འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པའི་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) ཨཱརྱ་སཔྟ་ཤ་ཏ་ཀཱ་པྲཛྙཱ་པཱ་ར་མི་ཏ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 95 · folio 62b

བརྟེན་པ་མ་མཆིས་པའོ། །ཡེ་ཤེས་དེ་ནི་མ་བསྐྱེད་པའོ་ཞེས་བྱ་བ་ནི་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་དེ་དག་གིས་ནི་སྐྱེ་བཞིན་པ་མ་འོངས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་སྐྱེད་པར་བྱེད་པ་ཡིན་ལ། དེ་འགོག་པར་བྱེད་པ་ནི་མ་བསྐྱེད་པའོ་ཞེས་བྱ་བ་ཡིན་ནོ། །

ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུའི་དབང་དུ་བྱས་ནས། མ་ཐོབ་པའོ་ཞེས་གསུངས་ཏེ། འགག་བཞིན་པ་དང་ད་ལྟར་བྱུང་བ་འགག་པ་ལ། མངོན་དུ་ཕྱོགས་པ་དག་ལ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དེ་གཉིས་ཀྱིས་འབྲས་བུ་ཐོབ་པར་བྱེད་པ་ཡིན་ན་

དེ་མེད་པའི་ཕྱིར་མ་ཐོབ་པའོ། །བྱེད་རྒྱུ་ནི་བདག་པོའི་རྐྱེན་ཡིན་ཏེ། དེ་ཡང་འདིས་བྱས་ཀྱི་དངོས་པོ་ཐམས་ཅད་དོ། །འདུས་བྱེད་པ་ནི་གནས་སྐབས་ཐམས་ཅད་དུ་བྱེད་པས་རྣམ་པ་མང་ངོ་། །དེ་ལ་རྟེན་དུ་གྱུར་པ་རྣམས་ནི་ཡེ་ཤེས་དེ་ནི་བརྟེན་པ་མ་མཆིས་པའོ་ཞེས་བྱ་བ་དེར་བསྟན་ཟིན་ཏོ། །

དེ་ལས་གཞན་པའི་དབང་དུ་བྱས་ནས་སྐྱེ་བར་ཡང་མི་འགྱུར་བའོ་ཞེས་གསུངས་ཏེ། ཡང་གི་སྒྲས་ནི་མ་སྐྱེས་པ་དང་མི་སྐྱེ་བ་ཡང་བལྟ་བར་བྱའོ། །དེ་ཡང་གཏན་ཚིགས་གང་གིས་མངོན་ཞེ་ན། དེའི་ཕྱིར་གཏན་ཚིགས་སུ་ཡེ་ཤེས་དེ་ནི་ཡོན་ཏན་གྱིས་འདུས་བགྱིས་པའམ་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། འདི་ལྟར་ཡེ་ཤེས་དེ་ནི་ཡོན་ཏན་གྱིས་འདུས་བགྱིས་པ་མ་ལགས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མ་བསྒྲུབས་པའོ། །ཡོན་ཏན་མ་ལགས་པས་འདུས་བགྱིས་པ་མ་ལགས་ཞེས་བྱ་བ་ནི་ཡོན་ཏན་ལས་གཞན་པ་རྣམས་ཀྱིས་སྒྲིབ་པར་མི་བྱེད་པའི་ཚུལ་གྱིས་

འདུས་བྱས་མ་ཡིན་པའོ། །ཡོན་ཏན་དང་ཡོན་ཏན་མ་ཡིན་པ་གཉིས་ཀྱིས་ནི་འདུས་བྱས་ཐམས་ཅད་བསྡུས་པ་ཡིན་ཏེ། འདི་གཉིས་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཡོན་ཏན་དང་། ཡོན་ཏན་མ་ཡིན་པ་གཉིས་ཀྱིས་འདུས་མ་བྱས་པ་ཡིན་ན་འོ་ན་

ཇི་ལྟར་དེ་བཞིན་གཤེགས་པ་ཉིད་ཀྱི་ཡེ་ཤེས་ཐུན་མོང་མ་ཡིན་པ་ཡིན་ལ། གང་ཟག་གཞན་གྱི་མ་ཡིན། འདུས་མ་བྱས་པ་རྒྱུ་དང་མ་འབྲེལ་བ་ལ་མི་ལྟོས་པ་དག་ཅིའི་ཕྱིར་ཐུན་མོང་མ་ཡིན་པ་ཡིན་སྙམ་པ་དེའི་ཕྱིར། ཅིའི་སླད་དུ་ཞེ་ན་ཞེས་གསུངས་སོ། །འདིར་ལན་ནི་འདི་ལྟར་ཡེ་ཤེས་

Vol. 95 · folio 63a

དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ་ཞེས་བྱ་བ་ཡིན་ཏེ། འདི་བསམ་པ་དང་བྲལ་བས་བསམ་གྱིས་མི་ཁྱབ་པའོ། །བསམ་པ་སྒྲོ་བཏགས་པ་དང་བྲལ་བ་བསྟན་པའི་ཕྱིར། དེས་ན་ཡོན་ཏན་ནམ་ཡོན་ཏན་མ་ལགས་པས་ཀྱང་ཇི་སྐད་དུ་བསྟན་པར་བགྱིའོ་ཞེས་

གསུངས་ཏེ། གཏན་ཚིགས་དེས་སམ། ཡེ་ཤེས་དེས་ཡོན་ཏན་ནམ། ཡོན་ཏན་མ་ལགས་པས་འདུས་བྱས་ཉིད་དུ་ཇི་ལྟར་བསྟན་པར་བགྱི། གང་གི་སླད་དུ་ཡེ་ཤེས་དེ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་གཟུང་བ་མེད་པ་ཡིན་ན། གཞན་ཅི་ཞིག་བསམ་དུ་ཡོད་ཅེས་བྱ་བ་མ་ཡིན་

ནོ། །དེ་ཅིའི་སླད་དུ་ཡེ་ཤེས་དེ་བསམ་དུ་མ་མཆིས་པ་སྟེ་ཞེས་བྱ་བ་ནི་བསམ་པ་གཏོང་སྟེ། འཛིན་པ་མེད་པ་ཡིན་ནོ། །འདིས་ནི་འདི་སྐད་དུ་ཡེ་ཤེས་དེ་ནི་བསམ་པར་བྱ་བ་དང་། སེམས་པར་བྱེད་པ་ལས་དབེན་ཞིང་དེ་གཉིས་སུ་སྒྲོ་འདོགས་པ་མེད་པ་ཡིན་གྱི། གཞན་དག་ནི་མ་ཡིན་ནོ་ཞེས་

བསྟན་ཏོ། །མཇུག་བསྡུ་བའི་ཕྱིར། གང་དེ་ལྟར་ཤེས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་དང་འཛིན་པ་ལས་དབེན་པའི་བདག་ཉིད་ཀྱི་ཤེས་པ་གང་ཡིན་པ་དེ་ནི་སྔར་བསྟན་པའི་མི་དམིགས་པའི་ཚུལ་དུ་སངས་རྒྱས་ཀྱི་ཡེ་ཤེས་ལགས་པར་འཚལ་ལོ། །དེ་ལྟར་

བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། རྒྱུ་དང་འབྲེལ་པ་བསལ་ནས་འབྲས་བུ་ཉིད་ཀྱང་བསལ་བའི་ཕྱིར། ཡེ་ཤེས་དེ་ནི་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་འམ། མཁྱེན་པ་མ་མཆིས་སོ་ཞེས་གསུངས་ཏེ། ཤིན་ཏུ་རྣམ་པར་དག་པ་ཡིན་པས། རྣམ་པ་ཐམས་ཅད་

ཁོང་དུ་ཆུད་པའི་མངོན་པར་རྫོགས་པར་སངས་རྒྱས་པའམ། དེ་ལས་གཞན་པའི་མཁྱེན་པ་མ་མཆིས་ཏེ། ཡུལ་གྱི་སྟོབས་ལས་བྱུང་ཞིང་། ཡུལ་ལ་ཤེས་པ་གང་ཡིན་པ་དེ་ལྟ་བུ་མ་ཡིན་པ་དེ་ཇི་ལྟར་ཤེས་པར་བྱེད། འདིས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་བསལ་བ་བཞིན་ནོ། །ཡེ་ཤེས་དེ་ནི་སྔོན་

གྱི་མཐའ་འམ། ཕྱི་མའི་མཐའ་ནས་མཆིས་པ་མ་ལགས་སོ་ཞེས་བྱ་བས་ནི་བདག་པོའི་འབྲས་བུ་བསལ་བ་ཡིན་ཏེ། དེ་ནི་དུས་ངེས་པ་མེད་པའི་ཕྱིར་རོ། །ཡེ་ཤེས་དེ་ནི་སྔོན་མ་སྐྱེས་པ་ཡང་མ་ལགས་ཞེས་བྱ་བ་ནི་ཡེ་ཤེས་གང་གི་རྒྱུ་སྔོན་སྐྱེས་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྔོན་གྱི་སྒྲས་རྒྱུའི་

Vol. 95 · folio 63b

དོན་ལ་བྱ་སྟེ། དཔེར་ན་སྔོན་བཞིན་དང་། ཕྱི་མ་བཞིན་དང་། ཡང་དག་པའི་ཤེས་པ་སྔོན་དུ་སོང་བ་ལ་སོགས་པ་བཞིན་ནོ། །འདིས་ནི་རྣམ་པར་སྨིན་པའི་འབྲས་བུ་བསལ་བ་ཡིན་ཏེ། འདས་པ་ལས་དེ་རྣམ་པར་གཞག་པའི་ཕྱིར་རོ། །ཡེ་ཤེས་དེ་ནི་སྔོན་མ་སྐྱེས་པ་ཡང་མ་ལགས་ཏེ་ཞེས་

བྱ་བ་ནི་སྔ་མའི་ཟླ་དགག་པ་བསྟན་པ་སྟེ། ཐམས་ཅད་རྒྱུ་མེད་པ་ཅན་ཉིད་སྟོན་པ་གཙོ་བོ་ཡིན་ནོ། །འདི་གཉིས་ཀྱིས་དངོས་པོ་ཐམས་ཅད་བསྡུས་ཏེ། ཕན་ཚུན་སྤངས་ཏེ་གནས་པ་ཡིན་པའི་ཕྱིར། ཕུང་པོ་གསུམ་པ་བཞིན་མེད་དོ། །འབྲས་བུ་གསུམ་ཉིད་མི་འཐད་པའི་གཏན་ཚིགས་ནི་མ་སྐྱེས་

པའི་སླད་དུའོ་ཞེས་བྱ་བ་ཡིན་ཏེ། ཡེ་ཤེས་སྐྱེ་བ་དང་ལྡན་པ་ནི་འབྲས་བུ་ཉིད་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེ་ལས་གཞན་པ་འདུས་བྱས་ཀྱི་ཆོས་འགག་པ་སེལ་བར་བྱེད་པ་ནི་གང་མ་སྐྱེས་པ་དེ་ནི་ནུབ་པར་ཡང་མི་འགྱུར། ཆད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། དངོས་པོ་རྣམས་འཇིག་

པ་ནི་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་གཉིས་སུ་བྱིས་པ་རྣམས་ཀྱིས་བརྟགས་སོ། །དེ་ལ་ལྷག་མ་དང་བཅས་པའི་དབང་དུ་བྱས་ནས་ནུབ་པར་མི་འགྱུར་ཞེས་གསུངས་ཏེ། གནས་སྐབས་སུ་ནུབ་པ་མེད་པའི་ཕྱིར་རོ། །ཆད་པར་ཡང་མི་འགྱུར་ཞེས་བྱ་བ་ནི་ཡོང་ཡེ་ལྷག་མ་མེད་

པར་མི་འགྱུར་བའོ། །རྒྱུ་དང་མཐུན་པའི་འབྲས་བུ་འགོག་པར་བྱེད་པ་ནི་ཡེ་ཤེས་དེ་དང་འདྲ་བའི་ཡེ་ཤེས་གང་ཡང་མ་མཆིས་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་དེ་ལས་གཞན་པའི་ཡེ་ཤེས་འདྲ་ཞིང་མཐུན་པ་གང་ཡང་མ་མཆིས་ན། རྒྱུ་དང་མཐུན་པའི་འབྲས་བུ་ཡིན་པར་གང་ཞིག་འགྱུར་

ཏེ། རྒྱུ་དང་འདྲ་བ་ཡིན་ན་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་པར་བཞེད་དོ། །དེ་དང་འདྲ་བའི་དངོས་པོ་མ་མཆིས་པ་དེའི་སླད་དུ་ཆོས་ཐམས་ཅད་ཡེ་ཤེས་འདི་ཡང་མ་སྐྱེས་པའི་ཕྱིར། ཡེ་ཤེས་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པར་བཞེད་ཅིང་འདྲ་བ་མ་མཆིས་ཏེ། འདི་ལ་འདྲ་ཞིང་མཐུན་པ་

ཡོད་པ་མ་ཡིན་པས་རྒྱུ་དང་མཐུན་པའི་འབྲས་བུ་མ་ཡིན་ནོ། །འོན་ཀྱང་རྒྱུ་མཐུན་པའི་འབྲས་བུ་བསལ་བའི་སྔ་རོལ་དུ་ཅིའི་ཕྱིར་འགག་པ་སེལ་བར་བྱེད་ཅེ་ན། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་གསུམ་ཆར་གྱིས་ཀྱང་རྒྱུ་མཐུན་པའི་བག་ཆགས་འཇོག་པར་བྱེད་པ་ཡིན་ལ་དེའི་

Vol. 95 · folio 64a

འབྲས་བུས་ཀྱང་དེ་འཇོག་པར་བྱེད་པས། མི་མཐུན་པ་ཉེ་བར་གྱུར་པ་ལས་གཞན་དུ་འབྲས་བུ་གཅིག་ནས་གཅིག་ཏུ་རྒྱུན་ཆད་པར་མི་འགྱུར་རོ། །རྣམ་པར་སྨིན་པའི་འབྲས་བུ་ནི་ལུང་དུ་མ་བསྟན་པ་མ་ཡིན་ཞིང་ལུང་དུ་བསྟན་པ་ལས་བྱུང་བ་ཡིན་པས། རྣམ་པར་སྨིན་པའི་བག་

ཆགས་འཇོག་པར་བྱེད་པས་རྒྱུན་ཆད་པ་ཡིན་ཏེ། དེས་ན་དེ་ཉིད་དུ་དགག་པ་སྲིད་པས་ན་འགག་པ་སེལ་བར་བྱེད་པ་ཡིན་ནོ། །བྲལ་བའི་འབྲས་བུ་སེལ་བར་བྱེད་པ་ནི་ཡེ་ཤེས་དེ་ནི་ཐོག་མ་དང་། དབུས་མ་དང་། ཐ་མ་མི་དམིགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཐོག་མ་ནི་མ་དག་པའི་གནས་

སྐབས་སོ། །དབུས་ནི་མ་དག་པ་དང་དག་པའི་གནས་སྐབས་སོ། །ཐ་མ་ནི་དག་པའི་གནས་སྐབས་ཏེ། དེ་དག་མ་སྐྱེས་པས་ནི་མི་དམིགས་པ་ཐོག་མ་དང་དབུས་དང་ཐ་མ་མི་དམིགས་པ་དེའི་སླད་དུ་ཡེ་ཤེས་དེ་ནི་ནམ་མཁའ་དང་འདྲ་བའོ། །འདིར་ཡང་མི་དམིགས་པའི་སྦྱོར་བ་བསྟན་པའི་ཕྱིར།

ཡེ་ཤེས་དེ་ལ་མཉམ་པ་འམ་མི་མཉམ་པ་མི་དམིགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་འདི་ནམ་མཁའ་དང་མཉམ་པས་མཉམ་པའོ། །དེ་ལས་གཞན་པ་དང་མི་མཚུངས་པའི་ཕྱིར་མི་མཉམ་པའོ། །འདི་ལ་མཉམ་པ་འམ་མི་མཉམ་པ་དེ་དག་ཀྱང་མི་དམིགས་སོ། །ཡང་ན་

ཡེ་ཤེས་དེ་མཉམ་པ་ནི་མཉམ་པ་ཉིད་དམ་མི་མཉམ་པ་སྟེ། མི་མཉམ་པ་ཉིད་མི་དམིགས་ཏེ་མི་རིག་གོ། །གཉི་ག་མི་དམིགས་པ་དེའི་སླད་དུ་ཡེ་ཤེས་དེ་ནི་མི་མཉམ་པ་ནམ་མཁའ་དང་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བཅོམ་ལྡན་འདས་

ཀྱིས་མི་མཉམ་པ་དང་མཉམ་པའི་ཚིག་དེ་སྐད་དུ་བཤད་པའི་ཕྱིར་རོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་ཆགས་པ་མེད་པའི་ཡེ་ཤེས་བསྟན་ནས། དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཁ་ཅིག་གིས་བརྟགས་པ་དེ་བསལ་བའི་ཕྱིར། ཡེ་ཤེས་དེ་ལ་ནི་དེ་དང་འདྲ་བའི་ཡེ་ཤེས་གཞན་

མི་དམིགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་རྣམ་པ་དེ་དང་འདྲ་བ་ཡིན་ཏེ། དེ་དང་ཚུལ་འདྲ་བ་ནི་དེ་དང་འདྲ་བ་སྟེ། དེའི་རྗེས་སུ་བྱེད་པའོ། །འདི་ལ་དེ་ཡོད་པ་མ་ཡིན་པས་དེ་དང་འདྲ་བའི་ཡེ་ཤེས་གཞན་མི་དམིགས་ཏེ། དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ་

Vol. 95 · folio 64b

ཞེས་དགོངས་པའོ། །ཀུན་རྫོབ་ཏུ་ཡང་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ལ་སོགས་པ་ལས། འདི་བཀག་པའི་ཕྱིར། འདིས་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་པར་བསྟན་ཏོ། །ཡང་ན་དེ་དང་འདྲ་བའི་ཡེ་ཤེས་གཞན་ཞེས་བྱ་བ་ནི། འདི་རང་གི་

ངོ་བོ་དང་མི་མཐུན་པའི་ངོ་བོ་ལ་བྱ་སྟེ་མི་མཐུན་པར་གླེང་བའི་ཕྱིར་རོ། །དེ་སྐད་དུ་མི་འཇིགས་པ་བཞིའི་སྐབས་སུ་གསུངས་སོ། །དེ་མེད་པའི་ཕྱིར། དེ་དང་འདྲ་བའི་ཡེ་ཤེས་གཞན་མི་དམིགས་སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། འཇམ་དཔལ་ཡེ་ཤེས་འདི་མི་བསྒྱུར་བ་མ་ཡིན་ནམ་ཞེས་

དྲིས་སོ།། །།བམ་པོ་དྲུག་པ། མི་བསྒྱུར་བ་འདི་ཇི་ལྟ་བུ་ཡིན་ཞེ་ན། ཕྱིར་རྒོལ་བར་བྱེད་པས་འཁྲུགས་པའམ། གཡོས་པ་ནི་བསྒྱུར་བ་ཡིན་ནོ། །དེ་ལྟ་བུ་མ་ཡིན་པས་མི་བསྒྱུར་བ་ཡིན་ནོ། །ཇི་ལྟ་ཞེ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ། ཟག་པ་ཟད་པ་ན་

འདི་དག་ནི་བར་དུ་གཅོད་པའི་ཆོས་རྣམས་སོ། །འདི་དག་ནི་ངེས་པར་འབྱིན་པའི་ལམ་ཡིན་ནོ་ཞེས་ཞལ་གྱིས་བཞེས་པ་ན། ང་ལ་ཕྱིར་རྒོལ་བའི་མཚན་མ་ཡང་དག་པར་རྗེས་སུ་མ་མཐོང་བས། མི་བདེ་བ་དང་བག་ཚ་བ་མེད་པ་དང་། མི་འཇིགས་པ་ཐོབ་སྟེ་བཞུགས། ཁྱུ་མཆོག་གི་གནས་

ཡིན་པར་ཞལ་གྱིས་བཞེས། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས། ཚངས་པའི་འཁོར་ལོ་བསྐོར་རོ་ཞེས་བྱ་བ་ལ་སོགས་པ་ནི་མི་བསྒྱུར་བའི་ལས་ཡིན་ནོ། །མི་བསྒྱུར་བ་འདི་ཡང་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཡེ་ཤེས་དེ་ནི་མ་བགྱིས་པ་དེ་ཞེས་གསུངས་སོ། །མ་བགྱིས་པ་

ཉིད་ལགས་པ་དེའི་སླད་དུ་མངོན་པར་བཞེད་པའི་ཡེ་ཤེས་འདི་མི་བསྒྱུར་བ་ལགས་སོ། །གཞན་དག་མི་བསྒྱུར་བར་བྱེད་པ་དང་བྲལ་བའི་ཕྱིར། མི་བསྒྱུར་བ་ཡིན་པར་རྣམ་པར་གཞག་གོ། །ཡེ་ཤེས་འདི་ལ་ནི་བསྒྱུར་བ་དང་། མི་བསྒྱུར་བའི་ཐ་སྙད་འཇུག་པ་ཡང་མེད་པས་ཤིན་ཏུ་ཡང་

བསྒྱུར་བ་མེད་དོ་ཞེས་དཔེས་བསྟན་པའི་ཕྱིར། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན། ཀཱཪྵ་པ་ན་རྟགས་མ་བཏབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟགས་བཏབ་པ་ནི་ཟོང་དུ་བྱ་བའི་རྟགས་བཏབ་པ་སྟེ། དཔེར་ན་འདྲམ་མ་ལ་སོགས་པ་ལྟ་བུའོ། །འདི་དེ་ལྟ་བུ་མ་ཡིན་པས་

Vol. 95 · folio 65a

རྟགས་མ་བཏབ་པའོ། །འདི་བསྒྱུར་བ་ཡང་མ་ལགས་པ་ནི་རྟགས་མ་བཏབ་པའི་ཕྱིར་རོ། །བསྒྱུར་བ་ལས་གཞན་པ་དབྱིག་ལ་སོགས་པ་མི་བསྒྱུར་བའི་ངོ་བོ་ཡང་མ་ལགས་ཏེ། དེའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་གཉི་ག་མ་ལགས་པའི་གྲངས་

སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་དོན་ལ་སྦྱོར་བར་བྱེད་པ་ཡིན་ཏེ། གང་མ་བྱས་པ་དེ་ནི་བསྒྱུར་བ་དང་། མི་བསྒྱུར་བའི་གནས་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཆགས་པ་མེད་པའི་ཡེ་ཤེས་བཤད་ཟིན་ཏོ། །ད་ནི་སྣོད་དུ་གྱུར་པའི་གང་ཟག་

རྣམས་བསྟན་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པ། འདི་ལྟར་ཟབ་མོ་བསྟན་པ་ལ་དེ་ནི་དེ་ཁོ་ན་མ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་ངེས་པར་འཛིན་ཅིང་ལྷག་པར་སྨོས་པའི་གང་ཟག་དེ་དག་སུ་ཞེ་ན་འཕགས་པ་འཇམ་དཔལ་གྱིས་ཀྱང་དེ་བཞིན་གཤེགས་

པའི་རིགས་ཅན་དག་ལས་གཞན་པ་དག་མ་ཡིན་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་གང་དག་འཁོར་བའི་ཆོས་ཅན་ཡང་མ་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བའི་ཆོས་ཅན་དེ་དག་ནི་རིགས་མེད་ཅིང་དེ་ལས་ཡིད་བྱུང་བ་མེད་པའི་ཕྱིར། འཁོར་བའི་རང་

བཞིན་པ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་རིགས་ཅན་ཏེ། འཁོར་བས་སྐྲག་པའི་ཕྱིར་རོ། །དེ་གཉི་ག་མ་ཡིན་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་ཏེ། དེ་ཡང་རིགས་ལ་གནས་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་དེ་དག་འདིར་

མོས་པར་འགྱུར་རོ་ཞེས་གསུངས་སོ། །གང་དག་འཇིག་ཚོགས་ལས་ཀྱང་མ་བསྐྱོད་པ་ཞེས་བྱ་བའི་དོན་འདི་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ནི་སྐྱོན་ཡིན་ཏེ། དེ་ལས་བསྐྱོད་ནས་སྟོང་པ་ཉིད་ལ་གནས་པའི་ཕྱིར། ལྟ་བས་བྱས་པ་རྣམས་ཟད་པ་དང་གཏུགས་པར་འགྱུར་རོ་ཞེས་བྱ་

བའི་བསམ་པས་གང་དག་འཇིག་ཚོགས་ལས་འདའ་བར་བྱེད་དོ། །གང་དག་དེ་ལྟ་བུ་མ་ཡིན་པ་དེ་དག་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པ་ཉིད་ཀྱི་ཕྱིར་འཇིག་ཚོགས་ལས་མ་བསྐྱོད་པ་ཡིན་ནོ། །གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཀྱང་མ་བས་པ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ལ་

Vol. 95 · folio 65b

ལྷག་པར་མོས་པ་ཁོ་ན་ཡིན་པར་དགོངས་པ་སྟེ། དེ་དག་མོས་པར་འགྱུར་རོ་ཞེས་སྦྱར་རོ། །འདིས་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་དག་ཁོ་ན་ལྷག་པར་མོས་པ་དང་ལྡན་པར་བསྟན་ཏོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དེ་དག་ལ་ལེགས་པར་ཁོང་དུ་ཆུད་པ་ཅི་ཞིག་ཡོད་ན། གང་གིས་

དེ་དག་ཁོ་ན་ལྷག་པར་མོས་པ་ཡིན་གྱི། གཞན་མ་ཡིན་ནོ་ཞེས་བྱ་ཞེ་ན། དེའི་ཕྱིར་མི་བས་པ་ནི་བས་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བས་པ་ཞེས་བྱ་བ་ནི་ཞིག་པའོ། །དེ་མེད་པ་ནི་མི་བས་པ་སྟེ། འདུས་མ་བྱས་པ་ལ་བྱའོ། །བས་པ་ཡང་ལྷག་མ་དང་བཅས་པ་སྟེ།

དཔེར་ན་གྲངས་ཅན་རྣམས་ཀྱི་ལྟ་བུའོ། །ཡོངས་སུ་བས་པ་ནི་ཐམས་ཅད་དུ་ལྷག་མ་མེད་པར་ཟད་པ་སྟེ། དཔེར་ན་མདོ་སྡེ་པའི་ལྟ་བུ་སྟེ། དེ་བས་ན་དེ་དག་ནི་ལོག་པར་མོས་པ་ཡིན་གྱི། འདི་ལ་ལྷག་པར་མོས་པ་མེད་དོ། །གང་དག་དེ་ལྟ་བུའི་ལྟ་བ་ཅན་མ་ཡིན་པ་དེ་དག་མོས་པར་འགྱུར་

རོ། །གང་དག་འཁོར་བ་ལས་ཀྱང་མ་འདས་ལ་ཞེས་བྱ་བ་ནི་འཁོར་བ་རྣམས་མ་སྐྱེས་པར་ལྷག་པར་མོས་པ་ཁོ་ནའི་ཕྱིར་རོ། །འཁོར་བའི་གྲངས་སུ་ཡང་མི་མཆིའོ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་རྨོངས་པ་སྤངས་པས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །དེ་

སྐད་དུ། ཉོན་མོངས་སྐྱེ་བ་ཉོན་མོངས་མིན། །སྐྱོན་མེད་ཡོན་ཏན་དཔག་མེད་ལྡན། །ཞེས་བསྟན་ཏོ། །འདིས་ནི་མཐོང་བའི་ལམ་ལ་གནས་པ་བསྟན་ཏོ། །གང་དག་ལམ་དང་བྲལ་བ་ཡང་མ་ལགས་ཤིང་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་རྟག་ཏུ་བར་ཆད་མེད་པ་འབྱུང་བའི་ཕྱིར་རོ། །

ལམ་གྱི་འདུ་ཤེས་ཀྱང་མི་སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་རྟོགས་པ་ཤིན་ཏུ་ཆེར་གྱུར་པའི་ཕྱིར་རོ། །འདིས་ནི་བསྒོམ་པའི་ལམ་ལ་གནས་པ་བསྟན་ཏོ། །འཇམ་དཔལ་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་གནང་བ་མཛད་པའོ། །བཅོམ་ལྡན་འདས་མ་མཆིས་པའི་དུས་བཅོམ་

ལྡན་འདས་མྱ་ངན་ལས་འདས་པའི་ཚེ་ན། གང་ལ་ལ་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་དམིགས་པ་སོ་སོའི་སྐྱེ་བོ་ལ་སོགས་པ་དང་འབྲེལ་པ་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་དེ་དག་རིགས་པ་རྣམ་པ་བཞིས་གདུལ་བར་བྱ་བའི་ཕྱིར་རྒྱུད་ལ་ཚུལ་རྣམ་པ་དྲུག་པོ་འདིས་ཕྱིན་པར་བྱེད་པས་འདུལ་

Vol. 95 · folio 66a

བ་ཡིན་ལ་དེ་ཉིད་མཐའ་གཉིས་སུ་ལྷུང་བ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་ཟབ་མོ་ཡིན་ཏེ། བསྟན་མ་ཐག་པ་འདི་དང་ཐུགས་སུ་ཆུད་པའི་ངོ་བོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉན་པ་སྟེ། ཉན་འདོད་པ་དང་མོས་པ་སྟེ་ཐོས་

ནས་སེམས་དང་བར་གྱུར་པ་ཉིད་ཀྱིས་འདི་དེ་ལྟ་བུ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་པ་དང་། ཀུན་འཚལ་བ་སྟེ། ཐོས་ཤིང་མོས་ནས་རིགས་པས་སེམས་ཤིང་གཏན་ལ་འབེབས་པར་བྱེད་པ་དང་། རབ་ཏུ་འཛིན་པར་འགྱུར་བ་སྟེ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ནས་

བསྒོམས་པས་ཁོང་དུ་ཆུད་པར་བྱེད་པ་མཆིས་སམ། ལན་ནི་འོད་སྲུངས་འཁོར་འདི་ཉིད་ནའང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འཇམ་དཔལ་གྱིས་ཀྱང་བྱིན་གྱིས་བརླབས་པའི་ཕྱིར་འདི་ཉིད་ནའང་ཞེས་བྱ་བས་ནི་ངེས་པར་འཛིན་པ་སྨྲས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་རྗེས་སུ་གཟུང་

བ་དང་བྲལ་བའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་དག་ཁོ་ན་ཞུགས་པ་ཡིན་པར་བསྟན་ཏེ། ཉན་པ་ལ་སོགས་པའི་དོན་རྣམ་པ་བཞི་ལ་ཞུགས་པ་དེ་དག་ཉིད་དཔེ་རྣམ་པ་བཞིས་གོ་རིམས་བཞིན་དུ་གསལ་བར་བྱེད་དོ། །དེ་ལ་རེ་ཞིག་ཉན་

པའི་ཆེད་དུ་འདི་ལྟ་སྟེ་དཔེར་ན། ཁྱིམ་བདག་གམ་ཁྱིམ་བདག་གི་བུ་ཞིག་གིས་འདི་ལྟ་སྟེ་ཞེས་གསུངས་ཏེ། སྔ་མ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའོ། །ཕྱི་མ་ནི་དེ་ལས་གཞན་པ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་མ་བཟུང་བའོ། །འོ་ན་ཇི་ལྟར་ཞུགས་པ་ཡིན་པར་རྣམ་པར་

གཞག་ཅེ་ན། དགེ་བའི་བཤེས་གཉེན་ལ་བརྟེན་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་རོ། །ནོར་བུ་རིན་པོ་ཆེ་བརྒྱ་སྟོང་རི་བ་ཞེས་བྱ་བ་ནི་ཆགས་པའི་གནས་ཉིད་ཡིན་པར་བསྟན་ཏེ། ཁྱིམ་བདག་དག་ནི་དེ་ཉིད་ལ་གཅེས་པར་སེམས་སོ། །ནོར་བུ་རིན་པོ་ཆེ་སྟོར་ཏེ། མི་སྣང་བར་གྱུར་ན་སྡུག་

བསྔལ་ཏེ། ལུས་ཀྱི་མི་བདེ་བ་འབྱུང་བར་འགྱུར་ཏེ། སེམས་མྱ་ངན་གྱིས་ནོན་པ་འདིས་ལུས་ཀྱང་གདུངས་པར་བྱེད་པའི་ཕྱིར་རོ། །མྱ་ངན་ལས་ཡིད་གང་གིས་གཞན་མི་སེམས་མི་འཛིན་པ་གང་ཡིན་པ་དེ་ཡིད་མི་བདེ་བ་ཡིན་ནོ། །དེ་ཉིད་རྙེད་ན་བདེ་བ་དང་ཡིད་བདེ་བ་སྐྱེ་ཞིང་ཞེས་བྱ་བ་ནི་ལུས་

Vol. 95 · folio 66b

ཀྱི་དང་ཡིད་ཀྱི་བདེ་བ་ཐ་དད་པའི་ཕྱིར་རོ། །བདེ་བ་དེ་གཉིས་ཀྱི་རྒྱུ་ནི་ཀུན་ནས་དཀྲིས་པའི་ཡིད་ལ་བྱེད་པ་མེད་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དོན་ལ་སྦྱར་བ་ནི་འོད་སྲུངས་དེ་བཞིན་དུ་དགེ་སློང་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དངོས་པོ་མེད་པའི་བར་དུ་མ་ཐོས་ན་འདི་སྙམ་དུ་ཞེས་བྱ་

བ་ནི་བདག་ཉིད་སྨོད་པའོ། །བདག་ཅག་ཅེས་བྱ་བའི་སྒྲ་ནི་སྨད་པའི་ཕྱིར་རོ། །སྨོད་པའི་ཚུལ་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང་ཞེས་བྱ་བ་ནས། འདི་ལྟ་བུ་འདི་མ་ཐོས་སོ་སྙམ་དུ་སེམས་སོ་ཞེས་བྱ་བ་ཡིན་ནོ། །དེ་དག་གིས་དུས་གཞན་ན་ཐོས་པར་

གྱུར་པ་ན་ཞེས་བྱ་བ་ལ་སོགས་པ་ནི་གསལ་ལོ། །ཚིག་འདི་སྐད་དུ་འདི་ལྟར་བདག་ཅག་གིས་ཞེས་བྱ་བ་ལ་འདི་ལྟར་ཞེས་བྱ་བ་ནི་གཏན་ཚིགས་སོ། །མོས་པའི་དབང་དུ་བྱས་ནས་འོད་སྲུངས་འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །

ཤིང་ཡོངས་འདུ་དང་། ས་བརྟོལ་ནི་རྣམ་གྲངས་ཡིན་ལ། དེ་ནི་མེ་ཏོག་གི་ཤིང་ཡིན་ཏེ། མེ་ཏོག་ཁ་འབུས་ཤིང་མེ་ཏོག་བྱུང་དུ་ཉེ་བ་མཐོང་ནས། རིང་པོ་མི་ཐོགས་པར་མྱུར་དུ་འདི་ན་མེ་ཏོག་ཐམས་ཅད་རྒྱས་པར་འགྱུར་རོ་སྙམ་དུ་ངེས་པར་བཟུང་ནས་ཡིད་དགའ་བ་སྟེ། དེ་དགའ་བ་སྐྱེས་སོ། །

དེ་དག་གང་ལ་ཡོད་པ་དེ་རབ་ཏུ་དགའ་བར་འགྱུར་རོ། །ཀྱེ་མ་ཞེས་བྱ་བ་ནི་དགའ་བའི་སྒྲའོ། །འོད་སྲུངས་དེ་བཞིན་དུ་དགེ་སློང་དང་ཞེས་བྱ་བ་ལ་སོགས་པ་ནི་དོན་ལ་སྦྱོར་བར་བྱེད་པ་ཡིན་ནོ། །ཡིད་དགའ་བ་དང་ཞེས་བྱ་བ་དེ་ནི་སྙིང་དགའ་བའོ། །རབ་ཏུ་དགའ་བར་འགྱུར་རོ་ཞེས་བྱ་བ་དེ་ནི་

དགའ་བ་དང་ཤིན་ཏུ་ལྡན་པའི་ཕྱིར་རོ། །དེ་ཉིད་འདིར་མོས་པ་ཡིན་ཏེ། མོས་པའི་རྒྱུ་ལས་བྱུང་བའོ། །དེ་བས་ན་འདི་ཐོས་ན་ཞེས་གསུངས་ཏེ། མེ་ཏོག་ཁ་འབུས་པ་དང་འདྲ་བ་ཡིན་ནོ། །དེ་དག་ཀྱང་ངའི་འཁོར་འདི་ཉིད་ན་གནས་པར་འོད་སྲུངས་ཁྱོད་ཀྱིས་ངེས་པར་ཤེས་པར་གྱིས་ཤིག་

ཅེས་བྱ་བ་ལ་ཡོངས་འདུས་བརྟོལ་ལ་ལྷའི་བུ་རྣམས་ཇི་ལྟ་བ་བཞིན་དུ་ཁྱོད་ཀྱིས་དེ་དག་ཐོས་ནས་དད་པ་དང་། མཆོག་ཏུ་དགའ་བ་མ་འོངས་པ་ན་བྱེད་པ་དེ་དག་ཀྱང་ད་ལྟར་ངའི་འཁོར་འདི་ཉིད་ན་གནས་པར་ངེས་པར་གཏན་ལ་བབ་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཐེ་ཚོམ་མ་བྱེད་ཅིག་ཅེས་བྱ་

Vol. 95 · folio 67a

བའི་ཐ་ཚིག་གོ། །ངེས་པར་ཤེས་པར་བྱེད་པ་རྣམ་པ་གཉིས་གང་དག་ཡིན་པ་དེ་སྟོན་པར་བྱེད་པ་ནི་གང་དག་མ་འོངས་པའི་དུས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་དག་ངའི་འཁོར་འདུས་པ་འདིའི་ནང་ན་ངས་རྗེས་སུ་གཟུང་

ཞིང་གནས་པར་ཤེས་པར་གྱིས་ཤིག། ཤེས་པར་བྱ་བ་མོས་པའི་འབྲས་བུ་ཅིག་ཤོས་སྟོན་པ་ནི་གང་དག་མ་འོངས་པའི་དུས་ན། ཡིད་དགའ་བ་དང་རབ་ཏུ་དགའ་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཤིན་ཏུ་རིང་པོས་སངས་རྒྱས་ཀྱི་མེ་ཏོག་ཐམས་ཅད་རྒྱས་པར་འགྱུར་བར་

དོགས་པ་མི་བྱའི། ཤིང་ཡོངས་འདུའི་མེ་ཏོག་ཁ་འབུས་པ་བཞིན་རིང་པོ་མི་ཐོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མོས་པ་རྣམས་ཀྱི་འབྲས་བུ་མེ་ཏོག་རྒྱས་པ་ལྟ་བུ་ནི་གང་ཞེ་ན། འདི་ལྟ་སྟེ། མེ་ཏོག་ཐམས་ཅད་རྒྱས་པར་འགྱུར་བ་ནི་སྟོབས་དང་། མི་འཇིགས་པ་ལ་སོགས་པ་

སངས་རྒྱས་ཀྱི་ཆོས་མཐའ་དག་རྒྱས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དོན་ལ་སྦྱར་བ་རྫོགས་ནས། སྤྱིའི་དོན་མཇུག་སྡུད་པར་བྱེད་པ་ནི་འོད་སྲུངས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང་། མ་བྱུང་བ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་མ་

འོངས་པའི་དུས་ན་ཞེས་བྱ་བ་ནི་དུས་ཕྱིས་མྱ་ངན་ལས་འདས་པ་ལ་ཐུག་པའི་བར་དུའོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཕྱིར་ཞུགས་པའི་གང་ཟག་གི་རྒྱུད་ལ་གནས་པར་གྱུར་པ་དང་། སྔོན་མེད་པ་ཐོག་མ་ཉིད་དུ་སྤྱོད་པར་འགྱུར་ཞིང་གནས་པ་གང་ཡིན་པ་དེ་ཡང་འོད་སྲུངས་

སངས་རྒྱས་ཀྱི་བྱིན་གྱི་རླབས་ཡིན་ཏེ། སངས་རྒྱས་ཀྱིས་བྱིན་གྱིས་མ་བརླབས་པར་གྱུར་ན་གནས་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་མཐུ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་དབང་གི་མཐུས་སྤྱོད་པ་ཡིན་གྱི་དེ་ལྟར་མ་ཡིན་ཏེ། གལ་ཏེ་སྡུད་པ་དང་། འཇོག་པར་བྱེད་པའི་དེ་བཞིན་

གཤེགས་པའི་ཡེ་ཤེས་ཀྱི་རླུང་གི་དཀྱིལ་འཁོར་གྱི་རྒྱུན་མི་འབབ་ན་ནི་དོན་འདི་ལ་སྤྱོད་ནུས་པ་སུ་ཡང་མེད་དོ། །འོད་སྲུངས་དེ་བས་ན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པས་ནི་དཔེ་གསུམ་པ་སྟོན་པར་བརྩོན་པ་ཡིན་ནོ། །འོད་སྲུངས་དེ་ནི་དེ་དག་གི་ཐོས་པའི་དང་པོ་མ་ཡིན་ནོ་

Vol. 95 · folio 67b

ཞེས་བྱ་བ་ནི་སྔོན་ཡང་ཐོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན་དེ་བསྟན་པའི་ཕྱིར་འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནོར་བུ་མཁན་ཞིག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནོར་བུ་མཁན་དེ་ནི་ནོར་བུ་རིན་པོ་ཆེའི་རྒྱུ་དང་། འབྲས་བུ་དང་། ངོ་བོ་ཉིད་དང་། སྐྱོན་དང་ཡོན་

ཏན་ཤེས་པའོ། །དེས་ནོར་བུ་རིན་པོ་ཆེ་མཐོང་ནས། གང་གི་ཚེ་དགའ་བར་གྱུར་ཅིང་ཡིད་དགའ་བར་གྱུར་པ་དེ་ནི་ནོར་བུ་མཁན་དེས་ནོར་བུ་རིན་པོ་ཆེ་དེ་གཟོད་མཐོང་བ་མ་ཡིན་གྱི་འོན་ཀྱང་དེ་ནི་སྔོན་ནས་རྒྱུན་དུ་ནོར་བུ་མཁན་འདིས། ནོར་བུ་རིན་པོ་ཆེའི་རིགས་སུ་གཏོགས་པ་འམ། ནོར་བུ་རིན་པོ་

འདི་ཉིད་སྔོན་ལན་དུ་མ་མཐོང་བ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་ལ་སྦྱོར་བ་ཡིན་ནོ། །འདི་ཐོས་ནས་ཡིད་དགའ་བ་དང་རབ་ཏུ་དགའ་བར་གྱུར་ཅིང་ཞེས་བྱ་བ་དེ་གཉིས་ནི་མོས་པ་དང་ལྡན་པ་དེའི་རྟགས་ཡིན་ཏེ། དེ་གཉིས་

ཀྱང་དེའི་རྟགས་ཡིན་པའི་ཕྱིར་རོ། །མགུ་བ་ནི་རབ་ཏུ་མགུ་བ་ཡིན་ནོ། །གང་དག་ལ་རངས་པ་དང་ཡིད་བདེ་བ་སྐྱེས་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། འདི་གཉིས་དང་། མགུ་བ་ནི་ཀུན་ཤེས་པ་ལ་རྟགས་ལྷག་པར་ཡོད་པ་ཡིན་ལ། ཡིད་དགའ་བ་དང་རབ་ཏུ་དགའ་བ་གཉིས་མོས་པ་ལ་

ཡང་ཡོད་པའི་ཕྱིར་རོ། །ཡིད་དགའ་བ་ལ་སོགས་པ་དང་ལྡན་པ་དེ་དག་གི་གཟོད་ཐོག་མར་ཐོས་པ་མ་ཡིན་གྱི། སྔོན་ཡང་ཐོས་པ་ཡིན་པར་ཡིད་ཆེས་པར་བྱའོ། །བཞི་པའི་དོན་གསལ་བར་བྱ་བའི་ཆེད་དུ་རྩོམ་པར་བྱེད་པ། འོད་སྲུངས་དེ་དག་ནི་འདི་སྐད་དུ་སྨྲ་བར་འགྱུར་ཏེ་ཞེས་བྱ་བ་

ལ་སོགས་པ་ནི་དོན་གསལ་ལོ། །དེ་དག་ནི་སྔོན་རྒྱུན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྙེན་བཀུར་བྱས་པར་གྱུར་པའོ་ཞེས་བྱ་བ་ནི་སྔོན་གྱི་དུས་ན་རྒྱུ་དང་རྗེས་སུ་མཐུན་པར་བསྙེན་བཀུར་བྱས་པ་སྟེ། འདིར་དེ་དང་མཐུན་པར་བསྙེན་བཀུར་བྱས་པ་ནི་ཡོན་ཏན་གང་གིས་འཇམ་དཔལ་

གཞོན་ནུར་གྱུར་པ་འདི། དེ་ལྟར་སྟོན་པར་མཛད་པའི་ཡོན་ཏན་དེའི་གྲོགས་བྱས་པ་དང་། རྗེས་སུ་ཡི་རངས་པ་དང་། འདོད་པ་དང་ལྷག་པར་མོས་པ་ལ་སོགས་པ་གང་གིས་བྱས་པ་དེ་དག་གིས་དེ་ལྟར་བསྙེན་བཀུར་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་འདི་ཉིད་རྣམ་པ་མང་དུ་

Vol. 95 · folio 68a

གཏན་ལ་ཕབ་བོ། །རེ་ཞིག་རིན་པོ་ཆེ་སྐར་མདའ་ལས་ཀྱང་། །ཡོན་ཏན་གང་གིས་གང་ཞིག་འོད་ཟེར་འགྱེད། །ཡོན་ཏན་དེ་ལ་གང་གིས་སྔོན་གྲོགས་བྱས། །དེ་ལ་དེ་དག་འོད་ཟེར་རབ་ཏུ་འགྱེད། །འདི་ནི་དྲང་སྲོང་མཁྱེན་པའི་ཆོ་འཕྲུལ་ཡིན། །དེ་ཡི་བསོད་

ནམས་སྔོན་ཆད་གྲོགས་བྱས་དང་། །གང་གིས་འདོད་དང་རྗེས་སུ་ཡི་རང་དང་། །གང་གིས་མཐོང་ངམ་དགེ་བ་བརྩམས་དེ་དག །དེ་ཡིས་འོད་ཟེར་འདི་དག་མཐོང་བར་འགྱུར། །གང་གིས་བསོད་ནམས་བྱས་ཤིང་དགེ་བསགས་དང་། །གང་གིས་ཡང་དང་ཡང་དུ་སངས་རྒྱས་མཆོད། །

སངས་རྒྱས་ཡོན་ཏན་འདོད་ཅིང་མོས་པ་ལ། །དེ་དག་རྣམས་ཀྱི་འོད་ཟེར་སྐུལ་བར་བྱེད། །ཇི་ལྟར་ཉི་མ་དམུས་ལོང་མི་མཐོང་ཡང་། །འཇིག་རྟེན་དག་ན་ཤར་བཅས་དེ་མེད་མིན། །མིག་དང་ལྡན་པས་ཤར་བ་མཐོང་ནས་ནི། །ཀུན་ཀྱང་རང་རང་རྣམས་ཀྱི་མོས་ལ་སྦྱོར། །

དེ་ལྟར་སྐྱེས་བུ་ཆེན་པོའི་འོད་ཟེར་དེ། །ཡོད་ཀྱང་དམན་པ་རྣམས་ཀྱིས་དེ་མི་མཐོང་། །ལོག་པས་ཟིལ་ནོན་མོས་པ་ཉམས་པ་ལ། །བློ་ཅན་རྣམས་ཀྱི་འོད་ཟེར་དཀོན་པ་ཡིན། །རྒྱན་དང་ནོར་བུ་བཞོན་པ་གཞལ་མེད་ཁང་། །རིན་ཆེན་བཅུད་ལེན་དྲི་བསུང་བྱུག་པ་རྣམས། །དེ་ཡང་ཆེན་

པོར་གྱུར་པ་རྣམས་ལ་ཡོད། །དམན་པར་གྱུར་པ་རྣམས་ལ་དེ་དག་དཀོན། །ཞེས་གསུངས་སོ། །དེ་ལྟ་མ་ཡིན་ཏེ། ཡེ་ཤེས་སེམས་དཔའ་ལ་བསྙེན་བཀུར་མ་བྱས་པ་རྣམས་དེས་བསྟན་པ་ལ་ལྷག་པར་མོས་པའམ། ཤེས་པ་འམ། སྒོམ་པར་ནུས་པ་སུ་ཞིག་ཡོད། སྔོན་བསྒོམ་པ་

རྗེས་སུ་མྱོང་བ་གསལ་བར་བྱ་བའི་ཕྱིར། འོད་སྲུངས་འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་གང་ཡང་རུང་བ་ཞིག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོས་པ་ལ་ལའི་ཕྱིར་སོན་པར་གྱུར་པ་ལ་ཞེས་བྱ་བ་ནི་གྲོང་ལ་སོགས་པའི་

ནང་དུ་ཡུན་རིང་དུ་མི་འདུག་པ་དང་། དེའི་ཡོན་ཏན་རྗེས་སུ་མྱོང་བ་ཡུན་ཐུང་བ་ཉིད་དུ་བསྟན་ཏོ། །དེ་ལས་གཞན་དེར་སོང་བ་ཁ་ཅིག་ནི་དེའི་ཡུལ་མི་འམ། གྲོང་དེ་ལ་སོགས་པའི་ཡོན་ཏན་ཤེས་པ་ཡིན་ནོ། །ཡང་དུས་གཞན་ཞིག་ན་དེའི་དྲུང་དུ་མི་ལ་ལ་ཞིག་སོང་སྟེ། ཉེ་བར་སོང་ནས། མི་སྔ་

Vol. 95 · folio 68b

མས་མཐོང་བའི་གྲོང་ཁྱེར་དེའི་བསྔགས་པ་ཡོན་ཏན་བརྗོད་དོ། །ཀུན་དགའི་ར་བ་ཞེས་བྱ་བ་ནི་ཤིང་སྣ་ཚོགས་བསྐྱེད་པའི་ར་བའོ། །ཀུན་དགའི་ར་བ་ཉམས་དགའ་ཉིད། །ཅེས་བྱ་བ་ལ། ཀུན་དགའི་ར་བའི་ལས་ནི་ཉམས་དགའ་བར་བྱེད་པའོ། །དེ་དག་གི་ལས་ནི་གཟུགས་དང་། སྒྲ་

དང་། དྲི་དང་། རོ་དང་། རེག་བྱའི་བྱེ་བྲག་གིས་རྣམ་པ་མང་ངོ་། །སྐྱེད་མོས་ཚལ་ཉམས་དགའ་བ་ཉིད་དང་ཞེས་བྱ་བ་ལ། སྐྱེད་མོས་ཚལ་ནི་སྤྱིའི་སྣ་ཚོགས་བསྐྱེད་པའི་ར་བའོ། །དེའི་ལན་གཅིག་ཅིག་དེ་དག་གི་བསྔགས་པ་བརྗོད་ནས་དེས་དེ་ཐོས་པ་དང་དགའ་བར་ཚོར་བ་ནི་

ཉམས་བདེ་བ་ཐོབ་པའོ། །འདིའི་ཡིད་བདེ་བ་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དང་ཡང་དུ་འདི་སྐད་དུ། ཀྱེ་སྐྱེས་བུ་དེ་ཉིད་ཟློས་ཏེ་བརྗོད་ཅིག་ཅེས་འཆོལ་ན་ཞེས་བྱ་བ་ནི་གསོལ་བ་འདེབས་པའོ། །སྐྱེས་བུ་དེ་སྐད་སྨྲ་བ་དེ་ནི་མེ་ཏོག་དང་འབྲས་བུ་ཉམས་དགའ་བ་དག་ཀྱང་

སྔོན་མྱོང་བ་ཡིན་པར་མི་དེས་དེ་ལྟར་རྟོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་བསམ་པ་ནི་ཉམས་དགའ་བ་སྔོན་མ་མྱོང་ཡང་ཐོས་ན་དགའ་བ་མཐོང་སྟེ། དེས་ན་མ་ངེས་པ་ཉིད་ཡིན་ནོ་སྙམ་ན། ལན་དུ་བསམ་པ་གསལ་བར་བྱེད་པ་དེ་ལ་ཡོད་པའི་རྣམ་པའི་བྱེ་བྲག་ཐུན་མོང་

མ་ཡིན་པ་བསྟན་པའི་ཕྱིར། འདི་ལྟར་དེ་ཐོས་ནས་ཡིད་ཆེར་དགའ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགུ་བ་དང་ཞེས་བྱ་བ་དེ་ནི་རབ་ཏུ་དགའ་བས་གཟེངས་མཐོས་པ་སྟེ། དེ་ནི་སྙིང་དགའ་བའོ། །འདིའི་རངས་པ་དང་ཡིད་བདེ་བ་སྐྱེས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྗེས་སུ་

མྱོང་བ་མི་འཁྲུལ་བར་ཡོད་པའི་ཆོས་རྗོད་པར་བྱེད་པ་དང་། དེ་ལས་གཞན་པ་དག་གིས་ཀྱང་ངེས་པར་བྱེད་དོ། །འོད་སྲུངས་དེ་བཞིན་དུ་གང་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་ལ་སྦྱོར་བའོ། །བསྙེན་བཀུར་བྱས་པར་གྱུར་པ་ཞེས་བྱ་བ་ནི་ཇི་

སྐད་དུ་བསྟན་པའི་བསྙེན་བཀུར་བྱས་པའོ། །ཡང་དང་ཡང་དུ་འགྲོ་ཞིང་ཞེས་བྱ་བ་ནི་ཡང་དང་ཡང་དུ་སོང་ཞིང་འདྲི་བ་བྱས་པར་གྱུར་པའོ། །འདི་ཐོས་ནས་རབ་ཏུ་དགའ་ཞིང་མགུ་བར་གྱུར་ཏེ་ཞེས་བྱ་བ་ནི་སྔོན་མ་བྱུང་བ་འབྱུང་བར་འགྱུར་བའོ། །དགའ་བ་དང་མགུ་བ་ཆེར་བསྐྱེད་ཅིང་

Vol. 95 · folio 69a

ཞེས་བྱ་བ་ལ། ཆེར་ཞེས་བྱ་བ་ནི་རྒྱ་ཆེར་རོ། །བསྐྱེད་པ་ནི་ཕྱིས་ཀྱང་ཡོད་པར་འགྱུར་བ་སྟེ། སྐྱེས་པ་མྱུར་དུ་མི་འཇིག་ཅེས་བྱ་བའི་ཐ་ཚིག་གོ། །དགའ་བའི་རྟགས་ནི་སྤོང་བར་མི་འདོད་པ་སྟེ། ཚིག་འདི་སྐད་དུ་མ་ལ་འདི་ལྟ་སྟེ། མ་སྐྱེས་པ་དང་མ་བྱུང་བ་

ནས་ཞེས་བྱ་བ་ནས། འདི་ལྟ་བུ་འདི་ཉིད་མཉན་ཏོ་ཞེས་སྨྲ་བར་འགྱུར་རོ་ཞེས་གསུངས་སོ། །འདི་ཉིད་ཅེས་བྱ་བ་ནི་གཞན་སེལ་བ་སྟེ། དེ་ཉིད་བྱེད་པའི་ཕྱིར་རོ། །དེའི་ཚེ་བཅོམ་ལྡན་འདས་མ་མཆིས་པའི་དུས་ན། དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འབྱུང་བ་དེ་དག་གི་རྣམ་

པ་དང་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཚེ་ན་ལུས་དང་ངག་དང་སེམས་ལ་རྣམ་པ་ཡོད་པར་གྱུར་པའི་ཕྱིར་རྣམ་པ་ནི་རབ་ཏུ་དགའ་བ་ལ་སོགས་པ་ཡིན་ནོ། །སྔོན་གྱི་ཉན་པ་དང་། མོས་པ་ལ་སོགས་པ་རྗེས་སུ་དཔོག་པར་བྱེད་པའི་ཕྱིར་རྟགས་སོ། །མ་འོངས་པའི་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར། རྒྱུ་མཚན་ཏེ། དེ་དག་ཉིད་ལགས་སམ་ཞེས་ཚིག་ཟུར་གྱིས་དྲིས་སོ། །འོད་སྲུངས་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ནོ། །དེ་ལྟར་རྣམ་པ་ལ་སོགས་པ་བསྟན་པ་དང་། རྣམ་པ་ལ་སོགས་པ་དོན་དམ་པ་

ཉིད་ཡིན་པ་བསལ་བའི་ཕྱིར། བཅོམ་ལྡན་འདས་ཆོས་དེ་ནི་རྣམ་པ་མ་མཆིས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་རྣམ་པ་ཡོད་པ་མ་ཡིན་པས་རྣམ་པ་མེད་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་དམིགས་པ་ཉིད་དུ་བསྟན་པ་སོ་སོའི་སྐྱེ་བོ་ལ་སོགས་པ་དང་འབྲེལ་པའི་ཆོས་དེ་ནི་ངོ་བོ་

ཉིད་མ་སྐྱེས་པའི་ཕྱིར་རྣམ་པ་མི་རིགས་པའི་ཕྱིར་རོ། །ཚུལ་དེ་ལྟ་བུ་ལ་རྗེས་སུ་དཔག་པར་བྱ་བ་མེད་པའི་ཕྱིར་རྟགས་མ་མཆིས་པའོ། །རྒྱུ་མཚན་མ་མཆིས་པ་ཞེས་མ་གསུངས་པ་ནི་མོས་པ་ལ་སོགས་པ་དེའི་རྒྱུ་མཚན་ཉིད་ཡིན་པར་དོགས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་བཅོམ་ལྡན་

འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐུགས་སུ་ཆུད་པའི་བདག་ཉིད་ཀྱང་རྣམ་པ་མ་མཆིས་པའོ། །བར་གྱི་སྒྲས་རྟགས་མ་མཆིས་པ་བཟུང་ལ། མཚན་མ་མ་མཆིས་པ་ལགས་ན་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་རོ། །སྤྱིར་བསྟན་པའི་ཕྱིར་རྣམ་པའམ། རྟགས་སམ་མཚན་མ་ཅི་རིགས་

Vol. 95 · folio 69b

པར། ཇི་ལྟ་བུ་ཞིག་རྣམ་པ་གང་ཞིག་མཆིས་པར་འགྱུར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་སྒྲའི་བདག་ཉིད་གང་ལགས་པ་དེ་ཡང་མ་སྐྱེས་པའི་ཕྱིར་དེ་བཞིན་དུ་རྣམ་པ་མ་མཆིས། རྟགས་མ་མཆིས་མཚན་མ་མ་མཆིས་པ་ལགས་ན། དེས་ན་དེ་ལྟར་ན། བཅོམ་ལྡན་འདས་རྣམ་

པ་དང་རྟགས་དང་མཚན་མ་རྣམས་མཆིས་པར་ཇི་ལྟར་བསྟན་ཅིང་བཤད། དོན་དམ་པར་རྣམ་པ་ལ་སོགས་པ་མི་སྲིད་པར་དེ་སྐད་ཅེས་གསོལ་པ་དང་། ཀུན་རྫོབ་ཀྱི་རྣམ་པ་ལས་གཞན་མ་ཡིན་པར་བསྟན་པའི་ཕྱིར། འཇམ་དཔལ་དེ་དག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་

ཤིན་ཏུ་མ་སྐྱེས་པ་དང་དངོས་པོ་མེད་པའི་བར་འདི་བསྟན་ན། གང་དག་མོས་པ་ནས་ཀུན་ཆུབ་པར་བྱེད་པའི་བར་དུ་བྱེད་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་རྣམ་པ་དང་རྟགས་དང་མཚན་མ་ཡིན་ནོ་ཞེས་གསུངས་ཏེ། དེ་དག་ཉིད་ཅེས་བྱ་བ་ནི་བསྟན་མ་ཐག་པའི་རྣམ་པའོ། །

དེ་ནི་གང་ཟག་སྔར་བསྟན་པ་དེ་དག་གི་རྣམ་པ་ལ་སོགས་པ་ཡིན་ནོ། །གང་ཟག་དེ་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཤིན་ཏུ་མ་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཀུན་ཆུབ་པར་བྱེད་པ་ཞེས་བྱ་བ་ནི་ཀུན་འཛིན་པའོ། །དེ་ཉིད་དེའི་རིགས་ཅན་ཐོས་པ་ལ་སོགས་པའི་

སྤྱོད་པ་དང་ལྡན་པ་ཡིན་ཏེ་དེ་བསྟན་པར་བྱའོ། །དེ་བས་ན་དེ་གླེང་བའི་ཆེད་དུ་འཇམ་དཔལ་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུའི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་བཤད་པ་ནི་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་

པའི་རྒྱུ་ཡིན་པའི་ཕྱིར། དེར་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་མཐའ་དག་བསྟན་པར་མི་བྱའོ། །སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སྤྲུལ་པ་དང་། མཐུ་དང་ཕྲིན་ལས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གསུངས་པ་གང་ཡིན་པ་དེ་ཡང་དེ་ལྟར་

བསྟན་པར་བལྟའོ། །གང་གི་ཕྱིར་སངས་རྒྱས་ཉིད་དུ་བསོད་ནམས་ཀྱི་ཚོགས་ཀྱིས་འགྱུར་བ་དེ་ཡོངས་སུ་རྫོགས་པ་ཡང་འདི་ཉིད་ཀྱིས་འགྱུར་བར་བསྟན་པའི་ཕྱིར། འཇམ་དཔལ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དགེ་བའི་རྩ་བ་

Vol. 95 · folio 70a

ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་པ་འམ། འཇིག་རྟེན་པ་འམ་འཇིག་རྟེན་ལས་འདས་པའི་དགེ་བ་རྒྱུར་གྱུར་པ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བའི་དགེ་བ་དེ་དག་ཡང་དག་

པར་བསྒྲུབ་པར་འདོད། བསྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པ་དང་དངོས་པོ་མེད་པ་དང་སྐྱེ་བ་མེད་པའི་བདག་ཉིད་འདི་ཉིད་ཀློག་པ་དང་། འཆད་པ་ན་མཉན་པར་བྱ། དེ་དེ་བཞིན་ནོ་ཞེས་ངེས་པར་འཛིན་པར་མོས་པར་བྱ། གླེགས་བམ་ཡི་གེར་བྲི་

བར་བྱ། ཚིག་དང་དོན་མི་བརྗེད་པར་གཟུང་བར་བྱ། གླེགས་བམ་བཀླག་པར་བྱ། གཞན་ལས་ལུང་མནོད་པར་བྱ། སྲོད་དང་ཐོ་རངས་ལ་ཁ་ཏོན་དུ་བྱ། རང་དང་གཞན་གྱི་རྒྱུད་ལ་ཇི་ལྟར་ཡོད་པར་འགྱུར་བ་དེ་ལྟར་ཚིག་ཏུ་གདོན་པར་བྱ། རྣམ་པ་ཐམས་ཅད་ཡོངས་སུ་

འཛིན་པའི་ཚུལ་གྱིས་ཀུན་ཆུབ་པར་བྱ། དེ་དང་རྗེས་སུ་མཐུན་པར་སེམས་པས་ཚུལ་བཞིན་ཡིད་ལ་བྱ། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་བསྒོམ་པར་བྱ། རྒྱལ་མཚན་དང་བ་དན་གཉིས་ལྷན་ཅིག་ཏུ་འབྱུང་བ་ལ་བྱེ་བྲག་ཏུ་ནི་འདི་ཡིན་ཏེ། རྒྱལ་མཚན་ནི་མཚན་མ་ཅན་

ལ་རྒྱུ་ངེས་པ་མེད་པ་ཡིན་ནོ། །བ་དན་ནི་མཚན་མ་མེད་པ་ལ་གོས་ཀྱི་རྒྱུ་ལས་བྱས་པའོ། །དེ་བོང་ཆུང་བ་ནི་རྣམ་པར་རྒྱལ་བའི་བ་དན་ཡིན་ནོ། །ཅི་ནུས་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པའི་ནང་ནས་གང་ཅི་ཙམ་ཡོད་པར་ནུས་པ་དེས་དེ་སྲིད་དུ་ངེས་པར་མཆོད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །

འདི་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་ཡན་ལག་ཡིན་ཏེ། རྟག་ཏུ་ངུ་ལ་སོགས་པ་བཞིན་དུ། དཀའ་བ་ཡིན་དུ་ཟིན་ཀྱང་མི་ལྡོག་པར་སྦྱོར་བའི་ཕྱིར་རོ། །ཅི་ཕོད་དུ་ཞེས་བྱ་བ་ནི་ལུས་ཀྱི་མཐུས་མི་ལྡོག་པའོ། །རིམ་གྲོར་བྱའོ་ཞེས་བྱ་བ་ནི་གུས་པར་བྱ་བ་ཡིན་གྱི་མ་གུས་པར་མ་ཡིན་

ཏེ། མཐོང་མ་ཐག་ཏུ་སྟན་ལས་ལྡང་བ་དང་། ཐལ་མོ་སྦྱོར་བ་ལ་སོགས་པ་བྱའོ། །འདི་ནི་བསམ་པ་རྣམ་པར་དག་པའི་ཡན་ལག་ཡིན་ཏེ། སྒྱུ་དང་གཡོ་སྤངས་ཏེ་སྦྱོར་བའི་ཕྱིར་རོ། །བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་ངོ་བོ་ཡིན་ལ།

Vol. 95 · folio 70b

དེའི་བར་ཆད་བྱེད་པ་ཐེག་པ་དམན་པ་ཡིན་ལ་བྱེད་པ་ནི་ཕས་ཕམ་པ་བས་ཀྱང་ཤིན་ཏུ་ལྕི་བ་ཡིན་པའི་ཕྱིར། ས་དང་རིགས་དང་འཇུག་པ་ལ་སོགས་པ་ཐམས་ཅད་ལས་འདའ་བར་བྱ་བ་ཡིན་ནོ། །འཇམ་དཔལ་ཇི་ལྟར་རྣམ་པ་གང་གིས་ཕྱིར་མི་ལྡོག་པའི་ས་ནི་གཟུགས་ལ་སོགས་པ་

ལས་ཕྱིར་ལྡོག་པ་ལ་སོགས་པ་དང་མི་གཡོ་བའོ། །དེ་ལ་འཇུག་པར་འགྱུར། ཁོང་དུ་ཆུད་པར་འགྱུར། རྟོགས་པར་འགྱུར་བ་དང་། དེ་ལྟ་བུར་ཉན་པར་འདོད་པ་དེ་ངེས་པར་འཛིན་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་

མེད་པའི་བདག་ཉིད་འདི་ཉིད་མཉན་པར་བྱ་སྟེ། ས་དེ་འཐོབ་པ་ནི་རྣམ་པ་གཞན་གྱིས་མ་ཡིན་ཏེ། འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱ་བའི་ཆོས་ནི་རྣམ་པ་གཉིས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བལྟ་བ་དང་། སེམས་ཅན་

ཐམས་ཅད་ཡོངས་སུ་མ་བཏང་བ་ཡིན་ནོ་ཞེས་གསུངས་སོ། །དེ་གཉིས་ཀྱང་འདི་ཉིད་ལས་གསུངས་ཏེ། འོག་ནས་རིམ་གྱིས་སྟོན་པར་བྱེད་དོ། །འཇམ་དཔལ་ཆོས་གང་ཡང་རུང་སོ་སོའི་སྐྱེ་བོ་ལ་སོགས་པ་དང་འབྲེལ་པ་དེ་དག་ཐམས་ཅད་མ་སྐྱེས་པས་ན་མཉམ་པ་ཉིད་དུ་སྐྱེ་བ་མེད་

པའོ་ཞེས་མཚན་ཉིད་གཅིག་པོ་འདི་ལ་མོས་ཤིང་ངེས་པར་འཛིན་པར་འདོད་པས་སོ། །འདི་ནི་འདིར་ཡེ་ཤེས་ཀྱི་ཚོགས་ཀྱི་རྩ་བ་དང་རྒྱུ་ཡིན་ནོ། །ལྷག་མ་ནི་དེ་ཉིད་ཀྱི་འབྲས་བུ་དང་རབ་ཏུ་དབྱེ་བ་ཡིན་ནོ། །འབྲས་བུ་བསྟན་པའི་ཕྱིར། འཇམ་དཔལ་སངས་རྒྱས་ཀྱི་ཆོས་ཐམས་

ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པའི་ཞེས་གསུངས་སོ། །འཇམ་དཔལ་ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་འདི་ལ། ཀྱང་གི་སྒྲ་ནི་རིམ་པ་གཞན་དུ་སྦྱར་བ་སྟེ། དེ་བཞིན་གཤེགས་པས་ཀྱང་མངོན་པར་

སངས་རྒྱས་སོ་ཞེས་བསྟན་པ་འདི་ལ་མོས་ཤིང་ངེས་པར་བྱེད་པའོ་ཞེས་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་མོས་པ་འདི་ཇི་ལྟར་མཆོག་ཡིན་ཞེ་ན་ཞེས་བྱའོ། །གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་འམ་ཞེས་བྱ་བ་ནི་ཁོང་དུ་ཆུད་པའོ། །ལམ་ཤེས་པ་གང་གིས་

Vol. 95 · folio 71a

མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པའམ། ཆོས་གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་ཞིང་ཁོང་དུ་ཆུད་པར་བྱ་བའི་ཆོས་དེ་གང་ཡང་མེད་དེ་མི་དམིགས་པའི་ཕྱིར་རོ། །དེ་ལྟར་དོན་འདི་རྟོགས་ཤིང་ཞེས་བྱ་བ་ནི་དོན་ཤེས་པར་རོ། །གང་བྱང་

ཆུབ་མ་ཡིན་པའི་ཆོས་དེ་གང་ཡང་མེད་དོ་ཞེས་བྱ་བ་ནི་སྐྱེ་བ་མེད་པར་མཉམ་པར་བྱེ་བྲག་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་འདོད་དོ། །གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་སྤང་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པའི་

བདག་ཉིད་འདི་ཉིད་མཉན་པར་བྱ་བ་ནས། རིམ་གྲོའི་བར་དུ་བྱ་སྟེ། འདི་ཉིད་ལ་སྤྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདི་ལ་གཏན་ཚིགས་ཅི་ཡོད་ཅེས་བྱ་བའོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གི་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། ཆོས་གང་གི་ཡོངས་སུ་གྲུབ་ཅིང་ཡོད་པར་བསྐྱེད་པ་མ་ཡིན་ནོ། །སྐྱེ་བ་བཀག་ན་དེ་མི་དམིགས་པའི་ཕྱིར་ཡོངས་སུ་གྲུབ་པ་སྟོན་པ་ཡང་མ་ཡིན་ཏེ། ཡོངས་སུ་གྲུབ་པ་མེད་པའི་ཕྱིར་སྟོན་པ་ལྟ་ག་ལ་ཡོད། ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་ཡང་མ་ཡིན། རྣམ་

པར་བྱང་བ་ཡང་མ་ཡིན་ཞེས་བྱ་བ་ནི་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །ཆོས་ཐམས་ཅད་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ཞེས་བྱ་བ་དེ་ལ། མོས་པར་བྱ་བ་དང་། ངེས་པར་བྱ་བ་དང་། འཇུག་པར་བྱ་བར་འདོད་པས་འདི་ཉིད་ལ་

མཉན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྐྱེ་བ་མེད་པའི་བདག་ཉིད་ཡིན་ལ། སྐྱེ་བ་མེད་པ་ལ་སོགས་པ་ནི་དུས་སུ་གཏོགས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའི་མཐར་ཐུག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཆོས་

ཐམས་ཅད་དེ་ལ་གཞོལ་བའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཐམས་ཅད་ལ། དེ་ལྟ་བུའི་ངོ་བོ་ལ་ཐེ་ཚོམ་མེད་པར་གཏན་ལ་དབབ་པར་རྟོགས་པར་འདོད་པའོ། །འཇམ་དཔལ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བར་འགྱུར་བ་དེ་ཞེས་བྱ་བ་

Vol. 95 · folio 71b

དེ་ལ། སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་གྱི་མཚན་ཉིད་འཕགས་པའི་བདེན་པ་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་ཤེས་པ་ནི་བསྐོར་བ་གཅིག་པའོ། །སྡུག་བསྔལ་ཡོངས་སུ་ཤེས་

པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་སུམ་དུ་བྱའོ། །ལམ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཡོངས་སུ་བསྐོར་བ་གཉིས་པའོ། །སྡུག་བསྔལ་ཡོངས་སུ་ཤེས་པའོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་སུམ་དུ་བྱས་སོ། །ལམ་བསྒོམས་སོ་

ཞེས་བྱ་བ་ནི་ཡོངས་སུ་བསྐོར་བ་གསུམ་པ་སྟེ། བདེན་པ་རེ་རེ་ལ་ཡང་གསུམ་དུ་བཟླས་པའི་ཕྱིར། ལན་གསུམ་དུ་བཟླས་པ་འདི་རྣམ་པ་བཅུ་གཉིས་ཡིན་པས། གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་སོ། །ལན་གསུམ་དུ་བཟླས་པ་བཅུ་གཉིས་ཀྱི་ཆོས་ནི་བསོད་ནམས་ཏེ། ངེས་

པར་ལེགས་པ་དང་། མངོན་པར་མཐོ་བ་བསྒྲུབ་པར་བྱའོ། །ཆོས་དེ་འཁོར་ལོ་བཞིན་དུ་གདུལ་བྱའི་རྒྱུད་ལ་བསྐོར་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཇི་ལྟར་འགྱུར་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་མཐོང་བ་དང་ཆོས་མཉན་པ་འགྲུབ་པར་འགྱུར་བའི་དགེ་བའི་རྩ་བ་བསྐྱེད་

པ་དང་། ཡོངས་སུ་སྨིན་པ་ལ་སོགས་པའི་རྣམ་པར་ཇི་ལྟར་འགྱུར་བའོ། །དེ་ཉན་པར་འདོད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་རིམས་བཞིན་དུ་ཐོས་པ་དང་། སེམས་པ་དང་བསྒོམ་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་

དབང་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་འདོད་ལ་ཞེས་གསུངས་ཏེ། ཤིན་ཏུ་བདེ་བ་དང་ལྡན་པར་འདོད་པའི་མཚན་ཉིད་ཀྱིས་རྒྱས་པ་ནི་བདག་དང་སེམས་ཅན་དང་། བདེ་བ་རྣམས་མི་དམིགས་པའི་ཚུལ་གྱིས་ཁྱབ་པའོ། །དེ་ཉིད་ཀྱི་ཕྱིར་སེམས་

ཅན་དུ་འདུ་ཤེས་པ་ལ་ཡང་མི་གནས་པར་འདོད་པ་དང་ཞེས་གསུངས་སོ། །ཤིན་ཏུ་བདེ་བ་དང་ལྡན་པའི་ཐབས་རྩོད་པ་མེད་པ་དེ་བསྟན་པའི་ཕྱིར། འཇིག་རྟེན་ཐམས་ཅད་དང་རྩོད་པ་མེད་པར་ཡང་འདོད་ཅིང་ཞེས་གསུངས་ཏེ། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་

Vol. 95 · folio 72a

རྟེན་གྱི་ཁམས་སུ་གཏོགས་པ་དེ་དང་ལྷན་ཅིག་རྩོད་པ་མེད་པར་འདོད་པ་ནི་བསམ་པ་དང་། དབང་པོ་དང་། ཡིད་དུ་འོང་བ་དང་། མཐུན་པར་སྟོན་པར་ཉེ་བར་སྒྲུབ་པ་དང་། མི་མཐུན་པར་སྨྲ་བ་སེལ་བར་འདོད་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་མི་དམིགས་པ་ནི་

དམིགས་སུ་མེད་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་བར་དུ་རྟོགས་ཤིང་མངོན་དུ་ཁྱབ་པར་འདོད་པས་མ་སྐྱེས་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པའི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སློབ་པ་པོ་དང་། སློབ་པ་དང་། དེའི་གནས་རྣམས་མི་དམིགས་

པའི་ཚུལ་གྱིས་བསླབ་པར་བྱ་སྟེ། མངོན་པར་འདོད་པའི་སེམས་བསྐྱེད་པ་དེ་དག་ནི་འདི་ཉིད་ལ་བསླབས་པས་འགྲུབ་པར་འགྱུར་གྱི། གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་ཀྱི་ཚོགས་སྒྲུབ་པ་ལ་སོགས་པ་དེ་ལ་ཕན་ཡོན་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་ཡིན་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་མ་མཆིས་པའི་ཡོན་ཏན་གང་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནུས་པ་ཅི་ཡང་མ་མཆིས་པ་ལགས་ན་ཕན་ཡོན་ཅི་ཞིག་མཆིས། ཡོན་ཏན་ནི་བསྔགས་པ་ཡིད་

དུ་འོང་བའི་འབྲས་བུ་ལ་བྱའོ། །དེ་དང་བྲལ་བ་ནི་ཅི་ཡང་བྱེད་པར་མི་ནུས་པའི་ཕྱིར་རོ། །ནུས་པ་མེད་པ་ཞེས་བྱ་བ་འདིས་ཐམས་ཅད་ལ་ཕན་པ་མེད་པར་སྤྱིར་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པའི་བདག་ཉིད་ནི་གང་དུ་ཡང་ནུས་པར་མི་རིགས་པའི་ཕྱིར་རོ། །

དགེ་བའི་རྩ་བ་ཀུན་ནས་སློང་བར་མི་བགྱིད་པའོ། །མི་མཐུན་པའི་ཕྱོགས་འདོད་ཆགས་ལ་སོགས་པ་རྣམ་པར་འཇིག་པར་མི་བགྱིད་པའོ། །ཕྱིར་མི་ལྡོག་པ་ཉིད་ཀྱི་ཆོས་གང་ཡང་མི་ལེན་པ་སྟེ། ཐོབ་པར་མི་བྱེད། སྒྲུབ་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །མི་འདོད་པ་

ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་མི་སྤོང་བའོ། །གཡོ་བ་མ་མཆིས་པ་བྱེད་པ་མ་མཆིས་པ་ཞེས་བྱ་བ་འདིས་ནི་ཐམས་ཅད་ལ་ཕན་པ་མེད་པར་སྟོན་ཏེ། འདི་ལྟར་གཡོ་བ་དང་ལྡན་ཞིང་བྱེད་པ་པོ་ཡོད་ན་ནི་དགེ་བའི་རྩ་བ་བསྐྱེད་པ་དང་། དམན་པའི་ས་ལས་འདའ་བ་

Vol. 95 · folio 72b

དང་། ཕྱིར་མི་ལྡོག་པའི་ས་གནོན་པའི་རྣམ་པ་ཐོས་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པར་མོས་པ་རྣམས་ལ་ཕན་པར་བྱེད་པ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་དག་གོ། །གཡོ་བ་མ་མཆིས་པ། བྱེད་པ་མ་མཆིས་པ་ལགས་ན། ཇི་སྐད་དུ་

བསྟན་པའི་དོན་དང་། གཞན་ལ་ཕན་པ་བྱེད་པར་ག་ལ་འགྱུར། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་འཕགས་པའི་ཡེ་ཤེས་དང་མཐོང་བས་མངོན་པར་བྱང་ཆུབ་པ་ཡིན་ན། ཡེ་ཤེས་དང་མཐོང་བ་དེ་གཉིས་མེད་པའི་ཕྱིར། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ལ་ཡང་འདི་ཕན་

པ་མེད་དོ་ཞེས་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཤེས་པ་མ་ལགས་ངོ་བོ་ཉིད་མཐོང་བ་མ་ལགས་ཞེས་གསུངས་ཏེ། ངོ་བོ་ཉིད་ཤེས་པ་མ་ལགས་པ་དང་། ངོ་བོ་ཉིད་མཐོང་བ་མ་ལགས་པ་ཞེས་བྱ་བ་ནི་གཉི་གའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡེ་

ཤེས་ལ་ཕན་པ་མེད་པར་བསྟན་ནས་བསྐྱེད་པ་ལ་ཡང་ཕན་པ་མེད་པར་སྟོན་པ་ནི་ཆོས་གང་ཡང་སྦྱིན་པར་མི་བགྱིད་པ་ཞེས་གསུངས་ཏེ། སྟོབས་ལ་སོགས་པའི་ཆོས་གང་ཡང་སྦྱིན་པར་མི་བགྱིད་ཅིང་། ཡོད་པར་མི་བགྱིད་པའོ། །ཆོས་ཐམས་ཅད་བསྐྱེད་པར་མི་བགྱིད་ཅེས་བྱ་

བ་ནི་འབྱུང་བར་མི་བགྱིད་པ་ལགས་ན། ཆོས་གང་ཡང་སྦྱིན་པར་མི་བགྱིད་པར་ག་ལ་འགྱུར། གང་གི་ཚེ་ཆོས་ཐམས་ཅད་སེལ་བར་མི་བགྱིད་པ་ཞེས་འབྱུང་བ་དེའི་ཚེ་ནི་སོ་སོའི་སྐྱེ་བོ་ལ་སོགས་པའི་ཆོས་རྣམས་འཇིག་པར་མི་བྱེད་ན་ནི་དེ་མ་བཅོམ་པར་སངས་རྒྱས་ཀྱི་ཆོས་

ཀྱང་སྦྱིན་པར་མི་བྱེད་པར་རིག་པར་བྱའོ། །དེ་ལྟར་ན་ཚིག་བཞིས་མངོན་པར་བྱང་ཆུབ་པ་ལ་ཕན་པ་མེད་པར་བསྟན་ནས། དེའི་རྒྱུར་གྱུར་པ་ཆོས་ཐམས་ཅད་མ་སྐྱེས་པར་མཉམ་པ་ཉིད་དུ་མོས་པའི་རྣམ་པ་དང་དེ་བཞིན་གཤེགས་པས་ཀྱང་ཆོས་ཐམས་ཅད་མངོན་པར་རྫོགས་

པར་སངས་རྒྱས་པ་མ་ཡིན་ནོ་ཞེས་བསྟན་པ་ལ་མོས་པ་ལ་སོགས་པ་དང་། ཆོས་སྐྱེ་བ་མེད་པ་ལ་སྟོན་པ་དང་ཐེ་ཚོམ་མེད་པ་དང་། རྟོགས་པ་ལ་ཐུག་པ་རྣམས་ལ་ཕན་པ་མེད་པར་བསྟན་པའི་ཕྱིར། ཆོས་ཐམས་ཅད་ཐ་དད་པ་མ་མཆིས་པ་ལ་མི་བགྱིད་པ་ཞེས་གསུངས་ཏེ། ཆོས་

Vol. 95 · folio 73a

ཐམས་ཅད་ཐ་དད་པ་མ་མཆིས་པ་ནི་དབྱེར་མེད་པ་སྟེ། དེ་ལ་བགྱིད་པ་སྤྱོད་པ་མེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཆོས་ཐམས་ཅད་ཐ་དད་པ་མེད་པར་བྱེད་པ་མ་ཡིན་པའོ། །དེའི་གཏན་ཚིགས་སུ་མ་བགྱིས་པ་ཞེས་གསུངས་ཏེ། བྱེད་པ་དང་

བྲལ་བ་ཡིན་ན་ཆོས་ཐམས་ཅད་རོ་གཅིག་པའི་མཚན་ཉིད་དུ་གསུངས་པའི་དོན་ལ་ཇི་ལྟར་ཕན་པ་བྱེད་པར་འགྱུར། གླེགས་བམ་ཁ་ཅིག་ལས། ཆོས་ཐམས་ཅད་ཐ་དད་པར་མི་བགྱིད་པ་དང་། ཆོས་ཐམས་ཅད་གཅིག་ཏུ་བགྱིད་པ་མ་ལགས་པ་དང་། ཆོས་ཐམས་ཅད་སོ་

སོར་བགྱིད་པ་མ་ལགས་པ་དང་། བགྱི་བ་མ་མཆིས་པ་ཞེས་འབྱུང་བ་དེའི་དོན་ནི་འདི་ཡིན་ཏེ། ཐ་དད་པ་ཉིད་དུ་བྱེད་པ་ནི་ཐ་དད་པར་བྱེད་པའོ། །དེ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས་ན་དོན་ནི་འདི་ཡིན་ཏེ། ཐ་དད་པ་ཉིད་དུ་བྱེད་པ་མེད་པ་ཞེས་བྱ་བ་ནི་ཐ་

དད་པ་ཉིད་དུ་བྱེད་པ་འགོག་པ་ཡིན་ནོ། །ཆོས་ཐམས་ཅད་གཅིག་ཏུ་བགྱིད་པ་མ་ལགས་པ་ཞེས་བྱ་བ་འདིས་ནི་ཐ་དད་པ་མེད་པར་བྱེད་པ་འགོག་པའོ། །ཆོས་ཐམས་ཅད་སོ་སོར་མེད་པར་བགྱིད་པ་མ་ལགས་པ་ཞེས་བྱ་བ་ནི་ཐ་དད་པ་ཉིད་དུ་བྱེད་པ་འགོག་པ་ཉིད་གསལ་བར་བྱེད་པའི་རྣམ་

གྲངས་ཡིན་ནོ། །མ་བགྱིས་པ་ཞེས་བྱ་བ་ནི་བསྟན་མ་ཐག་པ་ཐམས་ཅད་ཀྱི་གཏན་ཚིགས་སུ་བྱེད་པ་མ་ཡིན་པ་སྟེ། བྱེད་པ་མི་རིགས་པའི་ཕྱིར་རོ། །དེ་བས་ན་གོང་དུ་བསྟན་པའི་དོན་ལ་ཕན་པ་མེད་པ་གསལ་བ་ཁོ་ན་ཡིན་ནོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པ་ལ། ཐོས་པ་

དང་མོས་པ་དང་། འཇུག་པ་རྣམས་ཀྱི་འབྲས་བུ་ནི་འགོག་པ་ཡིན་ནོ། །དེ་ཡང་ཉོན་མོངས་པ་ཟད་པ་དང་ཕུང་པོ་ཞིག་པའོ། །ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་གང་ཡིན་པ་དེའི་འདུ་ཤེས་མེད་པའི་ཕྱིར། ཆོས་ཀྱི་འཁོར་ལ་བསྐོར་བ་ཐོས་པ་ལ་སོགས་པ་ལ་ཡང་

ཕན་པ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་བས་པ་རྣམ་པར་འཇིག་པར་མི་བགྱིད་པ་ཞེས་གསུངས་ཏེ། གོ་རིམས་བཞིན་དུ་ཉོན་མོངས་པ་རྣམས་དང་། ཕུང་པོ་རྣམས་ཡིན་པར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པ་ལ་ཡང་འདི་ཕན་པ་མེད་པ་བསྟན་

Vol. 95 · folio 73b

པའི་ཕྱིར། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་ནི་སེམས་ཅན་ཐམས་ཅད་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་བདེ་བ་དང་ལྡན་པར་འདོད་པ་ཡིན་ནོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྦྱིན་པར་མི་བྱེད་ན།

ལྷ་དང་མིའི་བདེ་བ་སྦྱིན་པར་བྱེད་པ་ལྟ་ག་ལ་ཡོད་སྙམ་དུ་དགོངས་པའོ། །དེ་བཞིན་དུ་དགྲ་བཅོམ་པའི་ཆོས་རྣམས་ཀྱང་སྦྱིན་པར་མི་བྱེད་ན། མྱ་ངན་ལས་འདས་པའི་བདེ་བ་སྦྱིན་པར་ལྟ་ག་ལ་བྱེད། དེ་བཞིན་དུ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྦྱིན་པར་བགྱིད་པ་ཡང་མ་ལགས་

ཞེས་བྱ་བ་ལ་ཀྱང་གི་སྒྲ་ནི་སྲིད་པ་ལ་བྱའོ། །ཡང་གི་སྒྲ་ནི་ཐམས་ཅད་སྦྱིན་པར་མི་བགྱིད་པ་དང་སྦྱར་ཏེ། བསྡུ་བའི་དོན་ཡིན་པའི་ཕྱིར་རོ། །འདིར་གཏན་ཚིགས་སུ་འཁོར་བ་འདོར་བར་མི་བགྱིད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོར་བར་མི་བགྱིད་པ་ནི་སྤོང་བར་མི་བགྱིད་

པ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་མ་བཅོམ་པར་བདེ་བ་སྦྱིན་པར་ག་ལ་འགྱུར། མྱ་ངན་ལས་འདས་པ་ལེན་པར་མི་བགྱིད་པ་ཞེས་བྱ་བ་ནི་འཛིན་པར་མི་བགྱིད་པ་ཡིན་པས་མྱ་ངན་ལས་འདས་པའི་བདེ་བ་སྦྱིན་པ་ཡོད་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་རྣམས་སྦྱིན་

པར་བགྱིད་པ་མ་ལགས་པ་ཡིན་ནོ། །བླ་ན་མེད་པའི་བདེ་བ་སྦྱིན་པར་ལྟ་ག་ལ་འགྱུར། སྔར་ཡང་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བགྱིད་པ་མ་ལགས་པ་ཞེས་དེ་སྐད་དུ་བསྟན་པ་མ་ཡིན་ནམ། ད་ཡང་དེ་བཞིན་དུ་སྟོན་ན་ཡང་སྟོན་པ་འདི་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྔར་ནི་དེ་བཞིན་གཤེགས་

པ་བླ་ན་མེད་པ་བདེ་བའི་བྱེ་བྲག་ལ་ལྟོས་ཏེ་བསྟན་ཏོ། །ད་ནི་སངས་རྒྱས་ཀྱི་ཆོས་མཐའ་དག་ལ་ལྟོས་པ་ཡིན་ཏེ། གང་ན་ཤིང་མེད་པ་དེ་ན་ཤིང་ཤ་པ་ཡང་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ནི་སྒྲུབ་པར་བྱེད་པ་ཡིན་ནོ། །སྔ་མ་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །སེམས་

ཅན་གྱི་འདུ་ཤེས་ལ་མི་གནས་པ་ལ་ཡང་འདི་ཕན་པ་མེད་པར་བསྟན་པའི་ཕྱིར། རྣམ་པར་འཇིག་པར་བགྱིད་པ་མ་ལགས་པ་ཞེས་གསུངས་ཏེ། སེམས་ཅན་གྱི་འདུ་ཤེས་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། སེམས་ཅན་གྱི་འདུ་ཤེས་ཡོད་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

Vol. 95 · folio 74a

ཕྱིན་པ་འདི་འཇིག་པར་བྱེད་པ་ཡིན་ལ་དེའི་ཚེ། དེ་ལ་མི་གནས་པ་ལ་ཕན་པ་བྱེད་པ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འཇིག་རྟེན་ཐམས་ཅད་དང་ལྷན་ཅིག་རྩོད་པ་མེད་པ་ལ་ཡང་འདི་ཕན་པ་མེད་པར་བསྟན་པའི་ཕྱིར། བསམ་པར་བགྱི་བ་མ་ལགས་

པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པར་འོས་པ་ནི་བསམ་པའོ། །བསམ་པར་བགྱི་བ་མ་ལགས་ཏེ། སེམས་པར་བྱེད་པ་སྟོང་པ་ཡིན་ན། སེམས་པ་མེད་ན་མི་འབྱུང་བའི་ཆོས་འཆད་པ་མི་རིགས་པའི་ཕྱིར། ཆོས་རྟོགས་པར་ཇི་ལྟར་འགྱུར་ཏེ། གང་གིས་ན་རྩོད་པ་མེད་

པར་འགྱུར། དེ་བཞིན་དུ་བསམ་དུ་མ་མཆིས་པ་མ་ལགས་པ་ཞེས་གསུངས་ཏེ། བསམ་དུ་མ་མཆིས་པ་ཡིན་ནོ་སྙམ་དུ་རྣམ་པར་རྟོག་ཅིང་བསྙེམས་པ་མེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་གསུངས་སོ། །བསམ་པར་བགྱི་བ་མ་ལགས་པ་དང་། བསམ་དུ་མ་མཆིས་པ་མ་ལགས་པ་ཞེས་

བྱ་བའི་ཚིག་འདི་གཉིས་ཀྱིས་ནི་འཆད་པ་མི་འཐད་པར་བསྟན་ཏོ། །དེ་བས་ན་འདི་ལ་ཕན་པ་མེད་པར་བསྟན་པའི་ཕྱིར། ཆོས་རྟོགས་པར་བགྱིད་པ་མ་ལགས་པ་ཞེས་གསུངས་སོ། །འཇིག་པར་བགྱིད་པ་མ་ལགས་པ་ཞེས་བྱ་བ་ནི་ཐེ་ཚོམ་དང་། ཡིད་གཉིས་དང་། སོམ་ཉི་རྣམས་གཞན་དུ་འགྱུར་བར་ཡང་དག་པ་ཇི་ལྟ་བ་

བཞིན་ཆོས་འཆད་པར་བྱེད་པ་མེད་པའི་ཕྱིར་རོ། །འཇིག་རྟེན་ཐམས་ཅད་མི་དམིགས་པར་རྟོགས་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པ་ལ་ཡང་འདི་ཕན་པ་མེད་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་བར་དུ་ལགས་ན། ཡོན་

ཏན་གང་ལགས་ཞེས་གསུངས་སོ། །བར་དུ་ཞེས་བྱ་བའི་སྒྲས་ནི་མ་སྐྱེས་པ་དང་། སྐྱེ་བ་མེད་པ་ཉིད་བཟུང་སྟེ། འདི་གཉིས་ལྷན་ཅིག་ཏུ་འདུག་པར་རྣམ་པ་མང་དུ་བསྟན་པའི་ཕྱིར་རོ། །གང་ཡང་རྣམ་གྲངས་གཞན་དག་ཀྱང་དེ་ཡིན་པར་སྡུད་པ་ནི་སྡུད་ལ་རག་གོ། །གང་ལྟར་ཡང་

རུང་སྟེ། དོན་ཐ་མ་གཉིས་དང་། དགེ་བའི་རྩ་བ་སྒྲུབ་པ་ལ་སོགས་པ་ཀུན་ལ་ནི་དེ་ལྟ་བུ་ཡིན་ན། རེ་ཞིག་ཕན་པ་འགའ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གང་ལགས་ཞེས་གསུངས་ཏེ། ཡོན་ཏན་ནི་ཕན་པ་ལ་བྱ་སྟེ། གང་གི་དོན་དུ་དེ་དང་

Vol. 95 · folio 74b

དེ་འདོད་པས། འདི་ཉིད་མཉན་པར་བྱ་བ་ནས། བསྙེན་བཀུར་བྱ་བའི་བར་དུ་བྱེད་ཅེས་དགོངས་པའོ། །གླེགས་བམ་ཁ་ཅིག་ལས་བགྱིད་པ་མ་ལགས་པ། འཇིག་པར་བགྱིད་པ་མ་ལགས་པ་ཞེས་འབྱུང་བའི་མཇུག་ཐོགས་སུ་དངོས་པོ་མེད་པའི་བར་དུ་ཞེས་བྱ་བ་བསལ་ནས། ཆོས་ཐམས་

ཅད་བསྐྱེད་པ་མ་ལགས་པ། འགོག་པ་མ་ལགས་པ། འཆད་པར་བགྱིད་པ་མ་ལགས་པ། རྟག་པར་བགྱིད་པ་མ་ལགས་པ། འོང་བར་བགྱིད་པ་མ་ལགས་པ། འགྲོ་བར་བགྱིད་པ་མ་ལགས་པ། དབེན་པར་བགྱིད་པ་མ་ལགས་པ། མི་དབེན་པར་བགྱིད་པ་མ་ལགས་པ།

གཉིས་སུ་བགྱིད་པ་མ་ལགས་པ། མི་གཉིས་པར་བགྱིད་པ་མ་ལགས་པ་ཞེས་འབྱུང་བ་ནི་གཞུང་མ་ཡིན་པར་མངོན་ཏེ། གླེགས་བམ་དུ་མ་ལས་དེ་སྐད་དུ་མི་འབྱུང་བའི་ཕྱིར་དང་། དངོས་པོ་མ་མཆིས་པའི་བར་དུ་ཞེས་བྱ་བའི་ཚིག་འདི་མི་སྨོས་པའི་ཡང་ཕྱིར་རོ། །འདི་ནི་གདོན་མི་ཟ་བར་

བརྗོད་པར་བྱ་དགོས་ཏེ། བཅོམ་ལྡན་འདས་ཀྱིས་ལན་དུ་བཀའ་སྩལ་པ་ལས། ཡོན་ཏན་གྱི་མཇུག་ཏུ་འདི་བཀའ་སྩལ་པའི་ཕྱིར། གོང་དུ་མི་བརྗོད་པ་ནི་རིགས་པ་མ་ཡིན་ནོ། །འདིར་ལན་དུ། འཇམ་དཔལ་གཡོ་བ་མེད་པ་ནས་དངོས་པོ་མེད་པའི་བར་འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཁྱོད་ཀྱིས་དང་པོ་གཡོ་བ་མེད་པ་ནས། ཐ་མ་དངོས་པོ་མེད་པ་ལ་ཐུག་པའི་བར་དུ། འདིར་སྨྲས་པ་གང་ཡིན་པ་དེ་ཉིད་ཡོན་ཏན་ཡིན་ནོ། །གལ་ཏེ་འདི་ལ་དངོས་པོ་ཡོད་པ་མ་ཡིན་ན་ནི་ལོག་པར་སྒྲོ་འདོགས་པར་འགྱུར་ཏེ། མེད་པ་ལ་

སྒྲོ་འདོགས་པའི་ཕྱིར་རོ། །དེའི་ཚེ་ཀུན་ནས་སློང་བ་ལ་སོགས་པའི་སྤྱོད་པ་དང་ལྡན་པའི་ཕྱིར། འདི་ཆགས་པ་མེད་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པར་མི་འགྱུར་རོ། །དེ་ལྟར་ན་སྐྱེ་བ་མེད་པའི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་ནས། ཤིན་ཏུ་ལེགས་པར་ཤེས་

པར་བྱ་སྟེ། ལྷག་པར་མོས་པར་བྱ་ལ། བསམ་པས་ཤིན་ཏུ་གཏན་ལ་ཕབ་སྟེ། གོམས་པས་ཞི་གནས་ཀྱི་སྤྱོད་པ་ལ་ཡང་སྦྱར་བར་བྱའོ་ཞེས་བསྟན་པའི་ཕྱིར། འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་

Vol. 95 · folio 75a

ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་དབང་བསྐུར་བའི་བྱེ་བྲག་དང་ལྡན་པ་ལའོ། །དེ་ལ་ཐོག་མ་ཉིད་དུ་སློབ་པ་ནི་སྤྱོད་ཅིང་གོམས་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་

ཏིང་ངེ་འཛིན་སྒྲུབ་པ་ཞེས་བྱ་བ་ནི་ཐོབ་པར་བྱེད་པའོ། །ཏིང་ངེ་འཛིན་དེའི་འབྲས་བུ་བསྟན་པའི་ཕྱིར། ཏིང་ངེ་འཛིན་གང་ལ་གནས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་ཡེ་ཤེས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་

ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་སྣང་བར་འགྱུར་བ་དང་། དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོན་ཏན་སྣ་ཚོགས་ཀྱི་རྣམ་པས་བརྒྱན་པ་ཐམས་ཅད་ཀྱང་མཐོང་བར་འདོད་པ་དང་། ཇི་ལྟ་ཇི་ལྟར་དེ་དག་གི་མིང་བཏགས་པ་ཤེས་པར་འདོད་པ་དང་། དེ་དག་ལ་

མཆོད་པ་བླ་ན་མེད་པ་ཞེས་བྱ་བ་ནི་སྒྲུབ་པ་དང་། རྫས་དང་། དེ་བཀོད་པ་རྣམས་ཀྱིས་ཇི་ལྟར་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པ་བསྔགས་པ་དེ་ལྟར་བྱེད་པར་འདོད་པ་དང་། དེ་དག་གི་ཆོས་བསྟན་པ་ལ་འཇུག་པ་ནི་རྟོགས་པར་བྱེད་པའོ། །མོས་པར་འདོད་

པས་ཞེས་བྱ་བ་ནི་ངེས་པར་བྱེད་པར་འདོད་པའོ། །མི་བསླབ་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ། ཉིད་ལ་ཞེས་བྱ་བ་ནི་འདི་ཁོ་ན་ལ་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་རྟོག་པ་ལ་སོགས་པའི་རིམ་གྱིས་བསླབ་པ་ཁོ་ན་བྱའོ་ཞེས་

གཉི་གར་ངེས་པར་གཟུང་བར་བྱའོ། །མི་བསླབ་པའི་ཚུལ་དུ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་འདི་ལ་བདག་སློབ་བོ་སྙམ་དུ་སེམས་བསྐྱེད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་སྐྱེ་བ་མེད་པ་འདི་ཉིད་ཞི་གནས་དང་ལྷག་མཐོང་གཉིས་ཀྱི་སྤྱོད་ཡུལ་དང་གཟུགས་བརྙན་ཡིན་ནོ་ཞེས་ངེས་པར་

བྱ་བའི་ཆེད་དུ། བཅོམ་ལྡན་འདས་ཅིའི་སླད་དུ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ཞེས་དྲིས་ཏེ། ཤེས་རབ་མཆོག་ཏུ་གྱུར་པའི་ཤེས་རབ་མཆོག་ཉིད་དང་ཁྱད་པར་དུ་གྱུར་པ་དང་། དམ་པ་ཉིད་ཡིན་པའི་གཏན་ཚིགས་གང་ཡིན་ཞེ་ན་ལན་དུ་འཇམ་དཔལ་མ་སྐྱེས་མ་འགགས་

Vol. 95 · folio 75b

པའི་ཕྱིར། དེ་སྐད་བྱའོ་ཞེས་གསུངས་ཏེ། དེ་ལས་གཞན་མཆོག་ཏུ་གྱུར་པའི་གཏན་ཚིགས་ཕྱིན་ཅི་མ་ལོག་པ་ཡོད་པ་མ་ཡིན་ནོ། །སྐྱེ་བ་དང་འགག་པ་གཉིས་ནི་མེད་བཞིན་དུ་ཀུན་ཏུ་བརྟགས་པ་ཡིན་པས་ལོག་པ་ཡིན་ནོ། །དེ་འདི་ཉིད་གསལ་བར་བྱེད་པ་ནི་གཟོད་མ་ནས་ཞི་བ་ལ་སོགས་

པ་ཡིན་ཏེ། སྐྱེ་བ་མེད་པ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་གཟོད་མ་ནས་ཞི་བ་དང་འབྱུང་བ་མེད་པ་ཡིན་ཏེ། ངེས་པར་འབྱུང་བ་མེད་པ་དང་བྱ་བ་མེད་པ་ཡིན་ཏེ། བྱེད་པ་མེད་པ་དང་། དེ་ལྟ་བུའི་བདག་ཉིད་ཀྱི་དངོས་པོ་མེད་པ་ཡིན་པ་དེའི་ཕྱིར་རོ། །བར་གྱི་སྒྲས་རང་བཞིན་གྱིས་

ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་གཟུང་ངོ་། །གང་དངོས་པོ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བ། སྐྱེ་བ་མེད་པ་ལ་སོགས་པ་ནས་དངོས་པོ་མེད་པ་ལ་ཐུག་པའི་གཏན་ཚིགས་ཀྱི་དོན་དེའི་ཕྱིར་ན། མཇུག་སྡུད་པ་ནི་འཇམ་དཔལ་གཏན་ཚིགས་དེའི་ཕྱིར་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་གསུངས་སོ།། །།བམ་པོ་བདུན་པ་སྟེ་ཐ་མའོ། །གང་ཆོས་ཐམས་ཅད་སྤྱོད་ཡུལ་མ་ཡིན་པ་དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ་ཞེས་གསུངས་པ་ལ་དེ་ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་

གཟུང་བའི་ཕྱིར་ཏེ། དེ་ཉིད་ཡིན་གྱི་གཞན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །དེ་སྟོན་པར་བྱེད་པ་ནི་གང་ཆོས་ཐམས་ཅད་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་ཡིན་ཏེ། མ་སྐྱེས་པའི་ཕྱིར་གཟུང་བར་བྱ་བ་མེད་པ་ལ་ཤེས་པ་དང་། དམིགས་པ་མེད་པ་ཡིན་ནོ། །དམིགས་

པ་མེད་པའི་ཡེ་ཤེས་འདི་ལ་དེའི་ངང་དུ་གྱུར་པར་སྤྱོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་ལ་ཞུགས་པ་ཞེས་བྱ་བ་ནི་རང་གི་ཡུལ་ལ་ཞུགས་པ་ཞེས་བྱ་བ་ཡིན་ནོ། །འདི་ལྟ་སྟེ། སྤྱོད་ཡུལ་མ་ཡིན་པ་ཐམས་ཅད་དུ་སོང་བ་ཉིད་སྤྱོད་ཡུལ་ཡིན་ནོ་ཞེས་གསུངས་པ་ནི་

འདི་ལྟ་སྟེ། སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་སྤྱོད་ཡུལ་མ་ཡིན་པ་ནི་ཡུལ་དུ་བྱར་མེད་པའོ། །ཐམས་ཅད་དུ་སོང་བ་ནི་སྤྱོད་ཡུལ་མ་ཡིན་པ་ཡིན་ཏེ། ཐམས་ཅད་དུ་སོང་བ་ཡོད་པས་དེ་ཐམས་ཅད་དུ་སོང་བ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ནང་དུ་སོང་བ་ནི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །

Vol. 95 · folio 76a

སྐྱེ་བ་མེད་པ་ནི་སྤྱོད་ཡུལ་ཡིན་ཏེ། བློ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ། །ཆོས་ཐམས་ཅད་མི་དམིགས་པ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་ལ་དོན་དེ་ཉིད་གསལ་བར་བྱེད་པ་ནི་སྤྱོད་ཡུལ་

འདི་ནི་མ་བྱས་པ་སྟེ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་འདི་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་འདུས་མ་བྱས་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་དུ་སོང་བ་འདི་ནི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱའོ། །དེ་ལྟར་སྤྱོད་ཡུལ་དང་གཟུགས་བརྙན་བསྟན་ནས། དེ་

ལ་སྤྱོད་པ་བསྟན་པའི་ཕྱིར་རོ། །བཅོམ་ལྡན་འདས་གང་ལ་སྤྱད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ལན་ནི་འཇམ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྤྱོད་པའི་ངང་དུ་གྱུར་ན། མྱུར་

དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་གྱི། འཕྲལ་ལ་སྤྱོད་པ་དེ་ནི་མྱུར་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འཇམ་དཔལ་བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཞེས་བྱ་བ་ལ་སོགས་པ་ནི་འདི་སྙམ་དུ་དགོངས་ཏེ། འདིར་སྐྱེ་བ་མེད་པ་ལ་བཟོད་པའི་ཕྱིར་བཟོད་པ་དང་།

སྐད་ཅིག་མ་ཕྱི་མ་ལ་མངོན་པར་འདོད་པའི་ཕྱིར་འདོད་པ་དང་། དེ་ལྟར་བསམ་པའི་ཕྱིར་བློ་དང་། རྒྱུན་དུ་རྟོག་པའི་ཕྱིར་ཚོལ་བ་དང་། མངོན་དུ་རྟོག་པའི་ཕྱིར་ལྟ་བ་དག་གི་མཚན་ཉིད་གལ་ཏེ་ཤེས་རབ་ཡིན་དུ་ཟིན་ཀྱང་། འོན་ཀྱང་དེ་ལ་སྐྱེ་བ་མེད་པའི་ཏིང་ངེ་འཛིན་སྤྱོད་པ་མེད་པར་ནི་སྤྱོད་

པའི་བདག་ཉིད་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣམ་པ་གང་གིས་ནི་འབྲས་བུ་ཤིན་ཏུ་རྣམ་པར་དག་པ་མངོན་པར་བྱང་ཆུབ་པར་གང་གིས་འགྱུར་བར་བྱེད་པའི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པར་མི་འགྱུར་རོ། །དེ་བས་ན་དེ་བརྗོད་པའི་ཕྱིར། ཏིང་

ངེ་འཛིན་དེ་ལ་སྤྱོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་གིས་ནི་ཞི་གནས་དང་ལྷག་མཐོང་གཉིས་ནི་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུ་ཡིན་པར་བསྟན་ཏོ། །དེ་ཉིད་ལས་སངས་རྒྱས་ལ་བསྙེན་བཀུར་བྱ་བ་དང་།

Vol. 95 · folio 76b

སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པ་ལ་སོགས་པའི་ཡོན་ཏན་ཡང་འགྲུབ་པར་འགྱུར་རོ། །བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ལ་སྤྱོད་ན་ཞེས་བསྟན་གྱི། དེ་ལ་སྤྱད་པའི་

རིམ་པ་ནི་མ་གསུངས་ཏེ་དེའི་ཕྱིར། བཅོམ་ལྡན་འདས་བཀོད་པ་གཅིག་པའི་ཏིང་ངེ་འཛིན་དེ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་འཇུག་པར་བགྱི་ཞེས་དྲིས་སོ། །གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། ཅིའི་སླད་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཞེས་

བགྱི་ཞེས་སྒྲ་འཇུག་པའི་རྒྱུ་མཚན་དྲིས་སོ། །རེ་ཞིག་སྤྱོད་པའི་ཡུལ་བསྟན་པའི་ཕྱིར། འཇམ་དཔལ་བཀོད་པ་གཅིག་པ་ཞེས་བྱ་བ་འདི་ནི་སྐྱེ་བ་མེད་པའི་ཚིག་བླ་དགས་སོ་ཞེས་གསུངས་ཏེ། གཅིག་ཁོ་ན་ཡིན་གྱི་གཉིས་པ་ནི་མ་ཡིན་ནོ། །ཚོགས་མང་པོ་རྣམས་སོ་སོར་བཀོད་པ་ནི་བཀོད་པ་

ཞེས་བྱ་སྟེ། དམག་ལ་སོགས་པ་བཀོད་པ་བཞིན་ནོ། །གཅིག་གིས་ནུས་པ་མ་ཡིན་གྱི། མང་པོ་ཚོགས་པ་སོ་སོར་བཀོད་པ་མ་འཁྲུགས་པར་འཁོད་པ་རྣམས་ཀྱིས། དགོས་པ་མང་པོ་སྒྲུབ་པར་བྱེད་པའི་དོན་གྱི་བཀོད་པ་དང་ཆོས་མཐུན་པའི་ཕྱིར་ཏིང་ངེ་འཛིན་ཁོ་ན་བཀོད་པ་ཡིན་པས།

བཀོད་པ་གཅིག་ཁོ་ན་ཡིན་གྱི་གཉིས་མ་ཡིན་ནོ། །གཏན་ཚིགས་དྲིས་པ་རྣམས་གསལ་བར་བྱ་བ་ནི་ཕྱིས་བཤད་པར་བྱའོ། །ཉི་ཁྲི་ལྔ་སྟོང་པ་ལས་ཀྱང་ཏིང་ངེ་འཛིན་འདི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། དེ་ལ་བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་

ལ་གནས་ནས། ཆོས་གང་ཡང་གཉིས་སུ་མི་མཐོང་བ་འདི་ནི་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་མདོར་བཀའ་སྩལ་ཏོ། །བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འདོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཐོག་མ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་

སུ་དྲི་བར་བྱ་དགོས་ཏེ་ཞེས་བྱ་བ་འདིས་ནི་ལོག་པར་ཐོས་པ་དང་། ལོག་པར་ཟིན་པ་ལ་སོགས་པ་སེལ་བར་བྱེད་ལ། དྲིས་པ་ཡང་དག་པར་ཟིན་དང་། འདོར་བར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ཤེས་རབ་ཀྱིས་ལེགས་པར་དཔྱད། ལེགས་པར་བཟུང་། ལེགས་པར་བརྟགས། ལེགས་

Vol. 95 · folio 77a

པར་ཁོང་དུ་ཆུད་པར་བྱས་ལ། དེ་ནས་དེའི་འོག་ཏུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་ཏེ། དེ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟར་སྔ་ཕྱིར་ངེས་པ་ཅིའི་ཕྱིར་ཞེ་ན་དེའི་ཕྱིར། འཇམ་དཔལ་

སྐྱེ་བ་མེད་པ་ནི་མི་འཁྲུགས་པ་སྟེ་ཞེས་གསུངས་ཏེ། འདི་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སྐྱེ་བ་མེད་པ་ནི་རྣམ་པར་རྟོག་པ་དཔྱད་པའི་བདག་ཉིད་ཀྱི་རླུང་གིས་མི་འཁྲུགས་ཏེ། མ་གཡོས་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་ནི། རྣམ་པར་རྟོག་པ་དང་བཅས་པ་ཡང་ཡིན་ཏེ།

དཔྱོད་པར་བྱེད་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན་དེའི་ཕྱིར། དཀྲུག་ཏུ་མི་རུང་ཞེས་གསུངས་ཏེ། གཞན་གྱིས་དཀྲུག་པར་འོས་པ་མ་ཡིན་པ་སྟེ། དེ་བས་ན་རྟོག་པ་དང་བྲལ་བའི་ཕྱིར། དཀྲུག་ཏུ་མི་རུང་བའོ། །ཅིའི་ཕྱིར་རྟོག་པ་མེད་ཅེ་ན་དེའི་ཕྱིར། དཀྲུག་པར་བྱ་བ་མ་ཡིན་པ་

ཞེས་གསུངས་ཏེ། དཀྲུག་པར་བྱ་བའི་དངོས་པོ་འདི་ལ་ཡོད་པ་མ་ཡིན་པས་དཀྲུག་པར་བྱ་བ་མ་ཡིན་པའོ། །འདི་ཐམས་ཅད་ཇི་ལྟར་འཐད་ཅེ་ན་དེའི་ཕྱིར། བསམ་གྱིས་མི་ཁྱབ་པ་ཞེས་གསུངས་ཏེ། སེམས་པར་བྱེད་པས་སྟོང་པའི་ཕྱིར་རོ། །འདིའི་གཏན་ཚིགས་ནི་བསམ་པར་མི་བྱ་བ་

ཡིན་ཏེ། བསམ་པར་བྱ་བ་དང་བྲལ་བའི་ཕྱིར་རོ། །བསམ་གྱིས་མི་ལང་བ་ཡང་ཡིན་ཏེ། སེམས་པར་བྱེད་པ་དང་བྲལ་བའི་ཕྱིར་རོ། །དབེན་པའི་མལ་སྟན་རྣམས་བསྟེན་པར་བྱ་ཞེས་བྱ་བ་ནི་ཐེག་པ་དམན་པ་ཡིན་ལ་བྱེད་པས་དབེན་པའི་མལ་སྟན་བསྙེན་པར་བྱ་བ་ཡིན་ཏེ། ལེ་ལོའི་གོ་

སྐབས་ཀྱི་གནས་ཡིན་པའི་ཕྱིར་རོ། །འདུ་འཛི་མེད་པ་ལ་དགའ་བར་ཡང་བྱས་ལ་ཞེས་བྱ་བ་ནི་ཐེག་པ་དམན་པའི་གཏམ་བྱེད་པའི་འདུ་འཛི་མེད་པ་དེ་ལ་དགའ་བ་འདི་ཡིན་པས་འདུ་འཛི་མེད་པ་ལ་དགའ་བའོ། །ཕྱི་དང་ནང་གི་མཚན་མ་སྣ་ཚོགས་འདུ་ཤེས་ཀྱི་རྒྱུ་ཡིན་པ་ཐམས་ཅད་ཡིད་

ལ་མི་བྱ་བ་ནི་འདི་བསྙེམས་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ན་ཡིད་ལ་མི་བྱ་བར་ཡང་བྱས་ལ་ཞེས་སྦྱར་ཏེ། ཡང་གི་སྒྲ་ནི་བསྡུ་བའི་ཕྱིར་རོ། །སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་ནི་ལུས་ཤིན་ཏུ་སྦྱངས་པ་དང་། རྗེས་སུ་མཐུན་པའི་ཕྱིར་མཉམ་པར་འཇོག་པའི་རྒྱུ་ཡིན་ནོ། །དེ་

Vol. 95 · folio 77b

བཞིན་གཤེགས་པ་ཞེས་བྱ་བ་ནི་དེའི་ལམ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །གཅིག་ཡིད་ལ་བྱ་བ་ནི་ལས་དང་པོ་པ་རྣམས་ཀྱི་མི་གཡེང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་སོ་སོའི་སྐྱེ་བོ་ལ་སོགས་པའི་རྒྱུད་ལ་ཡོད་པ་ནི་

རྣམ་པར་རྟོག་པའི་གནས་ཡིན་པའི་ཕྱིར་དང་དེ་ཡང་སྤང་བར་བྱ་བའི་ཕྱིར་རོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་པ་ནི་ཇི་ལྟར་སྒོ་མཐའ་ཡས་པ་དང་། ཉི་ཁྲི་ལྟ་སྟོང་པ་ལ་སོགས་པ་ལས་སངས་རྒྱས་རྗེས་སུ་དྲན་པ་གསུངས་པ་ལྟ་བུའོ། །ཆོས་ཐམས་ཅད་བསྒོམ་པ་འདི་ལ་

ཡང་སྦྱར་རོ། །དེའི་མིང་ཡང་གཟུང་བར་བྱའོ་ཞེས་བྱ་བ་ནི་ཡི་གེ་མཉམ་པ་ཉིད་ལ་འཇུག་པར་བྱ་བའི་ཕྱིར་ཏེ། ཇི་སྐད་དུ་ཉི་ཁྲི་ལྔ་སྟོང་པ་ལས། ཨ་དང་། ར་དང་། པ་དང་། ཙ་དང་། ན་ལ་སོགས་པ་ལས། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། ཐོག་མ་ནས་མ་སྐྱེས་པའི་ཕྱིར་

རོ། ར་ནི་རྡུལ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་དང་། དེ་བཞིན་གཤེགས་པའི་མཚན་དྲན་པས་ཇི་ལྟར་རང་སྨོན་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཡང་ཡིན་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འདིའི་མཚན་ཐོས་པ་ནི་ཕྱིར་མི་ལྡོག་པའི་ས་

བོན་དུ་གསུངས་པ་ལྟ་བུའོ། །ཕྱོགས་དེར་མངོན་དུ་བལྟས་ཏེ་འདུག་པར་བྱ་བ་ནི་དེ་བཞིན་གཤེགས་པའི་འོད་ཟེར་གྱི་རླུང་གི་དཀྱིལ་འཁོར་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །འོ་ན་དེ་ལྟ་ན་དེ་བཞིན་གཤེགས་པ་གཞན་སྤངས་པར་ཇི་ལྟར་མི་འགྱུར་ཞེ་ན་མི་འགྱུར་ཏེ། དེ་བཞིན་

གཤེགས་པ་གཅིག་དེ་ཉིད་ཡིད་ལ་བྱས་ན་གཅིག་ཡིད་ལ་བྱེད་པར་འདོད་པ་དེ་ཉིད་ཀྱིས་འདས་པ་ལ་སོགས་པའི་སངས་རྒྱས་རྣམས་ཡིད་ལ་བྱས་པར་འགྱུར་རོ། །གཏན་ཚིགས་སུ་དེ་བཞིན་གཤེགས་པ་ཉིད་གཅིག་པའི་ཕྱིར་རོ་ཞེས་གསུངས་ཏེ། ཆོས་ཉིད་དབྱེར་མེད་པའི་ཕྱིར། དེ་ཉིད་

རྗེས་སུ་དྲན་པས་གཞན་རྗེས་སུ་དྲན་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཅིག་པོ་ཡང་རྗེས་སུ་དྲན་པར་མི་འགྱུར་རོ། །དེ་ལྟར་འཇུག་པའི་རིམ་པ་བཤད་ནས། གཏན་ཚིགས་གང་གིས་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཅེས་བྱ་བ་དེ་བཤད་པར་འདོད་པའི་ཕྱིར། འཇམ་དཔལ་ཇི་ལྟར་དེ་བཞིན་

Vol. 95 · folio 78a

གཤེགས་པ་གཅིག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་ནི་ནམ་མཁའ་བཞིན་དུ་ཚད་བྱར་མི་ནུས་སོ། །སྤོབས་པ་ཚད་མེད་པ་ནི་ཆོས་བཤད་པའིའོ། །དེ་བཞིན་དུ་འཇམ་དཔལ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་གོང་

དུ་ཇི་སྐད་བཤད་པ་ལྟ་བུ་ཐོབ་ནས་བསྐྱེད་ནས་སོ། །སྐྱེ་བ་མེད་པ་གཅིག་གི་ཞེས་བྱ་བ་ནི་གཅིག་གི་སྒྲ་འཇུག་པའི་གཏན་ཚིགས་སུ་བསྟན་ཏོ། །ཆོས་ཀྱི་རྣམ་གྲངས་ཀྱི་བྱེ་བྲག་ཚད་མེད་པ་ཞེས་བྱ་བ་ནི་བཀོད་པའི་སྒྲ་འཇུག་པའི་གཏན་ཚིགས་ཡིན་པར་བསྟན་ཏོ། །འདིར་གང་དག་ཆུད་པར་

འགྱུར་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་རྣམས་ཀྱིས་གང་དག་གསུངས་པ་དང་། ངས་ཀྱང་གང་བཤད་པ་ལ་ཀུན་དགའ་བོས་ཇི་སྙེད་ཡོངས་སུ་གཟུང་བ་དེ་སྙེད་ཀྱི་བཤད་པའི་ཆོས་ཀྱི་རྣམ་གྲངས་ཀྱི་དོན་དང་ཚིག་རྣམས་མཉམ་པར་

གཞག་པ་འདིར་སྣང་བར་འགྱུར་རོ། །བློ་ལ་སྣང་བ་ཡོད་པར་འགྱུར་རོ། །གཟུགས་ཤེས་པའི་ཆེ་བ་ཉིད་བསྟན་ནས་སྤོབས་པ་ཚད་མེད་པར་གསུངས་པ་དེ་བསྟན་པའི་ཕྱིར། བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་བསྒྲུབས་པས། དེའི་ཚེའི་ཚད་ཇི་ཙམ་པ་དེ་སྙེད་དུ་གཏན་ཚིགས་དང་བཅས་

པའི་ཆོས་སྟོན་པ་རྒྱུན་མི་འཆད་པར་འགྱུར་རོ་ཞེས་གསུངས་ཏེ། གཏན་ཚིགས་དང་བཅས་པ་ནི་གཏན་ཚིགས་འཐད་པ་དང་བཅས་པའི་ཆོས་སྟོན་པའི་བར་མི་འཆད་པའོ། །གཏན་ཚིགས་དེ་དག་གིས་ནི་གཅིག་པོ་དེ་ཉིད་བཀོད་པ་ཡིན་པས། བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཞེས་བྱའོ། །

བསྟན་མ་ཐག་པའི་དོན་གཉིས་པོ་དེའི་དཔེ་བསྟན་པ་རྩོམ་པའི་ཕྱིར། འཇམ་དཔལ་དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཁ་ཅིག་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་ཅིག་ཅེས་བྱ་བ་ནི་ཡོན་ཏན་འདོད་པའོ། །འདི་སྙམ་དུ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །ཡོན་ཏན་ལས་

བཀོད་པ་གཅིག་པའི་ཏིང་ངེ་འཛིན་དུ་གཞག་པ་འདི་གང་ཡིན་སྙམ་དུ་སེམས་ན་དེ་དག་ལ་འདི་སྐད་ཅེས་རེ་ཞིག་ཅེས་བྱ་བ་ནི་རིམ་པ་སྟོན་ཏོ། །ཡོན་ཏན་བསམ་དུ་མེད་པ་གང་ཡིན་པ་དེ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྟེ་ཏིང་ངེ་འཛིན་ལ་བྱའོ། །དེ་ཡོངས་སུ་བསྒྲགས་པ་ནི་གང་གིས་སམ་

Vol. 95 · folio 78b

གང་དུ་བཤད་པ་གང་ཡིན་པ་སྟེ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྒྲགས་པ་སྟེ། གང་དུ་བསྟན་པ་བྱས་པའོ། །འདི་ཞེས་བྱ་བ་ནི་གོང་དུ་བསྟན་པའོ། །དེ་ཡང་དག་པར་ཟུང་ལ་ལོང་ལ་ཡིད་ལ་ཞོག་ཤིག །སྦྱོར་བའི་ཚུལ་ལ་གུས་པས་རྟག་ཏུ་བསྟེན་ཅིང་འདུག་ཤིག་དང་ཇི་

ལྟ་ཇི་ལྟར་ཡང་དག་པར་བླངས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་བླངས་ཏེ་འདུག་ཤིག་དང་། །ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བར་འགྱུར་གྱི་ཞེས་བྱ་བ་ཡིན་ནོ། །ཇི་སྐད་བསྟན་པའི་ཚུལ་གྱིས་ཞེས་བྱ་བ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དྲིས་པ་ལ་སོགས་པ་དང་།

འཕགས་པའི་གསུང་ཤིན་ཏུ་ཐོབ་པ་དང་མ་འདྲེས་པར་གནས་པ་དེ་དག་གི་བྱ་བ་ཡིན་ནོ། །ཞུམ་པ་མེད་པར་གྱིས་ཤིག་ཅེས་བྱ་བ་ནི་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ཡོངས་སུ་སྤང་བའོ། །དེས་ནི་ཞི་གནས་དང་ལྷག་མཐོང་དང་དེ་གཉི་གའི་གགས་སུ་གྱུར་པ་ཡོངས་སུ་སྤོངས་ལ་འདུག་

ཤིག་པར་བསྟན་ཏོ། །སྤྱོད་ཡུལ་ལ་བར་ཆད་བྱེད་པ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ལྟ་བ་སྤང་བའི་ཕྱིར། ཏིང་ངེ་འཛིན་འདི་ནི་དམིགས་པའི་ལྟ་བ་ཅན་དག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པ་ནི་གཟུང་བ་དང་འཛིན་པ་གཉིས་སོ། །དངོས་པོ་ནི་དངོས་པོ་

ཡོད་པ་ཡིན་ནོ་ཞེས་བྱ་བར་རོ། །ཡོད་པ་ནི་འབྱུང་བ་དང་འཇིག་པ་ཡོད་དོ་ཞེས་བྱ་བ་སྟེ། དེ་ལྟར་ལྟ་ཞིང་འཛིན་པ་གང་ཡིན་པ་དེ་དག་གིས་བསྒྲུབ་པར་མི་ནུས་སོ། །ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་རིམ་པའི་དཔེ་བསྟན་པའི་ཕྱིར། འཇམ་དཔལ་འདི་ལྟ་སྟེ། དཔེར་ན། མི་ཞིག་

ལ་ནོར་བུ་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་བྱི་དོར་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་དང་། བྱི་དོར་མ་བྱས་པ་ཞེས་བྱ་བ་ནི་དཔེ་ཡིན་ཏེ་མཐའ་དག་གསལ་བས་བསྟན་མི་དགོས་སོ། །དེ་བཞིན་དུ་འཇམ་དཔལ་ཇི་ལྟ་ཇི་ལྟར་རིགས་ཀྱི་བུའམ་

རིགས་ཀྱི་བུ་མོ་དེ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དང་། འདུག་པ་དེ་ལྟ་དེ་ལྟར་ཏིང་ངེ་འཛིན་འདིའི་ཡོན་ཏན་མཐོང་བར་འགྱུར་རོ་ཞེས་གསུངས་པ་ལ་ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་ལན་མང་དུ་བྱེད་པ་བསྟན་པ་ཡིན་ཏེ། འདི་ལྟར་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་ལྷག་

Vol. 95 · folio 79a

པར་མོས་པ་དང་ལྡན་པ་ནི་ཞི་གནས་དང་རྗེས་སུ་མཐུན་པ་ཡིན་གྱི་ཞི་གནས་མ་ཡིན་ནོ། །ལྷག་མཐོང་ནི་རྣམ་པ་གསུམ་སྟེ། མཚན་མ་ལས་བྱུང་བ་དང་ཚོལ་བ་པ་དང་སོ་སོར་རྟོག་པ་པའོ། །སེམས་དེ་དང་། བར་ཆད་མེད་པར་རྗེས་སུ་འབྲང་བའི་ཞི་གནས་ཀྱང་རྣམ་པ་གསུམ་

དང་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དང་། བྱམས་པ་ལ་སོགས་པ་ཚད་མེད་པ་དང་ལྡན་པས་ཀྱང་རྣམ་པ་བཞིའོ། །དེ་བས་ན་དེའི་ཕྱིར་ཇི་ལྟ་ཇི་ལྟར་ཞེས་བྱ་བ་འདི་གསུངས་སོ། །འཇུག་པ་ཞེས་བྱ་བ་ནི་ས་དང་པོ་ལ་བྱའོ། །དེ་ལྟ་

དེ་ལྟར་ཏིང་ངེ་འཛིན་འདིའི་ཡོན་ཏན་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྤོབས་པ་རྒྱུན་མི་འཆད་པ་དཔག་ཏུ་མེད་པའི་དཔེ་བསྟན་པའི་ཕྱིར། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་

འཁོར་གྱི་མཐའ་དག་ཀྱང་འཛམ་བུའི་གླིང་ལ་སོགས་པའི་མཐའ་ཡན་ཆད་འོད་ཟེར་དག་གིས་གསལ་བར་མ་གྱུར་པ་སྣང་བར་མ་གྱུར་པ་མེད་དོ། །འཇམ་དཔལ་དེ་བཞིན་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་བརྟེན་ཅིང་ཞུགས་ནས་ཞེས་བྱ་བ་ལ་བརྟེན་པ་འདི་ནི་མོས་པས་སྤྱོད་པའི་སའི་ཚེའོ། །

ཞུགས་པ་ནི་མཐོང་བའི་ལམ་གྱི་ཚེའོ། །རྙེད་པ་ནི་ས་གསུམ་གྱི་ཚེ་སྟེ། འོད་བྱེད་པའི་ཚེ་ཏིང་ངེ་འཛིན་ཐོབ་པར་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྟན་པ་མ་ཡིན་པའི་ཆོས་གང་ཡང་བསྟན་པ་ཡོད་པ་མ་ཡིན་ནོ། །གང་ལ་ལས་འདི་བཞིན་དུ་ཤེས་ན་རྟོགས་ན། དེས་

སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། འགལ་ཞིང་མི་མཐུན་པར་གྱུར་པའི་ཆོས་གང་ཡང་མི་མཐོང་ངོ་། །སྐྱེ་བ་མེད་པ་ཉིད་དུ་གཅིག་པའི་དཔེ་ནི། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ཕྱོགས་བཞི་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་

ལ་སོགས་པ་རིགས་མ་ངེས་པ་ལ་ཐུག་པ་སེམས་ཅན་གྱི་རིགས་བཞི་པོ་ཕྱོགས་བཞི་དང་འདྲ་བ་རྣམས་ལ། ངས་ཆོས་གང་ཅི་བསྟན་པ་དེ་དག་ཐམས་ཅད་འདི་ལྟ་སྟེ། སྐྱེ་བ་མེད་པའི་རོ་དང་དངོས་པོ་མེད་པའི་རོ་ཁོ་ནར་གཅིག་པ་ཡིན་ན། སེམས་ཅན་རྣམས་ཀྱི་བསམ་པ་ཐ་དད་པའི་དབང་གིས་ཐ་དད་པར་

Vol. 95 · folio 79b

ཟིན་ཏོ་ཞེས་དགོངས་པའོ། །བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པ་འདིར་སྐབས་མ་ཡིན་པ་མ་ཡིན་ནམ། འདིར་ཅིའི་ཕྱིར་བསྟན་ཞེ་ན། བདེན་ཏེ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་ཁོ་ནའི་གླེང་བ་བསྟན་པར་བྱ་བ་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པས་

འཆང་བ་ཏིང་ངེ་འཛིན་དེ་ལས་བྱུང་བ་དང་ཐ་མི་དད་དོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་འཆད་པ་བསྟན་པ་ཉེས་པ་མེད་དོ། །དེ་བས་ན་དཔེ་གོང་མས་བྱེ་བྲག་ཏུ་བྱས་པའི་དེ་བཞིན་གཤེགས་པ་ཡང་འདིར་དཔེ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་ཀྱང་གཉིས་སུ་སྦྱར་བ་ཡིན་ཏེ། འཇམ་

དཔལ་རིགས་ཀྱི་བུ་ཏིང་ངེ་འཛིན་འདི་ལ་གནས་པ་དེ་ཡང་ཆོས་གང་དང་གང་སྟོན་པར་འགྱུར་བ་དེ་ཐམས་ཅད་རོ་གཅིག་པ་ཁོ་ན་སྟོན་པར་འགྱུར་ཏེ། འདི་ལྟ་སྟེ། སྐྱེ་བ་མེད་པའི་རོ་ཁོ་ན་དང་། དངོས་པོ་མེད་པའི་རོ་ཁོ་ན་ཞེས་བྱ་བ་ལ། རྒྱ་མཚོ་ལ་ཆུ་ལེན་པའི་སྐྱེས་བུ་བཞིན་དུ་རིགས་ཀྱི་བུ་ཏིང་ངེ་

འཛིན་འདི་ལ་གནས་པ་དེ་ཡང་ཆོས་གང་དང་གང་སྟོན་པ་དེ་ཐམས་ཅད་སྐྱེ་བ་མེད་པ་དང་། དངོས་པོ་མེད་པར་རོ་གཅིག་པ་ཁོ་ན་སྟོན་པ་ཡིན་གྱི་གཞན་མ་ཡིན་ནོ། །འཇམ་དཔལ་དེ་བཞིན་དུ་རིགས་ཀྱི་བུ་ཏིང་ངེ་འཛིན་འདི་ལ་གནས་ནས་གང་ཅི་སྟོན་པ་དེ་ཐམས་ཅད་ཀྱང་མ་སྐྱེས་པ་དང་། སྐྱེ་བ་

མེད་པ་དང་། དངོས་པོ་མེད་པ་ཁོ་ན་སྟོན་པར་འགྱུར་རོ་ཞེས་བྱ་བ་ལ། དེ་བཞིན་དུ་ཞེས་བྱ་བ་ནི་རིགས་ཀྱི་བུ་དེ་དེ་བཞིན་གཤེགས་པ་བཞིན་དུ་ཡིན་ཏེ། ཐབས་གཅིག་པ་དང་འབྲས་བུ་གཅིག་པའི་ཕྱིར་རོ། །ཏིང་ངེ་འཛིན་འདི་ལ་གནས་ནས་གང་ཅི་སྟོན་པ་དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་

པ་སྟོན་པ་མཛད་པ་བཞིན་དུ། མ་སྐྱེས་པ་དང་སྐྱེ་བ་མེད་པ་དང་དངོས་པོ་མེད་པ་སྟོན་པ་ཡིན་ནོ། །དེ་བས་ན་དེ་ལྟ་བུའི་རྣམ་པ་མ་སྐྱེས་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་ཁོ་ན་ཞེས་བྱ་བ་ལ། དེ་ཁོ་ན་ཞེས་བྱ་བ་ནི་དེ་བཞིན་དུ་ཞེས་བྱ་བའི་དོན་ཡིན་ནོ། །ཏིང་ངེ་འཛིན་སྤྱོད་པས་

མྱུར་དུ་བྱང་ཆུབ་པར་འགྱུར་བའི་སྐབས་བསྡུ་བའི་ཕྱིར། འཇམ་དཔལ་གཞན་ཡང་ཏིང་ངེ་འཛིན་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མྱུར་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །ཏིང་ངེ་འཛིན་ལ་ཇི་ལྟར་འཇུག་པར་བྱ་

Vol. 95 · folio 80a

བ་དང་དེའི་བསྔགས་པ་ནི་བསྟན་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་སྤྱོད་པའི་བཟོད་པ་རྣམ་པ་གསུམ་སྟེ། སྒྲའི་རྗེས་སུ་འགྲོ་བ་དང་བསམས་པ་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བའོ། །དེ་ལ་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་བསྟན་པའི་ཕྱིར། འཇམ་

དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་ཚེ་བདག་གི་དབྱིངས་ནས་ཆོས་ཀྱི་དབྱིངས་ཀྱི་བར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཞེས་བྱ་བ་ནི་ཐོས་པའི་ཤེས་པའི་ཚེའོ། །བདག་གི་དབྱིངས་ཞེས་བྱ་བ་ནི་བདག་གི་རང་གི་ངོ་བོ་ལ་བྱ་སྟེ། མི་མཐོང་བ་

ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །བར་གྱི་སྒྲས་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་ཀུན་ཏུ་འབྱུང་བ་མེད་པའི་དབྱིངས་ལ་སོགས་པ་བསྡུའོ། །ཆོས་ཀྱི་དབྱིངས་སྐྱེ་བར་མི་མཐོང་འགག་པར་མི་མཐོང་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུའི་བཟོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཡང་ཞེས་བྱ་བ་ལ། འདི་ལ་དེ་ལྟ་བུའི་བཟོད་པའི་ངོ་བོ་ཡོད་པས་དེ་ལྟ་བུའི་བཟོད་པ་ཅན་ནོ། །ཡང་གི་སྒྲས་སྔར་སྨོས་པའི་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཐོབ་པ་ཉི་ཚེར་མ་ཟད་ཀྱི་འོན་ཀྱང་དེ་ལྟ་བུའི་བཟོད་པ་ཅན་ཡང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །བསམས་པ་

ལས་བྱུང་བའི་བཟོད་པ་བསྟན་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གང་ཡང་མི་སེམས་པ་དང་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་མི་སེམས་པའི་རིགས་ཀྱི་བུ་དེ་བཟོད་པ་ལྟ་བུ་ཅན་དང་ཞེས་གསུངས་ཏེ། གཙོ་བོ་ཡིན་པའི་ཕྱིར། འབྲས་བུར་གྱུར་པ་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གང་ཡང་མི་སེམས་པ་ནི་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར། བསམ་པར་བྱ་བ་དང་སེམས་པར་བྱེད་པ་དང་། སེམས་པ་རྣམས་མི་དམིགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་

པ་དང་ཚད་མེད་པ་ལ་སོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པ་རྣམས་ཏེ། དེ་ལ་གང་ཡང་མི་སེམས་པ་ཞེས་བྱ་བར་རིག་པར་བྱའོ། །རྒྱུ་དང་འབྲས་བུར་གྱུར་པ་ལ་མི་སེམས་པའི་ངང་ཚུལ་ཅན་དེ་ལྟ་བུ་དེ་ནི་བསམས་པ་ལས་བྱུང་བའི་བཟོད་པ་ཡིན་ཏེ། མྱུར་དུ་

Vol. 95 · folio 80b

མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་འོག་ནས་འབྱུང་བ་དང་སྦྱར་རོ། །བསྒོམས་པའི་རྗེས་སུ་མཐུན་པའི་བཟོད་པ་བསྟན་པའི་ཕྱིར་བྱང་ཆུབ་ནི་སངས་རྒྱས་ཉིད་ཀྱི་ཕྱིར་ཐོབ་པར་བྱེད་པ་ཉིད་མ་ཡིན་ཞེས་གསུངས་ཏེ། ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བ་ཡིན་ཏེ། བསྟན་ཟིན་

པའི་མཚན་ཉིད་བྱང་ཆུབ་ནི་སངས་རྒྱས་ཉིད་ཀྱི་ཕྱིར། སངས་རྒྱས་ཀྱི་ངོ་བོའི་ཕྱིར་ཐོབ་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་བུ་ཡང་བཟོད་པ་འདི་ཡིན་ཏེ། རིགས་ཀྱི་བུ་དེ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བར་བརྗོད་དོ་ཞེས་འབྱུང་བ་ལ། དེ་ལྟ་བུ་ཡང་བསྒོམས་

པའི་རྗེས་སུ་མཐུན་པའི་བཟོད་པ་གང་ཡིན་པ་འདི་ཡིན་ཏེ་ཞེས་སྦྱར་ཏེ། གང་ཞེས་བྱ་བ་དང་དེ་ཞེས་བྱ་བ་ནི་རྟག་ཏུ་འབྲེལ་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་ནི་མྱུར་ཞིང་མགྱོགས་པར་བརྗོད་དོ། །ལུང་སྟོན་ཏོ། །ཡུལ་གང་དུ་མྱུར་ཞེས་དེའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་འགྱུར་བར་ཞེས་གསུངས་སོ། །དོན་དེ་ལྟ་བུ་ལ་མོས་པ་དང་། ཞུམ་པ་མེད་པ་ཡང་བྱང་ཆུབ་པར་འགྱུར་བར་བསྟན་པའི་ཕྱིར། ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་སུ་དེ་ལྟར་མོས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ནི་སོ་སོའི་སྐྱེ་བོ་ལ་སོགས་

པའི་ཆོས་སོ། །སངས་རྒྱས་ཀྱི་ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །སུ་དེ་ལྟར་ཐ་དད་པ་མེད་པ་ཉིད་དུ་མོས་ཤིང་ཞུམ་པར་མི་འགྱུར་སེམས་དམན་པར་མི་འགྱུར་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ངེས་པར་འགྲོ་བར་ངས་བཤད་

དེ། དེའི་ས་བོན་མོས་པའི་བྱེ་བྲག་དང་ལྡན་པའི་ཕྱིར་རོ། །གང་གིས་བསྟན་པ་འདིའི་དོན་ཐོས་ནས་རྨོངས་པར་མི་འགྱུར། གཏི་མུག་པར་མི་འགྱུར། ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་ཟ་ཞིང་སོམ་ཉི་ཟ་བར་མི་འགྱུར་བ་དེ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་མི་འབྲལ་ཞིང་ལྡན་པར་

བརྗོད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། ཏིང་ངེ་འཛིན་གྱི་སྤྱོད་པས་ཡང་དག་པར་བྱང་ཆུབ་པ་འཐོབ་པར་དེ་སྐད་ཅེས་བཀའ་སྩལ་ཏེ་བསྟན་པ་དང་། རྒྱུ་དང་འབྲས་བུའི་དངོས་པོ་དོན་དམ་པར་རྣམ་པར་རྟོག་པ་བསལ་བའི་ཕྱིར། བཅོམ་ལྡན་འདས་མྱུར་དུ་བླ་ན་མེད་པ་

Vol. 95 · folio 81a

ཡང་དག་པར་རྫོགས་པའི་བྱང་ཆུབ་རྒྱུ་ལས་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །འཇམ་དཔལ་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ཏེ། བྱང་ཆུབ་ལ་རྒྱུ་དང་འབྲས་བུའི་དངོས་པོ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་ལ་འདིར་འཆད་པ་ནི་སྐྱེ་བ་མེད་

པ་དང་། དངོས་པོ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་མེད་པའམ། དངོས་པོ་མེད་པ་ནི་འབྲས་བུ་གང་གི་ཡང་རྒྱུ་མ་ཡིན་ཞིང་། རྒྱུ་ལས་ངེས་པར་འབྱུང་བའི་འབྲས་བུ་གང་ཡང་མེད་དོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་གྱི་སྤྱོད་པས་མྱུར་དུ་

མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་པ་མ་ཡིན་ནམ། དེས་ན་སངས་རྒྱས་ཀྱི་མཛད་པ་མཐའ་དག་སྒྲུབ་པའི་རྒྱུ་དང་འབྲས་བུ་མེད་པ་ནི་མི་རིགས་སོ་སྙམ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་སོ། །ལན་ནི་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། ཞི་གནས་དང་ལྷག་

མཐོང་བསྒོམ་པ་དང་། དེས་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཉིད་དང་། དེའི་མཛད་པ་འགྲོ་བ་ཞི་བ་ལ་སོགས་པ་ལྟ་ག་ལ་ཡོད་ཅེས་དགོངས་པའོ། །འདིས་ནི་དོན་དམ་པ་མེད་པའི་བྱང་ཆུབ་ནི་ནམ་མཁའ་བཞིན་དུ་མཚན་ཉིད་མེད་པ་ལ་རྒྱུ་དང་འབྲས་བུ་དང་ལྡན་པ་མི་རིགས་སོ། །འཇམ་

དཔལ་དེ་ལྟ་བས་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་བསྟན་པ་འདི་ཐོས་ནས་ནུར་བར་མི་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ནོ། །འཇམ་དཔལ་དེ་ལྟ་བས་ན་དགེ་སློང་ངམ་དགེ་སློང་མ་འམ་ཞེས་བྱ་བ་ལ་སོགས་པ་ནི་སྟོན་པས་རྗེས་སུ་གཟུང་བ་ཡིན་ནོ། །ཞུམ་པར་

མི་འགྱུར་བ་ནས་ནུར་བའི་བར་དུ་མི་འགྱུར་བ་ཞེས་བྱ་བ་ལ། བར་དུ་ཞེས་བྱ་བའི་སྒྲས་ནི་སོམ་ཉི་ཟ་བ་དང་རྨོངས་པར་མི་འགྱུར་བ་བསྡུའོ། །ནུར་བར་མི་འགྱུར་བ་ནི་བཤད་ཟིན་ཏོ། །བར་དུ་གཅོད་པ་འདི་དག་སྤངས་ཤིང་སྒྲུབ་པ་གང་དག་ལ། སངས་རྒྱས་ཀྱིས་རྗེས་སུ་གཟུང་བ་མེད་པར་མི་འགྲུབ་པོ་

ཞེས་བསྟན་པའི་ཕྱིར། དེ་དག་ནི་ང་ལ་སྐྱབས་སུ་སོང་བའོ་ཞེས་གསུངས་ཏེ། སྐྱབས་སུ་དོང་བ་ཁོ་ན་ཡིན་པ་དེ་བས་ན་ངས་བསྐྱབ་པར་འོས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་དག་ནི་ངའི་རྗེས་སུ་རབ་ཏུ་བྱུང་བའོ་ཞེས་བྱ་བ་ལ། རྗེས་སུ་ཞེས་བྱ་བའི་སྒྲ་ནི་འདྲ་བའི་དོན་ཡིན་པའི་ཕྱིར། ང་དང་འདྲ་

Vol. 95 · folio 81b

བར་རབ་ཏུ་བྱུང་བ་འམ། ང་དང་འདྲ་བར་བྱེད་པ་ནི་རབ་ཏུ་བྱུང་བ་ཡིན་ནོ། །དེ་བས་ན་དེ་དག་གི་སྟོན་པ་ནི་ང་ཡིན་ཏེ། དེ་དག་ནི་ངས་བསྟན་པའི་སྣོད་དུ་གྱུར་པ་ཡིན་ཏེ། སྐྱབས་སུ་འགྲོ་བ་དང་། རབ་ཏུ་འབྱུང་བ་དང་། སྟོན་པར་གྱུར་པས་ཆོས་ཉན་པ་དང་། མོས་པ་ལ་སོགས་པ་འགྲུབ་པར་འགྱུར་

བའི་ལས་བསྐྱེད་པར་འགྱུར་བ་དང་། ཡོངས་སུ་སྨིན་པ་ལ་སོགས་པ་ངས་དེ་དག་ལ་བྱས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེས་ན་དེ་དག་ལ་སངས་རྒྱས་ཀྱིས་རྗེས་སུ་གཟུང་བ་ནི་འབྲས་བུ་མེད་པ་མ་ཡིན་ནོ་ཞེས་བསྟན་ཏེ། སངས་རྒྱས་རྣམས་ཀྱི་ཕྲིན་ལས་འབྲས་བུ་མེད་པ་མ་ཡིན་པའི་ཕྱིར་རོ། །

དེ་ཉིད་ཀྱི་ཕྱིར། ཡེ་ཤེས་ཀྱི་ཕྱག་རྒྱ་ལས། སངས་རྒྱས་རྣམས་ཀྱིས་སེམས་བསྐྱེད་པ་བསྒྲུབས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དམུ་རྒོད་མ་ཡིན་པར་གསུངས་སོ། །བྱང་ཆུབ་སེམས་དཔའི་བསླབ་པ་བསྒྲུབ་པའི་ཕྱིར། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྒྲུབ་པར་བྱའོ་ཞེས་

གསུངས་པ་དེར་ཡང་འདི་ཉིད་ལ་བསླབ་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་གཉི་ག་ངེས་པར་གཟུང་བ་བསྟན་ལ། དེ་ལ་སྔ་མས་ནི་བསླབ་པ་གཞན་ལས་ལྡོག་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་ལྡན་པའི་དོན་ཡིན་ནོ། །དེ་བས་ན་རྗེས་སུ་འགྲོ་བ་ནི་ཡོན་ཏན་རྣམས་ཀྱིས་བསྟན་ཏོ། །

གཉིས་པ་ནི་བསླབ་པ་མ་ཡིན་པ་ལས་ལྡོག་པ་ཙམ་ལས་དགོངས་པ་ཡིན་ཏེ། ལྡོག་པ་ནི་སྐྱོན་རྣམས་ཀྱིས་བསྟན་པའི་ཕྱིར། འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མི་སློབ་པ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སློབ་པ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་ལ་མི་སློབ་པ་ཡིན་ནོ། །འདི་སྐད་དུ། བསླབ་པའི་དངོས་པོ་དྲུག་དེ་དག །སྔ་མ་

སྔ་མ་རྒྱུ་དག་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་རྣམས། །ལྷག་པའི་ཚུལ་ཁྲིམས་སྔ་མ་གསུམ། །བརྩོན་འགྲུས་ཀུན་ཏུ་འགྲོ་བར་འདོད། །ལྷག་སེམས་ལྷག་པའི་ཤེས་རབ་ནི། །བསམ་གཏན་ཤེས་རབ་གོ་རིམས་བཞིན། །བསོད་

Vol. 95 · folio 82a

ནམས་ཡེ་ཤེས་ཚོགས་དང་ནི། །དང་པོ་གསུམ་དང་ཐ་མ་ཡིན། །འདི་ལ་ཀུན་ཏུ་འགྲོ་བ་ནི། །བསམ་གཏན་བརྩོན་འགྲུས་བཅས་པར་བརྗོད། །སེམས་ཅན་རྗེས་སུ་གཟུང་བ་དང་། །ཉོན་མོངས་གཉེན་པོ་གསུམ་ཚན་གཉིས། །འདི་དག་ཉིད་ཀྱི་གྲོགས་ཡིན་ཕྱིར། །

ཐབས་ལ་སོགས་པ་རྣམ་པ་བཞི། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་ནི་སྦྱིན་པ་ལ་སོགས་པ་སྒྲོ་འདོགས་པ་བསྐྱེད་པའི་ཕྱིར་ལྡོག་པ་ཉིད་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་ཉིད་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་མ་ཡིན་ན་ཡང་བྱང་ཆུབ་སེམས་དཔའི་བསླབ་པ་ཉིད་མ་ཡིན་

པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མི་སློབ་ན་བྱང་ཆུབ་སེམས་དཔའི་བསླབ་པ་ལེན་པའི་དཔང་མཛད་པ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་བསླུས་པ་དང་། སྡུག་བསྔལ་བའི་སེམས་ཅན་གྱི་ཚོགས་མཐའ་མེད་པ་དག་དབུགས་ཕྱུང་བ་ཡང་བསླུས་པའི་སྐྱོན་དུ་འགྱུར་རོ། །དཔེ་

ནི་རྟོགས་པར་སླའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་འམ། འཇིག་རྟེན་ལས་འདས་པ་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ། གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པ་གོམས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། འཕེལ་ཞིང་རྒྱས་པ་སྟེ། རྒྱུན་འཕེལ་བ་དང་། ཡངས་པ་རྒྱ་ཆེ་བ་དང་། མི་ཟད་པ་ཉིད་དུ་འགྱུར་ཏེ། མངོན་པར་འདོད་པའི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླུ་བར་མི་བྱེད་དོ། །དེ་བས་ན་རྫོགས་པའི་བྱང་ཆུབ་འདོད་པས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་གུས་པས་བསྟེན་པར་བྱ་བ་ཡིན་ནོ། །སྨོན་ལམ་ཡོངས་སུ་བཟུང་བ་མེད་པར་དམ་པའི་ཆོས་ཉན་པ་དང་། ལྷག་པར་མོས་པ་དང་། སངས་རྒྱས་ཉིད་དུ་འགྱུར་བའི་བར་དུ་མེད་པས་ན། གདུལ་བྱ་རྣམས་སྨོན་ལམ་འདེབས་སུ་གཞུག་པའི་ཕྱིར་

ཞུས་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་གང་ལགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལན་ནི་འཇམ་དཔལ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ད་ལྟར་གྱི་ཚེ་ལ་ཐོབ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ད་ལྟར་གྱི་ཚེ་འདི་ལ་སྐྱེ་བ་མེད་

Vol. 95 · folio 82b

པར་བསྟན་པ་འདི་ཐོས་ནས། བདག་ཚེ་འདི་བརྗེས་ནས་ཀྱང་། ཚེ་འཕོས་ནས་ཚེ་གཞན་གྱི་ཚེ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཉན་ཏོ་ཞེས་སྨོན་ལམ་བཏབ་པ་དེ་དག་ནི་ཕྱིས་ཉན་པ་ནས་སྒོམ་པར་བྱེད་པའི་བར་དུ་འགྱུར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་ལྷག་པར་མོས་པ་

ལ་སོགས་པ་གསུངས་སོ། །མི་སྒོམ་པའི་ཚུལ་གྱིས་ཞེས་བྱ་བ་ནི་མི་རྟོག་པའི་ཚུལ་གྱིས་སོ། །འཇམ་དཔལ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཏེ་ཐོས་པ་ཁོ་ནས་ཀྱང་ཞེས་བྱ་བ་ལ། ཁོ་ན་ཞེས་བྱ་བ་ནི་ངེས་པར་གཟུང་བའི་ཕྱིར། ཐོས་པ་ཁོ་ནས་མགུ་བ་ཡངས་པ་

ཐོབ་པ་ནི་ཡིད་བདེ་བ་ཐོབ་པའོ། །དགའ་བ་ཡིད་དགའ་བ་གཟེངས་མཐོ་བ་ཐོབ་པ་དེ་དག་ནི་དགེ་བའི་རྩ་བ་ཆུང་བར་ང་མི་འཆད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བསྟན་ཟིན་ཏོ། །དབང་པོ་རྣོན་པོའི་གང་ཟག་མངོན་དུ་འོངས་པའི་དབང་དུ་བྱས་པ་རྫོགས་ནས། ད་ནི་གང་ཟག་

དབང་པོ་རྣོན་པོ་མ་ཡིན་པ་དང་། དེའི་ཚེ་མངོན་དུ་འོངས་པ་མ་ཡིན་ལ། རྒྱུ་རྐྱེན་འགའ་ཞིག་གི་དབང་གིས་སྐལ་བ་ཡོད་པ་ཙམ་དུ་ཟད་པ་དེའི་ཆེད་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དཔེས་བསྟན་པའི་ཕྱིར། འཇམ་དཔལ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་བསྟན་པ་འདི་ལ་ཉན་འདོད་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་ཅེས་བྱ་བའི་སྒྲས་ནི་སྔར་གང་གི་དབང་དུ་བྱས་ནས་བཤད་པ་དེ་འཇུག་པའི་སྔ་མ་དེ་ཉིད་ལས་འདི་ཕྱེ་སྟེ་བསྟན་པའོ། །འདི་ལ་ཉན་འདོད་པར་གྱུར་ན། ཐོས་པ་དོན་དུ་གཉེར་ན་དེས་འོག་ནས་

འབྱུང་བ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བསྟན་པའི་ཕྱིར། རིགས་ཀྱི་བུ་ཁྱོད་དེ་མཉན་པས་ཅི་ཞིག་བྱ་ཞེས་གསུངས་ཏེ། ཁྱོད་བསྟན་པ་འདི་ཐོས་ནས་དགོས་པ་ཅི་ཞིག་ཡོད། །འདིར་མཉན་པར་གོང་ནས་གོང་དུ་འདུན་པ་བསྐྱེད་པའི་དོན་དུ་སྤོང་བའི་ཚིག་ཡིན་གྱི་སྤང་བའི་ཕྱིར་ནི་མ་ཡིན་ནོ། །

གཏན་ཚིགས་བསྟན་པའི་ཕྱིར། ཐོས་ནས་མ་དད་ཅིང་ཕྱིར་ནུར་ཏ་རེ་ཞེས་གསུངས་ཏེ། ཡིད་ཆེས་པར་མ་ནུས་ཏེ། ཕྱིར་ནུར་ཅིང་སེམས་ཞུམ་པར་གྱུར་ཏ་རེ་ཤེས་རབ་ཉམ་ཆུང་བའི་ཕྱིར་རོ་ཞེས་དགོངས་པའོ། །རྣམ་གྲངས་གཞན་ཡང་གང་ཤེས་རབ་རྣོན་པོ་མ་ཡིན་པ་ཉན་པར་འདོད་པའི་དད་

Vol. 95 · folio 83a

པ་ལྷག་པར་ཡོད་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དམིགས་པའི་རྣམ་པ་གཏན་ལ་འབེབས་པའི་བདག་ཉིད་བསྟན་པ་འདི་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་དང་། རྗེས་སུ་མཐུན་པར་ཉན་པར་འདོད་པ་ཡོད་སྲིད་དེ། དེ་ལ་རིགས་ཀྱི་

བུ་ཁྱོད་དེ་མཉན་པས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་དེ་སྐད་དུ་བརྗོད་པར་བྱ་སྟེ། ཟབ་མོའི་ཚུལ་བསྟན་པ་འདི་ལྟ་བུ་དེ་ལས་བཀར་ཏེ། དེ་དང་རྗེས་སུ་མཐུན་པར་རྣམ་པར་མི་རྟོག་པའི་གཟུགས་བརྙན་དཔེས་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འོག་ནས་གལ་ཏེ་འདྲི་བའི་རིགས་ཀྱི་བུ་འམ།

རིགས་ཀྱི་བུ་མོ་དེ་ལྟར་གནས་ཤིང་དེ་ལྟར་ཞུགས་ན། སྤོབས་པའི་ཕྱག་རྒྱ་འདི་ལ་གནས་པ་དེ་ལ་སླད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པ་དང་། དངོས་པོ་མ་མཆིས་པ་དང་། མ་བྱུང་བའི་བར་འདི་བསྟན་པར་མི་བགྱིའོ་ཞེས་འཆད་པར་འགྱུར་ཏེ། སྣོད་དུ་བྱས་ནས་ཞེས་བྱ་

བའི་ཐ་ཚིག་གོ། །ཅིའི་ཕྱིར་མ་དད་པ་གང་ཡིན་པ་ནུར་བར་འགྱུར་ཞེ་ན། དེའི་ཕྱིར། འདི་ལ་ཆོས་གང་ཡང་ཡོངས་སུ་གྲུབ་པར་མ་བསྟན་ཏེ་ཞེས་གསུངས་ཏེ། འདི་ནི་བསྡུས་པའི་ཚིག་ཡིན་ནོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་སྐྱེ་བ་འམ་འཇིག་པར་ཡང་མ་བསྟན་ཞེས་བྱ་བ་ལ་སོགས་

པ་ནི་རྒྱས་པར་ཡིན་ཏེ་རྟོགས་པར་སླའོ། །དེ་ལྟར་བསྟན་པ་དང་དོན་དེ་ལ་དབང་པོ་རྟུལ་པོ་དེ་དག་སྣོད་དུ་གྱུར་པར་བྱ་བའི་ཕྱིར་འཇུག་པའི་རིམ་པ་སྟོན་པ་ནི་བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མ་གང་ལ་ལ་བདག་ལ་འདི་སྐད་དུ་

ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆོས་ཀྱི་གཏམ་མཛད་པ་དེ་དག་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཀྱི་རང་གི་ངོ་བོ་འདི་གཏམ་ཇི་ལྟ་བུ་ཡིན་ཞེས་བྱ་བའོ། །དེ་སྐད་དུ་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ། ཆོས་ཐམས་ཅད་དང་མི་འགལ་བའི་གཏམ་མོ་ཞེས་བརྗོད་པར་བགྱིའོ་ཞེས་བྱ་བ་ནི་ཆོས་

ཐམས་ཅད་དང་མི་འགལ་བའི་ཆོས་ལ་མངོན་པར་འདོད་པ་རྣམས་དད་པ་བསྐྱེད་པའི་ཕྱིར་རོ། །སྐྱེ་བ་མེད་པ་དང་འགལ་བའི་ཆོས་ནི་གང་ཡང་ཡོད་པ་མ་ཡིན་པ་དེ་ནི་དེ་ཁོ་ན་ཉིད་ཡིན་ཏེ། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །བཀའ་མཆིད་དེ་ནི་རང་དབང་ཅན་རྟག་པའི་ངོ་བོ་བདག་ལ་

Vol. 95 · folio 83b

སོགས་པ་འམ། ཕུང་པོ་ལ་སོགས་པའི་ངོ་བོའི་སེམས་ཅན་གང་གིས་ཀྱང་འཚལ་བར་སླ་བ་མ་ལགས་སོ། །འདི་ལ་གཏན་ཚིགས་ཅི་ཞེ་ན། འདི་ལྟར་སེམས་ཅན་གང་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ། །དོན་དེ་ལ་བཟོད་པར་བྱས་ནས། དེ་ལྟར་བཟོད་པར་གྱུར་པ་

དང་། དེ་ལ་བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་གཞན་དུའོ། །དེ་ལ་ཡང་ཞེས་བྱ་བ་ནི་ཕྱིས་དེ་ལ་འདི་སྐད་དུ་མི་སྐྱེ་བ་ཞེས་བྱ་བའི་ཆོས་དེ་བསྟན་པར་གྱུར་ཏོ་ཞེས་བརྗོད་པར་བགྱིའོ། །གཏན་ཚིགས་བསྟན་པའི་ཕྱིར། འདི་ལྟར་ཆོས་ཐམས་ཅད་

ནི་སྐྱེ་བ་མ་མཆིས་པར་མཉམ་པའི་སླད་དུའོ་ཞེས་གསུངས་སོ། །ཇི་ལྟར་དེ་སྐད་དུ་བརྗོད། འདི་ལྟར་གཏམ་དེས་དགྲ་བཅོམ་པ་ཐོབ་པར་བྱེད་ཅིང་། སོ་སོའི་སྐྱེ་བོ་ཉིད་འཇིག་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་སྐྱེ་བ་མེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་བཀའ་

མཆིད་དེར་ནི་དགྲ་བཅོམ་པ་རྣམས་གང་མ་རྟོགས་པ་མ་བསྟན་ལ། དགྲ་བཅོམ་པའི་ཆོས་ཀྱིས་ཀྱང་སོ་སོའི་སྐྱེ་བོའི་ཆོས་དེ་དག་ཇི་ལྟར་ཡང་མི་འཇིག་གོ་ཞེས་གསུངས་ཏེ། དགྲ་བཅོམ་པའི་མཚན་ཉིད་ནི་སྤྱི་ཡིན་པས། ཉན་ཐོས་དང་རང་རྒྱལ་བ་དང་། ཡང་དག་པར་རྫོགས་པའི་སངས་

རྒྱས་ལ་བྱ་སྟེ། དེ་དག་གི་གོང་མ་རྟོགས་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པ་མ་བསྟན་མ་གསུངས་ཏེ། རྟོགས་པ་ཕུན་སུམ་ཚོགས་པ་མེད་པར་གསུངས་སོ། །དགྲ་བཅོམ་པའི་ཆོས་ཀྱིས་ཀྱང་སོ་སོའི་སྐྱེ་བོའི་ཆོས་འདོད་ཆགས་ལ་སོགས་པ་དེ་དག་སྐྱེ་བ་མེད་པ་ལ་སོགས་པ་

ཡིན་པས། ཇི་ལྟར་རྣམ་པ་གང་གིས་ཀྱང་བཤིག་པ་མ་ཡིན་ནོ། །དེ་དག་གིས་ནི་སྤངས་པ་ཕུན་སུམ་ཚོགས་པ་མེད་པར་བསྟན་ཏོ། །དེ་ལྟར་གཟུང་བའི་ཆོས་སྐྱེ་བ་མེད་པར་བསྟན་ནས། འཛིན་པ་སྐྱེ་བ་མེད་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་དེ་ལ་བདག་གིས་འདི་

སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དེ་ནི་བཤད་ཟིན་ཏོ། །བཅོམ་ལྡན་འདས་གཞན་ཡང་བདག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འཚལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གཞན་ཡང་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཉན་པར་ནུས་པའི་ཕྱིར་སྣོད་དུ་

Vol. 95 · folio 84a

གྱུར་པ་དང་། གང་ཞིག་འདི་ཉན་པའི་ཆེད་དུ་གཞན་ཡང་འདྲི་བར་བྱེད་པའོ། །འདྲི་བ་དེ་ལ་དྲིས་པ་བཞིན་མི་འཆད་པར་གཞན་དུ་དེ་ལ་བདག་གིས་འདི་སྐད་དུ། གལ་ཏེ་ཁྱོད་ཉན་པར་འདོད་ན་དེ་མཉན་ཏོ་སྙམ་དུ་ཡིད་མ་གཏོད་ཅིག་ཅེས་པ་བཤད་དེ། ཡིད་མངོན་

པར་འདུ་བྱེད་པ་མ་གཏོད་ཅིག །མཉན་པར་བྱའོ་སྙམ་དུ་རྩོལ་བ་དང་བཅས་པ་མ་བྱེད་ཅིག །གཏན་ཚིགས་དེས་ན་མཉན་ཏོ་སྙམ་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དེའི་རྣམ་པར་མ་བསྐྱེད་ཅིག །དེ་ལྟར་རྒྱུ་དང་བཅས་པའི་ཉན་པའི་རྣམ་པར་རྟོག་པ་སྐྱེ་བ་བསལ་དུ་ཟིན་ཀྱང་། རྣམ་པ་

དེ་ཙམ་གྱིས་ཆ་ཤས་བསལ་བར་མི་འགྱུར་བས། དཔེ་གཉིས་བསྟན་པའི་ཕྱིར། ཀྱེ་སྐྱེས་བུ་སྒྱུ་མའི་སྐྱེས་བུའི་ཤེས་རབ་ཅི་འདྲ་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མས་བྱས་པའི་སྐྱེས་བུ་ནི་སྒྱུ་མའི་སྐྱེས་བུ་ཡིན་གྱི། སྒྱུ་མའི་མཁན་པོ་ནི་མ་ཡིན་ཏེ། དེ་རྣམ་པར་མི་རྟོག་པ་

ཉིད་དུ་མི་འཐད་པའི་ཕྱིར་དང་། བརྒྱད་སྟོང་པ་དང་། ཉི་ཁྲི་ལྔ་སྟོང་པ་ལ་སོགས་པ་དང་འགལ་བའི་ཕྱིར་རོ། །དེ་ལས་ནི་འདི་ལྟར་དཔེ་འདི་གསལ་བར་མཛད་དེ། སྒྱུ་མའི་སྐྱེས་བུ་ནི་འདི་སྙམ་དུ་སྒྱུ་མའི་མཁན་པོ་ནི་བདག་དང་ཉེའོ། །དེ་ལས་གཞན་པའི་སྐྱེ་བོའི་ཚོགས་ནི་བདག་དང་

རིང་ངོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྒྱུ་མའི་སྐྱེས་བུ་ལ་ཤེས་རབ་ག་ལ་ཡོད་ཅེ་ན། འདི་ལྟ་སྟེ། མེད་པ་དང་། འདྲ་བའི་ཤེས་རབ་བསྐྱེད་པར་བྱ་བ་འདི་ཉིད་འདིར་དཔེའི་དོན་ཡིན་ཏེ། དེ་ལྟ་བུ་ཡིན་ན་ནི་ཆོས་བཤད་པ་འདི་ཤེས་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ནོ། །

ཇི་སྟེ་སྒྱུ་མའི་སྐྱེས་བུ་བཞིན་དུ་ཆུང་ཟད་ཀྱང་ཤེས་པ་མེད་ན་ནི་དེ་ལྟ་ན་འདིར་ཤེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་འདི་ནི་དམིགས་པ་མེད་པ་ཉིད་བསྟན་པར་རིག་པར་བྱའོ། །རྣམ་པ་གང་གིས་དེ་ལྟར་བྱ་བ་ཡིན་པ་དེ་བསྟན་པའི་ཕྱིར། དཔེ་གཉིས་པ་ཀྱེ་སྐྱེས་བུ་གལ་ཏེ་ཁྱོད་ཀྱིས་ཆོས་

བསྟན་པ་འདི་མཉན་པར་འདོད་ན་དེའི་ཕྱིར། དེ་བས་ན། འདི་ལྟར་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྱ་གནས་པ་ལྟ་བུར་གནས་པར་གྱིས་ཤིག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་ནི་འདབ་ཆགས་སོ། །གནས་པ་ནི་འདུག་པ་སྟེ། གང་ལ་འང་བརྟེན་ཅིང་དམིགས་པ་དང་། གང་དུ་ཡང་

Vol. 95 · folio 84b

ཆགས་པ་མེད་པ་དེ་ནི་དེའི་གནས་པ་ཡིན་ནོ། །ཁྱོད་ཀྱང་དེ་ལྟར་གནས་ཤིང་བློ་ཆགས་པ་མེད་པ་ཡིན་ན་ནི་འཆད་ཅིང་འདི་ལ་ཉན་པ་འདི་ལྟ་བུ་ཡིན་ནོ་ཞེས་བྱ་བའི་བར་གྱི་དོན་འདི་མཉན་པར་ནུས་སོ། །དེ་བས་ན་མཉན་པ་ཞེས་གསུངས་སོ། །དེ་ལྟར་གནས་པ་གང་ཞེ་ན། མངོན་པར་འདོད་

པའི་དོན་དེ་བསྟན་པའི་ཕྱིར། ཀྱེ་སྐྱེས་བུ་གལ་ཏེ་ཁྱོད་ཀྱིས་ཆོས་བསྟན་པ་འདི་མཉན་པར་འདོད་ན་དེའི་ཕྱིར། དེ་བས་ན་གཉིས་ལ་མ་དམིགས་ཤིག །གཉིས་མེད་པ་ལ་ཡང་མ་གནས་ཤིག་ཞེས་གསུངས་ཏེ། གཉིས་ནི་རྒྱུ་དང་འབྲས་བུ་དག་སྟེ། འདུས་བྱས་ལ་བྱའོ། །གཉིས་

མེད་པ་ནི་འདུས་མ་བྱས་ལ་བྱ་སྟེ། རྒྱུ་དང་འབྲས་བུ་གཉིས་ཡང་དག་པར་མ་སྐྱེས་པའི་ཕྱིར་རོ། །གཞན་དག་ན་རེ་གཉིས་ནི་གཟུང་བ་དང་འཛིན་པའོ། །གཉིས་མེད་པ་ནི་དེ་དག་སྟོང་པ་ཉིད་ལ་བྱ་སྟེ། དེ་ལ་དམིགས་ཤིང་དེའི་རྣམ་པ་ཅན་གྱི་སེམས་ཀྱིས་འདི་དག་རྣམ་པར་རིག་པ་ཙམ་

ཡིན་ནོ་ཞེས་སྒྲོ་འདོགས་པར་བྱེད་ན་ཡང་། སེམས་རྣམ་པར་རིག་པའི་དེ་བཞིན་ཉིད་ལ་གནས་པ་མ་ཡིན་ནོ་ཞེའོ། །ཅིའི་ཕྱིར་དམིགས་པར་མི་བྱ་ཞེ་ན། དེའི་ཕྱིར་འདི་ལ་གཉིས་སུ་བརྗོད་པར་བྱ་བ་ཡོངས་སུ་བརྗོད་པ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སམ་གཉིས་མེད་

པ་གང་ཡང་དམིགས་པ་ཉིད་དུ་བརྗོད་ཅིང་བསྟན་པར་བྱས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཆོས་བསྟན་པ་འདི་མཉན་པར་འདོད་ན། བདག་ཏུ་འདུ་ཤེས་རྣམས་ཀྱང་མ་གཞིག་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི་བདག་ཏུ་འདུ་ཤེས་ལ་སོགས་པ་རང་བཞིན་གྱིས་མ་སྐྱེས་པ་རྣམས་ལ་

གཞིག་པ་ལ་སོགས་པ་མི་རིགས་པའི་ཕྱིར་རོ། །བཅོམ་ལྡན་འདས་གང་ཞིག་བདག་ལས་ཉན་པར་འཚལ་ཏེ་འདྲི་ན་ཞེས་བྱ་བ་ལ་སོགས་པ་ནི་ཐལ་ཟིན་པ་རྣམས་མཇུག་སྡུད་པ་ཡིན་ཏེ། དེ་ལ་བདག་གིས་གོང་དུ་བསྟན་པའི་ཚུལ་གྱི་རིམ་པ་དེ་སྐད་བརྗོད་པར་བགྱིའོ། །དེ་སྐད་བཤད་

ཅིང་། དེ་སྐད་རྗེས་སུ་བསྟན་པར་བགྱིའོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་འདི་ལ་གཞག་པར་བགྱིའོ། །གདམས་པ་རྗེས་སུ་བསྟན་པ་ཙམ་ལ་གཞག་པ་ཉིད་ཀྱིས་ནི་གདུལ་བྱ་དབང་པོ་རྟུལ་པོ་ཡིན་པར་ཡང་བསྟན་ཏོ། །གལ་ཏེ་འདྲི་བའི་རིགས་

Vol. 95 · folio 85a

ཀྱི་བུ་འམ། རིགས་ཀྱི་བུ་མོ་ཇི་སྐད་དུ་བསྟན་པའི་དཔེ་གཉིས་ལྟ་བུ་ལ། དེ་ལྟར་གནས་ཤིང་། དེ་ལྟར་ཞུགས་ཏེ། དགའ་བར་བྱེད་ན་ཞེས་བྱ་སྟེ། དགའ་བ་ནི་ཆགས་པ་ཡིན་པར་བཤད་དོ། །གླེགས་བམ་ཁ་ཅིག་ལས་རིགས་ཀྱི་བུ་འམ། རིགས་ཀྱི་

བུ་མོ་དེ་ལྟར་གནས་ཤིང་དེ་ལྟར་མི་སྐྲག་ན་ཞེས་འབྱུང་བའི་དོན་ནི་འདི་ཡིན་ཏེ། འདྲི་བ་དེ་ལྟར་གནས་ཤིང་མི་སྐྲག་སྟེ། འདྲི་བ་ཡོངས་སུ་སྤོང་བར་མི་བྱེད་ན་ཞེས་བྱ་བ་ཡིན་ནོ། །སྔར་འབྱུང་བ་ལྟར་བཟང་ངོ་། །དེའི་སྤོབས་པ་ནི་ཁོང་དུ་ཆུད་པ་དང་རྟོགས་པའོ། །དེ་ཉིད་ཕྱག་རྒྱ་ཡིན་ཏེ།

གོང་ནས་གོང་དུ་རྒྱས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་སྣོད་ཉིད་དུ་རུང་བའི་རྟགས་སོ། །འདི་ལ་གནས་པ་ནི་ཡོད་ཅིང་ཐོབ་པའོ། །དེ་ནས་སླད་ཀྱིས་མཆོག་ཏུ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པ་དང་། དངོས་པོ་མ་མཆིས་པ་དང་། མ་བྱུང་བའི་བར་སྔར་

ཇི་ལྟར་བསྟན་པ་བཞིན་རིམ་གྱིས་ཇི་ལྟར་བཟོད་པར་བསྟན་པར་བགྱིའོ། །དེ་སྐད་དུ། རང་བཞིན་གྱིས་ནི་དཔེ་དང་འདྲེས། །འཇིག་པ་དམན་པའི་སྐྱེ་བོ་ལ། །འགྲོ་ལ་ཕན་བྱེད་མཐར་གྱིས་འདུལ། །གླང་པོ་ཆེ་དག་སློང་བ་བཞིན། །ཞེས་གསུངས་སོ། །དེ་ལ་སླད་ཀྱིས་ཞེས་བྱ་

བ་ནི་དུས་ཕྱིས་སོ། །མཆོག་ཏུ་གྱུར་པ་ཞེས་བྱ་བ་ནི་ངེས་པར་མཆོག་ཏུ་གྱུར་པའོ། །དེ་ལྟར་གདུལ་བྱའི་ཐབས་ལ་མཁས་པས་བཅོམ་ལྡན་འདས་དགྱེས་ནས་ལེགས་སོ་ཞེས་བྱ་བ་གསུངས་ཏེ། རྗེས་སུ་གནང་བ་ཡང་མཛད་དོ། །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་

དེ་ལ་ཡང་ཕྱིས་འདི་སྐད་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་འཆད་པའི་དོན་དེ་ལ་གུས་པ་དང་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །སྔར་བཤད་པ་ལས་འདིའི་འབྲས་བུ་ཐ་དད་པར་གྱུར་པ་ནི་མ་ཡིན་ཏེ། སྒོམ་པ་གཉི་ག་ཡང་སྐྱེ་བ་མེད་པའི་ངོ་བོར་གཅིག་པའི་ཕྱིར་རོ། །འོན་ཀྱང་

གདུལ་བྱ་ལ་ལྟོས་ནས་སྔ་མ་ནི་རྒྱས་པ་དང་བཅས་པ་ཡིན་ནོ། །འདི་ནི་མདོར་བསྡུས་པ་ཙམ་དུ་ཟད་དོ། །དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་རྒྱུ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་

Vol. 95 · folio 85b

གོ། །སེམས་བསྐྱེད་པ་དེ་ཡང་གཞན་གྱི་དོན་གྱི་ཕྱིར། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ནོ། །དེ་ཡང་དེ་དག་གི་འདོད་པར་བྱ་བའི་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་བས་ན་དེ་དེ་ལྟར་འདུས་མ་བྱས་ལ་སྦྱོར་བའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་

ཅིང་གོམས་པར་བྱས་པས་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ལ་བལྟ་བར་འདོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་བསྒོམ་པའི་ཚུལ་གྱིས་བསྒོམས་ན། དེ་བཞིན་གཤེགས་པ་མཐོང་བར་འགྱུར་

བ་ནི་ཇི་ལྟར་མི་དམིགས་པའི་ཚུལ་དུ་སློབ་པས་བསྙེན་བཀུར་བྱས་པ་ཡིན་པ་དང་། སྐྱེ་བ་མེད་པའི་ཚུལ་དུ་སློབ་པས་དེ་བཞིན་གཤེགས་པ་ནི་སྟོན་པ་པོར་འགྱུར་བ་དག །སངས་རྒྱས་ཀྱིས་རྗེས་སུ་གཟུང་བ་བཤད་པ་ལས་བདག་གིས་སྔར་ཇི་ལྟར་བསྟན་པ་བཞིན་དུ་རིག་པར་

བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་བྱང་ཆུབ་པར་གྱུར་ན། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དང་། མཆོད་པ་བཀོད་པ་དང་། བདུད་ལས་རྒྱལ་བ་ལ་སོགས་པ་ཁྱད་པར་དུ་གྱུར་

པའི་བཅོམ་ལྡན་འདས་མཐོང་ནས། དེ་ལྟ་བུར་གྱུར་པར་ཤོག་ཤིག་ཅེས་སྐལ་བ་དང་ལྡན་པ་འགའ་ཞིག་སེམས་སྐྱེད་པར་བྱེད་དོ། །དེ་ལྟར་ན་བདུད་འདུལ་བ་ལ་སོགས་པ་སྟོན་པར་འདོད་པ་ཞེས་ཐམས་ཅད་དུ་དེ་ལྟར་སྦྱར་བར་བྱ་སྟེ། འཕྲོས་པར་དོགས་པའི་ཕྱིར་མ་སྨྲས་སོ། །

རྫོགས་པའི་བྱང་ཆུབ་དེ་ཡང་དེ་ལ་འདོད་པ་རྣམས་ཀྱིས་མངོན་པར་འདུ་བྱེད་པ་མེད་པའི་ཚུལ་དུ་བསླབས་པས་འགྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་ཐམས་ཅད་ལ་མཁས་པ་བསྒྲུབ་པ་ཡང་མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། སྐྱེ་བ་མེད་པའི་ཚུལ་གྱིས་གོམས་པར་བྱས་

པས་འགྲུབ་པར་འགྱུར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་། ཚད་མེད་པ་ལ་སོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐུག་པའི་བར་གྱི་རྣམ་པ་དང་ལྡན་པའོ། །རྣམ་པ་དེ་དག་མཆོག་ཡིན་ཞིང་། འདོད་པར་བྱ་བ་

Vol. 95 · folio 86a

ཡིན་པས་དམ་པ་སྟེ། ཤིན་ཏུ་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །དེ་དང་དེ་དག་དང་ལྡན་པ་དེ་བསྒྲུབ་པར་འདོད་པས། འདི་ཉིད་ལ་མི་བསྒོམ་པའི་ཚུལ་གྱིས་བསྒོམས་ན་འགྲུབ་པར་འགྱུར་རོ། །བར་དུ་ཞེས་བྱ་བའི་སྒྲས་དེ་ལས་གཞན་པ་དེ་བཞིན་

གཤེགས་པའི་ཡོན་ཏན་འདོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པས་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཐོང་བ་ལ་སོགས་པར་འདོད་པས་ཅིའི་ཕྱིར་དངོས་པོ་མེད་པ་ལ་སོགས་པའི་ཚུལ་དུ་བསྒོམ་པར་བྱ་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དང་།

བྱང་ཆུབ་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་བར་འདི་ཐམས་ཅད་འདུས་མ་བྱས་པ་དང་། སྐྱེ་བ་མེད་པ་ཡིན་ཏེ། དེ་བས་ན་དེ་ལྟར་བསྒོམ་པར་བྱའོ། །ཆོས་ཐམས་ཅད་ནི་ངེས་པར་འབྱུང་བ་དང་བཅས་པ་སྟེ་ཞེས་བྱ་བ་ནི་ངེས་པར་འབྱུང་བ་དང་

བཅས་པ་ཡིན་ཏེ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་མ་བཅིངས་པའོ། །གང་ངེས་པར་མི་འབྱུང་བའི་ཆོས་དེ་གང་ཡང་མེད་དོ་ཞེས་བྱ་བས་ནི་ཁྱབ་པ་བསྟན་པའོ། །དེ་ལྟར་ཤེས་པར་འདོད་པས་འདི་ཉིད་ལ་བསླབ་པར་བྱའོ། །བར་གྱི་སྒྲས་སྐྱེ་བ་

མེད་པ་ལ་སོགས་པ་བསྡུ་བར་བྱ་སྟེ། དངོས་པོ་མེད་པའི་ཚུལ་དུ་སྦྱར་རོ། །ཆོས་ཐམས་ཅད་ནི་ངེས་པར་མི་འབྱུང་སྟེ་ཞེས་བྱ་བ་ལ། ངེས་པར་འབྱུང་བ་མེད་པ་ཡིན་ཏེ། མ་སྐྱེས་པ་རྣམས་ནི་ངེས་པར་འབྱུང་བ་མི་འཐད་པའི་ཕྱིར་སྔ་མ་བཞིན་ནོ། །སེམས་ཅན་ཐམས་ཅད་ནི་བྱང་ཆུབ་

ཀྱི་ཕྱིར་སྤྱོད་པ་སྟེ། གང་བྱང་ཆུབ་ཀྱི་ཕྱིར་མི་སྤྱོད་པའི་སེམས་ཅན་དེ་གང་ཡང་མེད་དོ་ཞེས་བྱ་བས་ཁྱབ་པ་བསྟན་ཏོ། །དེ་ལ་ཞུམ་པ་མེད་པར་འདོད་པས་ཀྱང་དངོས་པོ་མེད་པའི་བར་གྱི་ཚུལ་གྱིས་འདི་ཉིད་ལ་བསླབ་པར་བྱའོ། །སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཕྱིར་སྤྱོད་པའི་དོན་འདི་

ལ་ཞུམ་པ་མེད་པར་འདོད་པ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་དམྱལ་བ་ལ་སོགས་པ་རྣམས་བྱང་ཆུབ་ཀྱི་ཆེད་དུ་སྤྱོད་པ་ཡིན་པར་རྟོགས་པར་བྱ་ཞེས་བྱ་བའོ། །གཏན་ཚིགས་སུ་འདི་ལྟར་ཆོས་ཐམས་ཅད་ནི་བྱང་ཆུབ་དང་མཉམ་པའོ་ཞེས་བྱ་བ་ཡིན་ཏེ།

Vol. 95 · folio 86b

གང་གི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ་དེའི་ཕྱིར། ཆོས་ཐམས་ཅད་བྱང་ཆུབ་དང་མཉམ་པའོ། །འདིས་ནི་སྤྱོད་པའི་ཡུལ་དང་། བྱང་ཆུབ་མཉམ་པར་བསྟན་ཏོ། །སྤྱོད་པར་བྱེད་པ་དང་། སྤྱོད་པ་དང་། བྱང་ཆུབ་རྣམས་དབྱེར་མེད་པར་ཚིག་འོག་མས་བསྟན་པའི་ཕྱིར།

ཇི་ལྟར་ཆོས་ཐམས་ཅད་བྱང་ཆུབ་དང་མཉམ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་བྱང་ཆུབ་མ་སྐྱེས་པ་དེ་བཞིན་དུ་སེམས་ཅན་རྣམས་ཀྱང་མ་སྐྱེས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཇི་ལྟ་བ་བཞིན་དུ། སྤྱོད་པ་ཡང་དེ་བཞིན་ཏེ། མ་སྐྱེས་པ་དེ་དག་ལ་སྤྱོད་པ་ལྟ་ག་ལ་

ཡོད། དེ་བས་ན་མེད་པའི་ཕྱིར་ཞེས་གསུངས་ཏེ། སྤྱོད་པ་ནི་བྱང་ཆུབ་དང་མཉམ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་སོ་སོའི་སྐྱེ་བོ་དང་། ཉན་ཐོས་ལ་སོགས་པའི་སྤྱོད་པ་ཐམས་ཅད་ནི་སྤྱོད་པ་མེད་པ་ཡིན་ཏེ། སྤྱོད་པ་ནི་རབ་ཏུ་འཇུག་པའོ། །དེ་གང་ལ་ཡོད་པ་དེ་ནི་

སྤྱོད་པར་བྱེད་པའོ། །དེ་མེད་པའི་ཕྱིར་སྤྱོད་པར་བྱེད་པ་མེད་པའོ། །སྤྱོད་པར་བྱེད་པ་མེད་ན་ཡང་སྤྱོད་པ་ག་ལ་ཡོད། སྤྱོད་པ་དེ་ཉིད་བྱང་ཆུབ་སྟེ། བྱང་ཆུབ་གང་ཡིན་པ་སྐྱེ་བ་མེད་པའང་དེ་ཡིན། འབྱུང་བ་མེད་པ་ཡང་དེ་ཡིན་ནོ། །དངོས་པོ་མེད་པ་ལ་སོགས་པ་འདུས་མ་བྱས་ཀྱི་

དོན་རྣམས་ཀྱང་བལྟ་བར་བྱའོ། །འཇམ་དཔལ་གང་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ནི་གདུལ་བྱའི་རྒྱུད་ལ་དགེ་བའི་རྩ་བ་བསྐྱེད་པ་ལ་སོགས་པ་བྱེད་པ་སྟེ། གསང་སྔགས་ཀྱི་ཆོ་

འཕྲུལ་གྱིས་འབེབས་པ་དང་། དམག་འཆིང་བ་ལ་སོགས་པ་བྱེད་པ་བཞིན་ནོ། །དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་ནི་མཐུ་ཆེན་པོ་རང་ལ་མངའ་བ་སྟེ། གཅིག་གིས་ཇི་ལྟར་བདུད་མཐའ་ཡས་པ་ཕམ་པར་བྱས་པ་དང་། ཆོ་འཕྲུལ་ཆེན་པོ་དང་། ཡིད་མགྱོགས་པ་ལ་སོགས་

པ་མཛད་པ་ལྟ་བུའོ། །དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བསྟན་ཏོ། །འདི་ལ་གཏན་ཚིགས་ཅི་ཡོད། །སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་རྣམས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡང་དག་པར་འགྲུབ་པར་བྱ་བ་ཡིན་ཞེས་དགོངས་ཏེ། དེ་ཅིའི་ཕྱིར་

Vol. 95 · folio 87a

ཞེ་ན་ཞེས་གསུངས་སོ། །ལན་ནི་དེ་ནི་བསྟན་དུ་མེད་པ་སྟེ་ཞེས་བྱ་བ་ཡིན་ཏེ། བསྟན་པ་ནི་འདི་དང་འདི་ལ་ཞེས་རྣམ་པར་རྟོག་པའོ། །དེ་འདི་ལ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་བསྟན་དུ་མེད་པ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་སྟོན་པ་ཡིན་ཏེ།

དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་དང་། རྣམ་པར་རོལ་པ་དག་མི་སྟོན་ཏེ། རྣམ་པར་མི་རྟོག་པ་ལ་མངོན་པར་འདུ་བྱེད་པ་མི་རིགས་པའི་ཕྱིར་བསྟན་པའི་ཆེད་དུ་སྦྱོར་བར་བྱེད་པ་མ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མེད་པར་མཛད་པ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བསྟན་ཏོ་ཞེས་བྱའོ། །དེ་བཞིན་གཤེགས་པ་མཐོང་བ་ལ་སོགས་པར་འདོད་པ་སྐལ་བ་དང་ལྡན་པ་ལ། འགྲུབ་པ་འདི་ཡང་མོས་པ་མེད་པར་མི་འགྲུབ་པར་བསྟན་པའི་ཕྱིར། འཇམ་དཔལ་དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ།

དགེ་བསྙེན་མ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོང་དུ་བསྟན་པ་འདི་ལས་ཆུང་ངུ་ན། ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་འཛིན་པ་ལ་སོགས་པ་བྱེད་པ་དེ་དག་ཀྱང་ཕྱིར་མི་ལྡོག་པར་ང་འཆད་ན། གང་དག་རང་དང་གཞན་དག་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་བསྒྲུབ་ཅིང་། དེ་བཞིན་ཉིད་དུ་བྱ་བའི་ཕྱིར། སྒྲུབ་པ་ལྟ་ཅི་སྨོས། འདིས་ནི་དེ་དག་ཕྱིར་མི་ལྡོག་པ་ཉིད་ཡིན་པར་མ་གསུངས་ཀྱང་གསལ་ལོ། །ཞལ་ནས་གསུངས་པ་ལས་ཀྱང་། ཚིགས་སུ་བཅད་པ་རྩ་བ་དྲུག་པའི་བར་དུ་ཡོད་པས་དེ་རྣམ་པར་བཅད་པའི་ཕྱིར།

ཚིག་བཞི་པ་ཞེས་སྨོས་སོ། །འཛིན་པ་ལ་སོགས་པ་ནི་བསྟན་ཟིན་ཏོ། །ཡང་དག་པར་རབ་ཏུ་སྟོན་པ་ནི་ཕ་རོལ་ལའོ། །དེ་ནི་གཞན་གྱི་དོན་ལ་མོས་པའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཆུབ་ཏུ་གདོན་མི་ཟ་བར་ངེས་པར་རིག་པར་བྱའོ། །སངས་རྒྱས་ཀྱི་ཡུལ་ནི་

སྤྱོད་ཡུལ་གང་ན་གནས་ནས་སངས་རྒྱས་ཉིད་འགྲུབ་པ་དང་། གྲུབ་ནས་ཀྱང་གང་ལ་གནས་པའོ། །དེ་ལ་གནས་པ་ནི་དེ་ཐོས་ནས་སྐྲག་པ་མེད་པ་ལ་སོགས་པའི་ཚུལ་གྱིས་མོས་པས་དེ་ལ་གནས་པའི་ཕྱིར་རོ། །དེ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཡིན་ནོ། །དེ་དག་ནི་སངས་རྒྱས་

Vol. 95 · folio 87b

ཀྱི་ཆོས་ཀྱི་རང་གི་ངོ་བོ་དང་། ཕྲིན་ལས་ཐམས་ཅད་ལ་ངེས་པར་འགྱུར་བ་ནི་གཞན་དུ་མི་ལྡོག་པར་འགྱུར་བའོ། །འདི་ནི་རང་གི་དོན་ལ་མོས་པའོ། །འཇམ་དཔལ་ངས་སངས་རྒྱས་ཀྱིས་གནང་བ་ཞེས་བྱ་བ་ལ་སྔར་མཐོང་བའི་ལམ་གྱི་སྐབས་སུ་ཕྱག་རྒྱ་བཞག་པ་ཡིན་ལ། ཡང་གཞག་

གོ་ཞེས་བསྟན་པའི་ཕྱིར། ཕྱག་རྒྱ་འདི་ཡང་གཞག་པར་བྱ་སྟེ་ཞེས་གསུངས་ཏེ། ཡང་གི་སྒྲ་ནི་དོན་དེ་ལྟ་བུ་ཡིན་ནོ། །དེའི་ཁྱད་པར་ཅི་འདྲ་བ་ཞིག་ཅེ་ན། སངས་རྒྱས་ཀྱིས་གནང་བ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་རྗེས་སུ་དགོངས་པའོ། །དེ་བཞིན་གཤེགས་པ་རྣམ་

པར་མཁྱེན་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ནི་སངས་རྒྱས་ཉིད་དུ་འཇུག་པ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་ལ་བརྩོན་པ་སྟེ། ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་ལ་སོགས་པ་ཡིན་ཏེ།

བརྩོན་པ་མཛད་པ་ཡིན་དུ་ཟིན་ཀྱང་། མཐར་ཕྱིན་པ་ཡིན་པར་བརྗོད་པའི་ཕྱིར་རོ། །དེ་དག་གིས་མཁྱེན་པ་ནི་མངོན་པར་ཤེས་པ་ཆེན་པོ་བརྙེས་པས། དེ་དག་གི་རིགས་ངེས་པ་ཕྲ་མོ་མཁྱེན་པའི་ཕྱིར་རོ། །དགྲ་བཅོམ་པ་ཐམས་ཅད་ཀྱིས་ཡང་དག་པར་མནོས་པ་ཞེས་བྱ་བ་ནི་ཕྱག་རྒྱ་འདི་

ཉིད་ཡིན་པར་ཁས་བླངས་པ་སྟེ་འདི་གཞག་པར་བྱའོ། །དེ་ལྟ་བུའི་ཁྱད་པར་ཅན་དེ་གང་ཞེ་ན། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་དང་ཞེས་བྱ་བ་ཡིན་ཏེ། ཆོས་ཐམས་ཅད་བྱང་ཆུབ་དང་མཉམ་མོ་ཞེས་བྱ་བ་ལ་སོགས་པ་གང་སྔར་བསྟན་པ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་ཏུ་

དབྱེར་མེད་པའི་ཕྱིར་སངས་རྒྱས་དང་བྱང་ཆུབ་མཉམ་པ་ཉིད་ཁོ་ནར་འདོད་པ་ཡིན་ནོ། །ངང་གི་སྒྲ་ནི་ལྟོས་པ་དང་བཅས་པ་ཡིན་ནོ། །གཞན་ཡང་ཅི་ཞིག་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་བར་དུ་ཡོངས་སུ་བསྟན་པའོ་ཞེས་གསུངས་ཏེ། བར་དུ་ཞེས་

བྱ་བ་འདིས་ནི་སྐྱེ་བ་མེད་པ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །གང་ལ་ཆགས་པ་མེད་ཅེ་ན། ཆོས་ཐམས་ཅད་ལ་ཆགས་པ་མེད་པར་བསྟན་ཏེ། འདིར་ནི་ཕྱག་རྒྱ་དེ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཕྱག་རྒྱ་འདིས་བཏབ་པ་ནི་ཞེས་བྱ་བ་ལ་སོགས་

Vol. 95 · folio 88a

པ་གསུངས་ཏེ། གང་ཞིག་ལྷག་པར་མོས་པའི་སེམས་ལ་ཕྱག་རྒྱ་འདི་ཡོད་པའི་བྱང་ཆུབ་སེམས་དཔའི་ཐེག་པ་དེ་ནི་དམྱལ་བ་ལ་སོགས་པའི་ངན་སོང་དུ་མི་འགྲོའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་འགྲོ་བ་མ་ཡིན་ཏེ། བདག་ཡོངས་སུ་མྱ་ངན་ལས་

འདའ་བར་བྱ་བའི་ཆེད་དུ་འབད་པར་མི་བྱེད་དོ། །ས་དེ་ལ་འཇུག་པའི་སྐལ་བ་ཅན་མ་ཡིན་ཏེ། མི་འཇུག་ན་འབྲས་བུ་མངོན་སུམ་དུ་མི་བྱེད་དོ། །དེ་ནས་དེའི་ཚེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་རྫོགས་པའི་ཚེའོ། །ལྷ་རྫས་ཀྱི་མཆོད་པ་བྱས་ནས་དགེ་བའི་རྩ་བ་འདིས་

གང་དག་ཕྱག་རྒྱ་འདིས་བཏབ་པ་དེ་དག་གིས་བླ་ན་མེད་པའི་ཆོས་རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ནི། མོས་པ་དང་ལྡན་པ་ལ་སྨོན་ལམ་གྱིས་ཡོངས་སུ་གཟུང་བར་བྱས་པ་ལའོ། །ལྷའི་མཐུས་ཀྱང་སྤྱིར་ཡོངས་སུ་གཟུང་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བདག་གིས་ཀྱང་མ་བྱུང་བ་

དང་། མ་སྐྱེས་པའི་བར་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་འདྲ་བ་དེ་དག་གི་ཞེས་བྱ་བ་ནི་ཕྱག་རྒྱ་ཡོད་པའོ། །དེ་དག་གི་རྣ་ལམ་དུ་གྲག་པར་འགྱུར་བ་ཞེས་བྱ་བ་ནི་རྣ་བའི་སྤྱོད་ཡུལ་དུ་བྱ་བའི་ཕྱིར་ཡིན་གྱི་ཐོས་པ་ཙམ་འབའ་ཞིག་གི་ཕྱིར་མ་ཡིན་

ནོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པར་འགྱུར་བར་བགྱི་བའི་བར་གྱི་སླད་དུ་ཞེས་གསུངས་སོ། །བར་གྱི་ཞེས་བྱ་བའི་སྒྲས་འཆང་བ་ལ་སོགས་པ་གཟུང་ངོ་། །བརྩོན་པར་བགྱིའོ་ཞེས་བྱ་བ་ནི་འབད་པར་བྱ་བ་ཡིན་ནོ། །བཅོམ་ལྡན་

འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཛད་པའོ། །

སངས་རྒྱས་ཀྱིས་བྱིན་གྱིས་མ་བརླབས་པར་དམ་པའི་ཆོས་ཡུན་རིང་དུ་གནས་པ་མེད་པས་ན། བྱིན་གྱིས་བརླབས་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ལྟས་སྟོན་པ་ནི་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པ་དང་། འཛུམ་པ་མཛད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་

Vol. 95 · folio 88b

འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་པའོ། །གང་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པར་བྱིན་གྱིས་བརླབས་པ་དེ་བསྟན་པའི་ཕྱིར། བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་

བརླབས་པའི་སྔ་ལྟས་ལགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྗེས་སུ་གནང་བར་མཛད་པ་ནི་འཇམ་དཔལ་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྔ་ལྟས་དེ་དག་གིས་ན་འདི་བྱིན་གྱིས་བརླབས་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་

བདག་ཉིད་ཆེན་པོ་གང་དག་ཆོས་གང་ཡང་མི་སྤོང་ཞིང་ཞེས་བྱ་བ་ནི་སྐུར་པ་མི་འདེབས་པའོ། །བསྔགས་པར་ཡང་མི་བྱེད་པ་ཞེས་བྱ་བ་ནི་སྒྲུབ་པར་མི་བྱེད་པའོ། །དེ་དང་དེ་དག་ནི་ཞེས་བྱ་བ་ནི་བསྔགས་པར་བྱ་བ་རྣམས་སོ། །ཕྱག་རྒྱ་འདིས་བཏབ་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་མཚན་མ་

བཏབ་པར་ཤེས་པར་བྱའོ། །དེ་ཇི་ལྟར་ཡིན་ཞེས་དོགས་པ་ལ་འདིར་ལན་དུ་འཇམ་དཔལ་དམིགས་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་དམིགས་པ་ཡོད་ན་སྤོང་བར་བྱེད་དེ་མེད་པ་ཡིན་ནོ་སྙམ་པར་འགྱུར། བསྔགས་པར་བྱེད་པར་འགྱུར་ཏེ། ཡོད་དོ་སྙམ་པར་འགྱུར་

བའི་ཕྱིར་རོ། །དམིགས་པ་མེད་ན་ནི་འགོག་པ་དང་། སྒྲུབ་པ་དེ་གཉི་ག་བྱེད་པར་མི་རིགས་སོ། །འཇམ་དཔལ་དེ་ལྟ་བས་ན། གང་དག་ཕྱག་རྒྱ་འདིས་བཏབ་པ་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ཏེ། སྐལ་བ་དང་ལྡན་པ་གང་དག་ཡོད་པ་དང་མེད་པ་ལས་འདས་པའི་ཕྱག་

རྒྱ་འདིས་བཏབ་པ་དེ་དག་གི་ཆེད་དང་དོན་དུ། ངས་བྱིན་གྱིས་བརླབས་པའི་ཕྱིར། ཕྱག་རྒྱ་འདི་གཞག་སྟེ་འདི་ལྟར་གང་གི་ཕྱིར་ཆོས་གང་ལ་ཡང་སྒྲུབ་པ་དང་། འགོག་པ་མི་བྱེད་པ་དེ་དག་གིས་ཐོས་ནས་ཀྱང་། ཆོས་གང་ཡང་སྟོན་པའམ་རྣམ་པར་རྟོག་པ་མེད་དོ། །དེ་ཅིའི་ཕྱིར་

ཞེ་ན། འཇམ་དཔལ་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པའི་ཕྱིར་རོ་ཞེས་གསུངས་སོ། །དོན་དམ་པ་སྨོས་པ་ནི་རྨི་ལམ་ལ་སོགས་པ་བཞིན་དུ་སྣང་བ་ཙམ་བསལ་བར་མི་ནུས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི་མདོ་སྡེ་དེ་སྐད་

Vol. 95 · folio 89a

གསུངས་པའོ། །གསུངས་པ་དེས་ཡི་རངས་པ་ནི་སེམས་དགའ་བ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཤ་ར་དྭ་ཏིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་དང་།

ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་པར་གྱུར་པ་དང་། དེ་དེ་བཞིན་ནོ་ཞེས་མངོན་པར་བསྟོད་དོ། །ཁ་ཅིག་སྟོན་པ་པོ་གཞན་ཡང་ཡོད་པར་

འཆད་དོ། །དེ་སྐད་བཀའ་སྩལ་ནས་ཞེས་བྱ་བ་ནི། འཇམ་དཔལ་གྱིས་བཀའ་སྩལ་ཏོ་ཞེས་སྦྱོར་བར་བྱེད་པ་དེ་དག་ནི། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ། མངོན་པར་དགའོ་ཞེས་གསུངས་པའི་ཕྱིར། འཇམ་དཔལ་གྱིས་གསུངས་པ་ལ། མངོན་པར་དགའ་བའོ་ཞེས་སྦྱར་བ་

བསལ་བ་ཡིན་ནོ། །སངས་རྒྱས་ཀྱི་བཀའ་དང་། སངས་རྒྱས་མ་ཡིན་པའི་ཚིག་འདྲེས་པའི་སྐྱོན་དུ་ཡང་འགྱུར་རོ། །བཅོམ་ལྡན་འདས་ཆོས་འཆད་པ་ཇི་སྙེད་པ་དང་། འབྲེལ་པར་འཆད་པའི་ཚིག་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུས་ཡིན་པས། བརྒྱ་བྱིན་ལ་སོགས་པའི་ཚིག་ཀྱང་སངས་

རྒྱས་ཀྱི་བཀའ་ཡིན་པར་གཟུང་བར་བྱའོ། །དྲི་མེད་ཚིག་གི་འོད་ཟེར་ཡིད་འོང་ཚོགས་རྣམས་ཀྱིས། །རྒྱལ་བ་སྐྱེད་མ་རྨོངས་པའི་དྲ་བ་སེལ་མཛད་པའི། །པདྨ་སྡུག་པོ་རྗེས་སུ་འཚམ་པར་ཁ་ཕྱེ་ལ། །ངང་པའི་རྒྱལ་པོ་བཞིན་དུ་བློ་དང་ལྡན་པས་ལྟོས། །བདག་གིས་བདུན་བརྒྱ་པ་ནི་རྣམ་ཕྱེ་

བའི། །བསོད་ནམས་གང་ཐོབ་དེས་ནི་འགྲོ་བ་ཀུན། །གནས་ངན་ལེན་དང་མཚན་མས་བཅིངས་པ་ལས། །རྣམ་གྲོལ་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །འཕགས་པ་ཤེས་རབ་བདུན་བརྒྱ་པ་རྒྱ་ཆེར་འགྲེལ་པ། མགོན་པོ་ངག་གི་དབང་པོས་སྤོབས་པ་བསྐྱེད་པའི་སློབ་དཔོན་བི་མ་ལ་མི་

ཏྲས་མཛད་པ་རྫོགས་སོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words