ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) པྲཛྙཱ་པྲ་དཱི་པཾ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 100 · folio 27b

བཅས་པ་དང་འགལ་བའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་དོ་ཞེས་བྱ་བས་ལན་བཏབ་ཟིན་པའི་ཕྱིར་ཡང་ཕྱིར་བཀླགས་མི་དགོས་སོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་

ལ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བཤད་པ་ཉིད་ཀྱིས་ཀུན་རྫོབ་ཏུ་ལྟ་བ་པོ་ཞེས་བྱ་བ་དོན་དམ་པར་ལྟ་བར་མི་བྱེད་པར་ལན་བཏབ་ཟིན་པས་ཉེས་པ་མེད་པའི་ཕྱིར་ཡང་ཕྱིར་བཀླགས་ཤིང་ལན་གདབ་མི་དགོས་སོ། །གཞན་ཡང་འདི་ལ་ལྟ་བ་པོ་དེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་ནམ་འོན་ཏེ་ལྟ་བ་པོའི་ངོ་བོ་ཉིད་མ་

ཡིན་ཞེས་བྱ་བའི་བརྟག་པ་རྣམ་པ་གཉིས་ཀྱིས་ནི་གྲངས་ཅན་དག་ལྟ་བ་པོ་དེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་པར་འདོད་པ་དང་། བྱེ་བྲག་པ་དག་ལྟ་བ་པོ་དེ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པར་འདོད་པའི་ཕྱོགས་གཉི་ག་དགག་པ་སྟོན་ཏོ། །དེ་ལ་གལ་ཏེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་ཏེ། ཇི་ལྟར་གྲངས་ཅན་དག་ན་རེ་སྐྱེས་བུའི་ངོ་

བོ་ཉིད་ནི་ཤེས་པ་ཡོད་པ་ཉིད་དོ་ཞེས་ཟེར་བ་ལྟ་བུའོ་ཞེ་ན་ཞེས་བྱ་བས་ནི་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་དེ་ཡང་མི་རུང་བར་སྟོན་ཏོ། །དེ་ལ་ལྟ་བ་པོའི་ངོ་བོ་ཉིད་ཡིན་པ་ཞེས་བྱ་བ་ནི་མིག་དང་གཟུགས་ལ་སོགས་པ་རྐྱེན་རྣམས་ལ་མ་ལྟོས་པར་ལྟ་བ་པོ་ཉིད་དུ་འདོད་པ་སྟེ། དེ་ཡང་གྲངས་ཅན་དག་

གི་གཞུང་ལས་སྐྱེས་བུའི་ངོ་བོ་ཉིད་ནི་ཤེས་པ་ཉིད་ཡོད་པ་ཡིན་པས་དེ་ནི་རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་པས་ལྟ་བ་པོའི་ངོ་བོ་ཉིད་ཅེས་བྱ་སྟེ། དེས་ལྟ་བར་བྱེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་ནི་མི་རུང་སྟེ་ཅིའི་ཕྱིར་ཞེ་ན། དེ་ལ་གལ་ཏེ་དེའི་ལྟ་བ་པོ་དེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་

ན་ངོ་བོ་ཉིད་ནི་མ་བྱས་པའི་ཕྱིར་ལྟ་བ་མེད་པར་ཡང་ལྟ་བ་པོར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གྲངས་ཅན་དག་གི་ལྟ་བ་པོའི་ངོ་བོ་ཉིད་ཡིན་ན་ངོ་བོ་ཉིད་ནི་མ་བྱས་པའི་ཕྱིར་དཔེར་ན་མེའི་ཚ་བ་ཉིད་ནི་རང་གི་བདག་ཉིད་ཀྱིས་ཚ་བ་ཉིད་ཡིན་གྱི་གཞན་ཅི་ལ་ཡང་མི་ལྟོས་པ་དེ་བཞིན་དུ་ལྟ་བ་པོ་ཡང་རང་གི་བདག་

ཉིད་ཀྱིས་ལྟ་བ་པོ་ཉིད་ཡིན་གྱི་གཞན་ཅི་ལ་ཡང་མི་ལྟོས་པར་འགྱུར་ཏེ། དེ་ལྟ་ན་ལྟ་བ་མེད་པར་ཡང་ལྟ་བ་པོར་འགྱུར་བས་མི་རུང་ངོ་། །ཅི་སྟེ་གཅོད་པ་པོ་དེ་ལ་སྟ་རེ་མེད་ན་གཅོད་པ་པོ་ཉིད་དུ་མི་འཐད་པ་དེ་བཞིན་དུ་དེ་ཡང་ལྟ་བ་མ་སྤངས་ན་ལྟ་བ་པོ་ཉིད་དུ་བལྟ་བར་བྱའོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་ན་རེ་འདི་

Vol. 100 · folio 28a

སྐད་ཅེས་དཔེར་ན་གཅོད་པ་པོ་ལྷས་བྱིན་ནི་གཅོད་པ་པོའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་དེ་ལ་གཅོད་པའི་བྱེད་པ་སྟ་རེ་མེད་ན་གཅོད་པ་པོ་ཉིད་དུ་མི་འཐད་ཀྱི་སྟ་རེ་ཡོད་ན་གཅོད་པ་པོ་ཉིད་དུ་འཐད་པ་དེ་བཞིན་དུ་ལྟ་བ་པོ་བདག་དེ་ཡང་ལྟ་བ་པོའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ལྟ་བའི་བྱེད་པ་མིག་སྤངས་

ཤིང་མེད་ན་ལྟ་བ་པོ་ཉིད་དུ་མི་འཐད་ཀྱི་མིག་མ་སྤངས་ཤིང་ཡོད་ན་ལྟ་བ་པོ་ཉིད་དུ་བལྟ་བར་བྱའོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལྟ་ན་བདག་ལྟ་བ་པོ་ཉིད་ནི་ཐ་སྙད་པ་ཡིན་ཏེ། གཅོད་པ་པོ་ཐ་སྙད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་

གཅོད་པ་པོ་དེ་དོན་དམ་པ་ཡིན་ན་སྟ་རེ་ལ་མི་ལྟོས་པར་འགྱུར་བའི་རིགས་ན་ལྟོས་པས་དེ་ཐ་སྙད་པ་ཡིན་པ་བཞིན་དུ་བདག་ལྟ་བ་པོ་དེ་ཡང་དོན་དམ་པ་ཡིན་ན་ལྟ་བ་ལ་མི་ལྟོས་པར་འགྱུར་བའི་རིགས་ན་ལྟོས་པས་དེ་ཡང་ཐ་སྙད་པ་ཡིན་ནོ། །དེ་ལྟར་རྟོག་ན། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་མ་སྤངས་ན་དེ་ལྟ་

བ་པོ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་ནི་ལྟ་བ་ལ་ལྟོས་པ་དེ་ལྟར་རྟོག་ན་ལྟ་བ་པོ་དོན་དམ་པ་པ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དེ་དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ལྟ་བ་མ་སྤངས་ཤིང་ཡོད་ན་དེ་ལྟ་བ་པོ་ཉིད་དུ་ཁས་བླངས་པའི་ཕྱིར་ཏེ། འདི་ལྟར་ཁྱོད་ཀྱིས་ལྟ་བ་པོ་ཉིད་ལྟ་བ་

ལ་ལྟོས་ཤིང་བརྟེན་པ་ཡིན་གྱི་ངོ་བོ་ཉིད་ཀྱིས་ལྟ་བ་པོ་ཡིན་པར་མ་སྨྲས་པའི་ཕྱིར་ལྟ་བ་པོ་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཡིན་ནོ། །འདི་ན་ལྟ་བ་དང་ལྡན་པའི་སྔོན་རོལ་དང་ལྟ་བ་དང་བྲལ་བའི་འོག་ན་ལྟ་བ་མེད་པས་ལྟ་བ་མེད་ན་བལྟ་བར་བྱ་བ་ལ་ལྟ་བ་ཡང་མེད་པའི་ཕྱིར་ལྟ་བ་པོ་ཉིད་དུ་མི་འཐད་པས་ལྟ་བ་པོ་

མེད་དེ། ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་ལྟ་བ་པོའི་བདག་ལྟ་བ་ལ་ལྟོས་པ་དེ་ལ་ཇི་སྲིད་དུ་ལྟ་བ་དང་ལྡན་པའི་སྔོན་རོལ་མི་ལྡན་པའི་དུས་དང་། གང་གི་ཚེ་ལྟ་བ་དང་བྲལ་བའི་འོག་རོལ་གྱི་དུས་དེའི་ཚེ་ན་ལྟ་བ་མེད་དོ། །ལྟ་བ་མེད་ན་བལྟ་བར་བྱ་བའི་དམིགས་པས་གཟུགས་ལ་ལྟ་བ་ཡང་མེད་

པའི་ཕྱིར་ལྟ་བ་པོའི་བདག་ཡོད་པ་ཉིད་དུ་མི་འཐད་པས་ལྟ་བ་པོ་མེད་དེ། བདག་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འོན་ཀྱང་ཡང་ཕ་རོལ་པོ་དག་ན་རེ་དཔེར་ན་མེ་ནི་སྲེག་པའི་ངོ་བོ་ཉིད་ཡིན་ཡང་བུད་ཤིང་ལ་མ་ལྟོས་པར་སྲེག་པར་མི་བྱེད་ཀྱི་དེ་ལ་ལྟོས་ནས་སྲེག་པར་བྱེད་པ་དེ་བཞིན་དུ་ལྟ་བ་པོ་ཡང་

Vol. 100 · folio 28b

ལྟ་བ་པོའི་ངོ་བོ་ཉིད་ཡིན་ཡང་ལྟ་བ་ལ་མ་ལྟོས་པར་ལྟ་བར་མི་བྱེད་ཀྱི་དེ་ལ་ལྟོས་ནས་ལྟ་བར་བྱེད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་མེ་བཞིན་དུ་ཡང་དེ་མི་འགྲུབ་སྟེ། བུད་ཤིང་མེད་པར་མེ་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་མེ་ཡང་

བུད་ཤིང་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་སྲེག་པའི་ངོ་བོ་ཉིད་དུ་གྲུབ་པ་མེད་པ་དེ་བཞིན་དུ་ལྟ་བ་པོ་ཡང་ལྟ་བ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་ལྟ་བ་པོའི་ངོ་བོ་ཉིད་དུ་གྲུབ་པ་མེད་པའི་ཕྱིར་རོ། །ཡང་ན་གལ་ཏེ་ལྟ་བ་ཡོད་ན་ལྟ་བ་པོ་ཡིན་ནོ་ཞེ་ན་ཡང་གྲངས་ཅན་དག་གིས་ཡོངས་སུ་བརྟགས་པའི་ལྟ་བ་པོ་མེད་དོ་ཞེས་བྱ་

བའི་ཚིག་གི་ལྷག་མ་སྟེ་ཞེས་བྱ་བ་ནི་ཚིག་སྔ་མ་དེ་ཉིད་ཀྱིས་རྣམ་གྲངས་བཤད་པ་དུ་མ་རྣམ་པར་བརྟག་པ་སྟེ། ཡང་ན་གལ་ཏེ་ལྟ་བའི་བྱེད་པ་ཡོད་ན་ལྟ་བ་པོ་ཡིན་ནོ་ཞེས་བྱ་བར་བརྟགས་ན་ཡང་གྲངས་ཅན་དག་གིས་སྐྱེས་བུའི་ངོ་བོ་ཉིད་ནི་ཤེས་པ་ཡོད་པ་ཉིད་དོ་ཞེས་བྱ་བ་ལྟ་བུར་ཡོངས་སུ་བརྟགས་པའི་ལྟ་བ་

པོ་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཡིན་ཏེ། གྲངས་ཅན་དག་ནི་ལྟ་བ་པོ་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་དེ་གལ་ཏེ་ལྟ་བ་པོ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན་ལྟ་བ་མེད་པར་ཡང་ངོ་བོ་ཉིད་ཀྱིས་འགྲུབ་པའི་རིགས་ན་ནི་མི་འགྲུབ་པས་གྲངས་ཅན་དག་གིས་ཡོངས་སུ་བརྟགས་པའི་ལྟ་བ་པོ་མེད་དོ་ཞེས་བྱ་བའི་ཚིག་

གི་དོན་ཡིན་ནོ། །སྔར་ལྟ་བ་ལ་ལྟོས་པའི་སྐབས་སུ་ནི་ལྟ་བ་ཡོད་ན་ལྟ་བ་པོ་ཉིད་དུ་ཁས་ལེན་པ་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་ལྟ་བ་པོ་མེད་དོ་ཞེས་བསྟན་ཏོ། །ད་སྐབས་འདིར་ནི་གྲངས་ཅན་དག་གི་ལོ་རྒྱུས་ལས་ལྟ་བ་ཡོད་ན་ལྟ་བ་པོ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་གཞུང་ལྟར་ན་ཡང་ལྟ་བ་པོ་མེད་པར་སྟོན་ཏེ།

སྔ་མ་དང་འདི་ལ་ཁྱད་པར་ནི་དེ་ཡོད་དོ། །གལ་ཏེ་གྲངས་ཅན་དག་ལྟ་བ་ཡོད་ན་ལྟ་བ་པོ་ཉིད་དུ་འདོད་ན་དེས་ན་ཁྱེད་ཉིད་ཀྱིས་ལྟ་བ་པོ་དེ་མེད་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་འདི་ལ་གཟུགས་དམིགས་ཤིང་ལྟ་བར་བྱེད་པས་ལྟ་བ་པོའི་ཞེས་རྗེས་སུ་དཔག་པ་ཡིན་ན། གཟུགས་དམིགས་པ་

དེ་ཡང་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་དག་ཡོད་ན་ཡོད་པ་ཡིན་པས་དེའི་ཕྱིར་ལྷས་བྱིན་ཞེས་བྱ་བའི་ཚོགས་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་ཀྱི་དེ་ལས་གཞན་ནི་མེད་དོ་ཞེས་བྱ་བ་སྨྲས་ཏེ་ལྟ་བ་ཡོད་ན་ལྟ་བ་པོ་ཡིན་ནོ་ཞེས་བྱ་བར་བརྟག་པ་འདི་ལ། ལྟ་བ་པོ་ཡིན་

Vol. 100 · folio 29a

ནོ་ཞེས་བྱ་བ་ནི་གཟུགས་དམིགས་ཤིང་ལྟ་བར་བྱེད་པས་ལྟ་བ་པོ་ཞེས་རྗེས་སུ་དཔག་པ་ཡིན་ན་གཟུགས་དམིགས་པ་དེ་ཡང་མིག་དང་གཟུགས་ལ་སོགས་པ་རྐྱེན་དག་ཡོད་ན་འབྱུང་གི་མེད་ན་མི་འབྱུང་བ་ཡིན་པས་དེའི་ཕྱིར་ལྷས་བྱིན་ཞེས་བྱ་བའི་མིང་ཅན་འབྱུང་བ་དང་འབྱུང་བ་

ལས་གྱུར་པའི་ཚོགས་མིག་དང་གཟུགས་ལ་སོགས་པ་རྐྱེན་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་ཐ་སྙད་གདགས་པར་ཟད་ཀྱི། དེ་ལས་གྲངས་ཅན་གཞན་དག་གིས་ཡོངས་སུ་བརྟགས་པའི་ལྟ་བ་པོ་ནི་མེད་དོ། །དེ་ལས་གཞན་པ་ཡོངས་སུ་བརྟགས་པའི་ཡོད་པ་ཉིད་གཅིག་ཡོད་དུ་ཟིན་ན་ཡང་

ལོང་བའི་རྒྱུད་ལ་གཟུགས་དམིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་དེ་ལས་གཞན་མེད་མོད་ཀྱི། འོན་ཀྱང་ཕྱོགས་སུ་ལྷུང་བའི་དབང་དུ་བྱས་ཏེ་ལྷས་བྱིན་ཞེས་བྱ་བའི་ཚོགས་མིག་དང་གཟུགས་ལ་སོགས་པ་རྐྱེན་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་པ་དེ་ལས་གཞན་པ་

གྲངས་ཅན་དག་གིས་ཡོངས་སུ་བརྟགས་པའི་ལྟ་བ་པོ་ངོ་བོ་ཉིད་ཀྱིས་ཡོད་པ་ཉིད་གཅིག་ཡོད་དུ་ཟིན་ན་ཡང་ལོང་བའི་རྒྱུད་ལ་བདག་གི་དངོས་པོས་གཟུགས་དམིགས་པ་མེད་པའི་ཕྱིར་ལྟ་བ་པོའི་ངོ་བོ་ཉིད་མེད་དོ། །གལ་ཏེ་འདིར་ཕ་རོལ་པོ་དག་ན་རེ་འདི་ལ་ལྟ་བ་པོ་མེད་ན་ཁྱེད་ལ་ལྟ་བ་པོ་ཞེས་བྱ་བ་

བྱེད་པ་པོའི་ཐ་སྙད་ཇི་ལྟར་ཡོད་པར་འགྱུར་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་རྒྱུ་དག་ལ་བྱེད་པ་པོར་ཐ་སྙད་གདགས་ཏེ་མར་མེ་བཞིན་དུ་རིགས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འཇིག་རྟེན་ན་བྱེད་པ་པོ་ཞེས་བརྗོད་པ་ནི་རྒྱུ་རྐྱེན་ཚོགས་པ་དག་ལ་བྱེད་པ་

པོ་ཞེས་བྱ་བར་ཐ་སྙད་གདགས་ཏེ། དཔེར་ན་མར་མེ་སྣང་བའི་བྱེད་པའི་རྒྱུ་ཡིན་པས་དེ་ལ་སྣང་བར་བྱེད་པ་ཞེས་ཐ་སྙད་གདགས་པ་བཞིན་དུ་བྱེད་པ་པོ་ཉིད་མེད་ཀྱང་བྱེད་པའི་རྒྱུ་དག་ལ་བྱེད་པ་པོར་ཐ་སྙད་གདགས་པ་རིགས་པ་ཉིད་ཡིན་ནོ། །གལ་ཏེ་བྱེད་པ་པོ་ནི་ཤེས་པ་ཡོད་པ་ཉིད་ཡིན་པས་མར་མེ་

ཤེས་པ་མེད་པ་ཉིད་ནི་དེའི་དཔེར་མི་རུང་ངོ་ཞེ་ན། དེའི་ལན་དུ་དཔེར་ན་མར་མེ་ལ་སེམས་པ་མེད་ཀྱང་སྣང་བའི་བྱེད་པའི་རྒྱུ་ཡིན་པའི་ཕྱིར་སྣང་བར་བྱེད་པ་ཡིན་ནོ་ཞེས་ཟེར་བ་བཞིན་ཏེ་ཞེས་ཟེར་བ་སྨྲས་ཏེ། དཔེར་ན་མར་མེ་ཤེས་པ་ཉིད་ཡིན་ཡང་སྣང་བའི་བྱེད་པའི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་པ་དག་ན་རེ་

Vol. 100 · folio 29b

སྣང་བར་བྱེད་པ་ཡིན་ནོ་ཞེས་ཟེར་བ་དེ་བཞིན་དུ་མིག་དང་གཟུགས་ལ་སོགས་པ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་དག་ཀྱང་ཤེས་པ་ཡོད་པ་ཉིད་ཡོད་པ་མ་ཡིན་མོད་ཀྱི་གཟུགས་དམིགས་པའི་བྱེད་པའི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་པ་དག་ན་རེ་ལྟ་བར་བྱེད་པ་ཡིན་ནོ་ཞེས་ཟེར་བས་ཅིའི་ཕྱིར་ཤེས་པ་

ཡོད་པ་ཉིད་མ་ཡིན་པ་བྱེད་པ་པོ་ཉིད་དུ་མི་བརྗོད། དེའི་ཕྱིར་ཐ་སྙད་དུ་ཡང་དེ་མེད་དོ་ཞེས་བྱ་བ་ནི་རྒྱུ་གང་ལ་ཡང་བྱེད་པ་པོ་ཉིད་དུ་བརྗོད་པ་དེའི་ཕྱིར་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་ལྟ་བ་པོའི་ངོ་བོ་ཉིད་དུ་གྲུབ་པ་དེ་མེད་དེ། དེ་ལྟར་རེ་ཞིག་ལྟ་བ་པོའི་ངོ་བོ་ཉིད་གཟུགས་ལ་ལྟ་བར་མི་འཐད་དོ། །ཅི་སྟེ་ལྟ་བ་པོའི་ངོ་བོ་

ཉིད་མ་ཡིན་ཏེ། ཇི་ལྟར་བྱེ་བྲག་པ་དག་ན་རེ་བཞིའི་སྦྱོར་བ་ལས་གཟུགས་ཤེས་པ་སྐྱེས་པ་ན་ལྟ་བར་བྱེད་དོ་ཞེས་ཟེར་བ་ལྟ་བུའོ་ཞེ་ན་ཞེས་བྱ་བས་ནི་གལ་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་དེ་ཡང་མི་རུང་བར་སྟོན་ཏོ། །དེ་ལ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ཞེས་བྱ་བ་ནི་མིག་དང་གཟུགས་ལ་སོགས་པ་རྐྱེན་རྣམས་

ལ་ལྟོས་ནས་ལྟ་བ་པོ་ཉིད་དུ་འདོད་པ་སྟེ་དེ་ཡང་བྱེ་བྲག་པ་དག་གི་གཞུང་ལས་གང་གི་ཚེ་བདག་ཡུལ་ལ་ལོངས་སྤྱོད་པར་འདོད་པ་དེའི་ཚེ་ན་ཕྲད་པ་ཞེས་བྱ་བའི་ཚིག་གི་དོན་གྱི་དབང་གིས་བདག་དེ་ཡིད་དང་སྦྱོར་བར་བྱེད་དོ། །དེ་ནས་ཡིད་ཀྱི་དབང་པོ་རྣམས་གཏོང་བར་བྱེད་དོ། །དེ་ནས་དབང་པོ་རྣམས་ཀྱིས་

ཡུལ་རྣམས་ལ་ལོངས་སྤྱོད་པར་བྱེད་པས་དེ་ལྟར་བདག་དང་ཡིད་དང་དབང་པོ་དང་ཡུལ་བཞིའི་སྦྱོར་བ་ལས་དམིགས་པའི་ཤེས་པ་སྐྱེས་པ་ན་ལྟ་བ་པོ་དེ་གཟུགས་ལ་ལྟ་བར་བྱེད་པས་རྐྱེན་གཞན་ལ་ལྟོས་པའི་ཕྱིར་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ལྟ་བར་བྱེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་ཡང་མི་རུང་སྟེ་ཅིའི་ཕྱིར་ཞེ་

ན། དེ་ལྟ་ན་ཡང་སྐྱོན་དེ་ཉིད་ཡོད་དེ་མ་གྲགས་པའི་ཡོད་པ་ཉིད་ལ་དེར་བརྟག་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ་དེ་ལྟ་ན་ཡང་སྔར་འདི་ལ་གཟུགས་དམིགས་ཤིང་ལྟ་བར་བྱེད་པས་ལྟ་བ་པོའོ་ཞེས་རྗེས་སུ་དཔག་པ་ཡིན་ན་གཟུགས་དམིགས་པ་དེ་ཡང་མིག་དང་གཟུགས་དང་སྣང་བ་དང་ནམ་

མཁའ་དང་ཡིད་ལ་བྱེད་པ་དག་ཡོད་ན་ཡོད་པ་ཡིན་པས་དེའི་ཕྱིར་ལྷས་བྱིན་ཞེས་བྱ་བའི་ཚོགས་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་ཀྱི་དེ་ལས་གཞན་ནི་མེད་དོ་ཞེས་ཇི་སྐད་བསྟན་པའི་སྐྱོན་དེ་ཉིད་ཡོད་དེ། ཅིའི་ཕྱིར་ཞེ་ན། ལྷས་བྱིན་ཞེས་བྱ་བའི་ཚོགས་མིག་དང་གཟུགས་ལ་སོགས་པའི་རྐྱེན་

Vol. 100 · folio 30a

དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་པ་དེ་ལས་གཞན་པ་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པའི་བདག་ལྟ་བ་པོ་ཞིག་ཡོད་དོ་ཞེས་བྱ་བ་གྲུབ་པའི་མཐའ་གཞན་ལ་མ་གྲགས་པའི་ཡོད་པ་ཉིད་དེ་ལ་ལྟ་བ་པོ་ཞེས་བྱ་བ་དེར་བརྟག་

པ་མི་འཐད་པའི་ཕྱིར་རོ། །དེས་ན་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་དེ་དོན་དམ་པར་གཟུགས་ལ་ལྟ་བར་བྱེད་དོ་ཞེས་བྱ་བ་དེ་མི་རུང་ངོ་། །ཐུན་མོང་དུ་ཁས་བླངས་ནས་དེ་ཡོད་དོ་ཞེ་ན། ཡང་ཞེས་བྱ་བ་ནི་གལ་ཏེ་བྱེ་བྲག་པ་དག་འདི་སྐད་ཅེས་འཇིག་རྟེན་གྱི་ཐ་སྙད་དུ་ལྟ་བ་པོ་ཡོད་པར་གྲགས་པ་དེར་སྤྱིར་

ཐུན་མོང་དུ་ཁས་བླངས་ནས་ལྟ་བ་དང་གཟུགས་ལ་སོགས་པ་ལ་མ་ལྟོས་པར་ཡང་ལྟ་བ་པོ་བདག་དེ་ཡོད་དོ་ཞེས་ཟེར་ན་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ། ལྟ་བ་སྤངས་པར་གྱུར་ཀྱང་ངོ་། །ཞེས་བྱ་བ་སྨྲས་ཏེ་ལྟ་བ་དང་གཟུགས་ལ་སོགས་པ་སྤངས་ཤིང་དེ་དག་ལ་མ་ལྟོས་ན་ཡང་

ལྟ་བ་པོ་བདག་དེ་མེད་དོ་ཞེས་བྱ་བར་སྟོན་ཏོ། །ཅི་ཞིག་ཅེ་ན་ཞེས་བྱ་བ་ནི། ལྟ་བ་སྤངས་པར་གྱུར་ཀྱང་ངོ་། །ཞེས་སྨྲས་པ་དེའི་ཚིག་གི་དོན་ཅི་ཞིག་ཅེ་ན་ཞེས་འདྲི་བ་ཡིན་ནོ། །དེའི་ལན་དུ། ལྟ་པོ་ཡོད་མིན་ཏེ་ཞེས་བྱ་བའི་སྐབས་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ་ཚིག་ལེའུར་བྱས་པའི་རྩ་བ་དང་པོ་ལས།

མ་སྤངས་ལྟ་པོ་ཡོད་མིན་ཏེ། །ཞེས་སྨོས་པའི་སྐབས་ནས་ལྟ་པོ་ཡོད་མིན་ཏེ་ཞེས་བཤད་པ་དེ་ཉིད་ཀྱི་སྐབས་ཡིན་ཏེ། ཇི་ལྟར་ལྟ་བ་མ་སྤངས་ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ལྟ་བ་སྤངས་པར་གྱུར་ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ལྟ་བ་སྤངས་པར་གྱུར་

ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་ཞེ་ན་དེའི་ཕྱིར་ལྟ་བའི་ནུས་པ་སྤངས་པར་གྱུར་པ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ལྟ་བའི་ནུས་པ་སྤངས་ཤིང་མེད་པར་གྱུར་ན་དེ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དོན་དམ་པར་དེ་གཟུགས་ལ་ལྟ་བར་བྱེད་པ་མི་འཐད་དེ་མིག་ལས་

གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བས་དེའི་རྗེས་སུ་དཔག་པ་བསྟན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་མིག་ལས་གཞན་ཡིན་པའི་ཕྱིར་གཟུགས་ལ་ལྟ་

Vol. 100 · folio 30b

བར་བྱེད་པར་མི་འཐད་པ་དེ་བཞིན་དུ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པའི་བདག་དེ་ཡང་མིག་ལས་གཞན་ཡིན་པའི་ཕྱིར་གཟུགས་ལ་ལྟ་བར་བྱེད་པར་མི་འཐད་དོ། །དེ་ལྟར་ཕྱོགས་གཉི་གར་ཡང་ལྟ་བ་པོ་ཉིད་མ་གྲུབ་པོ་ཞེས་བྱ་བ་ནི་ཕྱོགས་གཉི་གའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། གྲངས་

ཅན་དག་གི་ཕྱོགས་ལ་ཡང་ལྟ་བ་པོའི་ངོ་བོ་ཉིད་ལྟ་བར་བྱེད་པ་མ་གྲུབ་ལ། བྱེ་བྲག་པ་བྱེད་པ་དག་གི་ཕྱོགས་ལ་ཡང་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ལྟ་བར་བྱེད་པ་མ་གྲུབ་པོ། །ཡང་ན་ལྟ་བ་པོའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་ན་ཡང་། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་སྤངས་པར་གྱུར་ཀྱང་ངོ་། །

ལྟ་བ་དང་བཅས་སམ་ལྟ་བ་མེད་ཀྱང་རུང་སྟེ་ལྟ་བ་པོའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་ཡང་ན་བདག་ལྟ་བ་པོའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་ན་ཡང་དེ་ལྟ་བ་དང་ལྡན་ན་ཡང་གཟུགས་ལ་ལྟ་བར་མི་བྱེད་ལ། ལྟ་བ་དང་མི་ལྡན་ན་ཡང་གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་བྱ་བར་

མདོ་མཛད་པས་དགོངས་སོ་ཞེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་རེ་ཞིག་ལྟ་བ་པོ་དེ་མིག་ཡོད་ན་ལྟ་བར་བྱེད་དོ་ཞེས་བྱ་བ་དེ་ལྟར་འདོད་ན་དེ་ལྟར་ན་གཟུགས་དམིགས་པ་འགྲུབ་པ་ནི་མིག་ཡོད་ན་ཡོད་པའི་ཕྱིར་མེ་ཡོད་ན་སྲེག་པ་ཉིད་བཞིན་པས་ལྟ་བ་པོ་ཉིད་ཐ་སྙད་པ་སྟེ།

མིག་ཉིད་ཡིན་པར་འདོད་པར་བྱའོ། །ཅི་སྟེ་ལྟ་བ་མེད་ཀྱང་ལྟ་བ་པོ་ཡིན་ནོ་ཞེས་བྱར་ནི་ལོང་བའི་རྒྱུད་ལ་གཟུགས་དམིགས་པ་མེད་པའི་ཕྱིར་དེ་ལྟ་བ་པོ་ཉིད་ཡིན་པར་མི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། བདག་དེ་ལྟ་བ་དང་ལྡན་ན་ཡང་གཟུགས་ལ་ལྟ་བར་མི་བྱེད་ལ་ལྟ་བ་དང་མི་ལྡན་ན་ཡང་

གཟུགས་ལ་ལྟ་བར་མི་བྱེད་དོ་ཞེས་བྱ་བར་གོ་རིམས་བཞིན་དུ་སྦྱར་ཏེ། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་ལྟ་བ་སྨྲ་བ་དག་ལྟ་བའི་བྱ་བ་ཡོད་པ་ཉིད་ཀྱི་སྒོ་ནས་ལྟ་བ་པོ་ཡོད་པར་སྒྲུབ་པ་སྟོན་ཏོ། །ལྟ་བའི་བྱ་བ་ཡོད་པ་ཉིད་ནི་ལྟ་བ་པོ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་བྱེད་པ་དང་ལས་

ཡོད་པའི་ཕྱིར་རོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་གང་ལ་ཆགས་པར་བྱ་བ་མེད་པ་དེ་ནི་བྱེད་པ་དང་ལས་མེད་དེ་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་

Vol. 100 · folio 31a

ཀྱི་དཔེ་ཡིན་ནོ། །ལྟ་བ་པོ་དེ་ལ་ནི་བྱེད་པ་ལྟ་བ་དང་ལས་བལྟ་བར་བྱ་བ་ཡོད་པས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །དེའི་ཕྱིར་ལྟ་བའི་བྱ་བ་ཡོད་པ་ཉིད་ནི་ལྟ་བ་པོ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བར་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །

དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ་དོན་དམ་པར་ལྟ་བ་རྣམ་པ་ཐམས་ཅད་བཀག་པའི་ཕྱིར་ལྟ་བ་མེད་ན་ལྟ་བ་པོ་ཡང་མི་འཐད་དེ། ལྟ་པོ་མེད་ན་ཁྱེད་ཀྱི་ནི། །བལྟ་བྱ་ལྟ་བ་ག་ལ་ཡོད། །གང་གིས་ཀྱང་ལྟ་བར་མི་བྱེད་པ་ལ་བལྟ་བར་བྱ་བ་མི་རིགས་

པའི་ཕྱིར་དང་། འདིས་ལྟ་བར་བྱེད་པའི་ལྟ་བ་པོ་མེད་པ་ཁོ་ནའི་ཕྱིར་བྱེད་པ་དང་ཡང་མི་རིགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ་ཁྱེད་ནི་བལྟ་བར་བྱ་བ་ལྟ་བ་ཡོད་པས་ལྟ་བ་པོ་ཉིད་སྒྲུབ་པར་བྱེད་ན་ཁོ་བོས་དོན་དམ་པར་ལྟ་བ་དེ་ཡང་ཡུལ་ཕྲད་པ་འཛིན་

པ་དང་མ་ཕྲད་པ་འཛིན་པ་ལ་སོགས་པའི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱིས་ལྟ་བར་བྱེད་པ་མ་ཡིན་པ་དང་གཟུགས་ཀྱང་དེའི་གཟུང་བ་མ་ཡིན་པར་བཀག་པའི་ཕྱིར་དེ་ལྟར་བལྟ་བར་བྱ་བ་དང་ལྟ་བ་མེད་པའི་ཕྱིར་ལྟ་བ་པོ་ཡང་མི་འཐད་དོ། །ལྟ་བ་པོ་མེད་ན་ཁྱོད་ཀྱི་བལྟ་བར་བྱ་བ་དང་ལྟ་བ་ཡང་

མི་རིགས་སོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ་ཞེས་བསྟན་ཏོ། །དེས་ན་ཁྱེད་ཀྱི་བྱེད་པ་དང་ལས་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །དོན་དམ་པར་སྒྲུབ་པ་ནི་

གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ལ་ཀུན་རྫོབ་ཏུ་སྒྲུབ་ན་ནི་དོན་འགལ་བ་ཉིད་ཡིན་ནོ། །རང་གི་སྡེ་པ་དག་ལས་ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པས་ནི་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་འདུ་བྱེད་ཐམས་ཅད་ནི་རྒྱུ་དང་རྐྱེན་གཞན་གྱི་དབང་ལས་བྱུང་བ་དང་གཡོ་བ་མེད་པའི་མཚན་ཉིད་

ཡིན་པས་དེ་དག་ལ་དབུ་མ་པས་བྱེད་པ་མེད་པ་དང་བདག་མེད་པར་བསྟན་པ་ནི་རིགས་ཀྱི་བལྟ་བར་བྱ་བ་གཟུགས་དང་ལྟ་བ་མིག་མེད་དོ་ཞེས་ཟེར་བ་ནི་མི་རིགས་སོ་ཞེས་སྒྲུབ་པ་སྟོན་ཏོ། །དེ་ལ་རྒྱུ་དང་རྐྱེན་གཞན་གྱི་དབང་དང་གཡོ་བ་མེད་པའི་འདུ་བྱེད་དག་ལ་མིག་ལྟ་བར་མི་བྱེད་དོ་ཞེས་

Vol. 100 · folio 31b

བྱ་བ་དང་། དེ་ལས་གཞན་པའི་བདག་ལྟ་བ་པོ་མེད་དོ་ཞེས་བྱ་བ་གང་ཡིན་པ་དེ་ནི་རིགས་ཀྱི་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་ནི་རྒྱུ་དང་རྐྱེན་གཞན་གྱི་དབང་ལས་བྱུང་བ་བདག་མེད་པ་དང་གཡོ་བ་མེད་པའི་མཚན་ཉིད་ཡིན་པས་བྱེད་པ་མེད་པའི་ཕྱིར་དེ་དག་ལ་དབུ་མ་པས་མིག་ལྟ་བར་མི་བྱེད་དོ་ཞེས་

བྱེད་པ་མེད་པ་དང་། དེ་ལས་གཞན་པའི་བདག་ལྟ་བ་པོ་མེད་དོ་ཞེས་བདག་མེད་པར་བསྟན་པ་ནི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བལྟ་བར་བྱ་བ་དང་ལྟ་བ་དག་མེད་དོ་ཞེས་བྱ་བ་ནི་མི་འདོད་དེ་དེ་དག་གི་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་བཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་

པས་ནི་བལྟ་བར་བྱ་བ་གཟུགས་དང་ལྟ་བ་མིག་མེད་དོ་ཞེས་ཟེར་བ་ནི་མི་རིགས་སོ་ཞེས་སྒྲུབ་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །གང་མེད་པ་དེ་ལ་ནི་འབྲས་བུ་རྣམ་པར་ཤེས་པ་དང་། རེག་པ་དང་།

ཚོར་བ་དང་། སྲེད་པ་ཞེས་བྱ་བ་བདག་མེད་དེ་དཔེར་ན་དམུས་ལོང་གི་མིག་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །བལྟ་བར་བྱ་བ་དང་ལྟ་བ་དག་ལ་ནི་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་བཞི་ཡོད་པས་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །དེའི་

ཕྱིར་བལྟ་བར་བྱ་བ་དང་ལྟ་བ་དག་ཡོད་དོ་ཞེས་ཟེར་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གལ་ཏེ་ཇི་སྐད་བསྟན་པའི་ཚུལ་གྱིས་བལྟ་བར་བྱ་བ་དང་ལྟ་བ་རབ་ཏུ་མ་གྲུབ་པར་བསྟན་པ་དེའི་ཚེ། བལྟ་

བྱ་ལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་ལ་སོགས་པ་བཞི། །ཡོད་མིན་རྐྱེན་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ལུང་དང་རིགས་པ་སྔར་ཇི་སྐད་བསྟན་པའི་ཚུལ་གྱིས་བལྟ་བར་བྱ་བ་དང་ལྟ་བ་མ་སྐྱེས་པའི་ཕྱིར་དང་། ཡུལ་དང་ཡུལ་ཅན་ཉིད་བཀག་པའི་

ཕྱིར་བལྟ་བར་བྱ་བ་དང་ལྟ་བ་རབ་ཏུ་མ་གྲུབ་པར་བསྟན་པ་དེའི་ཚེ་བལྟ་བར་བྱ་བ་དང་། ལྟ་བ་མེད་པའི་ཕྱིར་རྣམ་པར་ཤེས་པ་ལ་སོགས་པ་བཞི་ཡོད་པ་མ་ཡིན་ཏེ་རྐྱེན་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ཏེ། རྒྱུ་མེད་ན་འབྲས་བུ་ཡང་མེད་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་དེ་དག་མ་

Vol. 100 · folio 32a

གྲུབ་པས་མ་གྲུབ་ན་བལྟ་བར་བྱ་བ་དང་ལྟ་བ་ཡང་འགྲུབ་པར་མི་རིགས་ཏེ་དཔེ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བལྟ་བར་བྱ་བ་དང་ལྟ་བ་དེ་དག་མ་གྲུབ་པས་རྣམ་པར་ཤེས་པ་ལ་སོགས་པ་བཞི་མ་གྲུབ་པོ། །རྣམ་པར་ཤེས་པ་ལ་སོགས་པ་བཞི་མ་གྲུབ་ན་

བལྟ་བར་བྱ་བ་དང་ལྟ་བ་ཡང་གྲུབ་པར་མི་རིགས་ཏེ། རྒྱུ་མེད་ན་འབྲས་བུ་མི་འགྲུབ་ལ། འབྲས་བུ་མེད་ན་ཡང་རྒྱུ་འགྲུབ་པར་མི་རིགས་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ་ཁྱོད་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུའི་གཏན་ཚིགས་ཀྱི་རྒྱུ་ལ་བལྟ་བར་བྱ་བ་དང་ལྟ་བ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་

པས་ཁོ་བོས་རྒྱུ་བལྟ་བར་བྱ་བ་དང་ལྟ་བ་མེད་པས་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་མི་འགྲུབ་པ་དང་། འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་མེད་པས་རྒྱུ་བལྟ་བར་བྱ་བ་དང་ལྟ་བ་ཡང་མི་འགྲུབ་པར་བསྟན་ཏོ། །ཁྱོད་ཀྱི་ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དམུས་ལོང་གི་མིག་

མེད་པ་ལ་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་མེད་དོ་ཞེས་བྱ་བ་ལས་བཟློག་ན་མིག་ཡོད་པ་ལ་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་ཡོད་པར་སྒྲུབ་པ་ཡང་མི་རུང་སྟེ། བལྟ་བར་བྱ་བ་དང་ལྟ་བ་དག་ཕྱོགས་སུ་བྱས་པའི་ཕྱིར་དེ་ལས་གཞན་པ་རྣམ་པར་ཤེས་པ་ལ་སོགས་པ་

འབྲས་བུ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་འདི་སྐད་ཅེས། དོན་དམ་པར་རྣམ་པར་ཤེས་པ་ལ་སོགས་པ་དག་ཡོད་པ་ཉིད་དེ་དེ་དག་གི་འབྲས་བུ་ཉེ་བར་ལེན་པ་ལ་སོགས་པ་དག་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་དེ་དག་ལ་བཤད་པར་བྱ་སྟེ། ཉེ་བར་ལེན་པ་ལ་སོགས་པ། །ཅི་ལྟ་བུར་ན་

ཡོད་པར་འགྱུར། །དེ་དག་ཀྱང་རྣམ་པར་ཤེས་པ་ལ་སོགས་པ་བཞིན་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་རང་གི་སྡེ་པ་གང་དག་དོན་དམ་པར་རྣམ་པར་ཤེས་པ་ལ་སོགས་པ་དག་ཡོད་པ་ཉིད་དེ། དེ་དག་གི་འབྲས་བུ་ཉེ་བར་ལེན་པ་ལ་སོགས་པ་དག་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་དེ་

དག་ལ་ཡང་རྣམ་པར་ཤེས་པ་ལ་སོགས་པ་མེད་ན་དེ་དག་གི་འབྲས་བུ་ཉེ་བར་ལེན་པ་ལ་སོགས་པ་དག་ཅི་ལྟར་ཡོད་པར་འགྱུར་ཞེས་བཤད་པར་བྱ་སྟེ། ཉེ་བར་ལེན་པ་ལ་སོགས་པ་དེ་དག་ཀྱང་རྣམ་པར་ཤེས་པ་ལ་སོགས་པ་བཞིན་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་འགྲེལ་པ་མཛད་པས་དགོངས་

Vol. 100 · folio 32b

སོ། །འདི་སྐད་བསྟན་ཏེ། སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ནི་རྒྱུ་སྲེད་པ་ཞེས་བྱ་བ་མེད་པའི་ཕྱིར་འབྲས་བུ་ལེན་པ་ཡང་མེད་དེ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ། །ཉེ་བར་ལེན་པ་ཞེས་བྱ་བ་ནི་ཉེ་བར་བླང་བར་བྱ་བ་དག་སྟེ།

འདོད་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་བདག་ཏུ་སྨྲ་བ་དང་ལྟ་བ་ཞེས་བྱ་བ་དག་གོ་ཞེས་བྱ་བ་ནི་ཉེ་བར་ལེན་པ་ཞེས་བྱ་བའི་ཚིག་གི་དོན་ནི་སྲེད་པ་ལ་སོགས་པ་རྐྱེན་རྣམས་ཀྱིས་འབྲས་བུའི་ཚུལ་དུ་ཉེ་བར་བླང་བར་བྱ་བ་དག་ཡིན་པས་ཉེ་བར་ལེན་པ་ཞེས་བྱ་སྟེ་འདོད་

པ་ཉེ་བར་ལེན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་ཞེས་བྱ་བ་དག་གོ། །སོགས་པ་ཞེས་བྱ་བ་ནི་གང་དག་གི་དང་པོར་དེ་དག་བསྟན་པ་སྟེ་ཞེས་བྱ་བ་ནི་སྲིད་པ་ལ་སོགས་པ་གང་དག་གི་དང་པོར་ཉེ་

བར་ལེན་པ་ལ་སོགས་པ་དེ་དག་བསྟན་ཏོ། །དེ་དག་ཀྱང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་དག་གོ་ཞེས་བྱ་བ་ནི་གང་དག་གི་ཞེས་བྱ་བ་དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་ཁྱོད་ལ་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེའི་ཕྱིར་སྔར་འདི་ལ་

གཟུགས་དམིགས་ཤིང་ལྟ་བར་བྱེད་པས་ལྟ་བ་པོའོ་ཞེས་རྗེས་སུ་དཔག་པ་ཡིན་ན་གཟུགས་དམིགས་པ་དེ་ཡང་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་དག་ཡོད་ན་ཡོད་པ་ཡིན་པས་དེའི་ཕྱིར་ལྷས་བྱིན་ཞེས་བྱ་བའི་ཚོགས་དེ་དག་དང་ལྡན་པ་ལ་ལྟ་བ་པོ་ཞེས་གདགས་

ཀྱི། དེ་ལས་གཞན་ནི་མེད་དོ་ཞེས་ཇི་སྐད་བསྟན་པའི་སྐྱོན་དེ་ཉིད་ཁྱོད་ལ་ཡོད་པས་ཁྱོད་ཀྱི་ལྟ་བ་པོ་དང་ལྟ་བ་དང་བལྟ་བར་བྱ་བ་དག་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་ཉན་པ་ལ་སོགས་པ་དང་སྒྲ་ལ་སོགས་པ་དཔེ་ཉིད་དུ་ཉེ་བར་གཞག་པ་དག་ཇི་སྐད་

བསྟན་པའི་ཚུལ་གྱིས་འདྲ་བར་བསྟན་པར་བཞེད་ནས། ལྟ་བས་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་སོ་ཞེས་བྱ་བ་ནི་ད་འདི་མན་ཆད་ནི་ཕ་རོལ་པོས་སྐྱེ་བ་ཡོད་པ་དང་འགྲོ་

Vol. 100 · folio 33a

བ་ཡོད་པར་བསྒྲུབ་པའི་ཕྱིར་སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་འདིའི་དང་པོར་མི་མཐུན་པའི་ཕྱོགས་ཉེ་བར་གཞག་པའི་སྐབས་སུ་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱ་སྟེ་ཡུལ་སོ་སོར་ངེས་པའི་ཕྱིར་རོ། །འདི་ན་གང་སྐྱེ་བ་མེད་པ་དེ་ལ་ནི་

ཡུལ་སོ་སོར་ངེས་པ་མེད་དེ་དཔེར་ན་མོ་གཤམ་གྱི་བུའི་སྐྱེ་མཆེད་རྣམས་ལ་ཡུལ་སོ་སོར་ངེས་པ་མེད་པ་བཞིན་ནོ། །ནང་གི་སྐྱེ་མཆེད་རྣམས་ལ་ནི་ཡུལ་སོ་སོར་ངེས་པ་འདི་ལྟ་བུ་ཡོད་དེ་འདི་ལྟ་སྟེ། ལྟ་དང་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་པ་དང་རེག་པར་བྱེད་པ་དང་ཡིད་རྣམས་ཀྱི་ཡུལ་

གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཡིན་པར་གོ་རིམས་བཞིན་ནོ། །དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པས་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱའོ་ཞེས་བྱ་བ་དང་། འགྲོ་བ་ཡོད་པ་ཉིད་དུ་ཤེས་པར་བྱ་སྟེ་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་གཟུགས་ལ་ལྟ་བ་

ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་པས་སྐྱེ་བ་དང་འགྲོ་བ་ཡོད་པ་དེའི་དཔེར་གཟུགས་ལ་སོགས་པ་ཡུལ་རྣམས་དང་ལྟ་བ་ལ་སོགས་པ་དབང་པོ་རྣམས་ཉེ་བར་གཞག་པ་ལས་ལྟ་བ་དང་གཟུགས་ཅི་ལྟར་མི་འཐད་པར་བསྟན་པ་བཞིན་དུ། ཉན་པ་ལ་སོགས་པ་དང་སྒྲ་ལ་སོགས་པ་དཔེ་

ཉིད་དུ་ཉེ་བར་གཞག་པ་དག་ཀྱང་ལྟ་བ་དང་གཟུགས་མི་འཐད་པར་ཇི་སྐད་བསྟན་པའི་ཚུལ་གྱིས་འདྲ་བར་བཞེད་ནས་སློབ་དཔོན་གྱིས་ཚིག་ལེའུར་བྱས་པ་འདི་གསུངས་པས་སྐྱེ་མཆེད་ལྷག་མ་རྣམས་ཀྱང་མི་འཐད་པ་ཉིད་དུ་བསྟན་ཏོ། །ཉན་པ་དང་སྣོམ་པ་དང་། མྱོང་བར་བྱེད་པ་དང་། རེག་པར་བྱེད་

པ་དང་། ཡིད་དང་། ཉན་པ་པོ་དང་། མཉན་པར་བྱ་བ་ལ་སོགས་པ་དག་གི་ལན་ཀྱང་བཏབ་པར་ཤེས་པར་བྱའོ། །གང་གིས་ཤེ་ན། ལྟ་བ་ཉིད་ཀྱིས་ཏེ་ལྟ་བ་དགག་པ་བཞིན་དུ་ཉན་པ་ལ་སོགས་པ་དག་དགག་པ་ཡང་ཅི་རིགས་པར་རྗེས་སུ་དཔག་པ་རྒྱས་པར་སྤྲོས་པ་དང་བཅས་ཏེ་བསྟན་པར་

བྱའོ་ཞེས་བྱ་བ་ནི་ཅི་ལྟར་ལྟ་བ་དགག་པའི་སྐབས་སུ། ལྟ་བ་རང་གི་བདག་ཉིད་ན། །ད་ནི་དེ་ལ་མི་ལྟ་ཉིད། །གང་ཚེ་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བྱ་བར་དོན་དམ་པར་མིག་གི་དབང་པོ་ནི་གཟུགས་ལ་ལྟ་བར་མི་བྱེད་པ་ཉིད་དེ། རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་པའི་ཕྱིར་

Vol. 100 · folio 33b

དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དང་དོན་དམ་པར་གཟུགས་མིག་གི་དབང་པོའི་ཡུལ་མ་ཡིན་ཏེ་བསགས་པའི་ཕྱིར་དཔེར་ན་མིག་གི་དབང་པོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་བརྒལ་བའི་ལན་དང་བཅས་པ་དག་གིས་ལྟ་བ་དང་ལྟ་བ་པོ་དང་བལྟ་བར་བྱ་བ་བཀག་པ་བཞིན་དུ། འདིར་ཡང་།

ཉན་པ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་ཉན་ཉིད། །གང་ཚེ་བདག་ལ་མི་ཉན་པ། །དེ་གཞན་དག་ལ་ཅི་ལྟར་ཉན། །ཞེས་བྱ་བས་དོན་དམ་པར་རྣ་བའི་དབང་པོ་ནི་སྒྲ་ཉན་པར་མི་བྱེད་པ་ཉིད་དེ། རང་གི་བདག་ཉིད་ལ་ཉན་པར་མི་བྱེད་པའི་ཕྱིར་དཔེར་ན་སྣ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དང་། དོན་དམ་

པར་སྒྲ་རྣ་བའི་དབང་པོའི་ཡུལ་མ་ཡིན་ཏེ། བསགས་པའི་ཕྱིར་དཔེར་ན་རྣ་བའི་དབང་པོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་བརྒལ་བའི་ལན་དང་བཅས་པ་དག་གིས་ཉན་པ་དང་ཉན་པ་པོ་དང་མཉན་པར་བྱ་བ་དགག་པར་བྱའོ། །སྣོམ་པ་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་སྣོམ་ཉིད། །གང་ཚེ་བདག་ལ་

མི་སྣོམ་པ། །དེ་གཞན་དག་ལ་ཇི་ལྟར་སྣོམ། །ཞེས་བྱ་བས་དོན་དམ་པར་སྣའི་དབང་པོ་ནི་དྲི་སྣོམ་པར་མི་བྱེད་པ་ཉིད་དེ་རང་གི་བདག་ཉིད་ལ་སྣོམ་པར་མི་བྱེད་པའི་ཕྱིར་དཔེར་ན་ལྕེ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དང་། དོན་དམ་པར་དྲི་སྣའི་དབང་པོའི་ཡུལ་མ་ཡིན་ཏེ་བསགས་པའི་ཕྱིར་དཔེར་ན་སྣའི་

དབང་པོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་བརྒལ་བའི་ལན་དང་བཅས་པ་དག་གིས་སྣོམ་པ་དང་སྣོམ་པ་པོ་དང་བསྣམ་པར་བྱ་བ་དགག་པར་བྱའོ། །མྱོང་བྱེད་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་མྱང་ཉིད། །གང་ཚེ་བདག་ལ་མི་མྱང་བ། །དེ་གཞན་དག་ལ་ཇི་ལྟར་མྱང་། །ཞེས་བྱ་བས་དོན་དམ་པར་

ལྕེའི་དབང་པོ་ནི་རོ་མྱོང་བར་མི་བྱེད་པ་ཉིད་དེ་རང་གི་བདག་ཉིད་ལ་མྱོང་བར་མི་བྱེད་པའི་ཕྱིར་དཔེར་ན་ལུས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དང་། དོན་དམ་པར་རོ་ལྕེའི་དབང་པོའི་ཡུལ་མ་ཡིན་ཏེ་བསགས་པའི་ཕྱིར་དཔེར་ན་ལྕེའི་དབང་པོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་བརྒལ་བའི་ལན་དང་བཅས་པ་དག་གིས་

མྱོང་བར་བྱེད་པ་དང་མྱང་བ་པོ་དང་མྱང་བར་བྱ་བ་དགག་པར་བྱའོ། །རེག་བྱེད་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་རེག་ཉིད། །གང་ཚེ་བདག་ལ་མི་རེག་པ། །དེ་གཞན་དག་ལ་ཇི་ལྟར་རེག །ཅེས་བྱ་བས་དོན་དམ་པར་ལུས་ཀྱི་དབང་པོ་ནི་རེག་བྱ་ལ་རེག་པར་མི་བྱེད་པ་ཉིད་དེ། རང་གི་བདག་ཉིད་ལ་

Vol. 100 · folio 34a

རེག་པར་མི་བྱེད་པའི་ཕྱིར་དཔེར་ན་ཡིད་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དང་། དོན་དམ་པར་རེག་བྱ་ལུས་ཀྱི་དབང་པོའི་ཡུལ་མ་ཡིན་ཏེ་བསགས་པའི་ཕྱིར་དཔེར་ན་ལུས་ཀྱི་དབང་པོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་བརྒལ་བའི་ལན་དང་བཅས་པ་དག་གིས་རེག་པར་བྱེད་

པ་དང་། རེག་པ་པོ་དང་། རེག་པར་བྱ་བ་དགག་པར་བྱའོ། །སེམས་བྱེད་རང་གི་བདག་ཉིད་ན། །དེ་ནི་དེ་ལ་མི་སེམས་ཉིད། །གང་ཚེ་བདག་ལ་མི་སེམས་པ། །དེ་གཞན་དག་ལ་ཇི་ལྟར་སེམས། །ཞེས་བྱ་བ་དོན་དམ་པར་ཡིད་ཀྱི་དབང་པོ་ནི་ཆོས་སེམས་པར་མི་བྱེད་པ་ཉིད་དེ། རང་གི་བདག་ཉིད་

ལ་སེམས་པར་མི་བྱེད་པའི་ཕྱིར་དཔེར་ན་མིག་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དང་། དོན་དམ་པར་ཆོས་ཡིད་ཀྱི་དབང་པོའི་ཡུལ་མ་ཡིན་ཏེ། ཆོས་ཡིན་པའི་ཕྱིར་དཔེར་ན་ཡིད་ཀྱི་དབང་པོའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་བརྒལ་བའི་ལན་དང་བཅས་པ་དག་གིས་ཡིད་དང་ཤེས་པ་ཡོད་པ་ཉིད་

དང་ཆོས་དགག་པར་བྱའོ། །དེས་ན་རབ་ཏུ་བྱེད་པ་རྩོམ་པ་ནས་རྣམ་པར་རྟོག་པར་བྱེད་པའི་སྐྱེ་བ་ཡང་མ་གྲུབ་ལ་འགྲོ་བ་ཡང་མ་གྲུབ་པོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །འདི་སྐད་བསྟན་ཏེ་ཇི་སྐད་བསྟན་པའི་རིགས་པ་དེས་ན་སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་དང་པོ་རྩོམ་པ་ནས་ཕ་རོལ་པོ་དག་སྐྱེ་

བ་ཡོད་པ་དག་འགྲོ་བ་ཡོད་པར་རྣམ་པར་རྟོག་པར་བྱེད་པའི་སྐྱེ་བ་ཡང་མ་གྲུབ་ལ་འགྲོ་བ་ཡང་མ་གྲུབ་སྟེ། ཕ་རོལ་པོས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱ་སྟེ། ཡུལ་སོ་སོར་ངེས་པའི་ཕྱིར་རོ་ཞེས་སྨྲས་པ་དེའི་ཡུལ་སོ་སོར་ངེས་པ་མེད་པའི་ཕྱིར་སྐྱེ་བ་མ་གྲུབ་ལ། འགྲོ་

བ་ཡོད་པ་ཉིད་དུ་ཤེས་པར་བྱ་སྟེ། བྱ་བའི་འབྲས་བུ་ཡིན་པའི་ཕྱིར་གཟུགས་ལ་ལྟ་བ་ལ་སོགས་པ་བཞིན་ནོ་ཞེས་སྨྲས་པ་དེའི་གཟུགས་ལ་ལྟ་བ་ལ་སོགས་པ་མེད་པའི་ཕྱིར་འགྲོ་བ་ཡང་མ་གྲུབ་བོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་སྨྲས་པའི་སྒྲུབ་པའི་སྐྱོན་བརྗོད་པས་སྐྱེ་མཆེད་རྣམས་སྟོང་པ་

ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཡིན་ཏེ། སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་གསུམ་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མེད་པའི་འབྲས་བུར་ལྟ་བ་ནི་ཕ་རོལ་པོས་སྐྱེ་བ་དང་འགྲོ་བ་བསྒྲུབ་པའི་ཕྱོགས་སྔ་མ་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱ་སྟེ།

Vol. 100 · folio 34b

ཡུལ་སོ་སོར་ངེས་པའི་ཕྱིར་རོ་ཞེས་བྱ་བ་དང་། འགྲོ་བ་ཡོད་པ་ཉིད་དུ་ཤེས་པར་བྱ་སྟེ་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་གཟུགས་ལ་ལྟ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་རྣམ་པ་གཉིས་སྨྲས་པ་དག་གི་སྒྲུབ་པའི་སྐྱོན་བརྗོད་པས་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ། །སྐྱེ་མཆེད་རྣམས་

སྟོང་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་བསྟན་པའི་ཕྱིར་དང་། སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་

འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ནང་གི་སའི་ཁམས་གང་ཡིན་པ་དང་ཕྱི་རོལ་གྱི་སའི་ཁམས་གང་ཡིན་པ་ནི་གཉིས་སུ་མེད་པའི་དོན་ཏེ། དེ་ཡང་དེ་བཞིན་གཤེགས་པས་ཤེས་རབ་དང་ཡེ་ཤེས་ཀྱིས་གཉིས་སུ་མེད་པ་དང་། གཉིས་སུ་དབྱེར་མེད་པ་དང་། མཚན་

ཉིད་གཅིག་པ་འདི་ལྟ་སྟེ། མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་གསུངས་པའི་ལུང་གི་དོན་དེ་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་ལ་ནང་གི་སའི་ཁམས་གང་ཡིན་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་

ནང་གི་སྐྱེ་མཆེད་རྣམས་སོ། །ཕྱི་རོལ་གྱི་སའི་ཁམས་གང་ཡིན་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་སོ། །གཉིས་སུ་མེད་པ་དང་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་དབང་པོ་རྣམས་ཀྱང་མེད་ལ་ཡུལ་རྣམས་ཀྱང་མེད་པའོ། །གཉིས་སུ་དབྱེར་མེད་པ་དང་ཞེས་བྱ་བ་ནི་དབང་པོ་རྣམས་ལ་

ཡང་འཛིན་པ་ཉིད་མེད་ལ་ཡུལ་རྣམས་ལ་ཡང་གཟུང་བ་ཉིད་མེད་པའོ། །དེ་ལྟར་དབང་པོ་རྣམས་དང་ཡུལ་རྣམས་ལ་ངོ་བོ་ཉིད་ཀྱིས་ཐ་དད་པ་མེད་པ་དང་། གཟུང་བ་དང་འཛིན་པའི་མཚན་ཉིད་ཁྱད་པར་དུ་དབྱེ་བ་མེད་པའི་ཕྱིར་མཚན་ཉིད་གཅིག་པ་ཞེས་གསུངས་སོ། །མཚན་ཉིད་གཅིག་པ་ཞེས་

གསུངས་པ་དེ་ཅི་འདྲ་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ་མཚན་ཉིད་མེད་པ་ཞེས་གསུངས་ཏེ་ཐ་དད་པ་ཉིད་ཀྱི་མཐའ་བསལ་བའི་ཕྱིར་མཚན་ཉིད་གཅིག་པ་ཞེས་གསུངས་ལ། གཅིག་པ་ཉིད་ཀྱི་མཐའ་བསལ་བའི་ཕྱིར་མཚན་ཉིད་མེད་པ་ཞེས་གསུངས་ཏེ། གཅིག་པ་ཉིད་དང་ཐ་དད་པ་ཉིད་ཀྱི་མཐའ་

Vol. 100 · folio 35a

གཉིས་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་བུ་མོ་ཁམས་དག་ཅི་ལྟར་བལྟ་བར་བྱ། བུ་མོས་སྨྲས་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་འཇིག་རྟེན་གསུམ་བསྐལ་པས་

བསྲེགས་པ་ན་ཐལ་བ་ཡང་མེད་པ་ལྟར་རོ་ཞེས་བྱ་བ་གསུངས་པའི་ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། དཔེར་ན་མེས་འཇིག་པའི་བསྐལ་པ་བྱུང་བ་ན་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་ཐལ་བ་ཡང་དམིགས་སུ་

མེད་པ་དེ་བཞིན་དུ་ནང་དང་ཕྱི་རོལ་གྱི་ཁམས་རྣམས་ལ་ཅི་ཡང་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་འཕགས་པ་སྲིད་པ་འཕོ་བའི་མདོ་ལས། མིག་ནི་གཟུགས་ལ་མི་ལྟ་ཞིང་། །ཡིད་ནི་ཆོས་རྣམས་མི་ཤེས་ཏེ། །གང་ལ་འཇིག་རྟེན་མི་འཇུག་པ། །དེ་

ནི་དམ་པའི་བདེན་པའོ། །ཞེས་བྱ་བ་གསུངས་པའི་ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། མིག་ལ་སོགས་པས་གཟུགས་ལ་སོགས་པ་ལ་ལྟ་བར་མི་བྱེད་པ་འཇིག་རྟེན་གྱིས་མི་རྟོག་པའི་དོན་དམ་པ་གང་ཡིན་པ་དེ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་མདོ་སྡེའི་མཐའ་གཞན་དག་ལས་ཆོས་ཐམས་ཅད་ནི་ཤེས་པར་མི་བྱེད། ལྟ་བར་མི་བྱེད་དེ་དེ་ནི་ཆོས་སྨྲ་བ་ལ་ཡང་དམིགས་པར་མི་བྱེད་སེམས་པར་མི་བྱེད་རློམ་པར་མི་བྱེད་དོ་ཞེས་བྱ་བ་གསུངས་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་གཞན་

དག་ལས་སྲིང་མོ་མིག་ནི་གཟུགས་ལ་ལྟ་བར་མི་བྱེད་རྣམ་པར་ཤེས་པར་མི་བྱེད་དེ། བྱང་ཆུབ་ཀྱང་མིག་དང་གཟུགས་དང་བྲལ་བ་ཉིད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་ཆོས་རྣམས་འཛིན་པར་མི་བྱེད་རྣམ་པར་ཤེས་པར་མི་བྱེད་དེ་བྱང་ཆུབ་ཀྱང་ཡིད་དང་ཆོས་དང་བྲལ་བ་ཉིད་

དོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ལུང་གི་དོན་དེ་དག་ཀྱང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེ་དག་གིས་ཀྱང་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་ཏེ། སྐྱེ་མཆེད་རྣམས་ལ་བྱེད་པ་དང་བྱ་བ་མེད་པར་བསྟན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་བཅོམ་

Vol. 100 · folio 35b

ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་གཟུགས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་

ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྤྱོད་ཡུལ་ཞེས་བྱ་བ་ནི་གཟུགས་ཀྱིས་གཟུགས་མི་ཤེས་མི་མཐོང་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་རྣམ་པར་ཤེས་པ་མི་ཤེས་མི་མཐོང་བའོ། །གཟུགས་མི་ཤེས་མི་མཐོང་བ་དང་། ཚོར་བ་དང་།

འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཤེས་མི་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་པ་ལ་སོགས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་གི་དོན་དེ་ཡང་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་

བསྒྲུབས་པ་ཡིན་ཏེ། ཡུལ་དང་ཡུལ་ཅན་གྱི་དངོས་པོ་དགག་པ་བསྟན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་བསྟན་པའི་ཡོན་ཏན་ཡིན་ཏེ། དེའི་ཕྱིར་ཁོ་བོས་རང་གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱིས་སྐྱེ་

མཆེད་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་མ་ཡིན་ཏེ། འདི་ལྟར་ལུང་དེ་དག་ཀྱང་ཡོད་དོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་ལས་སྐྱེ་མཆེད་བརྟག་

པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པ་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།ད་ནི་སྐྱེ་མཆེད་ཡོད་པ་ཉིད་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཞི་པ་བརྩམ་མོ་ཞེས་བྱ་བ་ལ་དབང་གིས་ཞེས་བྱ་

བའི་སྒྲའི་སྦྱོར་བ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟའོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་སྐྱེ་མཆེད་ཡོད་པ་ཉིད་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་

Vol. 100 · folio 36a

ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས་འདིར་རབ་ཏུ་བྱེད་པ་བཞི་པ་བརྩམ་པའི་སྐབས་སུ་ཡང་འགྲེལ་པ་བྱེད་པས་སྔར་བསྟན་བཅོས་མཛད་པས་ཅི་ལྟར་དམ་

བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་སྐྱེ་མཆེད་ཡོད་པ་ཉིད་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། སྐྱེ་མཆེད་ཅེས་བྱ་བ་ནི་མིག་ལ་སོགས་པ་སྐྱེ་མཆེད་བཅུ་གཉིས་པོ་དག་གོ། །དེ་དག་གི་ཡོད་པ་ཉིད་ཅེས་བྱ་བ་ནི་སྔར་རང་གི་སྡེ་པ་དག་གིས་དོན་དམ་

པར་ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ནར་གཟུང་བར་བྱ་སྟེ། ཡུལ་སོ་སོར་ངེས་པའི་ཕྱིར་རོ་ཞེས་དམ་བཅས་པ་ཉིད་ཡིན་ནོ། །སྐྱེ་མཆེད་ཡོད་པ་ཉིད་དུ་དམ་བཅས་པ་དེ་ཉིད་དབུ་མ་པས་སྐྱེ་མཆེད་རྣམས་སྟོང་པ་ཉིད་དུ་སྟོན་པའི་མི་མཐུན་པའི་ཕྱོགས་ཡིན་པས་སྐྱེ་མཆེད་རྣམས་ཡོད་པ་ཉིད་མི་མཐུན་པའི་

ཕྱོགས་ཞེས་བྱའོ། །དེའི་ཁྱད་པར་ཞེས་བྱ་བ་ནི་རང་གི་སྡེ་པ་དག་གིས་འོག་ནས་དོན་དམ་པར་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ཏེ་ཕུང་པོས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཕྱོགས་སྔ་མ་ཉེ་བར་གཞག་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་སྐྱེ་མཆེད་ཡོད་པ་ཉིད་མི་མཐུན་

པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་བཞི་པ་བརྩམ་མོ་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་སྐྱེ་མཆེད་ཡོད་པ་ཉིད་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་རབ་ཏུ་བྱེད་པ་བཞི་པ་བརྩམས་ན་འདོད་པའི་

དོན་འགྲུབ་པར་འགྱུར་བའི་ཕྱིར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཞི་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། ཕུང་པོ་བརྟག་པའི་རབ་ཏུ་བྱེད་པ་བཞི་པའི་གཞུང་འོག་ནས་འབྱུང་བ་འདིའི་

དོན་ནི་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས། འདིར་རབ་ཏུ་བྱེད་པ་བཞི་པ་བརྩམ་པའི་སྐབས་སུ་ཡང་འགྲེལ་པ་བྱེད་པས་གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དེའི་དབང་དུ་བྱས་ནས་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཞི་པ་

Vol. 100 · folio 36b

བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་མཆེད་ཡོད་པ་ཉིད་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་དེའི་འབྲས་བུ་ཡིན་ནོ། །སྐྱེ་མཆེད་ཡོད་པ་ཉིད་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་བསྟན་མ་

ཐག་པའི་མཇུག་ཏུ། ལྟ་བས་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །ཞེས་བཤད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔར་སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་གསུམ་པ་

བསྟན་མ་ཐག་པའི་མཇུག་ཏུ་དེ་སྐད་བཤད་པའི་ཕྱིར་རང་གི་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་གིས་དེ་མི་བཟོད་པས་དེའི་ཕྱིར་རང་གི་སྡེ་པ་དག་ན་རེ་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ཏེ། ཕུང་པོས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་

ལ་སོགས་པ་སྨྲས་ཏེ་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་ཕུང་པོས་མ་བསྡུས་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་

ཀྱི་དཔེ་ཡིན་ནོ། །ནང་གི་སྐྱེ་མཆེད་རྣམས་ལ་ནི་ཕུང་པོས་བསྡུས་པ་ཡོད་དེ། འདི་ལྟ་སྟེ། གཟུགས་ཅན་བཅུ་ནི་གཟུགས་ཀྱི་ཕུང་པོས་བསྡུས་ལ། ཆོས་ཀྱི་སྐྱེ་མཆེད་ནི་ཕུང་པོ་གསུམ་དང་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་

ཕུང་པོས་བསྡུས་སོ་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འདི་ན་ནམ་མཁའི་མེ་ཏོག་ལ་སོགས་པ་གང་དག་ཕུང་པོས་

མ་བསྡུས་པ་དེ་དག་ནི་དོན་དམ་པར་ཡོད་པ་མ་ཡིན་གྱི་སྐྱེ་མཆེད་རྣམས་ནི་ཕུང་པོས་བསྡུས་པའི་ཕྱིར་དོན་དམ་པར་ཡོད་པ་ཁོ་ན་ཡིན་ཏེ། སྐྱེ་མཆེད་གཟུགས་ཅན་དབང་པོ་ལྔ་དང་ཡུལ་ལྔ་སྟེ་བཅུ་ནི་གཟུགས་ཀྱི་ཕུང་པོས་བསྡུས་ལ། ཆོས་ཀྱི་སྐྱེ་མཆེད་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་

Vol. 100 · folio 37a

གསུམ་དང་། གཟུགས་ཀྱི་ཕུང་པོའི་ནང་ནས་ཕྱོགས་གཅིག་པོ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་བསྡུས། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོས་བསྡུས་པས་དེ་དག་ནི་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་

ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འདི་ལ་གཟུགས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ་འབྱུང་བའི་གཟུགས་དང་འབྱུང་བ་ལས་གྱུར་པའི་གཟུགས་སོ། །དུས་ལ་སོགས་པའི་དབྱེ་བས་ཐ་དད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་

པ་སྨྲས་སོ། །འདི་ལ་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ལའོ། །གཟུགས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་ཁ་དོག་གི་བདག་ཉིད་དང་དབྱིབས་ཀྱི་བདག་ཉིད་དམ་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པའོ་ཞེས་ཀྱང་འབྱུང་མོད་ཀྱི། དེ་དག་ཀྱང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་

གཟུགས་སུ་འདུས་པས་དེའི་ཕྱིར་འདིར་འབྱུང་བའི་གཟུགས་དང་འབྱུང་བ་ལས་གྱུར་པའི་གཟུགས་སོ་ཞེས་བྱ་བ་གཉིས་སྨོས་སོ། །དེ་དག་ཀྱང་རྒྱས་པར་དབྱེ་ན་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ལ་སོགས་པའི་དབྱེ་བས་ཐ་དད་པ་མང་དུ་ཡོད་དེ་མདོར་བསྡུས་པ་དང་། རྒྱས་པར་དབྱེ་

བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱའོ། །དེ་ལ་རེ་ཞིག་ཕ་རོལ་པོའི་གཏན་ཚིགས་ཉིད་དུ་མིག་ལ་སོགས་པས་བསྡུས་པར་འདོད་པའི་ཕྱིར་དང་། བསྟན་སླ་བའི་ཕྱིར་གཟུགས་ལས་བརྩམས་ཏེ་བསམ་པར་བྱའོ་ཞེས་བྱ་བ་ནི་ཕུང་པོ་ལྔ་དག་ལས་དང་པོར་རེ་ཞིག་

གཟུགས་ཀྱི་ཕུང་པོ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པར་བྱ་སྟེ། ཕ་རོལ་པོ་སྐྱེ་མཆེད་ཡོད་པ་ཉིད་དུ་སྨྲ་བ་དག་གིས་སྔར་ཕྱོགས་སྔ་མ་ཉིད་ཉེ་བར་བཞག་པའི་སྐབས་སུ་སྐྱེ་མཆེད་རྣམས་ཡོད་པ་ཉིད་ཀྱི་གཏན་ཚིགས་སུ་སྐྱེ་མཆེད་མིག་ལ་སོགས་པ་གཟུགས་ཅན་བཅུ་ནི་གཟུགས་ཀྱི་ཕུང་པོས་བསྡུས་པར་འདོད་པའི་

ཕྱིར་དང་། ཕུང་པོ་ལྔ་པོ་དག་རྩིང་རིམ་གྱིས་བཞག་པ་དང་སྣོད་ལ་སོགས་པའི་དཔེའི་རིམ་པས་བཞག་པ་ལས་གཟུགས་ཀྱི་ཕུང་པོ་བསྟན་སླ་བའི་ཕྱིར་དང་པོར་གཟུགས་ལས་བརྩམས་ཏེ་བསམ་པར་བྱའོ་ཞེས་སྨོས་སོ། །གཟུགས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ན་ཚོར་བ་ལ་སོགས་པ་ལྷག་མ་རྣམས་ཀྱི་ངོ་བོ་

Vol. 100 · folio 37b

ཉིད་མེད་པ་ཉིད་དུ་འགྲུབ་ཅིང་། དེ་ལྟར་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་ཕ་རོལ་པོ་དག་གི་སྐྱེ་མཆེད་རྣམས་ཡོད་པར་སྒྲུབ་པའི་གཏན་ཚིགས་སུ་ཕུང་པོས་བསྡུས་པའི་ཕྱིར་རོ་ཞེས་ཟེར་བ་དེ་མ་གྲུབ་པས་སྐྱེ་མཆེད་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པོ་ཞེས་བྱ་བར་སྟོན་ཏོ། །གཟུགས་ཀྱི་ཕུང་པོ་འགོག་པའི་

གཏན་ཚིགས་གང་ཞེ་ན། དེའི་ཕྱིར། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་སོ། །གཟུགས་ཞེས་བྱ་བ་ནི་གཟུགས་སུ་རུང་ངོ་ཞེས་བྱ་བ་ནི་གནོད་པ་བྱར་རུང་བ་དང་། ཐོགས་པ་དང་བཅས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྒྱུ་ནི་གཟུགས་ཀྱི་རྒྱུ་

སྟེ། དེ་གང་ཞེ་ན། ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་པོ་དག་གོ་ཞེས་བྱ་བ་ནི་འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་རྒྱུ་ནི་འབྱུང་བའི་གཟུགས་དག་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་དག་མ་གཏོགས་པར་ཞེས་བྱ་བ་ནི་དེ་དག་བསལ་ནའོ་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་དེ་དག་བསལ་ནའོ། །གཟུགས་ནི་

དམིགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་དོན་དམ་པར་རོ་ཞེས་བྱ་བ་ནི་འབྱུང་བ་ལས་གྱུར་པའི་གཟུགས་སོ། །འོ་ན་ཅི་ཞེ་ན་ཐ་སྙད་གདགས་པའི་ཕྱིར་གཟུགས་ཀྱི་རྒྱུ་འབྱུང་བ་ཆེན་པོ་བཞི་པོ་དག་ལ་བརྟེན་ནས་གཟུགས་སོ་ཞེས་འདོགས་པར་བྱེད་དོ་ཞེས་བྱ་བ་ནི་དཔེར་ན་ནགས་ཚལ་ཞེས་བྱ་བ་རྫས་སུ་གྲུབ་པ་མེད་

དུ་ཟིན་ཀྱང་སེང་ལྡེང་དང་ནིམ་པ་དང་པ་ནས་ལ་སོགས་པའི་ཚོགས་ལ་བརྟེན་ནས་ནགས་ཚལ་ཞེས་འདོགས་པ་དེ་བཞིན་དུ་གཟུགས་ཀྱི་རྒྱུ་ལ་བརྟེན་ནས་གཟུགས་ཞེས་གདགས་པ་ཙམ་དུ་ཟད་ཀྱི་གཟུགས་ཞེས་བྱ་བ་ངོ་བོ་ཉིད་ཀྱི་གྲུབ་པ་མེད་དོ། །དེ་ལྟར་ན་འདིས་གཟུགས་ཀྱི་བསྒྲུབ་པར་བྱ་བ་ཆོས་ལ་སོགས་

པ་འདུས་པ་ཙམ་ཉིད་དང་། གཟུགས་ཀྱི་སྒྲུབ་པའི་ཆོས་རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པ་བསྟན་ཏོ་ཞེས་བྱ་བ་ནི། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་ནི་འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་ངོ་བོ་ཉིད་

མེད་པ་ཉིད་དུ་བསྟན་པའི་བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་བསྟན་ཏེ། འདིར་བསྒྲུབ་པར་བྱ་བ་ཆོས་ནི་རྫས་སུ་ཡོད་པ་མ་ཡིན་པར་བསྒྲུབ་པར་བྱ་བ་སྟེ། ས་ལ་སོགས་པ་འདུས་པ་ཙམ་ཉིད་ཅེས་བྱ་བ་ཡིན་ནོ། །སྒྲུབ་པའི་ཆོས་ནི་གཟུགས་ཀྱི་རྒྱུ་མ་གཏོགས་པར་གཟུགས་དམིགས་སུ་མེད་

Vol. 100 · folio 38a

པ་སྟེ་རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པ་ཞེས་བྱ་བ་ཡིན་ནོ། །དཔེ་ནི་དེའི་དབང་གིས་ཏེ། དམག་དང་ནགས་ཚལ་ལ་སོགས་པ་དག་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་རྫས་སུ་ཡོད་པ་མ་ཡིན་པར་བསྒྲུབ་པའི་ཆོས་མཐུན་པའི་དཔེ་ནི་བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་

ཆོས་དེའི་དབང་གིས་བསྟན་དགོས་ཏེ། དམག་དང་ནགས་ཚལ་ལ་སོགས་པ་གང་དག་ལ་བསྒྲུབ་པར་བྱ་བ་ཆོས་རྫས་སུ་ཡོད་པ་མ་ཡིན་པ་དང་སྒྲུབ་པའི་ཆོས་རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པ་ཞེས་བྱ་བ་ཡོད་པ་དག་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་གཟུགས་རྫས་སུ་ཡོད་པ་མ་ཡིན་

ཏེ། རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །འདི་ན་གང་རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པ་དེ་ནི་རྫས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་དམག་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་

ནི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱང་རང་གི་རྒྱུ་ས་ལ་སོགས་པ་དག་མ་བཟུང་ན་གཟུགས་ཀྱི་བློ་མེད་པས་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། དཔེར་ན་དམག་ལ་སོགས་པ་ནི་རང་གི་རྒྱུ་དཔུང་རྣམ་བཞི་ལ་སོགས་པ་དག་མ་བཟུང་ན་ནི་དམག་གི་

བློ་མེད་པས་རྫས་སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་རང་གི་རྒྱུ་ས་ལ་སོགས་པ་དག་མ་བཟུང་ན་གཟུགས་ཀྱི་བློ་མེད་པས་རྫས་སུ་ཡོད་པ་མ་ཡིན་ནོ། །ཡང་ན་སྦྱོར་བའི་ལན་གཞན་ཡང་མེད་དེ། དོན་དམ་པར་གཟུགས་ཀྱི་བློ་ནི་དངོས་པོ་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། བློ་ཡིན་པའི་ཕྱིར་དཔེར་

ན་ནགས་ཚལ་ལ་སོགས་པའི་བློ་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནགས་ཚལ་ལ་སོགས་པའི་བློ་ནི་བློ་ཡིན་པའི་ཕྱིར་དངོས་པོ་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་པ་དེ་བཞིན་དུ།

གཟུགས་ཀྱི་བློ་ཡང་བློ་ཡིན་པའི་ཕྱིར་དངོས་པོ་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ནོ། །ཡང་ན་སྦྱོར་བའི་ལམ་གཞན་ཡང་ཡོད་དེ་དོན་དམ་པར་གཟུགས་ཞེས་བྱ་བའི་སྒྲ་འདི་ནི་ཚིག་གི་དོན་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་དཔེར་ན་དམག་ལ་སོགས་པའི་སྒྲ་བཞིན་ནོ་ཞེས་བྱ་བ་

Vol. 100 · folio 38b

དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དམག་ལ་སོགས་པའི་སྒྲ་ནི་སྒྲ་ཡིན་པའི་ཕྱིར་ཚིག་གི་དོན་རྗེས་སུ་ཡོད་པའི་ཡུལ་ཅན་མ་ཡིན་པ་དེ་བཞིན་དུ། གཟུགས་ཞེས་བྱ་བའི་སྒྲ་ཡང་སྒྲ་ཡིན་པའི་ཕྱིར་ཚིག་

གི་དོན་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ནོ། །འདིར་ཆོས་མངོན་པ་པ་དག་སེམས་དང་སེམས་ལས་བྱུང་བ་དག་རྫས་སུ་ཡོད་པར་འདོད་པས་དེའི་ཕྱིར་དེ་དག་ན་རེ་དབུ་མ་པའི་གཏན་ཚིགས་ཀྱི་དོན་སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཡིན་ཏེ། ཅི་རེ་ཞིག་སྒྲ་ཡིན་པའི་ཕྱིར་དཔེར་ན་དམག་ལ་

སོགས་པའི་སྒྲ་བཞིན་དུ་ཚིག་གི་དོན་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་པར་འགྱུར་རམ། འོན་ཏེ་སྒྲ་ཡིན་པའི་ཕྱིར་དཔེར་ན་སེམས་དང་སེམས་ལས་བྱུང་བ་དག་གི་སྒྲ་བཞིན་དུ་ཚིག་གི་དོན་རྫས་སུ་ཡོད་པའི་ཕྱིར་ཡུལ་ཅན་ཡིན་པར་འགྱུར་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་

འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་རྣམ་པར་ཤེས་པ་དང་སེམས་ལས་བྱུང་བ་དག་ཀྱང་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་དེ་བཞིན་དུ་དགག་པར་བྱ་བ་ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་ཁོ་བོ་གཟུགས་འགོག་པར་བྱེད་པ་དེ་བཞིན་དུ་སེམས་

དང་སེམས་ལས་བྱུང་བ་དག་ཀྱང་འགོག་པར་བྱེད་པས་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ། །གལ་ཏེ་གཟུགས་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དེ་ཞིག་ཀྱང་དེའི་བློ་མི་འཇིག་པའི་ཕྱིར་རོ། །འདི་ན་གང་ཞིག་ན་དེའི་བློ་འཇིག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །

གཟུགས་སྔོན་པོ་ལ་སོགས་པ་དག་ནི་ཞིག་ཀྱང་དེའི་བློ་དེ་ལྟར་མི་འཇིག་པས་དེའི་ཕྱིར་གཟུགས་ནི་རྫས་སུ་ཡོད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་རང་གི་སྡེ་པ་དག་ཉིད་དབུ་མ་པའི་གཏན་ཚིགས་ལ་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་དོ་ཞེས་སྐྱོན་འདོགས་པ་ཡིན་ཏེ། དེ་དག་གི་གཞུང་ལས་བུམ་པ་

ལ་སོགས་པ་དངོས་པོ་གང་ཞིག་པར་གྱུར་ན་དེ་ལ་བུམ་པའི་བློ་མི་སྐྱེ་བ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་གྱི་ས་ལ་སོགས་པའི་གཟུགས་གང་ཞིག་པར་གྱུར་ཀྱང་དེ་ལ་གཟུགས་ཀྱི་བློ་སྐྱེ་བ་དེ་ནི་དོན་དམ་པར་ཡོད་པ་ཡིན་པས་དབུ་མ་པའི་གཏན་ཚིགས་རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ་

Vol. 100 · folio 39a

འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་དོ་ཞེས་ཟེར་རོ། །དེ་དག་གི་སྦྱོར་བའི་ཚིག་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་

ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རང་གི་སྡེ་པ་དག་ལ་དབུ་མ་པའི་གཏན་ཚིགས་ལ་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པར་སྒྲུབ་པའི་

རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཀླན་ཀ་དེ་ནི་བཟང་པོ་མ་ཡིན་ནོ། །དེ་ལྟར་རེ་ཞིག་རྒྱུར་བྱས་པའི་གཟུགས་བརྟགས་ཟིན་ཏོ་ཞེས་བྱ་བ་ནི་སྔར་འདི་ལ་གཟུགས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འབྱུང་བའི་གཟུགས་དང་འབྱུང་བ་ལས་གྱུར་པའི་གཟུགས་སོ་ཞེས་སྨོས་པ་ལས་དེ་ཡན་ཆད་དུ་འབྱུང་བ་

ལས་གྱུར་པའི་གཟུགས་ངོ་བོ་ཉིད་མེད་པ་ཉིད་དུ་བརྟགས་ཟིན་ཏོ།། །།བམ་པོ་སུམ་ཅུ་གཅིག་པ། ད་ནི་འབྱུང་བའི་གཟུགས་ཀྱི་དབང་དུ་བྱས་ཏེ་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་འབྱུང་བའི་གཟུགས་ངོ་བོ་ཉིད་མེད་པ་ཉིད་དུ་སྟོན་ཏོ། །འདིར་ཕྱོགས་སྔ་མ་ཉེ་བར་བཞག་

པ་ནི་རྒྱུར་བྱས་པའི་གཟུགས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་རྒྱུ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་རྒྱུ་གཟུང་དུ་མེད་དེ་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །རྒྱུར་བྱས་པའི་གཟུགས་ལ་ནི་རྒྱུ་ས་ལ་སོགས་པ་དེ་དག་ཡོད་པས་དེའི་ཕྱིར་རྒྱུར་བྱས་པའི་གཟུགས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན་ཞེས་བྱ་

བ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེའི་ཕྱིར་

བཤད་པ། གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་རུང་ངོ་། །འདི་ལ་རྒྱུར་བྱས་པའི་གཟུགས་ཀྱི་མཚན་ཉིད་གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་མ་གཏོགས་པར་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དག་ཀྱང་མི་སྣང་ཞིང་གཟུང་དུ་མེད་དོ་ཞེས་བྱ་བ་སྨྲས་ཏེ།

Vol. 100 · folio 39b

གཟུགས་མ་གཏོགས་པར་ཡང་འདི་ནི་གཟུགས་ཀྱི་རྒྱུའོ་ཞེས་བྱ་བ་མི་སྣང་བ་ཉིད་དོ། །གཟུགས་ནི་མི་འཐད་པར་བཤད་ཟིན་ཏེ་དེ་ལྟར་གཟུགས་མི་འཐད་པའི་ཕྱིར་གཟུགས་ཀྱི་རྒྱུ་ཡང་མི་འཐད་དོ། །འདིར་ཡང་འབྱུང་བའི་གཟུགས་ཀྱི་བསྒྲུབ་པར་བྱ་བ་ཆོས་གཟུགས་ལ་སོགས་པ་འདུས་པ་

ཙམ་ཉིད་དང་སྒྲུབ་པའི་ཆོས་གཟུགས་ལ་སོགས་པ་མི་སྣང་ན་ས་ལ་སོགས་པ་དེ་དག་ཀྱང་མི་སྣང་བར་བསྟན་ཏོ་ཞེས་བྱ་བ་ནི་འདིར། གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་རུང་ངོ་། །ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདིས་ཀྱང་འབྱུང་བའི་གཟུགས་

ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་བསྒྲུབ་པར་བྱ་བ་ཆོས་ནི་རྫས་སུ་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་འདུས་པ་ཙམ་ཉིད་ཡིན་པར་བསྟན་ལ། སྒྲུབ་པའི་ཆོས་ནི་དེའི་རྒྱུ་མི་སྣང་ན་དེ་མི་སྣང་བ་སྟེ་གཟུགས་ལ་སོགས་པ་མི་སྣང་ན་ས་ལ་སོགས་པ་དེ་དག་ཀྱང་མི་སྣང་བ་ཞེས་བྱ་བ་ཉིད་

ཡིན་པར་བསྟན་ཏོ། །དེའི་ཕྱིར་དེའི་དབང་གིས་དཔེ་ཡང་མངོན་ནོ་ཞེས་བྱ་བ་ནི་འབྱུང་བའི་གཟུགས་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པའི་ཆོས་མཐུན་པའི་དཔེ་ཡང་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དེའི་དབང་གིས་དམག་དང་ནགས་ཚལ་ལ་སོགས་པ་གང་དག་ལ་བསྒྲུབ་པར་བྱ་བ་ཆོས་རྫས་

སུ་ཡོད་པ་མ་ཡིན་པ་དང་། སྒྲུབ་པའི་ཆོས་དེའི་རྒྱུ་མི་སྣང་ན་དེ་མི་སྣང་བ་ཞེས་བྱ་བ་ཡོད་པ་དག་ཡིན་པར་མངོན་ནོ། །དེ་ལ་འདིར་རེ་ཞིག་སའི་དབང་དུ་བྱས་ཏེ་སྦྱོར་བའི་ཚིག་བྱའོ་ཞེས་བྱ་བ་ནི་ས་དགག་པས་ལྷག་མ་རྣམས་ཀྱང་དགག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་ཡང་ཕ་རོལ་པོ་དག་ན་རེ་

ཁྱེད་དབུ་མ་པས་དོན་དམ་པར་གཟུགས་སྐྱེ་བ་མེད་དོ་ཞེས་བྱ་བར་ཁས་བླངས་ལ། ད་འདིར་ནི་གཟུགས་ལ་སོགས་པ་འདུས་པ་ཙམ་ཉིད་དུ་སྒྲུབ་པར་བྱེད་པས་རང་གི་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་

ཀྱིས། འདུས་པ་ཙམ་ཉིད་ཀྱང་དོན་དམ་པར་མི་སྟོན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཀུན་རྫོབ་ཏུ་འདུས་པ་ཙམ་ཉིད་དུ་སྒྲུབ་ཀྱི་དོན་དམ་པར་མི་སྟོན་པའི་ཕྱིར་རང་གི་ཁས་བླངས་པ་ལ་གནོད་པ་མེད་དོ། །གལ་ཏེ་ཀུན་རྫོབ་ཏུ་འདུས་པ་ཙམ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། འདིར་

Vol. 100 · folio 40a

བསྟན་བཅོས་མཛད་པས་འདུས་པ་ཙམ་ཉིད་དུ་བསྟན་པས་རྫས་སུ་ཡོད་པ་ཉིད་དགག་པ་ཁོ་ན་བསྟན་ཏེ། དེ་དགག་པ་ནི་དོན་ཆེ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་བསྟན་བཅོས་མཛད་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀུན་རྫོབ་ཏུ་འབྱུང་བའི་གཟུགས་

དག་གཟུགས་ལ་སོགས་པ་འདུས་པ་ཙམ་ཉིད་དུ་བསྟན་པས་དེ་དག་དོན་དམ་པར་རྫས་སུ་ཡོད་པ་ཉིད་དགག་པ་ཁོ་ན་བསྟན་ཏེ། དེ་དག་དགག་པ་ནི་མཛད་པ་པོ་ཉིད་ཀྱི་བཞེད་པ་མཆོག་ཡིན་པས་དོན་ཆེ་བའི་ཕྱིར་རོ། །ཇི་ལྟར་དེ་དོན་ཆེ་བ་ཉིད་ཡིན་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་དེ་

སྐད་ཅེས་འདྲི་ནའོ། །དེའི་ལན་དུ་འདིར་ཐ་སྙད་དུ་བརྟེན་ནས་འདོགས་པར་བྱེད་པ་གང་ཡིན་པ་དེ་ནི་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་མེད་པས་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པའི་ཕྱིར་ཏེ་ཞེས་བྱ་བ་སྨྲས་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དུ་གཞི་གང་ལ་བརྟེན་ནས་དངོས་པོ་གང་

འདོགས་པ་དང་རྣམ་པར་འཇོག་པ་དང་སྟོན་པར་བྱེད་པ་དེ་ནི་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར། སྐྱེ་བ་མེད་པས་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པའི་ཕྱིར་འདུས་པ་ཙམ་ཉིད་དུ་བསྟན་པས་རྫས་སུ་ཡོད་པ་ཉིད་དགག་པ་དེ་ནི་དོན་ཆེ་བ་ཉིད་ཡིན་ནོ། །གལ་ཏེ་འདུས་པ་ཙམ་ཉིད་

བསྟན་པའི་ཡོན་ཏན་དེ་ག་ལས་ཤེས་ཤེ་ན། དེའི་ཕྱིར་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། གང་ཕྱིར་འདུས་པ་མ་གཏོགས་པར། །བློ་ཡིས་དངོས་པོ་གཟུང་དུ་མེད། །དེ་ཕྱིར་སྟོང་དང་མ་སྐྱེས་དང་། །རང་བཞིན་མེད་པར་ང་སྨྲའོ། །འདི་ལ་རྐྱེན་གྱིས་ཅུང་ཟད་ཀྱང་། །

སྐྱེ་བ་དང་ནི་འགག་པ་མེད། །སྐྱེ་བ་དང་ནི་འགག་པ་ཡང་། །རྐྱེན་རྣམས་ཁོ་ན་འབའ་ཞིག་གོ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་འདུས་པ་དང་ཚོམས་དང་ཚོགས་ལས་མ་གཏོགས་པར་དངོས་པོ་རྫས་སུ་གྱུར་པ་གཟུང་དུ་མེད་པ་དེའི་

ཕྱིར་དངོས་པོ་རྫས་སུ་གྲུབ་པ་ཉིད་མེད་པས་དོན་དམ་པར་སྟོང་པ་དང་། མ་སྐྱེས་པ་དང་། རང་བཞིན་མེད་པར་ང་སྨྲའོ་ཞེས་གསུངས་སོ། །འདི་ལ་རྐྱེན་རྣམས་ཀྱི་དངོས་པོ་རྫས་སུ་ཡོད་པ་གཞན་ཅུང་ཟད་ཀྱང་སྐྱེ་བ་དང་འགག་པར་མི་བྱེད་དེ། ཐ་སྙད་དུ་སྐྱེ་བ་དང་འགག་པར་བརྗོད་པ་ཡང་རྐྱེན་

Vol. 100 · folio 40b

རྣམས་ཁོ་ནར་ཟད་དོ་ཞེས་བྱ་བ་ལ་སོགས་པ་ལ་ཇི་སྐད་གསུངས་པ་ལྟ་བུའོ། །འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་ས་ནི་རྫས་སུ་ཡོད་པ་མ་ཡིན་པར་ཤེས་པར་བྱ་སྟེ། དེའི་རྒྱུ་མི་སྣང་ན་དེ་མི་སྣང་བའི་ཕྱིར་རོ། །གང་རྒྱུ་མི་སྣང་ན་དེ་མི་སྣང་བ་དེ་ནི་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་

ཏེ། དཔེར་ན་དམག་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དམག་ལ་སོགས་པ་དག་ནི་རྒྱུ་དཔུང་རྣམ་བཞི་ལ་སོགས་པ་དག་

མི་སྣང་ན་དེ་དག་ཀྱང་མི་སྣང་བས་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ས་ཡང་དེའི་རྒྱུ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཀྱིས་བསྡུས་པ་གཟུགས་དང་སྒྲ་ལ་སོགས་པ་འདུས་པ་ཙམ་དག་མི་སྣང་ན་དེ་ཡང་མི་སྣང་བའི་ཕྱིར་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བློ་

དང་སྒྲའི་ཕྱོགས་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདིར་ཡང་སྔ་མ་བཞིན་དུ་ཡང་སྦྱོར་བའི་ལམ་གཞན་ཡང་ཡོད་དེ། དོན་དམ་པར་སའི་བློ་ནི་དངོས་པོ་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ་བློ་ཡིན་པའི་ཕྱིར་དཔེར་ན་ནགས་ཚལ་ལ་སོགས་པའི་བློ་བཞིན་ནོ། །ཡང་ན་སྦྱོར་བའི་

ལམ་གཞན་ཡང་ཡོད་དེ། དོན་དམ་པར་ས་ཞེས་བྱ་བའི་སྒྲ་འདི་ནི་ཚིག་གི་དོན་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་དཔེར་ན་དམག་ལ་སོགས་པའི་སྒྲ་བཞིན་ནོ། །རྣམ་པར་ཤེས་པ་དང་སེམས་ལས་བྱུང་བ་དག་ཀྱང་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་

དེ་བཞིན་དུ་དགག་པར་བྱ་བ་ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་ཅི་རིགས་པར་བརྗོད་པར་བྱ་བ་ཡིན་ནོ། །ཡང་ན་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དེ་དག་མ་གཏོགས་པར་དེ་དག་ལས་གཞན་པའི་གཟུགས་དམིགས་སུ་མེད་དེ་རང་གི་རྒྱུ་མ་བཟུང་ན་དེ་གཟུང་དུ་མེད་པ་ནི་

གཟུགས་ཀྱི་ཆོས་ཡིན་ནོ་ཞེས་བྱ་བ་ནི་ཡང་ན་རྒྱུར་བྱས་པའི་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དེ་དག་མ་གཏོགས་པར་ས་ལ་སོགས་པ་དེ་དག་ལས་གཞན་པ་རྒྱུར་བྱས་པའི་གཟུགས་དམིགས་སུ་མེད་དེ་ཞེས་བྱ་བའི་ཕྱོགས་འདིའི་སྒོ་ནས་ཀྱང་འབྱུང་བའི་གཟུགས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པར་

Vol. 100 · folio 41a

བྱའོ། །ཅིའི་ཕྱིར་ཞེ་ན། རྒྱུར་བྱས་པའི་གཟུགས་ཀྱི་རང་གི་རྒྱུ་ས་ལ་སོགས་པ་དག་མ་བཟུང་ན་རྒྱུར་བྱས་པའི་གཟུགས་དེ་གཟུང་དུ་མེད་པའི་ཕྱིར་ཏེ། དེ་ནི་རྒྱུར་བྱས་པའི་གཟུགས་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་སྒྲུབ་པའི་ཆོས་ཡིན་ནོ། །འདིར་སྦྱོར་

བའི་ཚིག་ནི་དོན་དམ་པར་གཟུགས་ནི་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ། དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་དཔེར་ན་ས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་དཔེ་ཡིན་

པར་གོ་རིམས་སུ་སྦྱར་ཏེ། དཔེར་ན་ས་ལ་སོགས་པའི་རང་གི་བདག་ཉིད་ནི་རང་གི་ཚོགས་པའི་ཡན་ལག་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དག་མ་བཟུང་ན་ས་ལ་སོགས་པ་དེ་དག་གི་བློ་མེད་པའི་ཕྱིར་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་པ་དེ་བཞིན་དུ་རྒྱུར་བྱས་པའི་

གཟུགས་ཀྱང་རང་གི་ཚོགས་པའི་ཡན་ལག་ས་ལ་སོགས་པ་དག་མ་བཟུང་ན་རྒྱུར་བྱས་པའི་གཟུགས་དེའི་བློ་མེད་པའི་ཕྱིར་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ནོ། །འདིར་གཞན་དག་ན་རེ་འདིར་ཁྱེད་དབུ་མ་པས་གཟུགས་ཕྱོགས་སུ་བྱས་པས་དེ་ལ་ནི་རྣམ་པར་རྟོག་པ་མེད་

པའི་ཕྱིར་འཛིན་པ་ཉིད་མེད་པས་ཁྱེད་ཀྱི་གཏན་ཚིགས་དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་ཞེས་བྱ་བ་དེ་མི་འགྲུབ་སྟེ། དཔེར་ན་སྒྲ་ནི་མི་རྟག་སྟེ། མིག་གི་ཡུལ་ཡིན་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་དེ་མི་འགྲུབ་པ་དེ་བཞིན་དུ་ཁྱེད་ཀྱི་གཏན་ཚིགས་གཟུགས་ནི་རང་གི་ཚོགས་པའི་ཡན་

ལག་དག་ལས་གཞན་མ་ཡིན་ནོ་ཞེས་བྱར་ཡང་རུང་བ་ཞིག་ན་དེ་ཡང་མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། མ་བཟུང་ན་ཞེས་བྱ་བ་ནི་བློའི་ཆོས་ཡིན་པས་གལ་ཏེ་འདིར་བློ་ཕྱོགས་སུ་བྱས་ན་ནི་བློ་དེས་གཟུགས་ཀྱི་རང་གི་རྒྱུ་མ་བཟུང་ན་གཟུགས་ཀྱི་བློ་མེད་པའི་ཕྱིར་གཟུགས་ནི་རང་གི་ཚོགས་པའི་ཡན་

ལག་དག་ལས་གཞན་མ་ཡིན་ནོ་ཞེས་བྱར་ཡང་རུང་བ་ཞིག་ན་མ་བཟུང་ན་ཞེས་བྱ་བ་གཟུགས་ཀྱི་ཆོས་མ་ཡིན་ལ་འདིར་གཟུགས་ཕྱོགས་སུ་བྱས་ནས་གཟུགས་ཀྱི་རང་གི་རྒྱུ་མ་བཟུང་ན་གཟུགས་ཀྱི་བློ་མེད་པའི་ཕྱིར་གཟུགས་ནི་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ་ཞེས་བྱ་བའི་

Vol. 100 · folio 41b

གཏན་ཚིགས་དེའི་དོན་མི་འགྲུབ་པའི་ཕྱིར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བྱ་བ་ལས་ལ་གནས་པ་ཡིན་པར་བསམས་པས་མ་བཟུང་བ་བློའི་ཆོས་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་

ཏེ། འདི་ལྟར་བྱ་བ་ནི་གཉིས་ལ་གནས་ཏེ། དཔེར་ན་གཅད་པའི་བྱ་བ་གཅོད་པ་པོ་ལ་གནས་པ་དང་བཅད་པ་ལ་གནས་པ་དེ་བཞིན་དུ་མ་བཟུང་བའི་བྱ་བ་ཡང་བྱེད་པ་པོའི་བློ་ལ་གནས་པ་དང་། ལས་གཟུགས་ལ་གནས་པ་དག་ལས་སྐབས་འདིར་མ་བཟུང་བའི་བྱ་བ་དེ་ལས་གཟུགས་

ལ་གནས་པ་ཡིན་པར་བསམས་པས་མ་བཟུང་བ་ཞེས་བྱ་བ་དེ་ནི་ལས་གཟུགས་ཀྱི་ཆོས་མ་ཡིན་གྱི་བྱེད་པ་པོའི་བློའི་ཆོས་ཡིན་པའི་ཕྱིར་ཁོ་བོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ་ཕ་རོལ་པོ་ཟེར་བ་ལྟར་མ་བཟུང་བ་ཞེས་བྱ་བ་དེ་ལས་གཟུགས་ཀྱི་ཆོས་ཡིན་ན་

ནི་གཟུགས་ཀྱིས་རང་གི་རྒྱུ་མ་བཟུང་ན་གཟུགས་ཀྱི་བློ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་དེ་མི་འགྲུབ་པར་ཡང་འགྱུར་བ་ཞིག་ན། འདིར་ཁོ་བོས་མ་བཟུང་བ་ཞེས་བྱ་བའི་བྱ་བ་དེ་ལས་གཟུགས་ལ་གནས་པ་ཡིན་པར་བསམས་པས་མ་བཟུང་བ་ཞེས་བྱ་བ་དེ་བྱེད་པ་པོ་བློའི་

ཆོས་ཡིན་པའི་ཕྱིར་བློས་གཟུགས་ཀྱི་རྒྱུ་དེ་མ་བཟུང་ན་གཟུགས་ཀྱི་བློ་དེ་མེད་པའི་ཕྱིར་གཟུགས་ནི་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་དེ་མ་གྲུབ་པ་ཉིད་མ་ཡིན་ནོ། །གྲངས་ཅན་དག་ན་རེ་གཟུགས་ལ་སོགས་པ་དག་ལས་ས་ལ་

སོགས་པ་དག་གཞན་མ་ཡིན་པས་དེ་ནི་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་གྲངས་ཅན་དག་ན་རེ་ཁོ་བོ་ཅག་གི་གཞུང་ལས། སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ནི་རྟག་པ་དང་ཐམས་ཅད་དུ་སོང་བ་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་གཞན་མ་ཡིན་ཏེ། གཅིག་པ་ཉིད་ཡིན་

པར་གྲུབ་པས་ཁྱེད་དབུ་མ་པ་གཟུགས་ནི་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ་ཞེས་སྒྲུབ་པ་དེ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ་གཞན་ཉིད་

Vol. 100 · folio 42a

དགག་པས་གཞན་མ་ཡིན་པ་ཉིད་དུ་སྟོན་པར་མི་བྱེད་པའི་ཕྱིར་དང་། ཕ་རོལ་པོ་འདོད་པའི་གཞན་མ་ཡིན་པ་ཉིད་ཀྱང་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་མེད་པར་དགག་པའི་ཚུལ་ཡོངས་སུ་བཟུང་སྟེ་གཞན་ཉིད་དགག་པས་བྱས་པ་མ་ཡིན་

པར་དགག་པའི་ཚུལ་དུ་གཞན་མ་ཡིན་པ་ཉིད་སྟོན་པར་མི་བྱེད་པའི་ཕྱིར་དང་། ཁྱོད་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་རྟག་པ་དང་ཐམས་ཅད་དུ་སོང་བའི་ཕྱིར་དངོས་པོ་ཐམས་ཅད་གཞན་མ་ཡིན་ཏེ། གཅིག་པ་ཉིད་དོ་ཞེས་བྱ་བར་འདོད་པ་དེ་ཁོ་བོས་ཁས་མ་བླངས་པའི་ཕྱིར་

ཁོ་བོ་གྲུབ་པ་ལ་སྒྲུབ་པ་མ་ཡིན་པས་ཁྱོད་ཀྱི་ཀླན་ཀ་དེ་ནི་བཟང་པོ་མ་ཡིན་ཏེ། བྱེ་བྲག་པ་དག་གཏན་ཚིགས་མ་ངེས་པ་ཉིད་དུ་རྒོལ་བར་བྱེད་དེ། མར་མེ་མ་བཟུང་ཡང་དེ་ལས་གཞན་པ་ཡོད་ན་བུམ་པ་ལ་དེའི་བློ་ཡོད་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་བྱེ་བྲག་པ་དག་ན་རེ་ཁོ་བོ་ཅག་གི་

གཞུང་ལས་ཚིག་གི་དོན་དྲུག་པོ་དག་ནི་ལྕགས་ཀྱི་ཐུར་མ་བཞིན་དུ་གཞན་ཉིད་ཡིན་པས་དེའི་ཕྱིར་ཁྱེད་དབུ་མ་པ་ན་རེ་གཟུགས་ནི་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ། དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་དཔེར་ན་ས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་ཟེར་བའི་

གཏན་ཚིགས་ཀྱི་དོན་དེ་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་མར་མེ་ནི་བུམ་པ་གསལ་བར་བྱེད་པའི་རྒྱུ་ཡིན་པས་དེའི་ཕྱིར་མར་མེ་མེད་ཀྱང་མར་མེ་དེ་ལས་གཞན་པ་ནོར་བུ་དང་། འོད་ཟེར་དང་སྨན་དང་ཟླ་བ་དང་ཉི་མའི་སྣང་བ་ལ་སོགས་པ་གསལ་བར་བྱེད་པའི་བྱེད་པའི་རྒྱུ་ཡོད་ན་བུམ་པ་གསལ་བར་

བྱེད་ཅིང་བུམ་པ་ལ་དེའི་བློ་ཡོད་པའི་ཕྱིར་ཁྱེད་དབུ་མ་པའི་གཏན་ཚིགས་དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཡིན་ཏེ། ཅི་རེ་ཞིག་གཟུགས་རང་གི་ཚོགས་པའི་ཡན་ལག་ས་ལ་སོགས་པ་དེ་དག་མ་བཟུང་ན་གཟུགས་ཀྱི་བློ་མེད་པའི་ཕྱིར་གཟུགས་རང་གི་ཚོགས་པའི་ཡན་

ལག་དག་ལས་གཞན་མ་ཡིན་པར་འགྱུར་རམ་འོན་ཏེ་བུམ་པའི་གསལ་བར་བྱེད་པའི་བྱེད་པའི་རྒྱུ་མར་མེ་མ་བཟུང་ཡང་གསལ་བར་བྱེད་པའི་བྱེད་པའི་རྒྱུ་གཞན་ཡོད་ན་བུམ་པའི་བློ་ཡོད་པའི་ཕྱིར་གཟུགས་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་ཡིན་པར་འགྱུར་བ་མ་ངེས་པའི་ཕྱིར་རོ་

Vol. 100 · folio 42b

ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་བཟང་པོ་མ་ཡིན་ཏེ། དེའི་བློ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་གཟུང་བའི་ཕྱིར་དང་མར་མེ་མེད་ཀྱང་ནོར་བུ་དང་འོད་ཟེར་དང་སྨན་དང་ཟླ་བ་དང་ཉི་མའི་སྣང་བ་ཡོད་ན་དེའི་བློ་ཡོད་པས་མི་

མཐུན་པའི་ཕྱོགས་ལ་སྒྲུབ་པའི་ཆོས་མེད་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་པའི་ཕྱིར་ཁྱོད་ཀྱི་ཀླན་ཀ་དེ་ཡང་བཟང་པོ་མ་ཡིན་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དེའི་བློ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་བཟུང་

བའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ཏེ། གལ་ཏེ་གཟུགས་ཀྱི་རང་གི་ཚོགས་པའི་ཡན་ལག་ས་ལ་སོགས་པ་དེ་དག་བཟུང་ན་ཡང་གཟུགས་ཀྱི་བློ་ཡོད་ལ། དེ་དག་མ་བཟུང་ན་ཡང་གཟུགས་ཀྱི་བློ་ཡོད་ན་ནི་དེས་ན་མ་ངེས་པར་འགྱུར་བ་དང་། དཔེར་ན་སྣམ་བུའི་རང་གི་ཚོགས་པའི་ཡན་

ལག་རྒྱུ་སྤུན་དག་བཟུང་ན་ཡང་བུམ་པའི་བློ་མེད་ལ་དེ་དག་མ་བཟུང་ན་ཡང་བུམ་པའི་བློ་མེད་པ་ལྟ་བུ་ཡིན་ན་ཡང་མ་ངེས་པ་ཉིད་ཡིན་གྱི་ཁོ་བོས་ནི་གཟུགས་ཀྱི་རང་གི་ཚོགས་པའི་ཡན་ལག་ས་ལ་སོགས་པ་དག་མ་བཟུང་ན་གཟུགས་ཀྱི་བློ་མེད་པ་ཁོ་ནའི་ཕྱིར་གཟུགས་ནི་རང་གི་ཚོགས་པའི་

ཡན་ལག་དག་ལས་གཞན་མ་ཡིན་ཏེ་ཞེས་ངེས་པར་གཟུང་བའི་ཕྱིར་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །འདི་ལ་ཕ་རོལ་པོ་དབུ་མ་པའི་གཏན་ཚིགས་མ་ངེས་པ་ཉིད་དུ་སྨྲ་བའི་ཕྱོགས་ལ་དབུ་མ་པའི་སྒྲུབ་པའི་ཆོས་དེ་མ་བཟུང་ན་དེའི་བློ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་གཟུང་བ་

དེ་མེད་པའི་ཕྱིར་ཡང་། དབུ་མ་པའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་པར་བསྟན་པའི་ཕྱིར་མར་མེ་མེད་ཀྱང་ནོར་བུ་དང་འོད་ཟེར་དང་སྨན་དང་ཟླ་བ་དང་ཉི་མའི་སྣང་བ་ཡོད་ན་དེའི་བློ་ཡོད་པས་མི་མཐུན་པའི་ཕྱོགས་ལ་སྒྲུབ་པའི་ཆོས་མེད་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་

བྱེ་བྲག་པ་དག་གི་ཕྱོགས་ལ་ནི་བུམ་པ་གསལ་བར་བྱེད་པའི་བྱེད་པའི་རྒྱུ་མར་མེ་མེད་ཀྱང་ནོར་བུ་དང་འོད་ཟེར་དང་སྨན་དང་ཟླ་བ་དང་ཉི་མའི་སྣང་བ་ཡོད་ན་བུམ་པའི་བློ་ཡོད་པར་འདོད་པས་དེས་ན་དབུ་མ་པའི་མི་མཐུན་པའི་ཕྱོགས་བྱེ་བྲག་པ་དག་གི་ཕྱོགས་ལ་ཡང་དབུ་མ་པའི་སྒྲུབ་པའི་ཆོས་གཟུགས་ཀྱི་

Vol. 100 · folio 43a

རང་གི་ཚོགས་པའི་ཡན་ལག་ས་ལ་སོགས་པ་དག་མ་བཟུང་ན་གཟུགས་ཀྱི་བློ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་གཟུང་བ་དེ་མེད་པའི་ཕྱིར་ངེད་དབུ་མ་པའི་གཏན་ཚིགས་ཀྱི་དོན་དེ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་མ་ཡིན་ནོ། །རང་གི་ཚོགས་

པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ་ཞེས་དམ་བཅས་པ་ཁྱད་པར་ཅན་ཉེ་བར་གཟུང་བའི་ཕྱིར་མར་མེ་ནི་བུམ་པའི་རང་གི་ཚོགས་པའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི་ཁོ་བོས་གཟུགས་ནི་བྱེད་པའི་རྒྱུ་དག་ལས་གཞན་མ་ཡིན་ཏེ། བྱེད་པའི་རྒྱུ་མ་བཟུང་ན་གཟུགས་ཀྱི་བློ་མེད་པའི་ཕྱིར་ཞེས་ཁྱད་

པར་མེད་པའི་དམ་བཅས་པ་ཉེ་བར་མ་བཟུང་གི་འདི་ལྟར་གཟུགས་ནི་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ། རང་གི་ཚོགས་པའི་ཡན་ལག་དག་མ་བཟུང་ན་གཟུགས་ཀྱི་བློ་མེད་པའི་ཕྱིར་རོ་ཞེས་དམ་བཅས་པ་ཁྱད་པར་ཅན་ཉེ་བར་གཟུང་བའི་ཕྱིར་གཟུགས་ནི་རང་གི་སྐྱེད་པའི་

རྒྱུ་ཚོགས་པའི་ཡན་ལག་དག་མ་བཟུང་ན་གཟུགས་ཀྱི་བློ་མེད་པའི་ཕྱིར་རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་པར་བསྒྲུབས་པས་དེས་ན་མར་མེ་ནི་བུམ་པའི་རང་གི་ཚོགས་པའི་ཡན་ལག་མ་ཡིན་ཏེ། གསལ་བར་བྱེད་པའི་རྒྱུ་ཡིན་ནོ། །དེས་ན་བུམ་པ་ཡང་རང་གི་སྐྱེད་པའི་རྒྱུ་

འཇིམ་པ་དང་འཁོར་ལོ་ལ་སོགས་པ་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་པར་གྲུབ་པོ། །འོ་ན་གསལ་བར་བྱེད་པའི་རྒྱུ་དག་ལས་བུམ་པ་གཞན་ཉིད་ཡིན་པས་དེ་ལྟ་ན་ཡང་དབུ་མ་པའི་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། དེའི་ལན་དུ་འོག་ནས། གང་དང་གང་

ཡང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །ཞེས་སྟོན་པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་དོན་དམ་པར་མར་མེ་ལས་བུམ་པ་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་ཡང་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རང་གི་ཚོགས་པའི་ཡན་ལག་དག་ལས་གཞན་མ་ཡིན་ཏེ་ཞེས་

དམ་བཅས་པ་ཁྱད་པར་ཅན་ཉེ་བར་གཟུང་བའི་ཕྱིར་མར་མེ་ནི་བུམ་པའི་རང་གི་ཚོགས་པའི་ཡན་ལག་མ་ཡིན་པས་དབུ་མ་པའི་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་མ་ཡིན་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་འོག་ནས་ཕྲད་པ་བརྟག་པའི་རབ་ཏུ་བྱེད་པའི་སྐབས་ནས་ཀྱང་། གང་དང་

Vol. 100 · folio 43b

གང་ཡང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །ཞེས་སྟོན་པར་འགྱུར་བས་མི་མཐུན་པའི་ཕྱོགས་གཞན་ཉིད་ཅེས་བྱ་བ་མེད་པའི་ཕྱིར་ཡང་མ་ངེས་པ་ཉིད་མ་ཡིན་ཏེ། དོན་དམ་པར་མར་མེ་དང་བུམ་པ་གཉི་ག་མ་སྐྱེས་པས་མར་མེ་ལ་བུམ་པ་གཞན་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཡང་

མ་ངེས་པ་ཉིད་མ་ཡིན་ནོ། །གལ་ཏེ་དམག་ལ་སོགས་པ་ཡན་ལག་ཅན་གྱི་རྫས་དག་ལ་རྩོམ་པ་ཡོད་པའི་ཕྱིར་ས་ལ་སོགས་པ་དག་རྫས་སུ་ཡོད་པ་ཉིད་མ་ཡིན་པར་རབ་ཏུ་སྒྲུབ་པའི་རྗེས་སུ་དཔག་པ་དག་གི་དཔེ་མ་གྲུབ་པོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་སྔར་དབུ་མ་པས་འབྱུང་བ་དང་འབྱུང་

བ་ལས་གྱུར་པའི་གཟུགས་རྫས་སུ་ཡོད་པ་མ་ཡིན་པ་དང་། གཟུགས་ཀྱི་བློ་དངོས་པོ་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་པ་དང་། གཟུགས་ཞེས་བྱ་བའི་སྒྲ་ཚིག་གི་དོན་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་པར་བསྒྲུབ་པའི་དཔེ་དམག་ལ་སོགས་པ་ལས་བླངས་པ་གང་ཡིན་པ་དེ་ནི་མ་

གྲུབ་པར་རྒོལ་བའི་ཚིག་ཡིན་ཏེ། དམག་དང་ནགས་ཚལ་ལ་སོགས་པ་གང་དག་ལ་ཡན་ལག་རྟ་དང་གླང་པོ་ཆེ་ལ་སོགས་པ་དང་། སེང་ལྡེང་དང་ནིམ་པ་ལ་སོགས་པ་དག་ཡོད་པ་དེ་དག་ནི་དམག་ལ་སོགས་པ་ཡན་ལག་ཅན་གྱི་རྫས་དག་ཅེས་བྱ་སྟེ། དེ་དག་ལ་རྩོམ་པའི་ཡན་

ལག་རྟ་དང་གླང་པོ་ཆེ་ལ་སོགས་པ་སེང་ལྡེང་དང་ནིམ་པ་ལ་སོགས་པ་དག་ཡོད་པའི་ཕྱིར་དམག་ལ་སོགས་པ་ཡན་ལག་ཅན་གྱི་རྫས་དག་ནི་དོན་དམ་པར་རྫས་སུ་ཡོད་པ་ཡིན་པས་དབུ་མ་པས་ས་ལ་སོགས་པ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་དག་དང་། གཟུགས་

ཀྱི་བློ་དང་གཟུགས་ཀྱི་སྒྲ་རྫས་སུ་ཡོད་པ་ཉིད་མ་ཡིན་པར་བསྒྲུབ་པའི་རྗེས་སུ་དཔག་པ་དག་གི་དཔེ་དམག་ལ་སོགས་པ་ལས་བླངས་པ་དེ་མ་གྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དམག་གི་ཡན་ལག་དག་ནི་དམག་ཅེས་བྱ་བ་ཡན་ལག་

ཅན་གྱི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། ཡན་ལག་ཡིན་པའི་ཕྱིར་དཔེར་ན་ཤིང་གི་ཡན་ལག་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ཡལ་ག་ཕྲ་མོ་ལ་སོགས་པ་དག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་རིགས་པ་ཅན་དག་གིས་སྨྲས་པའི་མཚན་ཉིད་གང་ཡང་རུང་བ་ལ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བའི་

Vol. 100 · folio 44a

སྒྲུབ་པ་ནི་ཡང་སྒྲུབ་པ་ལ་ལྟོས་པར་བྱའོ་ཞེས་བྱ་བ་ཡོད་པས། དེའི་ཕྱིར་ཁོ་བོས་དཔེ་སྔ་མ་དེ་ཉིད་ཡང་སྒྲུབ་པ་གཞན་གྱིས་བསྒྲུབ་པར་བྱའོ་ཞེས་སྟོན་ཏོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་

གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཤིང་གི་ཡན་ལག་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ཡལ་ག་ཕྲ་མོ་ལ་སོགས་པ་དག་ནི་ཀུན་རྫོབ་ཏུ་ཡན་ལག་ཡིན་པའི་ཕྱིར་དོན་དམ་པར་ཤིང་ཞེས་བྱ་བ་ཡན་ལག་ཅན་གྱི་རྫས་རྩོམ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་དམག་གི་ཡན་ལག་རྟ་དང་གླང་པོ་ཆེ་

ལ་སོགས་པ་དག་ཀྱང་ཀུན་རྫོབ་ཏུ་ཡན་ལག་ཡིན་པའི་ཕྱིར་དོན་དམ་པར་དམག་ཅེས་བྱ་བ་ཡན་ལག་ཅན་གྱི་རྫས་རྩོམ་པར་བྱེད་པ་མ་ཡིན་པས་དཔེ་མ་གྲུབ་པ་མ་ཡིན་ནོ། །ཡང་ན་གླང་པོ་ཆེ་དག་ལ་ཡོངས་སུ་རྫོགས་པ་དེའི་ཡན་ལག་གང་ཡིན་པ་དེ་ནི་ཤིང་རྟ་དང་རྟ་ལ་སོགས་པ་དག་རྩོམ་པར་

བྱེད་པ་མ་ཡིན་ཏེ། དེ་ལ་མེད་པའི་ཕྱིར་དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་པས་དཔེ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་གཞན་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ།

དཔེར་ན་རྒྱུ་སྤུན་ལ་སོགས་པ་ནི་ཤིང་རྟ་དང་རྟ་ལ་སོགས་པ་དག་ལ་མེད་པའི་ཕྱིར་དེ་དག་ཤིང་རྟ་དང་རྟ་ལ་སོགས་པ་དག་རྩོམ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ། གླང་པོ་ཆེ་དག་ལ་ཡོངས་སུ་རྫོགས་པར་ཡོད་པ་གླང་པོ་ཆེའི་ཡན་ལག་སྣ་དང་མཆེ་བ་ལ་སོགས་པ་གང་དག་ཡིན་པ་དེ་དག་

ཀྱང་ཤིང་རྟ་དང་རྟ་ལ་སོགས་པ་དེ་དག་ལ་མེད་པའི་ཕྱིར་ཤིང་རྟ་དང་རྟ་ལ་སོགས་པ་དག་རྩོམ་པར་བྱེད་པ་མ་ཡིན་པས་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ། །དེ་བཞིན་དུ། གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་རུང་ངོ་། །ཞེས་བྱ་བ་འདི་ལ་ཡང་སྔ་མ་བཞིན་དུ་

བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དག་ཉེ་བར་སྦྱར་ནས་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་སྔར། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །ཞེས་བྱ་བས་རྒྱུར་བྱས་པའི་གཟུགས་བརྟག་པའི་སྐབས་སུ་དེ་ལྟར་

Vol. 100 · folio 44b

ན་འདིས་གཟུགས་ཀྱི་བསྒྲུབ་པར་བྱ་བ་ཆོས་ས་ལ་སོགས་པ་འདུས་པ་ཙམ་ཉིད་དང་། གཟུགས་ཀྱི་སྒྲུབ་པའི་ཆོས་རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པར་བསྟན་ཏོ། །དཔེ་ནི་དེའི་དབང་གིས་ཏེ་དམག་དང་ནགས་ཚལ་ལ་སོགས་པ་དག་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་

གཟུགས་རྫས་སུ་ཡོད་པ་མ་ཡིན་ཏེ། རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པའི་ཕྱིར་རོ། །འདི་ན་གང་རང་གི་རྒྱུ་མ་བཟུང་ན་དེའི་བློ་མེད་པ་དེ་ནི་རྫས་སུ་ཡོད་པ་མ་ཡིན་ཏེ་དཔེར་ན་དམག་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་གཟུགས་ཀྱང་རང་གི་རྒྱུ་ས་ལ་སོགས་པ་དག་མ་བཟུང་ན་གཟུགས་ཀྱི་བློ་

མེད་པས་རྫས་སུ་ཡོད་པ་མ་ཡིན་ནོ། །ཡང་ན་སྦྱོར་བའི་ལམ་གཞན་ཡང་ཡོད་དེ་དོན་དམ་པར་གཟུགས་ཀྱི་བློ་ནི་དངོས་པོ་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། བློ་ཡིན་པའི་ཕྱིར་དཔེར་ན་ནགས་ཚལ་ལ་སོགས་པའི་བློ་བཞིན་ནོ། །ཡང་ན་སྦྱོར་བའི་ལམ་གཞན་ཡང་ཡོད་དེ་

དོན་དམ་པར་གཟུགས་ཞེས་བྱ་བའི་སྒྲ་ནི་ཚིག་གི་དོན་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་དཔེར་ན་དམག་ལ་སོགས་པའི་སྒྲ་བཞིན་ནོ། །རྣམ་པར་ཤེས་པ་དང་སེམས་ལས་བྱུང་བ་དག་ཀྱང་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་དེ་བཞིན་དུ་

དགག་པར་བྱ་བ་ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་དག་ཉེ་བར་སྦྱར་ནས་རྗེས་སུ་དཔག་པ་རྒྱས་པར་བརྗོད་པ་དེ་བཞིན་དུ་འདིར། གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བྱ་བས་འབྱུང་བའི་

གཟུགས་བརྟག་པའི་སྐབས་སུ་དེ་ལྟར་ན་འདིས་འབྱུང་བའི་གཟུགས་ཀྱི་བསྒྲུབ་པར་བྱ་བ་ཆོས་གཟུགས་ལ་སོགས་པ་འདུས་པ་ཙམ་ཉིད་དང་འབྱུང་བའི་གཟུགས་ཀྱི་སྒྲུབ་པའི་ཆོས་གཟུགས་ལ་སོགས་པ་མི་སྣང་ན་ས་ལ་སོགས་པ་དེ་དག་ཀྱང་མི་སྣང་བར་བསྟན་ཏོ། །དཔེ་ནི་དེའི་དབང་གིས་ཏེ།

དམག་དང་ནགས་ཚལ་ལ་སོགས་པ་དག་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ས་ནི་རྫས་སུ་ཡོད་པ་མ་ཡིན་པར་ཤེས་པར་བྱ་སྟེ། དེའི་རྒྱུ་མི་སྣང་ན་དེ་མི་སྣང་བའི་ཕྱིར་རོ། །གང་རྒྱུ་མི་སྣང་ན་དེ་མི་སྣང་བ་དེ་ནི་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་དམག་ལ་

Vol. 100 · folio 45a

སོགས་པ་བཞིན་ནོ། །དེ་བཞིན་དུ་ས་ཡང་རང་གི་རྒྱུ་ཁ་དོག་དང་དབྱིབས་ལ་སོགས་པ་དག་མ་བཟུང་ན་སའི་བློ་མེད་པས་རྫས་སུ་ཡོད་པ་མ་ཡིན་ནོ། །ཡང་ན་སྦྱོར་བའི་ལམ་གཞན་ཡང་ཡོད་དེ། དོན་དམ་པར་སའི་བློ་ནི་དངོས་པོ་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་

ཏེ། བློ་ཡིན་པའི་ཕྱིར་དཔེར་ན་ནགས་ཚལ་ལ་སོགས་པའི་བློ་བཞིན་ནོ། །ཡང་ན་སྦྱོར་བའི་ལམ་གཞན་ཡང་ཡོད་དེ་དོན་དམ་པར་ས་ཞེས་བྱ་བའི་སྒྲ་དེ་ནི་ཚིག་གི་དོན་རྫས་སུ་ཡོད་པའི་ཡུལ་ཅན་མ་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་དཔེར་ན་དམག་ལ་སོགས་པའི་སྒྲ་བཞིན་ནོ། །རྣམ་པར་ཤེས་པ་

དང་སེམས་ལས་བྱུང་བ་དག་ཀྱང་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་དེ་བཞིན་དུ་དགག་པར་བྱ་བ་ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་དག་ཉེ་བར་སྦྱར་ནས་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱ་བ་ཡིན་ནོ། །ཅི་ལྟར་གཟུགས་

ལ་སོགས་པ་དག་ལས་གཞན་མ་ཡིན་པ་དེ་བཞིན་དུ་ས་ལ་སོགས་པ་དག་གཟུགས་ལས་གཞན་མ་ཡིན་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་ཅི་ལྟར་རྒྱུར་བྱས་པའི་གཟུགས་ས་ལ་སོགས་པ་དག་ལས་གཞན་མ་ཡིན་ནོ་ཞེས་མེད་པར་དགག་པའི་ཚུལ་ཡོངས་སུ་བཟུང་སྟེ་བཤད་པས་ས་ལ་སོགས་པ་

དག་རྒྱུར་བྱས་པའི་གཟུགས་ལ་སོགས་པ་དག་དང་གཅིག་པ་ཉིད་ཡིན་ནོ་ཞེས་མ་ཡིན་པར་དགག་པའི་ཚུལ་དུ་མ་བསྟན་པ་དེ་བཞིན་དུ་ས་ལ་སོགས་པ་དང་རྒྱུར་བྱས་པའི་གཟུགས་ལས་གཞན་མ་ཡིན་ནོ་ཞེས་མེད་པར་དགག་པའི་ཚུལ་ཡོངས་སུ་བཟུང་སྟེ་བཤད་པས་ས་ལ་སོགས་པ་དག་རྒྱུར་

བྱས་པའི་གཟུགས་དང་གཅིག་པ་ཉིད་ཡིན་ནོ་ཞེས་མ་ཡིན་པར་དགག་པའི་ཚུལ་དུ་བསྟན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་གཞན་མ་ཡིན་པར་བཤད་པས་གཅིག་པ་ཉིད་དུ་བསྟན་པ་ཡིན་ཞེ་ན། དེའི་ཕྱིར་འོག་ནས་གཞན་མ་ཡིན་པ་ཉིད་ཀྱང་འགོག་པའི་ཕྱིར་དང་ཞེས་བྱ་བ་

སྨྲས་ཏེ། འོག་ནས་ཕྲད་པ་བརྟག་པའི་རབ་ཏུ་བྱེད་པའི་སྐབས་ནས་གཅིག་པ་ཉིད་ཀྱང་འགོག་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་གཞན་མ་ཡིན་པར་བཤད་པས་གཅིག་པ་ཉིད་ཡིན་པར་གྱུར་ན་ཅི་ཉེས་ཤེ་ན། དེའི་ཕྱིར་གཞན་མ་ཡིན་པ་ཉིད་ཀྱིས་འོ་མ་ཡང་ཞོ་ཉིད་དུ་འགྱུར་བ་འམ་ཞོ་ཡང་འོ་མ་

Vol. 100 · folio 45b

ཉིད་དུ་འགྱུར་ན་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གཅིག་པ་ཉིད་དུ་འདོན་ན་འོ་མ་ཡང་ཞོ་དང་གཅིག་པ་ཉིད་དང་ཞོ་ཡང་འོ་མ་དང་གཅིག་པ་ཉིད་དུ་འགྱུར་བའི་སྐྱོན་དུ་གྱུར་ན་མི་རུང་བའི་ཕྱིར་ཏེ། དེ་ལྟར་ན་མི་འདོད་པས་དེའི་ཕྱིར་གཞན་མ་ཡིན་པ་བཀག་པས་གཅིག་པ་ཉིད་དུ་བསྒྲུབས་པ་མ་

ཡིན་ནོ། །དེ་ལྟར་གཞན་པ་ཉིད་ཀྱང་མ་ཡིན་ལ་གཅིག་པ་ཉིད་ཀྱང་མ་ཡིན་པ་དེ་ཉིད་ཀྱིས་ཅི་གྲུབ་ཅེ་ན། དེའི་ཕྱིར། གཅིག་པ་ཉིད་དང་གཞན་ཉིད་དུ། །ཅི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་པོ་གཞན་མ་ཡིན་པ་དང་། །ཚོགས་ལས་གཞན་པ་གང་ནའང་མེད། །ཅེས་གསུངས་

པ་དེ་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་དེ་སྐད་ཅེས་གསུངས་པ་དེ་གྲུབ་པ་ཡིན་ཏེ། ཅི་ལྟར་བྱིས་པ་གྲངས་ཅན་དག་གིས་གཅིག་པ་ཉིད་དུ་རྣམ་པར་བརྟགས་པ་དང་། བྱིས་པ་བྱེ་བྲག་པ་དག་གིས་གཞན་པ་ཉིད་དུ་རྣམ་པར་བརྟགས་པ་དེ་ལྟར་

དངོས་པོ་གཅིག་པ་ཉིད་ཀྱང་མེད་ལ་རྒྱུ་རྐྱེན་ཚོགས་པ་ལས་ལོགས་ཤིག་ན་རྫས་སུ་གྲུབ་པ་གཞན་ཡང་རང་དང་གཞན་གྱི་གྲུབ་པའི་མཐའ་གང་ན་ཡང་མེད་དོ་ཞེས་གསུངས་པ་དེ་གྲུབ་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་སྐྱེ་མཆེད་རྣམས་རབ་ཏུ་བསྒྲུབ་པའི་ཕྱིར་གཏན་ཚིགས་ཕུང་པོས་བསྡུས་པའི་ཕྱིར་རོ་ཞེས་

སྨྲས་པའི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བྱ་

བའི་རིགས་པས་ཅི་ལྟར་བརྟགས་པ་དེའི་ཕྱིར་ནི་སྔར་རང་གི་སྡེ་པ་དག་ན་རེ། དོན་དམ་པར་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ཏེ་ཕུང་པོས་བསྡུས་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་ཕུང་པོས་མ་བསྡུས་ཏེ་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ནང་

གི་སྐྱེ་མཆེད་རྣམས་ལ་ནི་ཕུང་པོས་བསྡུས་པ་ཡོད་དེ་འདི་ལྟ་སྟེ། གཟུགས་ཅན་བཅུ་ནི་གཟུགས་ཀྱི་ཕུང་པོས་བསྡུས་ལ། ཆོས་ཀྱི་སྐྱེ་མཆེད་ནི་ཕུང་པོ་གསུམ་དང་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས། ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོས་བསྡུས་སོ། །དེའི་

Vol. 100 · folio 46a

གཏན་ཚིགས་ཇི་སྐད་སྨོས་པས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བའི་གཏན་ཚིགས་དེ་དོན་དམ་པར་སྒྲུབ་ན་ནི་དོན་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་སྒྲུབ་ན་ནི་དོན་འགལ་བ་ཉིད་ཡིན་ནོ། །གཟུགས་ཀྱི་རྒྱུ་མ་གཏོགས་པར་ཡང་

གཟུགས་ཡོད་དོ་ཞེས་ཤེས་པར་བྱར་མི་ནུས་ཏེ་ཞེས་བྱ་བ་ནི། རྒྱུར་བྱས་པའི་གཟུགས་ཀྱི་སྐྱེད་པའི་རྒྱུ་ས་ལ་སོགས་པ་དག་མེད་པས་རྒྱུར་བྱས་པའི་གཟུགས་ཀྱང་མེད་དེ། དོན་དམ་པར་རྒྱུར་བྱས་པ་ནི་གཟུགས་ཡོད་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཀྱང་

རྣམ་པར་རྟོག་ན་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་མེད་པར་ཡང་གཟུགས་ཡོད་པར་རྣམ་པར་རྟོག་ནའོ། །དེ་ལྟར་རྟོག་ན་དེ་ཡང་མི་རུང་སྟེ་འདིར་བསྟན་བཅོས་མཛད་པས་དེ་བསལ་བའི་ཕྱིར། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་

འགྱུར་ཏེ་ཞེས་བྱ་བ་གསུངས་སོ། །གཟུགས་ཀྱི་རྒྱུ་ཞེས་བྱ་བ་ནི་གཟུགས་ཀྱི་ཡོད་པ་ཉིད་ཀྱི་རྒྱུ་སྟེ། བར་གྱི་ཚིག་མི་མངོན་པའི་ཕྱིར་མེའི་རྒྱུ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་མེའི་རྒྱུ་ཞེས་བྱ་བ་ནི་མེ་ཉིད་མེའི་རྒྱུ་མ་ཡིན་གྱི་མེའི་ཡོད་པ་ཉིད་ཀྱི་རྒྱུ་བུད་ཤིང་ལ་སོགས་པ་གཞན་ཡིན་པ་ལས་ཡོད་པ་ཉིད་ཀྱི་ཞེས་

བྱ་བའི་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་མེའི་རྒྱུ་ཞེས་བརྗོད་པ་བཞིན་དུ་གཟུགས་ཀྱི་རྒྱུ་ཞེས་བྱ་བ་ཡང་གཟུགས་ཉིད་གཟུགས་ཀྱི་རྒྱུ་མ་ཡིན་གྱི་གཟུགས་ཀྱི་ཡོད་པ་ཉིད་ཀྱི་རྒྱུ་ས་ལ་སོགས་པ་གཞན་ཡིན་པ་ལས། ཡོད་པ་ཉིད་ཀྱི་ཞེས་བྱ་བའི་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་

གཟུགས་ཀྱི་རྒྱུ་ཞེས་བརྗོད་དོ། །དེ་མ་གཏོགས་པར་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་མ་གཏོགས་པར་ཏེ། གཟུགས་ཡོད་པ་ཉིད་དུ་སྟོན་པའི་རྒྱུ་མེད་པར་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་རྒྱུ་གང་གིས་གཟུགས་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པ་དེ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ན་ཞེས་བྱ་བ་ནི་

དམ་བཅས་པ་ཙམ་ལས་རྣམ་པ་དེ་ལྟ་བུ་དེ་འདོད་ནའོ་ཞེས་བྱ་བ་ནི་རྒྱུ་མེད་པར་དམ་བཅས་པ་ཙམ་ལས་གཟུགས་རྣམ་པ་དེ་ལྟ་བུ་དེ་ཡོད་པར་འདོད་ནའོ། །གཟུགས་ནི་རྒྱུ་མེད་པར། ཐལ་བར་འགྱུར་ཏེ་ཞེས་བྱ་བ་ནི་འཐད་པ་མེད་པར་ཞེས་པའི་ཐ་ཚིག་གོ། །གལ་ཏེ་གཟུགས་ཀྱི་རྒྱུ་མ་གཏོགས་

Vol. 100 · folio 46b

པར་གཟུགས་ཡོད་པ་ཉིད་དུ་འདོད་ན་གཟུགས་འཐད་པའི་རྒྱུ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་མི་འདོད་པས་ཞེས་བྱ་བ་ནི་རྒྱུ་མེད་པར་སྨྲ་བར་འགྱུར་བ་དེ་ཡང་མི་འདོད་པས་ཏེ་འདི་ལྟར་སངས་རྒྱས་པ་དག་ཀྱང་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་མི་འདོད་ལ། འཇིག་རྟེན་པ་

དག་ཀྱང་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་མི་འདོད་པའི་ཕྱིར་རོ། །ཅི་སྐད་སྨྲས་པའི་སྐྱོན་ལྡོག་པ་མེད་དོ་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་ཡོད་པ་ཉིད་དུ་སྒྲུབ་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ་འགལ་བ་ཉིད་གང་ཡིན་པ་དེ་དེ་བཞིན་དུ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་མེད་པར་སྨྲ་བ་གང་

དག་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་ཁས་བླངས་པའི་ཕྱིར། གཟུགས་འགྲུབ་པ་ཡང་དེ་དག་དང་འདྲའོ་ཞེས་ཟེར་ན་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་གང་དག་རྒྱུ་མེད་པར་སྨྲ་བ་དག་འདི་སྐད་ཅེས་ཁོ་བོ་ཅག་ལ་ནི་ཁས་བླངས་པ་ལ་གནོད་པ་མེད་དོ། འདི་ལྟར་ཁོ་བོ་ཅག་

གིས་ནི་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེས་པར་ཁས་བླངས་པའི་ཕྱིར་གཟུགས་རྒྱུ་མེད་པ་ལས་སྐྱེ་བར་འགྲུབ་པ་ཡང་དངོས་པོ་གཞན་དག་རྒྱུ་མེད་པ་ལས་སྐྱེ་བར་འགྲུབ་པ་དེ་དག་དང་འདྲ་བས་ཁོ་བོ་ཅག་གི་ཕྱོགས་ལ་ནི་ཁྱེད་ཀྱིས་ཅི་སྐད་སྨྲས་པའི་སྐྱོན་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་

སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལ་བཤད་པ། གལ་ཏེ་འགའ་ཞིག་ཅི་སྐད་སྨྲས་པའི་རྣམ་པ་ལྟ་བུར་གྱུར་ན་ནི་དེ་ཡང་། རུང་བ་ཞིག་ན་དོན་གང་ཡང་། །རྒྱུ་མེད་པ་ནི་གང་ནའང་མེད། །དེས་ན་དཔེ་མེད་པའི་ཕྱིར་སྨྲ་བ་དེ་ཡང་གྲུབ་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་

སྐད་ཅེས་ཟེར་བ་དེ་ལ་འདི་སྐད་ཅེས་བཤད་པར་བྱ་སྟེ། གལ་ཏེ་ཁྱེད་ན་རེ་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་ཁས་བླངས་པའི་ཕྱིར་གཟུགས་འགྲུབ་པ་ཡང་དེ་དག་དང་འདྲའོ་ཞེས་ཟེར་བའི་དཔེ་དངོས་པོ་འགའ་ཞིག་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་ཅི་སྐད་སྨྲས་པའི་རྣམ་པ་དེ་ལྟ་བུར་གྱུར་ན་ནི་

གཟུགས་རྒྱུ་མེད་པ་ལས་སྐྱེ་བར་འགྲུབ་པ་དེ་ཡང་རུང་བ་ཞིག་ན་ཁྱེད་ཀྱིས་དཔེར་བྱ་བའི་དངོས་པོ་ཕྱི་དང་ནང་གི་དོན་གང་ཡང་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བ་ནི་རང་དང་གཞན་གྱི་གྲུབ་པའི་མཐའ་དང་མཐོ་རིས་དང་སའི་སྟེང་གང་ན་ཡང་མེད་པའི་ཕྱིར་རྒྱུ་མེད་པར་སྨྲ་བ་དེ་ལ་ཡང་གྲུབ་པ་མེད་དོ། །ཁོ་བོས་དང་པོ་ཉིད་

Vol. 100 · folio 47a

དུ་ཡང་རྒྱུ་མེད་པར་སྨྲ་བ་དག་བསལ་ཟིན་པས་དེ་ནི་དངོས་པོ་མ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་རྒྱུ་མེད་པར་སྨྲ་བའི་ཕྱོགས་དག་གཅིག་ཡོད་དུ་ཟིན་ན་ནི་དེས་ན་ཁོ་བོས་འདིར་དེ་དག་དགག་པར་ཡང་བྱ་དགོས་པ་ཞིག་ན་ཁོ་བོས་རྐྱེན་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ། བདག་ལས་མ་ཡིན་

གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བས་དང་པོ་ཉིད་དུ་ཡང་རྒྱུ་མེད་པར་སྨྲ་བ་དག་བསལ་ཟིན་པས་འདིར་རྒྱུ་མེད་པར་སྨྲ་བའི་ཕྱོགས་དག་ནམ་མཁའི་མེ་ཏོག་བཞིན་དུ་ཡོད་པ་མ་ཡིན་པས་དེས་ན་ཁོ་བོས་

འདིར་རྒྱུ་མེད་པར་སྨྲ་བའི་ཕྱོགས་མེད་པ་དེ་དག་ཡང་དགག་མི་དགོས་པས་དེའི་ཕྱིར་འདིར་རྒྱུ་མེད་པར་སྨྲ་བའི་ཕྱོགས་ལས་གླེངས་ཏེ་སྨྲ་བ་དེ་ནི་དོན་པོ་མ་ཡིན་ནོ། །གང་དག་གྲངས་ཅན་གྱི་ཚུལ་ལ་མཁས་སུ་རེ་བས་འདི་སྐད་ཅེས་ཁྱོད་ཀྱིས་ས་ལ་སོགས་པ་དག་གཟུགས་ལ་སོགས་པ་དག་ལས་གཞན་

མ་ཡིན་ནོ་ཞེས་སྨྲས་པས། དེ་དག་གཞན་མ་ཡིན་པ་ཉིད་དུ་ཁས་བླངས་པ་ཡིན་པས་དེས་ན་དོན་དམ་པར་ས་ལ་སོགས་པ་དག་རྫས་སུ་ཡོད་པར་ཤེས་པར་བྱར་ནུས་ཏེ། གཟུགས་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་པའི་ཕྱིར་དཔེར་ན་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་

ཞེས་ཟེར་ན་ཞེས་བྱ་བ་ནི་གྲངས་ཅན་གྱི་གཞུང་འཛིན་པ་གང་དག་གྲངས་ཅན་གྱི་གྲུབ་པའི་མཐའ་ལས་སྙིང་སྟོབས་དང་རྡུལ་དང་། མུན་པའི་རང་བཞིན་ནི་རྟག་པ་དང་ཐམས་ཅད་དུ་སོང་བའི་ཕྱིར་དངོས་པོ་ཐམས་ཅད་གཅིག་པ་ཉིད་ཡིན་ནོ་ཞེས་འབྱུང་བའི་ཚུལ་ལ་མཁས་སུ་རེ་བས་དེ་དག་དབུ་མ་པ་ལ་འདི་སྐད་ཅེས་དབུ་

མ་པ་ཁྱོད་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་པོ་དག་ཀྱང་འདོད་པ་གཟུགས་ལ་སོགས་པ་རྒྱུར་བྱས་པའི་གཟུགས་དག་ཀྱང་འདོད་ཅིང་། ཁྱོད་ཀྱིས་ས་ལ་སོགས་པ་དག་ལས་གཞན་མ་ཡིན་ནོ་ཞེས་ཀྱང་སྨྲས་པས། དེས་ན་དོན་གྱིས་གོ་བ་ལས་ས་ལ་སོགས་པ་དེ་དག་གཟུགས་ལ་སོགས་པ་དག་ལས་གཞན་

མ་ཡིན་པ་གཅིག་པ་ཉིད་དུ་ཁས་བླངས་པ་ཡིན་པས་དེས་ན་དོན་དམ་པར་ས་ལ་སོགས་པ་དག་རྫས་སུ་ཡོད་པར་ཤེས་པར་བྱར་ནུས་ཏེ། གཟུགས་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་པའི་ཕྱིར་དཔེར་ན་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་ཟེར་བ་ཡིན་ཏེ། དེ་དག་གི་སྒྲུབ་པ་དེ་

Vol. 100 · folio 47b

དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ལ་སོགས་པའི་རང་གི་བདག་ཉིད་ནི་གཟུགས་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་པའི་ཕྱིར་དོན་དམ་པར་རྫས་སུ་ཡོད་པར་ཤེས་པར་བྱར་ནུས་པ་དེ་

བཞིན་དུ་ས་ལ་སོགས་པ་དག་ཀྱང་གཟུགས་ལ་སོགས་པ་དག་ལས་གཞན་ཉིད་མ་ཡིན་པའི་ཕྱིར་དོན་དམ་པར་རྫས་སུ་ཡོད་པར་ཤེས་པར་བྱར་ནུས་སོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཅི་སྐད་བསྟན་པའི་ཚུལ་གྱིས་གཞན་མ་ཡིན་པ་ཉིད་མ་གྲུབ་པའི་ཕྱིར་གཏན་

ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ། །དཔེ་ཡང་མེད་དེ་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བསལ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་སྔར་ཅི་ལྟར་གཟུགས་ས་ལ་སོགས་པ་དག་ལས་གཞན་མ་ཡིན་པ་དེ་བཞིན་དུ་ས་ལ་སོགས་པ་དག་གཟུགས་ལས་གཞན་མ་ཡིན་པ་དག་མ་ཡིན་ཏེ། འོག་

ནས་གཞན་མ་ཡིན་པ་ཉིད་ཀྱང་འགོག་པའི་ཕྱིར་དང་། གཞན་མ་ཡིན་པ་ཉིད་ཀྱིས་འོ་མ་ཡང་ཞོ་ཉིད་དུ་འགྱུར་བའམ། ཞོ་ཡང་འོ་མ་ཉིད་དུ་འགྱུར་ན་ནི་རུང་བའི་ཕྱིར་རོ། །དེའི་ཕྱིར། གཅིག་པ་ཉིད་དང་གཞན་ཉིད་དུ། །ཅི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་པོ་གཞན་པ་མ་ཡིན་དང་། །

ཚོགས་ལས་གཞན་པ་གང་ནའང་མེད། །ཅེས་གསུངས་པ་དེ་གྲུབ་པ་ཡིན་ནོ་ཞེས་ཇི་སྐད་བསྟན་པའི་ཚུལ་གྱིས་གཅིག་པ་ཉིད་དང་གཞན་པ་ཉིད་བཀག་པས་གྲངས་ཅན་གྱི་གཞན་པ་ཉིད་མ་གྲུབ་པའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་ཡིན་ནོ། །ཁྱོད་ཀྱི་དཔེ་ཡང་མེད་དེ་

དོན་དམ་པར་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བསལ་བའི་ཕྱིར། ཁོ་བོ་ལ་གཟུགས་ལ་སོགས་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བའི་དཔེ་མ་གྲུབ་པས་ཁྱོད་ལ་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡང་ཡོད་དོ། །གཞན་དག་ན་རེ་དོན་དམ་པར་ས་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། དེ་

དག་གི་འབྲས་བུ་ཡོད་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ལ་ནི་འབྲས་བུ་གཟུང་དུ་མེད་དེ་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ས་ལ་སོགས་པ་དག་ལ་ནི་འབྲས་བུ་གཟུགས་ལ་སོགས་པ་དག་ཡོད་པས་དེའི་ཕྱིར། ས་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འདི་ཕ་རོལ་པོ་དག་

Vol. 100 · folio 48a

འབྲས་བུ་གཟུགས་ལ་སོགས་པ་དག་ཡོད་པའི་སྒོ་ནས་རྒྱུ་ས་ལ་སོགས་པ་དག་ཡོད་པར་སྒྲུབ་པ་ཡིན་ཏེ། དེ་དག་གི་སྦྱོར་བའི་ཚིག་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་

བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །

ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཁོ་བོའི་ཕྱོགས་ལ་གལ་ཏེ་གཟུགས་མ་གཏོགས་པར་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་ཞིག་ཡོད་ན་ནི་དེས་ན་འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། འབྲས་བུ་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས་འབྲས་བུ་མེད་པའི་རྒྱུར་འགྱུར་བའི་ཕྱིར་རོ། །གཞན་ཡིན་པའི་

ཕྱིར་རྩི་རྐྱང་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་ཁོ་བོ་ཅག་དབུ་མ་པའི་ཕྱོགས་ལ་དོན་དམ་པར་འབྱུང་བ་ལས་གྱུར་པའི་གཟུགས་ནི་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པས། གལ་ཏེ་ཁྱེད་གཟུགས་མ་གཏོགས་པར་དོན་དམ་པར་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དག་ཡོད་པར་འདོད་ན། དེ་ལྟ་ན་གཟུགས་ཀྱི་རྒྱུ་

ས་ལ་སོགས་པ་དེ་དག་གཟུགས་ལས་ཐ་དད་པར་གཞན་དུ་གྱུར་པ་ཡིན་པར་ཁས་བླངས་པ་དེས་ན་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དེ་དག་འབྲས་བུ་མེད་པ་ཅན་དུ་འགྱུར་ཏེ། འབྲས་བུ་གཟུགས་དང་སྒྲ་ལ་སོགས་པའི་མཚན་ཉིད་འབྱུང་བ་ལས་གྱུར་པ་དག་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ལ། གཟུགས་

ཀྱི་རྒྱུ་ས་ལ་སོགས་པ་འབྱུང་བ་དག་ནི་དོན་དམ་པར་ཡོད་པར་འདོད་པའི་ཕྱིར་རོ། །འོན་ཏེ་འབྲས་བུ་གཟུགས་ལ་སོགས་པ་དག་ནི་ཀུན་རྫོབ་ཏུ་ཡོད་ལ། རྒྱུ་ས་ལ་སོགས་པ་དག་ནི་དོན་དམ་པར་ཡོད་པར་འདོད་ན། དེ་ལྟ་ན་ཡང་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་དཔེར་

ན་རྩི་རྐྱང་ལ་སོགས་པ་ནི་གཟུགས་ལས་གཞན་ཡིན་པའི་ཕྱིར། གཟུགས་ཀྱི་རྒྱུ་མ་ཡིན་པ་དེ་བཞིན་དུ་ས་ལ་སོགས་པ་དག་ཀྱང་དོན་དམ་པ་ཡིན་ན། གཟུགས་ཀུན་རྫོབ་པ་ལས་གཞན་ཡིན་པའི་ཕྱིར་གཟུགས་ཀྱི་རྒྱུ་མ་ཡིན་ནོ། །འབྲས་བུ་མེད་པར་རྒྱུ་ཡོད་པ་ནི་མ་མཐོང་སྟེ། དེའི་ཕྱིར།

Vol. 100 · folio 48b

འབྲས་བུ་མེད་པའི་རྒྱུ་མེད་དོ་ཞེས་བྱ་བ་ནི། དེ་ཡང་གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ས་ལ་སོགས་པའི་རྒྱུ་དེ་ཡང་གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་པར་དགོངས་སོ། །དེའི་

ཕྱིར་རྒྱུ་བཞིན་དུ་འབྲས་བུ་ཡང་མ་གྲུབ་པའི་ཕྱིར། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་སྔར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་རྒྱུ་ས་ལ་སོགས་པ་དེ་ཡང་གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར། དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་པར་

དགོངས་པ་དེའི་ཕྱིར་རྒྱུ་ས་ལ་སོགས་པ་ཡང་མ་གྲུབ་ལ་འབྲས་བུ་གཟུགས་ལ་སོགས་པ་ཡང་དོན་དམ་པར་མ་གྲུབ་པའི་ཕྱིར་སྔར་གཞན་དག་ན་རེ་དོན་དམ་པར་ས་ལ་སོགས་པ་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་དེ་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་

ཀྱི་སྐྱོན་ཡོད་པ་ཡིན་ནོ། །ཕྱིར་གྲགས་པ་གཏན་ཚིགས་ཉིད་དུ་བརྗོད་ན་ནི་དོན་འགལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་གཏན་ཚིགས་ཀྱི་དོན་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་པ་དེ་སྤང་བའི་ཕྱིར་དབུ་མ་པ་དང་ཕ་རོལ་པོ་རང་ལ་ཡང་ཀུན་རྫོབ་ཏུ་ས་ལ་སོགས་པ་དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་

གྲགས་པ་གཏན་ཚིགས་ཉིད་དུ་བརྗོད་ན་ནི་ཁྱེད་དོན་དམ་པར་སྒྲུབ་པ་དང་དོན་འགལ་བ་ཉིད་ཡིན་ཏེ། ཁྱེད་ཀྱི་གཏན་ཚིགས་དེ་རྣམ་པ་དེ་དག་གིས་སུན་ཕྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །སུན་དབྱུང་བའི་ལན་གཞན་ཡང་ཡོད་དེ། འདི་ལ་གཟུགས་ཀྱི་རྒྱུ་ཞིག་བརྟག་ན་གཟུགས་ཡོད་པ་འམ་མེད་པ་ལ་བརྟག་

གྲང་ན། གཉི་ག་ལ་ཡང་མི་འཐད་པར་བཤད་པ་ཞེས་བྱ་བས་ནི། གཟུགས་ཀྱི་རྒྱུ་མི་འཐད་པར་སུན་དབྱུང་བའི་ལན་གཞན་སྟོན་ཏོ། །འདི་ལ་ཞེས་བྱ་བ་ནི་དོན་དམ་པར་རོ། །དོན་དམ་པར་རྒྱུར་བྱས་པའི་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་འབྱུང་བ་དག་ཡོད་པར་བརྟག་ན། གཟུགས་ཡོད་པའམ་

མེད་པ་ལ་རྒྱུ་ལ་སོགས་པ་ལ་དོན་དམ་པར་ཡོད་པར་བརྟག་གྲང་ན། ཕྱོགས་གཉི་ག་ཡང་མི་འཐད་པར་བཤད་པ་སྟོན་ཏོ། །གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ཡོད་པའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་ཡོད་པ་བཞིན་ནོ་ཞེས་བྱ་བས་ནི། གཟུགས་

Vol. 100 · folio 49a

ཡོད་པ་ལ་གཟུགས་ཀྱི་རྒྱུ་མི་འཐད་པ་ཉིད་བསྟན་ཏེ། གཟུགས་ཡོད་པའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་ཡོད་པ་ལ་དེའི་རྒྱུ་མི་འཐད་པ་བཞིན་ནོ། །ཅི་སྟེ་མེད་ན་ཡང་། གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ས་ལ་སོགས་པ་

འདོད་པ་སྟེ། །སྐྱེ་བའི་སྔོན་རོལ་ན་མེད་པའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་གཟུགས་མེད་པ་ལ་ཡང་གཟུགས་ཀྱི་རྒྱུ་མི་འཐད་པ་ཉིད་བསྟན་ཏེ། རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ཅེས་བྱ་བའི་ཚིག་གི་དོན་ཅི་ཞེ་ན། ས་ལ་སོགས་པ་རྒྱུར་འདོད་པ་འཐད་པར་

མི་འགྱུར་བ་ཉིད་ཡིན་པ་སྟེ། ཅིའི་ཕྱིར་ཞེ་ན། གཟུགས་སྐྱེ་བའི་སྔོན་རོལ་མ་སྐྱེས་པའི་དུས་ན་གཟུགས་མེད་པའི་ཕྱིར། དཔེར་ན་གཟུགས་མེད་པ་དེ་ལས་གཞན་པ་ནམ་མཁའི་མེ་ཏོག་ལ་སོགས་པ་མེད་པ་དག་ལ་རྒྱུ་ཡོད་པར་མི་འཐད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །འདིར་སྐྱེ་བ་མེད་པའི་

རབ་ཏུ་བྱེད་པར་བསྟན་པའི་སུན་དབྱུང་བ་རྗེས་སུ་བཟླས་པས་སུན་དབྱུང་བར་བརྗོད་པར་རིག་པར་བྱའོ་ཞེས་བྱ་བ་ནི། གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །ཅེས་བཤད་པའི་

སྐབས་འདིར་སྔར་རྐྱེན་བརྟག་པའི་རབ་ཏུ་བྱེད་པར། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བསྟན་པའི་སུན་དབྱུང་བ་རྗེས་སུ་བཟླས་པས། མེད་དམ་ཡོད་པའི་གཟུགས་ལ་ཡང་། །རྒྱུ་ནི་འཐད་

པ་མ་ཡིན་ཏེ། །མེད་ན་གང་གི་རྒྱུར་ཡང་འགྱུར། །ཡོད་ན་རྒྱུ་ཡིས་ཅི་ཞིག་བྱ། །ཞེས་སུན་དབྱུང་བ་བརྗོད་པར་རིག་པར་བྱའོ། །རྒྱུ་མེད་པར་སྨྲ་བ་དག་རྒྱུ་མེད་པ་ཁོ་ནའོ་ཞེས་ཟེར་བས་དེ་དག་གི་ཕྱིར་བཤད་པ། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མ་ཡིན། །ཀུན་རྫོབ་

ཏུ་ཡང་དེ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་རྒྱུ་མེད་པར་སྨྲ་བ་དག་ན་རེ་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བས། གཟུགས་ཀྱང་རྒྱུ་མེད་པ་ཁོ་ན་ལས་སྐྱེའོ་ཞེས་ཟེར་བས་དེ་དག་དགག་པའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་

Vol. 100 · folio 49b

ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདི་བཤད་པ་ཡིན་ཏེ། རྒྱུ་མེད་པ་ཅན་གྱི་ཕྱོགས་དེ་ནི་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ནས། དེ་ནི་ཐ་ཆད་ཁོ་ན་ཡིན་པའི་ཕྱིར་འཐད་པར་མི་རུང་བ་ཉིད་དེ་རུང་བ་མ་ཡིན་ནོ་ཞེས་ཡང་དང་ཡང་དུ་ངེས་པར་བཟུང་སྟེ་བཤད་དོ། །ཡང་ན་

བྱེ་བྲག་ཏུ་སྨྲ་བ་དག་མ་འོངས་པའི་གཟུགས་ཀྱང་ཡོད་དོ་ཞེས་ཟེར་བས་དེ་དག་གི་ཕྱིར་བཤད་པ། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མ་ཡིན། །མ་འོངས་པའི་སྐྱེ་བའི་རྒྱུ་མ་བླངས་པ་བདག་ཉིད་ཀྱི་དངོས་པོ་མ་ཐོབ་པ་ནི་ཐ་སྙད་དུ་ཡང་ཡོད་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་

སོ་ཞེས་ཟེར་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ཐམས་ཅད་ཡོད་པར་སྨྲ་བ་དག་ན་རེ་དངོས་པོ་ཐམས་ཅད་ནི་དུས་ཐམས་ཅད་དུ་ཡོད་པ་ཡིན་པས་མ་འོངས་པའི་གཟུགས་ཀྱང་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བས་དེའི་ཕྱིར་དེ་དག་ཀྱང་རྒྱུ་མེད་པར་སྨྲ་བ་དག་དང་མཚུངས་པ་དག་ཁོ་ན་ཡིན་པས་དེ་དག་དགག་པའི་ཕྱིར་ཡང་

སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པའི་ཕྱིར་གོང་མ་འདི་བཤད་པ་ཡིན་ཏེ། མ་འོངས་པའི་གཟུགས་གང་གིས་རང་གི་སྐྱེ་བའི་རྒྱུ་མ་བླངས་ཤིང་རང་གི་སྐྱེ་བའི་རྒྱུ་མ་བླངས་པའི་ཕྱིར་བདག་ཉིད་ཀྱི་དངོས་པོ་མ་ཐོབ་པ་དེ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་གཏན་མེད་པ་ཡིན་པས་ཡོད་པར་མི་འགྲུབ་པའི་

ཕྱིར་རོ་ཞེས་བྱ་བར་དགོངས་ནས། དེ་ཡང་ཐ་ཆད་ཁོ་ན་ཡིན་པའི་ཕྱིར་འཐད་པར་མི་རུང་བ་ཉིད་དེ་རུང་བ་མ་ཡིན་པ་ཉིད་དོ་ཞེས་ཡང་དང་ཡང་དུ་ངེས་པར་བཟུང་སྟེ་བཤད་དོ། །གང་གི་ཕྱིར་དེ་ལྟར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བདག་ཉིད་ཀྱི་གཟུགས་རྣམ་པ་ཐམས་ཅད་དུ་མི་འཐད་པ། དེ་ཕྱིར་གཟུགས་

ཀྱི་རྣམ་པར་རྟོག །འགའ་ཡང་རྣམ་པར་བརྟག་མི་བྱ། །ཞེས་བྱ་བ་ནི་གང་གི་ཕྱིར་གཟུགས་ཀྱི་རྒྱུ་མ་གཏོགས་པར་གཟུགས་དམིགས་པར་མི་འགྱུར་བ་དང་། གཟུགས་ཡོད་པ་དང་མེད་པ་ལ་ཡང་གཟུགས་ཀྱི་རྒྱུ་མི་འཐད་པ་དང་། རྒྱུ་མེད་པའི་གཟུགས་ནི་འཐད་པར་མི་རུང་བ་ཉིད་དེ། རུང་བ་མ་

ཡིན་པ་ཉིད་ཡིན་པ་དེའི་ཕྱིར་གཟུགས་ཀྱི་རྣམ་པར་རྟོག་པ་འགའ་ཡང་རྣམ་པར་བརྟག་པར་མི་བྱ་སྟེ། འདི་ལྟར་གནས་མེད་པ་ལ་བརྟག་པར་མི་རིགས་པའི་ཕྱིར་རོ། །གང་ཟག་ཅི་ལྟ་བུས་གཟུགས་ཀྱི་རྣམ་པར་བརྟག་པར་མི་བྱ་ཞེ་ན། དེ་ལ་རེ་ཞིག་གང་ཟག་ཅི་ལྟ་བུས་རྣམ་པར་བརྟག་པར་མི་བྱ་བ་

Vol. 100 · folio 50a

བསྟན་པའི་ཕྱིར་མཁས་པ་ཆོས་ཀྱི་དེ་ཁོ་ན་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བ་རྟོགས་པར་འདོད་པ་ཡང་དག་པའི་ཤེས་པའི་མིག་ཡང་དག་པར་བྱེ་བས་ཞེས་བྱ་བ་སྨྲས་ཏེ། བྱང་ཆུབ་སེམས་དཔའ་མཁས་པ་གང་ཆོས་ཀྱི་དེ་ཁོ་ན་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བ་རྟོགས་

པར་འདོད་པ་དམིགས་པ་མེད་པའི་དོན་ཡང་དག་པར་ཡུལ་ལ་དམིགས་པ་མེད་པའི་ཚུལ་གྱིས་ཤེས་པའི་མིག་ཡང་དག་པར་བྱེ་བས་རྣམ་པར་བརྟག་པར་མི་བྱའོ། །གཟུགས་ཀྱི་རྣམ་པར་རྟོག་པ་གང་དག་ལ་རྣམ་པར་བརྟག་པར་མི་བྱ་བ་བསྟན་པའི་ཕྱིར། གཟུགས་རྫས་སུ་ཡོད་པ་དང་། རྒྱུ་ལས་གཞན་

པ་དང་། རྒྱུ་ལས་གཞན་མ་ཡིན་པ་དང་། དེ་དག་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་དབྱེ་བ་ལ་སོགས་པ་ཡུལ་གྱི་རྣམ་པར་རྟོག་པ་མང་པོ་ཞེས་བྱ་བ་སྨྲས་སོ། །གཟུགས་ཀྱི་རྣམ་པར་རྟོག་པ་དེ་དག་ཀྱང་ཅི་ལྟ་བུ་ཡིན་པ་བསྟན་པའི་ཕྱིར། བུ་མ་བཙས་པའི་རྨི་ལམ་ན་བུའི་གཟུགས་དང་སྤྱོད་པ་ལ་སོགས་

པའི་ཡུལ་དག་མཐོང་ནས་སད་པ་ལྟ་བུ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་མོ་གཤམ་དམུས་ལོང་མ་བུ་བཙས་མ་མྱོང་བ་དང་ཁ་དོག་དང་དབྱིབས་དང་སྤྱོད་པ་ལ་སོགས་པའི་ཡུལ་མཐོང་མ་མྱོང་བའི་རྨི་ལམ་ན་རང་གི་བུ་བཙས་པ་དང་མིག་མཐོང་བ་རྨིས་ནས་རང་གི་བུ་ཁ་དོག་དང་དབྱིབས་མཐའ་ཡས་པའི་གཟུགས་

དང་ལྡན་པ་ལ་རྣམ་པར་བརྟགས་པ་དང་། སྤྱོད་པ་ལ་སོགས་པའི་ཡུལ་ལ་ལོངས་སྤྱོད་པ་མང་པོ་ལ་རྣམ་པར་བརྟགས་ནས་གཉིད་སད་པའི་དུས་ན་རང་གི་བུ་བཙས་པ་ཡང་མེད་མིག་གིས་མཐོང་བ་ཡང་མེད་རྣམ་པར་བརྟགས་པ་ཡང་མེད་པར་ཤེས་པ་དེ་བཞིན་དུ། བྱིས་པ་འཁོར་བ་ན་ཕྱིན་ཅི་ལོག་གིས་བསླད་

པའི་བློ་ལ་གཟུགས་རྫས་སུ་ཡོད་པ་དང་རྒྱུ་ལས་གཞན་པ་དང་། རྒྱུ་ལས་གཞན་མ་ཡིན་པ་ལ་སོགས་པའི་ཡུལ་གྱི་རྣམ་པར་རྟོག་པ་དག་མཐོང་བ་ལས་གང་གི་ཚེ་ཆོས་ཀྱི་དེ་ཁོ་ན་ཉིད་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བ་རྟོགས་ཤིང་ཡང་དག་པའི་ཤེས་པའི་མིག་ཡང་དག་པར་བྱེ་བས་མི་སྐྱེ་བའི་

ཆོས་ལ་བཟོད་པ་ཐོབ་པ་དེའི་ཚེ་ན་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་རང་བཞིན་མེད་པར་མཐོང་བས་དེ་ལྟ་བུའི་རྣམ་པར་རྟོག་པ་དག་ལ་རྣམ་པར་བརྟག་པར་མི་བྱ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་འཁོར་བའི་གཉིད་ལས་སད་པའི་ཕྱིར་འཁོར་བའི་གནས་སྐབས་ན་དམིགས་པའི་ཡུལ་ལ་དམིགས་པ་

Vol. 100 · folio 50b

མེད་པས་དེ་ལ་རྣམ་པར་བརྟག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་ལྟར་གཟུགས་ཀྱི་རྒྱུ་མི་འཐད་པའི་ཕྱིར་ཅི་སྐད་སྨྲས་པའི་སྐྱོན་དང་མ་བྲལ་ལོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། སྔར་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་སོ་ན་

གནས་པ་ཡིན་ནོ།། །།བམ་པོ་སུམ་ཅུ་གཉིས་པ། ཡང་གཞན་ཡང་འདི་ན་རྒྱུའི་ཡོན་ཏན་སྔ་ན་ཡོད་པའི་རིམ་གྱིས་འབྲས་བུ་ལ་ཡང་ཡོན་ཏན་མཐོང་བའི་མཚན་ཉིད་ཀྱིས་གང་དག་འབྲས་བུ་རྒྱུ་དང་འདྲའོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་

པ་མ་ཡིན་ཏེ། །འབྲས་བུ་རྒྱུ་དང་འདྲ་བ་བསྟན་པ་འཐད་པ་མ་ཡིན་ཏེ། རྒྱུ་དེ་འབྲས་བུ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ་སོགས་པས་ཀྱང་གཟུགས་ཀྱི་རྒྱུ་མི་འཐད་པའི་སྒོ་ནས་གཟུགས་འབྱུང་བ་རྣམས་ཀྱི་འབྲས་བུ་ཡིན་པར་མི་འཐད་པ་ཉིད་བསྟན་ཏོ། །དེ་ཡང་འཇིག་རྟེན་འདི་ན་རྒྱུར་བྱས་

པའི་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་འབྱུང་བ་རྣམས་ཀྱི་ཡོན་ཏན་སྲ་བ་ཉིད་དང་གཤེར་བ་ཉིད་དང་ཚ་བ་ཉིད་དང་། ཡང་ཞིང་གཡོ་བ་ཉིད་དག་སྔ་ན་ཡོད་པའི་རིམ་གྱིས་ཕྱིའི་འབྲས་བུ་རྒྱུར་བྱས་པའི་གཟུགས་ལ་ཡང་འབྱུང་བའི་ཡོན་ཏན་དེ་དག་ཡོད་པར་མཐོང་བར་མཚན་ཉིད་ཀྱིས་རང་གི་སྡེ་པ་དང་། ཕྱི་རོལ་པ་གང་

དག་འབྲས་བུ་རྒྱུ་དང་འདྲ་བས་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དག་ཀྱང་ཡོད་ལ་གཟུགས་ཀྱང་དེ་དག་གི་འབྲས་བུ་ཡིན་པས་དོན་དམ་པར་རྫས་སུ་ཡོད་པ་ཡིན་ནོ་ཞེས་ཟེར་བ་དེ་དག་དགག་པའི་ཕྱིར་བསྟན་བཅོས་མཛད་པས་འདིར་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདི་བཤད་པ་ཡིན་ཏེ། གལ་ཏེ་རྒྱུའི་ཡོན་ཏན་

དག་འབྲས་བུ་ལ་ཡང་ཡོད་པ་ཡིན་ན་དེས་ན་རྒྱུ་ཉིད་འབྲས་བུ་ཡིན་པར་འགྱུར་བ་ཞིག་ན་དེ་ལྟ་བུ་ཡང་མ་ཡིན་པས་དེའི་ཕྱིར་རྒྱུ་དེ་ཉིད་འབྲས་བུ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་བསྒྲུབ་པར་བྱ་བ་ཆོས་སྨྲ་བར་འདོད་པའི་རྒྱུ་རྒྱུ་མ་ཡིན་པ་ཉིད་དང་སྒྲུབ་པའི་ཆོས་འདྲ་བར་བསྟན་པ་ཉེ་བར་གཞག་གོ་

ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདི་བཤད་པའི་སྐབས་འདིར་བསྒྲུབ་པར་བྱ་བ་ཆོས་ནི་ཕ་རོལ་པོ་གཟུགས་ཀྱི་རྒྱུར་སྨྲ་བར་འདོད་པ་ས་ལ་སོགས་པར་འབྱུང་བ་དག་གཟུགས་ཀྱི་རྒྱུ་མ་ཡིན་པ་ཉིད་དུ་བསྒྲུབ་པར་བྱ་བ་སྟེ། སྨྲ་བ་འདོད་པའི་རྒྱུ་རྒྱུ་མ་ཡིན་པ་ཉིད་ཅེས་ཉེ་བར་བཞག་པ་ཡིན་ནོ། །སྒྲུབ་

Vol. 100 · folio 51a

པའི་ཆོས་ནི་འབྲས་བུ་རྒྱུ་དང་འདྲ་བ་ཡིན་ཏེ། འདྲ་བར་བསྟན་པ་ཞེས་ཉེ་བར་བཞག་པ་ཡིན་ནོ། །དཔེ་ནི་དེའི་དབང་གིས་ཏེ། རྒྱུད་ཐ་དད་པའི་རྫས་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ཀྱི་རྒྱུ་ས་ལ་སོགས་པ་དག་གཟུགས་ཀྱི་རྒྱུ་མ་ཡིན་པ་ཉིད་དུ་སྒྲུབ་པའི་ཆོས་མཐུན་པའི་དཔེ་ནི་བསྒྲུབ་

པར་བྱ་བ་དང་། སྒྲུབ་པའི་ཆོས་དེའི་དབང་གིས་བསྟན་དགོས་ཏེ། རྒྱུད་ཐ་དད་པའི་རྫས་རང་ལས་དོན་གཞན་དུ་གྱུར་པ་གང་ལ་བསྒྲུབ་པར་བྱ་བ་ཆོས་ཕ་རོལ་པོས་སྨྲ་བར་འདོད་པའི་རྒྱུ་འབྲས་བུའི་རྒྱུ་མ་ཡིན་པ་ཉིད་དང་། སྒྲུབ་པའི་ཆོས་འབྲས་བུ་རྒྱུ་དང་འདྲ་བ་ཞེས་བྱ་བ་དག་ཡོད་པ་ཡིན་ནོ། །འདིར་

སྦྱོར་བའི་ཚིག་ནི་དོན་དམ་པར་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་ནི་ལ་བ་སྔོན་པོའི་རྒྱུ་མ་ཡིན་ཏེ། འདྲ་བའི་ཕྱིར་དཔེར་ན་དེ་ལས་གཞན་པའི་ལ་བ་སྔོན་པོ་བཞིན་ནོ་ཞེས་བྱ་བ་དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་

ན་ཕ་རོལ་པོ་སྨྲ་བར་འདོད་པའི་ལ་བ་སྔོན་པོ་དེ་ལས་གཞན་པ་རྒྱུད་ཐ་དད་པའི་ལ་བ་སྔོན་པོ་ནི་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་དང་འདྲ་བའི་ཕྱིར་དེའི་རྒྱུ་རྒྱུ་སྔོན་པོ་མ་ཡིན་པ་དེ་བཞིན་དུ་ཕ་རོལ་སྨྲ་བར་འདོད་པའི་ལ་བ་སྔོན་པོ་དེ་ཡང་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་དང་འདྲ་བའི་ཕྱིར་དེའི་རྒྱུ་

རྒྱུ་སྤུན་སྔོན་པོ་མ་ཡིན་ནོ། །འདིར་གྲངས་ཅན་དག་ན་རེ་དེ་ལས་གཞན་པའི་ལ་བ་སྔོན་པོ་ལ་ཡང་སྨྲ་བར་འདོད་པའི་ལ་བ་སྔོན་པོའི་རྒྱུ་མེད་པར་མ་གྲུབ་པའི་ཕྱིར་དཔེ་མེད་དོ་ཞེས་ཟེར་རོ་ཞེས་ཟེར་བ་ནི་སྔར་དབུ་མ་པས་དཔེར་ན་དེ་ལས་གཞན་པའི་ལ་བ་སྔོན་པོ་བཞིན་ནོ་ཞེས་སྨྲས་པ་དེ་ལ་འདིར་གྲངས་ཅན་དག་ན་རེ་

དཔེ་དེ་མ་གྲུབ་པོ་ཞེས་ཟེར་བ་ཡིན་ཏེ། གྲངས་ཅན་དག་ན་རེ་གང་གི་ཚེ་འཇིག་པ་ཆེན་པོ་འབྱུང་བའི་ཚེ་ན་འཇིག་རྟེན་གསུམ་གྱི་གསལ་བར་ཞིག་པར་གྱུར་པ་དག་གཙོ་བོ་བག་ལ་ཞ་བར་གྱུར་ནས་གང་གི་ཚེ་ཕྱིར་འཆགས་པ་དེའི་ཚེ་ན་མཆོད་སྦྱིན་གྱི་ལ་བ་སྔོན་པོའི་རྒྱུ་གང་དག་ཡིན་པ་དེ་དག་ལྷས་བྱིན་གྱི་ལ་བ་

སྔོན་པོའི་རྒྱུར་ཡང་འགྱུར་ལ་དེ་ལྟར་ཡང་གང་གི་ཚེ་ལྷས་བྱིན་གྱི་ལ་བ་སྔོན་པོ་རལ་བར་གྱུར་པ་དེའི་ཚེ་མཆོད་སྦྱིན་གྱི་ལ་བ་སྔོན་པོའི་རྒྱུ་སྤུན་དག་གིས་འཚེམ་པར་བྱེད་པ་མཐོང་བས་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་དེ་དེ་ལས་གཞན་པའི་ལ་བ་སྔོན་པོའི་རྒྱུ་མ་ཡིན་པར་མ་གྲུབ་པའི་ཕྱིར་ཁྱེད་དབུ་མ་པའི་དཔེ་

Vol. 100 · folio 51b

མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁོ་བོའི་དཔེ་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན་ད་ལྟར་དེ་འབྱུང་བའི་རྒྱུའི་དངོས་པོ་མ་ཡིན་པར་གྲུབ་པ་ཉིད་དཔེ་ཉིད་དུ་འདོད་

པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། ད་ལྟར་གྱི་དུས་ཉིད་ན་གང་གི་ཚེ་ཕ་རོལ་པོ་སྨྲ་བར་འདོད་པ་དེ་ལས་གཞན་པ་ལྷས་བྱིན་གྱི་ལ་བ་སྔོན་པོ་བྱེད་པ་དེའི་ཚེ་ན་ལྷས་བྱིན་གྱི་ལ་བ་སྔོན་པོ་དེ་འབྱུང་བའི་རྒྱུའི་དངོས་པོ་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་མ་ཡིན་པར་གྲུབ་པ་ཉིད་ཁོ་བོ་དཔེ་ཉིད་དུ་འདོད་ཀྱི་ཁྱེད་ཀྱི་

གང་གི་ཚེ་འཇིག་པ་ཆེན་པོ་བྱུང་བ་དེའི་ཚེ་ན་འཇིག་རྟེན་གསུམ་གྱི་གསལ་བ་ཞིག་པར་གྱུར་པ་དག་གཙོ་བོ་བག་ལ་ཞ་བར་གྱུར་ནས་གང་གི་ཚེ་ཕྱིར་འཆགས་པ་དེའི་ཚེ་ན་མཆོད་སྦྱིན་གྱི་ལ་བ་སྔོན་པོའི་རྒྱུ་གང་དག་ཡིན་པ་དེ་དག་ལྷས་བྱིན་གྱི་ལ་བ་སྔོན་པོའི་རྒྱུར་འགྱུར་བ་དང་། ད་ལྟར་ཡང་གང་གི་ཚེ་ལྷས་བྱིན་

གྱི་ལ་བ་སྔོན་པོ་རལ་བར་གྱུར་པ་དེའི་ཚེ་མཆོད་སྦྱིན་གྱི་ལ་བ་སྔོན་པོའི་རྒྱུ་སྤུན་དག་གིས་འཚེམ་པར་བྱེད་པ་ཞེས་བྱ་བ་དེ་ཁོ་བོའི་དཔེ་ཉིད་དུ་མི་འདོད་པའི་ཕྱིར་ཁོ་བོའི་དཔེ་མ་གྲུབ་པ་མ་ཡིན་ནོ། །གཞན་ཡང་དགག་པ་འདི་ནི་སྒྲ་གང་དག་ལྷན་ཅིག་སྦྱོར་བར་བྱེད་པ་དེའི་བརྗོད་པར་བྱ་བའི་དོན་དགག་པ་ཁོ་

ནས་མཐུ་ཉེ་བར་ཟད་པ་ཡིན་ཏེ། དེ་ནི་དེའི་ཁྱད་པར་མི་སྟོན་པའི་ཕྱིར་བྲམ་ཟེ་མ་ཡིན་ནོ་ཞེས་བྱ་བ་བཞིན་པས་སྐྱོན་མེད་དོ་ཞེས་བྱ་བ་ནི་དེའི་ཕྱིར་ཁོ་བོའི་དཔེ་མ་གྲུབ་པའི་སྐྱོན་མེད་པས་ཁྱོད་ཀྱི་ཀླན་ཀ་དེ་བཟང་པོ་མ་ཡིན་ཏེ། ཅི་ལྟ་ཞེ་ན། ཁོ་བོས་རབ་ཏུ་བྱེད་པའི་གནས་སྐབས་ཐམས་ཅད་དུ་དགག་པ་བསྟན་ཏོ་ཅོག་

ནི་མེད་པར་དགག་པའི་དོན་ཡིན་གྱི་མ་ཡིན་པར་དགག་པའི་དོན་མ་ཡིན་པས་འདིར་དོན་དམ་པར་སྨྲ་བར་འདོད་པའི་རྒྱུ་རྒྱུ་སྤུན་སྔོན་པོ་ནི་ལ་བ་སྔོན་པོའི་རྒྱུ་མ་ཡིན་ཏེ་ཞེས་བྱ་བའི་དགག་པ་འདི་ཡང་རྒྱུ་མ་ཡིན་ཏེ་ཞེས་བྱ་བའི་སྒྲ་གང་དང་ལྷན་ཅིག་སྦྱོར་བར་བྱེད་པ་དེའི་བརྗོད་པར་བྱ་བའི་དོན་རྒྱུ་ཡིན་པར་འདོད་པ་

དགག་པ་ཁོ་ནས་མཐུ་ཉེ་བར་ཟད་པ་ཡིན་གྱི་རྒྱུ་མ་ཡིན་པ་ཡོད་དོ་ཞེས་མི་བསྒྲུབ་སྟེ། མེད་པར་དགག་པ་དེ་ནི་མེད་པ་དེའི་ཁྱད་པར་གཞན་ཡོད་པར་མི་སྟོན་པའི་ཕྱིར་དཔེར་ན་བྲམ་ཟེ་མ་ཡིན་ནོ་ཞེས་སྨྲས་པས་བྲམ་ཟེ་མེད་པར་དགག་པ་ཙམ་ཁོ་ན་ཞིག་སྟོན་པར་ཟད་ཀྱི། བྲམ་ཟེ་མ་ཡིན་པ་རྒྱལ་རིགས་

Vol. 100 · folio 52a

ཡོད་དོ་ཞེས་སྒྲུབ་པར་མི་བྱེད་པ་བཞིན་པས་ཁོ་བོའི་དཔེ་མ་གྲུབ་པའི་སྐྱོན་མེད་དོ། །རང་གི་སྡེ་པ་དག་ནི་འབྲས་བུ་རྒྱུ་དང་འདྲ་བ་དང་མི་འདྲ་བ་ཡང་སྨྲ་བས་སྐད་ཅིག་མ་སྔ་མ་མཚན་ཉིད་འདྲ་བ་ལས་སྐད་ཅིག་ཕྱི་མ་སྐྱེ་བ་ལ་ལྟོས་ནས་དཔེར་ན་མར་མེ་དང་ཆུའི་རྒྱུན་ལ་སོགས་པ་དག་ལ་

ནི་རྒྱུའི་སྐད་ཅིག་མ་དང་འདྲ་བའི་ཕྱིར་འདྲ་བ་ཡིན་ནོ། །སྐད་ཅིག་མ་སྔ་མ་མཚན་ཉིད་མི་འདྲ་བ་ལས་སྐད་ཅིག་མ་ཕྱི་མ་སྐྱེ་བ་ལ་ལྟོས་ནས་དཔེར་ན་ཤིང་དང་འོ་མ་ལ་སོགས་པའི་ཐལ་བ་དང་ཞོ་ལ་སོགས་པ་དག་ལ་ནི་རྒྱུའི་སྐད་ཅིག་མ་དང་མི་འདྲ་བའི་ཕྱིར་མི་འདྲ་བ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་རང་གི་སྡེ་པ་ཆོས་མངོན་

པ་པ་དག་ནི་འབྲས་བུ་རྒྱུ་དང་འདྲ་བ་དང་མི་འདྲ་བ་གཉི་གར་ཡང་སྨྲ་བས་དེ་དག་ན་རེ་སྐད་ཅིག་མ་སྔ་མ་ལ་ལྟོས་ནས་སྐད་ཅིག་མ་ཕྱི་མ་སྐྱེ་བ་ནི་འབྲས་བུ་ཡིན་ལ། སྐད་ཅིག་མ་ཕྱི་མ་སྐྱེ་བ་ལ་ལྟོས་ནས་སྐད་ཅིག་མ་ཕྱི་མ་རྒྱུ་ཡིན་པས། དེས་ན་སྐད་ཅིག་མ་སྔ་མ་མཚན་ཉིད་དང་འདྲ་བ་ལས་སྐད་ཅིག་མ་ཕྱི་མ་སྐྱེ་བ་

ལ་ལྟོས་ནས་དཔེར་ན་མར་མེ་དང་ཆུའི་རྒྱུན་ལ་སོགས་པ་དག་ལ་ནི་རྒྱུའི་སྐད་ཅིག་མ་སྔ་མ་དང་འདྲ་བའི་ཕྱིར་འབྲས་བུ་རྒྱུ་དང་འདྲ་བ་ཡིན་ནོ། །སྐད་ཅིག་མ་སྔ་མ་མཚན་ཉིད་མི་འདྲ་བ་ལས་སྐད་ཅིག་མ་ཕྱི་མ་སྐྱེ་བ་ལ་ལྟོས་ནས་དཔེར་ན་ཤིང་ལས་ཐལ་བ་འབྱུང་བ་དང་འོ་མ་ལས་ཞོ་འབྱུང་བ་ལ་སོགས་པ་དག་

ལ་ནི་རྒྱུའི་སྐད་ཅིག་མ་དང་མི་འདྲ་བའི་ཕྱིར་འབྲས་བུ་རྒྱུ་དང་མི་འདྲ་བ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འབྲས་བུ་རྒྱུ་དང་འདྲ་བ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་ཅི་སྐད་བསྟན་པ་ཉིད་ཀྱིས་བཀག་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།

དེ་ནི། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །ཞེས་སྔར་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་ཉིད་ཀྱིས་བཀག་ཟིན་ཏོ། །འབྲས་བུ་རྒྱུ་དང་མི་འདྲ་བ་གང་ཡིན་པ་དེའི་དབང་དུ་བྱས་ཏེ་བཤད་པ། འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འབྲས་

བུ་རྒྱུ་དང་མི་འདྲ་བར་འདོད་པའི་ཕྱོགས་དགག་པ་སྟོན་ཏོ། །འདི་ཡང་བསྒྲུབ་པར་བྱ་བ་ཆོས་མྱུ་གུ་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་པ་ཉིད་དང་། སྒྲུབ་པའི་ཆོས་མི་འདྲ་བར་བསྟན་པ་ཉེ་བར་གཞག་གོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདི་བཤད་པའི་སྐབས་འདིར་ཡང་བསྒྲུབ་

Vol. 100 · folio 52b

པར་བྱ་བ་ཆོས་ནི་མྱུ་གུ་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་འབྲུ་ལ་སོགས་པའི་འབྲས་བུ་མ་ཡིན་པ་ཉིད་བསྒྲུབ་པར་བྱ་བ་སྟེ། མྱུ་གུ་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་པ་ཉིད་ཅེས་ཉེ་བར་གཞག་པ་ཡིན་ནོ། །སྒྲུབ་པའི་ཆོས་ནི་འབྲས་བུ་རྒྱུ་དང་མི་འདྲ་བར་བསྟན་ཞེས་ཉེ་བར་བཞག་པ་ཡིན་ནོ། །དེས་ན་

ཡན་ལག་ལྷག་མ་ཡང་སྔ་མ་བཞིན་དུ་མངོན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་ཉེ་བར་གཞག་པ་དེས་ན་འབྲས་བུ་རྒྱུ་དང་མི་འདྲ་བ་ཉིད་མ་ཡིན་པར་བསྒྲུབ་པའི་ཡན་ལག་ལྷག་མ་ཆོས་མཐུན་པའི་དཔེ་ཡང་སྔ་མ་བཞིན་དུ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དེའི་དབང་གིས་

བསྟན་དགོས་པར་མངོན་ཏེ། གྱོ་མོ་ལ་སོགས་པ་གང་ལ་བསྒྲུབ་པར་བྱ་བ་ཆོས་མྱུ་གུ་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུའི་འབྲས་བུ་མ་ཡིན་པ་དང་། སྒྲུབ་པའི་ཆོས་འབྲས་བུ་རྒྱུ་དང་མི་འདྲ་བ་ཞེས་བྱ་བ་དག་ཡོད་པ་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་མྱུ་གུ་ནི་སྨྲ་བར་འདོད་པའི་

རྒྱུའི་འབྲས་བུ་མ་ཡིན་ཏེ། མི་འདྲ་བའི་ཕྱིར་དཔེར་ན་གྱོ་མོ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དེ་དག་གི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གྱོ་མོ་ལ་སོགས་པ་ནི་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་འབྲུ་ལ་

སོགས་པ་དང་མི་འདྲ་བའི་ཕྱིར་དེ་དག་གི་འབྲས་བུ་མ་ཡིན་པ་དེ་བཞིན་དུ་མྱུ་གུ་ཡང་ཕ་རོལ་པོ་སྨྲ་བར་འདོད་པའི་རྒྱུ་འབྲུ་ལ་སོགས་པ་དང་མི་འདྲ་བའི་ཕྱིར་དེ་དག་གི་འབྲས་བུ་མ་ཡིན་ནོ། །ཅི་སྟེ་ཡང་འབྲུ་ནི་མྱུ་གུའི་རྒྱུ་ཁོ་ན་ཡིན་ཏེ། དེ་ཡོད་ན་འབྱུང་བའི་ཕྱིར་རམ་དེས་ཐ་སྙད་འདོགས་པའི་ཕྱིར་དཔེར་ན་རྔ་བོ་

ཆེའི་སྒྲའམ་ནས་ཀྱི་མྱུ་གུ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འབྲས་བུ་རྒྱུ་དང་མི་འདྲ་བའི་རྒྱུ་འབྲུ་ལ་སོགས་པ་ས་བོན་དག་ཡིན་པར་སྒྲུབ་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་

ན་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་ནི་རྔ་བོ་ཆེ་དང་ནས་དེ་ཡོད་ན་འབྱུང་བའི་ཕྱིར་རམ། རྔ་བོ་ཆེ་དང་ནས་དེས་ཐ་སྙད་འདོགས་པའི་ཕྱིར་རྔ་བོ་ཆེ་དང་ནས་ནི་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུའི་རྒྱུ་ཁོ་ན་ཡིན་པ་དེ་བཞིན་དུ་མྱུ་གུ་ཡང་འབྲུ་དེ་ཡོད་ན་འབྱུང་བའི་ཕྱིར་རམ་འབྲུ་དེས་ཐ་སྙད་འདོགས་པའི་ཕྱིར་འབྲུ་ནི་མྱུ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words