བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ

Sanskrit title (Tibetan script, as in the text) བོ་དྷི་སཏྭ་ཙཱརྱ་ཨ་བ་ཏཱ་ར་སང་ཀཱ་ར

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 106 · folio 30a

ལྡན་འདས་ཀྱིས་སྡོང་དུམ་ཚིག་པ་ལ་ཡང་ལས་ཀྱི་བགོ་སྐལ་ལ་དམིགས་ནས་སེམས་སྡང་བར་མི་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་ནད་ཀྱི་དགོན་པའི་ནང་དུ་ཞུགས་པས་སྟོང་པ་ཉིད་ལ་སོ་སོར་དཔྱད་པས་སྐྲག་པར་མི་བྱའོ་ཞེས་གསུངས་སོ། །བཟོད་པ་

དང་ལྡན་པས་བརྩོན་འགྲུས་བསྐྱེད་པར་བྱ་བ་དེ་ལྟ་བས་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་སེམས་གསལ་དེ་ནི་བརྩོན་འགྲུས་དྲག་པོའི་གཅིག །ཅེས་བྱ་བ་ནི་ལུས་དང་ངག་མེད་ན་ཡང་། གང་ཚངས་པ་ཡིན་པ་ལྟར། ལུས་ངག་བཅས་པའི་འབྲས་བུ་ཡང་། །ལུས་དང་ངག་

གི་སྤྱོད་པ་ཞན་པས་དེ་ལྟར་མིན་ནོ། །བརྩོན་འགྲུས་ཀྱང་བསམ་གཏན་གྱི་ཕྱིར་ཡིན་པ་དེ་ལྟར་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བསྟན་པ་ནི་བཟླས་བརྗོད་ནི་ནང་དུ་མི་སྨྲ་བར་བཟླ་བའོ། །དཀའ་ཐུབ་ཀུན་ཏེ། བཟླས་པ་ལས་གཞན་དང་གཞན་པའི་བསོད་ནམས། ཡུན་རིང་

དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་སེམས་གཡེངས་པས་བྱས་པ་ནི། དྲན་པ་དང་བསམ་གཏན་མེད་པའི་ཕྱིར་དང་། དམན་པ་ཤེས་བཞིན་མེད་པའི་ཕྱིར། དོན་མེད་ཅེས་བསྒོམས་པ་འབྲས་བུ་ཅན་ཡིན་ཞེས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་སྟེ་དེ་ཉིད་རིག་

པས་གསུངས་པ་ཡིན་ནོ། །བསམ་གཏན་ནི་འདིར་སེམས་འདོད་པ་སྤྱོད་པ་ཡིན་ཡང་ཉོན་མོངས་པ་ཅན་མ་ཡིན་ཞིང་རྩེ་གཅིག་པ་ཡིན་ནོ། །དེ་ནས་ཁོ་ན་ཉིད་ཀྱི་བློ་ཡིན་པ་དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་གང་གིས་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་

རབ་ཀྱི་ཉོན་མོངས་པ་སྤངས་པ་ན་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མེད་པ་དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་ནི་མཆོག་ཏུ་བདེ་བ་ཐོབ་པའོ། །དེ་དག་དོན་མེད་གྱི་ན་འཁྱམ། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དེ་བཞིན་

གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་བྱ་བ་དང་། གང་འདི་ཆོས་རྣམས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས། སྒྱུ་མའང་

Vol. 106 · folio 30b

གཞན་མིན་ཆོས་རྣམས་དག་ཀྱང་གཞན་མ་ཡིན། །ཡོད་མེད་མིང་དང་བྲལ་བ་ཉེ་བར་ཞི་སྤྱོད་པ། །དེ་འདི་ཤེས་རབ་ཕ་རོལ་ཕྱིན་མཆོག་ལ་སྤྱོད་ཡིན། །ཞེས་གསུངས་སོ། །གང་གི་དེ་དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་རྣམ་པ་བཅུ་འམ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་

ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །རང་གི་མཚན་ཉིད་དེ་འཛིན་པའི་ཕྱིར་དང་། ཆོས་མ་ཡིན་པའི་འགོག་པ་འཛིན་པའི་ཕྱིར་དེ་ཙམ་ཉིད་ནི་ཆོས་ཡིན་ནོ། །ཆོས་ཀྱི་དོན་པོ་མཆོག་སེམས་ཀྱི་གསང་འདི་སྐྱེ་བོ་སྣོད་མ་ཡིན་པ་ལ་བསྟན་པར་བྱ་བ་མ་ཡིན་པ་དེ་དང་དེ་མ་ཤེས་ཤིང་གོམས་

པར་མ་བྱས་པའོ། །ཆོ་ག་འདིས་གྲོལ་བར་མི་འགྱུར་རོ་ཞེས་ཟེར་བ་དེ་དག་དོན་མེད་གྱི་ན་འཁྱམ་མོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཉིད་ཡིན་ནོ། །ཐབས་ནི་སྙིང་རྗེ་ཆེན་པོ་དང་

དད་པས་བསྡུས་པའི་དེ་ཁོ་ན་ཉིད་ཀྱི་བློའོ། །རང་གི་དོན་དང་གཞན་གྱི་དོན་དུ་གཉེར་བའི་སྨོན་ལམ་ཡང་དེ་ཉིད་ཡིན་ནོ། །སྟོབས་ནི་མི་མཐུན་པའི་ཕྱོགས་རྩ་ནས་འདོན་པ་གནས་དང་གནས་མ་ཡིན་པ་ལ་སོགས་པ་ལ་ཐོགས་པ་མེད་དོ། །ཡེ་ཤེས་ནི་ངེས་པར་བདག་ཉིད་ཅན་

ཡིན་ནོ། །དེ་ལྟར་ན་སྦྱིན་པ་ལ་སོགས་པའི་ཀ་བ་ལ་དྲན་པའི་ཐག་པས་སེམས་ཀྱི་གླང་པོ་དམ་དུ་བཅིངས་ན་ཐམས་ཅད་དགེ་བར་འགྱུར་རོ། །དེ་ཕྱིར་བདག་གི་སེམས་དེ་ནི། །དྲན་པས་ལེགས་པར་གཟུང་ཤེས་བཞིན་གྱིས་ལེགས་པར་བསྲུང་བར་བྱའོ། །བདག་གི་སེམས་

བསྲུང་བརྟུལ་ཞུགས་མ་གཏོགས་པར། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །སྐྱེ་བོ་ངན་པའི་ནང་ན་གནས་པས། ཇི་ལྟར་སེམས་བསྲུང་བར་བྱ་ཞེ་ན། དཔེར་ན་གྲོལ་བའི་ཁྲོད་གནས་ན། །བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་

ནི་རྟག་ཏུ་བསྲུང་། །སྡུག་བསྔལ་གྱི་འཇིགས་པ་བསྲུང་བ་ཡིན་གྱི། ཤིག་ལ་སོགས་པ་གསོད་པ་ལ་སོགས་པ་ལས་སེམས་བསྲུང་བ་མི་བྱེད་དེ། རང་ལ་སྡུག་བསྔལ་མེད་པའི་ཕྱིར་ཞེ་ན། རྨའི་སྡུག་བསྔལ་ཆུང་ངུ་ཡིས། །སྐྲག་པའང་བདག་རྨའི་བསྒྲིམས་ཏེ་བག་བྱེད་ན། རི་བོ་

Vol. 106 · folio 31a

བསྡུས་འཇོམས་བཅོམ་སྐྲག་པས། །བསྡུས་འཇོམས་ཞེས་བྱ་བའི་དམྱལ་བ་ན། ལུག་ལྟ་བུའི་རི་བོ་དག་ཕྱོགས་གཉིས་ནས་འོངས་པས་ཤིག་ལ་སོགས་པ་སེན་མོས་བཅར་བ་ལྟར་དེ་དག་འཇོམས་པས་སྐྲག་པ་དག །སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་བ་ཞེས་

བྱ་བ་ནི་ཅིས་མི་བསྲུང་སྟེ། འོན་ཀྱང་བསྲུང་བ་ཉིད་ཡིན་ནོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སྤྱོད་པ་འདི་འདྲས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱོད་པ་འདི་འདྲས་གནས་བྱེད་ན། །སེམས་བསྲུང་བའི་བདག་ཉིད་ཀྱིས། སྐྱེ་བོ་ངན་པའི་ཁྲོད་གནས་སམ། །བུད་མེད་ཁྲོད་གནས་ཀྱང་རུང་

བ། །བུད་མེད་ཀྱི་ནང་ན་འདུག་ན་ཡང་། སྡོམ་བརྩོན་བརྟན་པ་སྟེ། བག་ཡོད་པས་ཉམས་པར་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གནས་པ་འདིས་གནས་པ་ན། བདག་ལ་བསྟོད་པ་ལ་སོགས་པ་མེད་པའི་ཕྱིར། འགའ་ཞིག་གི་ཚེ་ཡང་རྙེད་པ་ལ་སོགས་པ་མེད་པར་འགྱུར་རོ་

ཞེ་ན། བདག་གི་རྙེད་དང་བཀུར་སྟི་དང་། །ལུས་དང་འཚོ་བ་མེད་བླ་ཞིང་། །མེད་དུ་ཟིན་ཀྱང་ངོ་། །གང་བདག་གི་དོན་ཉིད་ཀྱིས། དགེ་བ་གཞན་ཡང་ཉམས་བླ་ཡི། །སེམས་ནི་ནམ་ཀྱང་ཉམས་མི་བྱ། །བྱང་ཆུབ་ཀྱི་སེམས་རྣམས་རྣམ་པ་བཅུ་འགའ་ཞིག་གི་ཚེ་ཡང་ཉམས་པར་

མི་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ནམ་ཡང་ཞིག་པར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། སེམས་བསྲུང་འདོད་པ་རྣམས་ལ་ནི། །བདག་གིས་ཐལ་མོ་སྦྱར་བྱས་ནས། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་

འདོམ་པར་བྱེད། །དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཤེས་བཞིན་ནི་ཡང་དག་པར་རབ་ཏུ་ཤེས་པའི་སྒྲའི་ཚིག་བྱ་བ་དང་ཕྱི་བ་དང་བཅས་པ་ཡིན་ནོ། །ཤེས་བཞིན་ནི་ཤེས་རབ་སྟེ། གང་གིས་ལུས་དང་ངག་དང་ཡིད་ཀྱི་ལས་ཐམས་ཅད་ཡང་དག་པར་བརྟགས་ཤིང་།

བདག་དང་གཞན་ལ་ཕན་པ་ཤེས་ནས་རྟག་ཏུ་བྱེད་པ་དང་། འབད་རྩོལ་ཐམས་ཅད་ཀྱིས་བག་ཡོད་པ་ཕུལ་དུ་བྱུང་བས་སྲུངས་ཤིག་ཅེས་སོ། །ཀྱེ་སེམས་བསྲུང་བར་ནི་འདོད་རྣམས་ལ། །ཞེས་རྣམ་པར་བསྒྱུར་ནས་སྦྱར་བར་བྱའོ། །ཅིའི་ཕྱིར་འདི་བསྲུང་ཞེ་ན། འདི་ལྟར་

Vol. 106 · folio 31b

ནད་ཀྱིས་དཀྲུགས་པའི་མི་དག་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །དེ་བཞིན་དུ་སྐྱེས་བུ་ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་བསྒོམ་པ་ཡང་། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཤེས་བཞིན་མེད་པར་ཐོས་པ་ལ་སོགས་པ་

ཤིན་ཏུ་གསལ་བར་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ཐོས་པ་ལ་སོགས་པ་དང་ལྡན་པའི་དོན་ཤེས་བཞིན་མ་ཡིན་ནམ་ཞེ་ན། སྨྲས་པ། རང་བཞིན་གྱི་ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། །རྣམ་པ་འགའ་ཞིག་གིས་རྣམ་པ་འགའ་ཞིག་གི་ཚེ། ཤེས་བཞིན་

མེད་པའི་སྐྱོན་ཆགས་པས། །ཤེས་བཞིན་མེད་པའི་ཉེས་པས། ལྟུང་བའི་རྙོག་དང་བཅས་པར་འགྱུར། །ཐོས་པ་ལ་སོགས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཉེས་པ་མ་སྤངས་པ་དེ་དག་གི་ཡང་མི་མཐུན་པའི་ཕྱོགས་ཀྱིས་བཅོམ་པ་ཡིན་པ་དེས་ན་དེ་དག་ནི་ཤེས་བཞིན་མེད་པའི་ཆོམ་

རྐུན་དག །དྲན་པ་ཉམས་པའི་རྗེས་འབྲངས་པས། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ། །དྲན་པ་ཉམས་པ་སྟེ། ཞིག་པའི་རྗེས་སུ་འབྲངས་པའི་ངང་ཚུལ་ཡོད་པ་ནི་དྲན་པ་ཉམས་པའི་རྗེས་སུ་འབྲངས་པ་ཅན་ཏེ། ཤེས་བཞིན་

མེད་པའི་ཆོམ་རྐུན་དེ་དག་གིས་བསོད་ནམས་ཉེ་བར་བསགས་སུ་ཟིན་ཀྱང་། ཕྲོགས་ནས་ངན་འགྲོར་འགྲོ་བར་འགྱུར་རོ། །འདི་ལྟར་ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི། །གླགས་སྐབས་ཚོལ་བར་བྱེད་པ་སྟེ། །གླགས་ཏེ། སྐབས་རྙེད་གྱུར་ནས་དགེ་འཕྲོག་ཅིང་། །དྲན་པ་རྨོངས་པས་

འཕྲོག་པར་བྱེད་པ་དེ། །བསོད་ནམས་ཀྱི་འབྲས་བུའི་སྐབས་འཕྲོག་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་བདེ་འགྲོའི་སྲོག་ཀྱང་འཕྲོག་པར་བྱེད། དེ་བས་དྲན་པ་ཡིད་སྒོ་ནས། །གུད་དུ་ནམ་ཡང་མི་གཏང་ངོ་། །ཡིད་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་དེ་ཉིད་སྒོ་ཡིན་ཏེ། བྱང་ཆུབ་པའི་ཐབས་ཡིན་ནོ། །

དེ་ལས་ནམ་ཡང་བཟློག་པར་མི་བྱའོ། །ཡུལ་གཞན་དུ་སོང་ན་ཡང་། རྣམ་པ་འགའ་ཞིག་གིས་ཉེ་བར་གཞག །ཡུལ་གཞན་ལས་ཡིད་ལ་བྱེད་པས་བཞག་ལ། ཡིད་ཀྱི་སྒོ་ལས། ངན་སོང་གནོད་པ་དག་དྲན་པར་བྱས་ཏེ་ཉེ་བར་གཞག་པར་བྱའོ། །ཇི་ལྟར་གཞག་པར་བྱ་ཞེ་ན། བླ་མ་

Vol. 106 · folio 32a

དང་ནི་འགྲོགས་པ་ལས། །མཁན་པོས་རྗེས་སུ་བསྟན་པ་དང་། །སློབ་མ་དག་ལ་མཁན་པོས་བསླབ་པ་ལས་འདས་པ་ན། བསྐུལ་ཞིང་རྗེས་སུ་སྟོན་པ་ནི་དྲན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལྔ་ཡིན་ཏེ། མཁན་པོས་རྗེས་སུ་བསྟན་པ་དེས། །འཇིགས་པས་སྐལ་ལྡན་

གུས་བྱེད་ལ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར་རོ། །གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་གཟིགས་པ་སྟེ། སྤྱན་གང་ལ་མངའ་བ་དེ་དག་ནི། ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་

ཕྱིར་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན། དེ་དག་གི་མདུན་ན་བཞུགས་སོ་ཞེས། དེ་ལྟར་བསམས་ནས། དེ་དག་གི་སྤྱན་སྔར་ངོ་ཚ་དང་། གུས་པ་དང་འཇིགས་བཅས་དྲན་པ་རབ་ཏུ་གཞག །སྡིག་པ་དག་ལས་ཁྲེལ་ཡོད་པ་དང་། །དད་པ་ལས་གུས་པར་གཞག་པའོ། །དེ་ལ་སངས་

རྒྱས་དྲན་པ་ཡང་། །ཡང་དང་ཡང་དུ་འབྱུང་བར་འགྱུར། །དེ་ལྟར་སྤྱན་སྔར་གནས་པ་དེ་ལ་སྐད་ཅིག་མ་རེ་རེ་གཟུགས་དང་ཆོས་ཀྱི་སྐུ་ལ་དམིགས་པའི་སངས་རྒྱས་རྗེས་སུ་དྲན་པ་ཡང་རྗེས་སུ་འབྱུང་བར་འགྱུར་ཞིང་། དེའི་ཚེ་ཡིད་ཀྱི་སྒོ་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཚེ་དྲན་པའི་ཡིད་སྒོ་

ནས། །བསླབ་པ་དག་བསྲུང་བའི་དོན་དུ་གནས་གྱུར་ལ། དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང་། །སོང་བ་དག་ཀྱང་ཕྱིར་འོང་བར་འགྱུར་རོ། །དྲན་པ་དང་ཤེས་བཞིན་དག་གིས་ཇི་ལྟར་སེམས་བསྲུང་བར་བྱ་བ་ཡིན་ཞེ་ན། རེ་ཞིག་དང་པོ་སྦྱོར་བའི་མཇུག་ཐོགས་སུ་སྡོམ་པ་ཡང་དག་པར་

ལེན་པའི་དེ་མ་ཐག་ཏུ་འདི་འདྲ་བའི་སེམས་ཏེ། བྱང་ཆུབ་ཀྱི་སེམས་སོ་སོའི་སྐྱེ་བོ་ཉིད་ཡིན་པའི་ཕྱིར་འབད་པས། འདི་ནི་སྐྱོན་བཅས་ཤས་བྱས་ནས་ཏེ། དྲན་པ་དང་ཤེས་བཞིན་ལེགས་པར་བཞག་ནས་སོ། །གླེགས་བམ་ལ་ལ་ལས་ནི་དེ་ནི་ཡུལ་གཞན་བྱས་ནས་ཞེས་འབྱུང་སྟེ།

ཁོང་དུ་ཆུད་པར་སླའོ། །དེ་བས་ན་འདི་ལྟར་བསམ་པར་བྱ་སྟེ། ལྟུང་བའི་སྒོ་ཐམས་ཅད་ལ། དེ་ཚེ་བདག་གིས་ཤིང་བཞིན་དུ། །ཟུངས་ཐུབ་པར་ནི་གནས་པར་བྱ། །ཤིང་ཡང་རླུང་གིས་གཡེངས་པའི་རྩེ་མོའི་ཆ་དབང་པོ་དང་བཅས་པ་བཞིན་དུ། སྒྲ་འབྱིན་པ་དེ་ལྟར་ན་ཟུངས་ཐུབ་

Vol. 106 · folio 32b

པ་ཞེས་སྨོས་ཏེ། ཡིད་ཀྱི་དབང་པོ་མེད་པ་ན་བརྗོད་པར་འདོད་པའི་དོན་མེད་པ་ཡིན་ནོ། །དབང་པོ་མེད་པའི་རླུང་ཡང་གཡོ་བ་ཡིན་པ་དེ་ལྟར་ན་གཡོ་བ་མེད་པའི་དོན་དུ་ཤིང་ཞེས་བྱ་བ་སྨོས་སོ། །དེ་ལྟར་ཡིན་ན་སློབ་པ་ཡང་སྤྱོད་པ་ཡང་མེད་པ་མ་ཡིན་ནམ་ཞེ་ན། སྨྲས་པ། དོན་མེད་

གཡེངས་པར་བལྟ་བ་ནི། ནམ་ཡང་བདག་གིས་མི་བྱ་སྟེ། །འབྲས་བུ་དང་བཅས་པར་བྱ་བ་ཡིན་ནོ། །དེ་ལ་ཡང་ངེས་པར་སེམས་པ་སྟེ། ཅུང་ཟད་དཔྱོད་པའི་འབད་རྩོལ་གྱིས་རྟག་ཏུ་ནི། མིག་ནི་ཕབ་སྟེ་བལྟ་བར་བྱ། །བལྟ་བ་ངལ་བསོའི་ཆེད་དུ་ནི། །རེས་འགའ་ཕྱོགས་སུ་བལྟ་

བར་བྱ། །སྐྱེས་བུ་འགའ་ཞིག་མིག་ལམ་སྣང་གྱུར་ན། །ལེགས་འོངས་དོན་དུ་བལྟ་བར་བྱ། །ལེགས་པར་འོངས་སམ་ཞེས་བརྗོད་པའི་དོན་དུ་བལྟ་བར་བྱའོ། །ལམ་ལ་སོགས་ཞེས་བྱ་བ་འདིས་འཇིགས་པ་སྟེ། རྐུན་པོ་ལ་སོགས་པའོ། །དེ་བརྟག་པ་ནི་ཡོངས་སུ་ཤེས་པ་དེའི་ཕྱིར་ཡང་

དང་ཡང་དུ་སྟེ། སྐད་ཅིག་སྐད་ཅིག་ཕྱོགས་བཞིར་བལྟ་བར་བྱ་བ་ནི་འགྲོ་བའི་ཚེ་མ་ཡིན་གྱི། འོན་ཀྱང་ངལ་བསོ་བ་ན་ཕྱོགས་སུ་བལྟ་བར་བྱའོ། །ངལ་བསོ་ཁ་ནི་ཕྱིར་བལྟས་ནས། ལུས་ཐམས་ཅད་ཕྱིར་བསྒྱུར་ནས་བལྟ་བར་བྱའོ། །མདུན་དང་རྒྱབ་ཏུ་བརྟག་བྱས་ནས། འགྲོ་

བའམ་ཡང་ན་འོང་བྱ་སྟེ། །མདུན་བརྟགས་ནས་འགྲོ་བ་དང་རྒྱབ་བརྟགས་ནས་འོང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱོགས་འདིས་གནས་སྐབས་ཐམས་ཅད་དུ། །སྤྱོད་ལམ་རྣམ་པ་བཞི་དག་ལ། །དགོས་པ་ཤེས་ནས་སྤྱད་པར་བྱ། གནས་སྐབས་ཐམས་ཅད་བཤད་ན་ནི་སྤྲོས་

པ་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཕྱིའི་རྣམ་པའི་སྤྱོད་པ་བཤད་ནས། ནང་གི་སྤྱོད་པ་ནི། ལུས་ཀྱིས་འདི་ལྟར་གནས་བྱས་ཏེ། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་གནས་པར་བྱའོ་ཞེས་ཤིང་། དེ་ལྟར་བྱས་ནས་མཉན་པ་ལ་སོགས་པ་བྱ་བ་བསྔོགས་པས།

དེ་ནས་ནི་སྐབས་སུ་ལུས་འདི་སྟེ་བྱ་བའི་བར་དུ་ཇི་ལྟ་བུར། གནས་པ་ཡིན་ཞེས་བལྟ་བར་བྱ། །བལྟས་ནས་བདག་གིས་བྱའོ། །བདག་གིས་བྱས་ནས་ཡང་འགའ་ཞིག་གི་ཚེ། ཡང་དག་པར་སེམས་པར་མི་འགྱུར་རོ་ཞེ་ན། ཆོས་ལ་སེམས་པའི་ཀ་ཆེན་ལ། །དགེ་བ་ཡང་སེམས་པའི་

Vol. 106 · folio 33a

ཀ་བ་ལ་བཅིངས་པ་གྲོལ་བར་མི་འགྱུར་ལྟར། །སེམས་ཀྱི་གླང་ཆེན་སྨྱོན་པ་དག །འབད་པ་ཀུན་གྱིས་དཔྱད་པར་བྱ། །ཇི་ལྟར་དཔྱད་པར་བྱ་ཞེ་ན། །ཅི་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ནས་ཡང་དག་བླངས་པའི་གཙོ། །ཡང་དག་པར་བླངས་པའི་

གཙོ་བོ་འདིའི། སྐད་ཅིག་གཅིག་ཀྱང་མི་འཆོར་བར། །དགེ་བ་འམ་གཞན་དག་ལ། བདག་གི་ཡིད་འདི་གར་དཔྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །གལ་ཏེ་དགེ་བ་ལ་ཡིན་ན་གོང་ནས་གོང་དུ་དགེ་བ་དག་ལ་ཡང་ཡང་དག་པར་སྦྱར་བར་བྱའོ། །གལ་ཏེ་གཞན་ལ་ཡིན་

ན་མི་དགེ་བ་དེ་ལས་བཟློག་ཅིང་། ལུང་དུ་མ་བསྟན་པ་དང་། དེ་ནས་དགེ་བ་ལ་སྦྱར་བར་བྱ་སྟེ། གོ་རིམས་འདིས་དགེ་བ་འདི་ལ་གཞག་པར་བྱ་ཞིང་དེ་ལྟར་སོ་སོར་བརྟག་པར་བྱའོ། །འཇིགས་དང་དགའ་སྟོན་སོགས་བྱུང་བས་ཕྱིའི་འཇིགས་པ་ལ་ཡང་འདིས་འཇིགས་པས་ན་

འཇིགས་པ་སྟེ་སྦྲུལ་ལ་སོགས་པའོ། །དགའ་སྟོན་ནི་རིགས་ཀྱི་མེ་སྐོར་ལ་སོགས་པ་འམ། གཙུག་ལག་ཁང་དུ་ནི་སངས་རྒྱས་ཀྱི་མཆོད་པ་ལ་སོགས་པའོ། །ལ་སོགས་པའི་སྒྲས་ནི་གཉིད་ལོག་པ་གཟུང་ངོ་། །དེ་དག་དང་འབྲེལ་ཅིང་ལྡན་པར་འགྱུར་བས་ན། སྙོམས་པར་འཇུག་

པའི་ཚེ། གལ་ཏེ་ཅི་བདེར་མི་ནུས་ན། །འདི་ལ་འགྱོད་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་སྦྱིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམས་གཞག་པར་གསུངས། །ཞེས་བྱ་བ་སྨོས་ཏེ་སྦྱིན་པ་ནི་འདིར་ནུས་པ་ཉེ་བར་མཚོན་པའོ། །ཏུའི་སྒྲས་ནི་ངེས་པར་བཟུང་བ་སྟེ།

སྦྱིན་པའི་དུས་ན་ཚུལ་ཁྲིམས་ཉོན་མོངས་པ་ཅན་ཉིད་མ་ཡིན་པ། བདག་གིར་མ་བྱས་པ་ཉིད་ལ་སོགས་པ་ལས་ལྡོག་པ་དང་། ཉོན་མོངས་པ་ཅན་བདག་གིར་མ་བྱས་པ་ལ་སོགས་པ་ཡང་རྣམ་པ་ཐམས་ཅད་རྗེས་སུ་གནང་བ་མེད་པ་ལས་སྙིང་རྗེའི་བསམ་པ་དག་པ་ཡིན་ཞིང་མངོན་པར་ཤེས་པ་

ཐོབ་པ་ཡིན་ན། འཚེ་བ་ལ་སོགས་པ་ཡང་ཉོན་མོངས་པ་མ་ཡིན་ནོ་ཞེས་རྗེས་སུ་གནང་བ་ཡིན་ནོ། །སོ་སོའི་སྐྱེ་བོ་ནི་ཉོན་མོངས་པ་ཅན་མ་ཡིན་ན་ཡང་ཉོན་མོངས་པ་བྱེད་པའི་ཕྱིར་དཀའ་བར་བྱེད་པའོ། །དེ་མི་ནུས་པ་ནི་བཏང་སྙོམས་སུ་གཞག་པ་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས།

Vol. 106 · folio 33b

སྦྱིན་པའི་དུས་སུ་ཚུལ་ཁྲིམས་བསྲུང་བ་བཏང་སྙོམས་སུ་གཞག་པར་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ། །གལ་ཏེ་རྣམ་པ་འགའ་ཞིག་གིས་འཇིགས་པ་དང་། དགའ་སྟོན་ལ་སོགས་པ་དང་འབྲེལ་བ་ལས་ནུས་པ་མེད་པ་ལ་ཉོན་མོངས་པ་ཅན་གྱི་རྩ་བའི་ལྟུང་བ་འབྱུང་བར་འགྱུར་ན།

འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་ཆོ་ག་བཞིན་དུ་བཤགས་པ་བྱས་ནས། རྒྱལ་པོ་ལ་སོགས་པས་ཡང་སྡོམ་པ་གཟུང་བར་བྱའོ། །གལ་ཏེ་རྣམ་པ་གཞན་དུ་གཞན་འབྱུང་བ་ན་ཡང་། ཚུལ་ཁྲིམས་ཀྱི་ལེའུ་ལ་སོགས་པའི་ཆོ་ག་བཞིན་དུ་བཤགས་པར་བྱའོ། །ཇི་

ལྟར་ན་བྱ་བ་ཐམས་ཅད་ཡང་དག་པར་བྱས་པར་འགྱུར་ཞེ་ན། གང་ཞིག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་བསམས་ཏེ་བྱར་བརྩམས་པ། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏད་པ་ཡི་བསམ་པ་ཡིས། །སེམས་ཀྱིས་དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། །དེ་ལྟ་ན་ནི་ཀུན་ལེགས་བྱ། །

གཞན་དུ་གཉི་གར་མི་འགྱུར་རོ། །བསམ་པ་དང་དེ་ལས་གཞན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཉིས་ཀར་མི་འགྱུར་རོ། །ཤེས་བཞིན་མ་ཡིན་ཉེ་ཉོན་མོངས་པ་དག་ཀྱང་། དེ་ལྟ་ན་ནི་འཕེལ་མི་འགྱུར། །འཕེལ་བ་ཉིད་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་དེ་ལས་གཞན་པ་བསམ་པར་མི་བྱའོ། །ཡང་

ཅི་ཞིག་བྱ་ཞེ་ན། བྲེ་མོའི་གཏམ་ཞེས་བྱ་བ་སྨོས་ཏེ། བྲེ་མོའི་གཏམ་ནི་སྣ་ཚོགས་དང་། །རྒྱལ་བའི་གཏམ་ལ་སོགས་པ་དང་། །ངོ་མཚར་ལྟད་མོ་སྟེ་མིག་འཕྲུལ་སོགས་པ་རྣམ་པ་མང་པོས་ཀུན་ལ་སྟེ། དཔུང་གི་བཀོད་པ་དང་། ཤི་བའི་རོ་འདེགས་པ་ལ་སོགས་པ་དང་། འཇིག་རྟེན་གྱི་ཚོགས་པ་ལ་

འཇུག་པར་གྱུར་པ་ན། དེ་ལ་ཆགས་པ་སྤང་བར་བྱའོ། །དེ་བཞིན་དུ་དོན་མེད་ས་རྐོ་རྩྭ་གཅོད་དང་། །ས་རིས་འདྲི་སོགས་བྱེད་གྱུར་ན་སྟེ། །དགོས་པ་མེད་པ་བྱེད་པ་ན། །བདེ་གཤེགས་བསླབ་པ་དྲན་བྱས་ནས། །སྐྲག་པས་དེའི་མོད་ལ་གཏང་བར་བྱས་སོ། །གང་ཚེ་བསྐྱོད་པར་འདོད་གྱུར་ཏམ། །སྨྲ་བར་

འདོད་པར་གྱུར་ན་ཡང་། དེའི་ཚེ་རེ་ཞིག་དང་པོར་རང་གི་སེམས་བརྟགས་ནས། དེ་ནས་བརྟན་པས་གཡོ་བ་དང་། བསྐྱོད་པ་དང་སྨྲ་བ་རིགས་པར་ལྡན་པར་བྱའོ། །གང་ཚེ་རང་ཡིད་ལ་སོ་སོར་རྟོག་པ་དང་ཆགས་པ་དང་། ཁྲོ་བའམ་རྣམ་པར་སྡང་བ་མཐོང་བ་དེའི་ཚེ་ལས་སུ་མི་བྱ་སྟེ། སྐྱོབ་པར་མི་བྱ་ཞིང་

Vol. 106 · folio 34a

སྨྲ་བར་མི་བྱའོ། །འོན་ཀྱང་བཏང་སྙོམས་སུ་ཤིང་བཞིན་དུ་ནི་གནས་པར་བྱ། །དེ་ལྟར་ན་གང་གི་ཚེ་དགོད་དང་ག་ཞར་བཅས་པའམ། གལ་ཏེ་ང་རྒྱལ་ཏེ་ཁེངས་པ་དང་། རྒྱགས་ཤིང་དྲེགས་པ་དང་ལྡན་ཞིང་འབྱོར་པ་ནི་ང་རྒྱལ་རྒྱགས་དང་ལྡན་པའོ། །མཚང་འདྲུ་བ་ཡི་བསམ་པ་

དང་། །ཞེས་བྱ་བ་ནི་གཞན་དག་གི་སྐྱོན་རྣམ་པར་བརྗོད་པའོ། །གལ་ཏེ་སྐྱོར་འབྱིན་སླུ་སེམས་དང་། །ཞེས་བྱ་བ་ནི་གཡོ་སྒྱུའོ། །གང་གི་ཚེ་བདག་ལ་བསྟོད་པ་ལྷུར་ལེན་པས་ན། བདག་བསྟོད་ལྷུར་ལེན་པའོ། །གཞན་ལ་སྨོད་པ་ཉིད་དང་ནི་སྟེ། གཞན་ལ་ཚིགས་སུ་བཅད་པ་མ་ཡིན་པ་རྗོད་པར་བྱེད་པ་

ཉིད་དོ། །གཤེ་བཅས་ནི་གཞན་དག་ལ་བརྙས་པ་དང་བཅས་པའོ། །འགྱོད་དང་བཅས་གྱུར་པ་སྟེ། ཁྲོ་བས་འཁྲུགས་པར་འགྱུར་བ་དང་བཅས་ནའོ། །དེའི་ཕྱིར་ཤིང་བཞིན་གནས་པར་བྱའོ། །འདི་ལྟར་ཡང་བསམ་པར་བྱ་སྟེ། རྙེད་དང་བཀུར་སྟི་གྲགས་འདོད་པའམ། །གཡོག་འཁོར་དོན་དུ་གཉེར་

བ་འམ། །བདག་སེམས་རིམ་གྲོ་འདོད་གྱུར་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །དེ་བཞིན་དུ་གཞན་གྱི་དོན་ཡལ་བར་འདོར་ཞིང་སྤོང་བ་ནི་གཞན་དོན་ཡལ་བར་འདོར་བའོ། །རང་དོན་གཉེར་བར་འདོད་པ་དག །ཡང་ནི་འཁོར་ནི་འདོད་འགྱུར་བ་འམ་སློབ་པ་ལ་སོགས་པ་དོན་དུ་གཉེར་བ་འམ། སྨྲ་

བར་འདོད་པའི་སེམས་བྱུང་ན། །དེ་ལྟར་གྱུར་པས་བདག་གི་སེམས་གཡོ་ཞིང་སྨྲ་བར་བྱེད་པར་འདོད་པ་དེས་ནི་ཤིང་བཞིན་གནས་པར་བྱ། དེ་བཞིན་དུ་བཟོད་པར་མི་ནུས་པའི་ངང་ཚུལ་ནི་མི་བཟོད་ལེ་ལོའོ། །འཇིགས་པ་ནི་དངང་བའོ། །དེ་བཞིན་སྤྱི་བརྟོལ་ནི་ཕོད་པ་ཅན་ནོ། །མུ་ཅོར་ནི་ཚིག་འཁྱལ་པའོ། །

དེ་བཞིན་དུ་རང་གི་ཕྱོགས་ཞེན་སེམས་བྱུང་ན། དེས་ནི་ཤིང་བཞིན་གནས་པར་བྱ། །ཇི་ལྟར་ཆགས་པ་ནས་རང་གི་ཕྱོགས་ལ་མངོན་པར་ཞེན་པའི་བར་དེ་ལྟར་འཆབ་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་གཞན་དག་ཀྱང་བརྟགས་ནས་སམ། དོན་མེད་བརྩོན་པའི་ཡིད་བརྟགས་ནས་ཏེ། ས་རྐོ་བ་ལ་

སོགས་བྱུང་ན་ཡིད་ལུང་དུ་མ་བསྟན་པ་བལྟས་ཤིང་བརྟགས་ནས་སོ། །དེ་ཚེ་དཔའ་བོས་གཉེན་པོ་ཡིས། །བག་ཡོད་པར་གྱུར་པས་ཤེས་བཞིན་གྱི་ཡིད་དེ་བརྟན་པར་བྱ་གཟུང་བར་བྱའོ། །ངེས་པར་གཟུང་བས་བརྟན་པ་རིགས་པ་དང་ལྡན་པས། ལུས་ཀྱི་གཡོ་འགུལ་དང་སྨྲ་བ་ལ་འཇུག་པར་བྱའོ། །

Vol. 106 · folio 34b

སྡོམ་པ་དང་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དབང་དུ་མཛད་ནས་དེ་ལྟར་སེམས་སྦྱོར་བ་ཡིན་ནོ། །སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ལ་ཅི་འདྲ་བ་གཟུང་བར་བྱ་ཞེ་ན། ཤིན་ཏུ་ངེས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་ངེས་པར་ནི་བརྟན་པོར་དམ་བཅས་པས་སོ། །རབ་ཏུ་དང་བ་

ནི་ཤེས་རབ་དང་བག་ཡོད་ཅན་དང་། ཡོན་ཏན་དག་ལ་དད་པའོ། །བསྟན་པ་ནི་དཀའ་བ་ལ་སྔར་བ་མེད་པའོ། །ཟབ་ཅིང་རྒྱ་ཆེ་བ་མོས་པས་དཀོན་མཆོག་གསུམ་དང་། བླ་མ་རྣམས་དང་ཆོས་འཛིན་པ་ལ་གུས་པ་སྟེ། བསྙེན་བཀུར་བྱེད་པ་ཞེས་ནི་གཞོན་རབས་དག་ལ་ཡང་བླ་མ་ཉིད་དུ་འདུ་ཤེས་པའོ། །

དེ་དག་དང་བཅས་པར་འཇུག་པས་ན་གུས་དང་ཞེ་སར་བཅས་པའོ། །རང་དང་གཞན་ལ་ལྟོས་ནས་ཉེས་པས་ངོ་ཚ་བ་ནི་ངོ་ཚ་བ་སྟེ་དེ་དང་བཅས་པ་ནི་ངོ་ཚ་དང་བཅས་པའོ། །ཉེས་པ་དག་ལས་འཇིགས་པས་འཇིགས་པ་སྟེ། དེ་དང་བཅས་པ་ནི་འཇིགས་པ་དང་བཅས་པའོ། །རྒོད་པའི་རྐྱེན་ཡོད་ན་ཡང་

ཞི་བའོ། །སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་པོ་དག་གིས་གཞན་དགའ་བར་བྱེད་པ་ལ་བརྩོན། ཕན་ཚུན་མི་མཐུན་བྱིས་པ་ཡིས། །འདོད་པ་རྣམས་ཀྱིས་མི་སྐྱོ་ཞིང་བཟོད་པས་སོ། །བྱིས་པ་སྡུག་བསྔལ་མི་འདོད་ཅིང་། །སྡུག་བསྔལ་གྱི་རྒྱུ་གཞན་ལ་འཚེ་བ་ཡང་འདོད་པར་བྱེད་དོ། །ཉོན་

མོངས་སྐྱེས་པས་འདི་དག་གི། །སེམས་འདི་བྱུང་སྙམ་བརྩེར་ལྡན་དང་། །ཁ་ན་མ་ཐོ་མེད་དངོས་ལ། །བདག་དང་སེམས་ཅན་དབང་བྱས་ཤིང་རྟག་ཏུ་དབང་དུ་བྱའོ། །སྤྲུལ་པ་བཞིན་དུ་ང་མེད་པར། །ཡིད་འདི་རྟག་ཏུ་གཟུང་བར་བྱ། །དེ་རིང་འདི་འདྲ་བའི་སེམས་ཤིན་ཏུ་ལེགས་པར་གཟུང་བར་བྱའོ་ཞེས་བསྟན་

པའི་ཕྱིར། རིང་ཞིག་ལོན་ནས་དལ་བའི་མཆོག །ཐོབ་པ་ཡང་དང་ཡང་བསམས་ནས། །ཤིན་ཏུ་ངེས་པ་ནས་མེད་པའི་བར་གྱི་སེམས་དེ་ལྟ་བུར་རི་རབ་ལྟར་བདུད་ཐམས་ཅད་ཀྱིས་རབ་ཏུ་མི་གཡོ་བ་གཟུང་བར་བྱའོ། །སེམས་དེ་འདྲ་བ་གཟུང་བར་བྱའོ། །ལུས་ནི་མ་ཡིན་ཏེ། དེ་ནི་སེམས་མེད་པར་རང་གི་དོན་

ལ་ཡང་ནུས་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། བྱ་རྒོད་ཤ་ལ་ཆགས་པ་ཡིས། །ཤ་ལ་བརྐམ་པས་བདག་གི་ལུས། །ཕན་ཚུན་ཀུན་ཏུ་བཤལ་ཁྲིད་ཀྱང་། །གཞན་དུ་ལུས་འདི་ཕྱིར་འཆོས་པར། །ཅི་ཡི་ཕྱིར་ན་དེང་མི་བྱེད། །བྱེད་པ་མེད་པའི་གསོན་པོའི་ལུས་ལ་ཡང་། བྱམས་པ་ལ་སོགས་པའི་

Vol. 106 · folio 35a

སེམས་ཉིད་འདི་ལྟར་སྲུང་བར་བྱེད་དོ། །སྲུང་བ་དེ་ཡང་བདག་གིས་བྱས་པས་རིགས་པ་མ་ཡིན་ཏེ། མི་རིགས་སོ་ཞེས་བསྟན་པའི་ཕྱིར། ལུས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་ལུས་འདི་བདག་གིར་གཟུང་བྱས་ནས། ཡིད་ཁྱོད་ཅིའི་ཕྱིར་སྲུང་བར་བྱེད། །བདག་ཏུ་བཟུང་བ་

ཡང་འདིར་མི་རིགས་སོ་ཞེས་བསྟན་པའི་ཕྱིར་ཁྱོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་དང་འདི་གཉིས་སོ་སོ་ན། ལུས་འདི་མ་བསྲུངས་ན། དེས་ཀོ་ཁྱོད་ལ་ཅི་ཞིག་གནོད། །གལ་ཏེ་གཟུང་བ་ཡོད་པ་མ་ཡིན་ན། ཀྱེ་རྨོངས་པའི་ཡིད་ཁྱོད་ཅི་ཡི་ཕྱིར། །ཤིང་གཟུགས་གཙང་མ་གཟུང་

མི་བྱེད། །བྱེད་པར་ནུས་པ་མ་ཡིན་ནོ་ཞེ་ན། མི་གཙང་ཚོགས་ཀྱི་འཁྲུལ་འཁོར་འདི། །ཞེས་སྨོས་སོ། །དེ་བས་ན་བཟའ་བར་བྱ་བ་ཉིད་མ་ཡིན་པའི་ཕྱིར་བསྲུང་བར་བྱ་བ་མ་ཡིན་ནོ་ཞེ་ན། ཅིའི་ཕྱིར་རུལ་པ་སྲུང་བར་བྱེད་ཅེས་བྱ་བ་སྨོས་ཏེ། ཉེ་བར་མཁོ་བ་མ་ཡིན་པར་འགྱུར་རོ། །འདི་ལ་ནི་སྙིང་

པོ་ཅུང་ཟད་ཡོད་པ་ཡིན་པ་དེ་ལྟར་ན་བསྲུང་བ་ཡིན་ནོ་ཞེ་ན། ཐོག་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པགས་པ་ཉིད་རིམ་པ་ཡིན་པས་ན། པགས་པའི་རིམ་པ་འདིའོ། །རང་གི་བློ་ཡིས་ཐ་དད་དབྱེ་བར་བྱའོ། །ཤ་ཡང་རུས་པའི་དྲ་བ་ལས། །ཤེས་རབ་མཚོན་གྱིས་གུད་དུ་ཕྱེ། །རུས་པ་

རྣམས་ཀྱང་དབྱེ་བྱས་ནས། །རྐང་གི་བར་དུ་བལྟ་བྱ་ཞིང་། །རྐང་མཐར་ཐུག་པའི་བར་དུའོ། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བརྟག་པར་གྱིས། །དེ་ལྟར་པགས་པ་ཐ་དད་པར་བྱ་བ་ལ་སོགས་པའི་རིམ་གྱིས་འབད་དེ་བཙལ་ཀྱང་དེར། ཁྱོད་ཀྱི་སྙིང་པོ་མ་མཐོང་ན། །ད་དུང་ཅི་ཡི་

ཕྱིར་ན་ཁྱོད། །ལུས་འདི་སྲུང་བར་བྱེད་པ་སྨོས། །དེ་བཞིན་དུ། ཁྱོད་ཀྱིས་མི་གཙང་བཟར་མི་རུང་། །ཁྲག་ཀྱང་བཏུང་དུ་མི་རུང་ལ། །བཏུང་བར་བྱ་བ་མ་ཡིན་ནོ། །རྒྱུ་ལྟོའང་གཞིབ་ཏུ་མི་རུང་ན། །ལུས་ཀྱིས་ཁྱོད་ལ་ཅི་ཞིག་བྱ། །ཉིས་ན་ཝ་དང་བྱ་རྒོད་ཀྱིས། །ཟས་ཀྱི་དོན་དུ་འདི་བསྲུང་རིགས། །

མིའོ་ཅོག་གི་ལུས་འདི་ནི། །གསོན་པོ་དག་གིས་ཡང་། བཀོལ་བར་བྱ་བ་ཉིད་དུ་ཟད། །དེ་ལྟར་ཡང་གལ་ཏེ་བསོད་ནམས་བྱེད་དམ་ཞེ་ན། འདི་ལྟར་ཁྱོད་ཀྱིས་བསྲུངས་ཀྱང་ནི། །འཆི་བདག་བརྩེ་བ་མེད་པ་ཡིས། །ལུས་ཕྲོགས་ཏེ་བྱ་དང་ཁྱིར་བྱིན་ན། དེ་ཚེ་ཁྱོད་ཀྱིས་ཅི་བྱར་ཡོད། །གལ་

Vol. 106 · folio 35b

ཏེ་དེང་འདི་ལྟར་དགེ་བ་བྱེད་པ་མ་ཡིན་ན། འདི་ལ་ཅུང་ཟད་ཀྱང་སྦྱིན་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། བྲན་གཡོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྲན་གཡོག་བཀོལ་དུ་མི་བཏུབ་ལའང་། །མི་འདུག་གོ་ཞེས་ངེས་པར་བྱས་ནས། གོས་ལ་སོགས་པ་མི་བྱིན་ལྟར། །ལུས་འདི་བསྙོད་

ཀྱང་གཞན་འགྲོ་ན། །ཤི་བར་འགྱུར་ནའོ། །བསྙོད་ཀྱང་ཞེས་བྱ་བ་ནི། གོས་ལ་སོགས་པ་བསྐོན་པ་ཞེས་བྱ་བ་ལ་སོགས་པ་ཉེ་བར་མཚོན་པ་ཡིན་ནོ། །སེམས་ཁྱོད་ཀོ་ཅིའི་ཕྱིར་ཤ་ཐང་གསོ། ལུས་གསོ་བས་ཅི་ཞིག་བྱ། དེའི་ཕྱིར་འདི་ལ་གླ་རྔན་བྱིན་ནས་ནི། །ལུས་ལ་གོས་ལ་སོགས་པའི་

གླ་རྔན་བྱིན་ནས་ནི་ཀྱེ་ཡིད་ང་ནི་སྟེ། དེང་རང་གི་དོན་བྱེད་ཆུག །ཅིའི་ཕྱིར་ཞེ་ན། ཕན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་མེད་པ་འདི་ལ་ནི། །འདི་ལྟར་བྲན་ཏེ། བྲན་གཡོག་བཀོལ་དུ་མི་བཏུབ་པའང་གླ་རྔན་གྱིས་འཚོ་བ་ལ་སོགས་པ་བཏགས་པའི་གོས་ལ་སོགས་པའོ། །

ཐམས་ཅད་སྦྱིན་པར་མི་བྱའོ། །དེའི་ཕྱིར་གླ་རྔན་ཙམ་བྱིན་ནས་འདི་རང་གི་དོན་བྱེད་དུ་གཞུག་པར་བྱའོ། །རང་གི་དོན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་དོན་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་དང་འོང་

བའི་རྟེན་ཡིན་ཕྱིར་རྒྱུ་ཡིན་པའི་ཕྱིར། ལུས་ལ་གྲུ་ཡི་བློ་གཞག་སྟེ། །སེམས་ཅན་རྣམས་དོན་བསྒྲུབ་པའི་ཕྱིར། །ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། །འགྲོ་དང་འོང་བའི་རྟེན་ཙམ་དུ་ཞེས་བྱ་བའི་གཞུང་ནི་ལུས་སོ། །འགྲོ་བ་དང་འོང་བའི་རྟེན་དུ་རག་ལུས་པ་གང་ལ་ཡོད་པ་དེ་ནི། འགྲོ་བ་

དང་འོང་བའི་རྟེན་ཙམ་དུ། ལུས་ལ་གྲུའི་བློར་སྒྲོ་བཏགས་ནས་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལྟར་བསླབ་པ་བསྲུང་བར་འདོད་པ་ཡིས། །ཞེས་བྱ་བ་ནས་བརྩམས་པ་འདི་ཙམ་གྱིས་སེམས་སྦྱོང་བའི་སྤྱོད་པ་བཤད་ནས་ད་ནི་སྤྱོད་པ་སྟེ་དེ་ལྟར་ཞེས་བྱ་བ་ལ་སོགས་

པ་སྟོན་པར་བྱེད་དོ། །འཛུམ་པའི་བཞིན་ཡང་འགའ་ཞིག་གི་ཚེ་ཁྲོ་གཉེར་གྱི་ངོ་འཛུམ་དུ་བྱར་མེད་དོ་ཞེས་བསྟན་པའི་ཕྱིར། ཁྲོ་གཉེར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འགྲོ་བའི་དོན་བྱེད་པར་འདོད་པའི་མཛའ་བཤེས་ནི་འགྲོ་བའི་བཤེས་སོ། །གཞན་གྱི་སྨྲ་བའི་

Vol. 106 · folio 36a

དོན་དུ་ལེགས་པར་འོངས་པ་ལ་སོགས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྲི་ལ་སོགས་པ་སྟེ་མལ་སྟན་ལ་སོགས་པའོ། །སྒྲ་དང་བཅས་པ་མི་དོར་རོ། །ཞེས་བྱ་བ་འདིར་སྒྲ་དང་བཅས་པར་འདོར་ཞིང་གཞག་པར་མི་བྱ་སྟེ། མི་ཆགས་པ་ལ་སོགས་པའི་དོན་

དུའོ། །བབ་ཅོལ་ནི་སྲོག་ཆགས་ལ་གནོད་པ་ལ་སོགས་པ་ཡོངས་སུ་སྤང་བའི་དོན་ཏེ་ཡང་དག་པར་བརྟགས་ནས་བྱའོ། །དེ་བཞིན་དུ་སྒོ་ཡང་དྲག་ཏུ་མི་དབྱེ་སྟེ། རྟག་ཏུ་བཅོམ་བསྐྱུངས་དགའ་བར་བྱ། །དེ་ལྟ་ནི་ཆུ་སྐྱར་བྱི་ལ་ཆོམ་རྐུན་དག །སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས། །མངོན་པར་འདོད་པའི་

དོན་སྒྲུབ་ལྟར། །ཉ་དང་བྱི་བ་དང་རྐུན་མ་ལ་སོགས་པའི་བྱ་བའོ། །དེའི་ཕྱིར་འདི་ལྟར་ཆུ་སྐྱར་ལ་སོགས་པ་བཞིན་དུ་མངོན་པར་འདོད་པའི་དགེ་བ་ཐོབ་པར་བྱ་བ་ལ། ཐུབ་པས་རྟག་ཏུ་སྟེ། ཡང་རྒྱུན་དེ་བཞིན་དུ་སྤྱད་པར་བྱའོ། །དེ་བཞིན་དུ་དགའ་བའི་སེམས་ཀྱིས་ཕན་འདོགས་པར་བྱེད་པའི་ངང་ཚུལ་

གང་ལ་ཡོད་ཅིང་གཞན་གྱི་སྐྱོན་གྱི་བཞིན་སྐུལ་བྱེད་པའི་མཚན་ཉིད་ཅན་དག་ནི། གཞན་ལ་བཞིན་སྐུལ་འདེབས་མཁས་ཤིང་། །མ་བཅོལ་ཕན་པ་བྱེད་པའི་ངག །ཉེས་པ་ཡོད་ན་དེའི་ཕྱིར་འཆོས་པར་བྱེད་འདོད་ཅིང་། རྣམ་པ་གཞན་དུ་བྱེད་པར་མི་འདོད་པ་ཡང་། གུས་པས་སྤྱི་བོས་བླང་བྱས་ནས། །

དེའི་ཕྱིར་ཀུན་གྱི་སློབ་མར་གྱུར། །དེ་བཞིན་དུ། ལེགས་པར་སྨྲས་པ་ཐམས་ཅད་ལ། །དགེ་བར་གསུངས་ཞེས་བརྗོད་པར་བྱའོ། །ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཕྱོགས་ཀྱི་དོན་དུ་བརྗོད་པར་ནི་ལེགས་པར་སྨྲས་ཏེ། དེ་ཐམས་ཅད་སངས་རྒྱས་ཀྱི་བྱིན་གྱི་རླབས་ལས་བྱུང་བའི་ཕྱིར་སངས་རྒྱས་ཀྱིས་གསུངས་

པ་ཡིན་ནོ། །དེ་བཞིན་དུ། བསོད་ནམས་བྱེད་པ་མཐོང་གྱུར་ན། །མངོན་སུམ་དུ་བསྟོད་པས་ལེགས་པར་དགའ་བ་བསྐྱེད། ལྐོག་ནས་ཡོན་ཏན་བརྗོད་བྱ་ཞིང་སྟེ། བསྟོད་པའི་དོན་དུའོ། །གཞན་གྱིས་བརྗོད་པར་གྱུར་པ་ན། །ཡོན་ཏན་བརྗོད་ན་རྗེས་སུ་བརྗོད། །བྱང་ཆུབ་སེམས་དཔའི་རང་གི་ཡོན་ཏན་

གཞན་གྱིས་བརྗོད་པ་ན། ཡོན་ཏན་ཤེས་པ་དེ་དག་ནི་ཡོན་ཏན་ཤེས་པར་རིག་པར་བྱ། བྱང་ཆུབ་སེམས་དཔའ་ཡིད་ལ་བྱའོ། །ཡང་གི་སྒྲས་ནི་གཞན་གྱི་ཡོན་ཏན་གྱིས་མགུ་བར་ཡང་བྱའོ། །ཇི་ལྟ་ཞེ་ན། རྩོམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྩོམ་པ་ཐམས་ཅད་དེ། །བྱ་བ་

Vol. 106 · folio 36b

ཐམས་ཅད་ནིའོ། །དགའ་ཕྱིར་སྟེ་དགའ་བ་དེ་ནི་རིན་གྱིས་ཉོ་ནའང་དཀོན། དེ་ཕྱིར་གཞན་བྱས་ཡོན་ཏན་གྱིས། གཞན་གྱིས་ཉེ་བར་བསགས་པའི་ཡོན་ཏན་དག་གིས། དགའ་བའི་བདེ་བ་སྤྱད་པར་བྱ། བདག་ལ་འདིར་གོད་ཡོད་མེད་ལ་འདིར་ནི་བསོད་ནམས་ཡིན་ཏེ། ཕ་རོལ་ལ་ཡང་བདེ་

བ་ཆེ། །གཞན་གྱི་ཡོན་ཏན་དེ་དག་ལ་ཞེ་སྡང་བའི། ཉེས་པས་མི་དགའ་སྡུག་བསྔལ་ཞིང་། །ཕ་རོལ་དུ་ཡང་སྡུག་བསྔལ་ཆེ། །ལུས་ཀྱི་ཡང་ངོ་། །དེ་ལྟར་ན་དགའ་བ་བསྐྱེད་པར་བྱའོ། །ཇི་ལྟར་སྨྲ་བར་བྱ་ཞེ་ན། སྨྲ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ཕེབས་པ་སྟེ། ཡིད་ཆེས་སུ་རུང་བའི་འབྲེལ་

བའི་ཚིག་གོ། །གང་ལ་དོན་གསལ་བར་བྱེད་པ་དང་། དེ་བཞིན་དུ་ཡིད་འཕྲོག་པར་བྱེད་པས་ཡིད་དུ་འོང་བ་སྟེ། སེམས་ཀྱིས་གཟུང་བར་བྱ་བ་རྣ་བའི་རྣམ་པར་ཤེས་པ་ལ་སྙན་པར་བྱ་བའོ། །གང་གི་ཕྱིར་གང་ལ་བརྩེ་བ་སྡུག་བསྔལ་དང་བྲལ་བར་འདོད་པ་ཐམས་ཅད་ལ་ཞེ་སྡང་མེད་པའི་དགེ་བའི་

རྩ་བ་སྟེ། རྒྱུ་ཡོད་པའོ། །གང་འཇམ་པ་ནི་མཉེན་པ་སྟེ། རན་ཅིང་ཐོན་པ་མ་ཡིན་པའི་སྒྲ་ཡོད་པའོ། །སྒྲ་ཡོད་པ་དེས་ནི་དེ་ལྟར་སྨྲ་བར་བྱའོ། །ཇི་ལྟར་བལྟ་བར་བྱ་ཞེ་ན། མིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་ཏུ་མིག་གིས་སེམས་ཅན་བལྟ་ན་ཡང་ཞེས་བྱ་བ་ནི་གཙོ་བོ་ཡིན་པའི་ཕྱིར་

གཞན་དག་ཀྱང་དེ་ལྟར་བྱའོ། །འཛུམ་པའི་གདོང་ཅན་ཁྲོ་གཉེར་གྱི་ངོ་འཛུམ་སྤངས་པས་ཀྱང་འགའ་ཞིག་གི་ཚེ་འགྱུར་བར་མཐོང་བ་དེ་ལྟ་ན། དེ་སྐད་དུ་བསྟན་ཏེ། ལེགས་པ་ཕུལ་དུ་བྱུང་བའི་དོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ་ཞེས་བྱ་བ་སྨོས་ཏེ། དྲང་

བ་ནི་འཁྱོགས་པ་མེད་པར་བལྟ་བའོ། །ཅིའི་ཕྱིར་དེ་ལྟར་བལྟ་ཞེ་ན། འདི་ལྟར་སེམས་ཅན་འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་ཕྱིར་རོ། །དེ་དག་ཉིད་ཅེས་བྱ་བ་ལ་སོགས་པའི་གཞུང་ནི་སེམས་ཅན་དེ་དག་གང་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་

བའི་ཕྱིར། །ཞེས་བྱ་བའི་བློ་འདིས། དྲང་ཞིང་བྱམས་པའི་སེམས་ཀྱིས་བལྟ། །རྟག་ཏུ་སེམས་ཅན་རྣམས་ལ་དྲང་པོར་བལྟ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ལ་ཡང་རྟག་ཏུ་མངོན་པར་ཆགས་པས་གནས་པར་བྱའོ། །དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་གཉེན་པོའི་ཕྱོགས་ཀྱི་

Vol. 106 · folio 37a

དོན་དུ་རབ་ཏུ་དང་བ་བསྐྱེད་པར་བྱའོ། །ཡོན་ཏན་ནི་ཆགས་པ་མེད་པ་ལ་སོགས་པ་ཡིན་ལ། ཕན་འདོགས་པ་སྟེ། ཡང་དག་པར་སྐྱོང་བ་ལ་སོགས་པ་གང་ཡིན་པ་དེ་ནི་ཡོན་ཏན་ཕན་འདོགས་བྱེད་པའི་ཞིང་ཡིན་ནོ། །དེ་ལ་སྡུག་བསྔལ་བ་དང་། ནད་པ་ལ་སོགས་

པ་ལ་འདི་ལྟར་མཐོང་བ་ལ་སོགས་པ་གང་ཡིན་པ་དེ་ཡང་དགེ་བ་ཆེན་པོ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཐམས་ཅད་དུ་དགེ་བ་ཆེན་པོ་ཉིད་མ་ཡིན་ནམ་ཞེ་ན། བདེན་ཏེ་མོས་པ་བརྟན་པོ་མེད་པ་དག་ལ་དེ་སྐད་དུ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བརྩོན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། བརྩོན་

པ་ནི་དོན་ལ་ལེ་ལོ་མེད་པའོ། །ལྡང་དང་ལྡན་ནས་ཞེས་བྱ་བ་ནི། རང་གི་དོན་ལ་རྟག་ཏུ་ལྡང་བའོ། །གཞན་གྱི་བྱ་བ་བདག་གིས་བརྗེད་པ་མེད་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི། ལས་རྣམས་བདག་གིས་རྟག་ཏུ་བྱ། །དེའི་ཡང་ལས་འགའ་ཞིག་གི་ཚེ། །སློབ་མ་ལ་སོགས་པ་འགའ་

ཞིག་གིས་བྱས་པ་ཡིན་ནོ་སྙམ་པ་ལ། ལས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོས་པར་བྱ་བ་སྟེ། སྐབས་སྦྱིན་པར་བྱ་བའོ། །དེ་ལྟར་ནི་འགྱུར་མོད་ཀྱི་རྟག་ཏུ་ལྡང་ནས། སྒོ་ལ་སོགས་པ་དབྱེ་བ་ལ་སོགས་པར་འགྱུར་བ་དེ་ཡང་བཀག་པ་ཡིན་པ་དེ་ལྟར་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་

པའི་དོན་དང་ལྡན་པས་མི་བྱའོ་ཞེ་ན། སྦྱིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དོན་ལ་རྟག་ཏུ་ལྡང་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་མཆོག་ཡིན་ནོ། །འོ་ན་ཇི་ལྟར་ན་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བཏང་སྙོམས་སུ་བཞག་ཅེ་ན།

ཆུང་ངུའི་ཕྱིར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱོད་པ་ནི་ཆུ་ལོན་བཞིན་དུ། སྟེང་དུ་འགྲོ་བའི་རྟེན་ཡིན་པས་ན། དེ་ལྟར་ན་གཞན་སྤྱོད་པའི་ཆུ་ལོན་ཏེ་མ་གཏོགས་པ་སྟེ། དེ་ཡང་ནམ་དུ་ཡང་དོར་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འཚེ་བ་ལ་སོགས་པ་བཀག་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། ཐུགས་རྗེ་མངའ་བ་རིང་གཟིགས་པ་སྟེ། སྙིང་རྗེའི་བསམ་པ་དག་པ་ལ་འཚེ་བ་ལ་སོགས་པ་ཡང་དོན་མཐོང་བ་ལ་རྗེས་སུ་གནང་བ་ཡིན་ནོ། གཞན་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རིག་བྱས་གཞན་དོན་ལ། །རྟག་ཏུ་བརྩོན་པར་གནས་པར་བྱ། །དེ་ལྟར་མི་

Vol. 106 · folio 37b

འཇིགས་པ་སྦྱིན་པའི་རྣམ་པ་སྤྱོད་པ་དག་ཏུ་འཛུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ནས། ཟང་ཟིང་གི་སྦྱིན་པའི་རྣམ་པ་ཅན་བསྟན་པའི་ཕྱིར། ལོག་པར་ལྷུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོག་པར་ལྷུང་བ་ནི་ཡི་དགས་ལ་སོགས་པའོ། །མགོན་མེད་ནི་ཕ་ལ་སོགས་པ་དང་བྲལ་བའི་ནད་པ་

ལ་སོགས་པའོ། །བརྟུལ་ཞུགས་གནས་ནི་དཀའ་ཐུབ་པ་སྟེ། དེ་དག་ལ་བགོ་བཤའ་བྱས་ནས་བཟའ་བར་བྱའོ། །མང་པོ་ཡང་མ་ཡིན་ཞིང་ཉུང་ངུ་ཡང་མ་ཡིན་པར་རན་པ་ཙམ་དུ་བཟའ་བྱས་ཏེའོ། །ཆོས་གོས་གསུམ་པོ་སྣམ་སྦྱར་དང་བླ་གོས་དང་མཐང་གོས་སོ། །ཚོགས་ལ་གཙོ་བོར་

གྱུར་པ་ནི་ཆོས་གོས་གསུམ་མོ། །དེའི་ཕྱིར་དེ་འདྲ་བ་སློང་བ་གཞན་ལ་ལྷག་པར་སྦྱིན་པར་བྱ་ཞིང་གཏང་བར་བྱའོ། །གལ་ཏེ་མེད་ན་དེ་ལས་གཞན་པ་སྦྱིན་པར་བྱའོ། །དེ་དེ་ལྟར་སྦྱིན་པའི་དོན་དུ་ཚུལ་ཁྲིམས་ཉིད་དབུལ་བར་ཁྱད་པར་ཅན་ཉིད་ཡིན་པའི་ཕྱིར། བཅས་པའི་ཁ་ན་མ་ཐོ་བ་ལས་

ལྡོག་པ་ལས་ཚུལ་ཁྲིམས་གཞན་གཏང་བར་མི་བྱའོ་ཞེས་བསྟན་པར་འགྱུར་རོ། །འོ་ན་སྡོམ་པ་གཏོང་བ་ལས་ཡང་བཅས་པའི་ཁ་ན་མ་ཐོ་བ་ཉིད་ཡིན་པའི་ཕྱིར་བྱའམ་ཞེ་ན། དམ་པའི་ཆོས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་པའི་ཆོས་ནི་སྤྱོད་པའི་དགེ་སློང་གི་ལུས་བསོད་ནམས་ཐམས་

ཅད་ཀྱི་འབྱུང་ཁུངས་ཉིད་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་དེ་ཅིག་ཤོས་ཆེད་དུ་སྟེ། སྦྱིན་པའི་དོན་དུ་སྦྲང་མ་དང་། མཆུ་སྙུང་དང་། གྲང་ལྷགས་ལ་སོགས་པས་གནོད་པར་མི་བྱའོ། །དེ་ལྟར་བྱས་ན་སྟེ། ལུས་ལ་གནོད་པ་མ་བྱས་ན་སེམས་ཅན་གྱི་བསམ་པ་མྱུར་དུ་རྫོགས་པར་འགྱུར་ཏེ།

བདེ་བ་དང་ཏིང་ངེ་འཛིན་དང་། དེ་ལས་དེ་ཁོ་ན་ཉིད་ཀྱི་བློ་དང་། དེ་ལས་སྙིང་རྗེའི་བསམ་པ་རྣམ་པར་དག་པ་ཡོད་ན་སེམས་ཅན་གྱི་དོན་ཞེས་བྱའོ། །སོ་སོའི་སྐྱེ་བོ་དག་གིས་ཆོས་གོས་གསུམ་ཡང་གཏང་བར་བྱ་བ་མ་ཡིན་ན། སྲོག་ལ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར། སྙིང་རྗེའི་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། དམ་པའི་ཆོས་ནི་སྤྱོད་པའི་ལུས། །ཅིག་ཤོས་ཆེད་དུ་གནོད་པར་མི་བྱ་བ་ཡིན་པ་དེའི་ཕྱིར། སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་གཏང་བར་མི་བྱ་སྟེ། །མོས་པས་སྤྱོད་པའི་སའི་སོ་སོའི་སྐྱེ་བོ་འགའ་ཞིག་ཀྱང་། བདག་དང་གཞན་མཉམ་པ་ཉིད་བསམ་པ་མཚུངས་པར་འགྱུར་བ་དེ་

Vol. 106 · folio 38a

ཡོད་ན། དེས་ཀྱང་སྲོག་བཏང་བ་ན་རྣམ་པ་འདིས་དེས་ཁྱད་པར་རྟོགས་པའི་ཕྱིར། ཉམས་ཤིང་ཞིག་པར་མི་འགྱུར་རོ། །དེ་དེ་ལྟར་མི་འཇིགས་པ་དང་། ཟང་ཟིང་གི་སྦྱིན་པའི་སྤྱོད་པ་རྣམ་པར་བཤད་ནས། ཆོས་ཀྱི་སྦྱིན་པའི་རྣམ་པ་བསྟན་པའི་ཕྱིར་མ་གུས་པ་ལ་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། མ་གུས་པ་ལ་ཆོས་མི་བཤད། །གུས་པ་དང་བཅས་པ་ཡིན་ན་ཡང་། །མི་ན་བཞིན་དུ་སྟེ་རང་བཞིན་དུ་གནས་པ་ཡིན་པ་མགོ་བོ་གཡོགས་པ་ལ་སོགས་པ་ལ་བཤད་པར་མི་བྱའོ། །ནད་པ་ལ་ནི་བཤད་པར་བྱ་བ་ཡིན་ནོ། །དམན་ལ་སྟེ་སེམས་ཆུང་བ་དག་ལ་ཐེག་པ་ཆེན་པོ་ཟབ་པ་དང་། རྒྱ་ཆེ་

བའི་ཆོས་བཤད་པར་མི་བྱའོ། །རིག་པའི་སྐྱེས་པ་མེད་པར་བུད་མེད་ལ་ཡང་ཐེག་པ་ཆེན་པོ་དང་ཆོས་གཞན་བཤད་པར་མི་བྱའོ། །དམན་པ་དང་མཆོག་གི་ཆོས་རྣམས་དང་། ཐེག་པ་ཆེན་པོ་དང་གཞན་ལ་ཡང་གུས་པ་དང་བཅས་པར་སྤྱད་པར་བྱའོ། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ་སྟེ། སངས་རྒྱས་ཀྱི་

རིགས་ཅན་དམན་པའི་ཆོས་ལ་སྦྱར་བར་མི་བྱའོ། །སྤྱོད་པ་ཡོངས་སུ་སྤངས་ནས་ནི། །མདོ་དང་སྔགས་ཀྱིས་འདྲིད་མི་བྱ། །སྡོམ་པ་ནི་སྤྱོད་པའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་གིས་སྤྱོད་པ་བརྟན་པོ་ལ་སྦྱར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་ཁྲིམས་ལ་གནས་པའི་སྤྱོད་པ་བསྟན་པའི་ཕྱིར། སོ་ཤིང་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། མཆིལ་མ་ནི་ཁ་ཆུའོ། །དོར་བ་ན་ནི་དགབ་པར་བྱ། །ལག་པ་ལ་སོགས་པས་དགབ་པར་བྱའོ། །དེ་ཡང་མི་འདོད་པ་ན་གཅིག་ལ་སོགས་པའང་ལོངས་སྤྱོད་པའི། ཆུ་དང་ཐང་ལ་དོར་བ་སྨད། །ཁ་བཀང་བ་དང་སྒྲ་བཅས་དང་། །ཁ་གདངས་ནས་ནི་བཟའ་མི་བྱ་སྟེ། ཁ་བཀང་བ་མེད་

པ་ཡང་སྒྲ་བཅས་དང་། །སྒྲ་མེད་ན་ཡང་ཁ་གདངས་ནས་ནི་སྟེ་ཁ་རབ་ཏུ་ཕྱེ་ནས་བཟའ་བར་མི་བྱའོ། །རྐང་པ་བརྐྱང་སྟེ། རྐང་པ་རབ་ཏུ་བརྐྱང་བ་ཉིད་ཀྱིས་མི་འདུག་ཅིང་གནས་པར་མི་བྱའོ། །རང་གི་ལག་པ་མཉམ་པར་མི་མཉེའོ། །བཞོན་པ་མལ་སྟན་གནས་དག་ཏུ། །བུད་མེད་གཞན་དང་གཅིག་མི་བྱ། །

གཉིས་འགྲོགས་ནས་ཁྱིམ་དུ་འཇུག་པ་དང་མལ་སྟན་དང་སྟན་གཅིག་ལ་འདུག་པ་དང་གནས་དབེན་པའི་ནང་ངམ་དགོན་པ་དག་ཏུ་ཡང་གཉིས་འགྲོགས་པར་མི་བྱའོ། །བརྟུལ་ཞུགས་ཅན་གྱིས་ཆུང་མར་འཚེ་བར་བྱེད་པ་གང་ཡིན་པ་དེ་ཡང་། ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ལས་བསྲུང་བར་བྱའོ། །བུད་

Vol. 106 · folio 38b

མེད་གཞན་ཐམས་ཅད་ནི་མདོར་བསྡུས་པ་ཡིན་པའི་ཕྱིར། འཇིག་རྟེན་མ་དད་འགྱུར་བ་ཀུན། །མཐོང་དང་འདྲིས་པས་སྤང་བར་བྱ། །འདི་ལྟར་འགའ་ཞིག་གིས་ཀྱང་། སོར་མོས་བརྡ་ནི་མི་བྱ་སྟེ། གུས་དང་བཅས་པའི་གཡས་པ་ནི། །ལག་པ་དག་ནི་ཀུན་གྱིས་ཀྱང་། །བརྡ་བྱ་ཞིང་། ལམ་ཡང་གུས་པ་

དང་བཅས་པའི་ལག་པ་མ་ལུས་པས་དེ་ལྟར་བསྟན་པར་བྱའོ། །ལག་པ་ཤས་ཆེར་བསྐྱོད་མིན་ཏེ། །ལག་པ་ཀུན་ནས་བསྐྱོད་པས་ནིའོ། །ཅུང་ཟད་བསྐྱོད་ཅིང་སྒྲ་བསྒྲགས་ལ། །སེ་གོལ་ལ་སོགས་བརྡ་བྱ་སྟེ། །སོགས་པའི་སྒྲས་ནི་ལག་པ་གཡས་པའི་བརྡའི་བརྡ་ལ་སོགས་པ་གཟུང་ངོ་། །གཞན་མ་

བསྡམས་པར་འགྱུར་རོ། །བཅས་པའི་ཁ་ན་མ་ཐོ་བའི་ཡན་ལག་གང་དང་གང་གིས་སློབ་པར་མི་འགྱུར་བ་དེ་དང་དེ་ཚུལ་ཁྲིམས་འཆལ་བར་འགྱུར་རོ། །ཇི་ལྟར་ཉལ་བར་བྱ་ཞེ་ན། མགོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མགོན་པོ་མྱ་ངན་འདས་གཟིམས་ལྟར། །མགོན་པོ་སྟེ་སྟོན་པ་མྱ་ངན་ལས་

འདས་པའི་ཕྱིར། སྐུའི་གཡས་ཀྱི་ལོགས་ཕབ་ཅིང་ཞབས་ཀྱིས་ཞབས་མནན་པས་སེང་གེ་བཞིན་དུ་ཀུན་ནས་མཐོ་བ། སེམས་དང་ཆོས་གོས་དང་ཡན་ལག་དང་ཐུགས་རྣམ་པར་མི་གཡེངས་པ། བདག་གིར་གྱུར་པ་གཟིམས་པ་དེ་བཞིན་དུའོ། །འདོད་པའི་ཕྱོགས་སུ་སྔས་བསྟན་བྱ། །ཤེས་བཞིན་

ཏེ་ཇི་ལྟར་དགེ་བ་བཙལ་བར་བྱ། །ཞེས་སྣང་བ་ལ་སོགས་པའི་འདུ་ཤེས་ཀྱི་མྱུར་དུ་ལྡང་བ་ནི་ཐུན་ཕྱི་མ་ལ་དགེ་བའི་དོན་དུ་མྱུར་དུ་ལྡང་བའི་འདུ་ཤེས་ཐོག་མ་ཉིད་དུ་ངེས་པར་སྦྱར། རེ་ཞིག་དང་པོ་དེ་ལྟར་གྱུར་པས་གདོན་མི་ཟ་བར་ཉལ་བར་བྱའོ། །ཕྱིས་ནུས་པ་མེད་པ་ན་ཇི་ལྟར་འདོད་པ་ཅུང་ཟད་ཀྱང་།

ཐོག་མར་གདོན་མི་ཟ་བར་ཞེས་བྱ་བ་དེ་ཅིའི་ཕྱིར་ཞེ་ན། ངེས་པར་སྦྱར་ཞེས་བྱ་བ་སྨོས་ཏེ། སྟོན་པའི་བཀའ་ཡིན་ནོ། །སྟོན་པས་དགེ་བ་འཕེལ་བར་བྱ་བའི་དོན་དུ་ངེས་པར་སྦྱར་བ་དེ་གནས་པ་ཡིན་ནོ། །བཟོད་པ་ལ་སོགས་པ་ལ་གནས་པ་ལ་སྤྱོད་པ་བཤད་པར་བྱའོ་སྙམ་པའི་དགོངས་པ་དང་ལྡན་པས་

སྦྱིན་པ་དང་ཚུལ་ཁྲིམས་ལ་གནས་པའི་སྤྱོད་པ་དཔེར་མཛད་ནས། བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུས་པ་ཡིན་ཏེ། སྤྱོད་པ་སྟེ། ལེགས་པར་སྤྱོད་པ་དང་། ཀུན་སྤྱོད་པ་ཞེས་བྱ་བའི་བར་དུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་སྟེ། ཚད་མེད་པར་ནི་སྟེ། བཅོམ་ལྡན་འདས་

Vol. 106 · folio 39a

ཀྱིས་རབ་ཏུ་དབྱེ་བ་གྲངས་མེད་པའི་དཔེས་གསུངས་པ་ལས། གལ་ཏེ་དེ་ཐམས་ཅད་ནན་ཏན་དུ་བྱ་བར་མི་ནུས་ན། སེམས་སྤྱོད་པའི་སྤྱོད་པ་ནི་བཤད་པ། ངེས་པར་དེ་སྲིད་སྦྱར་བར་བྱ། །གཞན་པ་ཉིན་མོ་དང་མཚན་མོ་ནི་ཉིན་མོ་དང་མཚན་མོ་སྟེ། རྟག་ཏུ་མ་ཡིན་གྱི། འོན་ཀྱང་ལན་

གསུམ་དུ་ཞེས་བྱ་བ་ནི་ཐུན་གསུམ་དང་དུས་གསུམ་དུའོ། །ཐུན་བར་ལ་ཡང་ཉལ་བའི་སྔས་དང་། ཟས་ཀྱི་འོག་ཏུ་སེམས་སྦྱོང་བ་ལ་རྒྱུན་གྱི་འཇུག་པས་རབ་ཏུ་འཇུག་པར་བྱ་ཞིང་སྤྱད་པར་བྱའོ། །ཕུང་པོ་གསུམ་པ་སྟེ། སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བའོ། །

དེ་ལ་དུས་གསུམ་ལ་ཡང་ལན་གསུམ་འདོན་པ་ལ་འཇུག་པར་བྱའི། ཉིན་མོ་དང་མཚན་མོ་སེམས་སྤྱོད་པ་འབའ་ཞིག་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་སེམས་སྦྱོང་བའི་ཐབས་དེས་ཡིད་ཀྱིས་ལྟུང་བར་མི་འགྱུར་རོ། །ལྷག་མ་ལུས་དང་ངག་གི་ལྟུང་བ་དག་ཀྱང་མཚུངས་པར་མི་འགྱུར་བ་དང་།

བྱུང་བ་དག་ཀྱང་ཕྱིར་བཅོས་པར་བྱའོ། །དེ་བས་ན། རྒྱལ་དང་བྱང་ཆུབ་སེམས་བརྟེན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་དང་རྒྱལ་བ་ལ་བརྟེན་པ་དེའི་ཕྱིར། ཆོས་བཞི་པའི་མདོ་ལས། རྟེན་གྱི་སྟོབས་ཀྱིས་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ་ཞེས་གསུངས་སོ། །གནས་སྐབས་

ཐམས་ཅད་དུ་བསླབ་པ་ཐམས་ཅད་ལ་བསླབ་པར་བྱའོ། །འོན་ཀྱང་རང་ངམ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་ནས་ཉོན་མོངས་པས་ཀྱང་བསླབ་པར་བྱ་ཞེ་ན། འཁོར་བ་ལ་གཞོལ་བའི་ཡིད་ཀྱིས་མི་བྱའོ་ཞེས་བསྟན་པའི་ཕྱིར། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །ཞེས་བྱ་བ་ལ་སོགས་པ་སྨོས་

སོ། །དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །ཞེས་བྱ་བའི་སྡོམ་པ་དང་། དགེ་བ་ཆོས་སྡུད་པ་དག་གིས་སེམས་ཅན་གྱི་དོན་བྱེད་པ་ལས་གཞན་མི་སྤྱད། སེམས་ཅན་གྱི་དོན་སྤྱོད་པ་དེ་ཉིད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་ཏེ། སངས་རྒྱས་པའི་ཆེད་དུ་བསྔོའོ། །བྱང་ཆུབ་ནི་དགེ་

བའི་བཤེས་གཉེན་ལ་རག་ལས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟག་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་བའི་བཤེས་གཉེན་ཅི་འདྲ་བ་ཞིག་ཅེ་ན། ཐེག་ཆེན་ཞེས་བྱ་བ་སྨོས་ཏེ། འདིས་འགྲོ་བར་བྱེད་པས་ན་ཐེག་པ་སྟེ། ཟབ་པ་དང་རྒྱ་ཆེ་བ་དག་གིས་སོ། །ཐེག་པ་ཡང་ཡིན་ལ་

Vol. 106 · folio 39b

ཆེན་པོ་ཡང་ཡིན་པས་ན་ཐེག་ཆེན་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་དེ་དག་གསལ་བར་བྱེད་པའི་བཀའོ། །དེའི་དོན་ལ་མཁས་པ་ནི་རིག་པའོ། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་ནི་སྤྱོད་པ་སྟེ། སེམས་སྤྱོད་པའི་སྤྱོད་པའོ། །དེ་མཉེས་པར་བྱའོ་ཞེས་བསྟན་པའི་ཕྱིར། དཔལ་འབྱུང་བ་

ཡི་རྣམ་ཐར་ལས་ཀྱང་ཞེས་བྱ་བ་སྨོས་ཏེ། ཀྱང་གི་སྒྲས་ནི་སངས་རྒྱས་ཀྱིས་གསུངས་པ་གཞན་ལ་ཡང་བསླབ་པར་བྱའོ། །དཔལ་འབྱུང་བའི་རྣམ་པར་ཐར་པ་ཞེས་བྱ་བ་འདི་དང་། སངས་རྒྱས་བཀའ་སྩལ་གཞན། མདོ་སྡེ་བཀླགས་ནས་ཤེས་པར་བྱ། །མདོ་སྡེ་རྣམས་ལ་བསླབ་

པར་སྣང་། །དེ་བས་མདོ་སྡེ་བཀླག་པར་བྱ། །ནམ་མཁའི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བྱ་སྟེ། །རྩ་བའི་ལྟུང་བ་བརྟག་པར་བྱའོ། །སྡོམ་པ་འཇིག་པར་བྱེད་པའི་ལྟུང་བ་དག་ནི། ནམ་མཁའི་སྙིང་པོའི་མདོ་ལས་ཕལ་ཆེར་གསུངས་པ་ཡིན་ན་དེ་ལྟར་ན་བལྟ་བར་བྱའོ། །

གང་ཕྱིར་རྟག་ཏུ་སྤྱོད་པ་ནི། །དེ་བས་རྒྱ་ཆེར་རབ་སྟོན་པས། །བསླབ་པ་ཀུན་ལས་བཏུས་པ་ཡང་། །ངེས་པར་ཡང་དང་ཡང་དུ་བལྟ། །འཕགས་པ་ནཱ་གཱརྫུ་ན་དང་། ཁོ་བོའི་མདོར་བསྡུས་པའི་འདུལ་བ་བསྟན་པའི་ཕྱིར། གང་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

གང་ལ་མཆོད་རྟེན་གྱི་ལས་དང་ཐེག་པ་ཆེན་པོ་ལ་སོགས་པ་ཡུལ་དང་དུས་དང་གནས་སྐབས་གང་ལ་བླ་མ་དང་། གཞན་དག་གིས་འདི་འདིར་མི་བྱའོ་ཞེས་བཀག་པ་དང་། འབབ་སྟེགས་ཀྱི་ཁྲུས་ལ་སོགས་པའི་རིགས་པ་དང་རིགས་པ་མ་ཡིན་པ་ལ་ངེས་པར་སྦྱར་བ་དག་

འདིར་འདི་ཡིན་ནོ་ཞེས་ཏེ། འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར། །དེ་ལ་བསླབ་པ་མཐོང་ནས་ཡང་དག་པར་སྤྱད། ཤེས་བཞིན་གྱིས་སེམས་སྦྱང་བ་བཤད་ཟིན་ཏོ། །ཤེས་བཞིན་གྱི་མདོར་བསྡུས་ནས་མཚན་ཉིད་དང་རྒྱུ་གང་ཡིན་ཞེ་ན། ལུས་དང་སེམས་ཀྱི་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། འོ་ན་མདོ་ལ་སོགས་པ་བརྗོད་པར་བྱ་བ་ཉིད་ཡིན་ནམ་ཞེ་ན། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་ཤེས་བཞིན་བསྲུང་བ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ།། །།

Vol. 106 · folio 40a

ཚུལ་ཁྲིམས་ཀྱི་དེ་མ་ཐག་ཏུ་བཟོད་པ་བསྟན་པའི་ཕྱིར། བསྐལ་པ་སྟོང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐལ་པ་སྟོང་དུ་བསགས་པ་ཡི། །སྔར་བསྟན་པའི། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །བདེ་བར་གཤེགས་པ་ནི་དཀོན་མཆོག་གསུམ་

གྱི་ཉེ་བར་མཚོན་པའོ། །མཆོད་པ་ནི་ཀུན་ཏུ་སྤྱད་པའོ། །དེ་ཡང་བསྟོད་པ་ནི་ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཉེ་བར་མཚོན་པ་ཡིན་ནོ། །ལེགས་སྤྱད་ནི་ཚུལ་ཁྲིམས་ཏེ་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །བཅོམ་ལྡན་འདས་

ཀྱིས་ཁོང་ཁྲོ་ཞེས་བྱ་བས་ནི་བསྐལ་པ་སྟོང་དུ་བསགས་པའི་བསོད་ནམས་དག་ཀྱང་འཇོམས་པར་བྱེད་ཅིང་འབྲས་བུ་མེད་པར་བྱེད་དོ། །རྟེན་བསྲེགས་ནས་གཞན་སྲེག་པར་བྱེད་དོ། །དེ་བས་ན་ཞེ་སྡང་ལ་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་སོ། །ཞེ་སྡང་ནི་ཉེ་བར་མཚོན་པ་

ཡིན་ཏེ། དེའི་རྒྱུ་མཐུན་པ་ནི་ཁྲོ་བ་ཡིན་ལ། དེའི་གཉེན་པོའི་ཕྱོགས་ནི་བཟོད་པ་ཡིན་ཏེ། དེ་ལྟར་ན་ཀུན་རྫོབ་དང་། དོན་དམ་པའི་བདེན་པ་འཆད་པར་འགྱུར་བའི་ཚུལ་དམིགས་པ་ལ་བརྟེན་པ་བསྒོམ་པ། སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཇི་ལྟར་ན་ཞེ་སྡང་ལྟ་བུའི་ཁོང་

ཁྲོ་མེད་པ་ཡིན་ཞེ་ན། འདི་ལྟར་རེ་ཞིག་སྐྱེ་བ་འདི་ལ་ཡང་། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བའི་ཉམས་མི་མྱོང་། །ཞི་བ་དང་བདེ་བ་མི་མྱོང་བ་དེའི་ཕྱིར། ཡིད་ལུས་ངག་དགའ་བ་དང་བདེ་བའང་མི་མཐོང་ལ། གཉིད་མི་འོང་ཞིང་བརྟན་མེད་འགྱུར་རོ། །དེ་ལྟར་ན་གང་དག་ནོར་

དང་བཀུར་སྟི་ཡིས། །རྙེད་པ་དང་བཀུར་སྟི་དག་གིས། དྲིན་བྱིན་དེ་ལ་བརྟེན་གྱུར་པ། །དེ་དག་ཀྱང་ནི་སྡང་ལྡན་པའི། །ཞེ་སྡང་གདུལ་དཀའ་བ། རྗེ་དཔོན་དེ་ལ་གསོད་པར་རྒོལ་བར་འདོད་པ། དེའི་མཛའ་བཤེས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་སླའོ། །ཁྲོ་བའི་དགྲ་ཡིས་དེ་ལ་

སོགས། །སྡུག་བསྔལ་དག་ནི་འདི་དང་གཞན་དུ་བྱེད་པར་འགྱུར་དེའི་ཕྱིར་དགྲ་བོའི་འདུ་ཤེས་ཀྱིས། གང་ཞིག་བསྒྲིམས་ཏེ་ཁྲོ་བར་ཏེ། ཞེ་སྡང་འཇོམས་པ། དེ་ནི་འདི་དང་གཞན་དུ་བདེ། །འདིའི་རྒྱུ་མ་བཅོས་པར་འདི་གཞོམ་པར་ནུས་པ་མ་ཡིན་ལ། འདིའི་རྒྱུ་ཡང་སྡུག་བསྔལ་

Vol. 106 · folio 40b

ཡིན་ལ། དེ་ཡང་ཞེ་སྡང་བག་ལ་ཉལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་འདོད་བྱས་དང་འདོད་པ་ཡི། །གེགས་བྱས་པ་ལས་བྱུང་གྱུར་པ། །ཡིད་མི་བདེ་བར་གྱུར་པའི་ཟས་ཏེ། ཡིད་མི་བདེ་བའི་ཟས་རྙེད་ནས། །ཞེ་སྡང་བརྟས་ཏེ་བདག་འཇོམས་སོ། །གང་གི་

ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། བདག་གིས་དགྲ་བོ་དེའི་ཞེས་བྱ་བ་ལ་སོགས་པའི་ལས་སུ་བྱ་བ་དག་གོ། །ཇི་ལྟར་དེའི་ཟས་གཞོམ་པར་བྱ་བ་ཡིན་ཞེ་ན། ཅི་ལ་བབ་ཀྱང་བདག་གིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགའ་བ་ནི་ཡིད་བདེ་བའོ། །དེ་འཁྲུགས་པ་

ནི་ཡིད་མི་བདེ་བའོ། །དེ་ལ་ཡང་། མི་དགའ་བྱས་ཀྱང་འདོད་མི་འགྲུབ། །འོན་ཀྱང་དགེ་བ་དག་ནི་ཉམས་པར་འགྱུར་རོ། །ཡིད་མི་བདེ་བར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་བཅོས་སུ་ཡོད་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པར་སླའོ། །མི་

འདོད་པ་ཞེས་བཤད་པ་དེ་ལ། མི་འདོད་པ་ཉིད་གང་ཞེ་ན། བདག་དང་བདག་གི་བཤེས་རྣམས་ལ། །སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྙས་པ་ནི་ཁྱད་དུ་གསོད་པའོ། །བདག་གམ་བཤེས་ལ་སོགས་པ་ལ་སྡུག་བསྔལ་ལ་སོགས་པ་ནི་མི་འདོད་པའོ། །དགྲ་དང་

འབྲེལ་པ་ནི་སྡུག་བསྔལ་ལ་སོགས་པ་དེ་ལས་བཟློག་པ་འབྱུང་སྟེ། བཟློག་པ་དེ་ལས་བདེ་བ་ལ་སོགས་པ་ལ་མི་འདོད་པ་འབྱུང་ངོ་། །དེ་ལ་བཟོད་པ་ནི་རྣམ་པ་གསུམ་སྟེ། སྡུག་བསྔལ་བརྣག་པར་ནུས་པ་དང་། །གཞན་གྱི་དོན་ལ་བཟོད་པ་དང་། །ཆོས་ལ་སྤྱོད་པའོ། །དེ་ལ་

སྡུག་བསྔལ་བརྣག་པར་ནུས་པའི་དབང་དུ་བྱས་ནས། བདེ་བའི་རྒྱུ་ནི་རེས་འགའ་འབྱུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁྲིས་པ་ལ་སོགས་པའི་བར་དུའོ། །དེ་ལ་ངེས་འབྱུང་ནི་སྡུག་བསྔལ་ལས་གྲོལ་བ་སྟེ། སྡུག་བསྔལ་མེད་པར་མ་ཡིན་ནོ། །དེ་བས་ན་ཀྱེ་

སེམས་ཁྱོད་སྡུག་བསྔལ་ཐམས་ཅད་བརྣག་པའི་ཕྱིར་བརྟན་པར་མནོས་སོ། །དེ་ལྟར་བསམས་ནས། དཀའ་བཟློག་དད་པའི་མི་དག་ཀྱང་། །ཞེས་བྱ་བ་ནི་ལག་པ་ལ་སོགས་པ་ཐར་པའི་དོན་དུ་བསྲེགས་པ་དང་། བཅད་སོགས་སྡུག་བསྔལ་དོན་མེད་གནོད། །དོན་ཆུང་བ་ཉིད་ཀྱི་

Vol. 106 · folio 41a

ཕྱིར་དང་། སྡིག་པའི་དོན་ཉིད་ཡིན་པའི་ཕྱིར་རོ། །རང་དང་གཞན་གྲོལ་བར་བྱ་བའི་དོན་དུ་དོན་ཆེན་པོ་ལ་བརྟན་པར་བྱ་བའི་ཕྱིར། བདག་ནི་དེ་ལ་ཅི་ཞིག་སྔར། །གནོད་པ་ཆེན་པོ་ཉིད་ཡོད་པའི་ཕྱིར་རོ་ཞེ་ན། གོམས་པ་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། མི་བཟོད་པ་ནི་ཆེས་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྦྲུལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བཟོད་པར་བྱ་ཞེ་ན། ཚ་གྲང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ཕྱིར་སེམས་ཉིད་བརྟན་པོར་བྱའོ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་

ཕྱིར། ལ་ལ་བདག་གི་ཁྲག་མཐོང་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། གཡུལ་འགྱེད་ཅིང་རྒྱལ་བ་དེ་ལྟར་ན། དེ་བས་སྡུག་བསྔལ་ཁྱད་བསད་ཅིང་། །སྡུག་བསྔལ་རྣམས་ཀྱིས་མི་ཚུགས་བྱའོ། །ཇི་ལྟར་བྱ་ཞེ་ན། མཁས་པས་

སྡུག་བསྔལ་བྱུང་ཡང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་དང་སྟེ་རབ་ཏུ་དང་བའོ། །བྱང་ཆུབ་སེམས་དཔའི་འཐབ་མོ་དང་ནི་ཉོན་མོངས་དང་སྟེ་ཞེ་སྡང་ལ་སོགས་པ་དང་། གཡུལ་འགྱེད་ཚེ་ན་གནོད་པ་མང་། །དེ་བཞིན་དུ་སྡུག་བསྔལ་ཐམས་ཅད་ཁྱད་བསད་

ནས། །ཞེས་བྱ་བ་ལ་སོགས་པ་དང་། ཞེ་སྡང་ལ་སོགས་པ་དགྲ་བོ་སྟེ། དགྲ་བོ་དག་འཇོམས་པ་ནི་རེ་ཞིག་དེ་དག་རྒྱལ་བྱེད་དཔའ་བོ་སྟེ། ལྷག་མ་རོ་ལ་གསོད་པའོ། །སྡུག་བསྔལ་བཟོད་པའི་ཕྱིར་ཡོན་ཏན་ཏེ། ཡོན་ཏན་གཞན་དང་གཞན་དག་སྟེ། གང་ལ་སྐྱོ་བས་དྲེགས་པས་

སེལ་བར་བྱེད་པར་འགྱུར་རོ། །དེ་ལྟར་སྡུག་བསྔལ་བརྣག་པར་ནུས་པ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་བསྒོམས་ནས། གཞན་གྱི་དོན་ལ་བཟོད་པ་བསྒོམ་པར་བྱ་བའི་ཕྱིར། མཁྲིས་པ་ཞེས་བྱ་བ་ལ་སོགས་པ་ལ། མཁྲིས་པ་དང་། བད་ཀན་དང་། རླུང་ལ་སོགས་པ་དང་། ཡུལ་དང་

དུས་ཀྱི་ནད་ཆེན་པོ་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར། སྡུག་བསྔལ་འབྱུང་གནས་ཆེ་ལ་མི་ཁྲོ་བར། སེམས་ཡོད་རྣམས་ལ་སྟེ། བདག་ལ་གནོད་པ་བྱེད་པ་རྣམས་ལའོ། །ཅི་སྟེ་ཁྲོ་ཞེས་བྱ་བ་ནི། །རྒྱུ་ཅིའི་ཕྱིར་ཁྲོ་བའོ། །མཁྲིས་པ་ལ་སོགས་པ་ནི་སེམས་ཡོད་པ་མ་ཡིན་ཏེ།

Vol. 106 · folio 41b

རྐྱེན་ལས་བྱུང་བ་ཉིད་ཡིན་པའི་ཕྱིར། གནོད་པའི་བསམ་པ་མེད་པ་ཡིན་ནོ། །ཡུལ་ལ་སོགས་པ་ཡང་གནོད་པའི་བསམ་པ་མེད་པ་ཉིད་ཀྱི་ཕྱིར། སེམས་དང་ལྡན་པ་མ་ཡིན་ཏེ་རྐྱེན་ལས་བྱུང་བ་ཡིན་པ་དེ་ལྟར་ན། དེ་དག་ལ་ཁྲོ་བར་མི་འགྱུར་གྱི། གནོད་པའི་བསམ་པ་ཡོད་པ་དག་ལ་ཇི་

ལྟར་ནི་མི་འགྱུར་ཞེ་ན། དེ་དག་ཀུན་ཀྱང་རྐྱེན་གྱིས་བསྐུལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་པ་པོ་འགོག་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་ཆོས་ལ་སྤྱོད་པའི་བཟོད་པ་ཡིན་ནོ། །རྐྱེན་ལས་བྱུང་བ་ཉིད་ཀྱི་ཚུལ་ལ་བརྟེན་པ་ཇི་ལྟར་རྐྱེན་གྱིས་བསྐུལ་བ་ཡིན་ཞེ་ན།

དཔེར་ན་མི་འདོད་བཞིན་དུ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནད་འདི་མཁྲིས་པ་ལས་འབྱུང་བར་འགྱུར་ཞིང་། ཉོན་མོངས་པ་ནི་རང་གི་ས་བོན་ལས་འབྱུང་བར་འགྱུར་རོ། །ཁྲོ་བར་བྱ་ཞེས་མ་བསམས་ཏེ། མངོན་པར་མི་འདོད་ཀྱང་རང་དབང་ནི་བྱེད་པ་པོ། རྐྱེན་

རྣམས་ཏེ་ས་ལ་སོགས་པ་ཚོགས་པར་གྱུར་པ་ནི་རྐྱེན་རྣམས་ཚོགས་པའོ། །དེ་བཞིན་དུ་དམིགས་པ་ལ་སོགས་པ་དག་ཀྱང་སྟེ། རྐྱེན་རྣམས་ཀྱི་ཚོགས་པ་དེ་དག་མྱུ་གུ་དང་། རྣམ་པར་ཤེས་པ་ལ་སོགས་པ་དེ་དག་བསྐྱེད་པར་བྱ་ཞེས་པ་སེམས་པ་མེད། མྱུ་གུ་ལ་སོགས་པ་དེས་བསྐྱེད་

དེ་ཡང་བདག་བསྐྱེད་ཅེས། སེམས་པ་ཡོད་པ་མ་ཡིན་ནོ། །གྲངས་ཅན་གྱི་གཙོ་བོར་བྱས་ཏེ། བྱེད་པ་སེམས་པ་མེད་པ་གང་ཡིན་པ་དེ་ལ་བདག་ཅེས་བརྟགས་མོད་ཀྱི་གཟེགས་ཟན་ལ་སོགས་པས་སོ། །རེ་ཞིག་དེ་ཉིད་བདག་གིས་འདི་འདྲའོ་ཞེས་སེམས་པ་ཉིད་མེད་པའི་ཕྱིར་ཆེད་དུ་

བསམས་ཤིང་འབྱུང་བ་མེད་པ་ཡིན་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མི་འགྱུར་མོད་ཀྱི། སེམས་ཡོད་པ་ཉིད་དང་ལྡན་པ་ཉིད་ཀྱི་ཕྱིར། ཆེད་དུ་བསམས་ནས་འབྱུང་བར་འགྱུར་ལ། ཡོངས་སུ་གྱུར་ཅིང་འཁོར་བར་འགྱུར་གྱི། དེ་ཁོ་ན་ཉིད་དུ་ནི་རྟག་པ་ཉིད་ཀྱི་ཕྱིར་སྐྱེ་བ་མ་

ཡིན་ནོ་ཞེ་ན། མ་སྐྱེས་པར་ནི་དེ་མེད་ན་ཞེས་བྱ་བ་སྨོས་ཏེ། གང་མ་སྐྱེས་པ་དེ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །གཙོ་བོ་ལ་སོགས་པ་ཡང་དེ་བཞིན་ནོ། །འདི་ནི་གང་གི་ཕྱིར་ཏེ། དེའི་ཚེ་སྐྱེ་བར་འདོད་པ་གང་སྟེ། འཁོར་བ་འམ་ཡོངས་སུ་གྱུར་པའམ།

Vol. 106 · folio 42a

དེ་སྟེ་མ་སྐྱེས་པའི་གནས་སྐབས་སུ་སྐྱེ་བ་ཡིན་པ་དེའི་ཚེ་ཡུལ་ལ་སྟེ། དགྲའི་ལུས་ལ་སོགས་པ་སྟེ། བྱེད་པ་པོ་ཉིད་དུ་རྟག་ཏུ་གཡེངས་གྱུར་པ་དང་། དེ་ཁོ་ན་ཉིད་དུ་མེད་པ་ཉིད་ཀྱི་ཕྱིར་འགག་པར་འགྱུར་བའང་མ་ཡིན་ནོ། །འང་གི་སྒྲས་ནི་

འབྱུང་བ་ཉིད་དུ་འགྱུར་བ་འང་མ་ཡིན་ཞིང་བྱེད་པའང་མ་ཡིན་ནོ། །བདེན་ཏེ་རྟག་པ་ཉིད་ཀྱི་ཕྱིར་ཡིན་གྱི། མེད་པ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ་ཞེ་ན། ཅི་སྟེ་བདག་དེ་རྟག་ན་ཡང་། །ཞེས་བྱ་བ་སྨོས་ཏེ། ཡང་གི་སྒྲས་ནི་གཙོ་བོ་ཡང་ངོ་། །ནམ་མཁའ་ནི་ནམ་མཁའོ། །རྐྱེན་

གཞན་དང་ལྡན་པ་ན་དེ་བྱེད་པ་དང་བཅས་པར་འགྱུར་རོ་ཞེ་ན། རྐྱེན་རྣམས་གཞན་དང་ཕྲད་ན་ཡང་། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་གང་ཞིག་འགྱུར་བ་མེད་ལ་ཅི་བྱར་ཡོད། །ངོ་བོ་སྔོན་བཞིན་དུ་འཕོ་བ་མེད་པར། བྱེད་པའི་ཚེ་ཡང་སྔོན་བཞིན་ན། །དེས་བྱེད་པོ་ཅི་ཞིག་བྱས།

འོན་ཀྱང་དེའི་བྱེད་པ་ནི་རྐྱེན་གཞན་གྱིས་བྱས་པ་ཡིན་ནོ་ཞེ་ན། དེའི་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བྱེད་པ་འདི་ཡིན་ཞེས། །འབྲེལ་པའི་རྒྱུ་ནི་གང་ཞིག་ཡོད། །དེའི་བདག་ཉིད་དེ་ལས་བྱུང་བ་མ་ཡིན་ཏེ། དེའི་བྱེད་པ་དེའི་བདག་ཉིད་དམ། འབྲས་བུ་མ་ཡིན་ནོ། །

དངོས་པོར་གྱུར་པའི་འབྲེལ་པ་གང་ཡང་ཡོད་པ་མ་ཡིན་ཏེ། རྗེ་བོ་བྲན་ལ་སོགས་པའི་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་ཙམ་ཉིད་ཡིན་པ་དེའི་ཕྱིར་དེའི་འབྲེལ་པ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་དེ་བཤད་པའི་ཚུལ་གྱིས་ཐམས་ཅད་གཞན་གྱི་དབང་ཞེས་བྱ་བ་ནི་རྒྱུ་

ལས་སྐྱེས་པའོ། །དེ་ཡི་དབང་གིས་དེ་དབང་མེད། །ཅེས་བྱ་བ་སྟེ་རྒྱུ་དེ་ཡང་གཞན་གྱི་དབང་སྐད་ཅིག་མ་ཡིན་པ་ན་ཆ་དང་བཅས་པ་བཞིན་དུ། རིམ་དང་རིམ་པ་མ་ཡིན་པ་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྐད་ཅིག་མ་ཡིན་པས་བྱ་བ་ལས་སྔར་ཅིག་ཅར་བདག་ཉིད་ཐམས་ཅད་ཞིག་པས་མེད་

པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སྤྲུལ་པ་ལྟ་བུའི་བྱེད་པ་མེད་པའི། །དངོས་པོ་ཀུན་ལ་ཁྲོ་མི་འགྱུར། །གང་གི་སྒོ་ནས་ཀྱང་ངོ་། །འདི་ནི་དོན་དམ་པའི་ཚུལ་ལ་བརྟེན་པའི་ཆོས་ལ་སྤྱོད་པའི་བཟོད་པ་ཡིན་ཏེ། མོས་པས་སྤྱོད་པའི་ས་ལ་ནི་སྒྲའི་རྗེས་སུ་འགྲོ་བ་དང་། ས་བདུན་པ་ལ་ནི་རྗེས་

Vol. 106 · folio 42b

སུ་མཐུན་པ་དང་། ས་བརྒྱད་པ་ལ་སོགས་པ་ལ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །གལ་ཏེ་འོ་ན་སྤྲུལ་པ་བཞིན་དངོས་པོ་ཐམས་ཅད་བྱེད་པ་མེད་པ་ཡིན་པ་དེ་ལྟ་ན། གང་གི་ཕྱིར། གང་གིས་གང་ཞིག་བཟློག་བྱ་སྟེ། །ཁྲོ་བ་ལ་བཟློག་པའང་རིགས་པ་མིན་ཞེ་ན། དེ་ལ་

བརྟེན་པའི་དངོས་པོ་ནི་དེ་ལ་བརྟེན་པ་ཉིད་དེ། སྒྱུ་མ་དང་འདྲ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དེ་ལ་བརྟེན་ནས། ད་འདི་ལྟར་སྡུག་བསྔལ་རྣམས་རྒྱུན་ཆད་འགྱུར་འདོད་མི་རིགས་ཏེ། དེ་ལྟ་མ་ཡིན་ན། སྡུག་བསྔལ་ཡོད་པ་གང་གིས་རྒྱུན་ཆད་པར་འགྱུར་ཏེ། ཁྲོ་

བ་ལས་ཀྱང་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བས་དགྲ་འམ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ནི་རྟོགས་པར་སླའོ། །དེ་ནི་འདོད་པ་ཡིན་ཏེ། འདི་ལྟར་ཚེར་མ་ལ་སོགས་པས་བདག་ཉིད་བདག་ཉིད་ཀྱིས་གནོད་པ་བྱེད་པ་མ་ཡིན་ནམ་ཞེ་ན། བག་མེད་

པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཉོན་མོངས་པའི་དབང་དུ་གྱུར་པ་ཉིད་ཀྱི་ཚུལ་ལམ། རང་བཞིན་གྱི་ཚུལ་ཡིན་ནོ། །བག་མེད་པ་ལས་ནི་གཏི་མུག་ལ་སོགས་པ་དང་། ཁྲོ་བ་ལས་ནི་ཞེ་སྡང་ལ་སོགས་པ་ཡིན་ནོ། །བུད་མེད་ལ་སོགས་ཐོབ་བྱའི་ཕྱིར། །

རྔམ་ཞིང་ཟས་གཅོད་ལ་སོགས་བྱེད། །ཡུལ་ལ་ཆགས་པས་འགག་ཅིང་གཡང་ས་དག་ཏུ་འང་མཆོང་། །ཡང་གི་སྒྲས་ནི་སྔར་བསྟན་པ་དང་། གཞན་དུག་ལ་སོགས་པ་དག་གིས་གནོད་པར་བྱེད་ཅིང་འཇོམས་པར་བྱེད་པ་སྡུད་པའོ། །བསོད་ནམས་མ་ཡིན་པ་སྟེ།

གཞན་ལ་འཚེ་བ་བདག་ལ་སྡུག་བསྔལ་འདོད་ནས་སྤྱོད་པ་ཡིས། །གང་ཚེ་དེ་ལྟར་བག་མེད་པ་ལ་སོགས་པ་ཉོན་མོངས་དབང་གྱུར་པས་གཞན་གྱི་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར། བདག་སྡུག་ཉིད་ཀྱང་གསོད་བྱེད་པ། དེ་ཚེ་དེ་དག་གཞན་ལུས་ལ། །གཞན་དག་གིས་གཟུགས་ཕུང་དག་

ལ་གནོད་པ་བྱེད་པ། །གནོད་མི་བྱེད་པར་ཇི་ལྟར་འགྱུར། །འོ་ན་ནི་དེ་དག་ལ་ཁྲོ་བར་རིགས་སོ་ཞེ་ན། ཉོན་མོངས་སྐྱེས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱི་ཚུལ་བསྟན་པའི་ཕྱིར། གཞན་ལ་འཚེ་བར་བྱེད་པ་འདི་ནི་ཉེས་པ་ཡིན་ཏེ། གློ་བུར་བ་ནི་རང་གི་ཚོགས་པའི་ཚོགས་

Vol. 106 · folio 43a

ལས་བྱུང་ནས་གཉེན་པོའི་ཚོགས་སྐྱེས་པར་གྱུར་ན་རྒྱུན་ཆད་པའི་ཕྱིར་རོ། །སེམས་ཅན་རང་བཞིན་ཏེ། ངོ་བོ་ཉིད་ཀྱིས་ངེས་པ་ནའང་། འོ་ནའང་དེ་དག་ལ་ཁྲོ་བར་མི་རིགས་ཏེ། མཁའ་ལ་དུད་འཐུལ་དཀོན་པ་བཞིན། །ནམ་མཁའ་འམ་གོས་

ལའོ། །ནམ་མཁའ་རང་བཞིན་གྱིས་དག་པ་ཡིན་ལ་དེའི་སྐྱོན་དུ་བ་ལ་སོགས་པ་གློ་བུར་བ་ཡིན་པའི་ནམ་མཁའ་ལ་ཁྲོ་བར་བྱ་བ་མ་ཡིན་པ་དེ་བཞིན་དུ་སེམས་ཅན་ལ་ཁྲོ་བར་བྱ་བར་རིགས་པ་མ་ཡིན་གྱི་ཉེས་པ་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དབྱུག་པ་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། འཕེན་པར་བྱེད་པ་ཉིད་ཀྱི་ཚུལ་ཡིན་ན་སྡུག་བསྔལ་སྐྱེ་བའི་རྒྱུའི་གཙོ་བོ་དབྱུག་པ་ལ་སོགས་པ་བཀག་ཅིང་བོར་ནས་དེ་གལ་ཏེ་འཕེན་པ་ལ་ཁྲོ་ན་ཞེས་བྱ་བའི་ཚུལ་གྱིས་དེའི་ཚེ་དབྱུག་པ་ལ་སོགས་པ་འཕེན་པར་བྱེད་པ་དེ་ཡང་ཞེ་སྡང་གིས་སྦད་པས། དེ་

ལྟར་ན་ཉིས་ན་ཞེ་སྡང་ལ་ཁྲོ་བར་རིགས་སོ། །དེ་ལྟར་ཉོན་མོངས་པའི་དབང་དུ་གྱུར་པ་ཉིད་ཀྱི་ཚུལ་གྱིས་དེའི་ནང་དུ་འདུས་པ་རང་བཞིན་དང་འཕེན་པར་བྱེད་པ་དག་ལ་ཁྲོ་བ་ལ་སོགས་པ་རིགས་པ་མ་ཡིན་གྱི། རང་གི་ལས་ལས་སྐྱེས་པའི་ཚུལ་གྱིས་ཀྱང་སྡུག་བསྔལ་བཟོད་པར་

རིགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་གིས་སྔོན་ཆད་སེམས་ཅན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྟེ་མ་མཐོང་མི་འདོད་འོན་ཀྱང་དེ་ཞེས་བྱ་བ་ནི་རྒྱུ་ཉིད་ཀྱི་ཚུལ་ཡིན་ནོ། །མ་མཐོང་བ་མི་འདོད་པ་མ་ཡིན་ནམ་ཞེ་ན། དེའི་མཚོན་དང་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། རང་ལ་གནོད་པའི་ཚུལ་ཡིན་ནོ། །ཤུ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་ཞེས་བྱ་བའི་སྐབས་ཀྱི་ལུས་ཡིན་ནོ། །རེག་པར་མི་བཟོད་པ་ནི་རེག་ཏུ་མི་བཟོད་པའོ། །སྐྱེ་བ་སྔ་མ་ལས་སྐྱེས་པའི་སྲེད་མདོངས་ཏེ། རིགས་པ་དང་རིགས་པ་མ་ཡིན་པ་མི་ཤེས་

པ་སྟེ། ལུས་ཀྱི་རྒྱུ་དེ་ཚེ་འདི་ཉིད་ཀྱི་མ་ཡིན་གྱི། རྒྱུ་དེ་འདྲ་བ་དེ་ཉིད་ནི་འགའ་ཞིག་གིས་སྐྱེ་བ་སྔ་མའི་སྲེད་པ་ནི་འདིའི་རྒྱུ་ཡིན་ནོ། །དེའི་སྔོན་དུ་སོང་བ་ཅན་ལས་ཡིན་པ་དེ་ལྟར་ན། སྲེད་མདོངས་ཞེས་བསྟན་ཏོ། །ཇི་ལྟར་ན་བདག་སྲེད་པའི་མུན་པ་ཡིན་ཞེ་ན། འདི་ལྟར་རྨོངས་པ།

Vol. 106 · folio 43b

བྱིས་པ་སྡུག་བསྔལ་མི་བཟོད་ཅིང་། །སྡུག་བསྔལ་རྒྱུ་ལ་སྟེ། ཁྲོ་བ་དང་བཅས་པའི་ལུས་ལ་བརྐམ་པས་ན། དེའི་ཕྱིར་རང་གི་ཉེས་པས་གནོད་གྱུར་པ། །གཞན་ལ་དཀོན་དུ་ཅི་ཞིག་ཡོད། །ཅིའི་ཕྱིར་རང་ལ་ཁྲོ་བར་མི་བྱེད། དཔེར་ན་དམྱལ་བའི་སྲུང་མ་དང་། །ཞེས་

བྱ་བ་ལ་སོགས་པ་ལ། རལ་གྲི་ལོ་མ་ཞེས་བྱ་བ་ནི་ལས་ཀྱིས་འཕངས་པའི་རླུང་གིས་བདས་པས་ལྟུང་བར་གྱུར་པའི་རལ་གྲིའི་ལོ་མ་རྣོན་པོ་ཅན་གྱི་ཤིང་གི་ནགས་སུ་དམྱལ་བ་རྣམས་སྐྱེ་བ་ནི་རལ་གྲིའི་ལོ་མའི་ནགས་ཚལ་ལྟར་རོ། །དེ་བཞིན་དུ་དམྱལ་བ་རྣམས་སུ་འབྱུང་བའི་བུད་མེད་

ཤལ་མ་ལིའི་ནགས་ལ་སོགས་པར་དམྱལ་བའི་བྱ་རྡོ་རྗེའི་མཆུ་ཅན་ཨེ་མའོ། །རང་གི་ལས་ཀྱིས་འདི་བསྐྱེད་པ། །རལ་གྲིའི་ལོ་མའི་ནགས་ཚལ་ལ་སོགས་པ་ནི་བདག་གི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྡུག་བསྔལ་འདི་རང་གི་ཉེས་པ་ལས་བྱུང་

བ་ཡིན་ན་བདག་ལས་གཞན་པ་འགའ་ཞིག་ལ་ནི་ཁྲོ་བར་བྱེད། གལ་ཏེ་གནོད་པར་བྱེད་པ་པོ་ལ་མ་ཡིན་ནམ་ཞེ་ན། བདག་གི་ལས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟློག་པའི་ཚུལ་སྡིག་པ་མང་པོ་ཡིན་ནོ། །ཀྱེ་མ་རུང་སེམས་སོ། །གལ་ཏེ་ཁྱོད་ཉིད་དེ་དག་ལ་

གནོད་པར་བྱེད་པ་ཡིན་ན་ཅི་དེ་དག་དམྱལ་བར་འགྲོ་ཞིང་ཁྱོད་མི་འགྲོ་འམ་ཞེ་ན། བདག་གི་བསམ་པའི་ཡོན་ཏན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྩེ་བའི་བསམ་པའི་ཚུལ་ཡིན་ནོ། །འོན་ཏེ་ལན་དུ་གནོད་བྱས་ན་ཞེས་བྱ་བ་ནི་ལན་དུ་གནོད་པར་བྱེད་པ་ནི་བརྩེ་བ་མེད་པ་

ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་དཀའ་ཐུབ་ཅེས་བྱ་བ་ནི་རང་ཉིད་ཀྱིས་བྱ་བ་སྟོན་པའོ། །དེ་དེ་ལྟར་རྒྱུ་ཉིད་ཅེས་བྱ་བ་ལ་སོགས་པའི་ཚུལ་ཡིན་ནོ། །ཕལ་ཆེར་ལས་ལས་སྐྱེས་པའི་ཚུལ་གྱིས་ནང་དུ་འདུས་པ་བཤད་པ་ཡིན་ནོ། །དེ་ལྟར་མི་འདོད་པ་ཉིད་ཀྱིས་ཀྱང་ཁྲོ་བར་མི་རིགས་

པས་སྙམ་པ་ལ་སོགས་པས་ཀྱང་རིགས་པ་མ་ཡིན་ནོ་ཞེ་ན། ཡིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཀྱང་བེམས་པོ་ཉིད་ཡིན་པའི་ཕྱིར་གནོད་པར་བྱ་བ་མ་ཡིན་ནོ་ཞེ་ན། བདེན་ཏེ་ལུས་ལ་མངོན་པར་ཞེན་པས་ན་ཡིད་ནི་འདི་ལྟར་ལུས་ཡིན་ནོ། །ལུས་ལ་གནོད་པའི་ཕྱིར་ཡིད་

Vol. 106 · folio 44a

ལ་གནོད་པར་འགྱུར་བ་ཡིན་གྱི། གཞན་དགའ་བར་ནི་གཞོམ་པར་མི་ནུས་སོ་ཞེས་བསྟན་ཏོ། །སེམས་དང་བཅས་པའི་སྡུག་བསྔལ་གྱིས་གནོད་ནུས་པར་འགྱུར་གྱི། བརྙས་པ་ལ་སོགས་པའི་ཡོན་ཏན་གྱིས་ལུས་ལ་གནོད་པར་མི་འགྱུར་ན། ཡིད་

ལ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ཀྱེ་མ་ཡོན་ཏན་དེས། །སེམས་ཁྱོད་ཅིའི་ཕྱིར་རབ་ཏུ་ཁྲོ། །གལ་ཏེ་དེས་ན་ཁོ་བོ་ལ་འགའ་ཞིག་མ་དད་པའི་ཕྱིར་རོ་ཞེ་ན། གཞན་དག་བདག་ལ་མི་དགའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྙེད་པའི་ཞེས་བྱ་བ་ལ་སོགས་པ་འཚོ་བའི་བར་གྱི་

ཚུལ་ལོ། །འདོར་གྱིས་ཞེས་བྱ་བ་ནི་ལོག་པའི་འཚོ་བ་ཅན་རྙེད་པས་འཚོ་བའི་དོན་དུ་ཁྲོ་བ་འཇུག་པར་འགྱུར་གྱིའོ། །འཆི་བའི་དུས་དང་། ཡུན་རིང་དུ་འཚོ་བ་དང་། ཡུན་ཐུང་ངུར་འཚོ་བ་དག་ལས་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྨི་ལམ་ལོ་བརྒྱར་བདེ་མྱོང་

ནས། །སད་པར་གྱུར་པ་གང་ཡིན་དང་། །གཞན་ཞིག་ཡུད་ཙམ་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་པ། །སད་པ་དེ་དག་གཉི་ག་ལའང་། །རྨི་ལམ་ཉམས་སུ་མྱོང་བ་ཡི། །བདེ་བ་དེ་ནི་ཕྱིར་འོང་མེད་ཅིང་འབྱུང་བ་མེད་དོ། །ཚེ་རིང་ཚེ་ཐུང་གཉི་ག་ཡང་། །འཆི་

བའི་དུས་ན་དེ་འདྲར་ཟད། །ཅེས་བྱ་བ་སྨོས་ཏེ། དཔེར་ན་རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་དཔྱད་པ། །དེ་དེ་དྲན་པའི་སྤྱོད་ཡུལ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་རྙེད་པ་མང་པོ་ཐོབ་གྱུར་ཏེ།

ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ་བར་འགྱུར་ཏེ། དེ་ལྟར་འཇིག་རྟེན་ཕ་རོལ་དུ་འགྲོ་བར་འགྱུར་རོ། །གལ་ཏེ་བརྙས་པ་ལ་སོགས་པ་མེད་པའི་ཕྱིར་འཆི་བ་ན་སྡིག་པས་ངན་སོང་འགྲོ་བར་བྱེད་པས་འཚོ་བས་སྡིག་པ་

ཟད་པ་དང་བསོད་ནམས་བྱ་བ་ཡིན་ནོ་ཞེ་ན། །རྙེད་པའི་དོན་དུ་ཁྲོས་གྱུར་ན། །བསོད་ནམས་ཟད་སྡིག་མི་འགྱུར་རམ། །དེ་བས་ན་གང་གི་དོན་དུ་བདག་གསོན་པ། །བསོད་ནམས་དེ་ཉིད་གལ་ཏེ་མེད་གྱུར་ན། །སྡིག་པ་འབའ་ཞིག་བྱེད་པ་ཡི། །གསོན་པས་དེ་ཀོ་ཅི་ཞིག་བྱའོ། །

Vol. 106 · folio 44b

བརྙས་པ་ལ་སོགས་པ་བྱེད་པ་རྙེད་པའི་བར་ཆད་བྱེད་པ་ཡིན་ན་ཡང་ཁྲོ་བར་རིགས་པ་མ་ཡིན་པ་དེ་ལྟར་ན་རིགས་པའི་ཚུལ་ནི། གལ་ཏེ་བརྟན་པ་ཉམས་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། མི་སྙན་པར་ཞེས་བྱ་བ་ནི་བརྙས་པ་ལ་སོགས་པས་དངོས་པོར་སྨྲ་བ་དང་བྱེད་པའི་ཚུལ་གང་

ལ་ཡོད་པ་དེ་ནི་མི་སྙན་སྨྲ་བར་ཁྲོ་ཞེ་ན། སེམས་ཁྱོད་ཅིའི་ཕྱིར་མི་སྙན་པར་སྨྲ་བ་དེ་འཇོམས་པར་བྱེད། གལ་ཏེ་རྙེད་པ་དང་བདེ་བ་ལས་ཉམས་པ་ཡིན་ནོ་ཞེ་ན། སྔན་ཆད་གྲགས་མིན་སྨྲ་བ་ལ་ཡང་མི་སྙན་པར་སྨྲ་བ་ལ། ཡིད་ཁྱོད་ཅིའི་ཕྱིར་ཁྲོ་མི་སྐྱེ། །གང་ནི་སྙན་པར་སྨྲ་བ་ཡིན་པ་དེ་ལ་

ཁྱོད་ཁྲོ་བར་བྱ་བ་ཡིན་ཏེ། དཔེར་ན་བདག་ལ་མི་སྙན་པར་སྨྲ་བ་ལྟ་བུའོ། །གཞན་གྲགས་པ་མ་ཡིན་པ་བྱེད་པ་ཡང་མི་སྙན་པར་སྨྲ་བ་ཡིན་ནོ། །འོན་ཏེ་ལོག་པར་མི་སྙན་པར་སྨྲ་བ་དེ་ལྟར་ན་མ་དད་པ་གཞན་ལ་རག་ལས་པས་གཞན་གྲགས་པ་མ་ཡིན་པ་བྱེད་པ། དད་པ་མེད་ལ་ཁྱོད་

བརྩེ་དང་། །གྲགས་པ་ལ་སོགས་པ་ལའོ། །གལ་ཏེ་དེ་ལྟ་ཡིན་ན། ཉོན་མོངས་སྐྱེ་ལ་རག་ལས་པའི། །མི་སྙན་སྨྲ་ལ་ཅིས་མི་བརྩེ། །ཕྱོགས་འདི་ཡང་རིགས་སོ་ཞེས་བསྟན་པར་འགྱུར་རོ། །གང་མ་དད་པ་གཞན་ལ་རག་ལས་པ་གང་ཡིན་པ་དེ་ལ་བཟོད་པ་ནི་དཔེར་ན་དད་པ་

མེད་པ་ལ་སོགས་པ་ལྟ་བུའོ། །མ་དད་པ་གཞན་ལ་རག་ལས་པ་ཡང་མི་སྙན་པར་སྨྲ་བ་ཡིན་ནོ། །དེ་ལྟར་ན་གནོད་པར་བྱེད་པ་བཟོད་པ་བསྟན་ནས། ཡིད་དུ་འོང་བ་ལ་གནོད་པ་བྱེད་པ་ལ་བཟོད་པ་བཤད་པའི་ཕྱིར། སྐུ་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

གཉེན་ནི་ཉེ་དུའོ། །སྔ་མའི་ཚུལ་གྱིས་སྔར་བཤད་པའི་ཚུལ་གྱིས་རྐྱེན་དེ་དག་ལས་ཉོན་མོངས་པའི་ཕྱོགས་གནོད་པ་བྱེད་པ། འབྱུང་བ་མཐོང་བས་ཁྲོ་བ་བཟློག །གནོད་པ་བྱེད་པ་དག་ལ་ཁྲོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གནོད་པ་ཡང་རྐྱེན་ལས་བྱུང་བ་ཡིན་

ནོ་ཞེས་བསྟན་པའི་ཕྱིར། ལུས་ཅན་རྣམས་ལ་སེམས་ཡོད་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་པར་བྱེད་པས་ན་སེམས་ཡོད་པའོ། །དེ་དང་སེམས་མེད་གཉི་ག་གནོད་བྱེད་ན། །བརྟེན་ནས་འབྱུང་བ་ཡིན་ཏེ། ལུས་ཅན་རྣམས་ཀྱི་སྒྲ་དང་། སེན་མོ་ལ་སོགས་པ་

Vol. 106 · folio 45a

དང་། སེམས་ཡོད་པ་དང་། སེམས་མེད་པ་གཉི་གས་གནོད་པར་བྱེད་པ་ནི་འདོད་པའི་ཁམས་ཀྱི་ལས་ལས་སྐྱེས་པ་ཉིད་ཀྱི་ཕྱིར། ངེས་པར་གདོན་མི་ཟ་བར་འབྱུང་བར་འགྱུར་རོ། །དེ་ཡང་སེམས་ཡོད་པ་སྟེ། ལུས་དང་སེམས་ལ་ཉམས་སུ་མྱོང་

བར་མཐོང་བ། དེ་བས་གནོད་པ་བཟོད་པར་གྱིས། །དེ་ལྟར་ནི་འགྱུར་མོད་ཀྱི། སེམས་མེད་པས་བྱས་པ་གཟོ་བར་བྱ་བ་ཡིན་ཏེ། དེ་དག་ལ་བློ་སྔོན་དུ་འགྲོ་བ་མེད་པ་ཉིད་ཀྱི་ཕྱིར་གནོད་པ་ཉིད་མེད་པའི་ཕྱིར་རོ། །སེམས་ཡོད་པ་ནི་སྐྱོན་མེད་པ་ཡིན་ན་ཡང་དེའི་བློ་སྔོན་དུ་བྱེད་

པས་གནོད་པ་བྱེད་པས་དེ་ལྟར་ན་དེ་དག་ལ་ཁྲོ་བར་བྱ་བ་ཡིན་ནོ་ཞེ་ན། ལ་ལ་རྨོངས་པས་ཉེས་པ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་གིས་གཞན་དག་ལ་གནོད་པར་བྱས་པ་ལ་རྨོངས་པའི་སྐྱོན་གྱིས་ཁྲོ་བ་ལ་སོགས་པ་འབྱུང་བ་ཡིན་པ་དེ་ལྟར་ན་གཅིག་དང་

གཞན་པ་དེ་དག་གི་ནང་ནས། དེ་ལ་སྐྱོན་མེད་གང་ཡིན་སྨོས། །གནོད་པ་བྱེད་པ་གང་ཞིག་ཡིན་སྨྲ་བར་བྱའོ། །བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བའི་གནོད་པ་བྱས་ཞེས་བཤད་པ་གང་ཡིན་པ་ལྟ་བུའོ། །དེ་ལ་གནས་སྐབས་འགའ་ཞིག་རྙེད་པ་ནི། གང་གིས་

གཞན་དག་གནོད་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚོགས་པ་ལ་ངེས་པའི་ལས་ནི་རྣམ་པ་གཉིས་ཏེ། བྱ་བ་དང་། འབྲས་བུ་ཡིན་པ་དེ་ལྟར་ན། ཐམས་ཅད་ལས་ལ་རག་ལས་ན། །ངས་འདི་ཅི་ཞིག་

གཞན་དུ་བྱེད། །ཚོགས་པ་ལ་ངེས་པ་ནི་རྣམ་པ་གཞན་དུ་བྱ་བར་མི་རུང་བའི་ཕྱིར་འཇིག་རྟེན་སྣ་ཚོགས་པ་ལས་ལས་སྐྱེས་པ་ཡིན་ནོ། །དེ་ལྟར་མཐོང་ནས་ཅི་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། །ཅི་ལྟར་འབད་རྩོལ་བྱ་ཞེ་ན། །དཔེར་ན་ཁྱིམ་ཚིག་གྱུར་

པའི་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབད་རྩོལ་བྱེད་པའི་ཚུལ་ཡིན་ནོ། །དངོས་པོ་གང་ལ་སེམས་ཆགས་ནས། །ཁང་པ་བཞིན་དུ་ཚིག་པ་ན། །རྩྭ་ལ་སོགས་པ་བཞིན་དུ་དེ་ནི་དེའི་མོད་ལ་དོར། །གང་གིས་ཤེ་ན། དེའི་ཡུལ་ལམ་མངོན་པར་འདོད་པ་ཡུལ་

Vol. 106 · folio 45b

གྱིས། ཞེ་སྡང་མེ་ནི་མཆེད་གྱུར་པ། །བསོད་ནམས་ཀྱི་བདག་ཉིད་ཅན་གྱི་སེམས་ཀྱི་ཁང་པ་ཚིག་པར་དོགས་པ་ཡིས་སོ། །དོར་བ་ན་སྡུག་བསྔལ་འབྱུང་བ་ནི་དགེ་བ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསད་པའི་མི་ཞིག་ལག་བཅད་དམ། །ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། དེ་ནི་བཟོད་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན། གལ་ཏེ་ད་ལྟའི་སྡུག་བསྔལ་འདི་ཙམ་ལའང་ཞེས་བྱ་བ་ལ་སོགས་པ་ནི་ལྕི་བ་དང་ཡང་བ་ལ་མ་རྨོངས་པའི་ཚུལ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་དེ་དག་ཉེ་བར་བཀོད་པ་ཡིན་ནོ། །དམྱལ་བའི་གནོད་པ་དྲག་

པོ་དེའི་རྒྱུ་ཁྲོ་བ་དང་། འཁྲུགས་པ་ཡིན་ཏེ། དེའི་དོན་འབྲས་བུ་མེད་པར་འགྱུར་རོ། །དམྱལ་བའི་སྡུག་བསྔལ་ཅི་ཙམ་པ་འདོད་པའི་དངོས་པོ་དོར་བ་ལས་སྐྱེས་པའི་སྡུག་བསྔལ་འདི་ནི་དེ་ཙམ་གནོད་མིན་ལ། འདི་ནི་བྱང་ཆུབ་ཀྱིས་གཟུང་བ་ཉིད་གང་ཡིན་པ་དེའི་ཕྱིར། དོན་

ཆེན་དག་ཀྱང་བྱེད་འགྱུར་བས། །དེ་ཕྱིར་འགྲོ་བའི་གནོད་སེལ་སྡུག་བསྔལ་ལ། །དགའ་བ་འབའ་ཞིག་འདིར་ནི་བྱ་རིགས་སོ། །དེ་ལྟར་ཡིད་དུ་འོང་བ་འམ་བདག་ལ་སྡུག་བསྔལ་དང་བརྙས་པ་ལ་སོགས་པའི་བཟོད་པ་བསྟན་ནས། འགྲོ་བའི་བདེ་བ་ལ་སོགས་པ་

མཐོང་བ་དང་མ་མཐོང་བ་ལ་སོགས་པའི་བཟོད་པ་ནི། གཞན་གྱིས་ཡོན་ཏན་ལྡན་བསྟོད་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་གྱིས་བསྐྱེད་ཅིང་སྟོབས་དང་ལྡན་པར་དགྲ་བོ་བསྟོད་པ་དང་། ཕྲག་དོག་གིས་ཅིའི་ཕྱིར་དེ་དག་དགའ་མི་བྱེད། ཁྱོད་ཀྱི་དགའ་བའི་

བདེ་བ་འདི། །བདེ་འབྱུང་ཁ་ན་མ་ཐོ་མེད། །ཉམ་ང་བ་ན་རང་དང་གཞན་ལ་འདི་ལས་བདེ་བ་འབྱུང་བས་ན་བདེ་བ་འབྱུང་ངོ་། །དགྲའི་ཐར་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པའོ། །བྱང་ཆུབ་སེམས་ཀྱིས་ཡང་དག་པར་ཟིན་པ་ཉིད་ཀྱི་ཕྱིར་སངས་རྒྱས་ལ་སོགས་པ་

ཡོན་ཏན་དང་ལྡན་པ་རྣམས་ཀྱིས་གནང་ངོ་། །བདེ་བ་ལས་ཐར་པའི་དོན་མ་ཡིན་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱིས་མ་གནང་བ་ཡིན་ལ། འདི་ནི་མ་ཡིན་པ་དེའི་ཕྱིར། གཞན་སྡུད་པ་ཡི་མཆོག་ཀྱང་ཡིན། །དགྲ་བོ་དེ་ཉིད་ལ་བདེ་བ་དང་དགའ་བ་སྐྱེས་པ་འདི་ཡང་དེའི་ཚེ་

Vol. 106 · folio 46a

དེའི་ཡོན་ཏན་བསགས་པ་ཉིད་ཡིན་པའི་ཕྱིར་དེ་ལྟར་བདེ་འགྱུར་ཞེས། གལ་ཏེ་ཁྱོད་བདེ་མི་འདོད་པའོ། །འོན་ཏེ་དེ་ལྟར་བྲན་ལ་གླ་བྱིན་པ་ལ་སོགས་པར་མི་འགྱུར་ཞིང་དེས་བསགས་པའི་ནོར་དང་། ཁྲུས་དང་། དྲིལ་ཕྱིས་དང་། ཡན་ལག་གི་བསྐུ་མཉེ་

ལ་སོགས་པའི་བདེ་བ་ཉིད་ཀྱི་ཡིན་ལ། དེའི་ཕྱིར་སྤོངས་པ་དང་གླ་རྔན་ལ་སོགས་ཀྱིས་འདི་རང་གཞན་གྱི་བདེ་བ་འབྲས་བུ་མཐོང་དང་མ་མཐོང་བ་ཉམས་ཤིང་ཞིག་པར་འགྱུར་ཏེ། གླ་རྔན་མེད་པར་གླ་པ་ལས་བྱེད་པ་ལ་གླའི་དོན་དུ་དེ་མེད་པ་ཡིན་པ་ལས་སྡིག་པར་འགྱུར་བའི་ཕྱིར་

རོ། །གཞན་ཡང་། རང་གི་ཡོན་ཏན་བརྗོད་པའི་ཚེ། །བདག་གི་ཡོན་ཏན་བརྗོད་པ་ན། །གཞན་གྱི་བདེ་བ་ནི་གཞན་ལ་བདེ་བ་སྟེ། དེ་ཡང་འདོད་པར་བྱེད། གཞན་གྱི་ཡོན་ཏན་བརྗོད་པའི་ཚེ། །རང་ལའང་བདེ་བ་མི་འདོད་དེ། །དེ་ནི་ལེགས་པ་མ་ཡིན་ནོ་ཞེས་བསྟན་པར་

འགྱུར་རོ། །དེ་ཉིད་ཀྱི་ཕྱིར། སེམས་ཅན་ཐམས་ཅད་བདེར་འདོད་པས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟོད་པའི་ཡུལ་གྱིས་ཕྲག་དོག་ལ་བཟོད་པ་བཤད་ནས། རྙེད་པ་དང་བཀུར་སྟིའི་ཡུལ་གྱིས་ཕྲག་དོག་བསྟན་པའི་ཕྱིར། འཇིག་རྟེན་གསུམ་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། སེམས་ཅན་དེ་དག་གི་བསྙེན་བཀུར་ངན་ངོན་ཙམ་སྟེ། ཉུང་ཟད་ཙམ་མཐོང་ནས། ཅིའི་ཕྱིར་དེ་ལ་གདུང་བར་བྱེད། གལ་ཏེ་འགའ་ཞིག་ཁྱོད་ལ་གནོད་པ་བྱེད་པ་དེ་ལ་ཡང་ཁྱོད་ཀྱིས་དེ་གསོ་བར་བྱ་བ་ཡིན་ཏེ། འགྲོ་བ་ཐམས་ཅད་ནི་སྐལ་བ་ཆུང་བ་བཞིན་

དུ་སྡུག་པ་ཉིད་ཡིན་པའི་ཕྱིར་རོ། །གསོ་བྱ་གང་ཞིག་ཁྱོད་གསོ་བ། །ཁྱོད་ཉིད་ཀྱིས་ནི་སྦྱིན་བྱ་སྟེ། །དེ་ཅི་གཉེན་གྱིས་འཚོ་བ་རྙེད་འགྱུར་ན། །དགར་མི་འགྱུར་བར་སླར་ཁྲོ་འམ། །དེ་དེ་ལྟར་ནི་འགྱུར་མོད་ཀྱི། ཐམས་ཅད་བྱང་ཆུབ་ནི་འདོད་པ་ཡིན་གྱི་དགྲ་ལ་བདེ་བ་མ་ཡིན་ནོ་

ཞེ་ན། དེ་ཅི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འགྲོ་ལ་ཞེས་བྱ་བ་ནི་དགྲ་བོ་དག་ལ་ཡང་ངོ་། །དེས་ཞེས་བྱ་བ་ནི་དགྲ་བོས་སོ། །དེང་ཞེས་བྱ་བ་ནི་དེ་སྦྱིན་པར་བྱ་བའི་དངོས་པོའོ། །དངོས་པོ་དེ་དང་བསོད་ནམས་ལ་སོགས་པ་དག་གིས་རྙེད་པར་འགྱུར་རོ། །དེ་དག་མི་ཁྲོ་བའི་དོན་

Vol. 106 · folio 46b

དུ་བཟློག་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར། བསོད་ནམས་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསོད་ནམས་ནི་སྐྱེ་བ་སྔ་མ་ལ་བྱས་པའི་དགེ་བའོ། །དད་པ་ནི་སྦྱིན་པ་སྦྱིན་པར་བྱེད་པའོ། །ཡོན་ཏན་ནི་ཚེ་འདིའི་བཟོ་ལ་སོགས་པ་ལུང་དུ་མ་བསྟན་པ་ལ་སོགས་པའི་རང་གི་ཡོན་

ཏན་ཅི་ཕྱིར་འདོར། །རྙེད་པ་འགྱུར་བ་མི་འཛིན་ལ། །གང་གིས་ཁྲོ་བར་མི་བྱེད་སྨྲོས། །ངའི་རྙེད་པ་ལས་ཁྲོ་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། ཁྱོད་ནི་རང་གི་སྡིག་བྱས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསོད་ནམས་ལ་ཕྱོགས་པ་དགེ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །

གཞན་ཡང་བདག་ཡིད་སྨོན་པ་ཙམ་གྱིས་དགྲ་བོ་མི་དགའ་བ་སྐྱེ་བ་ན་བདག་དགའ་བར་འགྱུར་རོ་ཞེ་ན། གལ་ཏེ་དགྲ་ཞིག་མི་དགའ་ནའང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྣམ་པ་འགའ་ཞིག་གིས་དགྲ་བོ་མི་དགའ་བར་གྱུར་པ་ན་དེ་ལ་ཁྱོད་དགའ་སྟེ། ཁྱོད་དགའ་

བའི་རྒྱུ་མཚན་ཁྱོད་ཀྱི་ཡིད་སྨོན་ཙམ་ཡིན་པར་འགྱུར་བ་དེ་ལྟར་ན་ཡང་དེ་ལ་ཁྱོད་དགར་ཅི་ཞིག་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱི་ཡིད་སྨོན་ཙམ་གྱིས་ནི། །དེ་ལ་གནོད་པའི་རྒྱུར་མི་འགྱུར་རོ། །དེ་ལྟར་རྒྱུ་ལ་རག་ལུས་པའི་ཚུལ་བཤད་ནས། དོན་མེད་པ་ཉིད་ཀྱི་ཚུལ་

ཁྱོད་ཀྱི་འདོད་པས་སྡུག་བསྔལ་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཁྱོད་ཀྱི་འདོད་པ་ཡང་དགྲ་བོའི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དེའི་ཚེ། ཁྱོད་ཀྱི་འདོད་པས་སྡུག་བསྔལ་དེ། །གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། །གལ་ཏེ་འཚེངས་པར་འགྱུར་ཞེ་ན། དེ་ལྟར་

བདེ་བའམ་གཞན་ཡང་རུང་། །དེ་ལས་ཕུང་བའང་གཞན་ཅི་ཡོད། །དེའི་སྡུག་བསྔལ་ཡོད་ན་བདེ་བའམ་དོན་གཞན་དུ་འགྱུར་ན་ངེས་པར་དོན་ཆེན་པོ་བྱེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་

ཕྱིར་སྡུག་བསྔལ་དེ་ཡོད་ན། ཉོན་མོངས་ཉ་པས་བཏབ་པ་ཡི། །ཞེས་བྱ་བ་ནི་མཆིལ་པ་དང་འཚེ་བས་ཉེ་བ་སྟེ། རིགས་ངན་ལ་སོགས་པའོ། །སེམས་ཀུན་ནས་ཉོན་མོངས་པར་བྱེད་པས་ན། ཀུན་ནས་ཉོན་མོངས་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་

Vol. 106 · folio 47a

མཆིལ་པ་བཞིན་དུ་བཏབ་པས་ན་ཉོན་མོངས་ཉ་པས་བཏབ་པའོ། །བདེ་བའི་མཆིལ་པ་སྟེ། གནོད་པའི་དོན་གྱི་ཟང་ཟིང་དེ་དང་འདྲ་བར་རོ། །མི་བཟད་པ་ནི་དྲག་པ་སྟེ། འདི་ལྟར་དམྱལ་བའི་སྲུང་མས་ཁྱོད། །དམྱལ་བ་བཞིན་དུ་ཉོན་མོངས་པའི་

མཆིལ་པ་དང་། བདེ་འགྲོའི་ཆུ་བོ་ལས་ཕྱུང་ནས། སྲིད་པ་བར་དོའི་སྐམ་སར་ཁྲིད་དོ། །སེམས་དམྱལ་བུམ་པ་ཡང་སྟེ། ཏིལ་མར་གྱིས་བཀང་བའི་ཟངས་ཆེན་ཤིན་ཏུ་ཁོལ་བ་དེ་དག་གི་ནང་དུའོ། །དམྱལ་བའི་སྲུང་མས་བདག་འཚེད་དེས། །ངེས་པར་སྲེག་པར་འགྱུར་རོ། །

བསྟོད་པ་ལ་སོགས་པ་ཡང་འབྲས་བུ་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། བསྟོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དོན་ཤེས་པ་ནི་རང་གི་དོན་ཡིན་ལ། དེ་ནི་བློ་དང་ལྡན་པ་མཁས་པ་གཞན་གྱི་དོན་ཉིད་རང་གི་དོན་ཉིད་ཡིན་ནོ། །དེ་དག་གིས་རང་གི་དོན་ཤེས་པ་བློ་དང་ལྡན་པ་མ་

ཡིན་པའི་ཡིད་བདེ་བར་འགྱུར་རོ་ཞེ་ན། ཡིད་བདེ་འབའ་ཞིག་འདོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟོད་པ་ལ་སོགས་པ་བདག་གིས་བྱ་བ་ཙམ་ཡང་བསྟོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་གྲགས་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཚིག་འབྲུ་ནི་གྲགས་

པའི་ཐ་ཚིག་གོ། །བསྟོད་པ་ལ་སོགས་པ་བཅོམ་པ་ན་བྱིས་པའི་སྤྱོད་པའི་ཚུལ་གྱིས་མི་བཟོད་པ་ནི། དཔེར་ན་བྱེ་མའི་ཁང་བུ་རྡིབ་པ་ན་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་རེ་ཞིག་སྒྲ་ལ་ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་གི་སྒྲ་ནི་ལུས་དང་སེམས་ལ་ལྟོས་པ་ཡིན་ནོ། །ལུས་ནི་རྡོས་

པ་ཅན་ཡིན་ན་ཡང་བེམས་པོ་ཡིན་པས་ན་བསྟོད་པ་མ་ཡིན་ནོ། །ཡིད་ནི་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་དང་བྱེད་པ་པོ་ཉིད་དུ་མི་རུང་བའི་ཕྱིར་རོ། །འོ་ན་གང་ལས་བདག་ལ་བསྟོད་དོ་ཞེས་བྱ་བའི་དགའ་བ་རང་ལ་སྐྱེ་བར་འགྱུར་ཞེ་ན། བདག་ལ་གཞན་དགའ་ཞེས་གྲགས་པ། །

ཞེས་བྱ་བ་སྨོས་ཏེ། དགའ་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་དེ་ནི་བཏགས་པ་ཙམ་ཡིན་ནོ། །གཞན་གྱི་དགའ་བ་མེད་པ་ཡང་དགྲ་ཡོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ནམ་ཡང་ན་བདག་ལའང་རུང་། །ཞེས་བྱ་བ་སྨོས་ཏེ། ཅི་ཞིག་ཅེས་བྱ་བ་མངོན་པར་འདོད་པ་མ་ཡིན་ནོ། །བདག་

Vol. 106 · folio 47b

ལ་གཞན་གྱི་དགའ་བ་ཡོད་ན་ཡང་དེ་བདག་ལ་ཕན་པའི་མ་ཡིན་ནོ། །གང་གི་ཕྱིར་གཞན་དེ་དགྲ་བོའམ། བདག་ལ་གཞན་གྱི་བསྟོད་པ་དང་འབྲེལ་པ་གཞན་གྱི་དགའ་བས་བདག་ལ་འབྲས་བུ་ཅི་ཞིག་ཏུ་འགྱུར་ཞེས་བསྟན་པའི་ཕྱིར། དགའ་བདེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་

ཀྱི་སྟེ་བསྟོད་པ་བྱེད་པ་ཉིད་ཀྱིའོ། །བདག་གིས་དེ་ལས་ཤས་མི་འཐོབ། །བདེ་བ་ནི་རང་གི་ཡིན་པའི་ཕྱིར་དང་། གཟུགས་ཅན་མ་ཡིན་པ་ཉིད་ཀྱིས་བགོ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གཞན་བསྟོད་པ་བྱེད་པའི་དགའ་བ་དེ་ལ་བརྟེན་ནས་བདག་ཀྱང་དགའ་བར་འགྱུར་རོ་ཞེ་ན། བདག་བདེ་

བ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ལའང་སྟེ་གཞན་དག་ལའང་བདེ་བ་དེ་ཡོད་པར་འགྱུར་ན། དེ་བདེ་བ་ཡིས་བདག་ལ་བདེ་བར་འགྱུར། །ཅི་ཕྱིར་གཞན་ལ་དགའ་བ་ཡིས། །ཁྲོ་བའི་དགྲ་ལ་དགའ་བ་བས། །གཞན་དག་བདེ་བར་འགྱུར་བ་ལ། །དེ་བདེ་འགྱུར་བར་

བདག་མི་བདེར། །དེ་བས་བདག་ནི་བསྟོད་དོ་ཞེས་བྱ་བ་འདི་ལྟ་བུ་ནི་ལོག་པའི་རྟོག་པ་ཙམ་ཉིད་ཡིན་པའི་ཕྱིར་ངའོ་སྙམ་པའི་ང་རྒྱལ་གྱིས་གཟུང་བའི་སེམས་ཀྱི་རྒྱུད་སྐྱེ་བར་འགྱུར་རོ། །དེ་ཡང་དེ་ལྟར་གཞན་གྱི་དགའ་བ་དང་བདག་འབྲེལ་མེད་ཕྱིར། བྱིས་པའི་སྤྱོད་པ་ཁོ་ནར་ཟད་དོ། །

ཕན་འདོགས་པར་བྱེད་པའི་ཚུལ་གྱིས་དགྲ་བོ་དག་ལ་སྡང་བར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསྟོད་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཡེངས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་གཡེངས་པར་བྱེད་པའོ། །དེས་ནི་སྐྱོ་བའང་འཇིག་པར་བྱེད། །བདག་ཡོན་ཏན་

ལྡན་ལ་ཕྲག་དོག་དང་སྟེ། སྦྱིན་པར་མི་འདོད་པ་ཉིད་དུ་བྱེད་པའོ། །བདག་ལ་བྱིན་པ་དེ་དག་ལ་བྱིན་ཞིང་གཞན་གྱིས་ཀྱང་དེ་དག་བསྟོད་པ་སྦྱིན་པ་ལ་སོགས་པ་ནི་ཕུན་སུམ་ཚོགས་པའོ། །དེ་དག་ལ་བདག་ཁྲོ་བར་ནི་ཕུན་སུམ་ཚོགས་པ་ཡང་འགྲོ་བ་སྟེ། བསྟོད་པ་ལ་སོགས་

པ་དེས་དེ་ཡང་ཁྲོ་བར་བྱེད་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་བསྟོད་པ་དག་ལ་སོགས། གཞོམ་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནི་རྟོགས་པར་སླའོ། །སྡུག་བསྔལ་འཇུག་འདོད་ལ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ཉིད་ཅེས་

Vol. 106 · folio 48a

ངེས་པར་གཟུང་བར་བྱ་བའི་ཕྱིར། མནར་མེད་པར་སྐྱེ་བ་ལེན་པ་ལ་སོགས་པའི་སྒོ་ནས་ཞུགས་པར་འདོད་པ་ལ། གང་དག་སྒོ་འཕར་ཉིད་གྱུར་པ་སྟེ། བསྟོད་པ་ལ་སོགས་པ་གཞོམ་པའི་ཕྱིར་ཉེ་བར་གནས་པའོ། །བསོད་ནམས་ཀྱི་གེགས་བྱེད་ན་

ཡང་གེགས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ནི་བསོད་ནམས་ཞེས་བྱ་བ་ལ་སོགས་པ་སྨོས་ལ། བཟོད་མཚུངས་དཀའ་ཐུབ་ཡོད་མིན་ཏེ། །བསོད་ནམས་ཡོད་པ་མ་ཡིན་ནོ། །དེ་དང་དེར་དམ་པ་རྣམས་ཀྱིས་གསུངས་པ་གང་ཡིན་པ། དེ་ལ་བདག་ནི་མི་གནས་

སམ། །གལ་ཏེ་བདག་ནི་ཞེས་བྱ་བ་ལ་སོགས་པ་ལ། བསོད་ནམས་རྒྱུ་ནི་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་གེགས་བྱེད་པ་ཡིན་ཡང་བཟོད་པའི་རྒྱུ་ཡིན་ནོ། །གཞན་ལ་ཕན་པ་བྱེད་པའི་རྒྱུ་ནི་དགྲ་ཉིད་དོ་ཞེས་བསྟན་པའི་ཕྱིར། གང་ཞིག་གང་མེད་མི་

འབྱུང་ལ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་དེ་ཡི་རྒྱུ་ཡིན་པ། །ཞེས་བྱ་བ་ནི་ཅི་ལྟར་མེས་བསྲེགས་པ་ཉིད་ཀྱིས་ཡིན་པ་དེ་ལྟར་བཟོད་པའི་དགྲ་ཡིན་ན་ཇི་ལྟར་དེ་ལ་སྟེ། རྒྱུ་ལ་གེགས་ཞེས་བྱ། ཇི་ལྟར་མ་ཡིན་ཞེ་ན། དུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཡང་

འདོད་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཇིག་རྟེན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོང་དུ་ཆུད་པར་སླའོ། །མཆོད་པར་བྱ་བ་ཉིད་ཀྱི་ཚུལ་ནི། འདི་དང་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སྤྱོད་པའི་གྲོགས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར།

དགྲ་བོ་འདི་དང་བདག་གིས་བསྒྲུབས་པས་ན། དེའི་ཕྱིར་དགྲ་བོ་དེ་ལ་བཟོད་པ་དེའི་འོ། །དེའི་འབྲས་བུ་ནི་དམ་པའི་ཆོས་ཀྱི་བདུད་རྩིའོ། །སྤྱོད་པའི་གནས་སྐབས་སུ་སེམས་ཅན་ཐམས་ཅད་ལ་མོས་པ་ཙམ་དུ་བྱིན་དུ་ཟིན་ཀྱང་འབྲས་བུའི་གནས་སྐབས་སུ་ཡང་ཆེས་ཤིན་ཏུ་གསལ་བར་བྱས་ལ་

དང་པོ་དེ་ཉིད་ལ་སྦྱིན་པར་བྱའོ། །དེ་སྔོན་དུ་སོང་བ་ཅན་ནི་དགྲ་བོའི་རྒྱུ་ཅན་ཡིན་ནོ། །གྲུབ་པའི་རྒྱུར་རུང་བ་དང་ཞེས་བྱ་བའི་ཚིག་གཉིས་གསུངས་པ་ནི། བཟོད་པ་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དུ་སྨན་པ་བཞིན་དུ་ཕན་བརྩོན་ན། །ཞེས་བྱ་བ་ནི་གལ་ཏེ་གནོད་

Vol. 106 · folio 48b

པའི་བསམ་པ་མེད་པར་འགྱུར་བ་དེའི་ཚེ་སྨན་པ་བཞིན་ཏེ། སྨན་པ་བཞིན་དུ་ཕན་པ་ལ་བརྩོན་པ་ཡིན་ན་གནོད་པ་བྱེད་པ་མ་ཡིན་པ་ལ་བདག་གིས་བཟོད་པའང་ཅི་ལྟར་འགྲུབ། དེ་བས་ན་དགྲ་བོ་དེའི་རབ་ཏུ་སྡང་སེམས་ལ། བརྟེན་ནས་བཟོད་པ་སྐྱེ་བས་དེ་ཕྱིར་དེ་ནི་བཟོད་པའི་རྒྱུ་

ཡིན་པས་ན་བཟོད་པ་བསྒྲུབ་པའི་བསམ་པ་མེད་ན་ཡང་བདག་གི་དམ་པའི་ཆོས་བཞིན་མཆོད་པར་འོས་པ་དམ་པའི་ཆོས་ཞེས་བྱ་བ་ནི། འདིར་དགྲའི་བདག་ཉིད་ཅན་གྱི་ལུས་སེམས་མེད་པ་ཡིན་ན་ཡང་བརྙས་པ་ལ་སོགས་པ་ན་བཟོད་པའི་རྒྱུ་ཡིན་པ་དེའི་ཕྱིར། ཇི་ལྟར་

བཟོད་པ་འགྲུབ་པའི་རྒྱུ་ཡིན་པས་དམ་པའི་ཆོས་ཡང་དག་པར་མཆོད་པ་བཞིན་དུ་དགྲ་བོ་ཡང་བཟོད་པ་འགྲུབ་པའི་རྒྱུ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱང་རྒྱལ་བ་བཞིན་དུ་མཆོད་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་

ཅན་ནི་རྒྱལ་བའི་ཞིང་སྟེ། སྐྱེ་བའི་གནས་ཡིན་ནོ། །སེམས་ཅན་ཞིང་ནི་དེ་སྔོན་དུ་སོང་བ་ཅན་གྱི་རྒྱལ་བ་རྣམས་ཏེ། སེམས་ཅན་རྣམས་ཀྱི་འབྲུའི་ས་གཞི་ཐུབ་པས་གསུངས་སོ། །ཅིའི་ཕྱིར་ཞེ་ན། འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡང་སེམས་ཅན་

རྣམས་ཏེ། སེམས་ཅན་གྱི་ཞིང་གི་དབང་དུ་བྱས་པ་དང་། རྒྱལ་བ་ལས་ཏེ། རྒྱལ་བའི་དབང་དུ་བྱས་པ་ལས་སོ། །སངས་རྒྱས་ཆོས་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་འབྲས་བུ་འགྲུབ་ཅིང་འོངས་པ། སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱ་དེ་བཞིན་

དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཇི་ལྟར་ན་རིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི་སེམས་ཅན་བསམ་པ་ཞན་པའི་ཕྱིར་གུས་པར་བྱ་བ་མ་ཡིན་ནོ་ཞེ་ན། བསམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐོབ་པའོ། །འབྲས་བུ་རྒྱལ་བ་དང་

མཚུངས་པ་དང་། སེམས་ཅན་རྣམས་ལའང་ཡོན་ཏན་ཡོད། །རྒྱུ་དེའི་ཕྱིར་སེམས་ཅན་རྣམས་དང་མཉམ་པ་ཡིན་ནོ། །གཞན་ཡང་བྱམས་སེམས་ལྡན་ལ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་དག་མེད་པར་བྱམས་པ་མེད་ཅིང་། སངས་རྒྱས་མེད་པར་ཡང་བསོད་ནམས་ཡོད་པ་

Vol. 106 · folio 49a

མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་སངས་རྒྱས་ཀྱི་ཆོས་འདི་ལས་འབྱུང་ཞིང་འགྲུབ་པས་ན། སངས་རྒྱས་ཆོས་འགྲུབ་ཆ་ཡོད་པ་སྟེ། རྒྱུ་དང་རྐྱེན་གྱི་ཚོགས་དེའི་ཆ་ན་སེམས་ཅན་ཡོད་པ་སངས་རྒྱས་ཀྱི་ཆོས་འགྲུབ་པའི་ཆ་དེས་ནི་དེ་དག་མཉམ་པར་འདོད་

ཀྱི། སངས་རྒྱས་དང་འགའ་མི་མཉམ། ཇི་ལྟ་བུར་གྱུར་པ་དག་དང་ཞེ་ན། ཡོན་ཏན་རྒྱ་མཚོ་མཐའ་ཡས་པ་སྟེ། ཡོན་ཏན་རྒྱ་མཚོ་གང་ལ་གྲངས་དང་མཐུ་དག་གི་ཆ་མཐའ་ཡས་པ་མངའ་བའི་ཡོན་ཏན་རྒྱ་མཚོ་སྟེ། སྟོབས་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དག་གིས་ཉེ་བར་མཚོན་པ་

རྣམས་དེ་ལྟ་བུར་གྱུར་པའིའོ། །ཡོན་ཏན་མཆོག་ཚོགས་གཅིག་པུ་སྟེ། གང་དག་ལ་ཚོགས་གཉིས་ཚད་མེད་པ་མངའ་བ་དེ་དག་ནི། ཡོན་ཏན་མཆོག་ཚོགས་གཅིག་པུའོ། །ཡོན་ཏན་ཤས་ཆུང་བ་དང་འདྲ་བ་ནི་ཡོན་ཏན་ཤས་ཙམ་སྟེ། དེ་ཡང་སེམས་ཅན་འགའ་ཞིག་ལ། །

སྣང་བའང་དེ་ལ་མཆོད་དོན་དུ། །ཁམས་གསུམ་ཕུལ་ཡང་ཆུངས་པར་འགྱུར། །འོ་ན་ཇི་ལྟར་ན་སེམས་ཅན་ལ་མཆོད་པ་བྱས་པ་ཡིན་ཞེ་ན། སངས་རྒྱས་ཆོས་མཆོག་སྐྱེ་བའི་ཤས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་ཞེས་བྱ་བ་ནི་ལན་དུ་ཕན་པ་བྱེད་

པའི་ཚུལ་ཡིན་ནོ། །གཡོ་མེད་གཉེན་འགྱུར་ཞིང་། གཡོ་མེད་པའི་གཉེན་རྣམས་སེམས་ཅན་དག་ལ་ཕན་པ་དཔག་ཏུ་མེད་པ་མཛད་པ་གང་ལ་མངའ་བ་དེ་དག་ནི། ཕན་པ་དཔག་མེད་མཛད་རྣམས་ལ་སྟེ། སངས་རྒྱས་རྣམས་ལ། སེམས་ཅན་མགུ་བར་བྱ་བ་མ་གཏོགས་པ།

གཞན་གང་ཞིག་གིས་ལན་ལོན་འགྱུར། །ཞེས་བྱ་བ་ལན་ལྡོན་པ་ནི་ལན་དུ་ཕན་འདོགས་པར་བྱེད་པ་སྟེ། སེམས་ཅན་མགུ་བར་བྱ་བ་ཉིད་ལས་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་དག་སེམས་ཅན་ཉིད་དེ་ཤིན་ཏུ་སྡུག་པ་ཉིད་ཡིན་པའི་ཕྱིར། གང་ཕྱིར་སྐུ་གཏོང་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ནི་སེམས་ཅན་གྱི་དོན་གྱི་ཕྱིར་རོ། །སེམས་ཅན་འདི་དག་གནོད་ཆེན་བྱེད་པ་ན། །ཐམས་ཅད་བཟང་དགུ་ཞིག་ཏུ་སྤྱད་པ་ན། །རེ་ཞིག་བདག་གི་རྗེར་གྱུར་ཉིད་ཀྱང་ནི། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱང་ནི། གང་ཕྱིར་ནི་

Vol. 106 · folio 49b

གང་དག་གི་དོན་དུའོ། །སེམས་ཅན་དེ་དག་ལ་དགྱེས་ཤིང་སྟེ། དགྱེས་པ་མཉེས་པར་གྱུར་པའོ། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །ལུས་ཀུན་ནས་ཚིག་པར་གྱུར་པ་འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བའོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་

སླའོ། །བྲན་དུ་སྡེ་བྲན་ཉིད་དུ་མཆི་སྟེ། དེ་དག་ནི་སེམས་ཅན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ལྟར་ན་དེ་དག་གིས་སེམས་ཅན་རྣམས་བདག་གིར་མཛད་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་ཅེས་བྱ་བ་ནི་དགྱེས་པར་བྱེད་པ་ཉིད་དོ། །འདི་ལ་སྟོབས་ཀྱི་ཚུལ་ནི་དཔེར་ན་རྒྱལ་པོ་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། སྐྱེ་བོ་མང་ལ་གནོད་བྱེད་ཀྱང་། །སྐྱེ་བོ་མིག་རྒྱང་རིང་པོ་དག་དུས་རིང་པོར་མཐོང་བ་ལ་ཞེས་བྱ་བའི་ཐ་ཚིག་གོ། །ནུས་ཀྱང་ཕྱིར་གནོད་མི་བྱེད་དེ། །རྣམ་པར་འགྱུར་བ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་རྒྱལ་པོའི་སྐྱེས་

བུའོ། །ཅིའི་ཕྱིར་ཁྱད་དུ་གསད་པར་མི་བྱ་བ་ཡིན་ཞེ་ན། འདི་ལྟར་དམྱལ་བའི་སྲུང་མ་དང་། །ཐུགས་རྗེ་ལྡན་རྣམས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །ཁྱད་དུ་བསད་པ་དེའི་དཔུང་ནི་དེའི་སྟོབས་ཡིན་ནོ། །སེམས་ཅན་ནི་རྒྱལ་པོ་གཏུམ་པོ་དག་པས་ཀྱང་། །ཚར་

གཅོད་པ་དང་ཕན་འདོགས་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒྱལ་པོ་ལྟ་ཞིག་ཁྲོས་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཡིན་པ་ཞེས་བྱ་བ་ནི་སྡུག་བསྔལ་ལོ། །རྒྱལ་པོ་ལྟ་ཞིག་མགུ་ན་ཡང་། །ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །ཕན་ཡོན་

བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་བྱུང་བ་ཡིན་པས་ན་བྱུང་སྟེ། སེམས་ཅན་མགུ་ལས་བྱུང་བ་ཡི། །རེ་ཞིག་བཟོད་པའི་འབྲས་བུ་ནི། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག །མ་འོངས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུའོ། །

ཚེ་འདི་ཉིད་ལ་དཔལ་ཆེ་བ་ལ་སོགས་པའི་འབྲས་བུ་ཅིས་མ་མཐོང་ངོ་། །སངས་རྒྱས་ཉིད་ལས་སྔར་ཡང་མཛེས་པ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ་ལེའུ་དྲུག་པའོ།། །།

Vol. 106 · folio 50a

དེ་ལྟར་བཟོད་པས་ཅི་ཞིག་བྱ་ཞེ་ན། དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་བཤད་པའི་བཟོད་པའི་ཚུལ་གང་ལ་ཡོད་པ་དེ་ནི། དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམས་ཏེ། བརྩོན་འགྲུས་ནི་དགའ་

བར་བྱང་ཆུབ་པའི་ཕྱིར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །དེ་ཅིའི་ཕྱིར་ཞེ་ན། རླུང་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རླུང་མེད་གཡོ་བ་མེད་པ་བཞིན། །རླུང་ནི་སྐྱོད་པར་བྱེད་པའི་ལས་ཅན་ཡིན་པའི་

ཕྱིར་རོ། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །བརྩོན་འགྲུས་ནི་དགེ་བའི་ས་ཆེན་པོ་པ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་ནི་བསོད་ནམས་ལ་རག་ལས་པ་ཡིན་པ་དེ་ལྟར་ན། འཇིག་རྟེན་ལ་རབ་ཏུ་གྲགས་པའི་བརྩོན་འགྲུས་ནི་འདིར་མི་རུང་བ་ཡིན་པའི་ཕྱིར་བརྩོན་འགྲུས་གང་

ཡིན་ཞེ་ན། བརྩོན་གང་དགེ་ལ་སྤྲོ་བའོ། །དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་གང་ལ་ངན་ལ་ཞེན་པ་དང་སྟེ། དམན་པ་ལ་དགའ་བ་ནི་ངན་པ་ལ་ཞེན་པའོ། །སྒྱིད་ལུག་པས་བདག་ཉིད་ལ་སྨོད་པ་ནི། སྒྱིད་ལུག་བདག་ཉིད་བརྙས་པའོ། །ལེ་ལོའི་རྒྱུ་ནི་མི་རྩོལ་བ་དང་བདེ་

ཉམས་ལེན། །གཉིད་ལ་བརྟེན་པའི་སྲེད་པ་དང་། །འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། །བདག་ཉིད་ཁོ་ན་ལེ་ལོ་དང་ལྡན་པ་ཡིན་ནོ། །དེ་ལྟར་ཡོངས་སུ་བརྗོད་པར་བྱ་ཞེ་ན། ཉོན་མོངས་རྒྱ་པས་བཤོར་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་ཉིད་རྒྱ་པ་སྟེ།

རྔོན་པ་བཞིན་དེས་བཤོར་ཞིང་ཟིན་པར་གྱུར་པ་ན། སྐྱེ་བའི་རྒྱར་ནི་ཆུད་གྱུར་ན་ནི། སྐྱེ་བའི་རྒྱར་ཅི་སྟེ་ད་རུང་མི་ཤེས་སམ། འདོད་པར་བྱ་བ་མ་ཡིན་པས་སྐྱོ་བ་མེད་དམ། རང་དང་རིགས་མཐུན་བསད་པ་ན། །སྲོག་ཆགས་དག་བསད་པར་གྱུར་པ་ན། རིམ་གྱིས་མཐོང་བར་མ་

གྱུར་ན། །འོན་ཀྱང་གཉིད་ལ་བརྟེན་པ་གང་། །རང་དང་རིགས་མཐུན་པའི་རིམས་ཀྱིས་བསད་པར་གྱུར་པ་ན། །གདོལ་པ་དང་ནི་མ་ཧེ་བཞིན། །ལམ་ནི་ཀུན་ནས་བཀག་ནས་སུ། །འཆི་བདག་གིས་ནི་བལྟས་བཞིན་དུ། །ཇི་ལྟར་ཁྱོད་བདེར་སྤྱོད་སྲིད་ཅི་སྟེ། ཉམས་སུ་

Vol. 106 · folio 50b

མྱོང་བར་རོ། །དགའ་བའི་རྟེན་སྲེད་ཡིན་ན། དེ་ནས་བརྩོན་འགྲུས་བརྩམ་པར་བྱའོ་ཞེ་ན། མྱུར་བ་ཉིད་དུ་འཆི་འགྱུར་བས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་མ་བྱས་བརྩམས་པ་དང་། །འདི་བྱེད་བྱས་པར་གནས་པ་དང་། །གློ་བུར་འཆི་བདག་འོངས་ནས་ནི། །

ཀྱི་ཧུད་བཅོམ་ཞེས་སེམས་པར་འགྱུར། །མྱ་ངན་ཅི་ཞིག་བྱའོ། །མྱ་ངན་ཤུགས་ཀྱིས་སྐྲངས་པ་ཡི། །མིག་དམར་གདོང་ལ་མཆི་མ་འཛག་པ་གང་ཡིན་པའི་ཉེ་དུ་དེ་དག་ཁྱོད་འཚོ་བ་ལ་རེ་ཐག་ཆད་པ་མཐོང་ནས་དེ་ལྟར་བྱེད་པ་ན་ཁོ་བོས་ངན་སོང་གི་སྡིག་པ་བྱས་ནས་དེ་དག་

སྐྱབས་མ་ཡིན་ནོ་ཞེས་རང་གི་སྡིག་དྲན་པས་གདུང་བ་དང་། ཕྱིས་གདུང་བའི་མེས་ཚིག་པར་གྱུར་པའི་སེམས་ཀྱིས་ཅི་ཞིག་བྱའོ། །གཤིན་རྗེ་ཡི་ནི་བཞིན་བལྟས་ནས། །སྐྲག་པས་མི་གཙང་ལུས་གོས་ཚེ། །ཅི་ཞིག་བྱའོ། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྲིད་པ་བར་

དོའི་གནས་སྐབས་སུ་གདུངས་ཤིང་སྔར་འཆི་ལྟས་ཀྱིས་མྱོས་པར་གྱུར་ཚེ་ཅི་ཞིག་བྱ། དེའི་ཚེ་ལྷའི་བཞིན་དུ་ལས་ལས་སྐྱེས་པའི་རྣ་བས་ཐོས་པར་འགྱུར་རོ། །ཚེ་འདིར་ཏེ། དེ་ཉིད་ཁྱོད་ཀྱིས་སྡིག་པ་མ་བྱས་སུ་ཟིན་ཀྱང་། འཇིགས་པ་དང་ལྡན་འགྱུར་ན། སྡིག་བྱས་

དམྱལ་བའི་མི་བཟད་པའི། །སྡུག་བསྔལ་ལྡན་པ་ནི་སྨོས་ཅི་དགོས། ཁྱོད་བརྩོན་མེད་པས་གནས་པས་སམ། །བརྩོན་མེད་འབྲས་བུ་འདོད་པ་དང་། །གཞོན་ཤ་ཅན་ལ་གནོད་མང་བ། །དེ་ཉིད་ཀྱི་ཕྱིར། འཆི་བདག་གིས་ཟིན་པ་ལྟ་བུར་ནི། །འཆི་བདག་ཉེ་བར་གྱུར་པའི་ལྷ་

བཞིན་དུ་ལུས་རྙིང་པར་བྱས་པའི་སེམས་ཅན་གང་ཡིན་པ་དེ་བཞིན་དུའོ། །གཉིད་དང་བྱ་བ་མི་བྱེད་པ་ལ་སོགས་པ་ནི་སྲེད་པ་ཉེ་བར་མཚོན་པ་ཉིད་ཡིན་ན། ལེ་ལོ་དང་ལྡན་པ་སྨད་པ་ལ་ཞེན་པའང་རིགས་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། དགའ་བའི་རྒྱུ་ནི་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། དགའ་བའི་རྒྱུ་ནི་མཐའ་ཡས་པའི། །ཞེས་བྱ་བ་ནི་འདི་ལ་དགའ་བའི་རྒྱུ་ཡོད་པ་དེ་ལྟར་ན་དགའ་བའི་རྒྱུ་མཐའ་ཡས་པ་ཅན་ནོ། །དམ་ཆོས་དགའ་བའི་མཆོག་སྤངས་ནས། །སྡུག་བསྔལ་རྒྱུ་སྟེ། སྡིག་པས་གཡེང་བ་དང་། རྒོད་ལ་སོགས་ལ་ཁྱོད་ཅིའི་ཕྱིར་

Vol. 106 · folio 51a

དགའ། སྒྱིད་ལུག་པ་དང་བདག་ལ་བརྙས་པའི་གཉེན་པོའི་ཕྱོགས་ནི། སྒྱིད་ལུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྱིད་ལུག་པ་དང་སྙོམས་པའི་སྟོབས་ཀྱིས་ཚོགས་བཅོམ་པ་ནི་སྟོབས་ཀྱིས་བཀོད་པའོ། །བདག་ཉིད་དབང་དུ་གྱུར་པ་དང་། བདག་

དང་གཞན་དུ་བརྗེ་བར་གྱིས། །དེ་ལ་སྒྱིད་ལུག་པ་མེད་པ་ནི། །བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདིར་སྒྱིད་ལུག་པས་བདག་ལ་བརྙས་པ་དེ་ལྟ་བུའི་ཚུལ་དུ་དེ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་

ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་གསུང་བས་བདེན་འདི་གསུངས། །དེའི་ཕྱིར་ཅི་ཞིག་གསུངས་ཤེ་ན། སྦྲང་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱང་ཆུབ་སྤྱོད་པ་མ་བཏང་ན། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་སོ། །གཅེས་དང་མི་གཅེས་མ་དཔྱད་པར། །

རྨོངས་པས་བདག་ནི་འཇིགས་པར་ཟད། །གཅེས་པ་དང་མི་གཅེས་པ་རྨོངས་པ་ཉིད་ཀྱིས་སོ། །གཅེས་པ་དང་མི་གཅེས་པ་ཡང་གང་ཞེ་ན། བསྐལ་པ་བྱེ་བ་གྲངས་མེད་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གཅེས་པ་ཡིན་ནོ། །བདག་གིས་བྱང་ཆུབ་སྒྲུབ་པ་ཡི། །

ཞེས་བྱ་བ་ལ་སོགས་པ་ནི་གཅེས་པ་ཡིན་ཏེ། ལག་པ་ལ་སོགས་པའི་སྦྱིན་པ་བཏང་བའི་སྡུག་བསྔལ་ཡང་དག་པའི་བྱང་ཆུབ་སྒྲུབ་པ་དེ་དག་ནི་ཚོད་ཡོད་པ་སྟེ། ཆུང་བ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། ཟུག་རྔུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར་

ནི་དེ་བསལ་བའི་རྒྱུ་མཚན་ནོ། །ཟུག་རྔུ་བརླག་པ་དེ་གདོན་པའི་སྡུག་བསྔལ་ལོ། །དེ་དང་འདྲ་བར་གཅེས་པ་དང་དོན་ཆེ་བ་ཡིན་ནོ། །རེ་ཞིག་གདོན་པ་ནི་གཞག་གོ། །སྨན་པ་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། དེ་བས་སྡུག་བསྔལ་མང་པོ་དག །རང་དང་གཞན་གྱི་རྒྱུད་ལ་

སྐྱེས་པ་སྐྱེ་བ་བརྒྱུད་པ་རྣམས་སུ། གཞོམ་ཕྱིར་མི་བདེ་ཆུད་བཟོད་བྱ་སྟེ། ལག་པ་ལ་སོགས་པ་སྦྱིན་པར་བཏང་བ་ལས་སྐྱེས་པའི་སྡུག་བསྔལ་ལོ། །གསོ་དཔྱད་ཕལ་པ་འདི་འདྲ་བའམ། འདི་ལྟར་འདི་ཡང་། སྨན་པའི་མཆོག་གིས་མ་མཛད་དེ། ཐམས་ཅད་མཁྱེན་པས་སོ། །འོན་

Vol. 106 · folio 51b

ཀྱང་ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །མགུ་བར་བྱེད་པས་ནད་ཆེན་དཔག་མེད་གསོ་བར་མཛད། ནད་བརྒྱ་རྩ་བཞིས་ཟིན་པ་ལས་ཇི་ལྟར་དཔྱོད་པ་འཇམ་པོས་གསོ་བར་མཛད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། ཚོད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཚོད་མ་ལ་སོགས་པ་

སྦྱིན་པ་ལའོ། །གང་ཞིག་རིམ་གྱིས་གོམས་པར་གྱུར་པ་ན་ཕྱིས་ཐུགས་རྗེའི་བསམ་པ་རྣམ་པར་གྱུར་པས། རང་གི་ཤ་ཡང་གཏོང་བར་མཛད་པར་འགྱུར་རོ། །དེ་ནི་དཀའ་བར་མཛད་པ་ཡིན་ནོ་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ནི་སྡིག་པ་ཞེས་བྱ་བ་ལ་

སོགས་པ་དང་། མཁས་པའི་ཕྱིར་ན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་རྟོག་པ་སྤངས་པའི་ཕྱིར་རོ། །དེ་ལྟར་ཡང་འཁོར་བ་ན་བཞུགས་པས་སྐྱོ་བའམ་ཞེ་ན། བསོད་ནམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུས་རིང་པོས་སྐྱོ་འམ་ཞེ་ན། འདི་ནི་བྱང་ཆུབ་སེམས་སྟོབས་

ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐར་པའི་ཆ་དང་མཐུན་པའི་དགེ་བ་བྱས་པ་ཅན་གྱི་ཉན་ཐོས་ནི་བསྐལ་པ་བྱེ་བ་གྲངས་མེད་པར་གནས་པ་ཡིན་ཏེ། འཕགས་པ་ཤཱ་རིའི་བུས་རབ་ཏུ་བྱུང་བའི་དོན་དུ་མ་རྟོགས་པ་ལྟ་བུའོ། །མྱུར་བ་སྲིད་པ་གསུམ་གྱིས་ཐར་པར་

འགྱུར་རོ། །འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་ཉན་ཐོས་དག་ལས་ཀྱང་བྱང་ཆུབ་སེམས་དཔའ་ཐ་ན་བསྐལ་པ་གྲངས་མེད་པ་བཞི་བཅུར་མྱུར་བར་འགྱུར་རོ། །དེ་ལྟར་ན་ཡང་སྐྱོ་འམ་ཞེ་ན། དེ་བས་སྐྱོ་ངལ་ཀུན་སེལ་བའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྟོབས་

ཀྱི་ཚོགས་ནི། སེམས་ཅན་དོན་ནི་བསྒྲུབ་བྱའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུན་པ་ནི་འདིར་དགེ་བ་འདོད་པའོ། །བསྟན་པ་ནི་སྟོབས་སུ་གྱུར་པའོ། །དགའ་བ་ནི་ཆགས་པའོ། །གྲོལ་བ་ནི་སྤངས་པའོ། །འདུན་པ་ལ་སོགས་པ་ནི་དེ་དང་དེའི་དཔུང་ཡིན་ནོ། །བྱང་ཆུབ་ཀྱི་

སེམས་ཀྱི་ཕན་ཡོན་ནི་སྔར་བཤད་ཟིན་ཏོ། །བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ནི་ལེ་ལོ་ལ་སོགས་པའོ། །ཇི་བཞིན་དུ་འདུན་པའི་སྟོབས་དང་། དབང་དུ་གྱུར་པའི་སྟོབས་ཀྱིས། དེ་སྲིད་མི་མཐུན་ཕྱོགས་སྤངས་ཏེ། །སྤངས་པའི་ཁྱད་པར་གཙོ་བོ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་

Vol. 106 · folio 52a

བསྟན་ཏོ། །བརྩོན་འགྲུས་འཕེལ་ཕྱིར་འབད་པར་བྱའོ། །དེ་ལ་འདུན་པའི་དབང་དུ་མཛད་ནས། འབད་ལ་དབང་སྒྱུར་སྟོབས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་པ་བརྩམ་པར་བྱའོ། །གཞན་ཡང་བདག་དང་གཞན་གྱི་ཡོན་

ཏན་ནི། །ཞེས་བྱ་བ་ལ་སོགས་པ་ལ། མང་པོ་བདག་གིས་ནི་ཞེས་བྱ་བ་ནི་གལ་ཏེ་རང་དང་གཞན་གྱིས་བདག་ཉིད་ཆུང་བས་དེ་དག་བདེ་བས་བསྒྲུབ་པར་བྱ་བ་ཡིན་ན། དེ་ལྟར་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཅི་འདྲ་བ་ཞིག་ཅེ་ན། གང་དུ་ཡོན་ཏན་གང་བདག་གི་ནང་ནས་

ཡོན་ཏན་རེ་རེ་ཞིང་བསྐལ་པ་རྒྱ་མཚོས་ལོབས་ནའང་རུང་། བདག་ཉིད་དུ་གྱུར་ན་རུང་སྟེ་མི་འགྱུར་རོ། །དེ་ལྟ་ན་ཡོན་ཏན་དང་ལྡན་པ་ཇི་ལྟར་ན་ལོག་པར་མི་འགྱུར་ཞེ་ན། ཡོན་ཏན་ཅུང་ཟད་མི་སློབ་ན་ཞེས་བྱ་བ་སྨོས་ཏེ། ལྷ་གང་བྱེད་པ་ལ་སོགས་པ་ལོག་པ་འབའ་ཞིག་ཏུ་ཟད་དོ། །

ཅི་འདྲ་བ་ཞིག་ཅེ་ན། བསྟན་ལ་བྱ་བ་མ་བྱས་དང་། །དབུལ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་ཞེས་བྱ་བ་ནི་འདུན་པའི་ཡང་ངོ་། །རྣམ་སྨིན་འབྲས་བུ་ནི་ཉེ་བར་མཚོན་པ་ཡིན་ཏེ། རྒྱུ་མཐུན་པའི་འབྲས་བུ་རྟག་ཏུ་བསྒོམས་པས་ཀྱང་ངོ་། །དེའི་དབང་དུ་མཛད་

ནས། སྡུག་བསྔལ་ཡིད་མི་བདེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྡུག་བསྔལ་ནི་རྣམ་པར་སྨིན་པའོ། །ཡིད་མི་བདེ་བ་དང་། དགེ་བ་དང་མི་དགེ་བ་ནི་རྒྱུ་མཐུན་པའོ། །གང་ལས་འཇིགས་པ་དེ་དག་ནི་འཇིགས་པའོ། །འདོད་པ་རྣམས་དང་བྲལ་བ་ནི་བདག་

པོའི་འབྲས་བུའོ། །དེ་ལྟར་ནི་ཡིད་ལ་བསམ་པ་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུའི་རིམ་གྱིས་མངོན་མཆོད་འགྱུར། །ཞེས་བྱ་བའི་ཐ་ཚིག་གོ། །སྡིག་པ་བྱེད་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་སླའོ། །རེ་ཞིག་འདི་ནི་མཐོང་བའི་ཆོས་ལ་མི་འདོད་པ་མཐོང་བའི་ཆོས་ཀྱི་

འབྲས་བུ་ཡིན་ནོ། །མ་མཐོང་བ་ནི། རྒྱ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། པདྨ་ནི་ཆུ་སྐྱེས་སོ། །གསུང་སྙན་རྒྱལ་བའི་གདན་བྱས་འདི་ནི་ཉེར་བསགས་ཤིང་། གསལ་བ་གང་ལ་མངའ་བ་དེ་ནི། གསུང་སྙན་རྒྱལ་བའི་གདན་བྱས་འདི་ནི་ཉེ་བར་བསགས་པ་ཅན་གྱིའོ། །ཐུབ་པ་སྟེ་

Vol. 106 · folio 52b

འཕགས་པ་སྣང་བ་མཐའ་ཡས་ཀྱི་ཕྱག་གི་པདྨ་རྒྱས་པ་སྟེ། ཆུ་སྐྱེས་ཁ་ཕྱེ་བ་ལས་སོ། །འབྱུང་བའི་ལུས་ཀྱི་མཆོག་གང་མངའ་བ་དེ་དག་ལ་དེ་སྐད་ཅེས་བྱའོ། །བདེ་བར་གཤེགས་པ་སྟེ། འཕགས་པ་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་སྔོན་གྱི་དགེ་བས་འགྱུར་རོ། །མི་དགེ་བ་

ནི་གཤིན་རྗེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་ཏེ། །ལུས་པ་མེད་པར་བཤུས་པས་ཤིན་ཏུ་ཉམ་ཐག་པ་འདི་ལ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །རབ་ཏུ་ཚ་བའི་མེ་ཡིས་ཏེ། །སྲེག་ཟ་དག་གིས་བཞུས་པའི་ཟངས་ཞུན་ལུས་ལ་

བླུགས་པར་གྱུར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འབར་བ་ཡང་དེ་ཡིན་ལ་རལ་གྲི་དང་མདུང་ཐུང་ཡང་ཡིན་པས་ན་འབར་བའི་རལ་གྲི་མདུང་ཐུང་དག་གོ། །དེ་དག་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷགས་ཅན་ཏེ། དེས་བསྣུན་པའི་ཤའི་དུམ་བུ་གང་ལ་ཡོད་པ་དེ་ལ་དེ་

སྐད་ཅེས་བྱའོ། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ཏེ། ཡང་སོས་ལ་སོགས་པའི་དམྱལ་བར་ལྷུང་བར་མི་དགེ་མང་པོས་འགྱུར་ཏེ་རྣམ་པ་དུ་མར་རོ། །དེ་བས་ན་འདི་ལྟར་དགེ་བ་དང་མི་དགེ་བའི་འབྲས་བུ་ལ་གུས་པ་ཉིད་དུ་བསྒོམ་པར་བྱའོ། །དགེ་བ་ལ་འདུན་པར་སྐྱེད་པར་

བྱ་ཞིང་། གོ་ཆའི་བརྩོན་འགྲུས་བསྐྱེད་པར་བྱའོ། །བརྟན་པའི་དཔུང་གི་དབང་དུ་མཛད་ནས། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས། །རྟག་ཏུ་བརྟན་པར་བསྒོམ་པར་བྱའོ། །བརྟན་པར་བརྩམ་ཞིང་ཞེས་བྱ་བའི་

གཞུང་ནི་བརྟན་པར་བརྩམ་པ་སྟེ། ལྷག་པར་བྱས་ནས་རྡོ་རྗེ་རྒྱལ་མཚན་གྱི་ཆོ་གས་བསྒོམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བརྩམ་པའམ་ཞེས་བྱ་བ་ནི། སྦྱོར་བའི་བརྩོན་འགྲུས་སོ། །བརྩམས་ལས་ལྡོག་པར་མི་བྱའོ། །ཞེས་བྱ་བ་ནི་མི་ལྡོག་པའི་བརྩོན་འགྲུས་སོ། །ལོག་

པའི་ནི་སྐྱེ་བ་གཞན་དུ་དེ་གོམས་ནས། དེ་ལས་སྡིག་པ་དང་། སྡིག་ལས་སྡུག་བསྔལ་འཕེལ་འགྱུར་ཏེ། །གཞན་སྤྱོད་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་རྒྱུའི་དུས་སུ་ནི་ཞེས་བྱ་བ་ནི་རྒྱུ་སྤྱོད་པའི་དུས་སུ་ཡང་དམན་པ་སྟེ། དོར་བར་བྱ་བ་དེ་ནི་བསྒྲུབ་མི་བྱ། །དེ་ཕྱིར་བརྩམས་པ་

Vol. 106 · folio 53a

ལས་ལྡོག་པར་མི་བྱའོ། །བརྟན་པའི་དཔུང་གཞན་ཡང་། ལས་དང་ཉོན་མོངས་ནུས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་ཡང་འདིར་ཉེ་བའི་ཉོན་མོངས་པ་ཡིན་ནོ། །ཅིའི་ཕྱིར་བདག་ཉིད་ཀྱིས་ཤེ་ན། བདག་ཉིད་

གཅིག་པུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པའི་ང་རྒྱལ་དག་ལས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ནི་སྨད་པའི་ལས་སོ། །འཆི་བའི་རྔ་ནི་བརྡུང་བ་དང་། །ཝ་བཞིན་དུ་ཡིད་ནུས་པ་མེད་པ་ནི་ཉམ་ཆུང་བ་ནའོ། །ཞུམ་བྱས་རྩོལ་བ་དོར་བ་

ཡིས། །ཕོངས་ལས་བདེ་བར་འགྱུར་རམ་ཅི། །ཞེས་བྱ་བ་ནི་ཡུལ་དུ་བྱེད་པར་འགྱུར་རམ་བདེ་བར་བྱེད་པ་མ་ཡིན་ནོ། །འདི་ལྟར་ཕོངས་པ་ལས་རྒྱལ་བ་ནི་བདག་ཕོངས་པ་ལས་རྒྱལ་བ་སྟེ། ཁམས་གསུམ་ལས་ནི་རྒྱལ་འདོད་པས། །བྱང་ཆུབ་སེམས་ལས་དགའ་བར་

བྱེད་པ། དེ་བས་སེམས་ནི་བརྟན་པ་ཡིས། །ཕོངས་པ་རྣམས་ནི་གཞོམ་བྱ་སྟེ། །རྒོད་ཅིང་ཕོངས་ལས་ཐར་བར་བྱ། །བདག་གིས་ཀུན་ལས་རྒྱལ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་སླའོ། །རྒྱལ་བའི་འབྲས་བུ་ནི་སངས་རྒྱས་ཉིད་དོ། །རྫོགས་པར་བྱེད་

པར་ནི་མཐར་ཕྱིན་པར་བྱེད་པའོ། །ཉེ་བའི་ཉོན་མོངས་པ་དང་། ང་རྒྱལ་བ་ནི་ཉོན་མོངས་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲན་གཟུགས་པ་ནི་དཔའ་བའོ། །ཉོན་མོངས་པའི་ཚོགས་སྟོང་གིས་སྡུག་བསྔལ་གྱི་གཡུལ་བཟློག་པར་མི་ནུས་པས་ན། ཉམ་ང་ཆེ་ཐང་བྱུང་

གྱུར་ཀྱང་། །རོ་ལ་མིག་ནི་མི་བལྟ་ལྟར་ཞེས་བྱ་བ་ནི་ལྕེའི་དབང་པོས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དགའ་བའི་དཔུང་གི་དབང་དུ་མཛད་ནས། རྩེད་མོའི་བདེ་འབྲས་འདོད་པ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བྱིས་པ་རྩེད་མོ་ལ་ཞེན་པ་མི་ངོམས་པ་བཞིན་དུ་

དེ་དག་བྱ་བ་ཡིན་ནོ། །ཞེན་པ་ནི་འདིར་ཀུན་ནས་ཆགས་པའོ། །མི་ངོམས་པ་ནི་དགའ་བ་སྟེ་ཀུན་ནས་ཞེན་པར་གྱུར་པས་མི་ངོམས་པར་བྱ་བའོ། །བདེ་བའི་ཡིན་པ་དེ་ལྟར་ན་ཅི་ལྟར་ལས་དེ་ལས་ཞན་པར་འགྱུར་ཞེ་ན། བདེ་བའི་དོན་དུ་ལས་བྱས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་

Vol. 106 · folio 53b

པ་ལ། བདེར་འགྱུར་མི་འགྱུར་གཏོལ་མེད་ཀྱིས། །ཞེས་བྱ་བ་ནི། སྤུ་གྲི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ནའོ། །གླང་པོ་ཆེ་མཚོ་དང་ཕྲད་པ་ནི་གླང་ཆེན་མཚོ་ཕྲད་དེ། ཇི་ལྟར་མངོན་པར་འདོད་པ་ཕུལ་དུ་བྱུང་བས་དང་པོར་མཚོར་

འཇུག་པ་དེ་བཞིན་དུ། འདིར་བསོད་ནམས་ཀྱི་བདུད་རྩི་ལས་དེ་ལ་ཡང་འཇུག་པར་བྱའོ། །སྟོབས་ཀྱི་དབང་དུ་མཛད་ནས། རྗེས་སུ་མི་བདེར་གྱུར་པའི་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་མི་བདེ་བར་འགྱུར་བའི་ལས་ནི་ཡོངས་སུ་སྐྱོ་བར་གྱུར་པ་ཡིན་ལ།

ཡང་བྱ་བའི་ཕྱིར་ལས་བརྩམ་པ་ཡང་། རིགས་འགྱུར་ཞེས་དེ་མ་ཐག་ཏུ་གཏང་། བསྙེམས་པའི་སྟོབས་ཀྱི་དབང་དུ་མཛད་ནས། འཐབ་རྙིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཉོན་མོངས་པ་ནི་ཉེ་བའི་ཉོན་མོངས་པ་མཚོན་པ་ཡིན་ནོ། །དྲན་པས་གཟུང་

བར་བྱ་ཞིང་། ཤེས་བཞིན་གྱིས་བརྟག་པར་བྱའོ། །འཇིགས་པས་མྱུར་དུ་ལེན་པ་ལྟར་རོ། །དྲན་པ་དང་བཅས་པའི་ཤེས་རབ་ནི་འདིར་དྲན་པའི་མཚོན་ནོ། །ཉུངས་མར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་ནི་ཁོང་དུ་ཆུད་པར་སླའོ། །དགེ་བཤེས་

ཕྲད་དང་ཞེས་བྱ་བ་ནི་གལ་ཏེ་ཁྱིམ་པ་དག་གམ། གལ་ཏེ་སྦྱིན་པ་ལ་སོགས་པ་ལ་ཐོབ་པར་འདོད་པའི་རྒྱུ་འདིས་སོ། །དེ་དག་གང་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབང་དུ་གྱུར་པའི་སྟོབས་ཀྱི་དབང་དུ་མཛད་ནས་བག་ཡོད་གཏམ་ནི་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། བག་ཡོད་གཏམ་ནི་བྱང་ཆུབ་ཀྱི་སེམས་ལ་བག་ཡོད་པའི་ལེའུར་བཤད་པ་ནི། བག་ཡོད་གཏམ་ནི་དྲན་བྱས་ནས། །ཅི་ནས་ལས་བྱུང་སྔོན་རོལ་ནས་ཏེ། ཇི་ལྟར་ལས་ལ་སོགས་པའི་སྔོན་རོལ་ནས་ཤེས་བཞིན་ཐམས་ཅད་ལ་འཇུག་པར་བྱ་བ་དེ་བཞིན་

དུ། བདག་ཉིད་ཟོ་མདོག་བདེ་བྱ་ཞིང་ལྡང་བ་ཡང་བར་བྱའོ། །གཞན་ཡང་ཇི་ལྟར་དུག་གིས་ཁྲག་གྱུར་ནས། ལུས་ཀྱི་མཚོན་གྱིས་རྨ་ལ་འཇུག་པ་ལྟར་ཏེ། ལུས་ཐམས་ཅད་ལ་ཁྱབ་པར་བྱེད་དེ། །དེ་བཞིན་བུ་ག་རྙེད་ནས་ནི། །སེམས་ཅན་ཉོན་མོངས་འཇུག་པར་བྱེད། །བུ་ག་ནི་

Vol. 106 · folio 54a

དྲན་པ་རྨོངས་པའོ། །ཇི་ལྟར་ཤིང་བལ་འགྲོ་བ་འམ། །འོང་བ་རླུང་གིས་དབང་གྱུར་ནས། །དེ་བཞིན་འབྱོར་པ་བརྩོན་པའི་དབང་དུ་གྱུར་ནས་མྱུར་དུ་འགྲུབ། བརྩོན་འགྲུས་ནི་དབང་དུ་འགྱུར་རོ། །དེ་ལྟར་ན་བློ་འམ་གཞན་གྱི་ཡོན་ཏན་གྱི་ཚོགས་

འབྱོར་བར་འགྱུར་རོ། །བསམ་གཏན་དང་ཤེས་རབ་གཙོ་བོར་གྱུར་པ་བདག་དང་གཞན་མཉམ་པ་ཉིད་དང་། བདག་དང་གཞན་བརྗེ་བ་ཞེས་བྱ་བ་ནི་འདིར་མ་བཤད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ལེའུ་

བདུན་པའོ།། །།དེ་ལྟར་བཤད་པའི་ཚུལ་གྱིས་བརྩོན་འགྲུས་བསྐྱེད་ནས་ནི་ཅི་ཞིག་བྱ་ཞེ་ན། ཡིད་ནི་ཏིང་ངེ་འཛིན་ལ་གཞག །འདི་ལྟར་སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་སྟེ། །ཏིང་ངེ་འཛིན་ལ་རྣམ་པར་གཡེངས་པ་ལ་གནས་

སོ། །ཏིང་ངེ་འཛིན་ནི་རྩེ་གཅིག་པ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། ནང་དུ་ཡང་དག་འཇོག་དང་། ཀུན་ནས་ནང་དུ་ཡང་དག་འཇོག་གི་དང་། བྱ་བ་ནན་ཏན་གྱི་ནང་དུ་ཡང་དག་འཇོག་ཅེས་བྱའོ། །གསུམ་པོ་དག་ལ་ཡང་འདིར་གཡེང་བ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །

དེ་ལ་ནང་དུ་ཡང་དག་འཇོག་གི་དབང་དུ་བྱས་ནས། ལུས་དབེན་པ་ལ་གནས་ནས་རྣམ་པར་གཡེང་བ་སྟེ། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་ཡོངས་སུ་སྤང་ཞིང་དོར་བར་བྱའོ། །སེམས་དབེན་པ་སྟེ་འདོད་པ་ནས་བསམ་གཏན་བཞིའི་བར་ལ་དབེན་པར་བྱ་ཞིང་འདུ་ཤེས་མེད་འདུ་

ཤེས་མེད་མིན་དང་། འགོག་པའི་བར་དུ་རྫོགས་པར་བྱས་ཏེ་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་བཞི་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་སྒྲུབ་པའི་རྟེན་ཡིན་ནོ། །བསྟོད་པའི་ཁམས་ཀྱིས་ཡོངས་སུ་གྱུར་པ་ལས་ཐམས་ཅད་ལས་སུ་རུང་བ་ཡིན་ནོ། །དབྱེ་

བ་ཡང་མཐའ་ཡས་པའི་ཡིན་པ་དེ་ལྟར་ན་དེ་རབ་ཀྱི་མཐར་གྱུར་པས་ས་ལྔ་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤིན་ཏུ་ལྷག་པར་འགྱུར་རོ། །དེ་ལྟར་ན་ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ་། །ཆགས་པ་ལ་སོགས་པ་ལས་འཇིག་རྟེན་གྱི་མི་སྤོང་བ་

Vol. 106 · folio 54b

དེའི་ཕྱིར་དེ་ཡོངས་སུ་སྤངས་པའི་དོན་དུ་ཇི་ལྟར་དཔྱད་པར་བྱ་ཞེ་ན། ཞི་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞི་གནས་རབ་ཏུ་ལྡན་པའི་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་སོ། །ཁྱད་པར་དུ་མཐོང་བ་ངེས་པའི་ཚིག་གི་རྣམ་པས་ལྷག་མཐོང་ཞེས་བྱ་སྟེ་ཤེས་རབ་ཡིན་ནོ། །དེས་

ཤེས་བྱས་ཏེ་རྟོགས་པར་བྱས་ནས་སོ། །ཞི་གནས་དེ་ཡང་ཇི་ལྟར་བཙལ་བར་བྱ་ཞེ་ན། འཇིག་རྟེན་ཆགས་པ་མེད་པ་མངོན་དགས་འགྲུབ། །འཇིག་རྟེན་ལ་ལྟོས་པ་མེད་པའི་མངོན་པར་དགའ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རིགས་སོ་ཞེས་བསྟན་པའི་ཕྱིར། མི་རྟག་ཅེས་བྱ་བ་ལ་

སོགས་པ་སྨོས་ཏེ། མ་མཐོང་ན་ནི་དགའ་མི་འགྱུར། །ཡིད་ཀྱང་མཉམ་འཇོག་མི་འགྱུར་ལ། །མཐོང་ཡང་ངོམས་པར་མི་འགྱུར་བས། །འོན་ཀྱང་སྔ་མ་བཞིན་ཏེ། མ་མཐོང་བའི་དུས་བཞིན་དུ། སྲེད་པས་ཞེས་བྱ་བ་དེ་རྙེད་པ་ལ་སོགས་པ་ལ་སྲེད་པས་གདུང་བར་འགྱུར་རོ། །

དེའི་ཕྱིར། སེམས་ཅན་རྣམས་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་སྒྲིབ་སྟེ། དེ་ཁོ་ན་ཉིད་ལའོ། །སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད། །སྐྱོ་བ་འབྱུང་བར་མི་འགྱུར་རོ། །ཡང་ན་བྲལ་བར་གྱུར་པས་ན། །མྱ་ངན་གྱིས་ནི་གདུང་བར་འགྱུར། །གང་གིས་ཤེ་ན།

སྡུག་པ་དང་ཕྲད་པར་འདོད་པ་གང་ཡིན་པའི་མྱ་ངན་དེས་སོ། །དེ་ལ་སེམས་པ་འབའ་ཞིག་གིས་ཞེས་བྱ་བ་ནི་སྡུག་བསྔལ་དང་ཡང་དང་ཡང་དུ་སེམས་པས། ཚེ་འདི་དོན་མེད་འདའ་བར་འགྱུར། །གལ་ཏེ་འགའ་ཞིག་གིས་ཚེ་རིང་པོར་འགྱུར་རམ་ཞེ་ན། དེ་ལྟ་མ་ཡིན་ནོ་ཞེས་བྱ་བར་

དགོངས་སོ། །ཇི་ལྟར་དོན་མེད་པར་འགྱུར་ཞེ་ན། རྟག་པ་མེད་པའི་མཛའ་བཤེས་ཀྱིས་ཞེས་བྱ་བ་སྨོས་ཏེ། དུས་རྟག་ཏུ་མེད་པས་དེ་མི་བརྟན་པ་ཉིད་ཀྱི་ཕྱིར་རྟག་པ་མེད་པའི་སྡུག་པའི་མཛའ་བཤེས་ཀྱི་རྒྱུ་དེས་སོ། །གཡུང་དྲུང་གི་ཐར་པ་ཡིན་ལ་ཆོས་ནི་ཐར་པའི་རྒྱུ་ཡིན་ཏེ། ཐར་པ་ནི་དངོས་པོ་

དང་དངོས་པོ་མེད་པ་དཔྱོད་པའི་མཚན་ཉིད་ཟད་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་རྒྱུ་ཉིད་ཡིན་པའི་ཕྱིར་ཉེ་བར་བརྟགས་ནས་གཡུང་དྲུང་ཆོས་ཡིན་ཏེ། ཀུན་རྫོབ་ཉིད་ཡིན་པའི་ཕྱིར་འཇིག་ཅིང་ཉམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འཇིག་པར་འགྱུར་ཞེ་ན། །བྱིས་དང་སྐལ་བ་

Vol. 106 · folio 55a

མཉམ་སྤྱོད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐལ་མཉམ་སྤྱོད་པ་ནི་ལས་འདྲ་བ་ལ་སྤྱོད་པའོ། །བྱིས་པ་ནི་བྱིས་པ་མ་ཡིན་པ་དང་སྐལ་བ་མི་མཉམ་པར་འདོད་དེ། བྱིས་པ་དེ་དང་དེ་ལ་སྡུག་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་བྱིས་

པ་བསྟེན་པས་ཅི་ཞིག་བྱས་ཏེ། དོན་ཅི་ཞིག་ཐོབ་པར་འགྱུར། བྱིས་པ་རྣམས་ལ་ཆགས་པས་ཅིར་ཡང་མི་རུང་སྟེ། རྣམ་པ་ཐམས་ཅད་དུ་ཡང་དོན་མེད་པའི་ཕྱིར་རོ། །དེ་ལྟར་ན་སྐད་ཅིག་གཅིག་གིས་མཛའ་འགྱུར་ལ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པའི་དོན་ཁོང་དུ་

ཆུད་པར་སླའོ། །མཐོ་ལ་ཕྲག་དོག་སྟེ། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་ནི། ཁྱད་པར་གྱི་ཡོན་ཏན་གྱིས་བྱིས་པའི་སེམས་ལ་བཟོད་པ་མེད་དོ། །མཉམ་དང་འགྲན་པ་ནི་ཁྲོ་བ་ལས་བྱུང་བའི་རྩོད་པའོ། །མི་སྙན་པ་ནི་སྨད་པའོ། །འཁོར་བར་དགའ་བའི་གཏམ་

ལ་སོགས། །ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ནི་བརྫུན་ལ་སོགས་པ་གཟུང་ངོ་། །དེ་ལྟར་ཞེས་བྱ་བ་ནི་ཕན་ཚུན་ནོ། །འདྲིས་ཆེན་ཉིད་དུ་མི་འགྱུར་བ་སྟེ། འདྲིས་པ་ལས་འཇུག་པར་བྱ་བ་མ་ཡིན་ནོ། །འོན་ཀྱང་ཐ་མལ་པ་ཙམ་ལེགས་པར་བྱ། དགའ་བར་

བྱའོ། །བུང་བས་མེ་ཏོག་སྦྲང་རྩི་བཞིན། །སྦྲང་མས་མེ་ཏོག་ལ་སྦྲང་རྩི་སྔ་ན་མེད་བཞིན་དུ། འདྲིས་པ་མེད་པར་ཆགས་མེད་པར། །ལེན་ཅིང་ཐམས་ཅད་དུ་སྦྲང་མ་སྤྱོད་པ་བཞིན་དུ། ཆོས་དང་དོན་ནི་ཆོས་ཀྱི་དོན་ཏེ། ལུང་གི་ཆོས་ལེགས་པར་བཤད་པའི་དོན་ཙམ་བླངས་ནས་ནི་ཞེས་

བྱ་བ་ལ་ཆགས་པ་ལ་སོགས་པ་མ་ཡིན་པས་བླངས་ནས། འདྲིས་པ་མེད་པར་གནས་པར་བྱའོ། །དེ་ལྟར་ཆགས་པ་སྤངས་ནས་རྙེད་པ་ལ་སོགས་པ་ལ་སྲེད་པ་སྤང་བའི་ཕྱིར། བདག་ནི་རྙེད་མང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཤི་བའི་འོག་ཏུ་འཇིགས་པ་སྐྱེའོ། །དེ་

དེ་ལྟར་སྤྱད་ནས་མི་འགྱུར་རོ་སྙམ་ན། དེ་བས་རྣམ་པར་རྨོངས་པའི་ཡིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྙེད་པ་ལ་སོགས་པ་གང་དང་གང་ལ་ཡིད་བདེ་བ་ལ་རྨོངས་པར་གྱུར་པ་ན། ཆགས་པར་གྱུར་པའི་རྙེད་པ་ལ་སོགས་པ་དེ་དང་དེ་བསྡོངས་པ་སྟོང་འགྱུར་དུ་སྡུག་བསྔལ་གྱི་རྒྱུ་ཉིད་དུ་གྱུར་ཅིང་

Vol. 106 · folio 55b

ལྡང་ངོ་། །གང་གི་ཕྱིར་དེ་ལྟ་ཡིན་ན། དེ་བས་མཁས་པས་རྙེད་པ་ལ་སོགས་པ་དེ་ལ་ཆགས་མི་བྱ། སྲེད་པའི་ཆགས་པ་གང་ཡིན་པ་ལ་འཇིགས་པ་སྐྱེའོ། །ཆགས་པ་ཡོད་ན་ཤི་བ་ལས་འཇིགས་པར་འགྱུར་གྱིས་གཞན་དུ་ནི་མ་ཡིན་པ་དེའི་ཕྱིར་མཁས་པས་དེ་འདོད་པར་བྱ་བ་མ་ཡིན་ནོ། །

མི་རྟག་པ་དག་ལ་མི་རྟག་པའི་འདོད་པ་རིགས་པ་མ་ཡིན་པར་བསྟན་པའི་ཕྱིར་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྙེད་པ་ལ་སོགས་པ་འདི་དག་རང་ཉིད་འདོར་འགྱུར་བར་འཇིག་པར་འགྱུར་ཏེ་འཇིག་པའི་རྒྱུ་མེད་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་དང་འབྲེལ་པའི་འཇུག་པ་བརྟན་པར་གྱིས་ཏེ་

རབ་ཏུ་རྟོགས་པར་བྱའོ། །འདི་ལྟར་རྙེད་པ་དག་ནི་མང་བྱུང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མོས་པ་ནི་དེ་ཉིད་འདི་ཡིན་ནོ་ཞེས་ལྷག་པར་མོས་པའོ། །དེ་དག་གིས་ཞེས་བྱ་བ་ནི་བྱིས་པ་དག་དང་ལྷན་ཅིག་གོ། །འདི་ལྟར་བྱིས་པ་དང་འདྲིས་པ་སྨད་ཅིང་དབེན་པའི་ཕན་ཡོན་བསྟན་པའི་

ཕྱིར། ནགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་རྣམས་ཞེས་བྱ་བ་ལ་སོགས་པ་ནི་དགོན་པའི་ཤིང་དག་གོ། །བརྒྱད་སྟོང་པ་ལ་སོགས་པར་བྱང་ཆུབ་སེམས་དཔའི་དབེན་པ་ནི་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། འོན་ཀྱང་ལས་དང་པོ་པ་ཆགས་པ་དང་སྲེད་

པས་བཅོམ་པ་ལ་དཀོན་མཆོག་སྤྲིན་ལ་སོགས་པར་འདི་ཡང་གསུངས་མོད་ཀྱི། གཞན་ནི་ཐེག་པ་དམན་པ་ལ་དབེན་པ་དེ་མི་འདོད་ཅིང་ལྟས་པ་མ་ཡིན་ནོ། །ཕུག་གམ་ལྷ་ཁང་སྟོང་པའམ་ཞེས་བྱ་བ་ལ་སོགས་པ་ལ། ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་

བཟུང་མེད་པ། །བདག་གིར་བྱས་པ་མ་ཡིན་པར། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །བཅོས་མ་མ་ཡིན་བདེ་བ་དེ་དག་ཏུ། རང་དབང་སྤྱོད་ཅིང་ཆགས་མེད་པར་ཏེ། བདག་གིར་མ་བྱས་པའི་གནས་དག་ཏུ། །ནམ་ཞིག་བདག་ནི་གནས་པར་འགྱུར་རོ། །སྦ་བ་མ་བྱས་

པ་ནི་བསྲུང་བ་མ་བྱས་པའོ། །དུར་ཁྲོད་ནི་རོའི་གནས་སོ། །འཇིགས་པ་ནི་རུལ་ཞིང་རྣགས་པ་སྟེ། དེ་ཉིད་ཀྱི་ཆོས་ཅན་དག་ཏུ་སྟེ། རང་བཞིན་དེ་འདི་ལ་ཡོད་པས་ན་འདི་ནི། འཇིག་པའི་ཆོས་ཅན་དག་ཏུ་ནི། །བདག་གི་ལུས། ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །བདག་

Vol. 106 · folio 56a

གི་ལུས་ནི་འདི་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞེས་བྱ་བ་ནི་ཚིག་ཕྲད་ཡིན་ཏེ། གང་གིས་ཞེས་བྱ་བའི་དོན་ཏོ། །དྲུང་དུ་ཞེས་བྱ་བ་ནི་ཐག་ཉེ་བའོ། །སྡུག་པ་དང་བྲལ་བ་མི་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ལུས་འདི་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། དེའི་ལུས་གྱེས་པར་གྱུར་པ་ནི་དེ་གྱེས་པར་གྱུར་པའོ། །མཛའ་བ་གཞན་ལྟ་སྨོས་ཅི་དགོས། །དབེན་པའི་བདེ་བ་འཇོམས་པར་བྱེད་པ་གཞན་ལྟ་ཞོག་གོ། །ཅི་ཞིག་ཅེས་བྱ་བ་ནི་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །སྡུག་པ་འབའ་ཞིག་ཀྱང་ཡོད་པ་མ་

ཡིན་ནོ། །ལམ་དག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བའི་གནས་དེ་ལ་ཁྲི་འདེགས་པར་བྱེད་པའོ། །ཇི་སྲིད་སྐྱེས་བུ་བཞི་ཡིས་ནི། །སྲིད་པའི་ལམ་དེ་ལས་དེ་ནི་མ་བཏེག་པ། །ཀུན་ནས་འཇིག་རྟེན་མྱ་ངན་དུ་གྱུར་པས། དེ་སྲིད་དུ་ནི་ནགས་སུ་སོང་། །དེ་ལྟར་ཡང་ཤི་བར་

གྱུར་པ་ལ་མྱ་ངན་བྱེད་པ་ཡིན་ནམ་ཞེ་ན། བཤེས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་དང་འདྲིས་པ་མེད་ཅིང་ཁོན་པ་ཡང་མེད་པ་དེ་ལྟར་ན་ཤི་བ་ལས་སྔར། ལུས་འདི་གཅིག་པུ་དབེན་གནས་ཏེ། །སྔ་ནས་ཤི་དང་འདྲར་བརྩིས་ནས། །ཤི་ནའང་མྱ་ངན་བྱེད་པ་

མེད། །དྲུང་ན་འཁོད་པ་ནི་གཉེན་ལ་སོགས་པའོ། །འདིའི་སངས་རྒྱས་རྗེས་དྲན་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཆོས་དང་དགེ་འདུན་དང་། གཏོང་བ་དང་ལྷ་རྗེས་སུ་དྲན་པ་གཟུང་ངོ་། །དེ་བས་ན་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་ནི། མཇུག་སྡུད་པ་སྟེ། རྟོགས་

པར་སླའོ། །དེ་ལྟར་ཆགས་པ་དང་རྙེད་པ་ལ་སོགས་པའི་སྲེད་པ་སྤངས་པས་འཇིག་རྟེན་ཡོངས་སུ་སྤངས་ནས་རྣམ་པར་རྟོག་པ་ཡང་དོར་བར་བྱ་བའི་ཕྱིར། བསམ་པ་གཞན་ནི་ཀུན་བཏང་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བསམ་པ་གཞན་ནི་ཕ་རོལ་ལ་སེམས་པ་སྟེ།

དཔེར་ན་གཞན་དག་ཏུ་གཞན་དག་གིས་ནི་འཁྲུལ་པའམ། གཞན་གྱིས་བྱས་པའམ་མ་བྱས་པ་ལ། རྟག་པར་མི་བྱ་བདག་ཉིད་ཀྱི། །མཉམ་དང་མི་མཉམ་ཡང་དག་བརྟག །ཅེས་བཤད་པ་ལྟ་བུའོ། །བདག་ལ་སེམས་པ་ནི་བྱང་ཆུབ་ཀྱི་སེམས་ལ་སེམས་པའོ། །གཅིག་པུ་དེ་

Vol. 106 · folio 56b

ཉིད་དེ། དམིགས་པ་ལ་རྩེ་གཅིག་པ་གང་ལ་ཡོད་པ་དེ་ནི། བདག་ལ་སེམས་པ་གཅིག་པུ་ཡིས། །སེམས་ནི་མཉམ་གཞག་ཕྱིར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞི་གནས་ཀྱིས་མཉམ་པར་གཞག་པའི་ཕྱིར་རོ། །ལྷག་མཐོང་གིས་དུལ་བར་བྱ་ཕྱིར་བརྩོན་ཏེ་

བྱ། །དྲན་པ་དང་། བརྩོན་འགྲུས་དང་། བག་ཡོད་པ་དག་གིས་སོ། །གཞན་ལ་སེམས་པ་ཡང་བྱང་ཆུབ་སེམས་དཔའ་དག་གིས་བྱ་བ་མ་ཡིན་ནམ། དཔེར་ན་གཞན་དག་ཏུ། བདག་གམ་ཡང་ན་གཞན་དག་ལ། །སྡུག་བསྔལ་ཡིན་ཡང་གང་ཕན་ལ། །ཕན་དང་

བདེ་བ་རྣམས་བྱ་སྟེ། བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་འདིར་ཡང་གཞན་ལ་སེམས་པ་གཙོ་བོར་གྱུར་པ་བཤད་པ་ཡིན་ནོ་ཞེ་ན་བདེན་ཏེ། ལས་དང་པོའི་གཞན་གྱི་དོན་གྱི་གོ་རིམས་འདི་ཉིད་ཡིན་ཏེ། འགའ་ཞིག་བདག་ཉིད་དུལ་

བར་མ་བྱས་པར་གཞན་གདུལ་བར་ནུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཕྱིར་བསྟན་པ་ལྟར། བྱ་བ་ནན་ཏན་གྱི་བསམ་གཏན་ཡང་ཕྱིས་འཆད་པར་འགྱུར་

རོ། །འདི་ནི་ནང་དུ་ཡང་དག་འཇོག་པ་ཡིན་པ་དེ་ལྟར་ན་ཏིང་ངེ་འཛིན་ལ་རྩོད་པ་ཅིར་ཡང་མི་རུང་ངོ་། །དེ་ལ་འདོད་པའི་རྟོག་པ་སྤང་བའི་དབང་དུ་མཛད་ནས། འཇིག་རྟེན་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ལ་འདོད་པ་ཡང་སྨོད་པ་ནི་གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། གང་གི་ཕྱིར་དགའ་བའི་དོན་དུའོ། །སྔོན་ནི་སྔར་རོ། །རྫས་ནི་ནོར་ཏེ། བདག་དང་གཞན་གྱིས་ཕན་ཚུན་བདག་གིས་བྱས་པའོ། །གང་ཞིག་སྟེ་གདོང་འབད་དེ་བཏེག་པ་ནི་འོ་བྱེད་པའི་དོན་དུའོ། །དྲངས་ཀྱང་ངོ་ཚས་འོག་ཏུ་བལྟས། །སྔོན་ནི་མཐོང་ངམ་མ་མཐོང་ཡང་། །གོས་ཀྱིས་གདོང་ཡང་

གཡོགས་པར་འགྱུར། །གཡོགས་སམ་མ་གཡོགས་པ་ཉིད་ཀྱི་ཕྱིར་ཁྱོད་ཉོན་མོངས་པའི་བུད་མེད་ཀྱི་གདོང་དེ་ནི། འདེགས་པར་བྱེད་པའི་འབད་རྩོལ་གྱིས། །ད་ལྟ་མངོན་སུམ་གྱུར་པ་བཞིན། །བརྣག་པར་མི་བཟོད་པ་ནི། བྱ་རྒོད་ཀྱིས་བསལ་བྱས་མཐོང་ན་ཏེ། །དུར་ཁྲོད་ལ་སོགས་པར་རོ། །

Vol. 106 · folio 57a

བུད་མེད་ཀྱི་ལུས་འཇིགས་སུ་རུང་བ་འཇིགས་པ་དང་། སྐྱོ་བར་བྱེད་པ་དེས་མཐོང་ནས། །ད་ལྟར་ཅིའི་ཕྱིར་འབྱེར་བར་བྱེད། །གཞན་གང་གིས་ཤེ་ན། གཞན་གྱི་ཟས་ལ་སོགས་པ་སྨོས་ཏེ། མེ་ཏོག་གི་ཕྲེང་བ་ནི་ཕྲེང་བའོ། །རྒྱན་ནི་གདུ་བུ་

ལ་སོགས་པའོ། །དེ་དག་གི་ཅེ་སྤྱང་ལ་སོགས་པ་གང་དག་གི་ཟས་བུད་མེད་ཀྱི་ལུས་ཤའི་ཕུང་པོ་ལ་མཆོད་པར་བྱེད་དེ། དེ་དག་དང་གཞན་དག་གི་བཟའ་བ་ཡིན་ནོ། །ཇི་སྲིད་དེ་ནི་འདི་ལྟར་ཡང་ཤའི་ཕུང་པོ་སྟེ། བུད་མེད་ཀྱི་ལུས་ཀྱི་ཤའི་ཚོགས་ཤ་མང་པོ་ཉིད་ཀྱི་

ཕྱིར་དེ་ལྟ་བུར་གྱུར་པ་འདི་མཐོང་ནས། སེར་སྣ་ཅན་ཁྱོད་ཅིས་མི་སྲུང་། །རུས་གོང་ཉིད་དུ་མཐོང་ནས་ནི། །བུད་མེད་ཀྱི་ལུས་བདག་མེད་པ། །མི་འགུལ་ཡང་ནི་ཁྱོད་སྐྲག་ན། །རོ་ལངས་བཞིན་དུ་འགའ་ཡིས་ཀྱང་། །བསྐྱོད་པར་གྱུར་ན་ཅིས་མི་འཇིགས། །བཤང་

བ་དང་ནི་མི་གཙང་བའོ། །སྔས་ལའང་དགའ་བར་མི་བྱེད་པ། །དྲི་ང་འཛག་པ་མ་ཡིན་ཞེས། །དེའི་ཕྱིར། འདོད་ལྡན་མི་གཙང་བ་ལ་རྨོངས། །མི་གཙང་བ་ཉིད་ལ་རྨོངས་པ་ནི་ཆགས་པའོ། །དེ་ལྟར་ན། གང་ལ་ཞེས་བྱ་བ་ལ་སོགས་པ་ལ་མི་གཙང་བའི་ལུས་གང་ལ་

གཡོགས་ནའང་སྟེ། དེའི་རྣག་གི་པགས་པས་གཡོགས་པ་ལ་ཆགས་པར་གྱུར་པ་བྱ་རྒོད་ཀྱིས་བསལ་བར་བྱ་ཞིང་དེས་བཤུས་ན་ཡང་ཅི་སྟེ། ཅིའི་ཕྱིར་མི་སྡུད། མི་གཙང་བ་ལ་ཆགས་པ་ནི་མ་ཡིན་གྱི། འོན་ཀྱང་བུད་མེད་ལ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། དེ་ནི་ཁྱོད་དོ། །རུས་པའི་གཟེབ་རྒྱུས་པས་འབྲེལ་པའི་འཁྲུལ་འཁོར་གང་ལ་ཡོད་པ་དེ་ནི། རུས་གཟེབ་རྒྱུས་པས་འབྲེལ་པ་ལ། །གཞན་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད། །དེའི་ཕྱིར་མི་གཙང་བ་ལ་ཁྱོད་ཀྱི་ཆགས་པ་འབྱུང་བ་ཡིན་ནོ། །དེ་ལྟར་ན་ཡང་གཞན་

གྱིས་འཁྱུད་པར་བྱ་བ་མ་ཡིན་ནོ་ཞེ་ན། ཁྱོད་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གཙང་བ་དུ་མ་ཡོད་ཅིང་མི་གཙང་བའི་ཕུང་པོ་ཐམས་ཅད་ཟ་བར་འདོད་པའི་ངང་ཚུལ་ཅན་ནི། མི་གཙང་བརྐམ་པས་འདོད་པར་བྱེད། །འོན་ཏེ་བདག་ནི་འདི་དང་གཞན་ལ་དགའ་བ་ཡིན་ནོ་ཞེས་

Vol. 106 · folio 57b

འདིའི་ཤ་ལ་རེག་ཅིང་བལྟ་བར་འདོད་པ་ཡིན་པ་དེ་ལྟ་ན་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་ནི་ཤ་འདི་ལ་དགའ་ཞེས། །རེག་དང་ལྟ་བར་འདོད་ན་ཀོ། །སེམས་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་སེམས་འདོད་པ་ཡིན་ནོ་ཞེ་ན། གང་དེའི་སེམས་

ནི་འདོད་མིན་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་རེག་དང་བལྟ་བར་མི་ནུས་ཏེ། །ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རེག་པ་དང་མཐོང་བར་ནུས་པའི་ལུས་གང་ཡིན་པ་དེ་ནི་སེམས་མ་ཡིན་ན། དོན་མེད་འཁྱུད་དེ་ཅི་ཞིག་བྱ། །གཞན་གྱི་མི་གཙང་བའི་རང་བཞིན་

གྱི་ལུས་ཤེས་པ་ནི་མ་ཡིན་ནོ་ཞེ་ན། མི་གཙང་རང་བཞིན་གཞན་གྱི་ལུས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟོགས་པ་ནི་མི་ཤེས་པའོ། །རང་ཉིད་མི་གཙང་བ་ཉིད་ཡིན་པར་ཁོང་དུ་མ་ཆུད་ཅིང་རྟོགས་པར་མི་འགྱུར་བ་ངོ་མཚར་ཆེའོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཡིད་དུ་

འོང་བའི་ལུས་ཁ་དོག་དང་། དབྱིབས་དང་། དྲི་དང་རེག་བྱར་ལྡན་པ་ལ་ཆགས་པར་རིགས་པ་ཡིན་ནོ་ཞེ་ན། སྤྲིན་བྲལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྲིན་དང་བྲལ་ཞིང་སྒྲིབ་པ་མེད་པའི་ཉི་ཟེར་ཏེ། ཉི་མའི་འོད་ཀྱིས་ཕྱེ་བའི་པདྨ་དེ། །ཆུ་སྐྱེས་གཞོན་ནུ་མངོན་པར་

གསར་པའི་པདྨ་སྤངས་ནས་མི་གཙང་བ་ལ་ཞེན་ཅིང་ཆགས་པའི་སེམས་གང་ལ་ཡོད་པ་དེ་ནི་མི་གཙང་ཞེན་པའི་སེམས་ལྡན་པ་སྟེ། འདོད་ལྡན་འདིས་མི་གཙང་གཟེབ་སྟེ། ལུས་ལ་ཅིའི་ཕྱིར་དགའ། མི་གཙང་བའི་གཟེབ་ལས་བྱུང་བའི་མི་གཙང་བ་ཡང་ཁྲུས་ལ་

སོགས་པས་མངོན་པར་འདུས་བྱས་པ་ལ་ཆགས་པར་རིགས་པ་ཡིན་ནོ་ཞེ་ན། ས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་ལ་སོགས་པ་ནི་བོང་བ་ལ་སོགས་པའོ། །གལ་ཏེ་མི་གཙང་བས་གོས་པར་གྱུར་པ་དེའི་ཚེ་མི་གཙང་བ་ཉིད་ཀྱིས་གོས་པ་ཉིད་ཀྱི་ཕྱིར་རེག་པར་མི་

འདོད་པ་ན། གལ་ཏེ་འདི་ལྟར་ལུས་གང་ལས་དེ་ནི་བྱུང་བའི་མི་གཙང་བ་དེའི་ལུས་ལ་ཅི་སྟེ་ཁྱོད་རེག་འདོད། ཕྱི་རོལ་ལ་གཙང་བ་ནི་ཡོད་པ་མ་ཡིན་པས་དེས་ན། དེའི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར་ལུས་ནི་གཙང་བ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་མི་གཙང་ཞེས་བྱ་བ་ལ་སོགས་

Vol. 106 · folio 58a

པ་སྨོས་ཏེ། མི་གཙང་ཞིང་ལས་བྱུང་གྱུར་ཅིང་། །དེ་ཡི་ས་བོན་དེས་བསྐྱེད་པ་སྟེ། མི་གཙང་བའི་ས་བོན་གྱིས་ཏེ། ཁུ་བ་དང་ཁྲག་འདྲེས་པ་ས་བོན་ཉིད་ཡིན་པའི་ཕྱིར་རོ། །མི་གཙང་བ་དེས་བསྐྱེད་པ་ནི་མི་གཙང་བའི་ཚོགས་ཀྱིས་འཕེལ་བར་བྱས་པ་

ཉིད་ཀྱི་ཕྱིར་རོ། །མི་གཙང་བ་ལ་སོགས་བྱུང་བ་ཡིན་ན་ཡང་མི་གཙང་བ་མང་པོ་མ་ཡིན་པ་དེ་ཡང་རེ་ཞིག་མི་འདོད་ན། ལུས་ནི་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར། མི་གཙང་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གཙང་སྲིན། ཆུང་ངུ་ཡང་མི་གཙང་བ་ལས་

བྱུང་བ་ཡིན་ན་ཁྱོད་འདོད་མི་བྱེད་ན། མི་གཙང་མང་གི་རང་བཞིན་ལུས། །མི་གཙང་སྐྱེས་པ་འདོད་པར་བྱེད། །ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ལུས་ནི་ཤིན་ཏུ་མི་གཙང་བ་ཡིན་ནོ། །ག་པུར་ལ་སོགས་པ་ཞེས་བྱ་བ་དང་། གལ་ཏེ་མི་གཙང་འདི་འདྲ་བ་ཞེས་བྱ་བ་ལ་སོགས་པ་ནི་

ཁོང་དུ་ཆུད་པར་སླའོ། །དགེ་སློང་འདོད་ཆགས་ལ་སྤྱོད་པ་མི་གཙང་བ་ལ་མོས་པའི་དོན་དུ་མཁན་པོས་དུར་ཁྲོད་དུ་ཁྲིད་པ་བས་ཤི་བའི་མོ་མཚན་འབུས་གཞིགས་པ་མཐོང་བ་ན་མཁན་པོ་བཟང་བ་ལ་གཟིགས་ཞེས་ཆགས་པར་འགྱུར་ན། རང་བཞིན་དུ་གནས་པའི་མཚན་མཐོང་ན་ལུས་ལ་

ཆགས་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། གང་ཞིག་པགས་པ་ཁ་ཕྱེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་གྱི་པགས་པ་ཙམ་ནི་ལུས་ཐམས་ཅད་ཀྱི་ཉེ་བར་མཚོན་པ་ཡིན་ནོ། །དེ་ནི་ཁ་ཕྱེ་ཞིང་གཅེར་བུར་བྱས་ནས་ལུས་གང་ལ་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་ཏེ། དེའི་གཟུགས་དང་

སྒྲ་ལ་སོགས་པ་ནི་ཡི་དྭགས་ལ་སོགས་པ་འཁྲུལ་པ་བསྐྱེད་པའི་ཕྱིར། ཤེས་ཀྱང་ཇི་ལྟར་དེ་ཉིད་ལ། །ལུས་དེ་འདི་ཉིད་ཡིན་ནོ་ཞེས་ཤེས་སུ་ཟིན་ཀྱང་རང་བཞིན་དུ་གནས་པའི་ལུས་ལ་ཡང་། ཕྱིར་ཞིང་དགའ་བ་སྐྱེ་བར་འགྱུར། །ཇི་ལྟར་ན་འདི་སྲིད་པ་མ་ཡིན་ཏེ། ཤིན་ཏུ་ངོ་མཚར་

ཆེའོ། །མོ་མཚན་གྱི་པགས་པ་ཁ་ཕྱེ་ཞིང་གསལ་བར་བྱས་པའམ། མཚོན་གྱིས་གཏུབས་པའི་ཕྱེ་མ་དེ་ལ་དགའ་བར་འགྱུར་ཞིང་། ལུས་ཐམས་ཅད་ལ་ཡང་ཞེས་བྱ་བ་འདིར་མི་འགྱུར་རོ། །དྲི་ང་བ་ལ་སོགས་པས་འཇིགས་སུ་རུང་བ་མེ་ཏོག་གི་ཕྲེང་བ་དང་ཙནྡན་ལ་སོགས་པས་འདུས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words