་སྤོབས་སོ་ཞེས་བྱ་བ་སྟེ། ཉེ་བར་གནས་ན་ཞེས་བྱ་བ་ནི་ཡང་དག་པར་གནས་པའོ། །སྐྱེ་བར་འགྱུར་ཞེས་བྱ་བ་ནི་འགའ་ཞིག་ཏུ་འདོན་པ་སྟེ། ཕལ་ཆེར་ནི་ཕལ་ཆེ་བའོ། །མི་མཐུན་པར་འགྱུར་ཞིང་ཞེས་བྱ་བ་ནི་རྒྱབ་ཏུ་ཕྱོགས་པའོ། །
ལྡོག་པར་འགྱུར་རོ་ཞེས་བྱ་བ་ནི་ལྡོག་པར་འགྱུར་བའོ། །རབ་ཏུ་མི་འཇུག་ཅིང་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་སྦྱོར་བས་སྦྱར་བའོ། །རབ་ཏུ་དད་པར་མི་འགྱུར་ཞེས་བྱ་བ་ནི་བདེ་བ་དང་ལེ་ལོས་སོ། །དཔག་ཚད་བརྒྱའི་ཚད་འདི་ལ་ཡོད་པས་དཔག་ཚད་བརྒྱ་པའོ། །དཔག་ཚད་
བརྒྱའི་དོན་ནི་ཐ་ནའོ། །གྲོང་ཞེས་བྱ་བ་ནི་ཞིང་པས་རབ་ཏུ་རྒྱས་པ་དང་ར་བ་ལ་སོགས་པ་དང་བྲལ་བའོ། །གྲོང་ཁྱེར་ཞེས་བྱ་བ་ནི་ཕྱུག་པ་མང་བའི་སྐྱེ་བོའི་ཚོགས་མང་པོའི་རྟེན་ནོ། །གྲོང་རྡལ་ནི་གྲོང་བས་ལྷག་པའོ། །འདུན་ཁང་ནི་ཕལ་ཆེར་ཚོང་པ་རྣམས་ཀྱི་གནས་སོ། །གནས་
འདི་ལ་ཞེས་བྱ་བ་སྟེ། ཡང་དག་པར་འོས་པའི་དཔེ་གཞན་གྱིས་ཀྱང་གདུལ་བྱ་རྣམས་ལ་བསྟན་པའི་དོན་དུ་ཉེ་བར་ལུང་བསྟན་པའི་འབྲས་བུ་བརྗོད་པའོ། །སྡོང་པོ་ནི་ཤིང་ངོ་། །ཤིང་དང་རི་དྭགས་ཀྱི་མཚན་མ་ནི་དེའི་རྩེ་མོ་ལ་སོགས་པའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་གལ་ཏེ་ཡང་
ཞེས་བྱ་བའི་དོན་ཏོ། །མཐར་ཐུག་པ་ཞེས་བྱ་བ་ནི་ངེས་པའོ། །འགྲོའོ་ཞེས་བྱ་བ་ནི་ཐོབ་པའོ། །སླར་ཞེས་བྱ་བ་ནི་སླར་རོ། །བདག་གིས་བསྙེན་ཏེ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ཉེ་བའི་མཚན་མ་མཐོང་བའི་ཕྱིར་རོ། །ལྷགས་པ་ནི་བྲུལ་བའོ། །ལོ་མ་རྙིང་པ་རྣམས་ནི་འདབ་
མ་རྙིང་པ་གང་ལ་ཡོད་པ་དེ་དེ་ལྟར་བརྗོད་པའོ། །སྦྲུམ་མ་ནི་མངལ་ལྕི་བར་གྱུར་པའོ། །དཔེར་ན་པཀྵི་ཎི་ནི་བྱ་མོ་སྟེ་བྷི་ཀྵུ་ཎི་ནི་དགེ་སློང་མ་ལྟ་བུའོ། །བསྐྱོད་ན་ནི་རལ་བར་འགྱུར་བའོ། །སྙོམས་པར་འགྱུར་བ་ནི་གླལ་བའོ། །ལུས་ཉོན་མོངས་པ་ནི་ལུས་ལ་གནོད་པའོ། །
སྨྲ་བ་ཉིད་ནི་སྨྲ་བ་འམ་སྨྲ་བར་གྱུར་པའོ། །སྟོབས་ནི་སྟོབས་སོ། །སྡུག་བསྔལ་ནི་གཟེར་བའོ། །འགྲོགས་པ་ལ་དད་ཆེ་བར་མི་འགྱུར་བ་ཞེས་བྱ་བ་ནི་སྐྱེས་པ་དང་ཡང་དག་པར་སྦྱོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །ཅིའི་ཕྱིར་འགྲོགས་པ་ལ་དད་ཆེ་བར་མི་འགྱུར་ཞེ་ན།
Vol. 94 · folio 166b
གསུངས་པ་ནི་སྔོན་གྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བགྱིད་པས་འདོད་ཆགས་ཀྱི་རྒྱུ་ལ་ཀུན་ཏུ་རྟོག་པའོ། །བསྟེན་པ་ནི་དེ་བསྐྱེད་པའི་ཕྱིར་རོ། །ངེས་པར་བསྟེན་པ་ནི་འདོད་ཆགས་བསྐྱེད་པའི་ཕྱིར་རོ། །བསྒོམས་པ་ནི་ཡང་དག་པར་སྦྱོར་བས་སོ། །མང་དུ་བྱས་པ་ནི་ཡང་དང་ཡང་དུ་
ཡང་དག་པར་སྦྱོར་བའི་ཕྱིར་རོ། །འཚལ་བར་བགྱི་ཞེས་བྱ་བ་ནི་བུ་འབྱུང་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་ཏུ་ནི་བུ་འབྱུང་བར་འགྱུར་ཞེས་བྱ་བ་ཙམ་འདོན་པ་ཡིན་ནོ། །དེ་ལ་དགའ་ཞིང་ཞེས་བྱ་བ་ནི་རབ་ཏུ་དགའ་བའོ། །བཅོམ་ལྡན་འདས་ཀྱིས་རྗེས་སུ་རློམ་སེམས་སུ་མཛད་ཅིང་
གསུངས་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་སྟེ། ངོ་མཚར་ཏོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ངོ་མཚར་བ་ནི་ཅི་ཞིག་ཅེ་ན། གསུངས་པ་ནི་འདི་དག་ཅེས་བྱ་བ་ལ་སོགས་པ་སྟེ། ཉན་ཐོས་རྣམས་ཀྱང་དེ་བཞིན་གཤེགས་པས་ལེགས་པར་ཡོངས་སུ་བཟུང་བ་དང་ལེགས་པར་སྦྱངས་པ་དང་ལེགས་པར་
ཡོངས་སུ་གཏད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ལེགས་པར་ཡོངས་སུ་བཟུང་བ་དང་ཇི་སྲིད་དུ་ལེགས་པར་ཡོངས་སུ་གཏད་པ་དེ་ནི་འདིར་ངོ་མཚར་བའི་གནས་སོ། །ཁྱད་པར་དུ་འགྲོ་བའི་དོན་ལ་འཇུག་པའི་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཤིན་ཏུ་ཡང་
ཁྱད་པར་རོ། །དེ་ལ་ལེགས་པར་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་རྗེས་སུ་གཟུང་བའི་ཕྱིར་ཡང་དག་པར་བདག་ཏུ་བྱས་པའོ། །ལེགས་པར་སྦྱངས་པ་ཞེས་བྱ་བ་ནི་བདག་ཉིད་ལ་ལུང་བསྟན་པའི་མཚན་མ་མཐོང་བ་རྣམས་ལ་རབ་ཏུ་དགའ་བ་ཡང་དག་པར་བསྐྱེད་པའི་དོན་དུ་ཆོས་སྟོན་པས་སོ། །ལེགས་
པར་ཡོངས་སུ་གཏད་པ་ཞེས་བྱ་བ་ནི་ཁྱེད་ཅག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་རྗེས་སུ་གཟུད་པར་བྱའོ་ཞེས་ཉན་ཐོས་ལ་སོགས་པ་རྣམས་ལ་དཀའ་བ་རབ་ཏུ་འཇིག་པའི་ཕྱིར་རོ། །ཡོངས་སུ་གཏད་པ་ནི་ཐོབ་པ་དང་མ་ཐོབ་པའི་ཡོན་ཏན་མི་ཉམས་པའི་རྒྱུ་དགེ་བའི་བཤེས་གཉེན་ལ་ཉེ་བར་
དགོང་པའི་དོན་དུ་འགའ་ཞིག་ཏུ་ལེགས་པར་ཡོངས་སུ་གཏད་པ་ཞེས་ཚིག་གཅིག་ཉིད་དུ་འདོན་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྗེས་སུ་བཟུང་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བས་ལྷག་པར་གནས་པའི་ཕྱིར་ཐམས་ཅད་དུ་སེམས་མཉམ་པ་ཉིད་
Vol. 94 · folio 167a
འདིས་ཉེ་བར་བསགས་པ་སྟོན་པར་བྱེད་པ་ནི་རབ་འབྱོར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་རྣམ་པ་གསུམ་ལས་ཉེས་པར་སྤྱོད་པ་མང་བའི་སེམས་ཅན་ལ་དམིགས་པ་དང་། སྡུག་བསྔལ་དང་ལྡན་པའི་སེམས་ཅན་
ལ་དམིགས་པ་དང་། རྐྱེན་མ་ཚང་བས་རྣམ་པར་མ་གྲོལ་བའི་སེམས་ཅན་ལ་དམིགས་པའོ། །སྐྱེ་བོ་མང་པོ་ལ་ཕན་པ་དང་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་དང་རྣམ་པར་དབེན་པ་ལ་ཕྱི་མའི་བདེ་བ་ཉིད་ཀྱིས་ཕན་པའི་ཕྱིར་རོ། །སྡུག་བསྔལ་དང་ལྡན་པའི་སེམས་ཅན་ལ་ལྟོས་པས་གསུངས་
པ་ནི་སྐྱེ་བོ་མང་པོ་ལ་བདེ་བ་དང་ཞེས་བྱ་བ་སྟེ། སྡུག་བསྔལ་བསལ་བས་དེ་རྣམས་ལ་བདེ་བ་ཉེ་བར་སྡུད་པའི་ཕྱིར་རོ། །རྣམ་པར་མ་གྲོལ་བའི་སེམས་ཅན་ལ་ལྟོས་ནས་གསུངས་པ་ནི་འཇིག་རྟེན་ལ་སྙིང་བརྩེ་བ་དང་ཞེས་བྱ་བ་སྟེ། དེ་ལ་འཇིག་རྟེན་ལ་སྙིང་བརྩེ་བ་ཞེས་བྱ་བ་ནི་མདོར་
བསྟན་པའོ། །སྐྱེ་བོ་ཕལ་པོ་ཆེའི་དོན་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །དེ་ལ་ཡང་དོན་དང་ཞེས་བྱ་བ་ནི་དོན་ནི་དགོས་པ་སྟེ། དེའི་ཕྱིར་རོ། །དོན་གྱི་ཁྱད་པར་དུ་བྱས་ནས་གསུངས་པ་ནི་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ནི་དེ་ལ་ཕན་པ་ནི་མྱ་ངན་ལས་འདས་པ་ཉིད་དེ་དུས་ཐམས་ཅད་དུ་སྨན་
ཡིན་པའི་ཕྱིར་རོ། །བདེ་བ་ནི་གཏན་དུ་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རྣམ་པར་གྲོལ་བའི་བདེ་བ་ལ་ལྷ་དང་མི་རྣམས་ཉིད་སྣོད་ཡིན་ཞེས་གསུངས་པ་ནི་ལྷ་དང་མི་རྣམས་ཞེས་བྱ་བ་སྟེ། སྙིང་རྗེ་རྣམ་པ་གསུམ་ཡང་ཉེ་བར་བསྡུས་ནས་བསྟན་པར་བྱེད་དེ། སྙིང་བརྩེ་བ་ནས་
ཇི་སྲིད་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཞེས་བྱ་བ་སྟེ། སྙིང་རྗེ་རྣམ་པ་གསུམ་གྱི་འབྲས་བུ་སྒྲུབ་པའི་རྒྱུ་གཏན་དུ་གསུངས་པ་ནི་ཆོས་སྟོན་པར་འདོད་པའོ་ཞེས་བྱ་བའོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་པའི་དོན་སྒྲུབ་པ་ཐམས་ཅད་འདི་གནས་
བརྟན་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བ་མཐོང་ཞིང་འདྲི་བར་བྱེད་པ་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པ་ནི་འཕེལ་བ་སྟེ། གཟུགས་ལ་
Vol. 94 · folio 167b
སོགས་པ་རྣམས་འཕེལ་བ་དང་འགྲིབ་པ་མེད་པ་མཐོང་བ་དང་ཆོས་རྣམས་མ་མཐོང་བ་ནི་རྟགས་སོ། །གཟུགས་ཀྱི་འཕེལ་བ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་བདག་ཉིད་ཡོངས་སུ་གྲུབ་པའི་གཟུགས་ཀྱི་འཕེལ་བ་རབ་ཏུ་འགྲོ་བ་ཉིད་དོ། །གཟུགས་ཀྱི་འགྲིབ་པ་ཞེས་བྱ་བ་ནི་ཀུན་དུ་བརྟགས་པ་དང་
གཞན་དབང་གི་གཟུགས་ཀྱི་ཀུན་ནས་ཉོན་མོངས་པའི་ཆོས་འགྲིབ་པའི་རིམ་གྱིས་སྲབ་པ་ཉིད་དོ། །ཆོས་ཞེས་བྱ་བ་ནི་ཀུན་བརྟགས་དང་གཞན་དབང་གི་ངོ་བོ་ཉིད་མི་མཐོང་བ་སྟེ་མེད་པའི་ཕྱིར་རོ། །ཆོས་མ་ཡིན་པ་ཞེས་བྱ་བ་ནི་གཉིས་མེད་པའི་ངོ་བོ་ཡོངས་སུ་གྲུབ་པའི་ཆོས་ཀྱང་ཡང་དག་པར་
རྗེས་སུ་མི་མཐོང་སྟེ། གཟུང་བ་དང་འཛིན་པའི་ངོ་བོ་མཉམ་པས་མཉམ་པ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ངོ་བོའི་ཡེ་ཤེས་སྤངས་ནས་གཞན་གྱིས་མི་མཐོང་བའི་ཕྱིར་རོ། །སླར་བསམ་པར་བྱ་བ་མ་ཡིན་པའི་སྒྲུབ་པ་དང་བསམ་པར་བྱ་བ་མ་ཡིན་པའི་རྣམ་པར་རྟོག་པ་མི་འཇུག་པ་
བསྒོམ་པ་ཡོངས་སུ་རྫོགས་པ་ལ་རྟགས་ནི་གཟུགས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་སྟེ། མཐའ་གཅིག་ཏུ་ཡོད་ཅེས་བྱ་བ་དང་། མེད་ཅེས་བྱ་བ་ཡང་བསམ་པར་ནུས་པ་མ་ཡིན་པས་ན་བསམ་གྱིས་མི་ཁྱབ་པའོ། །དེ་ལ་ཀུན་བརྟགས་ཀྱི་གཟུགས་ནི་ཤིན་ཏུ་མེད་པའི་ངོ་བོ་ཡང་ཡོད་པ་ཉིད་དུ་
གཟུང་བ་སྟེ། དེས་ན་ཡོད་པ་ཞེས་བྱ་བའམ་མེད་པ་ཞེས་བྱ་བ་རྣམ་པར་གཞག་པར་ནུས་པ་མ་ཡིན་ནོ། །གཞན་དབང་གི་གཟུགས་ནི་འཁྲུལ་པའི་ངོ་བོར་ཡོད་པ་སྟེ། དེ་ཡང་ཇི་ལྟར་རིག་པ་དེ་ལྟར་ཡོད་པ་མ་ཡིན་ནོ། །ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ཡང་མ་ཡིན་ཏེ། འཁྲུལ་པ་ཙམ་དུ་ཡོད་པའི་
ཕྱིར་རོ། །དེ་ནི་ཡོད་པ་ཞེས་བྱ་བའམ་མེད་པ་ཞེས་བྱ་བར་རྣམ་པར་གཞག་པར་མི་ནུས་སོ། །ཡོངས་སུ་གྲུབ་པའི་གཟུགས་ཀྱང་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཡོད་པ་ཁོ་ན་སྟེ་རང་ཉིད་ཀྱིས་གཉིས་སུ་མེད་པའི་ངོ་བོའོ། །དེ་བས་ན་དེ་ཡང་ཡོད་པ་ཞེས་བྱ་བའམ་མེད་པ་ཞེས་བྱ་བ་རྣམ་པར་གཞག་
པར་མི་ནུས་སོ། །གཟུགས་བསམ་གྱིས་མི་ཁྱབ་པ་ལ་ཡང་དམིགས་པས་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་གསུངས་པ་ནི་གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་ཡང་མི་ཤེས་ན་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྟགས་གཞན་ཡང་ཆོས་ཐམས་ཅད་
Vol. 94 · folio 168a
ལ་མི་རྟོག་པ་ཞེས་བྱ་བའོ། །དེ་བཤད་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་གྱུར་པ་དེ་ཞེས་བྱ་བ་སྟེ། ཡུན་རིང་པོར་གང་ཞིག་རྣམ་པར་མི་རྟོག་
པའི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་ནི་སྤྱོད་པའོ། །དེ་བསྲུང་བའི་དོན་དུ་ངང་ཚུལ་འདི་ལ་སྤྱོད་པ་ན། ཡུན་རིང་པོར་སྤྱད་པར་གྱུར་པའོ། །རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་འབྲས་བུ་འདི་ཉིད་དེ། གང་ཞིག་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་
ཞེས་བྱ་བའོ། །འདི་ཉིད་གསུངས་པ་ནི་སྟོབས་རྣམས་ལ་མི་རྟོག་པ་ཞེས་བྱ་བ་སྟེ། ཀུན་ནས་ཉོན་མོངས་པའི་གཟུགས་ལ་སོགས་པ་ལྟ་ཞོག་གི་གང་ཞིག་ཡང་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་སྟོབས་ལ་སོགས་པ་དེ་རྣམས་ཀྱང་མི་རྟོག་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཀུན་བརྟགས་
དང་གཞན་དབང་གི་ངོ་བོ་རྣམ་པར་བསལ་བས་དེ་རྣམས་རྣམ་པར་རྟོག་པ་དང་། སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་སྟོང་པ་ཉིད་ཙམ་དུ་སྣང་བའི་ཕྱིར་རོ། །འདི་ལ་རྒྱུ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་སྟེ། དེ་ལྟར་སྤྱོད་པར་གྱུར་པའི་ཞེས་བརྗོད་དེ་གསར་དུ་སྤྱོད་པར་བྱེད་པ་ལ་འདི་ལྟ་བུའི་
ལྷག་པར་མོས་པ་མི་བཟོད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ་ཞེས་བྱ་བ་སྟེ། གཟུགས་ལ་སོགས་པ་རྣམས་ཉིད་ལ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གཟུང་བར་དཀའ་བའི་ཕྱིར་བཅོམ་ལྡན་འདས་མ་ཟབ་པའོ། །རིན་པོ་ཆེའི་ཕུང་པོ་ཞེས་བྱ་བ་ནི་སངས་
རྒྱས་ཀྱི་ཆོས་གཞལ་དུ་མེད་པ་བསྐྱེད་པ་ལས་ཡིན་པའི་ཕྱིར་རོ། །དགེ་བའི་ཕུང་པོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོས་ཆོས་རྣམས་ཐམས་ཅད་ལ་ནམ་མཁའ་ལྟར་རྣམ་པར་དག་པ་མཐོང་བའི་ཕྱིར་རོ། །བར་ཆད་བགྱིད་པ་མང་པོ་འབྱུང་བ་འདི་ནི་ངོ་མཚར་ཏོ་ཞེས་བྱ་བ་ནི་ལེགས་པ་བགེགས་
ནི་མང་བ་ཅན་ཞེས་བྱ་བས་གང་ཞིག་བར་ཆད་མི་འབྱུང་བ་དེ་ནི་ངོ་མཚར་ཏོ། །འགའ་ཞིག་ཏུ་བཅོམ་ལྡན་འདས་བར་ཆད་མང་ངོ་ཞེས་བྱ་བའི་དགག་ཚིག་གིས་སྟོང་པའི་འདོན་པ་སྟེ། དེར་བར་ཆད་ཀྱི་གཉེན་པོར་གྱུར་པ་འདི་སྒྲུབ་པ་ལ་བར་ཆད་ཡང་དག་པར་འབྱུང་བ་ནི་ངོ་མཚར་ཏོ། །དེ་དེ་བཞིན་ཏེ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words