བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) བོ་དྷི་ས་ཏྭ་ཡོ་ག་ཙ་ར་ཙ་ཏུ་ཤ་ཏ་ཀ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 103 · folio 59a
མཐར་ལྟ་བ་ལ་རྟེན་པར་བྱེད་པའང་མིན། །རྒྱུ་དང་རྐྱེན་དང་བཅས་པའི་ཆོས་ཤེས་ཤིང་། །རྒྱུ་རྐྱེན་མེད་པའི་ཆོས་ཉིད་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཅི་སྟེ་མྱུ་གུ་དང་འདུ་བྱེད་ལ་སོགས་པའི་དངོས་པོ་གང་མ་རིག་པ་དང་
ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་འགྱུར་ན། ཅི་སྟེ་བདེན་པར་ཡོད་པ་ཅན་ཞིག་གམ། འོན་ཏེ་དངོས་པོ་ཡོད་པ་མ་ཡིན་པར་བདེན་པ་ཅན་ཞིག་འགྱུར་གྲང་། དེ་ལ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་ཡོད་པ་ལ་ས་བོན་དང་མ་རིག་པ་ལ་སོགས་པས་དགོས་པ་
ཅི་ཞིག་ཡོད་དེ། དེ་རང་གི་ངོ་བོས་ཡོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་ཡོད་པ་མ་ཡིན་པའི་རང་བཞིན་ཡིན་ན་ནི་མོ་གཤམ་གྱི་བུ་ལྟར་འདི་རྟག་ཏུ་འབྱུང་བར་མི་འགྱུར་བ་ཞིག་ན། མྱུ་གུ་དང་འདུ་བྱེད་ལ་སོགས་པའི་དངོས་པོ་ནི་རྨི་ལམ་དང་། སྒྱུ་མ་དང་ཆུ་ཟླ་ལ་
སོགས་པ་ལྟར་ཡོད་པ་དང་མེད་པའི་རྟོག་པ་འཇོམས་ཤིང་། རང་གི་རྒྱུ་དང་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་འབྱུང་བ་ཡང་ཡིན་ནོ། །ཇི་སྲིད་དུ་སེམས་ལ་ཡིད་ཀྱི་ཚོར་བ་བདེ་བ་ཡོད་པ་དེ་སྲིད་དུ་ཚོར་བ་སྡུག་བསྔལ་གྱི་སྐབས་མེད་ལ། ཡང་ན་བདེ་བའོ། །སེམས་ཀྱི་སྐད་ཅིག་གཅིག་ལ་
ཚོར་བ་གཉིས་ཅིག་ཅར་སྲིད་པ་ནི་མ་ཡིན་ཏེ། ཐེ་ཚོམ་དང་གཏན་ལ་ཕེབས་པའི་སེམས་བཞིན་དང་འདོད་ཆགས་དང་བྲལ་བ་བཞིན་དང་། འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་བཞིན་དང་། སྣང་བ་དང་། མུན་པ་བཞིན་ཕན་ཚུན་འགལ་བའི་ཕྱིར་རོ། །ཅི་སྟེ་ཚོར་བ་སྡུག་བསྔལ་འགག་
པ་དང་དུས་མཉམ་པ་ཁོ་ནར་ཚོར་བ་བདེ་བ་སྐྱེ་ན། དེ་དག་གི་སྐྱེ་བ་དང་འགག་པ་གཉིས་སྐད་ཅིག་གཅིག་ལ་སྲིད་པར་འགྱུར་ན། སྐྱེ་བ་དང་འགག་པ་ཕན་ཚུན་འགལ་བ་འདི་གཉིས་ནི་ལྷན་ཅིག་འབྱུང་བར་རིགས་པ་ཡང་མ་ཡིན་ཏེ། བདེ་འགྲོ་དང་ངན་འགྲོའི་དོན་མཐའ་དག་འབྱུང་བའི་ཚེ་
བརླག་པས་སངས་རྒྱས་པ་རྣམས་ལ། རྒྱུ་མེད་པའི་ཉེས་པའི་དུག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ས་བོན་འགགས་དང་མ་འགགས་ལས། །མྱུ་གུ་འབྱུང་བ་མ་ཡིན་ཏེ། །ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་སྐྱེ་བ་བཞིན་དུ་གསུངས། །ཞེས་
Vol. 103 · folio 59b
བྱ་བ་དང་། ཀུན་ལ་མི་རྟག་སྨྲ་བ་རྣམས། །སངས་རྒྱས་ལམ་ལ་གནས་ནས་སུ། །དངོས་པོ་དཔྱད་དེ་རྩོད་པ་ཡིས། །གནས་པ་གང་ཡིན་དེ་རྨད་དོ། །འདི་འམ་དེའོ་ཞེས་གང་དུ། །རྣམ་པར་དཔྱད་ན་མི་དམིགས་ན། །རྩོད་པ་འདི་དང་དེ་བདེན་ཞེས། །མཁས་པ་སུ་ཞིག་སྨྲ་བར་འགྱུར། །
ཞེས་བཤད་དོ། །གལ་ཏེ་ཚོར་བ་བདེ་བ་རང་གི་བདག་ཉིད་ཀྱིས་རྫས་སུ་ཡོད་པ་ཞིག་སྡུག་བསྔལ་ལ་བརྟེན་ནས་འགྱུར་ན་ནི། དེ་ལྟ་ན་འོ་ན་དེ་ཡོད་པ་ཉིད་ཀྱི་ཕྱིར་བདེ་བར་འཛིན་པ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ཕྱིན་ཅི་ལོག་ཅེས་བྱ་བ་ནི་དངོས་པོ་རྣམ་པ་གཞན་དུ་གནས་པ་ལ་དངོས་པོ་གཞན་
དུ་འཛིན་པ་སྟེ། དཔེར་ན་གཏི་མུག་གི་དྲ་བས་བློ་གྲོས་ཀྱི་མིག་གཡོགས་པའི་འཇིག་རྟེན་འཁོར་བའི་བཙོན་རའི་གྲོང་ཁྱེར་གྱི་ཁང་པ་ལ་ཆགས་ཤིང་། གཙང་བར་མངོན་པར་རློམ་པའི་མུན་པ་མཐུག་པོའི་དྲ་བས་བློ་གྲོས་ཀྱི་མིག་བསྒྲིབས་པས་ན། ན་ཆུང་མའི་ལུས་མི་གཙང་བ་རྣམ་པ་དུ་མའི་
འབྱུང་གནས་རྣམ་པར་བསལ་ཏེ། འདི་ནི་མངོན་པར་དགའ་བར་བྱ་ཞིང་། མིག་དང་ཡིད་དུ་འཐད་པ་ཞིག་གོ་སྙམ་དུ་རྟོགས་ནས་རང་གི་རྣམ་པར་རྟོག་པ་བདེན་པའི་རྣམ་པས་མངོན་པར་དགའ་བར་བྱེད་པ་བཞིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ལ་གཙང་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །
དེ་ཉིད་ཀྱི་ཕྱིར། བུད་མེད་ཆགས་པ་ཕལ་ཆེར་ནི། །བུད་མེད་གཟུགས་གཙང་སེམས་ལས་བྱུང་། །བུད་མེད་ལུས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། །ཁ་ནི་ཁ་ཆུ་རུལ་བ་དང་། །སོ་རྐྱག་མི་གཙང་སྣོད་ཡིན་ཏེ། །སྣ་ནི་རྣག་སྣབས་སྣ་ཆུའི་སྣོད། །མིག་གཉིས་མིག་
རྡུལ་མཆི་མའི་སྣོད། །ལྟོ་བའི་ཁོང་ནི་བཤང་གཅི་དང་། །གློ་བ་མཆིན་པའི་སྣོད་ཡིན་པར། །རྨོངས་པས་བུད་མེད་མ་མཐོང་བས། །དེ་ཡི་ལུས་ལ་ཆགས་པར་བྱེད། །ལུས་ཡུལ་ཤིན་ཏུ་དྲི་ང་བ། །ཆགས་བྲལ་རྒྱུ་ནི་གང་ཡིན་པ། །དེ་ལའང་འཇིག་རྟེན་ཆེས་ཆགས་ན། །གང་
གིས་འདོད་ཆགས་བྲལ་བར་དཀྲི། །གཟུགས་བཟང་བ་དང་གཟུགས་ངན་ནམ། །རྒན་ནམ་ཡང་ན་གཞོན་ཡང་རུང་། །བུད་མེད་གཟུགས་ཀུན་མི་གཙང་ན། །ཁྱོད་ཆགས་ཁྱད་པར་ག་ལ་སྐྱེས། །གལ་ཏེ་མི་གཙང་ཁ་དོག་བཟང་། །ཤིན་ཏུ་གསར་ལ་དབྱིབས་ལེགས་
Vol. 103 · folio 60a
ཀྱང་། །དེ་ལ་ཆགས་པར་མི་འོས་ལྟར། །བུད་མེད་གཟུགས་ལའང་དེ་དེ་བཞིན། །ཞེས་བཤད་དོ། །དེ་ལྟ་བུ་ལ་སོགས་པ་འབྱུང་བ་ལས་ན་བུད་མེད་ཀྱི་ལུས་མི་གཙང་བའི་རང་བཞིན་ཡིན་ལ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་བློའི་མིག་ཡང་དག་པ་མ་
ཡིན་པར་ཕྱིན་ཅི་ལོག་ཏུ་གྱུར་པས། གཙང་བ་ཉིད་དུ་ལྷག་པར་སྒྲོ་བཏགས་ནས་ཡུལ་གྱི་བདེ་བ་ཉམས་སུ་མྱོང་སྟེ། དེ་ལས་གཙང་བར་ཕྱིན་ཅི་ལོག་ཏུ་འགྱུར་རོ། །རྒྱུ་གཙང་བ་མེད་པ་དེ་ཉིད་ཀྱི་ཕྱིར་ན། རྒྱུ་མེད་པ་ལས་འཇུག་རྣམས་ཀྱི། །ལྡོག་པ་རྒྱུ་ལས་ག་ལ་ཞིག །ཅེས་
བྱ་བ་འཕགས་པ་ལྷའི་གསུང་བདེན་པ་མ་ཡིན་པར་ཕྱིན་ཅི་ལོག་པ་ཉིད་བསལ་བར་སྣང་སྟེ། ཉི་མ་སྤྲིན་དང་བྲལ་ཞིང་ནུབ་པར་མ་གྱུར་པ་བཞིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་རྟག་པར་ལྟ་བ་ཕྱིན་ཅི་ལོག་བསལ་ནས་མི་རྟག་པ་ཉིད་བསྒོམ་པ་གོམས་པའི་བག་ཆགས་གོམས་
པར་བྱེད་དོ། །ཇི་ལྟར་གནོད་པར་བྱེད་པ་ཡིད་དུ་མི་འོང་བ་སྡུག་བསྔལ་ཡིན་ན། འོ་ན་ནི་གང་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པ་རང་བཞིན་གྱིས་བདེ་བར་གྲུབ་པོ་ཞེས་བྱ་བར་འདོད་པ་དེ་བཞིན་དུ་རྟག་པར་ལྟ་བ་དོན་མེད་པ་ཅན་མཐོང་བ་དང་། མ་མཐོང་བའི་འབྲས་བུ་ཡིད་དུ་འོང་བ་ལ་
སྨྱོན་པ་རྟག་ཏུ་དོན་ཡོད་པ་མ་ཡིན་པ་བརྒྱ་ཕྲག་གི་འབྱུང་གནས་སུ་གྱུར་པ་ཕྱིན་ཅི་ལོག་ཡིན་ནོ་སྙམ་དུ་རིག་པར་བྱས་ནས་མི་རྟག་པར་ལྟ་བ་དེ་ཡང་རྟག་པར་ལྟ་བ་ལྟར་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེའི་གཉེན་པོར་གྱུར་པ་ཉིད་ཀྱི་ཕྱིར་གཙང་བར་ལྟ་བ་བཞིན་ནོ། །མ་རིག་ལྡོངས་པའི་བློ་ཅན་
རྣམས། །ནང་གི་བདག་ཏུ་གང་འདོད་པ། །རྣམ་ཤེས་དོར་བ་མུ་སྟེགས་ཀྱི། །རྨོངས་བྱེད་དེ་ནི་གང་དུ་སོང་། །གང་ཚེ་ནང་བདག་བུད་མེད་མིན། །སྐྱེས་མིན་མ་ནིང་མ་ཡིན་པ། །དེ་ཚེ་མི་ཤེས་འབའ་ཞིག་ལས། །ཁྱོད་བདག་ཕོའོ་སྙམ་དུ་སེམས། །རེག་དང་མི་ལྡན་དངོས་པོ་
ལས། །བསྐུལ་བ་ཞེས་བྱ་མི་སྐྱེ་སྟེ། །དེ་ཕྱིར་ལུས་ཀྱི་གཡོ་བ་ལ། །སྲོག་ནི་བྱེད་པ་པོར་མི་འགྱུར། །ཞེས་བྱ་བ་ལ་སོགས་པས་མུ་སྟེགས་བྱེད་ཀྱིས་བརྟགས་པའི་བདག་ཡོད་པ་མ་ཡིན་པ་ཉིད་དོ། །རྒྱུ་མེད་པའི་ཕྱིར་དང་ནམ་མཁའི་མེ་ཏོག་བཞིན་དང་། བྱ་རོག་དང་།
Vol. 103 · folio 60b
ཆུ་སྐྱར་དང་། ནེ་ཙོ་དང་། སྤྱང་ཀིའི་མགོའི་ནོར་བུ་བཞིན་ནོ། །དེ་ལྟར་ན་ནང་གི་བདག་བདེན་པར་ཡོད་པ་མ་ཡིན་པ་ལ་ཡོད་པ་ཉིད་དུ་མཐོང་བ་གང་ཡིན་པ་དེ་ནི། ཡོད་པ་མ་ཡིན་པའི་དངོས་པོ་ཡོད་ཅིང་རྟག་པ་ཉིད་དུ་སྒྲོ་བཏགས་པས་ཕྱིན་ཅི་ལོག་སྟེ། དེ་ནི་འཁོར་བའི་བཙོན་རའི་
འཆིང་བ་ཡིན་ནོ། །དེའི་གཉེན་པོར་རྟག་པར་ལྟ་བ་ཕྱིན་ཅི་ལོག་གི་གཉེན་པོར་གྱུར་པ་བདག་མེད་པ་ལྟ་བ་སྒོམ་པ་ཡིན་ལ། གང་སྡུག་བསྔལ་གྱི་འགལ་ཟླར་གྲུབ་པ་བདེ་བའི་དངོས་པོ་རང་བཞིན་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་བདག་མེད་པར་ལྟ་བ། ཡོད་པ་མ་ཡིན་པའི་བདག་ཏུ་ལྟ་བ་
ཕྱིན་ཅི་ལོག་གི་གཉེན་པོར་གྲུབ་པོ། །དེའི་ཕྱིར་ཕྱིན་ཅི་ལོག་བཞིའི་ཚོགས་བསལ་བ་གྲུབ་པའི་ཕྱིར། དངོས་པོའི་ངོ་བོ་བདེན་པར་སྨྲ་བ་རྣམས་ལ་བདག་ལ་སོགས་པར་ལྟ་བ་ཕྱིན་ཅི་ལོག་བཞི་ལྟར་ཕྱིན་ཅི་ལོག་ཁོ་ནར་འགྱུར་ན། འདི་ནི་ཁྱེད་ཅག་གིས་འདོད་པའམ་མཐོང་བ་
ཡང་མ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གསུང་རབ་མཐའ་དག་ལ་མཁས་པའི་བློ་གྲོས་མངའ་བ་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ལ་འགར་ཡང་བདེ་བ་ལ་སྐུར་བ་འདེབས་པ་ཉིད་དུ་ཅུང་ཟད་ཀྱང་མ་རྟོགས་ཀྱི། ཁྱེད་ཅག་དངོས་པོ་རང་བཞིན་དུ་སྨྲ་
བ་རྣམས་ཁོ་ན་བདེ་བ་ལ་སྐུར་པ་འདེབས་པ་ཉིད་དུ་ཆེས་གསལ་བར་རྟོགས་ཏེ། གསུང་རབ་ཇི་ལྟ་བ་བཞིན་ངེས་པར་མ་ཟིན་པའི་ཕྱིར་ལ། དྲང་བ་དང་ངེས་པའི་དོན་གྱི་མདོ་སྡེ་རྣམས་ཀྱི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་མ་ངེས་པའི་ཕྱིར་རོ། །ཡང་དགེ་སློང་དག་འདས་པའི་གཟུགས་
ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དང་འདས་པའི་གཟུགས་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར། འཕགས་པ་ཉན་ཐོས་འདས་པའི་གཟུགས་ལ་མངོན་པར་མི་དགའོ། །
དགེ་སློང་དག་མ་འོངས་པའི་གཟུགས་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་མ་འོངས་
Vol. 103 · folio 61a
པའི་གཟུགས་ལ་མངོན་པར་མི་དགའོ། །དགེ་སློང་དག་འདས་པའི་ཚོར་བ་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་ཚོར་བ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་
ཚོར་བ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་འདས་པའི་ཚོར་བ་ལ་མངོན་པར་མི་དགའོ། །དགེ་སློང་དག་མ་འོངས་པའི་ཚོར་བ་ཡོད་པར་མ་གྱུར་ན་ནི། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་ཚོར་བ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་
དག་གང་གི་ཕྱིར་མ་འོངས་པའི་ཚོར་བ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་མ་འོངས་པའི་ཚོར་བ་ལ་མངོན་པར་མི་དགའོ། །དེ་བཞིན་དུ་ཇི་སྲིད་དུ་དགེ་སློང་དག་འདས་པའི་རྣམ་པར་ཤེས་པ་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་འདས་པའི་རྣམ་པར་
ཤེས་པ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་རྣམ་པར་ཤེས་པ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་འདས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའོ། །དགེ་སློང་དག་མ་འོངས་པའི་རྣམ་པར་ཤེས་པ་ཡོད་པར་མ་གྱུར་
ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་མ་འོངས་པའི་རྣམ་པར་ཤེས་པ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའོ་
ཞེས་བྱ་བའི་བར་གྱིས་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་བརྒྱ་ཕྲག་མངའ་བ་རྣམས་ཀྱིས་འདས་པ་དང་མ་འོངས་པ་ལ་སོགས་པ་ཡོད་པ་ཉིད་དུ་བསྟན་པ་ནི་བྱིས་པའི་འཇིག་རྟེན་གྱི་རྟོག་པའི་ངོར་རབ་ཏུ་འཇུག་པ་ཁོ་ན་སྟེ། གདུལ་བྱའི་སྐྱེ་བོ་ལ་སྨན་འདོགས་པར་
མཛད་པ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་རྫས་དང་ལྡན་པ་ཁོ་ན་ལུང་དང་མདོ་གཞན་དག་ལས་ཉེ་བར་བསྟན་ཏོ། །གལ་ཏེ་འདས་པ་དང་མ་འོངས་པའི་དངོས་པོ་རང་བཞིན་གྱིས་ཡོད་ན་ནི་དེ་ད་ལྟར་བ་ཉིད་དུ་འགྱུར་ཏེ། ཡོད་
Vol. 103 · folio 61b
པའི་ཕྱིར་མདུན་ན་གནས་པའི་བུམ་པ་དང་སྣམ་བུ་དང་རེ་ལྡེ་དང་ཅོད་པན་ལ་སོགས་པ་བཞིན་ནོ། །ཅི་སྟེ་དེ་འདས་པའི་ངོ་བོར་ཡོད་ན་ནི། དེ་ནི་རྟག་པའམ་འོན་ཏེ་མི་རྟག་པ་ཞིག་ཡིན། རེ་ཞིག་རྟག་པ་ནི་མི་འདོད་དེ། མུ་སྟེགས་བྱེད་ཀྱི་ལྟ་བར་ཐལ་བར་འགྱུར་བའི་ཕྱིར་
ལ། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་ཉིད་ཀྱིས་བོང་བུའི་རྭ་ལ་སོགས་པ་བཞིན་ཡོད་པ་མ་ཡིན་པའི་ཕྱིར་རོ། །མངོན་པར་གསལ་བར་སྨྲ་བ་རྣམས་ལ་ཡང་སྐྱོན་རྣམ་པ་གཉིས་ཐོག་ཏུ་འབབ་པའི་ཕྱིར་རོ། །ཅི་སྟེ་དེ་མི་རྟག་པ་ཉིད་དུ་ཡོད་ན་ནི་དེ་མི་རིགས་སོ། །
གང་ལས་ཤེ་ན། འགག་པ་དང་ཡོད་པ་དག་འདས་པ་དང་མ་འོངས་པའི་དུས་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདས་པ་དང་ད་ལྟར་བྱུང་བ་འདི་གཉིས་ནི་དུས་གཅིག་ཏུ་དངོས་པོ་གཅིག་ལ་སྲིད་པ་ཡང་མ་ཡིན་ཏེ། འཇིག་པ་དང་སྐྱེ་བ་འདི་དག་ཕན་ཚུན་འགལ་བའི་
ཕྱིར་རོ། །ཡིད་གཅིག་ལ་ཐེ་ཚོམ་དང་གཏན་ལ་ཕེབས་པ་དག་གམ་འཆི་བའི་སྲིད་པ་དང་། སྐྱེ་བའི་སྲིད་པ་དག་ཅིག་ཅར་འབྱུང་བར་ནི་ཁྱེད་ཅག་གིས་མི་འདོད་དོ། །སྐད་ཅིག་ལ་ས་བོན་དང་མྱུ་གུ་གཉིས་སྲིད་པ་ནི་མེད་དེ། རྒྱུ་མེད་པ་ཅན་གྱི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་
རོ། །འཇིག་རྟེན་ན་སཱ་ལུ་དང་ཏིལ་དང་ནས་དང་གྲོ་ལ་སོགས་པའི་ས་བོན་ལ་སོགས་པ་རྣམས་སྡུད་པར་ཡང་མི་འགྱུར་རོ། །ཇི་སྐད་དུ། འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་བཤད་དོ། །
རྒྱུ་མེད་པར་སྨྲ་བ་ཤིན་ཏུ་ཐ་ཆད་འདི་རྒྱང་བསྲིངས་ཏེ་ཡོངས་སུ་སྤང་བར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་དགེ་སློང་དག་ལྔ་པོ་འདི་དག་ནི་མིང་ཙམ་ཁས་འཆེས་པ་ཙམ། ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། འདས་པའི་དུས་དང་། མ་འོངས་པའི་
དུས་དང་། ནམ་མཁའ་དང་མྱ་ངན་ལས་འདས་པ་དང་། གང་ཟག་གོ་ཞེས་འདས་པ་དང་མ་འོངས་པ་ལ་སོགས་པའི་དངོས་པོ་ནང་དང་ཕྱི་རོལ་དུ་གྱུར་པ་ཐམས་ཅད་འཇིག་རྟེན་གྱི་ཐ་སྙད་ཙམ་ཉིད་དུ་གསུངས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་གཟུགས་
Vol. 103 · folio 62a
ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །དེ་ལྟར་ཆོས་རྣམས་རྟོག་པ་ཡི། །དགེ་སློང་
བརྩོན་འགྲུས་བརྩམས་ལྡན་ཞིང་། །ཉིན་ནམ་གལ་ཏེ་མཚན་མོའང་རུང་། །ཤེས་བཞིན་སོ་སོར་དྲན་ལྡན་པ། །འདུ་བྱེད་ཉེར་ཞི་ཞི་བ་ཡི། །གོ་འཕང་ཞི་བ་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་དབུ་བ་མང་
པོ་རྡོས་པ་དག །ཆུ་བོས་ཁྱེར་བ་སྐྱེས་བུ་དེས་མཐོང་སྟེ། །དེ་ལ་བརྟགས་ན་སྙིང་པོ་ཡོང་མི་སྣང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆར་པ་ཐིགས་ཆེན་བབ་པ་ན། །ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང་། །བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད།
ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོ་གའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་ཆུ་ནི་ཡོང་མེད་ན། །
སེམས་ཅན་རྨོངས་པ་དེ་ལ་འཐུང་འདོད་དེ། །མི་བདེན་ཆུ་ནི་བཏུང་བར་ཡོང་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་གཤེགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་
རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་འབྱུང་ངོ་། །དེའི་ཕྱིར་དངོས་པོ་བདེན་
པའི་ངོ་བོར་སྨྲ་བ་ལ། རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་ལྟར་མི་རྟག་པ་དང་སྡུག་བསྔལ་བ་དང་མི་གཙང་བ་དང་བདག་མེད་པར་ལྟ་བ་ལ་ཕྱིན་ཅི་ལོག་ཏུ་འགྱུར་ན། འདི་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཡོད་པར་སྨྲ་བ་ཁས་
Vol. 103 · folio 62b
བླངས་ནས། རེ་ཞིག་བདེ་བ་ལ་སྐུར་པ་འདེབས་པར་བྱེད་པ་འདི་ལ་འདྲི་བར་བྱ་སྟེ། སྡུག་བསྔལ་དེ་ཅི་ཞིག །གང་གནོད་པར་བྱེད་པའོ་ཞེ་ན། གནོད་པར་བྱེད་པ་མ་ཡིན་པ་བདེ་བ་ཞེས་བྱ་བར་འགྲུབ་པོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་མི་རིགས་ཏེ། རང་གིས་ཁས་བླངས་
པ་དང་འགལ་བའི་ཕྱིར་རོ། །ཅི་སྟེ་བྱིས་པའི་འཇིག་རྟེན་གྱི་རྟོགས་པ་དང་བསྟུན་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཁོ་ན་ལྟར་སློབ་དཔོན་འདིས་ཀྱང་གསུངས་པ་ཡིན་ནོ་ཞེ་ན། འོ་ན་ནི་དེ་ལྟ་ན་ཡང་། གང་གིས་ན་འདི་སློབ་དཔོན་འཕགས་པ་ལྷ་ལ་མ་རངས་
པའི་ཚིག་འདི་སྨྲ་བ། སློབ་དཔོན་ལ་དྲང་བ་དང་ངེས་པའི་དོན་གྱི་མདོ་སྡེ་རྣམས་ཇི་ལྟ་བ་བཞིན་མ་རྟོགས་པ་ཡོངས་སུ་བསལ་བར་བྱས་པར་མི་འགྱུར་རོ། །དེའི་ཕྱིར་བྱིས་པའི་སྐྱེ་བོ་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་བྱས་པ་རྣམས་ཀྱི་རྟོགས་པའི་དབང་གིས། སངས་
རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཚུལ་ལ་མཁས་པ་རྣམས་ཀྱིས་ཕྱིན་ཅི་ལོག་བཞི་པོ་རྟག་པ་དང་བདེ་བ་དང་གཙང་བ་དང་། བདག་ཏུ་ལྟ་བ་རྣམས་ཀྱི་གཉེན་པོར་མི་རྟག་པ་དང་མི་བདེ་བ་དང་། མི་གཙང་བ་དང་། བདག་མེད་པར་ལྟ་བ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་
ཐབས་སུ་གྱུར་པ་གསུངས་པ་ཡིན་ནོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདེ་བར་ཕྱིན་ཅི་ལོག་སྤང་བའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།ད་ནི་གཙང་བར་ཕྱིན་
ཅི་ལོག་སྤང་བའི་ཐབས་ཀྱི་དབང་དུ་བྱས་ནས་བརྗོད་པར་བྱ་སྟེ། འདིར་སྨྲས་པ། གལ་ཏེ་ཡང་དེ་ལྟར་འདུ་བྱེད་རྣམས་སྡུག་བསྔལ་གྱི་བདག་ཉིད་ཅན་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཡུལ་ཡིད་དུ་འོང་བ་ལ་ལོངས་སྤྱོད་པའི་རོས་ཚིམ་པས་བདེ་བར་གྱུར་པ་དེའི་ཕྱིར་ཡུལ་རྣམས་ཉེ་བར་བསྟེན་
པར་བྱའོ། །བཤད་པར་བྱ་སྟེ། ཡུན་ནི་ཤིན་ཏུ་རིང་པོས་ཀྱང་། །ཡུལ་ལ་མུ་ཐུག་ཡོད་མིན་ཏེ། །སྨན་པ་ངན་ལྟར་ཁྱོད་ལུས་ལ། །ངལ་བ་འབྲས་བུ་མེད་པ་འབྱུང་། །ཡུལ་གྱི་བདེ་བའི་ལོངས་སྤྱོད་ལ་བརྐམ་པའི་ཡིད་ཅན་གང་ཞིག །ན་ཚོད་དང་པོ་ལ་ཡུལ་ཉེ་བར་ལོངས་
Vol. 103 · folio 63a
སྤྱོད་པར་བྱས་ལ། བར་དུ་ནོར་བསག་ཅིང་ཐ་མར་ཆོས་བསྟེན་ནོ་ཞེས་འདི་སྙམ་དུ་སེམས་པ་དེ་ལ་བརྗོད་པར་བྱ་སྟེ། གལ་ཏེ་ཡུལ་རྣམས་ཚད་ཉུང་ཟད་ཅིག་ཏུ་འགྱུར་ན་ནི། ན་ཚོད་དང་པོར་འདི་རྣམས་ཟད་པར་ཐོབ་པར་བྱས་ནས་བདེ་བ་སྲིད་པ་
ཞིག་ན། དུས་ཡུན་རིང་པོར་ཉེ་བར་བསྟེན་པས་ཀྱང་འདི་རྣམས་ཡོངས་སུ་ཆད་པར་སྒྲུབ་པར་མི་བྱེད་དོ། །ཡོངས་སུ་ཆད་པ་མེད་ན་ནི་གང་ཞིག་འདི་རྣམས་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱིས་མཐར་བྱེད་པར་འདོད་པས། དེའི་ངལ་བ་ནི་སྨན་པ་ངན་པ་ནད་ཀྱི་མཚན་ཉིད་
མངོན་པར་མི་ཤེས་པའི་ཕྱིར་ནད་བཅོ་བ་དག་ལ་ནུས་པ་མེད་པའི་ལུས་ཀྱི་གསོ་དཔྱད་ཀྱི། འབད་པ་མཐར་མ་ཕྱིན་པས་ཚེགས་ཙམ་གྱི་འབྲས་བུ་ཅན་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་འབྲས་བུ་མེད་པར་འགྱུར་རོ། །གཟིག་ལྤགས་བསྐོན་པའི་སྤྲེའུ་བཞིན་ནོ། །ཇི་ལྟར་གཟིག་ལྤགས་
གཡོགས་པའི་སྤྲེའུ་རྟག་ཏུ་སྤྲེའུ་རྣམས་ཀྱི་སྐྱོ་བ་བསྐྱེད་པའི་རྒྱུར་གྱུར་ཅིང་སྐྱོ་བར་བྱ་བ་དེ་ལ་དུས་ངེས་པ་ཡོད་པ་མ་ཡིན་ཞིང་རྣམ་པར་གཞག་པ་མེད་པ་དེ་བཞིན་དུ། ཡུལ་ཉེ་བར་ལོངས་སྤྱོད་པ་དག་ལ་ཡང་འདི་ཙམ་གྱིས་ཚིམ་པར་འགྱུར་རོ་སྙམ་དུ་མུ་ཐུག་པ་ཡོད་པ་མ་ཡིན་ནོ། །
འདིར་བཤད་པ། གཤེར་བ་གཤེར་བས་མི་སྐེམས་ཤིང་། །ཚ་བ་ཚ་བས་ཉམས་མིན་ལྟར། །དེ་བཞིན་འདོད་པ་ཉེར་སྤྱད་པས། །འདོད་པའི་རེ་བ་སྤོང་མི་བྱེད། །འདིར་སྨྲས་པ། ཇི་ལྟར་ཆུ་དག་གིས་ངོམས་པ་ལ་སྐོམ་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ། འདོད་པ་དག་གིས་
ཚིམ་པ་ལ་འདོད་པ་དག་ལ་སྲེད་པར་མི་འགྱུར་རོ། །བཤད་པར་བྱ་སྟེ། སྟེན་པར་བྱེད་པ་འགའ་ཞིག་ལ། །ས་སྲེད་ལྡོག་པ་མེད་ཇི་བཞིན། །བསྟེན་བཞིན་པ་ཡི་མི་རྣམས་ལ། །འདོད་རེ་འཕེལ་བའང་དེ་བཞིན་ནོ། །ཇི་ལྟར་ས་ཟ་བ་བསྟེན་པ་ལས་སའི་སྲེད་པ་འཕེལ་བ་ཁོ་ནར་
འགྱུར་བ་དེ་བཞིན་དུ། འདོད་པ་ཉེ་བར་ལོངས་སྤྱོད་ཅིང་འདོད་པ་དག་བསྟེན་པ་རྣམས་ལ་ཡང་འདོད་པའི་རེ་བ་འཕེལ་བ་ཉིད་དུ་འགྱུར་བས་འདོད་པའི་སྲེད་པ་མཐར་དབྱུང་བར་བྱ་བར་མི་ནུས་སོ། །འདི་ལྟར་འདོད་པ་དག་ཉེ་བར་བསྟེན་པས་ནི་ཇི་ལྟར་གོང་དུ་མངོན་པར་བརྩོན་པ་ལས་ཆ་
Vol. 103 · folio 63b
རྐྱེན་སྦྱོར་བ་དང་། ཉེ་བར་ལོངས་སྤྱོད་པ་ལས་མཁས་པ་འཐོབ་ཅིང་། རིགས་མཚུངས་པའི་རྐྱེན་གྱིས་གསོས་བཏབ་པའི་འདོད་ཆགས་སྟོབས་དང་ལྡན་པ་སྐྱེད་པར་ཡང་བྱེད་དོ། །དེའི་ཕྱིར་དེ་ལྟར་སྐད་ཅིག་རེ་རེ་ཞིང་ཉེ་བར་འཕེལ་བའི་ཤུགས་ཅན་འདོད་པའི་སྲེད་པའི་ཆུ་
ཀླུང་གིས་གཡེངས་པའི་མི་ལ་ཚིམ་པ་ལྟ་ག་ལ་ཡོད་དེ། གཉིད་ལ་སོགས་པའི་འཕེལ་བ་བཞིན་དང་། སྐོམ་པས་ཉེན་པའི་རི་དགས་བཞིན་ནོ། །ཇི་ལྟར་གཉིད་དང་ལེ་ལོ་དང་འཁྲིག་པ་རྣམས་ཇི་ལྟ་ཇི་ལྟར་བསྟེན་པ་དེ་ལྟ་དེ་ལྟར་འཕེལ་བ་བཞིན་དུ་ཉོན་མོངས་པ་རྣམས་
ཀྱང་ཡིན་ནོ། །ཡང་ཇི་ལྟར་རི་དགས་སྐོམ་པར་གྱུར་པ་རྣམས་ས་སྐམ་པོ་ཆེས་རྩུབ་པ་སྤྲིན་དང་བྲལ་བའི་ཉི་མའི་གུང་གི་ཉི་མའི་འོད་ཀྱིས་ཡོངས་སུ་གདུངས་ཤིང་། ཆུ་ལྟར་གྱུར་པ་སྨིག་རྒྱུའི་ཀླུང་ལྟ་བུ་ཅན་མཐོང་ནས་ཆུར་འདུ་ཤེས་ཤིང་རབ་ཏུ་རྒྱུག་ལ། སྐོམ་པ་སེལ་བ་ཡང་
མི་ཐོབ་པ་དེ་བཞིན་དུ་འདོད་པ་སྨིག་རྒྱུ་དང་འདྲ་བ་དག་མ་ཤེས་ཏེ། དེའི་རང་བཞིན་ལ་མངོན་པར་ཞེན་པ་གང་དག་ཡུལ་རྣམས་དོན་དུ་གཉེར་བར་བྱེད་པ་དེ་དག་ལ་ཉོན་མོངས་པ་ལྡོག་པ་ལྟ་ཡོད་པར་ག་ལ་འགྱུར་ཏེ། ཡུལ་ཉེ་བར་ལོངས་སྤྱོད་པས་ཚིམ་པ་ཡོད་པ་ལས་ཉོན་མོངས་
པའི་གདུང་བ་ལྡོག་པའི་ཕྱིར་རོ། །འདིར་བཤད་པ། བུད་ཤིང་དག་གི་མེ་ལྕེ་དང་། །ཆུ་འབོག་པ་ཡི་ཀླུང་ཇི་བཞིན། །དེ་བཞིན་འདོད་པ་ཉེར་སྤྱད་པས། །མི་རྣམས་འདོད་པའི་རེ་བ་འཕེལ། །འདིར་སྨྲས་པ། རེ་ཞིག་ཉེ་བར་བསྟན་པ་འདིས་སྐྱེ་བོ་བུད་མེད་ཐུན་མོང་བ་ལས་བཟློག་
པར་ནུས་ཀྱི། གང་དག་གཟུགས་བཟང་ཞིང་རེག་པ་དང་ལྡན་པ། ཡན་ལག་ཐམས་ཅད་དགའ་བར་བྱ་བ། སྙིང་དང་མིག་ཏུ་སྡུག་པ། སྙིང་ནས་ཆགས་པའི་མིག་རས་ཀྱིས་བལྟས་པ་དག་གིས་མེ་དང་ཕྲད་པས་མར་སར་ལྟར་ཆགས་པ་ཅན་རྣམས་ཀྱི་སྙིང་དག་འཇུ་བར་བྱེད་པ་ཡོངས་སུ་
ལོངས་སྤྱོད་པ་ཐུན་མོང་མ་ཡིན་པ་ཅན་དེ་དག་ལས་བདག་གིས་ཡིད་བཟློག་པར་ཇི་ལྟར་ནུས། དེ་ལ་ཡང་ཆགས་པ་བཟློག་པའི་ཕྱིར་བཤད་པ། བུད་མེད་ཀུན་ལ་འཁྲིག་པ་ལ། །ཐ་དད་ཅུང་ཟད་ཡོད་མིན་ཞིང་། །གཟུགས་གཞན་གྱི་ཡང་ལོངས་སྤྱོད་ན། །ཁྱོད་ལ་མོ་མཆོག་གིས་ཅི་བྱེད། །
Vol. 103 · folio 64a
རྟགས་པ་འདི་བདེན་པ་མ་ཡིན་པའི་དོན་གྱི་རྟོགས་པ་ཁོ་ནས་ཡུལ་མཆོག་ཏུ་བྱུང་བ་ཉིད་དུ་སྒྲོ་བཏགས་ཤིང་། བདག་ཉིད་དམའ་བར་བྱས་ནས་ཡོངས་སུ་སྐྱོ་བར་བྱེད་པ་འབའ་ཞིག་ཏུ་ཟད་དེ། འདི་ནི་འཐད་པ་འདིས་ཡུལ་དམའ་བར་བྱས་ཏེ་དེ་ལ་ཆགས་པ་བྲལ་བ་
ཉིད་ཀྱིས་བདག་ཁོ་ན་བསྟོད་པར་རིགས་སོ། །རེ་ཞིག་བུད་མེད་ཐམས་ཅད་ཀྱི་མི་གཙང་བའི་ཕྱོགས། དབང་པོའི་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན། རང་གི་ངང་གིས་དྲི་ང་ཞིང་། རྟག་ཏུ་འཛག་པ་མི་གཙང་བའི་ལུས་ཀྱི་གྲོང་ཁྱེར་གྱི་མི་གཙང་བའི་སྟོར་ཁུང་དུ་གྱུར་པ། བཤང་
ཁང་ལྟར་སྐྱེ་བོ་མང་པོས་བླུགས་པའི་མི་གཙང་བ་ནོད་པ་ལྷུར་བྱེད་པ་བཤང་དོང་ལྟར་མུན་ནག་གི་མི་གཙང་བ་དྲི་ཚབས་ཆེར་ང་བའི་སྲིན་བུའི་ཚོགས་འཁྲིག་ཆགས་པ། བཤང་ཕུང་ཅུང་ཟད་རད་ཅིང་གས་པ་ལྟར་ནང་མྱགས་ཤིང་། མྱགས་པ་དེས་བདས་པའི་པགས་པ་ཙམ་གྱིས་ཕྱི་
གཏུམས་པ། སྔོན་གྱི་ལས་ཀྱིས་ཐོབ་ཅིང་བཅོར་མེད་པ། །ལུས་ཀྱི་སྦུབས་ཀྱི་རྨ་ཐ་ཆད་ཤིན་ཏུ་ཆེན་པོ། །དེའི་རང་བཞིན་ཡོངས་སུ་རྟོག་པ་སྣམ་ངས་དང་ལྡན་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བའི་རྒྱུའི་ཚོགས་ཆེན་པོ་གཉིས་མེད་པ་དེ་ལ་རང་གི་སེམས་ཕྱིན་ཅི་ལོག་ལས་མ་
གཏོགས་པར་འཁྲིག་པའི་རེག་པ་ཐ་དད་པ་ཉིད་མི་སྲིད་ལ། དེ་དག་གི་གཟུགས་གང་ཡིན་པ་དེ་ཡང་ལྟ་བའི་དབང་པོའི་ཡུལ་ཡིན་པ་ཉིད་ཀྱི་ཕྱིར། མིག་དང་ལྡན་པ་གཟུགས་དེ་སྤྱོད་ཡུལ་དུ་གྱུར་པར་གནས་པ་ཐམས་ཅད་ཀྱི་ལོངས་སྤྱོད་ཐུང་མོང་བ་ཉིད་ཡིན་པའི་ཕྱིར་ལ། ཐ་ན་ཁྱི་
དང་བྱ་རོག་ལ་སོགས་པ་རྣམས་ཀྱི་ཡང་ཉེ་བར་ལོངས་སྤྱད་པར་བྱ་བ་ཡིན་པ་ཉིད་ཀྱིས་ན། དངོས་པོ་ཐུན་མོང་བ་ལ་མངོན་པར་ཞེན་པ་བསྐྱེད་པར་མི་རིགས་ཏེ། བུད་མེད་ཀྱི་ཁོག་པ་ལ་བརྐམ་པ་ཁྱོད་ལ་ད་ལྟ་བུད་མེད་མཆོག་གི་ཡོན་ཏན་ལྷག་པ། ཅི་ཞིག་བསྐྱེད་པ་སྨྲོས་ཤིག །
ཤིག །དེའི་ཕྱིར་བུད་མེད་མཆོག་དག་ལ་མངོན་པར་ཞེན་པ་དོར་བར་བྱ་སྟེ། བུད་མེད་གཟུགས་ངན་པ་དང་། གཞན་གྱི་བུད་མེད་ཀྱི་བློས་མུན་ཁུང་དུ་རང་གི་ཆུང་མ་དང་དུས་བཏབ་སྟེ་ཕྲད་པ་བཞིན་ནོ། །བུད་མེད་གཟུགས་ངན་པ་འགའ་ཞིག་ལ་ཁྱིམ་ཐབ་ཀྱིས་ཁྱོད་གཟུགས་ངན་
Vol. 103 · folio 64b
ནོ་ཞེས་སྤྱོས་ལ། དེས་ཀྱང་རྗེ་བོ་ལ་གཟུགས་ངན་ནམ་གཟུགས་བཟང་ཡང་རུང་སྟེ་འཁྲིག་པ་བསྟེན་པ་ལ་འདིར་ཁྱད་པར་འགའ་ཡང་མེད་དོ་ཞེས་ཞུས་ཀྱང་དེས་རྟོགས་པར་མ་གྱུར་ཏོ། །དེ་ནས་དེས་སྣོད་སྣ་ཚོགས་དག་ཏུ་སྲན་ཚོད་བཞག་ནས་ཟས་ཀྱི་དུས་སུ་སྐྱེས་བུ་དེ་ལ་དྲངས་
པ་དང་། དེས་འདི་ཅི་ཞིག་ཅེས་སྨྲས་སོ། །དེས་སྨྲས་པ་འདི་ནི་སྲན་ཚོད་དེ། འོན་ཀྱང་སྣོད་ལྟ་བར་འོས་པ་དག་ཏུ་གཞག་པ་ཡིན་ནོ། །དེས་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་སྨྲས་པ་དང་། དེས་འཁྲིག་པ་ལ་ཡང་ངེས་པར་འདི་ཉིད་ཡིན་ནོ་ཞེས་སྨྲས་སོ། །ཡང་སྐྱེས་བུ་
འགའ་ཞིག་གཞན་གྱི་བུད་མེད་མཐོང་ནས་ནམ་ཞིག་ན་འདི་དང་ཕྲད་པར་འགྱུར་ཞེས་བརྐམ་པར་གྱུར་ལ། དེར་གྲོགས་བཤེས་ཞིག་གིས་གང་ཞིག་དོན་དུ་གཉེར་བ་དེ་ནི་འདི་ཡིན་གྱི། འོན་ཀྱང་ཁྱོད་ཀྱིས་དེ་ལ་ཅི་ཡང་སྨྲ་བར་མི་བྱ་སྟེ། དེ་ནི་ངོ་ཚ་དང་ལྡན་པ་རིགས་ཀྱི་
མནའ་མ་ཞིག་གོ་ཞེས་དེ་ལ་མུན་ཁུང་དུ་རང་གི་ཆུང་མ་དང་སྤྲད་པ་དང་། དེ་ཡང་ཤིན་ཏུ་དགའ་ཞིང་རྣམ་པ་འདི་ལྟ་བུའི་བུད་མེད་ནི་མེད་དོ་ཞེས་སྨྲའོ། །ཨེ་མ་གང་གིས་འགྲོ་འདི་སྣ་ཚོགས་ཆེར། །བསྒྲིབས་ཤིང་རྨི་འདྲའི་རེག་དེས་རྣམ་བལྟས་ལ། །ཆགས་རྨོངས་འདི་དག་གཞན་
དུ་རྒྱུག་གྱུར་པ། །འདི་ནི་མུན་པའི་རང་བཞིན་དྲ་བ་ཆེ། །བུད་མེད་མཆོག་ནི་བླུན་པོའི་འདོད་ཆགས་ཀྱི་རྒྱུ་ཡང་མ་ཡིན་པ་ཉིད་དེ། འདི་ལྟར། གང་ལ་གང་ཡིད་འོང་འགྱུར་བ། །དེ་ནི་དེ་ཡིས་འཚེངས་པར་རློམ། །ཁྱི་སོགས་རྣམས་ལའང་ཐུན་མོང་བས། །བློ་གྲོས་ངན་པ་
ཁྱོད་ཅིས་ཆགས། །གང་ཞིག་གཟུགས་ངན་ཡང་གང་ལ་ཡིད་དུ་འོང་བར་འགྱུར་བ་དེས་དེ་བདག་ཉིད་འཚེངས་པར་སེམས་སོ། །གལ་ཏེ་འདོད་པར་འོས་པ་ཉིད་འདོད་ཆགས་ཀྱི་རྒྱུ་ཡིན་ན་ནི་དེ་དང་ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཚེ་དེ་ལ་ཆགས་པར་འགྱུར་བ་ཞིག་ན། འདི་
ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་ཡང་འདོད་ཆགས་ཀྱི་རྒྱུ་ནི་འདོད་པར་བྱ་བར་འོས་པ་ཉིད་མ་ཡིན་གྱི། ཆགས་པ་ཁོ་ན་རྒྱུ་ཡིན་ནོ། །ཆགས་པ་ཡང་རྒྱུ་མེད་པར་ཁྱི་དང་བོང་བུ་དང་རྔ་མོ་དང་ཕག་པ་ལ་སོགས་པ་རྣམས་ལ་ཡང་། རང་རང་གི་མོ་དག་ལ་ཡོད་པ་ཉིད་དེ། དེའི་ཕྱིར་
Vol. 103 · folio 65a
ཆགས་པ་ཐུན་མོང་བ་ཁོ་ནའོ། །དེའི་ཕྱིར་མཁས་པས་རྒྱུ་གང་གིས་ཀྱང་དེར་འདོད་ཆགས་པར་མི་བྱ་སྟེ། གནོད་སྦྱིན་རང་གི་ཆུང་མ་ལ་སྡུག་པ་ཕྱོགས་སུ་ལྷུང་བ་བཞིན་ནོ། །གནོད་སྦྱིན་གཉིས་རང་གི་ཆུང་མ་ལ་སྡུག་པ་ཕྱོགས་སུ་ལྷུང་བར་གྱུར་ལ། དེ་
གཉིས་ཀྱང་རྩོད་པ་ན་གང་གི་ཆུང་མ་བལྟ་ན་སྡུག་ཅེས་དགེ་སློང་གི་གན་དུ་སོན་པ་དང་། དེས་གང་ཞིག་གང་སྡུག་པར་གྱུར་པ་དེའི་དེ་ནི་བལྟ་ན་སྡུག་པ་ཡིན་ནོ་ཞེས་སྨྲས་སོ། །འདིར་གལ་ཏེ་གཏི་མུག་འདོད་ཆགས་རྒྱུ་ཡིན་ཏེ། །གཟུགས་ནི་འདོད་ཆགས་རྒྱུ་མ་ཡིན། །ཀུན་ཀྱང་དེ་
ལ་ཆགས་འགྱུར་བས། །དེ་ཕྱིར་འདོད་ཆགས་ཀྱི་རྒྱུ་མིན། །ཞེས་བཤད་དོ། །འདིར་སྨྲས་པ། བུ་མོ་ཡན་ལག་ཐམས་ཅད་ཡིད་འཕྲོག་པ་ནི་རྙེད་པར་དཀའ་སྟེ། སུ་ཞིག་དེ་རྙེད་པ་ངོ་མཚར་བ་ལྟར་རྩི་བ་ན་དེ་ལ་ཀུན་ཏུ་ཆགས་པར་མི་བྱེད་ཅེའོ། །བཤད་པར་བྱ་སྟེ། ཁྱོད་
ལ་ཡན་ལག་ཀུན་མཛེས་མོ། །གལ་ཏེ་སྔར་ཀུན་ཐུན་མོང་ན། །དེ་ཉིད་ཁྱོད་ལ་ངོ་མཚར་ལྟར། །ཇི་ལྟར་ཡང་ནི་འགྱུར་བ་མིན། །བུ་མོ་རྣམས་ནི་ཁྱོའི་དོན་དུ་ཡིན་ལ། ཁྱོ་ལ་ཡང་ངེས་པ་མེད་པས་ཐམས་ཅད་ལ་སྲིད་པར་བྱ་དགོས་སོ། །དེའི་ཕྱིར་གང་འདི་འདི་ལས་ཆགས་པར་
འགྱུར་བ་དངོས་པོ་ཐུན་མོང་བ་རྙེད་པ་ལ་ངོ་མཚར་ཅི་ཡོད། དེའི་ཕྱིར་ལམ་པོ་ཆེ་ན་ཡོད་པའི་ཟོང་དང་འདྲ་བ་རྙེད་པས་ཡ་མཚན་པར་མི་རིགས་ཏེ། བད་སའི་རྒྱལ་པོས་དབང་པོས་བྱིན་རྙེད་པ་བཞིན་ནོ། །བད་སའི་རྒྱལ་པོ་འཆར་བྱེད་ཅེས་བྱ་བས་བུད་མེད་ཐུན་མོང་བ་དབང་པོས་
བྱིན་རྙེད་ནས་ངོ་མཚར་ཐོབ་པར་གྱུར་ལ། དེ་ཡང་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་ཞིག་ཡིན་པ་དེ་བཞིན་དུ། བུད་མེད་གཞོན་ནུ་མར་གནས་པ་ནི་ཐམས་ཅད་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་རིལ་གྱིས་ཐུན་མོང་བར་འགྱུར་ལ། ཕྱིས་གཅིག་ཁོ་ནའི་ཡིན་པར་འགྱུར་རོ། །
འདིར་བཤད་པ། ལམ་ཆེན་ཟོང་ལྟའི་བུད་མེད་ནི། །རི་བའི་རིན་གྱིས་འདིར་རྙེད་ནས། །དེ་རྙེད་པ་ལ་མཁས་པས་འདིར། །ངོ་མཚར་སྙམ་དུ་མི་བྱའོ། །འདིར་སྨྲས་པ། གང་གི་ཕྱིར་ཆགས་པ་སྐྱེ་བ་ནི་ཡོན་ཏན་སྔོན་དུ་འགྲོ་བ་ཅན་ཡིན་པར་འཇིག་རྟེན་ན་མཐོང་སྟེ།
Vol. 103 · folio 65b
དེའི་ཕྱིར་བུད་མེད་ཡོན་ཏན་དང་ལྡན་པ་ལ་ཆགས་པར་མི་རིགས་སོ། །བཤད་པར་བྱ་སྟེ། ཡོན་ཏན་ལྡན་པ་སྡུག་པ་དང་། །བཟློག་པ་ལ་ནི་བཟློག་མཐོང་ན། །རྣམ་པར་གནས་མེད་སྔ་མའམ། །ཅིག་ཤོས་ལས་ནི་གང་ཞིག་བདེན། །གལ་ཏེ་ཡོན་ཏན་དང་ལྡན་པ་ལ་འདོད་ཆགས་ཤིང་། བཟློག་
པ་ལ་ཞེ་སྡང་ན། འོ་ན་དེའི་སྐྱོན་དང་ཡོན་ཏན་འཆོལ་བའི་ཕྱིར། བུད་མེད་མཆོག་འདོད་ཆགས་ཀྱི་རྒྱུ་མ་ཡིན་ལ། ཡོན་ཏན་དང་སྐྱོན་དག་ཀྱང་དེས་པས་ཡུལ་གཅིག་ལ་ཡང་རིམ་གྱིས་གཉིས་ཆར་ཡང་ཡང་དག་པར་འབྱུང་ངོ་། །དེའི་ཕྱིར་དེ་ལྟར་ན་ཡོན་ཏན་དང་སྐྱོན་གཉིས་ངེས་
པར་མི་གནས་པས་དེ་དག་ལ་རག་ལས་པ་ཉིད་ཀྱིས། རྣམ་པར་གནས་པ་མེད་པ་ཀོ། །སྔ་མ་ཡོན་ཏན་དང་ལྡན་པ་ཉིད་དང་། དུས་ཕྱིས་འབྱུང་བའི་སྐྱོན་དང་ལྡན་པ་ལྟ་གང་ཞིག་བདེན་པར་འགྱུར། གལ་ཏེ་ཡོན་ཏན་དང་ལྡན་པ་ཉིད་བདེན་ན་ནི། དེ་ཉིད་ལ་སྐྱོན་མཐོང་བས་དེ་མི་
བདེན་པ་ཡིན་ནམ། ཅི་སྟེ་སྐྱོན་དང་ལྡན་པ་ཉིད་བདེན་ན། དེ་ལྟ་ན་ཡང་དེ་ཉིད་ལས་ཡོན་ཏན་མཐོང་བས་དེ་བདེན་པ་མ་ཡིན་ནོ། །དེའི་ཕྱིར་གང་རུང་ཞིག་ལ་ཡང་བདེན་པའི་དོན་ཉིད་མེད་པའི་ཕྱིར་འདོད་ཆགས་དང་ཞེ་སྡང་གཉི་ག་ཡང་མི་འཇུག་པར་རིགས་སོ། །དེའི་ཕྱིར་ཡོན་ཏན་དང་
ལྡན་པ་ལ་འདིའི་འདོད་ཆགས་མི་རིགས་ཏེ། འཆག་ཏུ་འགྲོ་བ་དང་། བཤང་ཁང་མཐོང་བ་བཞིན་ནོ། །ཇི་ལྟར་ཁ་ཟས་ལེགས་པར་འདུས་བྱས་པ་ནི་ཡོངས་སུ་ལོངས་སྤྱོད་པ་ན་དགའ་བར་འགྱུར་ལ། གང་གི་ཚེ་དེའི་སྐྱོན་གྱིས་འཆག་ཏུ་འགྲོ་བ་སྟེ་འཆག་ཁང་དུ་འཇུག་པ་དེའི་ཚེ་མི་དགའ་བ་
དང་། ཡང་ཇི་ལྟར་བཟློག་ཏུ་ཟིན་ཀྱང་གྲོགས་བཤེས་ཀྱི་ཁྱིམ་གྱི་བཤང་ཁང་བལྟ་བར་འདོད་ཅིང་། གང་གི་ཚེ་མཐོང་བ་དེའི་ཚེ་དེ་ཉིད་ལ་ཡོན་ཏན་མཐོང་བའི་ཕྱིར་དང་། ཡོན་ཏན་མ་ཡིན་པ་མཐོང་བའི་ཕྱིར་ཤིན་ཏུ་ཆགས་པ་དང་བྲལ་བར་འགྱུར་བ་དེ་བཞིན་དུ་བུད་མེད་ཀྱི་རང་བཞིན་
མཐོང་བས་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདིར་འགྱུར་ཏེ། གལ་ཏེ་ཡོན་ཏན་ལྡན་ཉིད་ཕྱིར། །དངོས་པོ་ལ་ལར་ཆགས་འགྱུར་ན། །བླུན་པོ་ཡོན་ཏན་འབྱོར་པ་དེ། །སྤངས་ནས་གཞན་ལ་ཆགས་མི་འགྱུར། །འདིར་སྨྲས་པ། ཡོན་ཏན་མེད་པ་རྣམས་ལ་ནི་རྗེས་སུ་མི་མཐུན་པས་
Vol. 103 · folio 66a
འདོད་ཆགས་པར་མི་འགྱུར་གྱི། རྗེས་སུ་མཐུན་པའི་ཕྱིར་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་འདོད་ཆགས་སོ། །བཤད་པར་བྱ་སྟེ། བླུན་པོའི་འདོད་ཆགས་ཡོན་ཏན་དང་། །ལྡན་པ་འབའ་ཞིག་ལ་མི་སྐྱེ། །རྒྱུ་མེད་པ་ལ་འཇུག་རྣམས་ཀྱི། །ལྡོག་
པ་རྒྱུ་ལས་ག་ལ་ཞིག །འདིར་སེམས་ཅན་གང་དག་འདོད་ཆགས་ཀྱིས་ཀུན་ཏུ་རྨོངས་ཤིང་འདོད་པས་ཟིལ་གྱིས་མནན་པ་ངོ་ཚ་དང་། ཁྲེལ་དང་བྲལ་བ་དེ་དག་གི་འདོད་ཆགས་ནི་ཡོན་ཏན་དང་ལྡན་པ་རྣམས་ཁོ་ན་ལ་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་དག་གི་འདོད་
ཆགས་ནི་ཐམས་ཅད་ལ་ཡང་སྟེ། ཡོན་ཏན་མེད་པ་དང་ཡོན་ཏན་དང་ལྡན་པ་རྣམས་ལ་མེ་ལྟར་ཁྱད་པར་མེད་པར་མངོན་པར་འབྱུང་སྟེ། གཏི་མུག་ཕལ་ཆེ་བས་རྒྱུ་ཡོངས་སུ་འཛིན་པ་དང་བྲལ་བའི་ཕྱིར་རོ། །རྒྱུ་དང་བཅས་པར་འབྱུང་ན་ནི་རྒྱུ་གཞན་གྱིས་བཟློག་པའི་ཕྱིར་བཟློག་
པ་ཡོད་པར་བྱ་བར་ནུས་ཀྱི། བླུན་པོ་རྒྱུ་མེད་པ་ལས་འཇུག་པ་རྣམས་ཀྱི་ལྡོག་པ་ནི་རྒྱུ་སྔོན་དུ་འགྲོ་བ་ཅན་དུ་ཡོད་པར་བྱ་བར་མི་ནུས་སོ། །རྒྱུ་སྔོན་དུ་འགྲོ་བ་ཅན་མ་ཡིན་པར་འཇུག་ན་ནི་གཟུགས་མི་གཙང་བ་ལ་ཡོན་ཏན་དང་ལྡན་པ་ག་ལ་ཡོད་དེ། དེའི་ཕྱིར་བུད་མེད་དག་ལ་འདོད་
ཆགས་པ་ཡོན་ཏན་དང་ལྡན་པའི་རྒྱུ་ཅན་དུ་མི་རིགས་སོ། །བྲམ་ཟེ་མ་ནིང་ངུ་བ་བཞིན་ནོ། །བྲམ་ཟེའི་མ་ནིང་འགའ་ཞིག་དེ་ལྟར་མ་བྱེད་པར་དཀའ་ཐུབ་ཀྱི་ནགས་ཚལ་དུ་དོང་ཤིག་ཅེས་བུ་རྣམས་ཀྱིས་བཟློག་པར་གྱུར་པ་དང་། དེ་ངུ་བར་ཞུགས་སོ། །དེ་རྣམས་ཀྱིས་དྲིས་པ། ཅི་བྲལ་
བའི་སྡུག་བསྔལ་གྱིས་ངུའམ། དེས་སྨྲས་པ། ཁོ་བོ་ནི་འབྲལ་བའི་སྡུག་བསྔལ་གྱིས་མི་ངུའི། འོན་ཀྱང་གང་ཁྱེད་ཅག་གི་བདེ་བ་འདི་མི་ཚོར་བ་དེ་ལྟར་ཁོ་བོ་ངུའོ། །དེ་རྣམས་ཀྱིས་དྲིས་པ། ལས་འདི་ལ་ཡོན་ཏན་ཅི་ཡོད། དེས་ངུ་བ་ཁོ་ནར་གྱུར་གྱི། སྨྲ་བར་ནི་མི་འགྱུར་ཏེ།
ངུ་བ་ལས་བཟློག་པ་མི་ནུས་པ་དེ་བཞིན་དུ་བླུན་པས་གང་དག་གི་འདོད་ཆགས་ཡོན་ཏན་གྱིས་མ་བྱས་པ་དེ་དག་ནི་གསོ་དཀའོ། །འདིར་འགྱུར་ཏེ། སྐྱོན་དང་ཡོན་ཏན་མ་དཔྱད་པར། །མི་གང་བུད་མེད་ལ་རྨོངས་པ། །དེ་དག་བརྒྱ་ཕྲག་བཅུ་ཡིས་ཀྱང་། །བུད་མེད་
Vol. 103 · folio 66b
རྣམས་ལས་བཟློག་མི་ནུས། །འདིར་སྨྲས་པ། བུད་མེད་ནི་སྐྱེས་པ་ཤི་ཡང་ཕྱི་བཞིན་ལྕེབ་ཀྱི། སྐྱེས་པ་ནི་བུད་མེད་ལ་དེ་ལྟ་མ་ཡིན་ནོ། །དེ་ལྟར་ཆགས་པ་དང་རྗེས་སུ་འབྲེལ་བའི་བུད་མེད་དག་ཇི་ལྟར་མི་བསྟེན། བཤད་པར་བྱ་སྟེ། ཇི་སྲིད་གཞན་ཤེས་མ་གྱུར་པ། །དེ་སྲིད་དེ་ནི་
ཁྱོ་ལ་འདུག །ནད་ངན་དང་མཚུངས་བུད་མེད་ནི། །རྟག་ཏུ་རྐྱེན་ལས་བསྲུང་བར་བྱ། །བུད་མེད་ནི་ཇི་སྲིད་དུ་རྐྱེན་འགའ་ཞིག་དང་བྲལ་བ་ལས་སྐྱེས་པ་གཞན་གྱིས་རོ་མ་མྱངས་པ་དེ་སྲིད་དུ་ཁྱོ་ལ་སྙིང་ཉེ་ཞིང་ཁྱོ་དང་མཐུན་གྱི། གང་གི་ཚེ་སྐྱེས་བུ་གཞན་གྱིས་རོ་མྱངས་པར་གྱུར་པ་དེའི་ཚེ་ནི་འདི་
གཅིག་ལ་མངོན་པར་མི་དགའ་སྟེ། དེའི་ཕྱིར་ནད་ངན་པ་ལྟར་གདོན་མི་ཟ་བར་བསྲུང་བར་བྱ་དགོས་པའི་བུད་མེད་རྣམས་ལ་ཡིད་བརྟན་པར་མི་བྱ་སྟེ། འཁྲུག་པའི་རྐྱེན་ཉེ་བར་གྱུར་ན་རྣམ་པར་འགྱུར་བ་ལ་བརྟེན་པའི་ཕྱིར་རོ། །འདི་ལྟར་ཟབ་ཅིང་ངེས་པར་དཀའ་བའི་བྱུང་ཚུལ་ཟོལ་
དུ་མ་དང་ལྡན་པ་ཅན་གྱི་བུད་མེད་རྣམས་ནི་རྟག་ཏུ་སྐྱེས་པ་མཐོང་བར་འདོད་དོ། །དེའི་ཕྱིར་ངེས་པར་འགའ་ཡང་གང་ལ་ཡང་མི་ཆགས་པས་མཁས་པས་བུད་མེད་རྣམས་ལ་ཡིད་བརྟན་པར་མི་བྱ་སྟེ། སྔར་མི་འདོད་པའི་བྲམ་ཟེ་མོ་ལོག་པར་བསྒྲུབས་པ་བཞིན་ནོ། །སྐྱེས་བུ་ཞིག་གིས་བྲམ་ཟེ་
མོ་འགའ་ཞིག་དོན་དུ་གཉེར་བ་དང་། དེས་བདག་པོ་ལ་སྐྱེས་བུ་ཞིག་བདག་གི་གན་དུ་འོང་གིས། བདག་ནི་དེ་ལ་འཇིགས་པ་དང་བཅས་ཏེ། གང་གི་ཚེ་འཇུག་པར་འགྱུར་བ་དེའི་ཚེ་ཁྱོད་ལ་བརྡ་སྤྲད་ཀྱིས་ཞེས་སྨྲས་སོ། །དེ་སྐད་སྨྲས་ནས་གནས་པ་ལ་གང་གི་ཚེ་ཞུགས་ཤིང་ལོག་པར་
གྱུར་པ་དེའི་ཚེ་དེ་ལ་ཆགས་ཤིང་། རྗེ་བོ་དེ་ལ་སྐྱེས་བུ་དེ་འོངས་སོ་ཞེས་ཀྱང་མི་སྨྲ་བ་དེ་བཞིན་དུ། བུད་མེད་རྣམས་ནི་རྟག་ཏུ་བསྲུང་བར་བྱ་བ་ཞིག་སྟེ། དེ་དག་ལ་སུ་ཞིག་ཡིད་རྟོན་པར་འགྱུར། འདིར་བཤད་པ། གང་ཕྱིར་བུད་མེད་བསྲུང་བྱས་ཀྱང་། །རང་གི་འདོད་པས་
འགྲོར་འགྱུར་བ། །དེ་ཕྱིར་ཡོན་ཏན་རྗེ་བོ་ལ། །གཤིན་པའི་བུད་མེད་ཤིན་ཏུ་དཀོན། །འདིར་སྨྲས་པ། ལང་ཚོ་ལ་བབ་པས་ན་ཚོད་དང་པོ་ལ་འདོད་པ་ཉེ་བར་བསྟེན་པར་བསྟན་ལ། ཉེ་བར་བསྟེན་པ་ཇི་ལྟ་བ་བཞིན་གནས་པ་རྣམས་ནི་བྱ་བ་མ་ཡིན་པར་བྱེད་པར་ཡང་མི་འགྱུར་
Vol. 103 · folio 67a
རོ། །བཤད་པར་བྱ་སྟེ། སེམས་དང་བཅས་པ་སུ་དག་ཁྱི་ལྟར་བུད་མེད་ཀྱི་ལུས་མི་གཙང་བ་ལ་མངོན་པར་ཞེན་ལ་གཞན་ཡང་དེར་འཛུད་ཅིང་། འཇིག་རྟེན་ལ་དོན་མ་ཡིན་པ་བྱེད་པ་རྣམས་ཀྱི་ཚིག་ལ་ཚད་མར་བྱེད་པར་འགྱུར། འདི་ལྟར་འདོད་
ཆགས་ཀྱི་ཆང་འཐུངས་པས་སྨྱོས་པ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་བྲལ་བ་བག་མེད་པ་སྤྱོད་ཅིང་དགེ་བའི་ཕྱོགས་མཐའ་དག་བཅོམ་པ། བུད་མེད་ཀྱི་སྐྱེ་བོའི་བསྒོ་བ་བཞིན་བྱེད་པ་འདི་དར་མའི་གནས་སྐབས་སུ་སྤྱོད་པ་རྗེས་སུ་གདུང་བར་བྱེད་པ་གང་སྤྱད་ཅིང་། དར་མ་རང་གིས་
བྱས་པ་དང་། དེ་ནི་རྒན་པོ་མི་འདོད་ན། །གང་གི་ཚེ་འདི་དབང་པོ་ཡོངས་སུ་སྨིན་ཅིང་ཁམས་ཡོངས་སུ་ཉམས་པ་ན་འདོད་ཆགས་བྲལ་བ་མ་ཡིན་ཡང་ཤེས་རབ་ཀྱིས་རང་གི་འདས་པའི་སྤྱོད་པ་རྣམ་པར་འབྱེད་པ་དེའི་ཚེ་རང་གིས་སྤྱད་པའི་སྡུག་བསྔལ་དེ་ངེས་པར་བསམས་ནས་རྗེས་
སུ་གདུང་བར་འགྱུར་རོ། །དེ་ལྟ་ཡིན་དང་། ཇི་ལྟ་བུར་ན་གྲོལ་བ་རྣམས། །དེ་ལ་ཤིན་ཏུ་གདུང་མི་འགྱུར། །གང་དུ་དེ་ཁོ་ན་ཉིད་མ་མཐོང་ཞིང་སྐད་ཅིག་ལ་ཉོན་མོངས་པའི་སྡུག་བསྔལ་ལོག་པའི་སྤྱོད་པ་ཡང་། ཡོངས་སུ་དགའ་བའི་རྒྱུར་མི་འགྱུར་བ་དེར་ཉོན་མོངས་པའི་
འཆིང་བ་མཐའ་དག་གྲོལ་ཞིང་། རབ་ཏུ་དང་ལ་རིང་པོ་གཟིགས་པ་རྣམས་ཀྱིས་མངལ་དང་སྨད་པ་དང་དཀའ་བ་རྣམས་བརྒྱ་ཕྲག་སྟོང་ངམ་རྒྱུན་མི་འཆད་པར་ཇི་ལྟར་མི་འགྱུར། དྲི་མ་རྣམས་ཀྱིས་བརྙོགས་པའི་སྤྱོད་པ་དེ་ནི་དེ་ལྟར་འདྲེས་པ་ཞིག་གོ། །མནའ་མ་རྟབས་ཏེ་
གྱོས་པོའི་སྐེ་ལ་བེའུ་བརྟོད་པ་བཞིན་ནོ། །རིགས་ཀྱི་མནའ་མ་འགའ་ཞིག་དུས་སྟོན་ལ་བབ་པ་ན་དགའ་སྟོན་ཉམས་སུ་མྱོང་བར་བྱའོ་སྙམ་སྟེ་རིངས་པ་རིངས་པར་ཁྱིམ་ནས་འབྱུང་བར་གྱུར་པས་བེའུ་ཡང་ཕྱིར་བྱུང་བར་གྱུར་པ་དང་། དེས་དེ་གྱོས་པོའི་སྐེ་ལ་བཏགས་སོ། །དེ་ལ་འདི་
ཅི་བྱེད་ཅེས་དྲིས་པ་དང་མཐོང་སྟེ། དེ་ཏེ་པོར་ངོ་ཚ་བར་གྱུར་པ་དེ་བཞིན་དུ་རེ་ཞིག་འདོད་པ་དེ་རྣམས་མི་བཟད་པ་ཉིད་དུ་མ་ཤེས་ནས་ལང་ཚོའི་ཚེ་གང་བྱས་པ་དེ་ལ་རྒན་པོ་མི་དགའ་ན། གང་དག་གིས་དངོས་པོའི་དེ་ཉིད་ཡོངས་སུ་ཤེས་པར་བྱས་པ་དེ་དག་གིས་དེ་ལ་སྤྱོད་པ་
Vol. 103 · folio 67b
ཆེས་གདུང་བར་ཇི་ལྟར་མི་འགྱུར་ཏེ། སྨོས་ཅི་དགོས། འདི་ནི་ཆེས་སྨད་པར་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདིར་བཤད་པ། རྨོངས་ལ་འབྱུང་པོས་བརླབས་གྱུར་པས། །འདོད་པའི་དབང་གིས་གང་བྱས་པ། །དེ་ནི་ན་ཚོད་ཡོངས་གྱུར་ལས། །ཡིད་གདུང་དཀའ་བ་སྐྱེད་པར་
བྱེད། །འདིར་སྨྲས་པ། བདེ་བ་འདི་ནི་འདོད་པའི་ཁམས་ན་མཆོག་ཡིན་ཏེ། གང་བུད་མེད་ཀྱི་བདེ་བའོ། །དེའི་རྒྱུ་ནི་བུད་མེད་ཡིན་ཏེ། དེའི་ཕྱིར་དེའི་དོན་དུ་གདོན་མི་ཟ་བར་བུད་མེད་ཡོངས་སུ་གཟུང་བར་བྱའོ། །བཤད་པར་བྱ་སྟེ། མ་ཆགས་པ་ལ་བདེ་མེད་ཅིང་། །དེ་ཡང་བླུན་
མིན་ལ་མེད་ན། །གང་ཡིད་རྟག་ཏུ་ཕྱིར་ཕྱོགས་པ། །དེ་ཡི་བདེ་བ་ཅི་འདྲ་ཞིག །འདིར་འདོད་པའི་ཁམས་ཀྱི་བུད་མེད་ཀྱི་བདེ་བ་གང་ཡིན་པ་དེ་ནི་མ་ཆགས་པ་མེད་ལ། གང་གི་ཚེ་ཆགས་པར་གྱུར་པ་དེའི་ཚེ་ནི་ཆགས་པས་ཆགས་པར་བྱ་བའི་དོན་དངོས་པོ་ལ་དེའི་རང་བཞིན་དུ་
འགྱུར་ཞིང་། འདོད་ཆགས་ཀྱང་དངོས་པོ་མ་ཡིན་པ་དངོས་པོར་བྱས་ནས་འཇུག་པས་གཏི་མུག་མེད་པར་མི་འབྱུང་ངོ་། །གང་གཏི་མུག་གིས་ཡུལ་གྱི་རང་གི་ངོ་བོ་མི་རིག་ཅིང་། རང་གི་རྣམ་པར་རྟོག་པས་བློ་ཕྲོགས་པ། འཁྲུལ་འཁོར་གྱི་མི་ལྟར་ཀུན་ཏུ་རྨོངས་པར་བྱས་པའི་
ཡུལ་གྱི་རང་གི་ངོ་བོ་ལ་སེམས་གཏད་དེ། དེ་ལས་གཞན་དུ་སེམས་གཡེངས་པས་ནི་ཡང་དག་པ་ཇི་ལྟ་བ་འགའ་ཡང་མི་ཤེས་ཏེ། མི་ཤེས་པ་དེས་ནི་བདེ་བ་སོ་སོ་ཡང་དག་པར་རིག་པར་མི་འགྱུར་རོ། །བདེ་བ་སོ་སོར་ཡང་དག་པར་རིག་པ་མེད་ན་ཡང་ཕྱིན་ཅི་ལོག་གི་རྟོག་པ་ཙམ་ཉིད་ལས་མ་
གཏོགས་པ་འདི་ལ་བདེ་བ་ཅུང་ཟད་ཀྱང་མི་འབྱུང་ངོ་། །དེ་ལ་བུད་མེད་ཀྱི་བདེ་བ་བསྐྱེད་པའི་ཕྱིར་གདོན་མི་ཟ་བར་བུད་མེད་ཡོངས་སུ་གཟུང་བར་བྱའོ་ཞེས་གང་སྨྲས་པ་དེ་ནི་མ་ཡིན་ཏེ། བྱིས་པ་རྒྱལ་པོའི་བཙུན་མོ་འདོད་པ་དང་། ཐག་པ་བཞིན་ནོ། །བྱིས་པ་འགའ་ཞིག་རྒྱལ་པོའི་བཙུན་
མོ་མཐོང་ལ། དེ་མཐོང་ནས་དེ་ལ་འདོད་ཆགས་ཀྱི་སེམས་ཆེར་སྐྱེས་ཏེ། དེའི་བྲན་མོ་ཞིག་བྱ་དགས་ཡང་དག་པར་བསྐངས་ནས་བདག་དང་ལྷ་ལྷན་ཅིག་སྤྲོད་པར་ནུས་སམ་ཞེས་སྨྲས་སོ། །དེས་སྨྲས་པ་ནུས་སོ། དེ་ནས་དེས་དོན་དེ་རྒྱལ་པོའི་བཙུན་མོ་དེ་ལ་ཞུས་པ་དང་། དེས་རྒྱལ་
Vol. 103 · folio 68a
པོའི་ཕོ་བྲང་འཁོར་ནི་ཤིན་ཏུ་བསྲུངས་པས་ཏེ། འོན་ཀྱང་གང་གི་ཚེ་ཡང་བཙུན་མོའི་རྒྱུ་བར་འགྱུར་བ་དེའི་ཚེ་དེའི་དོན་འདི་ནུས་པར་འགྱུར་གྱིས་ཞེས་སྨྲས་སོ། །དེ་ནས་བྲན་མོ་དེས་དོན་དེ་བྱིས་པ་དེ་ལ་གླེངས་པས་དེས་བུད་མེད་ཀྱི་ཆེད་དུ་ལོ་ཁྱུད་ཀོར་གྱི་
མཐར་ཐུག་པར་དྲི་དང་། བདུག་སྤོས་དང་། མེ་ཏོག་དང་། མེ་ཏོག་ཕྲེང་དང་། ཏམ་པོ་ལ་དང་། ཕྱེ་མ་ལ་སོགས་པ་བཙལ་བར་གྱུར་ལ། བཙུན་མོ་རྒྱུ་བ་ཉེ་བར་གནས་པ་ན་བྱིས་པས་སང་རྒྱལ་པོའི་བཙུན་མོ་དང་བདག་ལྷན་ཅིག་ཕྲད་པར་འགྱུར་རོ་ཞེས་རང་གི་བར་ཁང་ལེགས་པར་
འདུས་བྱས་སོ། །དེའི་ཉིན་མོ་བྱིས་པ་དེའི་མཁན་པོ་དག་གི་བ་ལང་བརླག་པས་དེ་དེའི་དོན་དུ་མངགས་སོ། །དེ་སོང་བ་དང་རྒྱལ་པོའི་བཙུན་མོ་བྱིས་པ་དེའི་ཁང་པར་ཕྱིན་ཏེ། སླར་ལོག་སྟེ་སོང་ངོ་། །ཇི་ལྟར་བྱིས་པ་ལོ་ཁྱུད་ཀོར་དུ་ཡིད་ཕྱིར་གྱུར་པ་དེ་ལ་སྡུག་བསྔལ་མཆོག་མངོན་པར་
འབྱུང་བ་དེ་བཞིན་དུ་འདོད་ཆགས་ཀྱིས་ཡིད་ཕྱི་རོལ་ཏུ་གྱུར་བའི་མི་རྣམས་བདེ་བ་ཐོབ་པ་ག་ལ་ཡོད། ཡང་ཐ་ག་བ་ཞིག་རྒྱལ་པོའི་བཙུན་མོ་དང་འཛོལ་ཏེ། འདོད་ཆགས་ཀྱིས་སྨྱོས་པར་གྱུར་ནས། ཀྭའི་ཁྱོད་ཀྱིས་ལྷ་མཐོང་ངམ། ཀྭའི་འོངས་སམ། ཀྭའི་ང་འདྲིའམ་ཞེས་རེ་རེ་
ལ་འདྲི་བར་གྱུར་ཏོ། །འདིར་བཤད་པ། ཆགས་རྨོངས་གང་ཞིག་བུད་མེད་ཀྱི། །བདེ་བར་མུན་པས་མིག་ཕྲོགས་པས། །དེ་ན་གནས་པ་མི་མཐོང་སྟེ། འཁྲུག་པའི་ཆུ་ལ་གཟུགས་བརྙན་འདྲ། །གཞན་ཡང་། གལ་ཏེ་བུད་མེད་ཀྱི་བདེ་བ་ལ་བུད་མེད་དང་ཕྲད་པས་འབྱུང་ལ། བུད་
མེད་མེད་པར་མི་འབྱུང་བས་དེའི་དོན་དུ་ཁྱོད་བུད་མེད་ཡོངས་སུ་འཛིན་པར་བྱེད་ན། ཅིའི་ཕྱིར། ཁྱོད་ལ་གུས་བཞིན་རྟག་པར་ནི། །མོ་དང་ལྷན་ཅིག་ཕྲད་པ་མེད། །ཇི་ལྟར་ཁྱོད་ཀྱི་བུད་མེད་ལོངས་སྤྱོད་པའི་གུས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པར་འཕེལ་བས་ཉིན་མཚན་
དུ་རྒྱུན་མི་འཆད་པར་འཕེལ་བ་དེ་ལྟར་ལོངས་སྤྱོད་ཀྱང་ཅི་སྟེ་མི་འཕེལ། དེའི་ཕྱིར་ཅིའི་དོན་དུ་ཡིད་ཙམ་ལོངས་སྤྱོད་པས་ཡོངས་སུ་དུབ་པའི་ཆགས་པ་ཅན་རྣམས་ཆགས་བྲལ་ལྟར་བུད་མེད་དག་ཡོངས་སུ་གཏོང་བར་བྱེད། དེའི་ཕྱིར་གུས་པ་ལྟར་བུད་མེད་ལོངས་སྤྱོད་པར་མི་ནུས་
Vol. 103 · folio 68b
པ་འདི་དག་གི །འདི་ངའི་གཞན་གྱི་མ་ཡིན་ཞེས། །ཡོངས་འཛིན་འདི་ཀོ་ཅི་ཞིག་ཡིན། །ལོངས་སྤྱོད་ཀྱི་ཕྱིར་ན་ཆུང་མ་ཡོངས་སུ་སྡུད་པ་གང་ཡིན་པ་དེ་མི་རིགས་ཏེ། དེ་ལོངས་སྤྱོད་པ་ལ་ནུས་པ་མེད་པའི་ཕྱིར་རོ། །འདི་བྱེད་ན་ཡང་སེར་སྣ་མེད་པའི་སྒོ་ནས་བྱ་བར་རིགས་ཀྱི།
ཡོངས་སུ་འཛིན་པ་འདི་ནི་བདག་གི་ཡིན་གྱི། གཞན་གྱི་མ་ཡིན་ནོ་ཞེས་དེ་ལྟར་རང་ལས་གཞན་པའི་སྐྱེས་བུས་སྤྱོད་པ་བཀག་པ་ནི་མི་རིགས་པ་ཉིད་དོ། །བདག་ལ་ཕན་འདོགས་པའི་ཆེད་དུ་ཡོངས་སུ་འཛིན་པའི་གཡེངས་པ་ལ་སྐྱོ་བ་བཟོད་ཀྱི། གང་ཞིག་བདག་ལ་ཕན་འདོགས་
པའི་ཆེད་དུ་མ་ཡིན་པ་དེ་གཞན་དག་ལ་མ་གྱུར་ཅིག་ཅེས་བྱ་བ་འདི་ནི་ཡོངས་སུ་འཛིན་པ་མ་ཡིན་གྱི། གཏི་མུག་གི་རྣམ་པར་འགྱུར་བ་ཞིག་སྟེ། བྲམ་ཟེ་མེ་དྲོད་ཉམས་པས་ཟན་ཡོངས་སུ་འཛིན་པ་དང་། རྒྱལ་པོ་བུད་མེད་མང་པོ་ཅན་ལ་གཏམ་བྱ་བ་དང་། ལོང་བས་མི་མཐོང་བ་བཞིན་
ནོ། །བྲམ་ཟེ་འགའ་ཞིག་མེ་དྲོད་ཞན་པས་ཟ་བར་མི་ནུས་པར་འགྱུར་ཞིང་། དེ་ལ་ཁ་ཟས་མང་ཞིང་གྱ་ནོམ་པ་གྲུབ་པར་གྱུར་ལ། ཅུང་ཟད་ཀྱང་གང་ལ་ཡང་སྦྱིན་པར་མི་འདོད་ཅིང་། ཆེར་ལེན་པར་ཡང་འགྱུར་བ་དང་། ཡང་ཇི་ལྟར་རྒྱལ་པོ་འགའ་ཞིག་ལ་ཕོ་བྲང་འཁོར་གྱི་ནང་ན་བུད་
མེད་བརྒྱ་ཕྲག་དུ་མ་ཡོད་པ་ལ། རྒྱལ་པོ་དེ་དེ་དག་དང་བྱ་བ་ཡང་མི་བྱེད་ཅིང་། གཞན་ལ་ཡང་མི་སྟེར་བར་གྱུར་ཏོ། །ནམ་ཞིག་ན་རྒྱལ་པོ་དེ་ལ་དགེ་སློང་ཞིག་གིས་ཅི་བུད་མེད་ཐམས་ཅད་ཀྱིས་བྱ་བ་བྱེད་དམ་ཞེས་དྲིས་པ་དང་། དེས་སྨྲས་པ་མ་ཡིན་ནོ། །དེ་ནས་དགེ་སློང་དེས་དེ་དག་
གཏང་བར་བྱ་བའི་ཕྱིར་རྒྱལ་པོ་དེ་ལ་ཆོས་དང་ལྡན་པའི་གཏམ་བྱས་པ་ལས་བཏང་བར་ཡང་གྱུར་ཏོ། །སྐྱེས་བུ་ལོང་བ་ཞིག་མིག་མེད་པའི་ཕྱིར་གཟུགས་ཀྱི་ཆེད་དུ་བུད་མེད་དག་ལ་གུས་པ་དང་ལྡན་པར་ཡང་མི་འགྱུར་ལ། དེ་ལྟ་ན་ཡང་བུད་མེད་འདི་དག་ནི་བདག་ཁོ་ནའི་ཡིན་གྱི་
གཞན་གྱི་ནི་མ་ཡིན་ནོ་ཞེས་ཡོངས་སུ་འཛིན་པར་བྱེད་དོ། །འདིར་བཤད་པ། སྐྱེ་བོས་གང་ལ་བྱ་ཡོད་པ། །དེ་དེ་གལ་ཏེ་མི་བྱེད་ན། །དེ་ཡོངས་འཛིན་པས་ཅི་དགོས་ཏེ། །ཡོངས་འཛིན་རྨོངས་པ་མ་ཡིན་ནམ། །འདིར་སྨྲས་པ། འཇིག་རྟེན་ན་ནི་འདོད་ཆགས་ལ་བདེ་བ་
Vol. 103 · folio 69a
ཞེས་བརྗོད་ལ། དེ་ནི་བུད་མེད་དང་སྦྱོར་བ་མེད་པར་མི་འབྱུང་བ་དེའི་ཕྱིར་དགོས་པའི་དོན་དུ་གདོན་མི་ཟ་བར་བུད་མེད་དག་འདོད་པར་བྱའོ། །བཤད་པར་བྱ་སྟེ། གལ་ཏེ་འདོད་ཆགས་བདེ་ཡིན་ན། །བུད་མེད་དག་གིས་དགོས་མེད་འགྱུར། །བདེ་བ་དོར་བྱ་ཞེས་
བྱ་བར། །ཇི་ལྟར་ཡང་ནི་མ་མཐོང་ངོ་། །གལ་ཏེ་འདོད་ཆགས་བདེ་བ་ཡིན་ན་ནི། །འདིར་བུད་མེད་དག་གིས་དགོས་པ་མེད་པར་འགྱུར་ཏེ། བདེ་བ་ཞེས་བྱ་བ་ནི་སྐྱོན་མེད་པའི་ཕྱིར་ནམ་ཡང་དོར་བར་བྱ་བར་མི་འདོད་དོ། །གང་གི་ཕྱིར་འདོད་ཆགས་ནི་དུག་ལྟར་འགལ་ཟླའི་དུག་བུད་མེད་ཀྱིས་སླར་
འཇོམས་པར་བྱེད་པ་དེའི་ཕྱིར། འདོད་ཆགས་བདེ་བ་ཡིན་ནོ་ཞེས་བྱ་བར་མི་རིགས་ཏེ། བྲུ་བ་ཚ་བས་ཟས་ཡོངས་སུ་དོར་བ་བཞིན་ནོ། །རིགས་ཀྱི་བུ་མཆོག་ཏུ་བཀྲེན་བ་འགའ་ཞིག་བྲུ་བ་ཚ་བས་གནོད་པར་གྱུར་ཏེ། མཚན་མོ་ཁྱིམ་འགའ་ཞིག་ཏུ་ཞུགས་ལ། དེས་དེར་སྣོད་འགའ་
ཞིག་ཏུ་ཐལ་བ་མཐོང་ཞིང་། གཞན་དུ་ཆུ་མཐོང་ངོ་། །དེས་ཕྱེར་འདུ་ཤེས་ནས་ཐལ་བ་དེ་སྦྲུས་ཏེ་ཟོས་ཤིང་། བྲུ་བ་ཚ་བ་དང་བྲལ་བ་དང་ཐལ་བའོ་སྙམ་དུ་ཤེས་པར་གྱུར་ཏོ། །དེ་དེ་ཉིད་ཀྱིས་སྐྱོ་བར་གྱུར་ནས་ཟས་ཡོད་ཀྱང་བོར་ནས་ཕྱིར་བྱུང་ངོ་། །ཁྱིམ་བདག་གིས་འདི་ཅི་ཡིན་
ཞེས་ཀྱང་དྲིས་ལ། དེས་ཀྱང་སྨྲས་སོ། །དེ་ནས་དེས་རྫས་མང་པོ་ལ་བཀོད་ལ། རྨག་པ་ཉིད་དུ་ཡང་ངོ་། །དེ་བཞིན་དུ་གལ་ཏེ་འདོད་ཆགས་བདེ་བ་ཡིན་ན་འདི་དོར་བར་མི་འགྱུར་བ་ཞིག་གོ། །འདིར་བཤད་པ། གང་ཕྱིར་དུག་ལྟའི་འདོད་ཆགས་ཀྱི། །ཟླ་རལ་དུག་མཚུངས་
བུད་མེད་རྣམས། །དེ་ལྟར་ཕོས་བསྟེན་བྱ་དེའི་ཕྱིར། །དེ་ལ་བདེ་བ་ག་ལ་ཡོད། །འདིར་སྨྲས་པ། སྦྱོར་བས་བདེ་བ་འབྱུང་ལ། དེའི་རྒྱུ་ནི་བུད་མེད་ཡིན་པ་དེའི་ཕྱིར་ཡང་བདེ་བ་བུད་མེད་ལས་སྐྱེས་པ་ཡིན་ནོ། །བཤད་པར་བྱ་སྟེ། བུད་མེད་ལྷན་ཅིག་སྦྱོར་ན་ཡང་། །བདེ་བ་གཞན་
ལས་སྐྱེ་འགྱུར་ན། །དེ་རྒྱུ་མཛའ་མོ་ཉིད་ཡིན་ཞེས། །བླུན་པོ་མིན་པ་སུ་ཞིག་འཛིན། །འདིར་སྐྱེས་བུ་རྣམས་བུད་མེད་དང་ལྷན་ཅིག་ཕྲད་པར་འགྱུར་མོད་ཀྱི། དེ་ལྟ་ན་ཡང་བུད་མེད་དང་སྦྱོར་བ་ཙམ་དེར་བདེ་བའི་རྒྱུ་མ་ཡིན་ནོ། །འདི་ལྟར་འདོད་ཆགས་དང་བྲལ་བ་
Vol. 103 · folio 69b
མ་ཡིན་ཡང་བསླབ་པ་ལ་གུས་པར་བྱེད་པ་ཁ་ཅིག་དག་འདོད་པ་པོ་མ་ཡིན་བཞིན་དུ་བུད་མེད་དག་གིས་བཙན་ཐབས་ཀྱིས་ཡོངས་སུ་ལོངས་སྤྱོད་ལ། དེ་དག་ལ་མཛའ་མོ་བདེ་བའི་རྒྱུར་ཡང་མི་འགྱུར་རོ། །གལ་ཏེ་བུད་མེད་དང་སྦྱོར་བ་བདེ་བའི་རྒྱུར་འགྱུར་ན་དེའི་ཚེ་འདོད་པ་དང་
བཅས་པ་དང་འདོད་པ་མེད་པ་ཐམས་ཅད་མེས་ཚིག་པའི་སྡུག་བསྔལ་ལྟར་ཁྱད་པར་མེད་པར་འགྱུར་བ་ཞིག་ན། དེ་ལྟར་ནི་སྲིད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་སྐྱེས་བུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ། མི་གཙང་བ་ལ་གཙང་བར་འདུ་ཤེས་ཤིང་སྡུག་བསྔལ་བ་ལ་བདེ་བར་
འདུ་ཤེས་པ་རྣམས་ཁོ་ན་ལ་ཕྱིན་ཅི་ལོག་དང་དབང་པོ་གཉིས་སྦྱོར་བ་ལ་བརྟེན་ནས་བདེ་བ་འབྱུང་བ་ན། རྐྱེན་དུ་མ་ཉེ་བ་ལས་བྱུང་སྟེ། སྦྱོར་བའི་བདེ་བ་ཀུན་ཏུ་རྟོག་པ་ལོག་པས་བསྐྱེད་པ་དེའི་རྒྱུ་བུད་མེད་ཁོ་ན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བླུན་པོ་མ་ཡིན་པ་སུ་ཞིག་སྟེ་མཁས་པ་སུ་ཞིག་འཛིན་
པར་འགྱུར། བླུན་པོ་ཁོ་ན་འཛིན་པར་འགྱུར་རོ། །བྱིས་པ་རང་གི་ཁྱིམ་ཐབ་ཀྱི་ལས་བྱེད་དུ་བཅུག་པས་མགུ་བ་བཞིན་ནོ། །བྱིས་པ་འགའ་ཞིག་ལ་རང་གི་ཁྱིམ་ཐབས་ཀྱིས་ཁྲུས་བྱ་ཡིས་ཆུ་འོན་ཅིག་ཅེས་སྨྲས་ལ། དེས་ཀྱང་བླངས་པར་གྱུར་ཏོ། །དེ་བཞིན་དུ་ཤིང་ལེན་པ་དང་།
ཆུ་སྲོ་བ་དང་། མཉེ་བ་དང་། སྣུམ་གྱི་དྲིལ་ཕྱིས་ཀྱིས་རིམ་གྲོ་དག་བྱེད་དུ་བཅུག་ཅིང་། དེས་ནི་ཕྱོགས་མ་ཡིན་པ་མཉེ་བ་ཙམ་ཞིག་བྱས་ལ། དེ་ཡང་དེ་ཙམ་གྱིས་ཡོངས་སུ་མགུ་སྟེ། དེ་བཞིན་དུ་འདོད་པའི་བདག་ཉིད་ཅན་རྣམས་བདག་ཉིད་ཀྱིས་ངལ་བ་ལ་རྩིས་མེད་པར་བྱས་
ནས་བདེ་བ་བུད་མེད་ལ་ཡོད་པ་ཁོ་ནར་རློམ་མོ། །འདིར་བཤད་པ། གང་ཕྱིར་རྒྱུ་རྐྱེན་ཚོགས་པ་ལས། །བདེ་བ་འབྱུང་བ་དེ་ཡི་ཕྱིར། །དེ་ཡི་རྒྱུ་ནི་གཅིག་མིན་པར། །དེ་ཉིད་རིགས་རྣམས་ཀྱིས་ཤེས་བྱ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་རྒྱུ་དུ་མས་འདོད་པ་སྨད་ན། ཅིའི་ཕྱིར་
ཆགས་པ་ཅན་ཡང་དང་ཡང་དུ་འདོད་པ་དག་བསྟེན། གང་གི་ཕྱིར་འདོད་པ་དག་བསྟེན་པའི་ཕྱིར་ན་འདི་ངེས་པར་འདོད་པ་ལས་སྐྱེས་པའི་བདེ་བས་བདེ་བ་དང་ལྡན་པར་འགྱུར་རོ། །བཤད་པར་བྱ་སྟེ། ངེས་པར། མཛེ་པོ་འཕྲུག་བཞིན་འདོད་ཆགས་ཀྱིས། །ལྡོངས་པས་འདོད་
Vol. 103 · folio 70a
པའི་སྐྱོན་མི་མཐོང་། །ཇི་ལྟར་གཡན་པ་ཚབས་ཆེན་པོས་ཐེབས་པའི་མཛེ་པོ་འཕྲུག་པ་ན། དེ་དང་ཉེ་བའི་སྡུག་བསྔལ་གྱིས་ནད་པར་གྱུར་པ་ཉིད་ཀྱི་ཕྱིར་གཡན་པའི་སྐྱོན་ཏེ། མེ་དབལ་གྱི་ཉེས་པ་དང་པགས་པ་ཤུས་པ་དང་། ཁྲག་དང་ཆུ་སེར་འཛག་པའི་
ཉེས་པ་མི་མཐོང་བར་ཡང་དང་ཡང་དུ་འཕྲུག་པར་བྱེད་ཀྱི། དེ་ལས་མི་ལྡོག་ལ། དེ་ལ་སྐྱོན་དུ་ལྟ་བར་ཡང་མི་འགྱུར་བ་དེ་བཞིན་དུ་འདོད་ཆགས་ཅན་ཡང་འདོད་པའི་གཡན་པས་ཟིལ་གྱིས་མནན་པས་འདོད་པ་དག་ལ་སྐྱོན་དུ་མི་མཐོང་ཞིང་། ཡང་དང་ཡང་དུ་འདོད་པའི་བདེ་བ་
ཉེ་བར་ལོངས་སྤྱོད་ཀྱི། དེ་ལས་ལྡོག་པ་ཡང་མ་ཡིན་ལ། འདོད་པ་དག་ལ་མི་གཙང་བའི་སྐྱོན་དུ་ལྟ་བར་ཡང་མི་འགྱུར་རོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། །ཆགས་བྲལ་རྣམས་ལ་མཛེ་པོ་ལྟར། །ཆགས་ཅན་སྡུག་བསྔལ་ལྡན་པར་སྣང་། །གང་གི་ཕྱིར་འདོད་ཆགས་
ཀྱི་གཡན་བའི་སྐྱོན་ལས་གྲོལ་བའི་འཕགས་པ་འདོད་ཆགས་དང་བྲལ་ཞིང་། འདོད་པ་དག་ལས་ཆགས་པ་དང་བྲལ་བ་གང་དག་ཡིན་པ་དེ་དག་ལ་འདོད་ཆགས་ཅན་རྣམས་མཛེ་ཅན་ལྟར་སྡུག་བསྔལ་བར་གྱུར་པ་སྣང་བ་དེའི་ཕྱིར་ནམ་ཡང་ཆགས་པ་ཅན་བདེ་བར་གྱུར་པ་ཡིན་ནོ་
ཞེས་བྱ་བར་མི་རུང་སྟེ། རྒྱན་པོ་ལ་སོགས་པ་བསྟེན་པ་བཞིན་ནོ། །ཇི་ལྟར་རྒྱན་པོ་དང་ཆང་དང་འཕྲུག་པ་རྣམས་རྫས་དང་ལུས་ཟད་པའི་རྒྱུར་ཡང་དག་པར་གནས་པ་དེ་བཞིན་དུ་བུད་མེད་དང་གཉིས་སྤྲོད་པའི་འདོད་པ་བསྟེན་པ་ཡང་མ་ཡིན་ནོ། །འདིར་བཤད་པ། ཁྱི་ཕག་མི་
གཙང་ལ་ཇི་བཞིན། །དེ་བཞིན་འདོད་བདེ་མི་གཙང་དུ། །ཆགས་ཅན་བྱིང་བར་མཐོང་འགྱུར་ནས། །དེ་ལ་གཙང་སྦྲ་ཅན་སུ་དགའ། །འདིར་སྨྲས་པ། འདོད་པ་དག་ལ་མི་གཙང་བ་ཉིད་ཡོད་མོད་ཀྱི། །དེ་ལྟ་ན་ཡང་གང་དེར་འདོད་ཆགས་ལས་སྤྱོད་པ་རྣམ་པ་དུ་མར་འགྱུར་བ་
དེ་ནི་བདེ་བ་ཡིན་ནོ། །བཤད་པར་བྱ་སྟེ། མགོན་མེད་བཀྲེས་པས་ཉེན་རྣམས་ལ། །མུ་གེར་བྱ་བ་གང་འབྱུང་བ། །དེ་ནི་བུད་མེད་ཕྲད་པའི་ཚེ། །ཆགས་ཅན་ཀུན་གྱིས་གཡོ་བ་ཡིན། །ཇི་ལྟར་མུ་གེ་ཆེ་བའི་དུས་ན་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་མངོན་པར་བཅོམ་
Vol. 103 · folio 70b
ཞིང་དབུལ་བ། གཉེན་གྱི་སྐྱེ་བོ་ཡོངས་སུ་ཟད་ཅིང་མགོན་མེད་པ་ལ་ཟས་རྙེད་པར་དཀའ་བ། ནོར་ཅན་དག་ལ་ཆེས་ཕོངས་པའི་ལུས་ཀྱི་བྱ་བ་དང་། ངག་ཏུ་སྨྲ་བ་དང་། ཕྱུག་པོ་ཤིན་ཏུ་བརྩེ་བ་མེད་པ་དག་གིས་ལན་བརྒྱར་བརྙས་སུ་ཟིན་ཀྱང་འདི་དག་བདག་ཅག་ལ་ཕྱིས་ཅུང་
ཟད་སྟེར་བར་འགྱུར་རོ་སྙམ་དུ་སླར་རེ་བ་རྣམས་ལ་བརྙས་པའི་གནས་དེ་མི་གཏོང་བ་ན་ཉོན་མོངས་པའི་གཡོ་བ་ཅི་འདྲ་བ་མཐོང་བ་དེ་འདྲ་བའི་གཡོ་བ་ནི་ཆགས་པ་ཅན་བུད་མེད་དང་སྦྱོར་བ་མངོན་པར་འདོད་པ། སྐྱེ་བོ་ན་ཆུང་དང་བ་ལྷུར་བྱེད་པ། །དེའི་རྐྱེན་ཅན་མགོར་རྟིང་པས་བརྡེག་པ་དང་།
མཆིལ་ཐོར་དང་། ཐ་ལ་ལྕག་བཏབ་བའི་བརྙས་ཆོས་རྣམ་པ་དུ་མ་སྲོན་ཞིང་། ང་རྒྱལ་དང་བྲལ་བ་འདོད་པ་ཉེ་བར་ལོངས་སྤྱོད་པའི་རེ་བས་ལྡོངས་པ་རྣམས་ལ་ཡང་མཐོང་ངོ་། །གང་གི་ཕྱིར་འདི་དེ་ལྟ་ཡིན་པ་དེའི་ཕྱིར་བུད་མེད་དང་ཕྲད་ན་ཆགས་པ་ལ་སྤྱོད་པ་གང་དུ་འགྱུར་བ་དེ་ནི་བདེ་བ་
ཡིན་ནོ་ཞེས་བྱ་བ་མི་འཐད་དེ། བཙོན་རར་ཆུད་པ་བ་ལང་གི་ལྕི་བའི་ཁུ་བ་དོན་དུ་གཉེར་བ་བཞིན་ནོ། །དཔེར་ན་བཙོན་རར་ཆུད་པ་འགའ་ཞིག་ལྕི་བའི་ཆུ་མངོན་པར་འདོད་པ་དེ་བཞིན་དུ་འདོད་ཆགས་ཅན་ཐམས་ཅད་སྟོད་རའི་ཚིག་དག་གིས་བུད་མེད་རྣམས་ལ་འདོད་པའི་ལོངས་
སྤྱོད་དོན་དུ་གཉེར་བར་བྱེད་དོ། །འདིར་བཤད་པ། བུད་མེད་ཕྲད་ཚེ་ཚུལ་གང་དང་། །ཆགས་ཅན་རྣམས་ཀྱི་སྤྱོད་དེ་དག །ཐོས་པར་གྱུར་ནས་ཆགས་བྲལ་རྣམས། །འདི་ན་འཛེམ་པར་བྱེད་པར་འགྱུར། །འདིར་སྨྲས་པ། གང་གི་ཕྱིར་འདི་ནི་བདེ་བ་ལ་ཀུན་ཏུ་ཆགས་པས་བུད་
མེད་དག་ལ་འཛིན་པ་འབྱུང་ལ། དེའི་ཆེད་དུ་གཞན་དག་ལ་ཕྲག་དོག་པ་དེའི་ཕྱིར་བུད་མེད་ཀྱི་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། དྲེགས་པ་ཡིས་ནི་ཁ་ཅིག་ལ། །བཤང་ཁང་ལ་ཡང་ཆགས་སྐྱེ་ཞིང་། །བུད་མེད་ལ་ལ་ལ་ཆགས་པ། །འགའ་ཞིག་འགའ་ལ་ཕྲག་དོག་
བྱེད། །ཕྱུག་པོ་དབང་འབྱོར་པ་འགའ་ཞིག་དྲེགས་པས་བཤང་ཁང་རྟུག་པའི་སྣོད་ལ་ཡང་ཆགས་པར་འགྱུར་ལ། དེའི་ཆེད་དུ་གཞན་དག་ལ་ཕྲག་ཀྱང་དོག་གོ། །གང་གི་ཕྱིར་བུད་མེད་དག་ལ་ཀུན་ཏུ་ཆགས་པར་འགྱུར་བ་ཁོ་ན་དང་། ཕྲག་དོག་པ་འབའ་ཞིག་ཏུ་
Vol. 103 · folio 71a
མ་ཟད་ཀྱི། འོན་ཀྱང་བཤང་ཁང་ལ་ཡང་ཡིན་པ་དེའི་ཕྱིར་ཡང་བུད་མེད་དག་ལ་འདོད་ཆགས་པའི་ཕྱིར་དང་ཕྲག་དོག་ཡོད་པའི་ཕྱིར་བདེ་བ་ཡོད་དོ་ཞེས་བྱ་བ་དེ་ཡང་མ་ཡིན་ཏེ། སྐམ་པོ་རྩེ་མོའི་བྲན་མོ་ལ་ཆུ་གྲང་གི་ཕྲོག་བཞིན་ནོ། །རྒྱལ་པོ་སྐམ་པོ་རྩེ་མོ་དབང་
ཕྱུག་གི་དྲེགས་པས་དྲེགས་པ་འགའ་ཞིག་ཁྱོད་དང་ངའི་ཁྱད་པར་གང་ཡིན་པར་འགྱུར་ཞེས་ཕྲག་དོག་གི་སེར་སྣས་བྲན་མོ་ལ་བཏུང་བའི་དོན་དུ་ཆུ་ཡང་མ་གནང་ངོ་། །དེའི་ཕྱིར་དེ་ལྟར་འདོད་ཆགས་ནི་ཡོན་ཏན་དང་ལྡན་པ་དག་ཁོ་ན་ལ་ཡིན་པར་མ་ཟད་ཀྱི། དྲེགས་པས་ཡོན་
ཏན་མེད་པ་རྣམས་ལ་ཡང་འགྱུར་རོ། །འདིར་བཤད་པར་བྱ་སྟེ། གང་གི་ཕྱིར་ན་བུད་མེད་དང་། །བཤང་ཁང་མི་གཙང་གནོད་ཉིད་དེ། །དེ་ཕྱིར་དེ་ཉིད་ཤེས་པ་ཡིས། །དེ་ལ་འཁྲེན་པར་མི་བྱའོ། །འདིར་སྨྲས་པ། བཙོག་པར་རྟོག་པ་ན་གང་ལ་བདེ་བ་ཡོད་པ་དེ་དེ་ལ་
ཆགས་པར་རིགས་པ་ཉིད་དོ། །བཤད་པར་བྱ་སྟེ། མི་གཙང་བ་ལ་གཏི་མུག་ནི། །འབྱུང་བ་ཁྲོ་བ་འབྱུང་རིགས་ཀྱི། །རྣམ་པ་ཀུན་ཏུ་འདོད་ཆགས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །འགའ་ཞིག་ལ་མི་གཙང་བ་རྫིས་པས་གཏི་མུག་དང་ཁྲོ་བ་དག་འབྱུང་བར་རིགས་ཏེ། དེ་
མུན་པས་བསྒྲིབས་པས་ལྟ་བ་དང་བྲལ་བའི་ཕྱིར་མ་མཐོང་བ་ལ་གཏི་མུག་འབྱུང་བ་སྲིད་ཅིང་། དྲི་ང་བ་ཉིད་ཀྱིས་ན་གནོད་པ་ཉེ་བའི་ཕྱིར་ཁྲོ་བ་འབྱུང་བ་ཡང་སྲིད་ཀྱི། རྗེས་སུ་མི་མཐུན་པའི་ཕྱིར་འདོད་ཆགས་འབྱུང་བ་ནི་མི་རིགས་པ་དེ་ལྟར་བུད་མེད་ཀྱི་ལུས་མི་གཙང་བ་ལ་ཡང་ཕྱིར་བཅོ་
བས་བཀག་པའི་ཕྱིར་གཏི་མུག་དང་དྲི་ང་བ་ཉིད་ཀྱིས་ཁྲོ་བ་ཡང་འབྱུང་བར་རིགས་ཀྱི། འདོད་ཆགས་འབྱུང་བར་ནི་རྣམ་པ་ཐམས་ཅད་དུ་མི་རིགས་ཏེ། མི་གཙང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་གང་བདེ་བ་ཡོད་པས་ཆགས་པར་རིགས་སོ་ཞེས་འདོད་པ་དེ་མ་ཡིན་ནོ། །མཚན་
མོར་མི་གཙང་བ་མནན་པ་བཞིན་ནོ། །འགའ་ཞིག་གིས་མཚན་མོར་རྐང་པ་གཉིས་ཀྱིས་མི་གཙང་བ་མནན་པར་གྱུར་ལ། དེས་དེ་མཐོང་ནས་དེ་འཁྲུགས་པར་གྱུར་ཅིང་། ཕྱིས་ཆགས་པར་གྱུར་ཏོ། །དེ་ལ་གཞན་གྱིས་ཁྱོད་ཀྱིས་ཅིའི་ཕྱིར་མི་གཙང་བ་མནན་ཞེས་དྲིས་པ་དང་།
Vol. 103 · folio 71b
དེས་མུན་པས་བསྒྲིབས་པའི་ཕྱིར་རོ་ཞེས་སྨྲས་སོ། །དེ་ནས་ཁྱོད་ཅི་སྟེ་འཁྲུགས། །སྨྲས་པ། རྗེས་སུ་མི་མཐུན་པའི་ཕྱིར་རོ། །དེ་ན་གང་དུ་རྒྱུ་མེད་པས་ཁྱོད་ཅིའི་ཕྱིར་ཆགས་པར་འགྱུར་ཞེས་བྱ་བ་འདིར་ཅི་ཞིག་སྨྲ་བར་བྱེད། དེ་ལྟར་ན་ལུས་མི་གཙང་བ་ལ་ཁྲོ་བ་དང་གཏི་
མུག་གཉིས་འབྱུང་བར་རིགས་ཀྱི། འདོད་ཆགས་ནི་རྣམ་པ་ཐམས་ཅད་དུ་མ་ཡིན་ནོ། །འདིར་བཤད་པ། དེ་ནི་ལྟ་བར་ཅི་ནས་ཀྱང་། །རིགས་མིན་སྣམ་པར་ག་ལ་ཞིག །དེ་ལ་ཆགས་པར་འགྱུར་ཞེས་པ། །ཨེ་མ་འཇིག་རྟེན་མུན་ཆེན་ཡིན། །འདིར་སྨྲས་པ། ལུས་ནི་མི་
གཙང་བ་ཡིན་མོད་ཀྱི། དེ་ལྟ་ན་ཡང་འཇིག་རྟེན་ན་སྐྱོན་ཅན་མ་ཡིན་པའི་ཕྱིར་སྨད་པར་བྱ་བ་མ་ཡིན་པ་ཉིད་དོ། །དེ་སྐད་དུ་ཡང་། བཞིན་ལས་བྲམ་ཟེ་རྣམས་གཙང་ཞེས། །བུད་མེད་རྣམས་ནི་ཀུན་ལས་གཙང་། །ཞེས་སྨྲའོ། །མི་རྣམས་མ་རྟོགས་མི་གཙང་བའི། །སྣོད་མི་སྨད་པར་འབྱུང་
འགྱུར་ན། །གང་ལས་མི་གཙང་འབྱུང་འགྱུར་བ། །དེ་ནི་སྨད་པར་ཅིས་མི་སེམས། །ལུས་མི་གཙང་བ་ལས་བྱུང་ནས་སུན་ཕྱུང་བའི་སྣོད་རྣམས་ཀྱང་མཆོག་ཏུ་སྐྱོན་དུ་བརྩི་བར་འགྱུར་ན། གང་ལས་བར་མེད་པར་མི་གཙང་བའི་ཕུང་པོ་འཐོན་པ་དེ་གཙང་ངོ་སྙམ་དུ་སེམས་རྣལ་དུ་གནས་
པ་རྣམས་ཀྱིས་ཇི་ལྟར་རྟོགས། །དེའི་ཕྱིར་བུད་མེད་ཀྱི་ལུས་སྨད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །བུད་མེད་ཆོལ་ཟངས་ཐོགས་པ་མཐོང་བ་བཞིན་ནོ། །ཕྱུག་པོ་འགའ་ཞིག་ལ་ཆོལ་ཟངས་འཛིན་པའི་བུད་མེད་མཆོག་ཏུ་མཛེས་པ་ཞིག་ཡོད་པ་ལ། དེ་སྐྱེས་བུ་འདོད་པ་དང་ལྡན་
པ་རྣམས་ཀྱིས་དོན་དུ་གཉེར་ཞིང་བསྟེན་པར་གྱུར་ཏོ། །དེ་ནས་ནམ་ཞིག་དེ་ཆོལ་ཟངས་ཀྱིས་སྐྱུགས་པ་བླངས་ནས་ཕྱིར་བྱུང་བ་དང་། དེ་རྣམས་ཀྱིས་ཀྱང་མཐོང་བར་གྱུར་ལ། དེ་རྣམས་སྐྱོན་དུ་བགྲང་ཞིང་སྣ་བུག་བཀབ་ནས་དོང་བར་གྱུར་ཏེ། མི་གཙང་བ་དེ་ནི་ལུས་ལས་བྱུང་བ་ཁོ་
ན་ཡིན་ནོ། །དེ་བཞིན་དུ་བྱིས་པ་རྣམས་རང་གི་ལུས་ལ་གནས་པའི་མི་གཙང་བ་སྐྱོན་དུ་མི་ལྟ་ཞིང་། ལུས་ལས་ལྷུང་བ་མི་གཙང་བར་རློམ་མོ། །འདིར་བཤད་པ། ཆགས་རྨོངས་དེ་ཡི་རང་བཞིན་ཕྱིར། །ཚངས་པར་སྤྱོད་པའི་སྟོབས་ཕྱིར་ཡང་། །དེ་སུན་དབྱུང་མིན་ཞེས་བླུན་པོ། །
Vol. 103 · folio 72a
མཁས་པའི་ང་རྒྱལ་ཅན་རྣམས་སྨྲ། །འདིར་སྨྲས་པ། གང་ལས་དེར་སྐྱེས་བུ་གཙང་བར་ཆགས་པར་འགྱུར་བ། བུད་མེད་ཀྱི་ལུས་ལ་གཙང་བ་ཉིད་ཡོད་དེ། དེའི་ཕྱིར་ཡང་བུད་མེད་འགོང་བར་བྱ་བ་མ་ཡིན་ནོ། །བཤད་པར་བྱ་སྟེ། དངོས་པོ་
གཙང་བ་ཐམས་ཅད་ཀྱི། །ཐ་མ་གང་དུ་དམིགས་འགྱུར་བ། །དེ་ལ་གཙང་བར་ཡོད་དོ་ཞེས། །བློ་ལྡན་མི་ནི་གང་ཞིག་སྨྲ། །མེ་ཏོག་དང་། དྲི་དང་། གོས་དང་རྒྱན་ལ་སོགས་པ་དངོས་པོ་གཙང་བ་ཐམས་ཅད་ལུས་དང་ཕྲད་པ་ཉིད་ཀྱིས་མི་གཙང་བ་ཉིད་དུ་འགྱུར་ལ། གང་ལ་རེག་པས་
ཨ་ཀ་རུ་དང་། གླ་རྩི་དང་། གུར་ཀུམ་དང་། ཙནྡན་དང་། གོས་ལ་སོགས་པའི་དངོས་པོ་གཙང་བ་རྣམས་ལ་དེ་ལྟར་ཐ་མ་དམིགས་པ་དེ་ལ་གཙང་བ་ཉིད་ཡོད་དོ་ཞེས་བྱ་བར་མི་འཐད་དོ། །གང་གི་ཕྱིར་བློ་དང་ལྡན་པ་དག་དེ་ལ་སྨོད་པར་བྱེད་པ་དེའི་ཕྱིར། བུད་མེད་ཀྱི་ལུས་དེ་ལ་
གཙང་བ་ཉིད་ཡོད་དོ་ཞེས་བྱ་བ་མ་ཡིན་ཏེ། དེ་བཞིན་དུ་སྐྱེས་པའི་ལུས་ལ་ཡང་མི་གཙང་བ་ཉིད་མཚུངས་པར་བསམ་པར་བྱའོ། །གང་གཱའི་ཆུ་རྒྱ་མཚོར་འབབ་པ་བཞིན་ནོ། །དཔེར་ན་གང་གཱའི་ཆུ་རྒྱ་མཚོར་ཕྱིན་པ་ནི་རྒྱ་མཚོའི་ཆུ་བཞིན་ལན་ཚྭ་ཅན་དུ་འགྱུར་བ་ལྟར། དེ་
བཞིན་དུ་བཟའ་བ་དང་བགོ་བ་ལ་སོགས་པ་རྫས་གཙང་བ་ཐམས་ཅད་ཀྱང་ལུས་དང་ཕྲད་པ་ལས་ལུས་ལྟར་མི་གཙང་བར་འགྱུར་རོ། །འདིར་བཤད་པ། པདྨ་ཁ་དོག་ལྡན་ཞིང་དྲི་བསུང་ལྡན། །གཙང་བར་གྱུར་ཀྱང་གཞན་གྱིས་བསྣམས་པ་ཡིས། །སྐྱེ་བོ་དེ་ལ་མི་གཙང་བར་
འགྱུར་བ། །དེ་ཡི་ཕྱིར་ན་ལུས་ནི་མི་གཙང་འགྱུར། །འདིར་སྨྲས་པ། འདི་ན་གང་ཞིག་གཙང་བ་ཉིད་དུ་དྲེགས་པར་འགྱུར་རོ། །གལ་ཏེ་ལུས་གཙང་བ་ཉིད་དུ་མི་འགྱུར་ན་ནི་དེའི་ཚེ་དྲེགས་པར་མི་འགྱུར་བ་ཞིག་ན། འགྱུར་བ་ཡང་ཡིན་ཏེ། དེའི་ཕྱིར་ཡང་ལུས་ལ་གཙང་བ་
ཉིད་ཡོད་དོ། །བཤད་པར་བྱ་སྟེ། གང་ཞིག་བཤང་ཁང་ནང་འདུག་ཅིང་། །དེ་མེད་པར་ནི་མི་གནས་པ། །མི་གཙང་བ་ཡི་སྲིན་དེ་ལ། །རྨོངས་པས་དྲེགས་པ་སྐྱེ་བར་ཟད། །སྐྱེ་བཞིན་པ་གང་ཞིག་དང་པོ་མའི་མངལ་དུ་ཕོ་བ་དང་ལོང་ཀ་གཉིས་ཀྱི་བར་འཆག་ཁང་དང་
Vol. 103 · folio 72b
འདྲ་བར་བསྡད་ཅིང་། བཤང་བའི་ཁང་ཁྲུས་གནས་པར་བྱས་པ་མི་གཙང་བའི་སྲིན་བུ་དང་འདྲ་བ་དེ་ནི་འདིར་གཏི་མུག་ཁོ་ན་ལས་བདག་གཙང་ངོ་སྙམ་དུ་དྲགས་པར་འགྱུར་བ་འབའ་ཞིག་ཏུ་ཟད་དེ། བྱི་ཕོ་རྐྱག་ཁྲོན་དུ་བཅུག་པ་བཞིན་ནོ། །ཕྱུག་ཕྲུག་གཞན་གྱི་ཆུང་མ་ལ་འཕྱན་པ་
འགའ་ཞིག་གིས་གཞན་གྱི་ཁྱིམ་དུ་ཕྱིན་པ་དང་། དེ་གཟུང་ནས་བཤང་བའི་ཁྲོན་པར་བསྐྱུར་རོ། །དེ་དེར་བཤང་བ་དེས་སྲོག་བཙས་ཏེ་ནམ་ཞིག་ཆར་ཆེན་པོ་བབ་པས་བཤང་བའི་ཁྲོན་པའི་ངོས་ཞིག་པར་གྱུར་ཅིང་། དེ་ནས་དེ་བྱུང་བར་གྱུར་ལ། །གཉེན་གྱི་སྐྱེ་བོས་ཁྲིད་ནས་ཁྱིམ་
དུ་བཅུག་སྟེ། སྨན་པ་མཁས་པ་བཀུག་ནས་ཉི་མ་ཁ་ཅིག་གི་སྔ་མ་ཁོའི་སྟོབས་དང་ཁ་དོག་གི་ཚོགས་ལ་བཀོད་དེ། དེ་དུས་གཞན་ཞིག་ན་ལུས་བཀྲུས་ཤིང་ཉེ་བར་བྱུགས་ཏེ། ལམ་པོ་ཆེའི་དཀྱིལ་དུ་སོན་པ་ལ་མི་དབུལ་པོ་ཞིག་གིས་འདོད་རྒྱལ་དུ་གོས་ཡུགས་ཀྱིས་རེག་
པ་དང་། དེས་དྲེགས་པས་སྦོས་ཏེ་སྨད་པའི་གནས་སོ། །ཁྱོད་ཀྱི་གོས་ཐ་མལ་པ་འདིས་བདག་མི་གཙང་བར་བྱས་སོ་ཞེས་འདི་ལ་སྤྱོས་པར་གྱུར་ཏོ། །དེ་བཞིན་དུ་བྱིས་པའི་སྐྱེ་བོ་མི་གཙང་བས་ལྟོ་བ་བཀང་བ་ཡང་ཟླ་བ་དགུ་འམ་ཟླ་བ་བཅུར་མའི་མངལ་དུ་མི་གཙང་བས་གནས་པར་
བྱས་ནས་མི་གཙང་བའི་སྒོ་ནས་བྱུང་སྟེ་མི་གཙང་བའི་སྲིན་བུར་གྱུར་ནས་རྨོངས་པས་སླར་ཡང་ལོངས་སྤྱོད་དང་། གཙང་སྦྲ་དང་། གཟུགས་དང་སྟོབས་ལ་སོགས་པ་རྣམས་ཀྱི་སྒོ་ནས་དྲེགས་པ་བསྐྱེད་དོ། །འདིར་བཤད་པ། སུན་དབྱུང་མིན་ཞེས་སྨྲས་ན་ཡང་། །ལུས་འདིར་གཙང་
བ་ཡོད་མིན་ཏེ། །དེ་ལྟའི་ས་བོན་གནས་ཟས་དང་། །དྲི་ང་བ་དག་ཟག་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་ལུས་ལ་གཙང་བ་ཉིད་ཡོད་པར་མ་གྱུར་ན་ནི། མི་གཙང་བ་སྤོང་བར་བྱེད་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་མི་གཙང་བ་ཡོངས་སུ་སྤོང་བར་ཡང་བྱེད་དེ་དེའི་ཕྱིར་
ཡང་གཙང་བ་ཉིད་ཡོད་དོ། །བཤད་པར་བྱ་སྟེ། ཐབས་གང་གིས་ཀྱང་ལུས་ཀྱི་ནི། །ནང་ཕུགས་གཙང་བར་མི་འགྱུར་ན། །ཁྱོད་ནི་ནང་ལ་འབད་བྱེད་པ། །དེ་ལྟར་ཕྱི་རོལ་ལ་མ་ཡིན། །ཆུའི་བསང་གཏོར་དང་། ཁྲུས་དང་། བྱུག་པ་དང་། གསང་སྔགས་ཀྱིས་
Vol. 103 · folio 73a
བསང་བ་ལ་སོགས་པ་རྣམས་དུས་ཤིན་ཏུ་རིང་པོར་བསྟེན་ཀྱང་ལུས་ཀྱི་ནང་བཀྲུ་བར་མི་ནུས་སོ། །དེའི་ཕྱིར་ནང་ནས་འཛག་པའི་མི་གཙང་བས་སུན་དབྱུང་བའི་ལུས་ལ་གཙང་བ་ལྟ་ག་ལ་ཡོད། གཞན་ཡང་གནས་གང་དག་གི་ནང་ནས་མི་གཙང་འབྱིན་པར་
བྱེད་པ་དེ་དག་ཉིད་ལ་འདི་ཉེ་བར་ལོངས་སྤྱོད་པའི་རེ་བ་འཆའ་སྟེ། དེ་ལ་ནི་ཁྲུས་ལ་སོགས་པ་རྣམས་ཀྱི་བྱ་ས་མེད་དོ། །དེའི་ཕྱིར་དེ་ལྟར་ན་མི་གཙང་བའི་རང་བཞིན་གྱི་ལུས་ལ་གཙང་བ་ཉིད་ག་ལ་ཡོད་དེ། གྲོང་བའི་མཛའ་བཤེས་འཆག་ཁང་གི་སླར་བསྐོས་པ་མཐོང་བ་དང་། ཅེ་སྤྱང་
གི་པ་ལ་ཤའི་མེ་ཏོག་བཞིན་ནོ། །གྲོང་པ་འགའ་ཞིག་གི་མཛའ་བཤེས་ཞིག་རྒྱལ་པོས་འཆག་ཁང་གི་སླར་བྱས་ལ། མཛའ་བཤེས་དེས་དེ་ནམ་ཞིག་ན་སྐྱང་ནུལ་དང་བདུག་སྤོས་ལ་སོགས་པ་དག་གིས་འཆག་ཁང་ལ་གཙང་སྦྲ་བྱེད་པ་མཐོང་བས། དེ་ལ་དེས་བགད་ནས་འདི་
ནམ་གཙང་བར་འགྱུར་ཞེས་སྨྲས་པ། དེ་བཞིན་དུ་མི་མཁས་པ་རྣམས་བཟའ་བ་དང་བཏུང་བ་དྲི་ཞིམ་པོ་དག་གིས་ཁོང་ནས་ལུས་ལ་གཙང་སྦྲ་བྱེད་པ་འདོད་པ་ཡང་མཁས་པ་རྣམས་ཀྱིས་བཞད་གད་དུ་བྱེད་དོ། །ཡང་ཅེ་སྤྱང་གཉིས་ཤིང་པ་ལ་ཤའི་འོག་ན་གནས་པར་གྱུར་པ་དང་།
དེ་ལ་གཅིག་ནི་མེ་ཏོག་ལྷུང་བར་གྱུར་པ་ལ་གནས་ནས་འདི་དག་ཐམས་ཅད་ཀྱང་གོར་མ་ཆག་པར་རྣམ་པ་དེ་ལྟ་བུ་ཡིན་ནོ་སྙམ་སྟེ་ཇི་ལྟར་འདོད་པ་བཞིན་དུ་སོན་པར་གྱུར་ཏོ། །གཉིས་པ་ནི་པ་ལ་ཤའི་མེ་ཏོག་ལྷུང་བ་གང་ཡིན་པ་དེ་ནི་ཤ་མ་ཡིན་གྱི། གང་པ་ལ་ཤ་ལ་གནས་པ་དེ་ནི་ཤ་ཡིན་ནོ་
ཞེས་དེ་སྙམ་དུ་འགྱུར་རོ། །དེ་བཞིན་དུ་མི་མཁས་པ་རྣམས་ཀྱང་གང་ལུས་ལ་བྱུང་བ་དེ་ནི་མི་གཙང་གི་གང་གནས་པ་དེ་ནི་གཙང་ངོ་སྙམ་དུ་རློམ་མོ། །འདིར་བཤད་པ། གང་ཕྱིར་ལུས་འདི་མངལ་ནས་ནི། །བཟུང་སྟེ་མི་གཙང་རང་བཞིན་ཉིད། །དེ་ཕྱིར་གཙང་བར་བྱ་བ་
ནི། །མི་ནུས་མི་གཙང་ཇི་བཞིན་ནོ། །འདིར་སྨྲས་པ། གང་གི་ཕྱིར་བུད་མེད་ཀྱི་ལུས་གཅིན་ཅན་ཡིན་ཡང་དྲང་སྲོང་བུད་མེད་ཀྱི་བདེ་བའི་ལོངས་སྤྱོད་འདོད་པ་དཀའ་ཐུབ་ཆེན་པོ་ཅན་རྣམས་ཀྱིས་ཀྱང་ཡོངས་སུ་མི་སྤོང་སྟེ། དེའི་ཕྱིར་བུད་མེད་དག་སྤང་བར་བྱ་བ་མ་ཡིན་ནོ། །
Vol. 103 · folio 73b
བཤད་པར་བྱ་སྟེ། གལ་ཏེ་མཛེ་ཅན་བཞིན་དེ་ལྟར། །གཅིན་ཅན་ཀུན་ལ་མཚུངས་མིན་ན། །མཛེ་ཅན་ཇི་བཞིན་གཅིན་ཅན་ཏེ། །དེ་ལྟར་མི་ཀུན་གྱིས་སྤོང་འགྱུར། །གལ་ཏེ་ཆུ་དྲི་ང་བ་འཛག་པ་འདི་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་ན་ནི། ཇི་ལྟར་ཆུ་སེར་ཟགས་པ་
མྱགས་པས་ལུས་རྣམ་པར་མྱགས་ཤིང་། །བརྙོགས་ལ་རུལ་བ་ཉིད་ཀྱི་ཕྱིར་ན་མཛེ་ཅན་གཙང་སྦྲ་འདོད་པ་རྣམས་ཀྱིས་སྤོང་བ་དེ་བཞིན་དུ་མི་གཙང་བ་ཟག་པའི་ལུས་ཀྱང་ཡོངས་སུ་སྤོང་བར་འགྱུར་བ་ཞིག་ན། ཐུན་མོང་ཉིད་ཡིན་ན་གང་གིས་གང་སྤོང་བར་བྱེད། འདི་ལྟར་སྡུག་
བསྔལ་ཐུན་མོང་བ་ནི་དེའི་རྒྱུས་སྨོད་པ་ན་མཛེས་པར་མི་འགྱུར་རོ། །གལ་ཏེ་དེ་ལྟར་གཅིན་ཅན་ཐུན་མོང་བ་ཉིད་ཡིན་པ་དེ་བཞིན་དུ་མཛེ་ཡང་ཡིན་པར་གྱུར་ན་ནི་དེའི་ཚེ། ཇི་ལྟར་གཅིན་ཅན་མི་སྤང་བ་དེ་བཞིན་དུ་མཛེ་ཅན་ཡང་མི་སྤོང་བར་འགྱུར་བ་ཞིག་ན། ཐུན་མོང་མ་ཡིན་པ་འགྱུར་བ་
ཉིད་ཀྱི་ཕྱིར། མཛེ་ཅན་ནི་སྤོང་གི །གཅིན་ཅན་ནི་མ་ཡིན་ཏེ། ཐུན་མོང་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་གཅིན་ཅན་ཡང་སྐྱོན་མེད་པར་འགྱུར་ན་ནི། ཅིའི་ཕྱིར་མི་ཐམས་ཅད་དེ་ལྟ་དེ་ལྟར་མཚུངས་པར་འགྱུར་ཏེ། གང་གི་ཕྱིར་འབྲུ་མར་གྱི་སྣོད་དུ་སྦྲང་མ་ལྟར་ལ་ལ་དག་དེར་བྱིང་གི་
ལ་ལ་དག་ནི་ལྕགས་ཀྱི་ཐུ་ལུམ་འབར་བ་ལ་སྦྲང་བུ་དག་བཞིན་དུ་དེའི་སྐྱོན་མཐོང་བའི་ཕྱིར། དེ་ལ་ཡིད་འབྱུང་བར་འགྱུར་ཏེ། དེའི་ཕྱིར་དེ་ལ་མཐོང་བ་མི་མཐུན་པས་དྲང་སྲོང་རྣམས་ཀྱིས་ཡོངས་སུ་མི་སྤོང་ངོ་། །དེའི་ཕྱིར་བུད་མེད་ཀྱི་ལུས་སྤང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་དེ་མ་
ཡིན་ཏེ། སྨྱོ་ཆུའི་ཆུ་ཡོངས་སུ་སྤོང་བ་དང་སྐེ་ལྦ་ཅན་གྱི་ཡུལ་དུ་ཕྱིན་པའི་མི་བཞིན་ནོ། །རྒྱལ་པོ་འགའ་ཞིག་ལ་ལྟས་མཁན་རྣམས་ཀྱིས་ཆར་འབབ་པར་འགྱུར་ལ། གང་ཞིག་ཆུ་དེས་བྱ་བ་བྱེད་པར་འགྱུར་བ་དེ་ནི་སྨྱོན་པར་འགྲོ་བར་འགྱུར་རོ་ཞེས་ཞུས་པ་དང་། དེ་ནས་རྒྱལ་
པོ་དེས་རང་གི་དོན་དུ་ཁྲོན་པ་གཡོགས་ལ་ཆར་དེ་ཡང་འབབ་པར་གྱུར་ཏོ། །དེ་ནས་ཡུལ་མི་དེ་ཆུ་དེས་བྱ་བ་བྱས་ནས་སྨྱོ་བར་གྱུར་ཀྱང་རང་བཞིན་གཅིག་ཉིད་ཀྱི་ཕྱིར་ན་བདག་ཉིད་ཁོ་ན་རྣལ་མར་གནས་ལ་རྒྱལ་པོ་སྨྱོ་བར་སེམས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་དོན་དེ་མཁྱེན་ནས་ང་ལ་སྨྱོན་པའོ་
Vol. 103 · folio 74a
ཞེས་བཏགས་ཏེ། བཞད་གད་དུ་བྱེད་པའམ་བརླག་པར་བྱེད་པར་འགྱུར་དུ་འོང་གིས་སྙམ་སྟེ་ཆུ་དེ་ཉིད་སྤྱད་པར་གྱུར་ཏོ། །དེ་བཞིན་དུ་གལ་ཏེ་གཅིག་ཁོ་ན་གཅིན་ཅན་ཡིན་ན་ནི་དེ་མཛེ་ཅན་བཞིན་ཡོངས་སུ་སྤོང་བར་འགྱུར་བ་ཞིག་ན། གང་གི་ཚེ་ཐམས་ཅད་ཁོ་ན་
གཅིན་ཅན་ཡིན་པ་དེའི་ཚེ་དེ་རྣམས་ལས་གང་དུ་གཙང་བར་འདུ་ཤེས་པར་འགྱུར་ལ། ཡང་ཡུལ་ལ་ལར་སྐྱེ་བོ་ཐམས་ཅད་སྐེ་ལྦ་བས་ཆགས་ཤིང་མཆོག་ཏུ་གཟུགས་ངན་པར་གྱུར་ལ། དར་གཞན་མཛེས་པ་ཞིག་སོན་པ་དང་། འདི་ནི་མཆོག་ཏུ་གཟུགས་ངན་ཞིང་། ཡན་ལག་མ་ཚང་
བ་ཞིག་གོ་ཞེས་དེ་དག་གིས་དེ་སྤངས་སོ། །འདིར་བཤད་པ། གལ་ཏེ་སྐྱོན་མེད་པ་ཡིན་ན། །འཇིག་རྟེན་ཀུན་ཀྱང་དེར་ཆགས་ན། །གང་ཕྱིར་སྐྱོན་ནི་ཡོད་པའི་ཕྱིར། །དམ་པ་རྣམས་ཀྱིས་དེ་སྤོང་འགྱུར། །འདིར་སྨྲས་པ། གང་ཞིག་ལང་ཚོ་ལ་བབ་པར་གྱུར་ཏེ་བུད་མེད་ན་ཆུང་འཚོག་
ཆས་ཐམས་ཅད་དང་ལྡན་པ་དགའ་བས་ཉེ་བར་ལོངས་མི་སྤྱོད་པ་དེ་གསོན་པའི་འཇིག་རྟེན་ན་མཆོག་ཏུ་བསླུས་པར་འགྱུར་ཏེ། འདི་ལྟར་དྲི་ཞིམ་པོའི་ངད་ཀྱིས་བསྒོས་པས་དེའི་མི་གཙང་བ་དེ་སེལ་བར་འགྱུར་ཏེ། དེའི་ཕྱིར་གཙང་བ་བསྟེན་པ་རྣམས་ལ་ཉེས་པ་མེད་དོ། །བཤད་པར་བྱ་སྟེ།
ཡན་ལག་ཉམས་པ་འགའ་ཞིག་ནི། །སྣ་ཡི་ཚབ་མས་དགའ་འགྱུར་ལྟར། །མི་གཙང་ཕྱིར་འཆོས་མེ་ཏོག་ལ། །སྩོགས་ལ་འདོད་ཆགས་དེ་བཞིན་འདོད། །ཇི་ལྟར་སྣ་རྡུམ་འགའ་ཞིག་བཅོས་མའི་སྣ་བསྲེལ་བ་ན་བདག་ཉིད་ཡན་ལག་ཚང་བར་རློམ་ཞིང་མགུ་བར་ཡང་འགྱུར་ཏེ། དེ་ནི་བྱིས་
པའི་རང་བཞིན་ཅན་ཉིད་ཀྱིས་ན་ལུས་ཀྱི་སྣ་བརྙན་གང་གིས་ངོ་ཚ་བར་བྱ་དགོས་པ་དེ་ཉིད་ཀྱིས་དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བྱིས་པའི་སྐྱེ་བོ་འདོད་པ་དག་ལ་རང་བཞིན་གྱིས་བརྐམ་པའི་རང་བཞིན་ཅན་ཡང་རྨོངས་པས་ལུས་ཀྱི་རང་བཞིན་མ་མཐོང་བ་ན་མི་གཙང་བའི་ཕྱིར་
འཆོས་པ་མེ་ཏོག་དྲི་ཞིམ་པོ་དང་། དྲི་དང་རྒྱན་ལ་སོགས་པ་དག་ལ་ཀུན་ཏུ་འདོད་ཆགས་པར་འགྱུར་ཞིང་། ཕྱིར་བཟློག་པ་དེས་བདག་དང་གཞན་གཙང་བར་སེམས་སོ། །མེ་ཏོག་ལ་སོགས་པ་དག་བསྲེལ་ཡང་སྒོག་པ་ལ་བྱ་བ་ལྟར་འདི་ལ་དྲི་ཕུལ་དུ་བྱུང་བ་གཏིང་ཚུགས་སུ་བསྒོ་བར་
Vol. 103 · folio 74b
ནི་མི་ནུས་ཏེ། བྱི་ལའི་སྣ་ལ་མར་གྱིས་བྱུགས་པས་རོ་མྱངས་པ་དང་གསེར་སྣ་མཐོང་བས་དགའ་བ་བཞིན་ནོ། །ཇི་ལྟར་བྱི་ལའི་སྣ་ལ་མར་གྱིས་བསྐུས་ནས་ཁ་ཟས་སྐྱ་བོའི་ཆང་བུ་བྱིན་པས་དེ་དེ་སྣུམ་དང་ལྡན་པར་སེམས་པ་དང་། ཡང་ཇི་ལྟར་སྣ་དང་བྲལ་བ་ཞིག་གསེར་གྱི་སྣ་བརྙན་
བྱས་ནས་དེ་མཐོང་སྟེ་དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བྱིས་པ་རྣམས་ཀྱང་མེ་ཏོག་དང་དྲི་ལ་སོགས་པ་དག་གིས་བཅོ་བ་བྱས་ནས་འདོད་ཆགས་སྐྱེད་པར་བྱེད་དོ། །འདིར་བཤད་པ། རྨ་དང་འདྲ་བའི་ལུས་པོ་ཡི། །རྨ་སྐུད་གྱུར་པ་དྲི་དང་ནི། །མེ་ཏོག་ཕྲེང་དང་གོས་སོགས་
ལ། །རྨོངས་པས་སྐྱེ་བོ་ཀུན་ཏུ་ཆགས། །འདིར་སྨྲས་པ། འདོད་ཆགས་ཀྱི་རྒྱུ་མེ་ཏོག་དང་དྲི་ལ་སོགས་པ་དག་ཡོད་དེ། གལ་ཏེ་ཡོད་པར་མ་གྱུར་ན་ནི་དེ་དག་གིས་སྐྱེ་བོ་འདོད་པ་དག་ལ་ཆགས་པར་མི་འགྱུར་རོ། །བཤད་པར་བྱ་སྟེ། གང་དུ་འདོད་ཆགས་བྲལ་སྐྱེ་བ། །དེས་
གཙང་ཞེས་བྱར་མི་རིགས་ལ། །ངེས་པར་འདོད་ཆགས་རྒྱུར་གྱུར་པའི། །དངོས་དེའང་གང་ནའང་ཡོད་མ་ཡིན། །དངོས་པོ་རང་བཞིན་གྱིས་གཙང་བ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ལ་རེ་ཞིག་མཐོང་བ་མ་ཉམས་པ་རྣམས་ནི་མི་གཙང་བ་ཟག་པས་མི་སྡུག་པར་མཐོང་བའི་ལུས་
ལ་ལྟ་བ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེའི་ཕྱིར་དེ་ལ་འདོད་ཆགས་དང་བྲལ་བའི་རྒྱུ་ཡིན་པའི་ཕྱིར་ན་བཤང་བའི་ཚོགས་ལྟར་ལུས་གཙང་བ་ཉིད་དུ་མི་འཐད་དོ། །མེ་ཏོག་དང་དྲི་ལ་སོགས་པ་དག་ཀྱང་ངེས་པར་འདོད་ཆགས་ཀྱི་རྒྱུ་ཉིད་དུ་མི་འཐད་དེ། དེ་ལ་ཡང་འདོད་
ཆགས་དང་བྲལ་བ་སྲིད་པའི་ཕྱིར་རོ། །འདི་ལྟར་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་རྣམས་དེ་དག་ལ་ཡང་འདོད་ཆགས་དང་བྲལ་བར་འགྱུར་རོ། །གཞན་ཡང་གང་ཞིག་ངེས་པར་འདོད་ཆགས་ཀྱི་རྒྱུར་འགྱུར་བ། གཙང་བ་ཞེས་བྱ་བ་ཅུང་ཟད་ཅིག་རང་བཞིན་
གྱིས་ཡོད་པ་ནི་མ་ཡིན་ཏེ། འདི་ལྟར་མེ་ཏོག་དང་དྲི་ལ་སོགས་པ་གཙང་བ་ཉིད་བསྙད་པར་ཡོངས་སུ་སྤྱད་པ་རྣམས་ལ་ཡང་གཞན་དུ་འགྱུར་བ་ལས་རྗེས་སུ་མི་མཐུན་པ་ཉིད་འབྱུང་ངོ་། །གལ་ཏེ་དེ་རྣམས་རང་བཞིན་གྱིས་གཙང་བ་ཉིད་དུ་འགྱུར་ན་ནི་དེའི་ཚེ་རྣམ་པ་གཞན་དུ་འགྱུར་
Vol. 103 · folio 75a
བར་མི་འགྱུར་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་ལ་རང་བཞིན་གྱིས་གཙང་བ་ཉིད་མེད་དོ། །གལ་ཏེ་མེ་ཏོག་དང་དྲི་ལ་སོགས་པའི་དངོས་པོ་རྣམས་ངེས་པར་འདོད་ཆགས་ཀྱི་རྒྱུར་འགྱུར་ན་ནི། ཐམས་ཅད་ཀྱང་ཐམས་ཅད་
ཀྱི་ཚེ་དེ་ལ་འདོད་ཆགས་བསྐྱེད་པར་འགྱུར་བ་ཞིག་ན། འདི་ནི་དེ་ལྟར་ཡང་མ་ཡིན་པས་མེ་ཏོག་ལ་སོགས་པ་རྣམས་འདོད་ཆགས་ཀྱི་རྒྱུར་མི་རུང་སྟེ། གཅིག་གིས་འདོད་པ་དང་མི་འདོད་པ་དང་བར་མར་མཐོང་བ་བཞིན་ནོ། །ཚོང་པ་འགའ་ཞིག་བུ་མོ་སྐྱེས་པའི་ཚེ་འགྲོན་ལ་སོང་ལ།
དེ་ཡང་དུས་གཞན་ཞིག་ན་འོངས་པར་འགྱུར་ཞིང་དེའི་བུ་མོ་དེ་ཡང་ལང་ཚོ་ལ་བབ་པ་ན་གྲོང་ཁྱེར་དེའི་ཕྱི་རོལ་དུ་སྐྱེད་མོས་ཚལ་དུ་བུ་མོ་རྣམས་དང་ལྷན་ཅིག་རྩེ་བར་གྱུར་ཏོ། །དེ་མཐོང་ནས་དེ་ལ་འདོད་ཆགས་དྲག་པོ་སྐྱེས་ལ། གང་གི་ཚེ་གཞན་ལས་འདི་ནི་ཁྱོད་ཀྱི་བུ་མོ་ཡིན་ནོ་ཞེས་ཐོས་
པ་དེའི་ཚེ་འདོད་ཆགས་དང་བྲལ་བ་བཞིན་དུ། གང་ངེས་པར་འདོད་ཆགས་ཀྱི་རྒྱུར་འགྱུར་བའི་དངོས་པོ་ནི་འགའ་ཡང་མེད་ལ། གང་དུ་འདོད་ཆགས་དང་བྲལ་བ་སྐྱེ་བ་དེ་ནི་མི་གཙང་བའོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །འདིར་བཤད་པ། གང་ཕྱིར་དེ་ཉིད་ལ་ཆགས་ཤིང་། །
དེ་ཉིད་ལ་ནི་ཆགས་བྲལ་བ། །དེ་ཡི་ཕྱིར་ན་འདོད་ཆགས་རྒྱུ། །ངེས་པར་གྲུབ་པ་ཡོད་མ་ཡིན། །དེའི་ཕྱིར་དེ་ལྟར་ན་ལུས་མི་གཙང་བ་ཡིན་ལ། ཇི་ལྟར་སྡུག་བསྔལ་བ་དང་མི་རྟག་པ་ཡིན་པ་དེ་ནི་གོང་དུ་བཤད་ཟིན་ཅིང་བདག་མེད་པ་ཉིད་ནི་སྟོན་པར་འགྱུར་ཏེ། འདི་
དག་ནི་ཕྱིན་ཅི་མ་ལོག་པ་བཞི་ཡིན་ནོ། །འདི་བསམ་པར་བྱ་སྟེ། ཕྱིན་ཅི་མ་ལོག་པ་བཞི་པོ་འདི་དག་དངོས་པོ་གཅིག་ལ་སྲིད་དམ། འོན་ཏེ་མ་ཡིན། བཤད་པར་བྱ་སྟེ། མདོར་ན་མི་རྟག་མི་གཙང་དང་། །སྡུག་བསྔལ་བ་དང་བདག་མེད་ཅེས། །བྱ་བ་བཞི་པོ་ཐམས་
ཅད་ནི། །གཅིག་ཉིད་ལ་ནི་སྲིད་པར་འགྱུར། །གང་འདུས་བྱས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་མི་རྟག་སྟེ། སྐད་ཅིག་མ་ཉིད་ཀྱི་ཕྱིར་རོ། །གང་མི་རྟག་པ་དེ་ནི་མི་གཙང་བ་སྟེ་སྐྱོ་བ་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །གང་མི་གཙང་བ་དེ་ནི་སྡུག་བསྔལ་ཏེ་གནོད་པ་བྱེད་པའི་ཕྱིར་
Vol. 103 · folio 75b
རོ། །གང་སྡུག་བསྔལ་བ་དེ་ཡང་བདག་མེད་པ་སྟེ། རང་དབང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་མདོར་བསྡུ་ན་དངོས་པོ་གཅིག་ཁོ་ན་ལ་ཕྱིན་ཅི་མ་ལོག་པ་བཞི་ཆར་ཡང་སྲིད་པར་འགྱུར་རོ། །འདི་དག་ནི་ཡོད་དུ་ཟིན་ཀྱང་བྱིས་པ་ཕྱིན་ཅི་ལོག་པར་གྱུར་པ་རྣམས་ཀྱིས་
ཡོངས་སུ་མི་གཅོད་ལ། དངོས་པོ་རྣམས་ལ་དེ་དག་ལས་བཟློག་པ་ཉིད་དུ་ཡོངས་སུ་རྟོག་གོ། །དེའི་ཕྱིར་ཤེས་རབ་ཅན་གྱིས་དངོས་པོ་རྣམས་ལ་མི་རྟག་པ་ཉིད་ལ་སོགས་པ་ཇི་ལྟར་གནས་པ་བཞིན་རྟོགས་པར་བྱས་ནས། རང་བཞིན་རྟོགས་པ་ལ་སེམས་ཡང་དག་པར་སྤྲོ་བར་
འོས་ཏེ། ཤ་ཟ་མོའི་རང་བཞིན་མཐོང་བས་འཇིགས་པ་བཞིན་ནོ། །སྐྱེས་བུ་འགའ་ཞིག་ལ་ཤ་ཟ་མོ་ཞིག་ཆུང་མའི་གཟུགས་ཀྱིས་རྣམ་པར་གནས་ལ། དེ་ལ་ཆུང་མ་ལྟར་ཉེ་བར་སྤྱོད་དོ། །གང་གི་ཚེ་ན་དེས་དེའི་རང་བཞིན་སྡུག་བསྔལ་བསྐྱེད་པ་དང་། མི་སྡུག་པ་ཉིད་དང་།
བསྒོ་བ་བཞིན་མི་བྱེད་པ་ཉིད་དང་། གཏན་དུ་བ་མ་ཡིན་པ་ཉིད་དུ་མཐོང་བ་དེའི་ཚེ་ན་འདི་ནི་བདག་གི་ཆུང་མ་མ་ཡིན་གྱི། འདི་ནི་ཤ་ཟ་མོའོ་སྙམ་དུ་འཇིགས་པར་འགྱུར་ཞིང་། དེའི་ཚེ་འདོད་ཆགས་དང་བྲལ་བར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཅན་རྣམས་འདུས་བྱས་ཀྱི་རང་བཞིན་
མཐོང་བ་ཉིད་ཀྱི་ཕྱིར་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདིར། འདུས་བྱས་གང་དེ་རྟག་མིན་ལ། །མི་རྟག་གང་དེ་གཙང་མིན་ཞིང་། །མི་གཙང་གང་དེ་སྡུག་བསྔལ་ཏེ། །སྡུག་བསྔལ་གང་དེ་བདག་མེད་དོ། །ཞེས་བཤད་དོ། །གང་ཕྱིར་ཕྱིན་ཅི་ལོག་བཞི་ཡང་། །
འདུས་བྱས་གཅིག་ལའང་སྲིད་འགྱུར་བ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །དངོས་པོ་མེད་པ་པར་འགྱུར་རོ། །ཞེས་བྱ་བའོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་མི་གཙང་བ་བསམ་པ་ཞེས་བྱ་བ་
གཙང་བར་ཕྱིན་ཅི་ལོག་པ་སྤོང་བའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།། །།འདིར་སྨྲས་པ། ཕྱིན་ཅི་ལོག་གསུམ་གྱི་སྤོང་བའི་ཐབས་བཤད་ཟིན་གྱིས། ད་ནི་བཞི་པ་སྤོང་བའི་ཐབས་བརྗོད་པར་བྱའོ། །བཤད་པར་བྱ་སྟེ།
Vol. 103 · folio 76a
བདག་གམ་བདག་གི་སྙམ་དྲེགས་པ། །སྲིད་པར་དམ་པ་སུ་ལ་འགྱུར། །གང་ཕྱིར་ལུས་ཅན་ཐམས་ཅད་ལ། །ཡུལ་རྣམས་ཐམས་ཅད་མཚུངས་ཕྱིར་རོ། །ངར་འཛིན་པ་དང་ང་ཡིར་འཛིན་པ་དག་ནི་རྒྱལ་པོ་ལ་ཀླགས་ཏེ། གནས་པས་དེ་
གཉིས་བཀག་པའི་སྒོ་ནས་ཕལ་ཆེར་རྒྱལ་པོ་ཁོ་ན་ལ་རྗེས་སུ་སྟོན་ཏོ། །དེ་ལ་བདག་ཏུ་འཛིན་པ་ནི་ང་ནི་མངའ་བདག་གོ་ཞེས་བདག་ཉིད་ལ་བསྟོད་པའི་ཁྱད་པར་ཡོངས་སུ་རྟོགས་པ་ལས་སྐྱེ་ལ། བདག་གིར་འཛིན་པ་ནི་ཡུལ་འདི་དག་ནི་བདག་གིའོ་ཞེས་བདག་གིར་བྱས་པའི་དོན་
དབང་དུ་གྱུར་པ་ཉིད་དུ་བརྟགས་པ་ལས་སྐྱེའོ། །དྲེགས་པ་ནི་དྲེགས་ཆོས་ཉིད་དེ་རྒྱགས་པ་ཞེས་བྱ་བའི་དོན་ཏོ། །སྲིད་པ་ནི་ལས་དང་ཉོན་མོངས་པ་ལ་རག་ལས་པ། སྐྱེ་བ་དང་འཆི་བ་བརྒྱུད་པས་འགྲོ་བ་ལྔར་ཡོངས་སུ་འཕྱེན་པའི་འཁོར་བ་སྟེ། དེ་ན་གནས་པའི་མཁས་པ་སུ་ལ་
ཡང་ངར་འཛིན་པ་དང་ང་ཡིར་འཛིན་པ་དག་གིས་དྲེགས་པ་འབྱུང་བར་འགྱུར། གལ་ཏེ་འགའ་ཞིག་ལ་འགའ་ཞིག་ཏུ་ཐུན་མོང་མ་ཡིན་པའི་དབང་པོ་ཉིད་ཡོད་ན་ནི། དེའི་ཚེ་བདག་ནི་ཡུལ་ཐམས་ཅད་ཀྱི་བདག་པོ་ཡིན་ལ་ཡུལ་དེ་དག་ཐམས་ཅད་ཀྱང་བདག་གིའོ་སྙམ་དུ་མཐོང་
བའི་ཕྱིར། འདིའི་དེ་ལ་དམིགས་པའི་དྲེགས་པ་རིགས་པར་འགྱུར་བ་ཞིག་ན། འདི་ནི་བྱིས་པ་འཁོར་བར་ཡོངས་སུ་གཏོགས་པ་ལ་སྲིད་པ་ཡང་མ་ཡིན་ནོ། །འདི་ལྟར་གཟུགས་ལ་སོགས་པ་ཡུལ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱི་མཐུན་གྱི་ལས་ཀྱིས་བསྐྱེད་
པ་ཞིག་གོ། །དེའི་ཕྱིར་ནགས་ཚལ་དང་ཁང་ཁྱིམ་ལ་སོགས་པ་ཐུན་མོང་བ་རྣམས་ལྟར་སེམས་ཅན་ཐམས་ཅད་ཀྱི་སྤྱི་མཐུན་གྱི་ལོངས་སྤྱོད་དག་ལ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ཡོངས་སུ་བཟུང་ནས་དྲེགས་པར་མི་རིགས་ཏེ། རྒྱལ་པོའི་ཟློས་གར་མཁན་
བཞིན་ནོ། །ཇི་ལྟར་རྒྱལ་པོའི་ཟློས་གར་མཁན་ཡུད་ཙམ་གྱིས་རྒྱལ་པོར་འགྱུར་ཞིང་། ཡུད་ཙམ་གྱིས་བློན་པོ་དང་བྲམ་ཟེ་དང་། ཁྱིམ་བདག་དང་། བྲན་དུ་འགྱུར་བ་དེ་བཞིན་དུ་རྒྱལ་པོ་ཡང་མི་བརྟན་པ་ཡིན་ཏེ། འགྲོ་བ་ལྔའི་ལྟད་སར་ཟློས་གར་བྱེད་པའི་ཕྱིར་རོ། །འདིར་འགྱུར་ཏེ།
Vol. 103 · folio 76b
དབང་ངམ་ལོངས་སྤྱོད་ཕུན་ཚོགས་པ། །གང་ཕྱིར་བསོད་ནམས་ཀྱིས་ཐོབ་པ། །དེ་ཕྱིར་འཇིག་རྟེན་ལས་བདག་པས། །དམ་པས་དྲེགས་པར་མི་རིགས་སོ། །འདིར་སྨྲས་པ། གང་གི་ཕྱིར་རྩོམ་པ་ཐམས་ཅད་ནི་རྒྱལ་པོ་ལ་དབང་དུ་བྱས་པ་ཡིན་ཏེ། དེའི་ཕྱིར་དེ་ལས་དེ་དབང་དུ་
བྱ་བའི་རྒྱུ་ཅན་གྱི་དྲེགས་པ་རིགས་སོ། །བཤད་པར་བྱ་སྟེ། ཚོགས་བྲན་དྲུག་ཆས་བསྟབས་གྱུར་པ། །ཁྱོད་ཀྱི་དྲེགས་པ་ཅི་ཞིག་ཡིན། །གང་ངམ་དེ་རུ་བྱ་བ་ནི། །དབང་དུ་བྱས་ལ་རག་ལས་འགྱུར། །བསྐལ་པ་དང་པོའི་འཇིག་རྟེན་མ་བྱིན་པར་ལེན་པར་གྱུར་པ་ན། འདི་
བདག་ཅག་བསྲུང་བའི་ཕྱིར་ཡོངས་སུ་སྤྱོད་ན་ཅི་མ་རུང་སྙམ་སྟེ། ཞིང་བསྲུང་བའི་དོན་དུ་སྐྱེ་བོ་མང་པོས་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་འབྲུའི་དྲུག་ཆའི་གླས་གླས་པར་འགྱུར་ཏེ། དེ་ལྟར་དེ་ལ་ཡང་དག་པར་བསྲུང་བའི་ལས་ཀྱིས་སྐྱེ་དགུ་དགའ་བར་བྱེད་པའི་ཕྱིར་རྒྱལ་
པོ་ཞེས་བསྙད་དོ། །དེ་ནས་བཟུང་ནས་རྒྱལ་པོ་ཐམས་ཅད་དྲུག་ཆའི་གླས་སྐྱེ་དགུ་སྐྱོང་བར་བྱེད་དེ། དེའི་ཕྱིར་ཡང་དྲུག་ཆས་བསྟབས་པའི་རྒྱལ་པོས་འཇིག་རྟེན་གྱི་བྱ་བ་ནི་ང་ལ་རག་ལས་སོ་ཞེས་བྱས་ཏེ་དྲེགས་པར་བྱ་བར་མི་རིགས་སོ། །རྗེ་དཔོན་གྱིས་བྲན་ལས་འགའ་ཞིག་
ལ་དབང་དུ་བྱས་ན་ཡང་རྗེ་དཔོན་གྱི་ལས་ཅུང་ཟད་ཅིག་དེ་ལ་རག་ལས་པར་འགྱུར་མོད་ཀྱི། འབངས་དེས་བདག་ལ་རག་ལས་སོ་ཞེས་རྗེ་དཔོན་ལ་དྲེགས་པར་བྱ་བར་མི་རིགས་སོ། །དེའི་ཕྱིར་གལ་ཏེ་གཅིག་ལ་རག་ལས་སུ་ཟིན་ཀྱང་འདིས་རང་དབང་སྒྲུབ་པར་མི་འོས་ན། ཀྱེ་ས་
བདག་སྐྱེ་བོ་ཕལ་པོ་ཆེ་ལ་རག་ལས་པ་ཅི་སྨོས། དེའི་ཕྱིར་འདིའི་དྲེགས་པ་རྣམ་པ་ཐམས་ཅད་མི་རིགས་ཏེ་དགོན་པའི་ས་མཁན་བཞིན་ནོ། །དཔེར་ན་རྒྱལ་པོ་འགའ་ཞིག་ཕྱོགས་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་ཆས་པ་དང་རང་གིས་བསྐོས་པའི་ས་མཁན་གདོལ་པ་ཞིག་གིས་འབྲོག་དགོན་པ་ཆེན་
པོ་ཞིག་འདས་པར་བྱས་པར་གྱུར་ལ། རྒྱལ་པོ་དེ་ཡང་དཔུང་གི་ཚོགས་དང་བཅས་པར་དེ་ལ་རག་ལས་པར་འགྱུར་མོད་ཀྱི། དེས་དེའི་རྒྱུས་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་བདག་ལ་རག་ལས་སོ་ཞེས་རྒྱགས་པར་བྱ་བར་མི་བཟོད་པ་དེ་བཞིན་དུ། རྒྱལ་པོས་ཀྱང་སྐྱེ་དགུ་
Vol. 103 · folio 77a
ང་ལ་རག་ལས་སོ་ཞེས་རྒྱགས་པར་མི་བྱའོ། །འདིར་བཤད་པ། བྱ་བ་ཀུན་ལ་དབང་བ་ཡིས། །གལ་ཏེ་མི་བདག་དྲེགས་འོས་ན། །དྲུག་ཆས་གླས་པ་ཉིད་ཀྱི་ཕྱིར། །དྲེགས་པར་མི་རིགས་མ་ཡིན་ནམ། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་པོ་རྗེ་བོ་དང་
གཏོང་བ་པོ་ཡིན་པ་དེའི་ཕྱིར་ཡང་རྒྱལ་པོ་ལ་དྲེགས་པ་རིགས་པ་ཉིད་དེ། ནོར་དང་ཆ་རྐྱེན་རྣམས་གཏོང་བ་དང་སྡུད་པ་དག་ལ་དབང་འབྱོར་པའི་ཕྱིར་རོ། །བཤད་པར་བྱ་སྟེ། ཇི་ལྟར་གསོ་བྱ་འཐོབ་ཐོབ་ནས། །རྗེ་བོ་གཏང་བར་སེམས་དེ་བཞིན། །རྗེ་བོ་སྦྱིན་བྱ་བྱིན་བྱས་ནས། །བདག་
ནི་གཏོང་བ་པོ་སྙམ་རློམ། །ཇི་ལྟར་རྒྱལ་པོའི་གསོ་བྱའི་ཚོགས་རང་གི་ཞ་འབྲིང་ལས་འབྱུང་བ་གདོན་མི་ཟ་བར་འཐོབ་པར་བྱ་བ་སྦྱིན་བྱ་ལོ་ཕོགས་སམ་ཟླ་ཕོགས་ཐོབ་ནས། བདག་ཉིད་ལ་དམའ་བའི་སེམས་དང་། རྒྱལ་པོ་ལ་མཐོ་བའི་སེམས་བསྐྱེད་དེ་རྗེ་བོ་ནི་གཏོང་བ་པོ་ཞིག་གོ་སྙམ་དུ་
སེམས་པ་དེ་བཞིན་དུ། རྒྱལ་པོ་ཡང་གསོ་བྱའི་ཚོགས་ལ་གདོན་མི་ཟ་བར་སྦྱིན་པར་བྱ་བའི་གླ་རྔན་བྱིན་ནས་བདག་ནི་གཏོང་བ་པོའོ་སྙམ་དུ་རློམ་མོ། །དེ་ལ་ཇི་ལྟར་གསོ་བྱའི་ཚོགས་རྒྱལ་པོ་ལ་བརྟེན་པའི་སྐྱེས་བུའི་བྱེད་པ་ལས་སྐྱེས་པའི་ནོར་འཐོབ་བྱ་ཐོབ་ནས་ཀྱང་སེམས་འཕང་དམའ་
བ་ཉིད་དུ་འགྱུར་གྱི། རྒྱལ་པོ་ལ་དྲེགས་པ་མི་བྱེད་པ་དེ་བཞིན་དུ་རྒྱལ་པོས་ཀྱང་གདོན་མི་ཟ་བར་སྦྱིན་པར་བྱ་བའི་དོན་བྱིན་ཏེ་དྲེགས་པ་བྱ་བར་མི་འོས་ཏེ། ཁོལ་པོ་གླ་འཐོབ་པར་བྱ་བ་བཞིན་ནོ། །ཇི་ལྟར་ཁོལ་པོ་གླ་གདོན་མི་ཟ་བར་སྦྱིན་པར་བྱ་དགོས་ལ་འདིར་གཏོང་བ་པོས་དྲེགས་
པར་བྱ་བར་མི་འོས་ཤིང་། ཁོལ་པོས་ཀྱང་མ་ཡིན་པ་དེ་བཞིན་དུ། རྒྱལ་པོས་ཀྱང་ནོར་སྡུད་པའམ་གཏོང་བ་ན་དྲེགས་པ་བྱ་བར་མི་འོས་སོ། །འདིར་འགྱུར་ཏེ། གལ་ཏེ་གཡོག་ལ་གླ་བྱིན་ཏེ། །རྒྱལ་པོས་དྲེགས་པ་རིགས་ན་ནི། །ནོར་འདོད་ཚོང་པ་རྣམས་ལ་ཡང་། །དེ་ལྟར་རིགས་
པ་མ་ཡིན་ནམ། །དེར་སྨྲས་པ། འདོད་དགུར་ཡུལ་གྱི་བདེ་བ་ཉེ་བར་ལོངས་སྤྱོད་པ་རྟག་ཏུ་ཉེ་བའི་ཕྱིར་རྒྱལ་པོ་ངར་འཛིན་པར་འགྱུར་ལ། དེའི་རྒྱུ་ཅན་གྱིས་རྒྱགས་པར་ཡང་གདོན་མི་ཟ་བར་འགྱུར་རོ། །བཤད་པར་བྱ་སྟེ། གཞན་རྣམས་ཀྱི་ནི་སྡུག་བསྔལ་གནས། །ཁྱོད་ལ་ཕྱིན་ཅི་ལོག་
Vol. 103 · folio 77b
ཏུ་དྲན། །གཞན་གྱི་ལས་ཀྱིས་འཚོ་ཁྱོད་ཀྱི། །དགའ་བ་གང་གིས་བསྐྱེད་པར་འགྱུར། །བུད་མེད་ཆང་དང་རྒྱན་པོ་ལ་སོགས་པ་ལ་བྱ་བ་ལྟར་ཡུལ་དག་ལ་ཤིན་ཏུ་ཆགས་པ་ནི་དབང་པོ་ཐུལ་བ་རྣམས་ཀྱིས་སྡུག་བསྔལ་གྱི་གནས་སུ་བཤད་དེ། དབང་པོ་མ་ཐུལ་བའི་ཕྱིར་རོ། །དེའི་ཕྱིར་
དབང་ཕྱུག་འདི་རྒུད་པ་དུ་མའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་གྱི་གནས་ཡིན་བཞིན་དུ། གལ་ཏེ་ཁྱོད་ལ་མངོན་པར་མཐོ་བའི་གནས་སུ་འགྱུར་ན་ནི་མ་རིག་པས་འབྲས་བུ་བསྒྲུབ་པར་གྱུར་ཏོ། །གཞན་ཡང་ཡུལ་ལ་ཆགས་པ་རྣམས་དགའ་བར་བྱ་བའི་ཕྱིར་ཡུལ་ཉེ་བར་
བསྟེན་པར་སྨྲ་ན། སྐྱེ་བོ་ཕལ་པོ་ཆེ་བསྲུང་བའི་དབང་དུ་བྱས་པའི་སྡུག་བསྔལ་བར་མཚམས་མེད་པར་གཞན་གྱི་ལས་བྱེད་ཅིང་། དེའི་འབྲས་བུས་ཉེ་བར་འཚོ་བ་ཉིད་ཀྱིས་ཉོན་མོངས་པའི་དགའ་བ་གོ་གང་ཞིག་ཡིན་ཏེ། རྐུན་པོ་ཆད་པས་གཅོད་པར་བྱེད་པ་བཞིན་ནོ། །དཔེར་ན་རྐུན་པོ་ལ་
ཆད་པ་གཅོད་པར་བྱེད་པ་ལས་དམན་པ་དེས་དགའ་བར་མི་འོས་པ་དེ་བཞིན་དུ་རྒྱལ་པོ་ཡིན་ནོ། །བཤད་པར་བྱ་སྟེ། ཞེན་པས་གང་གིས་འཇིག་རྟེན་ན། །རིགས་དང་ལྡན་ལ་འཛེམ་འབྱུང་བ། །དེ་ཡིས་གང་ལ་དྲེགས་ཡིན་ནོ། །དེ་འཛེམ་གཞན་ལས་འགྱུར་བ་མིན། །འདིར་
སྨྲས་པ། རྒྱལ་པོ་ནི་འཇིག་རྟེན་གྱི་བསྲུང་བ་པོ་ཡིན་ཏེ། དེས་ན་བསྲུང་བ་པོ་ཉིད་ཀྱིས་འདི་གདོན་མི་ཟ་བར་རྒྱགས་པར་འགྱུར་རོ། །དེ་མེད་ན་ནི་ཚུལ་ལུགས་ཀྱིས་རྗེས་སུ་མི་འཇུག་པ་ན་སྐྱེ་དགུ་རྣམས་བརླག་པར་འགྱུར་རོ། །བརྗོད་པར་བྱ་སྟེ། འཇིག་རྟེན་གྱི་ནི་སྲུང་པོ་དང་། །བསྲུང་
བྱར་ས་བདག་སྣང་འགྱུར་ན། །ཅི་སྟེ་གཅིག་གི་དྲེགས་ཡོད་ཅིང་། །ཅི་སྟེ་གཞན་གྱི་དྲེགས་བྲལ་མིན། །གལ་ཏེ་འཇིག་རྟེན་གྱི་བསྲུང་བ་བདག་ལ་རག་ལས་སོ་སྙམ་དུ་སེམས་ཏེ་རྒྱལ་པོ་རྒྱགས་པར་འགྱུར་ན། བདག་བསྲུང་བ་འཇིག་རྟེན་ལ་རག་ལས་པ་ཉིད་ཀྱི་ཕྱིར་བདག་ཉིད་
བསྲུང་བྱར་རྟོགས་ཏེ་རྒྱགས་པ་དང་བྲལ་བར་ཡང་ཅི་སྟེ་མི་འགྱུར། འཇིག་རྟེན་གྱིས་མ་བསྲུངས་པའི་རྒྱལ་པོས་ནི་འཇིག་རྟེན་བསྐྱང་བར་མི་ནུས་ཏེ། ཁྱོ་ཤུག་དང་ནགས་དང་སེང་གེ་བཞིན་ནོ། །སྐྱེས་བུ་འགའ་ཞིག་གིས་ཆུང་མ་ལ་བདག་གིས་ནི་སྡུག་བསྔལ་
Vol. 103 · folio 78a
ནི་བརྒྱ་ཕྲག་ཉམས་སུ་མྱོང་ལ། ཁྱོད་ནི་ཚེགས་མེད་པར་ཁྱིམ་ན་བདེ་བར་འདུག་གོ་ཞེས་སྨྲས་པར་གྱུར་ལ། དེས་ཀྱང་རེ་ཞིག་ཉིན་ཞག་གཅིག་ཁྱིམ་གྱི་ཞལ་ཏ་གྱིས་དང་དེ་ནས་ཤེས་པར་འགྱུར་གྱིས་ཞེས་སྨྲས་པ། དེས་དེ་བཞིན་དུ་བྱས་པར་
གྱུར་ཅིང་། དེ་སྐྱོ་བར་ཡང་གྱུར་ཏོ། །ཇི་ལྟར་ཁྱོ་ཤུག་གཅིག་གིས་གཅིག་ལ་བསྲུང་བ་དེ་བཞིན་དུ་རྒྱལ་པོས་སྐྱེ་དགུ་རྣམས་བསྲུངས་ལ། སྐྱེ་དགུ་རྣམས་ཀྱིས་ཀྱང་རྒྱལ་པོ་ཡིན་ནོ། །དེ་བཞིན་དུ་སེང་གེས་ནགས་ཡིན་ལ། ནགས་ཚལ་གྱིས་སེང་གེ་ཡིན་ནོ། །འདིར་
བཤད་པ། མི་ཤེས་གང་ཞིག་ང་རྒྱལ་གྱི། །གཉེན་པོ་སྤངས་ནས་ང་རྒྱལ་ཉིད། །འཛིན་པ་དེ་ཡི་ང་རྒྱལ་ནི། །ཐབས་འགའ་ཡིས་ཀྱང་གཞོམ་མི་ནུས། །འདིར་སྨྲས་པ། གང་གི་ཚེ་རྒྱལ་པོ་སྐྱེ་དགུ་རྣམས་བུ་ལྟར་སོ་སོར་སྐྱོང་བར་བྱེད་པ་དེའི་ཚེ་དེ་རྣམ་པར་རྒྱལ་བ་ཡིན།
རིགས་ལ་བརྟེན་པ་བསོད་ནམས་ཀྱི་ལས་ཅན་གང་དག་ཡིན་པ་དེ་དག་གི་བསོད་ནམས་ཀྱི་དྲུག་ཆའི་འཕྲོག་པ་པོར་འགྱུར་ཏེ། དེའི་ཕྱིར་རང་དང་གཞན་ལ་སོགས་པའི་དགེ་བའི་ཕུན་སུམ་ཚོགས་པ་འབྱོར་བ་ཅན་འདིའི་རྒྱགས་པ་ནི་རིགས་སོ། །བཤད་པར་བྱ་སྟེ། རིགས་
ཀུན་ནང་ནས་རང་ལས་ལ། །དགའ་བས་འཚོ་རྣམས་རྙེད་པར་དཀའ། །གལ་ཏེ་ཁྱོད་ལ་མི་དགར་འགྱུར། །དེས་ན་ཁྱོད་ལ་འགྲོ་བཟང་དཀོན། །དེང་སང་ན་སྙིགས་མ་ལྔ་པོ་དག་འཇུག་པ་ཤས་ཆེ་བར་གྱུར་པས་རིགས་ལ་བརྟེན་པ་ཐམས་ཅད་རང་རང་གི་ལས་དག་ལ་དགའ་བ་
རྙེད་པར་དཀའ་ཞིང་། ཕལ་ཆེར་མི་བརྟན་པར་སྣང་ངོ་། །གལ་ཏེ་ཁྱོད་དེ་དག་གི་བསོད་ནམས་ཀྱི་དྲུག་ཆའི་འཕྲོག་པ་པོ་ཡིན་ན་དེ་བཞིན་དུ་སྡིག་པའི་ཡང་ཡིན་པར་འགྱུར་རོ། །དེ་ལྟ་ཡིན་དང་རིགས་ལ་བརྟེན་པ་ཉོན་མོངས་པས་ཟིལ་གྱིས་མནན་པས། ལྷོད་པར་འགྱུར་ཞིང་སྡིག་
པའི་གྲོགས་པོ་དང་རྗེས་སུ་མཐུན་པ་རྣམས་ལ་བསོད་ནམས་མ་ཡིན་པ་ཕལ་ཆེ་བས་ཁྱོད་ལ་འགྲོ་བ་བཟང་པོ་དཀོན་པར་འགྱུར་རོ། །འདི་ལྟར་རེ་ཞིག་རང་གི་སྡིག་པ་རྣམས་ཁོ་ནས་ཀྱང་རྒྱལ་པོ་རྣམས་ལ་བདེ་འགྲོ་མི་སྲིད་ན། ཀྱེ་སྐྱེ་འགྲོ་མཐའ་དག་གི་སྡིག་པས་སྨོས་ཀྱང་ཅི་དགོས། །
Vol. 103 · folio 78b
དེའི་ཕྱིར་བློ་འཆལ་བ་རྣམས་ཕུང་བར་འགྱུར་ཏེ། མཛེ་ཅན་འོ་མ་དང་ཉ་ཟ་བར་མངོན་པར་འདོད་པ་བཞིན་ནོ། །ཇི་ལྟར་མཛེ་ཅན་ཕྱིན་ཅི་ལོག་ལ་གནས་པའི་ཕྱིར་རང་གི་ནད་ཕྱིར་བཅོ་བའི་རྒྱུ་སྨན་དག་མི་བསྟེན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་འོ་མ་དང་ཉ་ཟ་བར་བྱེད་པ་དེ་བཞིན་དུ།
རྒྱལ་པོ་ཡང་རང་ཉིད་ཀྱིས་མི་དགེ་བ་མང་པོ་སོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་རིགས་ལ་བརྟེན་པ་རྣམས་ཀྱི་ཉེས་པར་སྤྱད་པ་དང་ཡང་བདག་ཉིད་སྦྱོར་བར་བྱེད་དེ། བག་མེད་པའི་གནས་ལ་གནས་པའི་ཕྱིར་རོ། །འདིར་འགྱུར་ཏེ། གལ་ཏེ་རྒྱལ་པོས་ལས་རྣམས་ཀྱི། །
དྲུག་ཆ་ངེས་པར་འདིར་འཛིན་ན། །འཇིག་རྟེན་བསོད་ནམས་མིན་མང་བས། །དེ་ཡིས་བདེ་འགྲོ་རྙེད་པར་དཀའ། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་པོ་འཇིག་རྟེན་གྱི་མགོན་དང་རང་དབང་ཡིན་པ་དེའི་ཕྱིར། འདིའི་ང་རྒྱལ་རིགས་པའི་ངོ་བོ་ཡིན་ནོ། །བཤད་པར་བྱ་སྟེ།
གཞན་གྱིས་བསྐུལ་ཏེ་བྱེད་པ་གང་། །དེ་ནི་ས་སྟེང་བླུན་ཞེས་བྱ། །ཁྱོད་དང་མཚུངས་པའི་གཞན་དབང་གཞན། །འགའ་ཡང་ཡོད་པ་མ་ཡིན་ནོ། །གང་ཞིག་ཕ་རོལ་པོས་བསྐུལ་བ་བྱས་ཏེ། ཅུང་ཟད་ཅིག་བྱེད་པའམ་རྟོག་པར་བྱེད་པར་འགྱུར་གྱི། རང་དབང་གིས་མ་
ཡིན་པ་དེ་ལ་ནི་འཇིག་རྟེན་ན་བླུན་པོ་ཞེས་བྱའོ། །འདི་ན་རྒྱལ་པོ་ཇི་ལྟ་བ་དེ་ལྟར་གཞན་གྱི་དབང་དུ་གྱུར་པ་གཞན་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། དེ་ནི་གྲོགས་དུ་མས་བསྐུལ་བ་ན་མི་བརྟན་པའི་ངོ་བོར་འགྱུར་ཞིང་། ཕལ་ཆེར་གཞན་ལ་རག་ལས་པའི་ངོ་བོ་ཉིད་དུ་
གནས་པ་ལ་བརྟེན་ཏོ། །འདི་ནི་བྱ་བའམ་བྱ་བ་མ་ཡིན་པ་གང་ཅི་བྱེད་པ་དེ་གཞན་གྱིས་བསྐུལ་བ་ཉིད་ན་བྱེད་དོ། །གང་གི་ཕྱིར་གཞན་ལ་རག་ལས་པར་གནས་པའི་ཕྱིར་འཇིག་རྟེན་ན་རྒྱལ་པོ་ཁོ་ན་མཆོག་ཏུ་བླུན་ཞིང་གཞན་གྱི་དབང་དུ་གྱུར་པ་དེའི་ཕྱིར། དེའི་ང་རྒྱལ་མི་རིགས་
པའི་ངོ་བོ་ཡིན་ཏེ། ཁྱི་དང་སྤྲེའུ་སྦད་པ་བཞིན་ནོ། །ཇི་ལྟར་ཁྱི་དང་སྤྲེའུ་བཟུང་བ་དང་བཏང་བ་ལ་གཞན་གྱི་བསྒོ་བ་ཉན་པ་དེ་བཞིན་དུ་རྒྱལ་པོ་ཡང་གཞན་ལ་རག་ལས་པ་ཡིན་ཏེ། བྱ་མ་རྟའི་མིག་ཅན་ཉིད་ཀྱི་ཕྱིར་རོ། །འདིར་བཤད་པ། གང་ཕྱིར་རྒྱལ་པོ་གྲོགས་བསྐུལ་ཏེ། །
Vol. 103 · folio 79a
བྱ་དང་བྱ་མིན་བྱེད་འགྱུར་བ། །དེའི་ཕྱིར་འདི་ནི་རྒྱལ་པོ་ཉིད། །གཞན་དབང་བླུན་དང་གཏི་མུག་པའོ། །འདིར་སྨྲས་པ། གང་གི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི་བསྲུང་བ་རྒྱལ་པོ་ལ་རག་ལས་པ་དེའི་ཕྱིར་ཡང་ང་རྒྱལ་རིགས་སོ། །བཤད་པར་བྱ་སྟེ།
བསྲུང་བ་ང་ལ་རག་ལས་ཞེས། །འཇིག་རྟེན་ལས་ནི་གླ་ལེན་ཞིང་། །རང་ཉིད་ཀྱིས་ཀྱང་སྡིག་བྱེད་ན། །དེ་མཚུངས་བརྩེ་མེད་སུ་ཞིག་ཡིན། །གལ་ཏེ་བསྲུང་བ་ང་ལ་རག་ལས་སོ་སྙམ་དུ་བྱས་ནས་རྒྱལ་པོ་འཇིག་རྟེན་ལས་གླ་ལེན་ན་ནི། དེས་དམ་པའི་ཚུལ་ལུགས་ཀྱི་རྗེས་སུ་ཞུགས་
ཤིང་སྐྱེ་བོ་ཕོངས་པ་སོ་སོར་བསྐྱང་བ་ལྷུར་བླང་བར་བྱ་དགོས་ཏེ། དེ་ལྟ་ན་ནི་དེས་ཁས་བླངས་པ་རྗེས་སུ་བསྒྲུབས་པར་འགྱུར་རོ། །འདི་ནི་དེ་ལྟར་རྗེས་སུ་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་འདི་ནི་གླ་རྔན་སྟེར་བར་མི་ནུས་པ་དག་དང་། སྡིག་ཏོ་ཅན་དག་ལ་བསད་པ་དང་བཅིང་བ་
དང་བརྡེག་པ་དང་། བསྡིགས་པ་དང་བསྐྲད་པ་ལ་སོགས་པའི་བྱ་བ་དང་། སྲོག་དང་བདོག་པ་ཐམས་ཅད་འཕྲོག་པའི་སྒོ་ནས་བསྲི་བ་མེད་པར་རབ་ཏུ་འཇུག་པར་འགྱུར་རོ། །དེའི་ཕྱིར་ཁྲེལ་མེད་པ་འདིས་བསྲུང་བའི་འབྲས་བུ་འཇིག་རྟེན་ལས་གླ་ལེན་ཞིང་། བསྲུང་བའི་འབྲས་
བུའི་ཆེད་དུ་རང་ཉིད་སྡིག་ཏོའི་ལས་བྱེད་པས་བརྩེ་བ་མེད་པ་འཇིག་རྟེན་ན་དེ་ལས་གཞན་སུ་ཞིག་ཡོད། སྡིག་པའི་ལས་ལ་འཇུག་པ་ལ་མཁས་པའི་ཕྱིར། དེ་ཉིད་ཁོ་ན་བརྩེ་བ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་པ་སྟེ། ཤན་པའི་སྨན་པ་བཞིན་ནོ། །ཤན་པ་འགའ་ཞིག་
རུས་པ་བརྡུངས་པ་ན་མིག་གི་ནང་དུ་རུས་པའི་འཛེལ་མ་ཞིག་ཞུགས་ཏེ། དེ་སྨན་པའི་གན་དུ་སོང་བར་གྱུར་ལ། སྨན་པ་དེས་བསྐུ་བྱུག་གིས་ནད་ཞི་བར་བྱས་ཀྱི་ཟུག་རྔུ་ནི་མ་ཕྱུང་ངོ་། །དེ་ནས་དེ་ཡང་ནས་ཡང་དུ་རབ་ཏུ་འཇུག་པ་དང་། སྨན་པ་དེ་ཡང་མིག་འཁྲུག་པ་ཞི་བར་
བྱེད་ཀྱི་ཟུག་རྔུ་མི་འབྱིན་ལ། ནད་པ་དེ་ལ་ནོར་མང་པོ་ཡང་གཅོད་དོ། །སྨན་པ་དེ་གྲོང་གཞན་ཞིག་ཏུ་སོང་བ་དང་། སྨན་པ་དེའི་བུས་མིག་གི་ཟུག་རྔུ་འབྱིན་པར་བྱས་པར་གྱུར་ཏོ། །སྨན་པ་དེ་ཇི་ལྟ་བ་དེ་བཞིན་དུ་རྒྱལ་པོ་ཡང་ཡིན་ཏེ། འཇིག་རྟེན་ལས་ནོར་མང་པོ་ཡང་གཅོད་ལ།
Vol. 103 · folio 79b
ཐམས་ཅད་ཀྱི་ཐམས་ཅད་དུ་འཇིག་རྟེན་གྱི་བྱ་བ་ཡང་མི་བྱེད་དོ། །འདིར་བཤད་པ། གླ་ལ་བརྐམ་པས་ངུ་བ་དང་། །ཤིན་ཏུ་གདུག་གཞན་འཚོག་བྱེད་གང་། །དེ་ལས་གཞན་པ་འཇིག་རྟེན་ན། །ཤིན་ཏུ་བརྩེ་མེད་མི་སུ་ཡོད། །འདིར་སྨྲས་པ། རྒྱལ་པོས་སྡིག་པའི་བདག་ཉིད་
ཅན་དག་ལ་བརྩེ་བ་མི་བྱ་སྟེ། གལ་ཏེ་སྡིག་པའི་བདག་ཉིད་ཅན་དག་ལ་ཆད་པ་གཅོད་པར་མི་བྱེད་ན། དེའི་ཚེ་འཇིག་རྟེན་འདི་ཐམས་ཅད་ཉམས་པར་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་བསྲུང་བའི་ཕྱིར་སྡིག་ཏོའི་བདག་ཉིད་ཅན་དག་གདོན་མི་ཟ་བར་ཚར་གཅད་པར་བྱ་དགོས་སོ། །
བཤད་པར་བྱ་སྟེ། སྐྱེ་བོ་སྡིག་ཏོ་བྱེད་རྣམས་ལ། །གལ་ཏེ་བརྩེ་བ་བྱ་མིན་ན། །བྱིས་པ་སོ་སོའི་སྐྱེ་བོ་ནི། །ཐམས་ཅད་བསྲུང་བྱར་མི་འགྱུར་རོ། །གལ་ཏེ་འདི་མི་དགེ་བ་བྱེད་པ་ཡིན་པས་བརྩེ་བའི་སྣོད་མ་ཡིན་ན། ད་ནི་གང་ཞིག་བརྩེ་བའི་སྣོད་དུ་འགྱུར། དེའི་ཕྱིར་བརྩེ་བའི་སྣོད་མ་
ཡིན་པ་ཉིད་ཀྱི་ཕྱིར་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་འདིས་བསྲུང་བར་བྱ་བར་མི་འགྱུར་རོ། །དེ་ལ་བྱིས་པ་ཞེས་བྱ་བ་ནི་གང་བྱིས་པའི་མཚན་ཉིད་དང་ལྡན་པ་ཡིན་ལ། སོ་སོའི་སྐྱེ་བོ་ནི་འཕགས་པའི་ལམ་མ་སྐྱེས་པ་སྟེ། མི་དགེ་བའི་ལས་བྱེད་པ་ཉིད་ཀྱིས་ན་དེ་གཉིས་
ཀྱི་ཁྱད་པར་དུ་འཕགས་པ་རྣམས་ལ་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱའོ། །བརྩེ་བ་ཅན་དག་ནི་གང་ལས་དེ་དག་གིས་དེ་རྣམས་ཡོངས་སུ་སྐྱོང་བར་འགྱུར་བ་གང་དག་ལ་བརྩེ་བ་ཡོད་པས་ཏེ། འདི་ལྟར་དེའི་བརྩེ་བ་ནི་གཞན་དག་གི་དོན་མ་ཡིན་པ་འགོག་པའི་བསམ་པ་ཡིན་ལ། དེའི་ཡོངས་
སུ་སྐྱོང་བ་ནི་བརྩེ་བས་དེ་སྒྲུབ་པའོ། །དེའི་ཕྱིར་ཇི་ལྟར་འདི་བརྩེ་བ་མེད་པར་དེའི་འབྲས་བུ་སྲུང་བར་བྱེད་པར་འགྱུར། མི་བསྲུང་བར་གླ་ལེན་ན་ཡང་གསལ་བར་ཆོམ་རྐུན་དུ་མ་གྲགས་པའི་ཆོམ་རྐུན་གྲོང་དང་གྲོང་ཁྱེར་ན་གནས་པར་འགྱུར་རོ། །ལུས་དང་ནོར་བསྲུང་བ་བཞིན་ནོ། །གལ་
ཏེ་རྒྱལ་པོས་སྡིག་པའི་ལས་ཅན་དག་ལ་བརྩེ་བར་བྱ་བ་མ་ཡིན་ན། ཐམས་ཅད་དོན་མ་ཡིན་པར་འགྱུར་བའི་ཕྱིར་རང་གི་ལུས་དང་ནོར་ཡང་བསྲུང་བར་བྱ་བར་མི་འགྱུར་བ་ཞིག་ན། འོན་ཀྱང་བསྲུང་བ་ཡང་ཡིན་ཏེ། དེ་བཞིན་དུ། སྡིག་པ་བྱེད་པ་ཐམས་ཅད་ཀྱང་རྗེས་སུ་བརྩེ་བར་
Vol. 103 · folio 80a
བྱ་བར་འགྱུར་རོ། །འདིར་བཤད་པ། གང་དག་རང་ཆོས་ཀྱིས་བསྲུངས་པ། །དེ་དག་རྒྱལ་པོས་བསྲུང་བྱ་མིན། །གལ་ཏེ་ཚུལ་འཆལ་བསྲུང་བྱས་ན། །དེ་ཕྱིར་དེ་ཡིས་བསྲུང་བར་འགྱུར། །འདིར་སྨྲས་པ། སྐྱེ་དགུ་བསྐྱང་བར་བྱ་བའི་ཕྱིར་གདུག་པ་ཅན་རྣམས་
ལ་ཆད་པས་གཅོད་པ་ན་རྒྱལ་པོ་ལ་སྡིག་པར་མི་འགྱུར་ཏེ། དམ་པ་དག་ལ་ཕན་འདོགས་པར་ཞུགས་པའི་ཕྱིར་རོ། །བཤད་པར་བྱ་སྟེ། བདག་ཉིད་དགའ་བ་བསྐྱེད་པ་ཡི། །རྒྱུ་ནི་གང་དུ་ཡོད་མིན་འགྱུར། །ལུང་ལ་སོགས་པའི་རྒྱུ་རྣམས་ཀྱིས། །བསོད་ནམས་མིན་ལའང་འཇིག་ཡོད་
མིན། །བདག་དགའ་བ་བསྐྱེད་པའི་རྒྱུ་ཞེས་བྱ་བ་ནི་གང་ན་ཡང་མེད་པ་མ་ཡིན་ཏེ། ཉ་པ་དང་ཕག་གསོད་པ་ལ་སོགས་པ་སྡིག་པའི་ལས་ལ་དགའ་བའི་བདག་ཉིད་ཅན་རྣམས་ཀྱང་། སྲོག་ཆགས་གསོད་པ་འདི་ནི་ཁོ་བོ་ཅག་གི་རིགས་བརྒྱུད་ལས་འོངས་པ་ཞིག་སྟེ། འདི་ནི་སྐྱེ་དགུའི་
བདག་པོས་འཚོ་བ་ཡོངས་སུ་བརྟགས་པ་ཡིན་ལ། འདི་ལ་ཆོས་མ་ཡིན་པ་འགའ་ཡང་མེད་དོ་ཞེས་འདི་སྙམ་དུ་འགྱུར་རོ། །དེ་ལྟར་བདག་ཅག་ཡོངས་སུ་མགུ་བའི་རྒྱུ་དག་ཏུ་འགྱུར་ལ། དེ་དག་གི་བསོད་ནམས་མ་ཡིན་པ་ལ་ནི་འཇིག་པ་ཡོད་པ་མ་ཡིན་ཏེ་དེ་བཞིན་དུ་རྒྱལ་པོའི་ཡང་
ཡིན་ནོ། །འདི་ལྟར་བདག་ཉིད་ལ་སྡིག་པ་ཕལ་ཆེ་བར་བལྟ་ཞིང་ངན་འགྲོ་དག་ཏུ་དེའི་རྣམ་པར་སྨིན་པ་མཐོང་བ་ན་དེའི་སྙིང་མྱ་ངན་གྱི་མེས་བཅོམ་ཞིང་རྣམ་པ་བརྒྱར་ཆེར་འགས་པར་འགྱུར་ལ། དེ་ཡོངས་སུ་སྤང་བའི་ཕྱིར་འདི་དམ་པ་མ་ཡིན་པའི་ལྟ་བའི་དཔྱད་པ་དྲི་མ་ཅན་དག་
གིས་བདག་ཉིད་དབུགས་འབྱིན་པར་བྱེད་མོད་ཀྱི། དེ་ལ་བསོད་ནམས་མ་ཡིན་པ་འཇིག་པ་ནི་མ་ཡིན་ནོ། །འདི་ལྟར་ཇི་ལྟར་ཁྱད་པར་དུ་འཕགས་པ་རྣམས་ལ་དགེ་ལེགས་སུ་བྱ་བའི་ཕྱིར། ཕན་པའི་བསམ་པ་ཡིན་པ་དེ་བཞིན་དུ་ཚར་གཅད་པར་བྱ་བའི་ཕྱིར་གདུག་པ་ཅན་རྣམས་ལ་མི་
ཕན་པའི་བསམ་པ་ཡང་ཡིན་པས་ས་ལ་སྤྱོད་པ་བརྩེ་བ་དང་བྲལ་བ་མ་རུངས་པའི་སེམས་དང་ལྡན་ཞིང་གཞན་དག་ལ་སྲིན་པོ་དག་དང་ཁྱད་པར་མེད་པ་རྣམས་ལ་དེར་མངོན་པར་མཐོ་བའི་གོ་སྐབས་ག་ལ་ཡོད། ཆད་པས་ལུགས་བྱེད་པ་པོ་རྒྱལ་པོ་རྣམས་དང་། ཆོས་མ་ཡིན་པ་འདོན་པ་
Vol. 103 · folio 80b
ལ་སོགས་པ་རྣམས་ནི་སྡོམ་པ་མ་ཡིན་པ་ཅན་ནོ་ཞེས་ལུང་གིས་ཀྱང་དེ་རྣམས་གནོད་པ་དང་བཅས་པ་ཉིད་དུ་སྟོན་པར་བྱེད་ལ། རྒྱལ་པོ་རྣམས་ནི་སྡོམ་པ་མ་ཡིན་པ་དང་ལྡན་པ་སྟེ། གཞན་ལ་གནོད་པར་ཞུགས་པ་ཉིད་ཀྱི་ཕྱིར་ཏེ། གཤེད་མ་བཞིན་ནོ་ཞེས་རྗེས་སུ་དཔག་པ་ཡང་
ཡོད་དོ། །དེ་ནི་རྣལ་འབྱོར་པ་ལས་ཀྱི་རྣམ་པར་སྨིན་པ་ལ་མངོན་སུམ་གྱི་སྤྱན་དང་ལྡན་པ་རྣམས་ཀྱི་མངོན་སུམ་ཡང་ཡིན་ཏེ། དེའི་ཕྱིར་ལུང་དང་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་། མངོན་སུམ་དག་གིས་བསོད་ནམས་མ་ཡིན་པ་དེ་ཡོད་པས་རྒྱལ་པོ་རྣམས་ལ་སྡིག་
པའི་ལས་དག་ཡོད་པ་ཉིད་དོ། །མ་ཞུ་བ་ཞུ་བར་བྱས་ཏེ་ཟ་བ་པོ་བཞིན་ནོ། །སྐྱེས་བུ་འགའ་ཞིག་མ་ཞུ་བར་ངས་ཞུའོ་སྙམ་དུ་བདག་ཉིད་དགའ་བས་བདག་བཟའ་འམ་ཞེས་བྲམ་ཟེ་དག་ལ་དྲིས་པ་དང་། དེ་དག་གིས་ཟོ་ཤིག་ཅེས་སྨྲས་ཤིང་དེ་བཞིན་དུ་ཆུ་འཐུང་ཞིང་གཉིད་ལོག་གམ་ཞེས་
བྱ་བ་ཐམས་ཅད་དྲིས་པ་དེ་དག་གིས་གནང་ལ། དེས་ཀྱང་ཐམས་ཅད་བྱས་ཏེ་སྡུག་བསྔལ་དང་ཕྲད་པར་གྱུར་ཏོ། །སྨན་པས་སྨྲས་པ། ཁྱོད་ཀྱིས་དེ་ལྟར་ཅིའི་ཕྱིར་བྱས་པར་གྱུར། དེས་སྨྲས་པ། བདག་གིས་མ་དྲིས་པར་ནི་ཅི་ཡང་མ་བྱས་སོ་ཞེའོ། །ཇི་ལྟར་སྐྱེས་བུ་འདི་གཞན་དག་ལ་
དྲིས་ནས་བདག་དགའ་བར་བྱ་བའི་ཕྱིར་མི་འཕྲོད་པ་སྤྱོད་པ་ན་ནད་དཀྱིལ་ཆེན་པོས་ཟིན་པ་དེ་བཞིན་དུ་རྒྱལ་པོ་རྣམས་ཀྱང་། བདག་ཉིད་དགའ་བར་བསྐྱེད་པའི་རྒྱུ་དག་གིས་བདག་ཉིད་དགའ་བར་བྱས་ནས་སྡིག་པའི་ལས་དག་བྱེད་ལ། དེའི་ཕྱིར་སེམས་ཅན་དམྱལ་བ་དག་ཏུ་དེའི་རྒྱུ་ཅན་
གྱི་སྡུག་བསྔལ་ཆེན་པོ་སྒྲུབ་པར་བྱེད་དོ། །བསྟན་བཅོས་ཚད་མར་བྱས་ཀྱང་། སྡིག་པ་བྱེད་པ་འདི་རྣམས་ཀྱི་འབྲས་བུ་ཡིད་དུ་མི་འོང་བ་ནི་ཆོས་མ་ཡིན་པ་ལས་འགྱུར་རོ་ཞེའོ། །འདིར་བཤད་པ། ལུང་གི་དབང་གིས་འཚེ་བྱེད་པའི། །རྒྱལ་ལ་སྡིག་པ་མེད་ན་ནི། །འཁོར་བ་སྒྲོལ་བར་
བྱེད་རྣམས་ལ། །ཅི་ཕྱིར་དེ་ལྟར་ཆོས་ཡོད་མིན། །འདིར་སྨྲས་པ། འཇིག་རྟེན་ཡང་དག་པར་ཡོངས་སུ་སྐྱོང་བ་གང་ཡིན་པ་དེ་ཉིད་མཐོ་རིས་ཀྱི་དོན་དུ་ས་བདག་རྣམས་ཀྱི་ཆོས་ཡིན་པ་དེའི་ཕྱིར་ཆོས་གཞན་གྱིས་དགོས་པ་མེད་དོ། །བཤད་པར་བྱ་སྟེ། ཡང་དག་སྲུང་བྱེད་ཅེས་བྱ་བ། །
Vol. 103 · folio 81a
གལ་ཏེ་ས་བདག་ཆོས་ཡིན་ན། །ཉོན་མོངས་བཟོ་མཁན་རྣམས་ལ་ཡང་། །ཅི་སྟེ་ཆོས་སུ་འགྱུར་མ་ཡིན། །ཇི་ལྟར་གླ་པ་ཇི་ལྟ་བ་བཞིན་ཕན་འདོགས་ཀྱང་ཤིང་མཁན་དང་ལྕགས་མགར་ལ་སོགས་པ་རྣམས་ལ་ཕན་བཏགས་པ་དེའི་རྒྱུ་ཅན་གྱི་ཆོས་སུ་མི་
འགྱུར་བ་དེ་བཞིན་དུ་ཡང་དག་པར་སྲུང་བར་བྱེད་ཀྱང་དྲུག་ཆས་གླས་པའི་རྒྱལ་པོ་རྣམས་ལ་ཡང་ཆོས་སུ་མི་འགྱུར་ཏེ། ཁ་ཆེ་བའི་སྒོ་བར་བྱེད་པ་དང་། །གོ་མཚོན་རྡུང་བར་བྱེད་པ་བཞིན་ནོ། །ཇི་ལྟར་ཁ་ཆེ་བ་རྣམས་གྲོང་ཁྱེར་སྲུང་བར་བྱེད་པའི་ལས་འོབས་ལ་སོགས་པ་དག་བྱེད་ཅིང་
དེ་དག་གིས་ཡུལ་མི་བསྲུང་བར་ཡང་འགྱུར་མོད་ཀྱི། དེ་རྣམས་ལ་རྒྱུ་དེས་བསོད་ནམས་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྒྱལ་པོ་རྣམས་ལ་ཡང་ཡིན་ནོ། །ཡང་དཔེར་ན་གོ་མཚོན་རྡུང་བ་རྣམས་མི་བསྲུང་བར་བྱ་བའི་ཕྱིར་གོ་མཚོན་དག་རྡུང་བར་བྱེད་མོད་ཀྱི། དེ་རྣམས་ལ་དེའི་རྒྱུ་ཅན་གྱི་བསོད་
ནམས་ནི་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྒྱལ་པོ་རྣམས་ལ་ཡང་ཡིན་ནོ། །འདིར་བཤད་པ། གལ་ཏེ་སྐྱོང་བས་རྒྱལ་པོ་ལ། །ཆོས་འགྱུར་གཞན་གྱིས་མ་ཡིན་ན། །ཡང་དག་ལས་བྱེད་གྱུར་པ་ཡི། །བཟོ་བོ་རྣམས་ལའང་ཆོས་སུ་འགྱུར། །འདིར་སྨྲས་པ། གང་གི་ཕྱིར་འདི་ན་
འཇིག་རྟེན་ཐམས་ཅད་ཀྱང་རྒྱལ་པོ་ལ་རག་ལས་ཏེ། དེའི་ཕྱིར་ཐམས་ཅད་ཀྱིས་རྒྱལ་པོ་སྨད་པར་བྱ་བ་མ་ཡིན་ནོ། །བཤད་པར་བྱ་སྟེ། འཇིག་རྟེན་ས་བདག་རག་ལས་ཀྱི། །ས་བདག་དེ་ནི་སྨད་དེ་དཔེར། །དམ་པས་འཇིག་རྟེན་ཀུན་གྱི་མ། །སྲིད་པ་ཡི་ནི་སྲེད་པ་བཞིན། །གལ་
ཏེ་ཡང་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་དང་བཅས་པ་འཇིག་རྟེན་ཐམས་ཅད་བྱའོ་ཅོག་བྱ་བ་ལ་རྒྱལ་པོ་ལ་རག་ལས་མོད་ཀྱི། དེ་ལྟ་ན་ཡང་དེ་ནི་ངན་པར་བརྩི་བ་ཞིག་ཁོ་ནའོ། །དཔེར་ན་སྲེད་པ་དང་བཅས་པ་རྣམས་ལ་སྐྱེ་བ་མཐོང་བའི་ཕྱིར་ལ། སྲེད་པ་དང་བྲལ་བ་རྣམས་ལ་མ་མཐོང་
བའི་ཕྱིར་སྲིད་པའི་སྲེད་པ་འཁོར་བར་འགྲོ་བ་སྐྱེད་པར་བྱེད་པ་ན་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་འཁོར་བའི་བཙོན་རར་འགྲོ་བ་མཐའ་དག་སྡོམ་པར་བྱེད་པ་འཁོར་བའི་རྒྱུ་ཡིན་པའི་ཕྱིར། དམ་པ་གཟིགས་པ་ཕྱིན་ཅི་མ་ལོག་པ་མངའ་བ་ཉིད་ཀྱིས་སྨད་པ་ཉིད་དུ་འགྱུར་བ་དེ་བཞིན་
Vol. 103 · folio 81b
དུ། རྒྱལ་པོ་ཡང་སྟེ། གལ་ཏེ་ཡང་འཇིག་རྟེན་ཐམས་ཅད་ཀྱི་ཕར་གྱུར་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་དེ་ནི་ལས་ཤིན་ཏུ་དྲག་པོ་དང་ངན་འགྲོའི་འབྲས་བུ་མང་པོ་ཅན་ལ་ངེས་པར་སྦྱར་བའི་ཕྱིར་སྨད་པ་ཁོ་ན་སྟེ། དགོན་པའི་ཚོང་པ་བཞིན་ནོ། །ཇི་ལྟར་འབྲོག་དགོན་པར་དོན་མཐུན་
གྱི་ཚོགས་བསྲུང་བ་ལ་སོགས་པ་ཆ་རྐྱེན་སྒྲུབ་པར་བྱེད་པའི་ཕྱིར་ཚོང་པ་ལ་རག་ལས་པར་འགྱུར་ལ། དེ་ནི་རིན་ཐང་ཆེས་ཆེ་བས་སྟེར་བའི་ཕྱིར་སྨད་པ་ཡིན་གྱི། དོན་མཐུན་པ་རྣམས་ནི་སྨད་པ་མ་ཡིན་པ་དེ་བཞིན་དུ། འཇིག་རྟེན་ཡང་བསྲུང་བ་ལ་སོགས་པས་ཕན་
འདོགས་པའི་ཕྱིར་ས་བདག་ལ་རག་ལས་མོད་ཀྱི། དེ་ལྟ་ན་ཡང་ས་བདག་ནི་སྨད་པ་ཡིན་ཏེ། རང་གི་དོན་སྒྲུབ་པ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་བཤད་པ། ཡོན་ཏན་ལ་གནས་རྒྱལ་པོ་ནི། །གལ་ཏེ་འཇིག་རྟེན་ཕན་གྱུར་མོད། །དེ་ལྟའང་གནས་ཀྱི་ཉེས་པ་ཡིས། །
དམ་པས་སྨད་འགྱུར་རླུང་ཇི་བཞིན། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་པོ་བློ་ཕུན་སུམ་ཚོགས་ཤིང་བརྩེ་བ་དང་ལྡན་པ་ནི་འཇིག་རྟེན་ཡང་དག་པར་ཡོངས་སུ་སྐྱོང་བར་བྱེད་པ་སྟེ། དེའི་ཕྱིར་འདི་ལ་ཆོས་སུ་འགྱུར་རོ། །བཤད་པར་བྱ་སྟེ། བླུན་མིན་རྒྱལ་སྲིད་མི་འཐོབ་པ། །
བླུན་ལ་བརྩེ་བ་ཡོད་མིན་ན། །སྲུང་པོ་ཡིན་ཡང་མིའི་བདག །བརྩེ་བ་མེད་ལ་ཆོས་མི་གནས། །རྒྱལ་ཐབས་ཞེས་བྱ་བ་ནི་རྒྱགས་པ་དང་བག་མེད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་སྟེ། འདིས་དབང་ཕྱུག་ཉིད་ཙམ་ལ་ཆགས་པས་རང་དང་གཞན་གྱི་སྐྱེ་བོ་ལ་ཕན་འདོགས་པར་བྱེད་པའི་
ལམ་བོར་ནས་ཐོབ་པ་ན་བླུན་པོ་མ་ཡིན་ནོ་ཞེས་བྱ་བར་སྲིད་པར་ཇི་ལྟར་ནུས། འདི་ལྟར་འཇིག་རྟེན་གྱི་བྱ་བ་ལ་གཡེངས་པ་ལ་ཡིད་གཏད་པ་གསལ་བ་འདིས་ལོང་བ་ལྟར་བདག་དང་ལོངས་སྤྱོད་དག་གི་མི་རྟག་པ་ཡེ་རྗེས་སུ་འབྲེལ་བཞིན་དུ་མི་མཐོང་ཞིང་། ཡིད་གཏད་པ་མེད་པ་ལས་
ཚུལ་ཁྲིམས་ལ་འགྲོ་བས་དགའ་བར་བྱ་བ་ཉིད་ཀྱང་ཐམས་ཅད་དུ་མཐོང་བ་དང་མ་མཐོང་བའི་འབྲས་བུ་ཡིད་དུ་འོང་བ་ཕུན་སུམ་ཚོགས་པ་ཉེ་བར་མ་བཅོམ་པར་བྱས་ཏེ་མ་མཐོང་ལ། དེ་ལས་བཟློག་པའི་སྐྱོན་གྱི་ཚོགས་ཡོན་ཏན་དུ་ཡང་རྟོགས་པ་ན་འདི་ཆེས་བླུན་པ་ཁོ་ན་ཡིན་པས་བླུན་པོ་
Vol. 103 · folio 82a
ཁོ་ནས་རྒྱལ་སྲིད་འཐོབ་པོ། །བླུན་པོར་གྱུར་པའི་རྒྱལ་པོ་ལ་ནི་བརྩེ་བ་ནི་མི་གནས་ཏེ། ང་རྒྱལ་ཀླགས་པའི་ཕྱིར་རོ། །མིའི་བདག་པོ་བརྩེ་བ་མེད་པ་ལ་ནི་ཆོས་ཡོད་པ་ཡང་མ་ཡིན་ཏེ། འཚེ་བ་ཕལ་ཆེ་བའི་ཕྱིར་རོ། །དེ་ལ་རྒྱལ་པོ་བློ་དང་ལྡན་པ་ཞིག་
བརྩེ་བ་དང་ལྡན་པ་ལ་ཆོས་ཡོད་དོ་ཞེས་བྱ་བ་འདོད་པ་གང་ཡིན་པ་དེ་ནི་མ་ཡིན་ནོ། །གང་ཞིག་གླ་བླངས་བཞིན་དུ་ཡང་འགྲོ་བ་སྐྱོང་བར་མི་བྱེད་པ་དེ་ནི། ཞག་རེ་ཞིང་རྐུན་པོ་ཉིད་ཡིན་གྱི་རྒྱལ་པོ་མ་ཡིན་ཏེ། རྒྱལ་པོ་བརྩེ་བ་མེད་པ་དྲག་པོས་བྱིན་གྱི་བློན་པོ་བཞིན་ནོ། །
རྒྱལ་པོ་དྲག་པོས་བྱིན་གྱི་བློན་པོ་ཞིག་གིས་ཆད་པས་ཕོག་པའི་མི་གསེར་འཇལ་བར་བྱེད་དུ་གཞུག་པར་མ་ནུས་པར་གྱུར་པས། ཁྱོད་ཇི་ལྟར་མི་ནུས་ཞེས་དེ་ལ་རྒྱལ་པོ་དེ་ཁྲོས་པར་གྱུར་པ་དང་། དེ་ལ་གྲོགས་བཤེས་ཚན་དེ་ཞིག་ཡོད་པར་གྱུར་པས་དེ་ལ་
དེས་བཟླས་སོ། །དེས་སྨྲས་པ། འཇལ་དུ་གཞུག་གིས་ཞེས་སྨྲས་སོ། །དེ་ནས་དེས་ཇི་ལྟར་འཇལ་བར་བྱེད་པར་འགྱུར་བར་གཟིར་བ་དྲག་པོ་བརྩམས་ལ་རྒྱལ་པོ་དེས་ཀྱང་ཚན་དེ་ཉིད་བློན་པོར་གཞག་གོ། །དེས་ཀྱང་རྒྱལ་པོ་མཉེས་པར་བྱ་བར་འདོད་པས་སྡིག་
པའི་ལས་ཆེན་པོ་བྱས་ཏེ། མཐར་དེས་གང་གི་ཚེ་མཚོན་ཆས་གསོད་མ་ནུས་པ་དེའི་ཚེ་གནས་ཐམས་ཅད་མེས་བསྲེགས་ཤིང་དེར་སྲོག་ཆགས་འབུམ་ཕྲག་མང་པོ་གསད་པར་གྱུར་ལ། རྒྱལ་པོ་དེས་ཀྱང་དེ་ལ་རྗེས་སུ་ཡི་རང་བར་བྱས་སོ། །དེའི་ཕྱིར་དེ་ལྟར་ན་གང་ན་བླུན་པ་
ཉིད་ཡོད་པ་དེ་ན་བརྩེ་བ་ཡོད་པ་མ་ཡིན་ལ། གང་ན་བརྩེ་བ་མེད་པ་དེར་ཡང་བསོད་ནམས་དང་ཕྲད་པ་ལྟ་ག་ལ་ཡོད། རྒྱལ་པོ་རྣམས་ལ་ཡང་འདི་དག་ཐམས་ཅད་ཡོད་དེ་དེའི་ཕྱིར་སྲུང་བར་བྱེད་པ་པོ་ཡིན་ཡང་འདི་དག་ལ་ཆོས་ཡོད་པ་མ་ཡིན་ནོ། །འདིར་བཤད་པ། གང་ཕྱིར་
བརྩེ་བའི་བདག་ཅན་རྣམས། །ཆོས་རྩ་འཚེ་མེད་ཡིན་སྨྲ་བ། །དེ་ཡི་ཕྱིར་ན་མི་བདག་ནི། །བརྩེ་བ་མེད་ལ་ཆོས་ཡོད་མིན། །འདིར་སྨྲས་པ། དྲང་སྲོང་གིས་བྱས་པའི་རྒྱལ་རིགས་ཀྱི་ཆོས་ཀྱིས་འཚེ་བ་བྱས་ཀྱང་རྒྱལ་པོ་ལ་ཆོས་མ་ཡིན་པ་མེད་དོ། །བཤད་པར་བྱ་སྟེ། དྲང་
Vol. 103 · folio 82b
སྲོང་རྣམས་ཀྱི་སྤྱོད་པ་ཀུན། །མཁས་པས་བྱེད་པ་མ་ཡིན་ཏེ། །གང་གི་ཕྱིར་ན་དེ་དག་ལའང་། །དམན་འབྲིང་ཁྱད་འཕགས་ཡོད་ཕྱིར་རོ། །མཁས་པ་ནི་དྲང་སྲོང་རྣམས་ཀྱི་སྤྱོད་པ་ཐམས་ཅད་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ལ་ཡང་དམན་པ་དང་འབྲིང་དང་ཁྱད་པར་དུ་
འཕགས་པ་ཉིད་ཡོད་པའི་ཕྱིར་རོ། །འདིར་མཁས་པས་ནི་དྲང་སྲོང་རྣམས་ཀྱི་ལུས་དང་ངག་དང་ཡིད་དག་གི་གཡོ་བ་ཐམས་ཅད་ཁོ་ན་བྱ་བ་མ་ཡིན་ཏེ། འདི་ལྟར་དྲང་སྲོང་དེ་དག་ལ་ཡང་དམན་པ་དང་འབྲིང་དང་ཁྱད་པར་དུ་འཕགས་པ་ཉིད་ཡོད་པའི་ཕྱིར་རོ། །དེ་ལ་གང་གི་
བསྟན་བཅོས་ལས་འཚེ་བ་བྱེད་པའི་དབང་གིས་ཆོས་སུ་བཤད་པ་དེ་ནི་དམན་པའོ། །གང་ཞིག་འགྱུར་རམ་མི་འགྱུར་སྙམ་དུ་ཐེ་ཚོམ་ཟ་བ་དེ་ནི་འབྲིང་ངོ་། །གང་ཞིག་འཚེ་བ་ནི་ཆོས་མ་ཡིན་པ་ཁོ་ནའོ་ཞེས་བྱ་བར་འདོད་པ་དེ་ནི་ཁྱད་པར་དུ་འཕགས་པའོ། །དེའི་ཕྱིར་དྲང་སྲོང་ཕྱི་རོལ་པ་
ཐམས་ཅད་ཀྱི་བསྟན་བཅོས་ནི་ཚད་མ་མ་ཡིན་ནོ། །དེ་ལ་གང་དྲང་སྲོང་གིས་བྱས་པའི་རྒྱལ་རིགས་ཀྱི་ཆོས་ཀྱི་འཚེ་བ་བྱས་ཀྱང་། རྒྱལ་པོ་ལ་ཆོས་མ་ཡིན་པ་མེད་དོ་ཞེས་འདོད་པ་དེ་ནི་མ་ཡིན་ནོ། །སྣ་ཚོགས་སྒྲ་དང་གནས་འཇོག་དང་། །ཛ་མད་དག་ནི་འབུ་བཞིན་ཏེ། །སྣ་ཚོགས་
སྒྲ་དང་གནས་འཇོག་དང་། །ཛ་མད་དག་ནི་འབུ་རྣམས་ལ། །རྐུ་བ་དང་བཟའ་བར་བྱ་བ་མ་ཡིན་པ་ཟ་བ་དང་། བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པ་དང་། སྲོག་གཅོད་པ་ལ་སོགས་པ་གྲགས་པའི་ཕྱིར་རོ། །དེ་ལ་སྣ་ཚོགས་སྒྲས་འཇའུ་དང་བཟའ་བར་བྱ་བ་མ་ཡིན་
པ་ཟ་བར་གྲགས་ཏེ། ཁྱི་འཚེད་དག་ལས་ཁྱི་ཤ་འཕྲོག་པར་འདོད་ནས་དེས། །གསོན་པས་སྡིག་པའི་ལས་ནི་རྒལ་ནུས་ཏེ། །བདག་ཅག་ཁྱད་པར་ལས་འདི་ཆད་པ་ཞིག །ཁོ་བོ་ཤི་ནས་སྡིག་པ་འདི་རྒལ་བར། །མི་ནུས་དེ་ཕྱིར་ཁྱི་ཤ་འདི་བཟའོ། །ཞེས་སྨྲས་སོ། །གནས་འཇོག་
གདོལ་པ་མོ་དབང་མོ་ཕྲེང་བ་ཅན་ལ་ལོག་པར་ཞུགས་ཤིང་། དེ་ནས་བུ་དག་སྐྱེས་སོ་ཞེས་བྱ་བར་ཡང་ཐོས་ཤིང་གྲག་གོ། །ཛ་མད་དག་ནའི་བུས་ཀྱང་བེའུ་ཕྲོགས་པས་ཁྲོས་ནས་ཀྲི་ཏ་བིརྱའི་བུ་སྲིད་སྒྲུབ་ཀྱི་ལག་པ་སྟོང་ལྷུང་བར་བྱས་ཏེ། དུལ་ཞིང་བཟོད་དང་ལྡན་པར་
Vol. 103 · folio 83a
གྱུར་ཀྱང་གཤིས་ངན་སྐྱེ་བོ་རྣམས་ཀྱིས་དེ་དང་དེའི། །ཉེས་རྨ་དག་གིས་ནན་གྱིས་དྲང་སྲོང་གི་ཡིད་བརྟན་བྲལ་ཁོན་བཅས་བྱེད་འགྱུར་ཏེ། །བ་བེའུ་ཁྱེར་བས་འཇོ་བའི་དུས་ཀྱི་འབུ་སྒྲ་དག་གིས་ཤིན་ཏུ་ཉེས་བྲལ་བའི། །ར་མའི་དགྲ་སྟའི་སོ་ལ་མི་ཡི་བདག་
པོ་རྣམས་ཞུགས་གང་ཡིན་དེས་བྱས་སོ། །ཞེས་དེ་སྐད་དུ་ཡང་སྨྲས་སོ། །དེ་བཞིན་དུ་མས་སྦད་ནས་དེ་ཉིད་ཀྱིས་ལན་ཉི་ཤུ་རྩ་གཅིག་ཏུ་ས་སྟེངས་རྒྱལ་རིགས་མེད་པར་བྱས་སོ། །དེ་ལ་མས་འདི་སྐད་སྨྲས་པར་གྲག་སྟེ། རྣམ་བརྒྱར་དཀའ་ཐུབ་ཅན་དྲང་འཇམ་པའམ། །གང་རུང་བླ་སྟེ་ཕ་
རོལ་པོ་རྣམས་ཀྱི། །གཡུལ་ངོར་ཁྱོད་ཀྱིས་འགྲོས་ཚོམ་མེད་པའི་རྒྱུ། །གཅིག་ལའང་ལྟོས་པ་བྱས་པར་མ་གྱུར་ན། །གནོད་པར་འགྱུར་དང་མཉམ་པའི་ལས་ཀྱིས་སུ། །ནུས་ལྡན་མི་ནི་ཚིམ་པར་མི་འགྱུར་གྱི། །དཔའ་བོ་ཀླགས་ཏེ་གནོད་བྱོས་དགྲ་བོ་ནི། །སྡང་རྣམས་རྩ་བ་མ་ལུས་
འདོན་པར་གྱིས། །ཞེས་བྱ་བའོ། །དེ་ནས་དེ་གཡུལ་སྤྲོད་པར་འདོད་པས་འོངས་པའི་གཞུ་ཀློད་པའི་སྒྲ་ཐོས་པར་གྱུར་ཏེ། ཛ་མད་ངག་ནའི་བུ་ཡི་གཞུ་ཡི་སྒྲ། །རྒྱལ་པོ་རྣམས་ཀྱི་ཕོ་བྲང་འཇོམས་འཇོམས་ལྟར། །ར་བའི་རྩེ་ལས་འདས་པར་གྱུར་པ་ཡིས། །བཙོན་བྱས་བུ་ནི་སྐྲ་ནས་
བཟུང་ལྟར་གྱུར། །ཞེས་བྱ་བའོ། །འདིར་བཤད་པ། སྐྱེས་བུ་གང་གིས་དོན་བྱས་ནས། །ངེས་པར་ངན་འགྲོར་འགྲོ་འགྱུར་བའི། །བསྟན་བཅོས་དེ་ནི་བདག་དོན་ལ། །མཁས་པས་ཚད་མར་བྱ་བ་མིན། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་པོ་གནའ་རབས་རྣམས་ཀྱིས་བསྟན་
བཅོས་ཀྱི་དོན་ཚད་མར་བྱས་ནས། འབྱོར་པར་འགྱུར་བའི་ས་ཡང་དག་པར་བསྐྱངས་པ་དེའི་ཕྱིར་ཡང་བསྟན་བཅོས་ཚད་མ་ཡིན་ནོ། །བཤད་པར་བྱ་སྟེ། སྔར་གྱི་ས་བདག་དགེ་རྣམས་ཀྱིས། །འཇིག་རྟེན་བུ་ལྟར་བསྐྱངས་པ་དེ། །རྩོད་དུས་ཆོས་ལ་བརྟེན་རྣམས་ཀྱིས། །དེང་སོང་
རི་དགས་དགོན་པར་བྱས། །རྩོད་པའི་དུས་ཀྱི་སྔ་རོལ་དུ་འཁྲུངས་པའི་ས་བདག་འཁོར་ལོས་སྒྱུར་བ་ལ་སོགས་པ་དགེ་བ་སྟེ་རིགས་པ་དང་མི་རིགས་པ་ཡོངས་སུ་དཔྱོད་པ། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་ཤིང་། བུ་གཅིག་པ་སྡུག་པ་ལྟར་འགྲོ་བ་ལ་དགའ་བ་དང་།
Vol. 103 · folio 83b
རྗེས་སུ་འབྲེལ་བ་རྣམས་ཀྱིས་ནི་ཆོས་དང་མཐུན་པའི་བསྟན་བཅོས་ཚད་མར་བྱས་ཤིང་། ཆོས་མ་ཡིན་པ་དང་མཐུན་པ་ཡོངས་སུ་སྤངས་ཏེ། འཇིག་རྟེན་ཡོངས་སུ་བསྐྱངས་ན། ད་ལྟར་ནི་རྩོད་པའི་དུས་སུ་སྐྱེས་པའི་རྒྱལ་པོ་རང་གི་སེམས་ཀྱི་བདག་ཉིད་ངན་པའི་གཞན་གྱི་དབང་དུ་
གྱུར་པ་ནོར་ཙམ་གཙོ་བོར་གྱུར་པ་སྙིང་རྗེ་མེད་པ་རྣམས་ཀྱིས་ཆོས་མ་ཡིན་པ་དང་རྗེས་སུ་མཐུན་པའི་བསྟན་བཅོས་ཚད་མར་བྱས་ཤིང་། ཆོས་དང་མཐུན་པ་བོར་ནས་ཇི་ལྟར་རི་དགས་ཀྱི་དགོན་པར་གྱུར་པ་དེ་ལྟར་འཇིག་རྟེན་སྟོང་པར་བྱས་ཏེ། དེའི་ཕྱིར་ཡང་ཆོས་མ་ཡིན་པ་དང་ལྡན་པའི་བསྟན་
བཅོས་ཚད་མ་མ་ཡིན་ནོ། །ཀླ་ཀློ་བུ་རམ་གྱི་ཤིང་ཡོངས་སུ་རྫོགས་པར་མ་སྐྱེས་པ་འཚིར་བ་བཞིན་ནོ། །ཀླ་ཀློའི་རྐུན་པོ་གང་ཞིག་གཏི་མུག་པས་བུར་ཤིང་ཡོངས་སུ་རྫོགས་པར་མ་སྐྱེས་པ་འཚིར་བར་བྱེད་པ་དེ་ནི་དོན་མ་ཡིན་པ་ཁོ་ན་བྱེད་ཀྱི་དོན་ནི་མ་ཡིན་པ་དེ་བཞིན་དུ། གལ་ཏེ་རྒྱལ་
པོ་ཡང་བསྐྱང་བར་བྱ་བ་མི་སྐྱོང་ན་དེ་ལ་འདིའི་དོན་མེད་ཅིང་ཕ་རོལ་གྱི་དོན་མེད་དེ། བསོད་ནམས་མ་ཡིན་པ་མང་པོ་བྱེད་པའི་ཕྱིར་རོ། །འདིར་བཤད་པ། གང་ལས་རང་གཞན་ཡུལ་འཁོར་ལ། །རྣམ་པར་དབྱེ་བ་མ་བྱས་པའི། །སྐྱེ་དགུ་བདེར་འགྱུར་བསྟན་བཅོས་དེ། །མཁས་
པ་རྣམས་ཀྱིས་བསྟི་སྟང་བྱས། །འདིར་སྨྲས་པ། འདིར་རྒྱལ་པོ་གླགས་དག་ལ་བབ་ན་དགྲ་ལ་སྣུན་པ་ལ་ཆོས་མ་ཡིན་པ་མེད་དེ། བསྟན་བཅོས་ལས་མཐོང་བའི་ཕྱིར་རོ། །བཤད་པར་བྱ་སྟེ། གླགས་སུ་སྣུན་པའི་རྒྱལ་པོ་ལ། །གལ་ཏེ་སྡིག་པ་ཡོད་མིན་ན། །རྐུན་པོ་གཞན་
རྣམས་ལའང་དེ། །དང་པོ་ཉིད་དུ་ཡོད་མ་ཡིན། །གལ་ཏེ་དགྲ་བོ་དག་གམ་གཞན་མ་དག་ལའང་རུང་སྟེ། གླགས་དག་ལ་བབ་པ་ན་སྣུན་པའི་རྒྱལ་པོ་ལ་སྡིག་པ་ཡོད་པ་མ་ཡིན་ན། རྐུན་པོ་རྒྱལ་པོ་ལས་གཞན་པའི་རྐུན་པོ་ནོར་བསྲུང་བ་རྣམས་ལ་ཡང་གླགས་ཅུང་ཟད་
ཅིག་རྙེད་ནས། གཞན་གྱི་ནོར་འཕྲོགས་པ་རྣམས་ལ་ཡང་གླགས་སུ་སྣུན་པ་ཉིད་ཀྱིས་ཐོག་མར་སྡིག་པར་མི་འགྱུར་བ་བྱ་དགོས་ཏེ། དེ་རྣམས་གླགས་སུ་སྣུན་པ་ཉིད་དུ་ཐུ་བོར་གྱུར་པའི་ཕྱིར་རོ། །རྒྱལ་པོ་ལ་ནི་ཕྱིས་ཏེ། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་རྒྱལ་པོ་གླགས་
Vol. 103 · folio 84a
དག་ཏུ་སྣུན་པ་ལ་སྡིག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གང་འདོད་པ་དེ་ནི་མ་ཡིན་ནོ། །རྒྱལ་བུ་མ་ཕམ་སྡེ་བཞིན་ནོ། །རྒྱལ་པོ་འགའ་ཞིག་གིས་གང་བླུན་པོ་ཞིག་ལ་གང་གི་ཚེ་ང་འཆི་བར་གྱུར་པ་དེའི་ཚེ་ངའི་སྤུན་ཟླ་རྒྱལ་བུ་གཞོན་ནུ་མ་ཕམ་སྡེ་རྒྱལ་སྲིད་ལ་
དབང་བསྐུར་ཅིག་ཅེས་སྨྲས་པར་གྱུར་ལ། དེ་ནས་བློན་པོ་དེས་རྒྱལ་པོ་དེ་ཤི་བ་དང་གླགས་སུ་སྣུན་ཏེ་རྒྱལ་པོ་གཞོན་ནུ་དེ་གསད་ཅིང་བདག་ཉིད་ཀྱིས་རྒྱལ་སྲིད་དེ་བཟུང་ངོ་། །སྡིག་པ་སྤྱོད་པའོ་ཞེས་དེ་ལ་འཇིག་རྟེན་དུ་གྲགས་པ་མ་ཡིན་པ་རབ་ཏུ་གནས་ཤིང་། ཕ་རོལ་དུ་ཡང་བསོད་ནམས་
མ་ཡིན་པས་ངན་འགྲོར་ལྷུང་བར་འགྱུར་རོ། །དེ་བཞིན་དུ་གླགས་སུ་སྣུན་པའི་རྒྱལ་པོ་རྣམས་ལ་ཡང་ཇི་ལྟར་གྲགས་པ་མ་ཡིན་པ་དང་སྡིག་པར་མི་འགྱུར། འདིར་བཤད་པ། ནག་པོའི་ལས་གང་དེས་བྱས་པ། །དེ་ལས་འབྲས་དཀར་མི་འབྱུང་སྟེ། །རུལ་བའི་ཤིང་གི་ས་བོན་
ལས། །ཙམ་པའི་ཤིང་གི་མྱུག་མི་འབྱུང་། །འདིར་སྨྲས་པ། གཡུལ་ངོར་དགྲ་བོ་དག་ཕམ་པར་བྱས་ཏེ། རང་གི་དཔའ་བོའི་རྣམ་པར་གནོན་པས་བསགས་པའི་ནོར་ཕུན་སུམ་ཚོགས་པ་མཐོང་བ་ན་རྒྱལ་པོ་ཡོངས་སུ་དགའ་བར་འགྱུར་ལ། ཅི་སྟེ་འདི་གཡུལ་ངོར་ཤི་བར་གྱུར་ན་ནི་
དེའི་ཚེ་འདིས་གཡུལ་དུ་བདག་ནི་ཡོངས་སུ་དོར་བས་གདོན་མི་ཟ་བར་མཐོ་རིས་སུ་འགྲོ་སྟེ། བསད་ན་མཐོ་རིས་ཐོབ་པ་འམ། །ཕབ་སྟེ་ས་བདག་སྤྱོད་འགྱུར་གྱིས། །དེ་ཡི་ཕྱིར་ན་ཀོན་ཏིའི་བུ། །འགྱེད་ལ་ངེས་བྱས་ལངས་པར་བྱོས། །ཞེས་ཀྱང་སྨྲའོ། །བཤད་པར་བྱ་སྟེ། ཆང་སོགས་
དག་ལ་བདོག་པ་ཀུན། །ཡོངས་གཏོང་མཆོད་པ་མ་ཡིན་ན། །གཡུལ་ངོར་བདག་ཀྱང་ཡང་གཏོང་བ། །མཆོད་པ་སྙམ་དུ་སེམས་སམ་ཅི། །ཆང་དང་རྒྱན་པོ་དང་བུད་མེད་སྨད་འཚོང་རྣམས་ལ་བདོག་པ་ཀུན་གསལ་བར་གཏོང་བ་རྣམས་ནི་བསོད་ནམས་ལ་གཏོང་བ་མ་ཡིན་ཞིང་། སྐྱེ་བོ་དམ་
པའི་ཐུགས་མཉེས་པར་བྱེད་པ་ཡང་མ་ཡིན་ཏེ། གཏོང་པ་དེ་ཆགས་པ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །དེ་བཞིན་དུ་གཡུལ་ངོར་བདག་ཉིད་དངོས་པོ་ཡོངས་སུ་གཏོང་བ་ཡང་མཆོད་པར་བྱ་བ་མ་ཡིན་པ་ཉིད་དེ། དེ་ནི་བསོད་ནམས་མ་ཡིན་པའི་གནས་ཡིན་པའི་ཕྱིར་རོ། །
Vol. 103 · folio 84b
འདི་ལྟར་གཡུལ་འགྱེད་པ་ན་རྔམ་པ་དང་བཅས་པར་རྒྱུག་ཅིང་། བརྩེ་བ་དང་བྲལ་བས་མི་གཞན་ལ་བརྩེ་བ་མེད་པའི་བསམ་པ་ཅན། གསད་པའི་ཕྱིར་གཞན་གྱི་མགོ་ལ་མིག་གཏད་པ་མཚོན་འཕྱར་བཞིན་པ་ཞིག་དགྲ་ཕ་རོལ་པོས་བསད་པ་ལ་མཐོ་རིས་སུ་འགྲོ་བ་སྲིད་པར་ཇི་ལྟར་རིགས།
དེ་ལ་གཡུལ་ངོར་ཤི་བ་གདོན་མི་ཟ་བར་མཐོ་རིས་སུ་འགྲོའོ་ཞེས་ཁྱོད་འདོད་པ་གང་ཡིན་པ་དེ་ནི་མ་ཡིན་ནོ། །གནག་རྫི་མོས་གྱོས་པོ་ལ་ལུས་སྟོབ་པ་བཞིན་ནོ། །གནག་རྫི་མོ་འགའ་ཞིག་གིས་ཁྱོ་འགྲོན་ལ་སོང་བ་དང་། གྱོས་པོ་ལ་ཆེས་ཁྱད་དུ་བསད་པར་གྱུར་ཏོ། །དེ་ནས་གནག་
རྫི་རྒན་པོ་དེས་དེ་འོངས་པ་ན་དོན་དེ་གོ་བར་བྱས་ཤིང་། གལ་ཏེ་ཁྱོད་ཀྱི་ཆུང་མ་ཕྱིས་ཡང་བདག་ཅག་ལ་ཁྱད་གསོད་བྱེད་ན་ནི་ཁྱོད་ཀྱི་ཁྱིམ་དུ་མི་འདུག་གོ་ཞེས་ཀྱང་སྨྲས་སོ། །དེ་ནི་བུད་མེད་བླ་མར་མི་བྱེད་ཅིང་ཕ་ལ་སྙིང་ཉེ་བ་ཞིག་སྟེ། དེས་དེ་ལ་སྤྱོས་ནས་ཡང་ངའི་ཕ་ལ་ཡང་ཁྱད་གསོད་
བྱེད་ན་ནི་ཁྱོད་བདག་གི་ཁྱིམ་དུ་བསྡད་དུ་མེད་ཀྱིས། འདིའི་བྱ་བར་དཀའ་བ་ཡང་གྱིས་ལ་སྦྱིན་པར་དཀའ་བ་ཡང་འདི་ལ་བྱིན་ཅིག་ཅེས་སྨྲས་ལ། དེས་ཀྱང་དེ་ཁོ་ན་ལྟར་ཁས་འཆེས་སོ། །དེ་ནས་ཡང་ཁྱོ་འགྲོན་ལ་སོང་བ་དང་། དེས་ལྡོག་ཅིང་ལྡོག་ཅིང་གྱོས་པོ་ལ་གུས་པ་དམ་པས་སྲིད་ཞུ་བྱས་
པར་གྱུར་ལ། ཁྲུས་དང་། བསྐུ་བྱུག་དང་། ཕྲེང་བ་སྦྱིན་པ་དང་། ཟས་དང་། སྐོམ་དང་། བཟའ་བ་གྱ་ནོམ་པས་ཉིན་པར་རིམ་གྲོ་བྱས་ཤིང་མཚན་མོ་ཆུ་དྲོན་པོས་དེའི་རྐང་པ་བཀྲུས་ཤིང་། ཏིལ་མར་བསྐུས་ནས་རང་གི་གོས་ཕུད་དེ་སྒྲེན་མོར་སྦྱོར་བ་ངན་པ་བྱེད་པའི་ཚུལ་གྱིས་དེའི་མལ་དུ་
ཉལ་བར་བརྩམས་སོ། །གནག་རྫི་རྒད་པོས་སྨྲས་པ། ཀྭའི་སྡིག་ཅན་མ་འདིས་ཅི་ཞིག་བརྩམས། གནག་རྫི་མོས་སྨྲས་པ། བདག་ལ་ཁྱོས་ཁྱོད་ཀྱིས་འདི་ལ་བྱ་དཀའ་བ་ཡང་གྱིས་ལ་སྦྱིན་པར་དཀའ་བ་ཡང་བྱིན་ཅིག་ཅེས་སྨྲས་ཀྱིས། འདི་ལས་ཆེས་བྱ་དཀའ་བ་དང་། སྦྱིན་པར་
དཀའ་བའི་ལས་སྦྱིན་དཀའ་བ་ཡང་མེད་དོ། །གནག་རྫི་རྒད་པོས་སྨྲས་པ། བདག་དབྱུང་བའི་ཕྱིར་ཐབས་བཤམས་ཀྱིས་དགའ་བར་སྡོད་ཅིག་ཕྱིན་ཆད་ཁྱིམ་འདིར་མི་འདུག་གོ་ཞེས་སྨྲས་ཏེ་ཕྱིར་བྱུང་བར་གྱུར་ཏོ། །དེའི་བུ་དེ་འོངས་པ་དང་ཕ་མ་མཐོང་སྟེ་ཆུང་མ་ལ་དེ་གར་སོང་ཞེས་
Vol. 103 · folio 85a
དྲིས་པས། དེས་རྗེ་བོ་བདག་ལ་མ་ཚང་བ་ཅི་ཡང་མེད་ཀྱི། བདག་གིས་མཆོག་ཏུ་གུས་པས་དེ་ལ་སྙིང་ཉེ་བ་དང་། ནམ་ཟླ་ལ་བསོད་པའི་ཁྲུས་དང་བྱུག་པ་དང་བཟའ་བ་ལ་སོགས་པས་ཞབས་འབྲིང་བྱས་ལ། ཇོ་བོས་ཇི་སྐད་བཀའ་སྩལ་པ་ལྟར་
བྱ་དཀའ་བ་ཡང་བྱས་ལ། སྦྱིན་པར་དཀའ་བ་ཡང་བྱིན་མོད་ཀྱི། དེ་ལྟར་བྱས་ཀྱང་བདག་ནན་གྱིས་བོར་ནས་སོང་ངོ་ཞེས་སྨྲས་སོ། །ཁྱོད་ཀྱིས་ཅི་བྱས་ཞེས་དྲིས་པས་ཡང་བྱུང་ཚུལ་སྔ་མ་བཤད་དོ། །དེ་ནས་ཕ་ལ་གུས་པས་དེས་དེ་བསྐྲད་དེ་ཁྱིམ་ནས་ཕྱུང་ལ། ཕ་ལ་སྤྲོ་བསྲིང་བྱས་
ནས་རང་གི་ཁྱིམ་དུ་བཅུག་གོ། །ཇི་ལྟར་ཆུང་མ་ངན་པ་གནག་རྫི་མོ་འདིའི་ལུས་གྱོས་པོ་ལ་སྦྱིན་པ་བྱིན་པ་མཆོད་པ་མ་ཡིན་པ་དེ་བཞིན་དུ། རྒྱལ་པོ་ངན་པ་སེམས་ཅན་རྣམས་ཀྱི་གཡུལ་ངོར་སྲོག་གཏོང་བ་ཡང་མཆོད་པ་མ་ཡིན་ནོ། །འཇིག་རྟེན་དུ་ཡང་སྐྱོན་ཅན་ཡིན་པའི་ཕྱིར་ཆང་ལ་
སོགས་པ་དག་ལ་བདོག་པ་ཐམས་ཅད་གཏོང་བ་མཆོད་པ་མ་ཡིན་ནོ། །འདིར་བཤད་པ། གལ་ཏེ་གཡུལ་ངོར་ཤི་བ་ནི། །ལྷུན་པོའི་རྩེ་མོར་ངེས་འགྲོ་ན། །སྐུ་ཚེ་ཤི་བ་རྣམས་ཀྱང་ནི། །དེ་ལྟར་འགྲོ་བར་ཅིས་མི་འགྱུར། །འདིར་སྨྲས་པ། འདི་ན་རྒྱལ་པོ་འཇིག་རྟེན་ཐམས་ཅད་ཀྱི་མགོན་
ཉིད་བྱེད་པ་གང་ཡིན་པ་དེ་ཉིད་དེའི་དགའ་བའི་རྒྱུ་ཚར་ཕྱིན་པ་ཡིན་ནོ། །བཤད་པར་བྱ་སྟེ། རྒྱལ་པོ་འཇིག་རྟེན་མགོན་ཁྱོད་ལ། །མགོན་འགའ་ཡོད་པ་མ་ཡིན་ན། །མགོན་མེད་དེ་ཡིས་བདག་ཉིད་ནི། །མ་བཏང་སུ་ཞིག་དགའ་བར་འགྱུར། །འདིར་རྒྱལ་པོ་ནི་འཇིག་རྟེན་ཐམས་ཅད་ཀྱི་
མགོན་ཡིན་ཏེ་འདི་ལྟར་འཇིག་རྟེན་ནི་དེའི་རྗེས་སུ་བསྟན་པས་རང་གི་སྲོག་དང་། ནོར་བསྲུང་བའི་དོན་དུ་མི་རིགས་པ་སྤངས་ནས་རིགས་པའི་ལས་ལ་འཇུག་གོ། །རྒྱལ་པོ་ལ་ནི་རང་དགར་སྤྱོད་པ་ཉིད་ཀྱི་ཕྱིར་ན་རྗེས་སུ་སྟོན་པ་པོ་མགོན་འགའ་ཡང་ཡོད་པ་མ་ཡིན་ལ། མགོན་མེད་པ་ཞེས་བྱ་བ་
ཡང་མཆོག་ཏུ་རྒུད་པ་རྣམས་ཀྱི་གཞི་ཡིན་ཏེ། རང་ཡན་དུ་འགྱུར་ཞིང་རྗེས་སུ་འཆོས་པ་པོ་དང་བྲལ་བ་ལ་རིགས་པར་རོ་གཅིག་པའི་འཇུག་པ་ག་ལ་ཡོད། དེའི་ཕྱིར་འདི་གྱ་རྒུད་ཀྱི་པང་ན་གནས་པ་ན་གལ་ཏེ་བདག་ཉིད་ཡོངས་སུ་བཏང་བར་གྱུར་པ་མ་ཡིན་ན་ནི་དེའི་ཚེ་མགོན་
Vol. 103 · folio 85b
ཉིད་དེས་དགའ་བར་མི་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་གྱི་མགོན་ཉིད་ནི་འདིའི་དགའ་བའི་རྒྱུར་མི་རུང་ངོ་། །དེའི་ཕྱིར་བག་མེད་པའི་གནས་ན་གནས་པ་ཉིད་ཀྱི་ཕྱིར་སྐྱོ་བ་ཉིད་མཆོག་ཏུ་བཏུས་པར་འགྱུར་གྱི། ཡོངས་སུ་མགུ་བ་ནི་མ་ཡིན་ནོ། །དགེ་འདུན་གྱི་གནས་
བརྟན་སོ་སོའི་སྐྱེ་བོ་ལ་ཕྱག་འཚལ་བ་བཞིན་ནོ། །ཇི་ལྟར་དགེ་འདུན་གྱི་གནས་བརྟན་སོ་སོའི་སྐྱེ་བོ་མགོན་མེད་པ་ཞིག་ཕྱག་ལ་སོགས་པས་དགའ་བར་འགྱུར་བ་དེ་བཞིན་དུ། རྒྱལ་པོ་མགོན་མེད་པ་ཡང་རབ་ཏུ་འདུད་པ་དང་བཀུར་སྟི་ལ་སོགས་པས་དགའ་བར་འགྱུར་རོ། །
འདིར་བཤད་པ། མཁས་གང་གསོན་པའི་འཇིག་རྟེན་ན། །དངོས་པོ་འདི་ལས་སླར་ཡང་ནི། །འབྱུང་བས་གཞན་ལ་ཚོལ་བ་ཡིས། །མགོན་མེད་དངོས་པོས་དགའ་བར་འགྱུར། །འདིར་སྨྲས་པ། གང་གི་ཕྱིར་ཆད་པ་ཞན་པའི་རྒྱལ་པོ་ལ་གྲགས་པར་མི་འགྱུར་ལ། རྒྱལ་པོ་ཆད་པ་དྲག་
པོ་ཅན་ལ་ནི་ཤི་ཡང་གྲགས་པ་རྗེས་སུ་འཇུག་པ་ཡང་ཡིན་ཏེ། དེའི་ཕྱིར་རྒྱལ་པོས་ཆད་པ་དྲག་པོ་ཅན་དུ་བྱ་དགོས་སོ། །བཤད་པར་བྱ་སྟེ། རྒྱལ་པོ་ཤི་བར་གྱུར་པ་ལའང་། །གྲགས་པས་ཡོན་ཏན་དགའ་མི་འབྱུང་། །ཁྱོད་ཡོན་མེད་དང་ཁྱི་འཚེད་ལ། །གྲགས་པ་ཆེན་པོ་ཅི་སྟེ་མེད། །གལ་
ཏེ་ཤི་བར་གྱུར་ཀྱང་རྒྱལ་པོ་ལ་གྲགས་པའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་འབྱུང་བར་འགྱུར་ན་ནི། རྒྱལ་པོས་ཆད་པ་དྲག་པོ་ཅན་དུ་བྱ་བར་རིགས་པ་ཞིག་ན། གྲགས་པའི་སྒོ་ནས་དེ་ལ་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། གྲགས་པས་ནི་དེའི་སྡིག་པ་དེ་
རྣམ་པར་སེལ་བ་མ་ཡིན་ནོ། །ཅི་སྟེ་བདག་གི་གྲགས་པ་འཇིག་རྟེན་ཇི་སྲིད་གནས་པ་དེ་སྲིད་དུ་བདག་རྣམ་པར་ལྷུང་བ་མེད་པའི་ཆོས་ཅན་དུ་འགྱུར་བས་གྲགས་པས་ཡོན་ཏན་དུ་འགྱུར་རོ་སྙམ་ན། བཤད་པར་བྱ་སྟེ། བརྩེ་བ་མེད་པ་དང་། རྐུ་བ་ལ་སོགས་པ་ཡོན་ཏན་མེད་པའི་ཚོགས་
རྣམ་པ་སྣ་ཚོགས་པ་ཡང་ཁྱོད་ལ་ཅི་སྟེ་མེད། གང་གི་ཕྱིར་ཁྱོད་ལ་ཡོན་ཏན་མེད་པ་ཆེར་ཡོད་པ་དེའི་ཕྱིར་དེའི་རྒྱུ་ཅན་གྱི་གྲགས་པ་ཆེན་པོས་ངེས་པར་སྡིག་པ་བསགས་པ་ལས། ཁྱོད་ངན་འགྲོར་ལྟུང་བའི་མཐར་ཕྱིན་པ་གཅིག་པུར་བྱེད་པར་འགྱུར་རོ། །གལ་ཏེ་གྲགས་པས་ཁ་ན་མ་
Vol. 103 · folio 86a
ཐོ་བའི་དྲི་མ་འཁྲུ་བར་བྱེད་ན་ནི་དེའི་ཚེ་ཁྱི་འཚེད་དག་ལ་ཡང་ཁྱི་རྣམས་ལ་བརྗིད་དང་ལྡན་པ་ཉིད་ཀྱིས་གྲགས་པ་ཆེན་པོ་ཡོད་པས་ཁྱི་འཚེད་དག་ལ་ཡང་འཁྲུ་བར་བྱེད་པར་འགྱུར་བ་ཞིག་ན། འདི་ནི་དེ་ལྟར་ཡང་མ་ཡིན་པས་གྲགས་པས་དགོས་པ་ཅི་ཡང་
མེད་དེ། དེའི་ཕྱིར་བདག་ལེགས་སུ་འདོད་པའི་རྒྱལ་པོས་ཆད་པ་དྲག་པོ་ཅན་མ་ཡིན་པར་བྱ་དགོས་སོ། །བུ་མོ་ལྕེབས་པ་བཞིན་ནོ། །ཕྱུག་པོའི་བུ་མོ་ཞིག་ཤི་སྟེ། འབྱོར་པ་ཆེན་པོས་ཕྱིར་འབྱིན་པར་གྱུར་ཏོ། །བུ་མོ་གཞན་ཞིག་གིས་མཐོང་ལ་མཐོང་ནས་ཀྱང་བདག་ལ་ཡང་འདི་ལྟ་བུའི་
འབྱོར་པར་འགྱུར་རོ་སྙམ་སྟེ། བདག་ཉིད་འགེག་ཐག་ལ་ད་པྱངས་ཏེ་སྲོག་དང་བྲལ་བ་ཉིད་དུ་གྱུར་པ་དེ་བཞིན་དུ། རྒྱལ་པོ་ཡང་རྒྱལ་པོ་དེ་ཤི་བར་གྱུར་ཀྱང་དེ་ལྟར་རྗེས་སུ་བསྟན་པ་འབར་བར་གྱུར་ཏོ་ཞེས་གྲགས་པའི་ཆེད་དུ་སྡིག་པ་བྱེད་དོ། །འདིར་བཤད་པ། གལ་ཏེ་མ་རུངས་རྒྱལ་ཤི་ལ། །
གྲགས་པས་ཡོན་ཏན་འགྱུར་ན་ནི། །རྐུན་པོ་མ་རུངས་པ་ལ་ཡང་། །ཅི་ཕྱིར་དེ་ལྟར་འགྱུར་མ་ཡིན། །འདིར་སྨྲས་པ། རིགས་དང་ལྡན་པའི་རྒྱལ་པོ་གང་ཡིན་པ་དེ་ཉིད་རྒྱལ་ཐབས་ལ་འོས་ཀྱི་གཞན་ནི་མ་ཡིན་ཏེ། དེའི་ཕྱིར་འདིའི་རྒྱགས་པ་རིགས་སོ། །བཤད་པར་བྱ་སྟེ། གང་ཚེ་ཀུན་
གྱི་དབང་ཕྱུག་ཉིད། །བསོད་ནམས་ཀྱིས་བསྐྱེད་དེ་ཡི་ཚེ། །འདི་ནི་དབང་ཕྱུག་བརྟེན་མིན་ཞེས། །བརྗོད་པར་རྙེད་པ་མ་ཡིན་ནོ། །གང་དང་གང་ལ་ལོངས་སྤྱོད་ཡང་དག་པར་འགྲུབ་པར་འགྱུར་བའི་ལས་བསོད་ནམས་ཞེས་བྱ་བ་ཡོད་པ། དེ་དང་དེ་ལ་དབང་ཕྱུག་ཉིད་ཕུན་སུམ་ཚོགས་པར་འགྱུར་
ལ། ལས་དེ་ཡང་གཅིག་ལ་ངེས་པ་མ་ཡིན་ནོ། །གང་གི་ཚེ་སེམས་ཅན་འདི་ནི་དབང་ཕྱུག་ཉིད་ལ་བརྟེན་པ་མ་ཡིན་ནོ་ཞེས་བརྗོད་པར་མི་ནུས་ན་དེའི་ཚེ་འདི་ལ་འདིས་རྒྱགས་པ་བསྐྱེད་པར་མི་རིགས་ཏེ། བཟོ་སློབ་བ་བཞིན་ནོ། །ཇི་ལྟར་བཟོ་སློབ་པ་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་སྟེ། གང་
འགའ་ཞིག་འདོད་པ་དེ་ཐམས་ཅད་སློབ་པ་དེ་བཞིན་དུ་བསོད་ནམས་དག་བྱས་ན་རྒྱལ་སྲིད་འཐོབ་པོ། །འདིར་བཤད་པ། གང་ཚེ་ལས་བདག་འཇིག་རྟེན་ན། །རང་བྱས་འབྲས་བུ་ལ་སྤྱོད་པ། །དེ་ཚེ་མི་དབང་བདེ་ཐོབ་པས། །དེ་ལ་ཕྲག་དོག་མི་བྱའོ། །འདིར་སྨྲས་པ། གང་གི་ཕྱིར་
Vol. 103 · folio 86b
རྒྱལ་སྲིད་ཡོངས་སུ་སྐྱོང་བའི་ཆོས་ནི་རྒྱལ་རིགས་ཁོ་ན་ལ་བཤད་ཀྱི། གཞན་རིགས་གསུམ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རིགས་དང་ལྡན་པའི་རྒྱལ་རིགས་ཁོ་ནས་རྒྱལ་སྲིད་བྱ་དགོས་ཏེ། གཞན་དག་གིས་ནི་མ་ཡིན་ནོ། །དེའི་ཕྱིར་འདིའི་རྒྱགས་པ་རིགས་པ་ཉིད་དོ། །བཤད་པར་བྱ་སྟེ། འཚོ་
བའི་ཐབས་སོ་ཅོག་ལ་འང་། །འཇིག་རྟེན་ན་ནི་རིགས་ཞེས་བསྙད། །དེས་ན་སེམས་ཅན་ཐམས་ཅད་ལ། །རིགས་ལས་དབྱེ་བ་ཡོད་མ་ཡིན། །འདི་དག་ནི་འཚོ་བའི་ཐབས་ཤིག་སྟེ། འདི་ལྟ་སྟེ། རྒྱལ་རིགས་ལ་སོགས་པའི་རིགས་དག་གོ། །འདི་ལྟར་བསྐལ་པ་དང་པོར་ནི་སེམས་ཅན་ཐམས་
ཅད་ཕྱི་རོལ་གྱི་རྐྱེན་ས་བོན་ལ་མི་ལྟོས་པར་སྐྱེ་བ་ཉིད་ཀྱི་ཕྱིར་རྫུས་ཏེ་སྐྱེ་ཞིང་། ཡིད་ཙམ་ལས་སྐྱེས་པའི་ཕྱིར་ཡིད་ལས་བྱུང་བ་རང་གི་འོད་ཅན། རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ་དགའ་བ་ཟ་ཞིང་དགའ་བའི་ཆོས་ཅན་ཕོ་དང་མོའི་དབང་པོ་དང་བྲལ་བ་སྟེ། དེའི་ཕྱིར་འདི་
དག་ཐམས་ཅད་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ལས་བྱུང་བ་ཉིད་ཀྱི་ཕྱིར་རིགས་ལས་ཐ་དད་པ་ཉིད་མི་སྲིད་དོ། །དེའི་དུས་ཕྱིས་ནི་ཁམ་གྱི་ཟས་ལ་ཞུགས་ཤིང་ཟས་ཆེས་རགས་པ་ལ་གོམས་པར་བྱེད་པ་ན། དེའི་རྒྱུ་མཐུན་པ་དབྱུང་བར་བྱ་བའི་ཕྱིར་གཅིན་དང་ཕྱི་སའི་ལམ་བྱུང་བ། ཕན་ཚུན་ཕོ་དང་མོའི་
དབང་པོས་བྱས་པའི་དབྱིབས་ཐ་དད་པ་ལྟ་བ་ན། ཚེ་སྔ་མར་གོམས་པའི་དབང་གིས་འདོད་པའི་འདོད་ཆགས་སྐྱེ་བ་རྣམས་ལ་ཕན་ཚུན་ལོག་པར་ཞུགས་པས་མངལ་ནས་སྐྱེ་བའི་སྐྱེ་གནས་བྱུང་བར་གྱུར་ཏོ། །དེ་ནས་འཇིག་རྟེན་དུ་སོག་འཇོག་གི་སྐྱོན་གྱིས་མ་བྱིན་པར་ལེན་པ་ལ་
སོགས་པ་ལ་ཞུགས་པས་རང་གི་འཚོ་བའི་བྱ་བའི་ཁྱད་པར་ཁས་བླངས་པ་ལས་རིགས་ཐ་དད་པར་གྱུར་ཏོ། །འདི་ལྟར། སྐྱེ་བོའི་ཚོགས་ཕལ་པོ་ཆེས་ཞིང་བསྲུང་བའི་ཕྱིར་མི་སྤུས་ལ་བབ་པ་ཞིག་བསྒོས་པ་དང་། ལས་དེ་ཁས་བླངས་པས་དེ་ལ་རྒྱལ་རིགས་ཞེས་བྱ་བར་གྲགས་སོ། །
ཐུལ་བར་འདོད་པ་གང་དག་དཀའ་ཐུབ་བསྒྲུབ་པར་བྱ་བའི་ཕྱིར། གྲོང་ལས་ཡིད་ཕྱིར་ཕྱོགས་པར་གྱུར་པ་དེ་དག་ལ་ནི་བྲམ་ཟེ་ཞེས་བྱ་བར་གྲགས་སོ། །རྒྱལ་པོ་བཀའ་བཞིན་བྱེད་པ་རྣམས་ནི་རྗེའུ་རིགས་སོ། །རྨོ་བ་ལ་སོགས་པ་ལས་ངན་པ་ལ་སྦྱར་བ་རྣམས་ནི་དམངས་རིགས་ཏེ།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words