བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ
Sanskrit title (Tibetan script, as in the text) བོ་དྷི་སཏྭ་ཙཱརྱ་ཨ་བ་ཏཱ་ར་པཉྩི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 106 · folio 95b
༄༅༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་
Vol. 106 · folio 96a
ཙཱརྱ་ཨ་བ་ཏཱ་ར་པཉྩི་ཀཱ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དོན་ཆེན་ལྡན་པའི་བྱང་ཆུབ་སྤྱོད་འཇུག་ལ། །ཅུང་ཟད་རྟོགས་པར་དཀའ་
བའི་ཚིག་ཡོད་པ། །དེ་དག་གསལ་བར་རྟོགས་པར་བྱ་ཕྱིར་འདིར། །ད་ནི་བདག་གིས་ཅུང་ཟད་ཙམ་འདི་བྲི། །གྲགས་པ་རྣམས་ཀྱིས་བྱས་པའི་འགྲེལ་པ་ཡོད་མོད་ཀྱི། །དེ་ལྟར་ཁོ་བོས་ཚུལ་བཞིན་བྲི་བར་བྱ། །གང་ཞིག་ཟོལ་མེད་བློ་ལྡན་བྱེ་བྲག་ཤེས། །དེ་ཡིས་འདི་
ཡི་བྱེ་བྲག་ཤེས་པར་འགྱུར། །འདིར་སློབ་དཔོན་ཞི་བའི་ལྷ་གསུང་རབ་ཀྱི་དེ་ཁོ་ན་ཉིད་རིག་པ། རང་དང་གཞན་གྱི་བདེ་བ་ལ་རེ་བ་མེད་པ་དང་འདོད་པ་དང་ལྡན་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་ངེས་པར་གནས་པས། གཞན་རྣམས་ལ་ཡོན་ཏན་དེ་བསྐྱེད་པར་བྱ་བའི་ཕྱིར།
བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་མཛད་པར་བཞེད་ནས། བདེ་གཤེགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་སོ། །ཚིགས་སུ་བཅད་པ་འདི་ལ་དོན་དྲུག་གིས་བསྟན་ཏེ། དཀོན་མཆོག་གསུམ་དང་ཉན་ཐོས་དང་མཁན་པོ་ལ་སོགས་པ་རྣམས་ལ་ཕྱག་བཙལ་བ་
དང་། བརྗོད་པར་བྱ་བ་དང་། འབྲེལ་པ་དང་། དགོས་པ་དང་། རང་དགའི་སྐྱོན་སྤང་བ་དང་། ཟློས་པའི་སྐྱོན་སྤང་བའོ། ཕྱག་བཙལ་བ་ནི་བྱ་བའི་ཁྱད་པར་ཉིད་ཀྱིས་བསྟན་པའོ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ཞེས་པ་ནི་བརྗོད་པར་བྱ་བའི་ཚིག་གོ། །བསྟན་
པར་བྱ་ཞེས་པ་ནི་དགོས་པ་མངོན་པར་བརྗོད་པ་དང་། འབྲེལ་པ་ནི་ཤུགས་ལས་ཤེས་པར་བྱའོ། །གསུང་རབ་ཀྱི་ཚིག་ཅེས་པ་ནི་རང་དགའི་སྐྱོན་སྤང་པའོ། །བཏུས་པ་ཞེས་པ་ནི་ཟློས་པའི་སྐྱོན་སྤང་བ་སྟེ། དེ་དག་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ནི། བདེ་བར་
གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། བདེ་བའི་སྒྲ་ནི་མཛེས་པ་ལ་སོགས་པའི་དོན་ཏོ། །ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པས་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། བུ་མོ་གཟུགས་མཛེས་པ་བཞིན་ནོ། །དེ་ཁོ་ན་ཉིད་མི་གསལ་བར་བྱེད་པའི་མ་
Vol. 106 · folio 96b
རིག་པ་ལ་སོགས་པ་རབ་ཏུ་བསལ་ནས་ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་ན་ཡང་སྟེ། རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །བག་ཆགས་ཐམས་ཅད་རབ་ཏུ་བསལ་ནས་ཇི་སྲིད་དུ་འགྲོ་བར་བྱ་བའི་མཐར་ཕྱིན་པས་ན་ཡང་སྟེ། བུམ་པ་ལེགས་པར་གང་བ་བཞིན་ནོ། །
དེ་ལྟ་བུའི་བདེ་བར་གཤེགས་པ་ལ་གུས་པར་ཕྱག་བཙལ་ནས། བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་བསྟན་པར་བྱའོ་ཞེས་བྱ་བར་འབྲེལ་ཏོ། །སྲས་བཅས་ཞེས་བྱ་བ་ནི་རྒྱལ་བ་རྣམས་ཀྱི་སྲས་པོས་རབ་ཏུ་དགའ་བ་ལ་སོགས་པ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་
དེ་དག་རྣམས་དང་བཅས་ཏེ་སྟབས་གཅིག་ཏུའོ། །དེ་དག་གིས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་བསྟན་ཏོ། །ཆོས་ཀྱི་སྐུ་མངའ་ཞེས་པ་ནི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་མངའ་བ་དང་སྟབས་གཅིག་ཏུའོ། །ཆོས་ཀྱི་ཚོགས་བཅས་ཞེས་པའི་ཚིག་གིས་ནི་
ཉན་ཐོས་ཀྱི་དགེ་འདུན་ཡང་བརྗོད་དེ། ཉན་ཐོས་ལ་སོགས་པ་ཕྱག་བྱ་བའི་འོས་སུ་གྱུར་པ་མ་ལུས་པ་ལ་ཕྱག་བྱས་པའོ། །ཅི་སྟེ་སངས་རྒྱས་ཀྱི་རྗེས་ལ་ཆོས་ལ། དེའི་རྗེས་ལ་དགེ་འདུན་ལའོ་ཞེས་བསྟན་པར་བྱ་བ་ལ་ཅི་སྟེ་གོ་རིམས་བཟློག་ནས་བསྟན་ཞེ་ན། ཚིགས་སུ་བཅད་པ་འབྲེལ་
པར་བྱ་བའི་ཕྱིར་རོ། །བདེ་བར་གཤེགས་པའི་བདག་ཉིད་ཀྱི་ཆོས་ཀྱི་དེའི་དབང་གིས་བསྐྱེད་པ་ནི་བདེ་བར་གཤེགས་པའི་སྲས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་སྡོམ་པའམ་སྡོམ་པར་བྱེད་པས་ན་སྡོམ་པ་སྟེ། བྱང་ཆུབ་ཀྱི་སེམས་གཟུང་བ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་སེམས་དཔའི་
བསླབ་པ་ཡང་དག་པར་ལེན་པ་དེ་ལ། གང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ལ་སོགས་པ་དེས་འཇུག་པར་བྱེད་པའོ། །ཅི་སྟེ་ཁྱོད་ཀྱིས་རང་དགར་བརྩམས་པ་ལ་སུས་འཛིན་པར་བྱེད་སྙམ་པ་ལ་བརྗོད་པ། གསུང་རབ་ཀྱི་ཚིག་སྟེ་ལུང་ལས་མ་འདས་པའོ། །ཅི་སྟེ་ལུང་ལ་དད་པ་རྣམས་དེ་ཉིད་
ལ་འཇུག་པར་རག་མོད། ཁྱོད་ཀྱིས་ཅི་བསྟན་ཞེ་ན། བརྗོད་པ་བཏུས་པ་སྟེ་མདོར་བསྡུས་ནས་སོ། །ཅི་ལུང་བཞིན་དུ་ཞེས་སྨོས་པས་དོན་ལ་ཁྱད་པར་མེད་པའི་ཕྱིར་ཇི་ལྟར་གཞན་དག་འཇུག་པར་བྱེད་སྙམ་པ་ལ། སྔོན་ཆད་མ་བྱུང་བ་ནི་འདིར་བརྗོད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ནི་
Vol. 106 · folio 97a
ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །སྡུད་སྦྱོར་ནི་ཚིག་མཛེས་ཤིང་འཇེབས་པར་དགོད་པའོ། །དེའི་ཕྱིར་ཞེས་པ་ནི་སྔར་མ་བྱུང་བ་བརྗོད་པ་དང་། སྡུད་སྦྱོར་མཁས་པ་མེད་པ་དེའི་ཕྱིར་རོ། །འོ་ན་ཅིའི་དོན་དུ་བྱས་ཤེ་ན། རང་གི་ཞེས་བྱ་བ་སྨོས་ཏེ། རང་གི་
ཞེས་ཡིད་ལ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བའི་ཕྱིར་ཏེ། བསླབ་པར་བྱ་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་བདག་གིས་ཞེས་སྨོས་ཏེ། དགེ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །དད་པའི་ཤུགས་ཏེ་དད་པའི་སྟོབས་འཕེལ་བར་འགྱུར་རོ། །རེ་ཞིག་ཅེས་བྱ་བའི་སྒྲས་ནི་གཞན་
གྱི་དོན་ལ་རེ་ལྟོས་ཡོད་པར་བསྟན་པའི་ཕྱིར་སྨོས་ཏེ། ཅི་སྟེ་ཞེས་སྨོས་ཏེ། བདག་དང་སྐལ་བ་མཉམ་པ་ནི་སྐལ་བ་མཚུངས་པའོ། །སྡོམ་པ་ལ་འཇིག་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བརྗོད་པར་བཞེད་ནས། སྐབས་སུ་བབ་པའི་ཚིག་དལ་འབྱོར་ཞེས་སྨོས་ཏེ། དལ་
འབྱོར་ནི་མི་ཁོམ་པ་བརྒྱད་ལས་རྣམ་པར་གྲོལ་བའི་མིའི་དངོས་པོའོ། །མི་ཁོམ་པ་ནི་འདི་དག་རྣམས་ཏེ། དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ཀླ་ཀློ་ཚེ་རིངས་ལྷ་དང་ནི། །ལོག་ལྟ་སངས་རྒྱས་མེད་པ་དང་། །ལྐུགས་པ་ལ་སོགས་མི་ཁོམ་བརྒྱད། །གང་ན་མཚན་མོ་མུན་ནག་སྤྲིན་
དུ་གྱུར་པ་དེ་ནའམ། ཡང་ན་དེ་ནས་སོ། །དེ་བཞིན་དུ་འཁོར་བའི་མུན་ནག་སྡིག་པའི་སྤྲིན་རུམ་དུ་སངས་རྒྱས་ཀྱི་གློག་གི་མཐུས་བསོད་ནམས་ཀྱི་བློ་གྲོས་ཐང་འགའ་སྟེ་སྐད་ཅིག་ཙམ་འབྱུང་བའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་ཉིད་ཀྱི་ཕྱིར། དགེ་བ་ཉམ་ཆུང་བ་ཉིད་ལ་རྟག་པའོ། །
སྡིག་པའི་སྟོབས་ནི་ནུས་པའོ། །ཆེན་པོ་ནི་མི་ཁོམ་པའོ། །ཤིན་ཏུ་མི་བཟད་པ་ནི་འཇིགས་པར་བྱེད་པའོ། །གལ་ཏེ་སྟོབས་ཆེན་པོ་ཡིན་དུ་ཟིན་མོད། དེ་ལྟ་ན་ཡང་བསོད་ནམས་གཞན་གྱིས་རྒྱལ་བར་བྱེད་དོ་ཞེས་དོགས་པ་ལ། དེ་ནི་ཞེས་བྱ་བ་སྨོས་ཏེ། མིན་པ་ཞེས་པ་ནི་རྟག་པའི་
མཐའ་བཟུང་བའོ། །ཡང་ན་བར་ཞེས་པ་མི་སྲིད་པའོ། །བྱང་ཆུབ་པ་ནི་སངས་རྒྱས་ཉིད་དོ། །སེམས་ནི་སྙིང་རྗེའི་སེམས་སོ། །གལ་ཏེ་བྱང་ཆུབ་ཀྱི་སེམས་དེ་མེད་ན། དགེ་བ་གཞན་གང་གིས་ཟིལ་གྱིས་ནོན་པར་འགྱུར་ཏེ་མི་སྲིད་དོ་ཞེས་བྱ་བའོ། །འདིའི་ཕྱིར་ཡང་བླང་བར་བྱའོ་ཞེས་
Vol. 106 · folio 97b
བསྟན་པར་བྱ་བའི་ཕྱིར། བསྐལ་པ་ཞེས་སྨོས་ཏེ། བསྐལ་པ་ཞེས་བྱ་བ་ནི་ཐམས་ཅད་དཔག་ཚད་ཕྱེད་ཕྱེད་པ་ལ་ཀ་ཤི་ཀའི་རས་ཀྱིས་ལོ་བརྒྱ་བརྒྱ་ན་ཕོགས་རེ་ཕྱགས་པས་ནམ་ཟད་པར་འགྱུར་བ་དེ་ཙམ་ན་བསྐལ་པ་བར་མའོ། །བར་གྱི་བསྐལ་པ་བརྒྱད་ཅུ་ཐམས་ཅད་པ་ན་བསྐལ་པ་ཆེན་
པོའོ། །གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་དེ་ལ་ཕན་པ་ཡིན་སྙམ་པ་ལ། འདི་ཉིད་ཅེས་སྨོས་ཏེ། གང་གི་ཕྱིར་བདེ་བླག་ཉིད་དུ་སྟེ། སྐྲ་འབལ་བ་ལ་སོགས་པའི་དཀའ་ལས་མེད་པར་རོ། །བདེ་མཆོག་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་སོ། །ཐོབ་པར་བྱེད་པ་ནི་རབ་
ཀྱི་མཐར་ཕྱིན་གྱི་བར་དུ་འབྲེལ་བར་བྱེད་ཅིང་འཁོར་བའི་སྡུག་བསྔལ་ལས་འདོན་ཅིང་ཐར་བར་བྱེད་པའོ། །བྱམས་པའི་སྟོབས་ལ་སོགས་པའི་གཏམ་རྒྱུད་ནི་གཞན་ལ་ཕན་པར་འགྱུར་བ་འདོད་པའི་བདེ་བ་ཉིད་བདེ་བར་སྒྲོ་བཏགས་པའི་ཕྱིར་རོ། །འདིའི་ཕྱིར་ཡང་གཏང་བར་མི་
བྱའོ་ཞེས་བསྟན་པའི་ཕྱིར། སྲིད་པའི་ཞེས་བྱ་བ་སྨོས་ཏེ། ལུང་ལས་མི་རྟག་པའི་ཕྱིར། གཞོམ་པར་འདོད་པའོ་ཞེས་འབྱུང་བས་ན་གཞོམ་པར་འདོད་པའོ། །ཀྱང་གི་སྒྲ་ནི་མི་བདེ་བ་ཞེས་པའི་མཐར་ཡང་ངོ་། །མི་བདེ་བ་ནི་བྲེལ་ཞིང་ཕོངས་པའོ། །ཡོན་ཏན་གྱི་ཁྱད་པར་
འདིའི་ཕྱིར་ཡང་གཟུང་བར་བྱའོ་ཞེས་བསྟན་པའི་ཕྱིར་འཁོར་བ་ཞེས་བྱ་བ་སྨོས་ཏེ། འཁོར་བ་ཉིད་བཙོན་རའོ། །བསྡམས་པ་ནི་དེར་འདོད་ཆགས་ལ་སོགས་པས་བཅིངས་པའོ། །ཉམ་ཐག་པ་ནི་འདིར་ཤིན་ཏུ་ཉེན་པའོ། །གང་འཇིག་རྟེན་ལྷ་དང་མིར་བཅས་པས་ཕྱག་བྱ་བ་དང་།
བསྟོད་ཅིང་བཀུར་བར་ཡང་ངོ་། །ཡང་ན་བཅས་པའི་སྒྲ་ནི་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་དེའོ། །འགྱུར་ཞེས་པ་ནི་འདས་པའི་ཚིག་ཁ་སྐོང་བའོ། །ད་ནི་ཡང་དག་པར་བསྐུལ་བའི་ཕྱིར། མི་གཙང་ཞེས་སྨོས་ཏེ། རིན་ཐང་མེད་པའི་ཡིད་བཞིན་གྱི་ནོར་བུ་དོན་ཆེན་པོར་
འགྱུར་བའོ། །གསེར་འགྱུར་རྩི་ཡི་རྣམ་པ་ནི་གསེར་འགྱུར་རྩིའི་བྱེ་བྲག་གོ། །སྒྱུར་བས་ཞེས་པ་ནི་ངེས་པར་སྒྱུར་བར་བྱེད་པའོ། །དེས་ན་བདག་གི་དོན་དུ་ཡང་གཟུང་བར་བྱའོ་ཞེས་བསྟན་པར་བྱའོ། །ལེགས་པར་ཡོངས་སུ་ཞེས་སྨོས་ཏེ་འགྲོ་བ་ཉིད་ཀྱི་ཚོང་དུས་སུ་དགེ་བ་དང་
Vol. 106 · folio 98a
མི་དགེ་བ་ལས་བཙོང་བར་བྱ་བའི་ཕྱིར་ཟོང་དེ་བྱེད་པའི་གནས་ནི་གནས་ཏེ། དེ་དང་བྲལ་བར་འདོད་པའོ། རིན་པོ་ཆེ་བཞིན་དུ་རྙེད་པར་དཀའ་བའི་ཕྱིར་རིན་ཆེན་ནོ། །དོན་ནི་འདི་ཡིན་ཏེ། ཁྱོད་ཚོང་པ་བཞིན་དུ་བདེ་བ་དང་ཕུན་སུམ་ཚོགས་པའི་རྙེད་པ་དོན་དུ་
གཉེར་བ་ཡིན་པས། དོན་ཆེན་པོའི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་འདི་ཟུང་ཤིག་པའོ། །ཡིད་བཞིན་གྱི་ནོར་བུ་བཞིན་དུ་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་པར་དཀའོ། །སུས་དེ་ལྟར་བརྟགས་སྙམ་པ་ལ། ཚད་མེད་པ་སྟེ་གཞལ་དུ་མེད་པའི་བློ་ལ་སོགས་པ་དང་གང་ལྡན་
པ་དེ་འགྲོ་བའི་དེད་དཔོན་ནོ། །དེ་ནི་འགྲོ་བ་རྣམས་ཀྱི་དེད་དཔོན་གཅིག་པུ་སྟེ་གཉིས་པ་མེད་པ་དེས་བརྟགས་པའོ། །དེའི་དོན་དུ་ཆེན་པོའི་བདག་ཉིད་བསྟན་པའི་ཕྱིར་ཆུ་ཤིང་ཞེས་སྨོས་ཏེ། བསྐྱེད་པ་བྱིན་ནས་སོ། །རྟག་ཏུ་འབྲས་བུ་འབྱིན་པ་སྐད་ཅིག་རེ་རེ་རྒྱུ་མཐུན་པའི་འབྲས་
བུ་སྟེར་བའི་ཕྱིར་རོ། །མི་ཟད་པ་ནི་སྐྱེ་བ་རེ་རེར་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པས་རྒྱུ་མཐུན་གྱི་འབྲས་བུ་རྒྱུན་མི་འཆད་པའི་ཕྱིར་རོ། །འཕེལ་བར་འགྱུར་བ་ནི་དེའི་དབང་གིས་གཞན་རྣམས་ལ་ཡང་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པའོ། །བྱང་ཆུབ་ཀྱི་སེམས་ལྗོན་ཤིང་ལྟ་
བུར་མཚོན་པ་ནི་སྟག་ལ་སོགས་པའི་རང་བཞིན་ལྟ་བུའི་བསྡུ་བ་བྱས་པའོ། །སྡིག་པ་ཟད་པར་འགྱུར་བའི་རྒྱུ་ཡང་ངོ་ཞེས་བསྟན་པའི་ཕྱིར། སྡིག་པ་བྱས་ནས་ཡང་ཞེས་སྨོས་ཏེ། སྒྲོལ་བ་ནི་ཁུ་བར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྟེན་གྱི་སྟོབས་ཀྱིས་བྱས་ཤིང་བསགས་པའི་
སྡིག་པ་ཟིལ་གྱིས་ནོན་པར་བྱེད་དོ་ཞེས་གསུངས་སོ། །རྟེན་ནི་དཀོན་མཆོག་གསུམ་མོ། །འདི་ནི་སྲེད་པར་བྱེད་པ་ཡང་ངོ་ཞེས་བསྟན་པའི་ཕྱིར། དུས་མཐའི་ཞེས་བྱ་བ་སྨོས་ཏེ། དུས་མཐའ་ནི་འཇིག་རྟེན་འཇིག་པའི་དུས་སོ། །མེ་ནི་ཉི་མ་བདུན་ཤར་བ་སྟེ། དེ་ཀུན་དུ་བྱུང་བས་འདོད་པའི་
ཁམས་ཐམས་ཅད་ནས་བསམ་གཏན་དང་པོའི་བར་དུ་ལྷག་མ་མེད་པར་རིམ་གྱིས་སྲེག་པ་སྟེ་དེ་བཞིན་དུའོ། །ཕན་ཡོན་ནི་ཡོན་ཏན་ནོ། །དཔག་ཏུ་མེད་པ་ནི་གཞལ་གྱིས་མི་ལང་བའོ། །ནོར་བཟངས་ནི་ཚོང་དཔོན་གྱི་བུའོ། །བློ་དང་ལྡན་པ་ནི་ཤེས་རབ་ཆེན་པོ་ཅན་ནོ། །གསུངས་པ་ནི་དེས་རིགས་
Vol. 106 · folio 98b
ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བོན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟན། །ཞེས་བྱ་བ་དེ་འདིར་ཡང་སྦྱར་རོ། །ཅི་སྟེ་བཅོམ་ལྡན་འདས་ཀྱིས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་
ཟ། །ཞེས་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་འཐད་ཅེ་ན་ཆུད་མ་ཟོས་པ་ནི་འདིར་འབྲས་བུ་སྟེར་བའི་ནུས་པ་དང་ལྡན་པ་སྟེ། དེས་ན་ཉེས་པ་མེད་དོ། །ད་ནི་དེའི་དབྱེ་བ་བསྟན་པའི་ཕྱིར། དེ་ཞེས་བྱ་བ་སྨོས་ཏེ། རིགས་ཀྱི་དབྱེ་བ་རྣམ་པ་དུ་མ་ཡོད་དུ་ཟིན་གྱིས་ཀྱང་། །མདོར་བསྡུས་
ནས་རྣམ་པ་གཉིས་སུ་གསུངས་སོ། །སྨོན་པའི་སེམས་ནི་སངས་རྒྱས་གྲུབ་པར་ཤོག །ཅེས་པའོ། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྤྱོད་བཞིན་པའི་སེམས་ནི་འཇུག་པའི་སེམས་སོ། །དེ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། འགྲོ་བར་འདོད་དང་ཞེས་བྱ་བ་སྨོས་ཏེ། དཔེར་
ན་གཅིག་ལ་གྲོང་དུ་འགྲོ་བར་འདོད་པའི་བསམ་པ་ཡོད་པ་དང་། གཞན་དག་གཅིག་ལམ་དུ་ཞུགས་ནས་འགྲོ་བ་དེ་དག་གཉིས་ཀྱི་བྱེ་བྲག་བཞིན་ནོ། །མཁས་པ་ནི་གང་ལས་ཤེས་རབ་ཁྱད་པར་ཅན་སྐྱེས་པ་དེས་སོ། །རིམ་བཞིན་ནི་རིམ་པ་ལས་མ་འདས་པ་སྟེ། གོ་རིམས་ཇི་
ལྟ་བར་གྲངས་བཞིན་ནོ། །སྨོན་པའི་སེམས་ལ་རྟོགས་པ་མ་ཚང་ཡང་འཁོར་བར་འབྲས་བུ་ཆེན་པོ་བསྐྱེད་དོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་ཅེས་སྨོས་ཏེ། འཁོར་ཚེའང་ཞེས་བྱ་བ་ནི་བྱང་ཆུབ་ནས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དང་ལྡན་པ་ལྟ་ཞོག་
ཅེས་བྱ་བའོ། །བསོད་ནམས་རྒྱུན་མི་འཆད་པ་ཉིད་དུ་བསྟན་པའི་ཕྱིར། གང་ནས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། སེམས་ཅན་གྱི་ཁམས་ནི་རང་བཞིན་ནོ། །ཉོན་མོངས་པ་ལ་སོགས་པའི་རང་བཞིན་ནོ། །དེ་དགྲོལ་བ་འམ་སྟོང་པར་བྱེད་པའི་རྒྱུ་མཚན་
གྱིས་སོ། །སེམས་དེ་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཏེ། ཡང་དག་པར་བླང་བ་ལ་ཞུགས་པར་གྱུར་པའི་མི་ལྡོག་པ་ནི་ཕྱིར་མི་ལྡོག་པའོ། །གཉིད་ལོག་པ་ནི་ཉལ་བའོ། །བག་མེད་པ་ནི་སྙེས་པའོ། །དུ་མ་ནི་སྐད་ཅིག་སོ་སོ་རེ་རེ་ལ་རྣམ་པ་དུ་མ་འབྱུང་བའོ། །རྒྱུན་ནི་རབ་ཏུ་
Vol. 106 · folio 99a
འབྲེལ་པའོ། །མཁའ་ནི་ནམ་མཁའོ། །མཉམ་པ་ནི་དེ་དང་མཚུངས་པ་སྟེ་མཐའ་ཡས་པའི་ཕྱིར་རོ། །འདིའི་རིགས་པ་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་སྨོས་ཏེ། འདི་ནི་ཞེས་བྱང་ཆུབ་ཀྱི་སེམས་སོ། །ལག་བཟངས་ཀྱིས་ཞུས་པའི་མདོ་ལས། འཐད་པ་དང་
བཅས་པ་སྟེ། རིགས་པ་དང་བཅས་པར་གསུངས་པའོ། །དམན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའོ། །མོས་པ་ནི་གང་དག་དེའི་མོས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། གླད་ནད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། བསལ་ལོ་སྙམ་ཞེས་
བྱ་བ་ལ་སྨན་དང་སྔགས་ལ་སོགས་པས་སོ་ཞེས་བྱ་བ་ནི་ལྷག་མའོ། །ཕན་འདོགས་པའི་བསམ་པ་ནི་སྲེད་པ་དང་བྲལ་བའི་སྨན་པ་ལ་སོགས་པ་རྣམས་ཀྱིའོ། །མི་བདེ་བ་ནི་ལུས་དང་སེམས་གཉིས་ཀྱི་མི་བདེ་བའོ། །རེ་རེ་ནི་སེམས་ཅན་སོ་སོའི་འོ། །བསལ་བར་འདོད་པ་ནི་བྲལ་བར་འདོད་
པའོ། །ཡོན་ཏན་དཔག་ཏུ་མེད་པའི་དངོས་པོར་རོ། །དེ་ཉིད་ཀྱི་ཕྱིར་མཆོད་པར་བྱ་བའི་འོས་སུ་གྱུར་པའོ་ཞེས་བསྟན་པའི་ཕྱིར། སུ་ལ་ཞེས་སྨོས་ཏེ། སུ་ལ་འདི་འདྲའི་ཕན་སེམས་ཡོད། །ཅེས་པས་སྤྱིར་བསྟན་ནས། བྱེ་བྲག་ཏུ་བསྟན་པའི་ཕྱིར། ཕའམ་ཞེས་སྨོས་སོ། །འམ་
གྱི་སྒྲས་ནི་སྤུན་ཟླ་ལ་སོགས་པ་གཟུང་ངོ་། །ལྷ་ནི་ཕྱོགས་སྐྱོང་བ་རྣམས་ལ་སོགས་པའོ། །ཚངས་པ་ནི་སྤྲུལ་པར་བྱེད་པ་སྟེ་གཞན་དག་གི་འདོད་པས་སོ། །གང་གི་ཕྱིར་སེམས་དེ་སྐྱེས་པར་འགྱུར་སྙམ་པ་ལ། དེ་དག་ཉིད་ལའང་ཞེས་སྨོས་ཏེ། འཇིག་རྟེན་ཐམས་ཅད་ན་སྙིང་
བརྩེ་བ་ནི་རང་ཡིན་ཡང་། དེ་ལ་ཡང་འདི་འདྲ་བའི་སེམས་མ་སྐྱེས་ན་གཞན་ལ་ཅི་ལ་སྐྱེ་ཞེས་བྱའོ། སྔོན་ནི་སྔར་ཞེས་ཤེས་པར་བྱའོ། །འདི་ནི་ཐུན་མོང་མ་ཡིན་པ་ཉིད་བསྟན་ནས་མཇུག་བསྡུ་བར་བྱ་བའི་ཕྱིར། སེམས་ཅན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་འཁྲུངས་ཞེས་རྨད་དུ་བྱུང་
བར་བསྟན་པའམ། ཡང་ན་གང་ནས་བྱུང་ཞེས་བྱ་སྟེ། གལ་ཏེ་བྱང་ཆུབ་ཀྱི་སེམས་མ་བྱུང་ན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་སྐད་དུ་བརྗོད་ཅེས་དགོས་པ་ལ། གཞན་དག་ཅེས་བྱ་བ་སྨོས་སོ། །ཡང་བྱང་ཆུབ་ཀྱི་སེམས་ཕན་ཡོན་གྱི་སྒོ་ནས་བྱང་ཆུབ་སེམས་དཔའི་བསོད་
Vol. 106 · folio 99b
ནམས་གཞལ་དུ་མེད་པ་ཉིད་དུ་བསྟན་པའི་ཕྱིར་འགྲོ་བ་ཞེས་སྨོས་ཏེ། དགའ་བ་ནི་ལྷ་ལ་སོགས་པའི་ཕུན་སུམ་ཚོགས་པའོ། །རྒྱུ་ནི་ས་བོན་ནོ། །དེ་ལ་ཇི་ལྟར་གཞལ་གྱིས་ལང་ཞེས་པ་ནི་དེ་རྣམས་གང་གི་སྒོ་ནས་བགྲང་བར་ནུས་ཞེས་བྱ་བའོ། །དེ་སྐད་དུ་ཡང་། བྱང་ཆུབ་སེམས་ཀྱི་
བསོད་ནམས་གང་། །དེ་ནི་གཟུགས་ཅན་ཡིན་གྱུར་ན། །ནམ་མཁའི་ཁམས་ཀུན་གང་བ་འམ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་ཕན་པར་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་ལ་ཕན་པར་བསམས་པ་ཙམ་ཉིད་ཀྱིས་ཟང་ཟིང་གི་སྦྱིན་པ་ལས་
བརྩམས་པའི་མཆོད་པའི་ཁྱད་པར་གཞལ་གྱིས་མི་ལང་བས། སངས་རྒྱས་ལ་མཆོད་པ་བྱས་པ་བས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་པར་བསྟན་ཏོ། །དེ་སྐད་དུ་ཡང་སྐྱེས་བུ་འགའ་ཞིག་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་བགྲང་གིས་མི་ལང་བ་རིན་པོ་ཆེ་སྣ་བདུན་གྱིས་
བཀང་སྟེ། འཇིག་རྟེན་མགོན་པོ་ལ་ཕུལ་བ་བས་གང་ཞིག་གིས་ཐལ་མོ་སྦྱར་བས་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ན་འདི་ཁྱད་པར་དུ་འཕགས་ཏེ། མཆོད་པ་སྔ་མ་དེས་འདི་ལ་ཆར་ཡང་མི་ཕོད་དོ་ཞེས་གསུངས་སོ། །གལ་ཏེ་སེམས་ཅན་སྒྲིན་པོ་རྣམས་ཀྱིས་རང་རང་གི་ཕན་པ་དང་མི་ཕན་པ་
བླང་བ་དང་དོར་བ་ཤེས་པ་མ་ཡིན་ནམ་དེ་ལ་ཁྱོད་ཀྱིས་ཅི་བསྟན་ཞེས་དགོངས་པ་ལ། སྡུག་བསྔལ་ཞེས་སྨོས་ཏེ། སྡུག་བསྔལ་ནི་མེར་འཇུག་པ་ལ་སོགས་པའོ། །མངོན་པར་བརྒྱུག་པ་ནི་བསམ་པ་དེས་འཇུག་པའོ། །སྡུག་བསྔལ་ནི་སྲིད་པའོ། །དོར་བར་འདོད་པ་ནི་གང་ལས་ཐར་བར་འདོད་
པའི་བསམ་པ་ཡོད་པའོ། །དེ་ཉིད་ཀྱི་ཕྱིར། བདེ་བར་འདོད་ཀྱང་སྟེ་བདེ་བར་མངོན་པར་འདོད་ཀྱང་ངོ་། །བདེ་བ་ནི་མཐོང་བ་དང་མ་མཐོང་བའི་དངོས་པོའོ། །ཇི་ལྟ་ཞེ་ན། གཏི་མུག་པ་སྟེ། མཐོ་རིས་ལ་སོགས་པའི་ལས་མ་ཤེས་པའི་ཕྱིར་རོ། །ད་ནི་དེའི་དགོངས་པ་བསྐང་བའི་དོན་དུ།
གང་ཞིག་ཅེས་བྱ་བ་ལ་སོགས་པས་བསྟོད་པ་གསུངས་པ་ལ། བདེ་བ་ནི་ཀུན་ནས་ཚིམ་པའོ། །ཕོངས་པ་ནི་སྡུག་བསྔལ་མང་པོས་གཟིར་བའོ། །ཚིམ་པ་ནི་ངོམས་པར་བྱས་པའོ། །སེལ་བར་བྱེད་པ་ནི་ཤེས་རབ་ཆེན་པོས་སོ། །དགེ་བ་ནི་སེམས་ཅན་གྱི་དོན་བྱེད་པའོ། །གང་དེ་ལྟར་རྒྱུ་
Vol. 106 · folio 100a
བར་བྱེད་པ་དང་མཚུངས་པ་གཞན་ན་མེད་པའོ། །ཕན་གདགས་པ་ནི་མཁོ་དགུ་བྱས་པའོ། །ལན་ལྡོན་པ་ནི་སྔར་ཕན་འདོགས་པའོ། །བསྔགས་པར་འོས་པ་ནི་འདོད་པར་འོས་པའོ། །མ་བཅོལ་བར་ཕན་པར་བྱེད་པ་ནི་མ་བསྐུལ་བར་ཕན་པར་བྱེད་པའོ། །
སྨོས་ཅི་དགོས་ཞེས་བྱ་བ་ནི་ཆེར་བསྔགས་པར་འོས་སོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ཉུང་ཟད་ནི་ཚད་དུ་བྱས་པ་ལ་སྟེར་བའོ། །ནར་མ་ནི་སེམས་ཅན་སྐྱོབ་པར་བྱེད་པས་ན་ནར་མའོ། །ནར་མ་དེ་ཚུལ་ཇི་ལྟར་སྟེར་སྙམ་པ་ལ། སྐད་ཅིག་སྟེ་ཡུན་མི་རིང་བར་རོ། །ཟས་ཙམ་སྟེ་འབྲས་ངན་
གྱི་ཟན་གཏོང་འབའ་ཞིག་པོ་དེ་ཙམ་སྦྱིན་པར་བྱེད་པའོ། །དེ་ཇི་ལྟ་བུར་གྱུར་པའི་སྦྱིན་པ་ཞིག་སྙམ་པ་ལ། བརྙས་བཅས་ཏེ་གུས་པ་མེད་པར་བཙན་ཐབས་སུ་གར་བབ་ཏུ་གྲལ་ལ་བཅུག་ནས་སོ། །ཉིན་ཕྱེད་ནི་གང་དགོངས་ཀ་ཡན་ཆད་འགྲངས་ཙམ་སྟེ། དེ་ཡང་དགོངས་ཀ་ཟས་
བཙལ་དགོས་པའི་ཕྱིར་རོ། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར་བ་ནི་སྟོད་པར་བྱེད་པའོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་དེ་ལས་བཟློག་པའོ་ཞེས་བསྟན་པའི་ཕྱིར་སེམས་ཅན་ཞེས་སྨོས་ཏེ། གང་དུས་འདི་ཙམ་དུའོ་ཞེས་བྱ་བ་མེད་པ་ནི་དུས་རིང་དུའོ། །སེམས་ཅན་གྱི་གྲངས་མཐའ་
ཡས་པ་དེ་ལ་སྦྱིན་པ་སྟེར་བར་བྱེད་པའོ། །འགྲོ་བ་ལ་ཕན་པ་རྣམས་ལ་ནམ་མཁའ་བཞིན་དུ་མཐའ་མེད་པའི་ཕྱིར་དེ་དག་ཀྱང་དེར་ཟད་པའོ། །མཐའ་ཡས་པའི་ཕྱིར་འདི་ཙམ་དུ་ཟད་དོ་ཞེས་བྱ་བ་མེད་པས་ན་ཟད་པ་མེད་པའོ། །ཡང་ན་འགྲོ་བ་དང་ནམ་མཁའོ་ཞེས་ཟླས་དབྱེ་བའོ། །རྫོགས་
པར་བྱེད་པ་ནི་མངོན་པར་འདོད་པའི་དོན་བྱིན་པས་སོ། །སྨོས་ཅི་དགོས་ནི་སྨོས་མི་དགོས་པའོ། །དེས་ནི་བྱང་ཆུབ་སེམས་དཔའ་ཤིན་ཏུ་བཀུར་བའི་འོས་སུ་བསྟན་ནས། བྱང་ཆུབ་སེམས་དཔའ་ལ་ངན་སེམས་བསྐྱེད་པའི་ཉེས་དམིགས་བསྟན་པའི་ཕྱིར། དེ་འདྲ་བའི་ཞེས་བྱ་བ་སྨོས་ཏེ། དེ་
འདྲ་བའི་ཞེས་པ་ནི་དེ་ལྟ་བུར་གྱུར་པའོ། །སྲས་ལ་ཞེས་བྱ་བ་ནི་ཡུལ་གྱི་བདུན་པའོ། །ངན་སེམས་ནི་མ་དད་པས་སོ། །ཇི་སྲིད་དུ་ན་ངན་སེམས་བསྐྱེད་པའི་སྐད་ཅིག་མའི་རྒྱུན་འདི་སྲིད་ཀྱི་བསྐལ་པར་དམྱལ་བར་གནས་པར་འགྱུར་རོ་ཞེས་དགོངས་སོ། །ད་ནི་དེ་ལས་བཟློག་པ་
Vol. 106 · folio 100b
བསྟན་པའི་ཕྱིར། འོན་ཏེ་ཞེས་སྨོས་ཏེ། ཡིད་ནི་སེམས་སོ། །སེམས་དང་བ་དེའི་འབྲས་བུ་སྔ་མ་དེ་བས་ཁྱད་ཆེས་འཕགས་པར་ལྷག་པར་འཕེལ་བའོ། །གང་གི་ཕྱིར་རྒྱལ་བའི་སྲས་པོ་རྣམས་སེམས་ཅན་གྱི་དོན་འབའ་ཞིག་བྱེད་པས་དགེ་བ་ངང་གིས་འཕེལ་བ་ཡིན་པའི་ཕྱིར་
རོ། །ད་ནི་བསྟན་བཅོས་མཁན་པོ་རང་གི་སེམས་ཀྱི་དང་བ་གསལ་བར་བསྟན་པའི་ཕྱིར། གང་ལ་ཞེས་སྨོས་ཏེ། གང་ལ་སྟེ་ལུས་པོ་རྣམས་ལའོ། །སྐྱེས་པ་ནི་རྫོགས་པར་གྲུབ་པའོ། །བདེ་འབྲེལ་ཞེས་བྱ་བ་ནི་གང་གནོད་པར་བྱེད་མཁན་དེས་བྱང་ཆུབ་སེམས་དཔའི་བཟོད་པ་མཐོང་
ནས་དང་བའི་སེམས་སྐྱེ་བར་འགྱུར་བའམ། ཡང་ན་དེ་བྱང་ཆུབ་སེམས་དཔའ་དང་བས་འཛིན་ཅིང་དང་བས་འདོན་པའོ། །འབྱུང་གནས་ནི་ཞིང་ངོ་། །སྐྱབས་སུ་མཆི་བ་ནི་སྐྱོབ་པར་བྱེད་པ་ཉིད་དུ་ཁས་བླངས་པའོ། །དམྱལ་བར་ངེས་པར་གནས་པར་འགྱུར་རོ་ཞེས་གསུངས་པ་ནི་
གནོད་པར་བྱས་པའི་རྗེས་ལ་དམྱལ་བར་མ་སྐྱེས་པ་ལ་དགོངས་པ་ཡིན་ནོ། །ཕན་ཡོན་ནི་འབྲས་བུའོ། །ལེའུ་ནི་རབ་ཏུ་བྱེད་པ་རྫོགས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་དང་པོའི་དཀའ་འགྲེལ་ལོ།། །།ད་ནི་བྱང་ཆུབ་ཀྱི་སེམས་དེ་གཟུང་བར་
བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལ་སོགས་པ་རྣམས་ལ་མཆོད་པར་བྱ་བ་བསྟན་པའི་ཆེད་དུ་སེམས་དེ་ཞེས་བྱ་བ་སྨོས་ཏེ། །དྲི་མ་མེད་པ་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་དྲི་མ་སྤངས་པས་སོ། །མཆོད་པ་ནི་ཡིད་ཀྱིས་སོ། །མཆོད་པ་ཉིད་བསྟན་པའི་ཕྱིར།
ཇི་སྙེད་ཡོད་པ་དང་ཞེས་སྨོས་ཏེ། རྣམ་པ་ནི་རིགས་སོ། །དབེན་པ་ནི་དགེ་ཞིང་ཉམས་དགའ་བའི་རྗེས་སུ་མཐུན་པའི་གནས་སོ། །མེ་ཏོག་མཛེས་པ་དང་ལྡན་པ་ཉིད་རྒྱན་དུ་སྤུད་པ་སྟེ། དེས་སྤྲས་པའོ། །འབྲས་བཟང་སྟེ་འབྲས་བུ་མཆོག་ཏུ་གྱུར་པས་ཡལ་ག་གང་དག་དུད་པར་བྱས་
པའི་ཚུལ་དུ་ལྡན་པ་ནི་ཡལ་ག་དུད་པའོ། །སྤོས་ནི་ཙནྡན་ལ་སོགས་པའོ། །མངོན་པར་འདོད་པའི་འབྲས་བུ་དང་ལྡན་པའི་ཕྱིར་དཔག་བསམ་གྱི་ཤིང་ངོ་། །མ་རྨོས་པ་ནི་ཐོང་ལྕགས་ལ་སོགས་པས་མ་རློག་པའོ། །འཁྲུངས་པ་ནི་སྐྱེས་པའོ། །ལོ་ཐོག་ནི་འབྲས་བུ་རྣམས་སོ། །གཞན་
Vol. 106 · folio 101a
ཡང་ཞེས་པ་ནི་སོ་སོར་བརྗོད་ཀྱིས་མི་ལང་བའོ། །མཆོད་པར་འོས་པ་ནི་སངས་རྒྱས་ལ་སོགས་པ་ལ་མཛེས་པར་བྱེད་པའོ། །ནམ་མཁའ་རབ་འབྱམ་ཁམས་ཀྱི་ཞེས་པ་ནི་གོ་འབྱེད་པར་བྱེད་པའོ། །གཏུགས་པ་ནི་དེའི་མཐར་གཏུགས་པའོ། །ཡོངས་སུ་
གཟུང་བ་མེད་པ་ནི་སུས་ཀྱང་བདག་ཏུ་བྱས་པ་མེད་པའོ། །བླངས་ནས་དེ་བཟུང་ནས་ཐུབ་པ་སྐྱེས་བུ་རྣམས་ཀྱི་མཆོག་སྟེ་ཡ་རབས་སུ་གྱུར་པ་ལ་ལེགས་པར་འབུལ་བའོ། །དེ་དག་ནི་མེ་ཏོག་ལ་སོགས་པའོ། །བཞེས་ཞེས་པ་ནི་བཞེས་པར་རུང་བའི་ཡོན་བཞེས་ཤིག་པའོ། །
དངོས་པོའི་མཆོད་པ་མི་བྱེད་པ་ཅི་སྟེ་སྙམ་པ་ལ། བསོད་ནམས་དང་མི་ལྡན་ཞེས་སྨོས་ཏེ། མཆོད་པའི་ནོར་ཞེས་པ་ནི་གཞན་གྱི་སྒྲའི་ཁྱད་པར་དུ་བྱེད་པའོ། །ནོར་ནི་དགོས་པའོ། །ཉིད་ཀྱི་མཐུ་སྟེ་རང་གི་ནུས་པ་ཡོད་ཙམ་གྱིས་ཕུལ་བའི་མེ་ཏོག་ལ་སོགས་པ་འདི་བཞེས་ཤིག་པ་སྟེ་
བཞེས་པར་མཛོད་ཅིག་པའོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་ཡོངས་སུ་གཏང་བ་ལ་སོགས་པར་བསྟན་པའི་ཕྱིར། རྒྱལ་དང་ཞེས་སྨོས་ཏེ། རྒྱལ་དང་དེའི་སྲས་ཞེས་པ་ནི་ཁ་བསྐངས་པའོ། །ལུས་ཀུན་གཏན་དུ་ཞེས་བྱ་བ་ནི་རྣམ་པ་ཀུན་ནས་སམ་ཡང་ན་གཏན་དུ་དུས་གསུམ་གྱི་དགེ་
བ་དང་ལྷན་ཅིག་བདག་གི་དངོས་པོ་ཀུན་འབུལ་བའོ། །ཀྱེ་སེམས་དཔའི་མཆོག་ཏུ་གྱུར་རྣམས་ཡོངས་སུ་བཞེས་ཤིག་སྟེ། བཞེས་པར་མཛོད་ཅིག་པའོ། །ཡོངས་སུ་བཞེས་པ་ལ་ཡོན་ཏན་ཅི་ཡོད་སྙམ་པ་ལ། ཡོངས་སུ་བཟུང་ན་ཞེས་སྨོས་ཏེ། མི་འཇིགས་པ་ནི་འཇིགས་
པ་མེད་པར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ལ་ཕན་པ་བགྱིད་པའོ། །སྔོན་ནི་འདས་པའོ། །གཞན་ཡང་ནི་མ་འོངས་པའོ། །འོད་གསལ་ནི་ཤེལ་ལོ། །དེ་དེས་བརྩམས་པས་ན་ཤེལ་ལས་བརྩམས་པའི་ས་གཞིའམ། ཡང་ན་ཤེལ་དེའི་ས་གཞི་བསྟར་བའོ། །རིན་ཆེན་འབར་བ་ནི་
འོད་གསལ་བ་སྟེ་གང་དེ་ལས་གྲུབ་པའི་ཀ་བ་ནི་ཡིད་དུ་འོང་བའོ། །མུ་ཏིག་འོད་ཆགས་ནི་འོད་གསལ་ཞིང་འཕྲོ་བ་སྟེ་དེས་བླ་རེ་བྲེས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ནི་འབྲེལ་པ་དྲུག་པའོ། །སྤོས་ཀྱི་ཆུ་ཡོད་པ་ཡིད་དུ་འོང་བ་ནི་ཡིད་དགའ་བར་བྱེད་པ་སྟེ། མེ་ཏོག་གིས་ཀྱང་
Vol. 106 · folio 101b
བཀང་བ་དེས་དེ་དག་ལ་སྐུ་ཁྲུས་གསོལ་ལོ་ཞེས་བྱ་བའི་དོན་ཏོ། །གླུ་དང་རོལ་མོར་བཅས་ཞེས་བྱ་བ་ནི་ཁྲུས་ཀྱི་ཆེད་དུ་བྱེད་པའམ། ཡང་ན་བྱས་པའོ། །མཚུངས་པ་མེད་པའི་གོས་སམ་ཡང་ན་སྤུ་དང་བཅས་པའི་གོས་ཀྱིས་སྐུ་ཁྲུས་བྱས་ལ་རླན་འབྱིན་པ་དང་། བཟང་བ་ནི་
ལྷ་ལ་འོས་པའི་གོས་སོ། །སྲབ་པ་ནི་ཕྲ་བའོ། །འཇམ་པ་ནི་འབོལ་བའོ། །སྣ་ཚོགས་ནི་གང་ཁ་དོག་དུ་མས་མཛེས་པའོ། །གླིང་བཞི་པ་དང་ཉི་མ་དང་ཟླ་བ་དང་རི་རབ་དང་འདོད་པའི་ཁམས་ཀྱི་ལྷ་རྣམས་དང་ཚངས་པའི་འཇིག་རྟེན་རྣམས་སོ་སོར་སྟོང་ཕྲག་རེར་བརྩིས་པ་ནི་སྟོང་ངོ་། །
སྟོང་པ་དེ་ཉིད་སོ་སོར་སྟོང་འགྱུར་དུ་བརྩིས་པ་དེ་ཉིད་སྟོང་གཉིས་པའོ། །སྟོང་གཉིས་པ་ཉིད་སྟོང་འགྱུར་དུ་བསྒྲེས་པ་ནི་སྟོང་གསུམ་པ་ཞེས་བྱ་སྟེ། གླིང་བཞི་པ་ནི་བྱེ་བ་ཕྲག་བརྒྱའོ། །དེ་ནི་སངས་རྒྱས་གཅིག་གི་ཞིང་ཁམས་སོ། །ཞིང་ཁམས་རྣམས་ཕྱོགས་བཅུར་མཐའ་མེད་པ་དེ་
དག་ཏུ་ཁྱབ་པར་དྲི་ལྡང་བའི་ཚུལ་དང་གང་ལྡན་པའོ། །བྱུག་པར་བགྱི་བ་ནི་ཡང་དག་པར་བྱུག་པར་བགྱི་བའོ། །མན་དཱ་ར་བ་ནི་ལྷའི་མེ་ཏོག་གོ། །པདྨ་ནི་མ་ལི་ཀའོ། །ཨུཏྤལ་ནི་ཨུཏྤལ་སྔོན་པོའོ། །སོགས་པའི་སྒྲས་ནི་གང་དེ་ལ་སོགས་པའི་མེ་ཏོག་གང་བྱུང་བ་རྣམས་སོ། །དྲི་ཞིམ་པོས་
ཞེས་འབྲུ་མང་པོའི་སྒྲ་ཐོབ་ཏུ་ཟིན་ཀྱང་ལུང་གི་ཚིག་དྲི་ཞིམ་ཞེས་སྨོས་སོ། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ། །སྤེལ་ལེགས་པ་ནི་བརྒྱུད་པའི་བཀོད་པ་ལེགས་པ་སྟེ་དེས་ཡིད་དགའ་བར་བྱེད་པ་ཞེས་བྱ་བའོ། །དྲི་ངད་ནི་དྲི་གྲུབ་པའོ། །ཁྱབ་པ་ནི་དྲི་འཕྲོས་པའོ། །བདུག་པའི་སྤྲིན་ལྟ་བུར་
ནམ་མཁའ་ལས་འཁྲིགས་པའམ། ཡང་ན་དེའི་ཚོགས་སོ། །ཞལ་ཟས་ནི་བཟའ་བའི་རིགས་སོ། །བཟའ་ཞེས་པ་ནི་སོས་བཅད་དགོས་པའི་རིགས་སོ། །དབུལ་བར་བགྱི་བ་ནི་མཆོད་པར་བགྱི་བའོ། །ཚར་དུ་དངར་བ་ནི་ཕྲེང་དུ་བཀོད་པའོ། །དབུལ་བར་བགྱི་ཞེས་པ་ནི་མཆོད་
པར་བགྱི་བའོ། །ནོར་བུ་མུ་ཏིག་གི་ཆུན་འཕྱང་རབ་ཏུ་མཛེས་པར་བྱས་པས་མཛེས་པར་གང་གྱུར་པ་དེའོ། །འབར་བ་ནི་ཀུན་ནས་འབར་བས་མཛེས་པའི་ཚུལ་དང་ལྡན་པའམ། ཡང་ན་འོད་གསལ་གྱི་ལྷའི་ཡུལ་དུ་སྐྱེས་པའོ། །དཔག་ཡས་ནི་ནམ་མཁའ་ལ་འགྲོ་བའི་སྤྲིན་ནོ། །རིན་པོ་ཆེ་ལས་
Vol. 106 · folio 102a
བརྩམས་པའི་གདུགས་ཀྱིས་ཚད་པ་སྐྱོབ་པར་བྱེད་པ་ནི་རིན་ཆེན་གདུགས་སོ། །གསེར་གྱི་ཡུ་བ་ཅན་གྱིས་ཞེས་བྱ་བར་སྦྱར་བའམ། ཡང་ན་སེམས་ཅན་ཞེས་མཚོན་པར་སྦྱར་རོ། །འཁོར་ཡུག་སྟེ་ཀུན་ཆུབ་པར་མུ་ཏིག་ལ་སོགས་པས་བརྒྱན་པའོ། །བསྒྲེང་བ་
ཞེས་པ་ནི་བསླང་ནས་བཟུང་བའོ། །སྤྱིར་མཆོད་པ་དབུལ་བ་བསྟན་པའི་ཕྱིར་དེ་ལས་གཞན་ཞེས་སྨོས་ཏེ། དེང་ནས་བཟུང་སྟེ་བདག་གིས་ཡོངས་སུ་བཏང་བའི་མཆོད་པའི་ཚོགས་དེ་དག་དང་དེ་ལས་གཞན་ཡང་ངོ་། །རོལ་མོ་ནི་རྔ་ལ་སོགས་པའོ། །དབྱངས་སྙན་པ་ནི་ཚོགས་ནས་
བླངས་པའམ། ཡང་ན་གར་ལ་སོགས་པ་དང་འདུས་པར་ལྡན་པའོ། །ཡིད་དུ་འོང་བ་ནི་ཡི་རངས་པར་བྱེད་པའོ། །སོ་སོར་གནས་གྱུར་ཅིག་ཅེས་པ་ནི། མཆོད་པའི་རྒྱུན་སོ་སོར་གནས་པར་གྱུར་ཅིག་པའོ། །རིན་ཆེན་མེ་ཏོག་ལ་སོགས་པ་དེ་དག་ནི་རྒྱུན་མི་ཆད་པའོ། །བླ་ན་མེད་
པའི་མཆོད་པ་དབུལ་བར་བྱ་བའི་ཕྱིར། ཇི་ལྟར་འཇམ་དབྱངས་ཞེས་སྨོས་ཏེ། དེ་བཞིན་ནི་བསམ་པ་ཇི་ལྟ་བ་བཞིན་དུའོ། །ཞིང་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་གྲངས་བརྩིས་པ་དེ་ནི་ཞིང་རྡུལ་སྙེད་ཀྱི་གྲངས་སྙེད་དོ། །དབྱངས་ནི་སྐད་གསང་བསྟོད་པ་ལ་སོགས་པ་རྣམ་པ་བདུན་
ནོ། །ཡན་ལག་ནི་ལྔ་པ་ལ་སོགས་པའོ། །རྒྱ་མཚོ་ནི་དེ་དག་མང་པོ་རྣམས་སོ། །བསྟོད་པས་བསྟོད་པ་ནི་འདུས་པ་ནས་གཞན་མ་ཡིན་པར་ཇི་ལྟ་བ་བཞིན་དུའོ། །དུས་གསུམ་སྟེ་དུས་གསུམ་པོ་དེར་གཤེགས་པའོ། །ཚོགས་ཀྱི་མཆོག་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །
གཞི་རྣམས་ཞེས་པ་ནི་སྐྱེས་པའི་གནས་ལ་སོགས་པ་རྣམས་སོ། །སྲོག་ཤིང་དང་འཁོར་ལོ་ལ་སོགས་པ་འདུས་ནས་དབྱིབས་སུ་བྱས་པ་ནི་མཆོད་པའི་རྟེན་དེ་ཉིད་ལ་མཆོད་རྟེན་ཞེས་བྱ་བའམ། ཡང་ན་བསགས་པ་ལས་ཡང་དག་པར་བྱུང་བས་ན་མཆོད་རྟེན་ནོ། །དྲུང་དུ་ཕྱིན་ནས་འདོན་དུ་
འཇུག་པའི་མཁན་པོ་ཡིན་པས་ན་མཁན་པོའོ། །ཐར་པའི་དོན་སློབ་པས་ན་སློབ་དཔོན་ནོ། །སྙིང་པོ་ནི་བཅུད་དོ། །སྐྱབས་ནི་སྐྱོབ་པའོ། །མཆི་ཞེས་པ་བཀའ་སྩལ་པ་བཞིན་དུ་ཡོངས་སུ་བསྲུང་བའོ། །གསོལ་བ་ཞེས་པ་ནི་སྡིག་པ་བཤགས་པའི་དོན་དུ་གསོལ་བ་འདེབས་པའོ། །ཐོག་མ་མེད་
Vol. 106 · folio 102b
ལྡན་ཞེས་པ་ནི་ཐོག་མ་དང་ཐ་མ་དང་བྲལ་བའོ། །མ་འཚལ་བ་ནི་རྨོངས་པའོ། །གཏི་མུག་འཁྲུལ་པས་བདག་ནོན་པ་ནི་དམྱལ་བ་ལ་སོགས་པར་གནོད་པར་མ་ཤེས་པའི་ཕྱིར་རོ། །རྗེས་སུ་ཡི་རང་བ་ནི་ཡང་དག་པར་རབ་ཏུ་དགའ་བའོ། །ནོངས་ཞེས་པ་ནི་ལྟུང་བ་སྟེ་ངན་སོང་དུ་ཁྲིད་པར་བྱེད་
ལྟུང་བར་བྱེད་པས་ན་ལྟུང་བའོ། །བཤགས་པར་བགྱིད་པ་ནི་རབ་ཏུ་གསལ་བར་བགྱིད་པའོ། །གཙོ་བོ་ནས་མས་རིམ་བཞིན་དུ་ལྟུང་བ་བཤགས་པར་བྱ་བའི་ཕྱིར། །བདག་གིས་དཀོན་མཆོག་གསུམ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ཕ་མ་ནི་ཕ་དང་
མའོ། །གཞན་དག་ནི་སློབ་དཔོན་ལ་སོགས་པའོ། །ཉོན་མོངས་པའི་སྒོ་ནས་ནི་བསམ་པ་ངན་པའི་སྒོ་ནས་སོ། །གནོད་པ་ནི་བསླུས་བྱས་པའོ། །མི་བཟད་པ་ནི་འབྲས་བུ་ཡང་བ་སྟེར་བའི་ཕྱིར་རོ། །སྡིག་པའི་ལས་ཡིད་ལ་གཅགས་པ་བསྟན་པའི་ཕྱིར། བདག་ནི་ཞེས་བྱ་བ་
སྨོས་ཏེ། ཇི་ལྟར་འདི་ལས་ཏེ། འཁོར་བར་འཆིང་བའི་སྡིག་པ་ལས་སོ། །ཐར་ཞེས་པ་ནི་སྡིག་པ་འདི་ལས་ཇི་ལྟར་ཐར་བར་འགྱུར་བ་ཞེས་བྱའོ། །མྱུར་བར་ཞེས་པ་ནི་བསྡད་ལོང་མེད་པའོ། །ཁྱོད་ཀྱིས་སྡིག་པ་བྱས་ཀྱང་འཆི་བདག་གིས་གླགས་ག་ལ་རྙེད་སྙམ་པ་ལ། ཡིད་བརྟན་དུ་
མི་རུང་ཞེས་སྨོས་ཏེ། ཡིད་བརྟན་དུ་མི་རུང་བ་ནི་ཡིད་ཆེས་བྱར་མེད་པའོ། །གསོད་པར་བྱེད་པས་ན་འཆི་བདག་གོ། །བྱས་པ་ནི་བྱས་ཟིན་པའོ། །མ་བྱས་པ་ནི་བྱས་མ་ཟིན་པའོ། །མི་སྡོད་པ་ནི་དེ་དག་གིས་སྤྱད་པ་མི་བྱེད་པའོ། །བདག་ནི་ནད་མེད་པའོ་ཞེས་གནས་པ་ལ་དེས་
འཇོམས་པར་བྱེད་དོ། །མི་ན་བ་ནི་བདེ་བར་གནས་པའོ། །གློ་བུར་ཞེས་པ་ནི་མ་དཔྱད་པར་ཐོག་འབབ་པ་དང་འདྲའོ། །གལ་ཏེ་ཡིད་བརྟན་དུ་མེད་པར་ཆ་ཡོད་ན་སྡིག་པ་ཅིའི་ཕྱིར་བྱས་ཤེ་ན། ཐམས་ཅད་ཅེས་སྨོས་ཏེ། ཐམས་ཅད་ནི་མཛའ་བ་ལ་སོགས་པའོ། །བོར་བ་ནི་འདོར་བའོ། །
དེ་ཉིད་བསྟན་པའི་ཕྱིར་མི་མཛའ་ཞེས་སྨོས་ཏེ། མི་མཛའ་བ་ནི་དགྲ་རྣམས་སོ། །རྣམ་པ་སྣ་ཚོགས་ཤེས་པ་ནི་རྣམ་པ་དུ་མའོ། །སྐྱེ་བ་གཞན་ཡང་ལྟ་ཞོག་ཅེས་བསྟན་པའི་ཕྱིར། གསོན་ཚེ་འདི་ཉིད་ལ་ཞེས་སྨོས་ཏེ། དུ་མ་ནི་རྣམ་པ་མང་པོའོ། །འོ་ན་ད་ཅི་ཞིག་གནས་པར་འགྱུར་སྙམ་པ་ལ།
Vol. 106 · folio 103a
དེ་དག་དོན་ཞེས་སྨོས་ཏེ། མཛའ་བ་ལ་སོགས་པའི་དོན་དུ་བྱས་པའི་སྡིག་པ་གང་ཡིན་པའོ། །མཇུག་བསྡུ་བར་བཞེད་ནས། དེ་ལྟར་ཞེས་སྨོས་ཏེ། དེ་ལྟར་སྐྱེ་བ་སྔ་མ་ནས་ཐམས་ཅད་བོར་ཏེ་འོངས་ནས་སྐྱེ་བ་གཞན་དུ་འགྲོ་བ་ནི་གློ་བུར་ཏེ་འདྲོན་པོ་ཞེས་བྱ་
བའོ། །རྟོགས་པ་ནི་རྣམ་པར་དཔྱད་པའི་རྒྱུ་དེས་རྟོགས་པར་མ་གྱུར་པའོ། །ཅི་སྟེ་ཚེ་རིང་བར་ཐུབ་པ་མ་ཡིན་ནམ་འཆི་བའི་དོགས་པ་བྱ་ཅི་དགོས་སྙམ་པ་ལ། ཉིན་མཚན་ཞེས་སྨོས་ཏེ། སྣོན་པ་ནི་འཕེལ་བར་བྱེད་པའོ། །འགོད་པ་ནི་ཐབས་སམ་ཡང་ན་འབྲིད་པའོ། །ཅིས་མི་འགྱུར་
ཞེས་པ་ནི་བག་ཚ་བའོ། །ཅི་སྟེ་གང་གི་དོན་དུ་སྡིག་པ་བྱས་པའི་སྡེ་ཚན་དེ་དག་གིས་ཁྱོད་ཀྱི་གྲོགས་བྱེད་པར་འགྱུར་རོ་སྙམ་པ་ལ་བདག་ནི་མལ་ན་ཞེས་སྨོས་ཏེ། སྲོག་གཅོད་པ་ནི་སྲོག་གཏོང་བའོ། །གང་དེ་དག་ཉིད་ལ་སོགས་པ་གང་ཡིན་པ་དེ་ཚོར་བའོ། །ཤི་ནས་ནམས་ཀྱང་ཅི་
ཕན་ཞེས་བསྟན་པའི་ཕྱིར། གཤིན་རྗེ་ཞེས་སྨོས་ཏེ། གཤིན་རྗེའི་ཕོ་ཉ་ཉམས་སུ་མྱོང་བར་སོ་སོ་ནས་སྣང་བའི་ཕོ་ཉས་ཟིན་པའོ། །གཉེན་ནི་ཕྱོགས་སུ་དགའ་བཙམ་མོ། །བཤེས་ཞེས་པ་ནི་ཤིན་ཏུ་གཅུགས་པའོ། །ཅིའི་ཕྱིར་དགེ་བ་མ་བསགས་སྙམ་པ་ལ། མགོན་པོ་ཞེས་
སྨོས་ཏེ། བག་མེད་པ་ནི་སྡིག་པ་སོགས་པའི་རྒྱུའོ། །དེ་ཙམ་དུ་སེམས་ཁྲལ་མང་པོ་བྱ་ཅི་དགོས་སྙམ་པ་ལ། སྐྱེ་བོ་ཡན་ལག་ཅེས་སྨོས་ཏེ། ཡན་ལག་ནི་ལག་པ་ལ་སོགས་པའོ། །བྲེད་པར་གྱུར་པ་ནི་ཐམས་ཅད་ནས་སྐྲག་པར་གྱུར་པའོ། །ཁ་སྐམས་པ་ནི་ཧྲིད་པ་ལ་སོགས་
པའོ། །མིག་རྩ་ངན་པ་ནི་གང་མིག་རྩ་དམའ་བར་གྱུར་པའོ། །གཞན་དུ་འགྱུར་བ་ནི་ཕྱིན་ཅི་ལོག་ཏུ་གྱུར་པའོ། །འཇིགས་འཇིགས་ལྟ་ཞེས་པ་ནི་འཇིགས་སུ་རུང་བའི་གཟུགས་ཅན་ནོ། །གཟུང་བར་གྱུར་པ་ནི་བདག་གིར་བྱས་པའོ། །གང་གིས་ལུས་འཇིགས་པ་ཆེན་པོའི་ནད་
ཀྱིས་བཏབ་པ་དེའི་ལུས་རབ་ཏུ་ཉམ་ཐག་པ་སྟེ། དེའི་བཤང་བའི་ལམ་ནས་བྱུང་བས་བསྒོས་པར་འགྱུར་བའོ། །སྨོས་ཅི་དགོས་ཞེས་པ་ནི་ཤིན་ཏུ་ངན་པའི་དོན་ཏོ། །ཇི་ལྟ་བུར་སྙམ་པ་ལ། སུ་ཞིག་ཅེས་སྨོས་ཏེ། དམྱལ་བ་ལ་སོགས་པའི་གནས་སུ་སྐྱོབ་ཅེས་པའོ། །བྲེད་ཤ་
Vol. 106 · folio 103b
ཐོན་པའི་མིག་བགྲད་ཅེས་པ་ནི་མིག་རྩ་དམད་ནས་བཟློག་ཅིང་ཕྱོགས་བཞིར་ལྟ་བའོ། །འདིའི་ཕྱིར་དེ་རིང་ཉིད་ནས་བག་ཟོན་བགྱིའོ་ཞེས་བསྟན་པའི་ཕྱིར། དེ་བས་རྒྱལ་ཞེས་སྨོས་ཏེ། ནུས་པ་དཔག་ཏུ་མེད་པ་དང་ལྡན་པས་ན། སྟོབས་ཆེན་ནོ། །དེ་ཉིད་ཀྱིས་ན་རྒྱལ་བའོ། །
དེ་བཞིན་ཡང་དག་སྟེ་བསམ་པ་ཐག་པ་ནས་སོ། །ད་ནི་གཙོ་བོ་ནས་རིམ་པ་བཞིན་དུ་བདག་ཉིད་ཡོངས་སུ་གཏོང་བ་ལ་སོགས་པ་བསྟན་པའི་ཕྱིར། བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་སྐྲག་པ་ནི་ཐབས་འཁྱར་བའོ། །ཉམ་ཐག་པའི་ཚུལ་དང་གང་ལྡན་པ་དེའི་ང་
རོས་མཚན་ནས་འོ་དོད་འབོད་པ་ནི་ཉམ་ཐག་ང་རོས་འོ་དོད་འབོད་པ་སྟེ་སྡུག་ཅིང་བསྔལ་བའི་སྐད་གདངས་ཀྱིས་སྔར་ལངས་བཞིན་དུ་འབོད་པའོ། །ཐམས་ཅད་མཁྱེན་ཅེས་པ་ནི་གཞན་མ་སྨོས་པ་རྣམས་ཀྱང་ངོ་། །རྡོ་རྗེ་ཅན་ནི་ཕྱག་ན་རྡོ་རྗེའོ། །ཡང་དེ་རྣམས་མངོན་སུམ་དུ་དམིགས་ནས་བརྗོད་
པར་བྱ་བ་བསྟན་པའི་ཕྱིར། སྔོན་ཆད་ཅེས་བྱ་བ་སྨོས་ཏེ། བཀའ་ནི་བསྒོ་བའོ། །འདས་པ་ན་དེ་ལས་རྒལ་བའོ། །ད་ནི་སྟེ་དེང་ནས་བརྩམས་ཏེའོ། །འཇིགས་པ་ཆེན་པོ་མཐོང་ནས་ཏེ་ཆེར་མི་འདོད་པའི་འབྲས་བུ་མཐོང་ནས་སོ། །མི་འདོད་པའི་འབྲས་བུས་བསྒྲགས་པ་ནི་
འཇིགས་པ་བརླང་བའོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། ཐ་མལ་ཞེས་སྨོས་ཏེ། ཐ་མལ་ནད་ཅེས་པ་ནི་ཡུན་མི་རིང་བར་མྱུར་དུ་སོས་ནས་འགྲོ་བའི་ནད་དོ། །བཞི་བརྒྱ་ནི་འདོད་ཆགས་ལ་སོགས་པའི་དབྱེ་བས་སོ། །རྩ་བཞི་ཞེས་པ་ནི་བཞི་ཡིས་ལྷག་པའོ། །དེ་ལྟར་ཡིན་
མོད་འཇིགས་ཅི་དགོས་སྙམ་པ་ལ། དེ་གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ནང་ནས་མཁྲིས་པ་ལ་སོགས་པ་གང་ཡང་རུང་བ་གཅིག་གིས་ཀྱང་ངོ་། །སྨན་ནི་ཕྱི་རོལ་གྱིའོ། །ཟུག་རྔུ་ནི་འདོད་ཆགས་ལ་སོགས་པའོ། །ད་ནི་བག་མེད་པ་ལས་ལྡོག་པ་བསྟན་པའི་
ཕྱིར། གཡང་ས་ཐ་མལ་ཞེས་སྨོས་ཏེ། གཡང་ས་ཐ་མལ་ནི་འོབས་དང་གཅོང་ལ་སོགས་པའོ། །བག་ཡོད་པར་གནས་པ་ནི་ཤིན་ཏུ་བག་ཟོན་ཆེར་བྱེད་པའོ། །ཅིག་ཤོས་གཞན་མནར་མེད་པའི་གཡང་ས་དཔག་ཚད་སྟོང་ཐམ་པའི་ཚད་དུ་ཡུན་རིང་སྟེ་བསྐལ་པ་བར་མ་ལ་སོགས་པའི་ཡུན་གྱི་
Vol. 106 · folio 104a
དུས་སུ་གནས་པའི་ས་དེར་སྨོས་ཅི་དགོས་ཏེ། ཅིས་ཀྱང་བྱ་དགོས་པའོ། །དེ་རིང་ཉིད་དུ་འཆི་བ་ནི་མ་ཡིན་ན་དེ་ཙམ་ཅི་ཐུག་སྙམ་པ་ལ། དེ་རིང་ཁོ་ན་ཞེས་སྨོས་ཏེ། འདུག་པ་ནི་གནས་པའོ། །དུས་ཞེས་པ་ནི་དུས་འདི་ཉིད་དོ། །འབྱུང་ཞེས་པ་ནི་ངེས་པར་འོང་བ་སྟེ། ད་
ལྟ་བས་ཀྱང་ཉེ་བས་ན་ད་ལྟ་བ་བཞིན་སྦྱར་རོ། །དེ་ལྟ་ན་ཡང་འཇིགས་པར་མི་རིགས་སོ་སྙམ་པ་ལ། བདག་ལ་མི་འཇིགས་ཞེས་སྨོས་ཏེ། མི་འཇིགས་ཞེས་པ་ནི་འཁོར་བ་ལས་ངེས་པར་འདོན་པའོ། །ཇི་ལྟར་ཞེས་པ་ནི་ཐབས་གང་གིས་པའོ། །འདིའི་ཕྱིར་ན་ཡང་བདེ་བར་འདུག་པར་མི་རིགས་
སོ་ཞེས་བསྟན་པའི་ཕྱིར། སྔོན་ཆད་ཅེས་སྨོས་ཏེ། སྔར་སྤྱད་ཅིང་ཉམས་སུ་མྱོང་བ་ཀུན་ནི་ཞིག་པར་འགྱུར་ན་ཞེས་པའོ། །ལྷག་པ་སྟེ་བོགས་སུ་འགྱུར་བ་ཁོ་ནའི་སྙིང་པོའོ། །བཀའ་ནི་བཀའ་བསྒོ་བའོ། །དེའི་ཕྱིར་ད་ནི་ཡིད་ལ་བྱ་བར་རིགས་སོ་ཞེས་བསྟན་པའི་ཕྱིར། གསོན་
ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསོན་ཚེ་ནི་མི་ལ་སོགས་པའོ། །གཤེད་ཅེས་པ་ནི་ཡི་དྭགས་ལ་སོགས་པར་སྡིག་པ་མི་དགེ་བའི་སྟོབས་ཀྱིས་འགྲོ་བའོ། །ད་ནི་མཇུག་བསྡུ་བའི་སྒོ་ནས་སྡིག་པ་བཤགས་པ་བསྟན་པའི་ཕྱིར། བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
མི་ཤེས་པ་ནི་བྱིས་པ་སྟེ་སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་རོ། །གཏི་མུག་པ་ནི་ཕན་པ་ལ་སོགས་པ་མི་ཤེས་པའི་ཕྱིར་རོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །བཅས་པའི་ཁ་ན་མ་ཐོ་བ་ནི་ཆང་འཐུང་བ་ལ་སོགས་པའོ། །བགྱིས་པ་ནི་བསགས་པའོ། །སྡིག་པ་
ནི་ལྟུང་བས་ན་སྡིག་པ་སྟེ་དམྱལ་བ་ལ་སོགས་པར་ཁྲིད་ནས་འགྲོ་བའོ། །གཟུང་དུ་གསོལ་ཞེས་པ་ནི་དྲང་དུ་གསོལ་ཞེས་བྱ་བའོ། །སྡིག་པ་བཤགས་པ་ཕལ་ཆེ་བས་ན་སྡིག་པ་བཤགས་པའི་ལེའུ་འོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་གཉིས་པའི་དཀའ་འགྲེལ་ལོ།། །།
ད་ནི་སྡིག་པ་བཤགས་པའི་རྗེས་ལ་བསོད་ནམས་ལ་རྗེས་སུ་ཡི་རང་བ་བསྟན་པའི་ཕྱིར། སེམས་ཅན་ཀུན་ཞེས་སྨོས་ཏེ། ངན་སོང་ནི་དམྱལ་བ་ལ་སོགས་པའོ། །མནར་ཞིང་གདུངས་པར་བྱེད་པས་ན་སྡུག་བསྔལ་ལོ། །ངལ་བ་སོས་པར་བྱེད་པས་ན་ངལ་སོས་པའི་དགེ་བ་སྟེ། ཕྱིན་ཅི་ལོག་གི་
Vol. 106 · folio 104b
ལམ་བཀག་པའི་ཕྱིར་རོ། །བདེར་གནས་ཞེས་བྱ་བ་ནི་དགེ་བ་དེ་དག་འཕེལ་བར་གྱུར་ཅིག་པའོ། །དགའ་བས་རྗེས་སུ་ཡི་རང་བ་ནི་ཡང་དག་པར་དགའ་བས་སོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་ཕྱིར་བྱང་ཆུབ་རྒྱུར་གྱུར་ཞེས་གསུངས་ཏེ། བྱང་ཆུབ་རྒྱུར་གྱུར་པ་ཞེས་པ་རྒྱུ་དང་འབྲས་
བུའི་དངོས་པོའི་ཚོགས་གཉིས་སོ། །འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་བར་བྱེད་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །རང་གིས་མཐོང་བའི་ལམ་བསྟན་པའི་ཕྱིར། སྐྱོབ་པ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་ཉིད་བསྟན་
པའི་ཕྱིར། སེམས་ཅན་ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཐམས་ཅད་བདེ་མཛད་པ། །ཞེས་པ་ནི་འཇུག་པའི་སེམས་སམ་ཡང་ན་བདེ་བ་སྐྱེད་པར་བྱེད་པའོ། །རྒྱ་མཚོ་དང་འདྲ་བར་མཐའ་གཏིང་མི་རྟོགས་པས་ན་རྒྱ་མཚོའོ། །ཕན་པ་ནི་སངས་རྒྱས་ཀྱིས་བསྟན་པའི་ཐབས་ལ་གོམས་
པར་བསླབ་པ་སྟེ། དེ་ཉིད་ལ་ཕན་པ་ཞེས་བརྟགས་ནས་བརྗོད་དོ། །གསོལ་བ་བཏབ་པ་བསྟན་པའི་ཕྱིར། ཕྱོགས་རྣམས་ཀུན་ཞེས་སྨོས་ཏེ། གསོལ་བ་འདེབས་པ་ནི་འབྲས་བུའི་དོན་དུའོ། །ཆོས་ཀྱི་སྒྲོན་མ་ནི་ཆོས་སྟོན་པའི་བདག་ཉིད་ཀྱི་སྣང་བ་སྟེ། སྡུག་བསྔལ་གྱི་མགོ་ལྟུང་བར་
བྱེད་པའི་ཚུལ་གང་ལྡན་པའོ། །བཞུགས་སུ་གསོལ་བར་ཞུ་བ་དབུལ་བའི་ཕྱིར། རྒྱལ་བ་མྱ་ངན་འདའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་སྨོས་ཏེ། མཆོད་པ་ནས་བཞུགས་སུ་གསོལ་བའི་བར་དུའོ། །ཇི་ལྟ་བུ་
སྙམ་པ་ལ། འགྲོ་བ་ནད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནད་པ་ནི་ནད་ཀྱིས་གཟིར་བའོ། །ཇི་སྲིད་དུ་ཞེས་པ་ནི་ནད་སོས་ཀྱི་བར་རོ། །སྨན་ནི་ཉ་རོ་ཧི་ཏ་ལ་སོགས་པའི་དངོས་པོར་རོ། །ཤོག་ཅེས་པ་ནི་གྱུར་ཅིག་པའོ། །བཀྲེས་པ་སྟེ་ལྟོགས་པ་ལ་ཟས་ཀྱི་ཆར་པ་འབབ་པར་
ཤོག་ཅེས་པ་ནི་ཁ་ཅིག་གི་འདོད་པ་ཡིན་པའི་ཕྱིར་རོ། །མུ་གེའི་བསྐལ་པ་བར་མར་གྱུར་པའི་ཚེ་ནི་བསྐལ་པ་བར་མའི་མི་རྣམས་ཀྱི་ཚེ་ཚད་ཚེ་ལོ་བཅུ་པ་ལ་ཐུག་པར་གྱུར་པའི་ཚེ་མུ་གེ་དང་ནད་དང་མཚོན་རྣམས་རིམ་པ་བཞིན་དུ། ལོ་བདུན་དང་ཟླ་བ་བདུན་དང་ཞག་བདུན་དུ་འབྱུང་བར་
Vol. 106 · folio 105a
འགྱུར་ཏེ། དེའི་ཚེ་ཟས་དང་སྐོམ་མེད་ནས་ཕན་ཚུན་གཅིག་ལ་གཅིག་གི་ཤ་དང་རུས་པ་འབའ་ཞིག་གི་ཟས་བྱེད་ཅིང་། བཟའ་རྒྱུ་མ་རྙེད་ཙམ་ན་ཚེའི་དུས་བྱེད་པར་འགྱུར་བ་དེའི་ཚེ་དེར་ལྟོགས་པ་རྣམས་ལ་ཟས་དང་། སྐོམ་པ་ལ་བཏུང་བ་རྣམས་དང་།
ནད་པ་རྣམས་ལ་སྨན་དང་། མཚོན་ཆ་རྣམས་མེ་ཏོག་ཏུ་གྱུར་ཅིག་པའོ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ་ཞེས་བྱ་བ་ལ། སྤྲུལ་ནས་ཞེས་བྱ་བ་ཚིག་གི་ལྷག་མའོ། །ད་ནི་བདག་གིས་དངོས་པོ་ཡོངས་སུ་བཏང་བ་ལ་སོགས་པ་བསྟན་པའི་ཕྱིར། ལུས་དང་ཞེས་བྱ་བ་སྨོས་
ཏེ། ལུས་ནི་བདག་གི་ལུས་སོ། །ལོངས་སྤྱད་པར་བྱ་བས་ན་ལོངས་སྤྱོད་དོ། །ཕངས་པ་མེད་པ་ནི་རེ་བ་མེད་པ་སྟེ། ལན་ལ་རེ་བ་མེད་པའོ། །གཏོང་བའི་འཐད་པ་བསྟན་པའི་ཕྱིར། ཐམས་ཅད་ཅེས་སྨོས་ཏེ། ཐམས་ཅད་གཏོང་ཞེས་པ་ནི་གང་ལ་ཆགས་པ་སྟེ་ཐམས་ཅད་
སྤངས་པའོ། །སྡིག་པ་སེལ་བར་བྱེད་པ་འདའ་བར་བྱེད་པས་ན། མྱ་ངན་ལས་འདའ་བར་ཏེ་ཐར་པར་རོ། །དེའི་ཕྱིར་འདིའི་ཚུལ་དང་མཐུན་པར་གཏང་བར་བསྟན་པའི་ཕྱིར། བདག་གིས་ཞེས་སྨོས་ཏེ། ལུས་ཅན་ཐམས་ཅད་ལ་ཅི་འདོད་པའི་རྒྱུར་སྦྱིན་ནོ་ཞེས་སྦྱར་རོ། །ཅི་བདེ་
ཞེས་པ་ནི་ཅི་དགར་རོ། །དེ་ཉིད་ཀྱི་ཕྱིར་གསོད་དང་སྟེ་བརྡུང་གཏག་བྱེད་པའོ། །རྡེག་སོགས་ནི་གཤག་མ་ལ་སོགས་པས་འབྲབ་པའོ། །ལུས་ལ་ཞེས་པ་ནི་རྒྱུར་བྱས་ནས་སོ། །ག་ཞ་ནི་འདིས་ག་ཞར་བྱེད་པའོ། །ཇི་ལྟར་དེ་ལ་གནོད་པར་མི་འགྱུར་བ་དེ་ལྟ་ན་ཡང་བསྲན་དཀའ་བའི་
ལས་ཀྱང་སྟེ། ཁ་ན་མ་ཐོ་བ་མེད་པའི་ལས་རྣམས་ཀྱིས་ཤིག་པའོ། །དེ་ཉིད་ཅེས་པ་ནི་ཁྲོ་བ་ལ་སོགས་པ་ཉིད་དོ། །གཞན་དག་ཅེས་པ་ནི་བཏང་སྙོམས་པའོ། །གནོད་པར་བྱེད་པ་ནི་བཞད་གད་དུ་བྱེད་པའམ་ཡང་ན་ཅོ་འདྲི་བའོ། །ཕྱར་ཁ་གཏོང་བ་ནི་བརྫུན་གྱིས་སུན་འབྱིན་
པའོ། །མགོན་ཞེས་པ་ནི་སྐྱོབ་པའོ། །ལམ་དུ་ཞུགས་པ་ནི་ལམ་ནས་འགྲོ་བའོ། །སེམས་ཅན་མང་པོ་ལམ་དུ་ཞུགས་ནས་འགྲོ་བ་རྣམས་ཀྱི་ཆེད་བྱེད་པ་ནི་དེད་དཔོན་ནོ། །ཟམ་པ་ནི་ཟམ་སྟེགས་སོ། །ཡིད་བཞིན་གྱི་ནོར་བུ་དང་བུམ་པ་ནི་ཅི་བསམས་པའི་དོན་སྟེར་བའོ། །རིག་སྔགས་
Vol. 106 · folio 105b
གྲུབ་ནི་སྔགས་གྲུབ་པའོ། །ཅི་བརྟགས་པའི་དོན་སྟེར་བ་ནི་དཔག་བསམ་གྱི་ཤིང་ངོ་། །ཇི་ལྟར་འདོད་པ་བཞིན་དངོས་པོ་ཐམས་ཅད་བཞོར་རུང་ཡོད་པས་ན་འདོད་འཇོའོ། །འབྱུང་བས་འབྱུང་བའོ། །མ་ལུས་པ་ནི་མཐའ་དག་གོ། །གང་ནམ་མཁའ་བཞིན་དུ་གནས་
པའི་ཚུལ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་དཔག་ཏུ་མེད་པ་ཞེས་བརྗོད་དོ། །རྣམ་པ་མང་སྟེ་རྣམ་པ་སྣ་ཚོགས་ཀྱིས་སོ། །གང་ནམ་མཁའ་ལ་མཐའ་ཐུག་པ་མེད་པ་དེ་བཞིན་དུ་ཡོངས་སུ་མ་བཅད་པའོ། །རྣམ་ཀུན་ཞེས་པ་ནི་རྣམ་པ་དུ་མའོ། །ཇི་སྲིད་དུ་
སེམས་ཅན་རྣམས་སངས་མ་རྒྱས་ཀྱི་བར་དུ་ཉེར་འཚོ་སྟེ། ལོངས་སྤྱོད་པའི་རྒྱུར་གྱུར་ཅིག་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ། །དེ་ནི་བླ་མ་སྡོམ་པ་ལ་གནས་པ་ཁོ་
ན་ལས་བླང་བར་བྱའི། དེ་མ་རྙེད་ན་ཐོགས་པ་མི་མངའ་བའི་གཟིགས་པ་དང་ལྡན་པའི་སངས་རྒྱས་རྣམས་མདུན་དུ་བལྟས་ལ། མཆོད་པ་བྱས་ཏེ་ཚིགས་སུ་བཅད་པ་འདི་གཉིས་ལན་གསུམ་དུ་བཟླས་ཏེ་གཟུང་ངོ་། །སྔོན་གྱི་སྒྲ་ནི་སྔོན་གྱི་དུས་ཙམ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །
འགྲོ་བ་ཕན་པ་དེ་དེའི་རྒྱུ་མཚན་ནོ། །བསླབ་པར་བགྱི་ཞེས་པ་ནི་དེ་བཞིན་དུ་བསྒྲུབ་པའོ། །བྱང་ཆུབ་ཀྱི་སེམས་དང་སྡོམ་པའི་མཇུག་རྒྱས་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་དང་བ་ནི་དད་པ་ལྷག་པའི་སྒོ་ནས་སོ། །མིའི་ཞེས་པ་ནི་མིའི་སྲིད་པ་འདིའོ། །
འདིའི་སྒོ་ནས་ཀྱང་རང་གི་སེམས་གཟེངས་བསྟོད་པའོ་ཞེས་བསྟན་པའི་ཕྱིར། །ལོང་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཕྱག་དར་བྱས་པའི་ས་རྡུལ་སྤུངས་པ་ནི་ཕྱག་དར་ཕུང་པོའོ། །ཅི་ཞིག་ལྟར་སྟེས་ཞེས་པ་ནི་བསོད་ནམས་ཀྱིས་སོ། །དམྱལ་བ་ལ་སོགས་པར་སྐྱེ་བའི་རྒྱུན་བཅད་པ་ནི་འཆི་བདག་
བཅོམ་པའོ། །མི་ཟད་གཏེར་ཞེས་པ་ནི་ལོངས་སྤྱད་ཀྱང་ཟད་པར་མི་འགྱུར་བའི་ཕྱིར་རོ། །ནད་ནི་ཉོན་མོངས་པ་རྣམས་སོ། །དེ་རྣམས་རབ་ཏུ་ཞི་བར་བྱེད་པ་ནི་གོང་གི་བྱང་ཆུབ་ཀྱི་སེམས་དེ་ཉིད་ལྗོན་ཤིང་ངོ་། །ཐར་པའི་དོན་དུ་འགྲོ་བས་ན་འགྲོ་བའོ། །ངན་པར་འགྲོ་བས་ན་ངན་འགྲོ་སྟེ་དམྱལ་
Vol. 106 · folio 106a
བ་ལ་སོགས་པའོ། །ཉོན་མོངས་པ་ཉིད་གདུང་བ་སྟེ་སྲེག་པར་བྱེད་པའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་དེ་སེལ་བར་བྱེད་པའི་ཕྱིར་སེལ་བར་བྱེད་པའོ། །ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཕྱིར་དཔྱིས་འབྱིན་པ་སྟེ་རྩད་ནས་འཇོམས་པའོ། །རྣམ་གྲངས་
གཞན་གྱིས་བསྟན་པའི་ཕྱིར། འགྲོ་བ་ཞེས་སྨོས་ཏེ། འགྲོན་ཞེས་བྱ་བ་ནི་གློ་བུར་བའི་གཅེས་འགྲོན་ནོ། །བདེ་བ་ཞེས་བྱ་བ་ནི་སོ་བསོད་པར་ལོངས་སྤྱོད་པ་སྟེ། དེ་ལོངས་སྤྱོད་པར་འདོད་པའོ། །འགྲངས་ཤིང་ངོམས་པར་བྱེད་པས་ན་ཚིམ་པར་བྱེད་པའོ། །ད་ནི་ཆེར་སྤྲོ་བར་གྱིས་
ཤིག་ཅེས་བསྟན་པའི་ཕྱིར། བདག་གིས་ཞེས་སྨོས་ཏེ། བར་དུ་ཤེས་པ་ནི་ཇི་སྲིད་དུ་སངས་རྒྱས་ཉིད་དུ་མ་གྱུར་གྱི་བར་དེ་སྲིད་དུའོ། །བདེ་ལ་ཞེས་པ་ནི་ལྷ་ལ་སོགས་པའི་ཕུན་སུམ་ཚོགས་པ་ལའོ། །དགའ་བར་གྱིས་ཞེས་པ་ནི་རྗེས་སུ་ཡི་རང་མཛོད་ཅིག་ཅེས་པའོ། །ཡོངས་སུ་གཟུང་བ་
ཞེས་པ་ནི་ཡང་དག་པར་ལེན་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་གསུམ་པའི་དཀའ་འགྲེལ་ལོ།། །།ད་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཤིན་ཏུ་འབད་དེ་བསླབ་པར་བྱའོ་ཞེས་བསྟན་པའི་ཕྱིར། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། དེ་ལྟ་བུར་ཞེས་པ་ནི་མཆོད་པ་ལ་སོགས་པའི་ཆོ་ག་སྔོན་དུ་སོང་བ་ཅན་ནོ། །རབ་བརྟན་ཞེས་པ་ནི་སྲོག་གི་ཕྱིར་ཡང་མི་གཏོང་བའོ། །གཡེལ་བ་མེད་པ་ནི་མ་ཡེངས་པའོ། །བསླབ་ལས་ཞེས་པ་ནི་བྱ་རྒྱུའོ། །སྡོམ་པ་བཟུང་བ་རྣམས་ཀྱིས་འདི་ལྟར་བསམ་པར་
བྱའོ་ཞེས་བསྟན་པའི་ཕྱིར། བབ་ཅོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བབ་ཅོལ་ཞེས་པ་ནི་དེ་དཔྱད་པ་དང་བཅས་པར་མ་བྱས་པའོ། །དམ་བཅས་པ་ནི་ཁས་ལེན་པའོ། །འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སངས་རྒྱས་རྣམས་དང་ཞེས་སྨོས་ཏེ། བདག་ཉིད་ཀྱི་ནུས་པ་ཡོད་
ཙམ་གྱིས་ཚུལ་བཞིན་དུ་བརྟགས་པའོ། །བཤོལ་དུ་ཅི་ཡོད་ཅེས་པ་ནི་འགར་འགོར་ཅི་བྱ་ཞེས་བྱ་བ་སྟེ། མི་དཔྱད་པར་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལས་ཀྱིས་དེའི་རྗེས་སུ་སྒྲུབ་པའི་སྒོ་ནས་སོ། །བསྒྲུབ་པ་སྟེ་ཡང་དག་པར་དོན་དུ་གཉེར་བར་མ་བྱས་ནའོ། །དེ་
Vol. 106 · folio 106b
དག་སྟེ་སངས་རྒྱས་ལ་སོགས་པ་བསླུས་པའི་རྒྱུས་མནར་མེད་པ་ལས་མ་གཏོགས་པའི་འགྲོ་ས་གཞན་ག་ན་ཡོད་ཅེས་བྱ་བའོ། །དེ་བཞིན་དུ་དངོས་པོ་ཕལ་པ་ཞེས་བྱ་བ་ཡང་ངོ་། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་འདི་ངེས་པར་སྦྱིན་པར་བྱའོ་ཞེས་ཡིད་ཀྱིས་བསམས་ནས་གང་མ་
བྱིན་པར་གྱུར་ན་དེ་ཡི་དྭགས་སུ་འགྱུར་རོ་ཞེས་གསུངས་སོ། །བླ་ན་མེད་པའི་བདེ་བ་ནི་སངས་རྒྱས་ཉིད་དུའོ། །བསམ་པ་ཐག་པ་ནི་ངེས་པར་བསམས་ནས་སོ། །མགྲོན་དུ་གཉེར་བ་ནི་ཁས་བླངས་པའོ། །ཅི་ག་འགྲོ་འགྱུར་རམ་ཞེས་པ་ནི་གང་ན་ཡང་འགྲོ་ས་མེད་པའོ། །གལ་ཏེ་ཤཱ་
རིའི་བུས་བྱང་ཆུབ་ཀྱི་སེམས་བཏང་ཡང་ཉན་ཐོས་ཀྱི་བྱང་ཆུབ་ཁོང་དུ་ཆུད་ནས་སེམས་ཅན་གྱི་དོན་བྱས་པ་ཉིད་མ་ཡིན་ནམ་ཞེས་དོགས་པ་ལ། མི་གང་ཞེས་སྨོས་ཏེ། བྱང་ཆུབ་ཀྱི་སེམས་མེད་ཀྱང་སེམས་ཅན་ཐར་པར་མཛད་པ་སྟེ་འཁོར་བ་ལས་གྲོལ་བར་མཛད་དོ་ཞེས་བྱ་བ་དེ་ནི་ཐམས་
ཅད་མཁྱེན་པའི་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི། བདག་ལྟ་བུ་བློ་གྲོས་དམན་པས་མི་རྟོགས་ཞེས་བྱ་བའོ། །ཞར་ལ་བྱུང་བའི་རྩོད་པ་བསལ་ནས་སྐབས་ལ་བབ་པའི་དོན་སྦྱར་བར་བྱ་བའི་ཕྱིར། དེ་ནི་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སེམས་
ཅན་ཐམས་ཅད་འདོན་པར་དམ་བཅས་པ་དེ་ཉིད་ཀྱི་ཕྱིར། གལ་ཏེ་ལྟུང་བ་བྱུང་བ་དེ་རྣམས་ཀྱི་ནང་ན་ལྕི་བ་སྟེ། ཤིན་ཏུ་ལྕི་བ་ཡིན་པས་ན་སེམས་ཅན་གྱི་དོན་ཉིད་ལ་དམན་པའོ། །གཞན་གང་ཞིག་བྱང་ཆུབ་སེམས་དཔའི་བསོད་ནམས་ལ་བར་དུ་གཅོད་པར་བྱེད་ནའོ། །མུ་མཐའ་མེད་པ་ནི་ཕྱ་
ཆད་པའོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། སེམས་ཅན་གཅིག་གི་ཞེས་སྨོས་ཏེ། ཉམས་པ་ནི་ངན་སོང་དུ་སྡུག་བསྔལ་གྱིས་སོ། །གལ་ཏེ་གང་ཞིག་ལ་ལྟུང་བ་ཡང་བྱུང་བྱང་ཆུབ་ཀྱི་སེམས་ཀྱང་མ་ཤོར་ན། དེ་ཇི་ལྟར་འགྱུར་སྙམ་པ་ལ། དེ་ལྟར་ཞེས་སྨོས་ཏེ། དེ་ལྟར་ན་ནི་
འཁོར་བ་ངན་སོང་དུ་ཁྲིད་ཅིང་བྱང་ཆུབ་ཀྱི་སེམས་ཀྱིས་མྱ་ངན་ལས་འདས་པར་ཁྲིད་པས་ཕན་ཚུན་དུ་འཐེན་པ་ན་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་ལ་ཡུན་རིང་དུ་འགོར་ཞིང་དུས་རིང་མོར་འཁོར་བར་འཁོར་བར་འགྱུར་བའོ། །དེ་ལྟ་ན་ད་ཅི་བྱ་བར་འོས་སྙམ་པ་ལ། དེ་ལྟས་ཞེས་བྱ་
Vol. 106 · folio 107a
བ་སྨོས་ཏེ། དེའི་ཕྱིར་ཇི་ལྟར་དམ་བཅས་པ་དེ་བཞིན་དུ་སེམས་ཅན་རྣམས་འདོན་པར་འོས་པའོ། །གུས་པར་བསྒྲུབ་པར་བྱ་བ་ནི་ཡང་དག་པར་བསྒྲུབ་པར་བྱ་བའོ། །འོག་ནས་ཏེ་ངན་སོང་དུ་འགྲོ་བའོ། །འོག་ཏུ་སྟེ་ངན་འགྲོ་གཅིག་ནས་གཅིག་ཏུ་བརྒྱུད་པའོ། །ཅི་སྟེ་
དེ་དག་སངས་རྒྱས་རྣམས་ཀྱིས་གདོན་པར་བྱ་བ་མ་ཡིན་ནམ་སྙམ་པ་ལ། སེམས་ཅན་ཞེས་སྨོས་ཏེ། གྲངས་མེད་པ་འདས་སུ་ཟིན་ཀྱང་རང་གི་ཉེས་པ་སྟེ་ལེ་ལོ་ལ་སོགས་པས་བདག་ནི་གསོ་བའི་སྤྱོད་ཡུལ་དུ་མ་གྱུར་པའོ། །ཡང་ནས་ཡང་དུ་ནི་སྐྱེ་བ་སྔ་མ་སྔ་མ་ཡང་དེ་
བཞིན་དུ་གལ་ཏེ་བག་མེད་པར་གྱུར་ནའོ། །ངན་འགྲོ་སྟེ་ཡི་དྭགས་ལ་སོགས་པའོ། །བདེ་འགྲོར་སྐྱེས་ཀྱང་ནད་པར་རོ། །འཆི་བ་ནི་རྣམ་པར་ཤེས་པ་ལ་སོགས་པ་འགག་པའོ། །བཅད་པ་ནི་རྐང་པ་ལ་སོགས་པའོ། །གཤེགས་པ་ནི་མདུང་ལ་སོགས་པས་སོ། །གཞན་
ཡང་ཤིན་ཏུ་རྙེད་པར་དཀའ་བ་ཇི་ལྟར་འཁར་ཆེས་རྙེད་པ་འདི་ལ་ཆེར་འབད་རྩོལ་བྱ་བར་རིགས་སོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་ནི་མི་ཉིད་དེ་རུང་བ་ནི་བཟོད་པའོ། །ནད་མེད་པའང་དེ་ཉིད་མིའང་དེའོ་ཞེས་བྱ་བའམ་ཡང་ན་ཐ་
དད་དུའོ། །སྐད་ཅིག་སླུ་བ་ཞེས་པ་ནི་སྐད་ཅིག་ཙམ་ཡང་ཡིད་བརྟན་དུ་མེད་པའི་ཕྱིར་རོ། །བརྙན་པོ་ནི་གཡར་པོ་ཉིད་དེ་གང་དེ་དང་འདྲ་བའོ། །དེ་བཞིན་དུ་ཡང་འདི་རྙེད་པར་དཀའ་བའོ་ཞེས་བསྟན་པའི་ཕྱིར། བདག་གི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་གང་
ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངན་སོང་ནི་དམྱལ་བ་ལ་སོགས་པའོ། །དགེ་བ་དག་མ་བྱས་ན་སྟེ་དེང་ནས་བརྩམས་ཏེ་དགེ་བ་མ་བྱས་ནའོ། །ཉེ་བར་བསགས་པ་ནི་འཕེལ་བར་རོ། །བསྐལ་པ་བརྒྱར་ཡང་བདེ་བར་གཤེགས་པ་ལྟ་ཞོག །དེའི་སྒྲ་ཡང་མི་ཐོས་པའོ། །དེ་ལྟ་
ཡིན་པ་དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོར་རླུང་གིས་ཁྱེར་བའི་གཉའ་ཤིང་གི་བུ་ག་གཅིག་པ་དེར་ལོ་བརྒྱ་ཞིང་ཕོགས་རེའི་རྒྱ་མཚོའི་སྟེང་དུ་དེ་ལྟ་བུར་འོང་བའི་རུས་སྦལ་གྱི་མགྲིན་པ་ཆུད་པ་ནི་ཁྭའི་མགོ་དང་ཏ་ལ་བཞིན་ཤིན་ཏུ་དཀའ་
Vol. 106 · folio 107b
བ་དེ་བཞིན་དུ་མིའི་དངོས་པོ་ཡང་དཀའོ་ཞེས་གསུངས་སོ། །ཅིའི་ཕྱིར་རྙེད་པར་དཀའ་སྙམ་པ་ལ། སྐད་ཅིག་གཅིག་བྱས་ཞེས་སྨོས་ཏེ། སྡིག་པ་ནི་མཚམས་མེད་པ་ལ་སོགས་པའོ། །བསྐལ་པ་ནི་བསྐལ་པ་བར་མར་རོ། །སྡིག་པ་ཟད་ན་གྲོལ་བར་འགྱུར་རོ་སྙམ་པ་ལ།
དེ་ཙམ་ཁོ་ན་ཞེས་སྨོས་ཏེ། མྱོང་བ་ནི་ཉམས་སུ་མྱོང་བའོ། །རྣམ་པར་ཐར་པར་མི་འགྱུར་བ་ནི་གྲོལ་བར་མི་འགྱུར་བའོ། །གཅིག་ལ་གཅིག་ཟ་བ་ལ་སོགས་པ་ནི་སྡིག་པ་བཞིན་ནོ། །རང་གི་ཡིད་ལ་གཅགས་པར་བསྟན་པའི་ཕྱིར། འདི་འདྲ་ཞེས་བྱ་བ་སྨོས་ཏེ། སླུ་བ་ནི་
རང་དང་གཞན་སླུ་བའོ། །གལ་ཏེ་ནི་གང་གི་ཕྱིར་རོ། །རྨོངས་པ་ནི་ཀུན་ཏུ་རྨོངས་པའོ། །གཞན་ཡང་དེ་ལྟར་འདས་མ་ཐག་ཏུ་བརྗོད་པ་རྣམས་དཔྱད་ཅིང་གཞིགས་པས་སྒྱིད་ལུག་པར་གྱུར་ནས་བསླབ་པ་མི་བསྲུང་ནའོ། །མྱ་ངན་ཆེན་པོ་ལྡང་ཞེས་པ་ནི་གཤིན་རྗེའི་ཕོ་ཉས་
ཅིའི་དོན་དུ་ཁྱོད་ཀྱིས་འདི་ལྟ་བུའི་སྡིག་པ་བྱས་ཞེས་འགྱོད་པའོ། །སྲེག་པར་འགྱུར་བ་ནི་ཐལ་བར་རློག་པར་འགྱུར་བའོ། །མེ་འབར་ཞེས་པ་ནི་བདག་གིས་འདི་ལྟ་བུའི་ལས་ངན་པ་ཇི་ལྟར་བྱས་ཞེས་ཕྱིས་གདུང་ཞིང་འགྱོད་པའི་མེ་འབར་བས་སེམས་སྲེག་པའོ། །ཕན་
པའི་ས་ནི་བདེ་འགྲོའོ། །ཤེས་པ་དང་ལྡན་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ལ་སོགས་པའོ། །ཁྲིད་ཅེས་པ་ནི་བདག་ཉོན་མོངས་པས་ཁྲིད་པའོ། །གལ་ཏེ་ཁྱོད་ཤེས་པ་དང་ལྡན་ན་བཀྲིར་ཉན་པ་ཇི་ལྟར་སོང་སྙམ་པ་ལ། སྔགས་ཀྱིས་ཞེས་སྨོས་ཏེ། འདིར་ཞེས་པ་ནི་ཕན་
པའི་ས་ལའོ། །སེམས་ཞེས་པ་ནི་བསླབ་པ་ལས་བརྩོན་པའོ། །ཅིས་རྨོངས་མ་ཤེས་པ་ནི་རྒྱུ་ཅིས་རྨོངས་པར་བྱས་ཆ་མེད་པའོ། །ཁོང་ན་ཞེས་བྱ་བ་ནི་ལུས་པོ་ལའོ། །གལ་ཏེ་སྲིད་པ་ལ་སོགས་པ་ཡིན་ནོ་སྙམ་པ་ལ། ཞེ་སྡང་སྲེད་སོགས་ཞེས་སྨོས་ཏེ། སྲེད་པ་ནི་ཕྱིར་ཞིང་འདོད་པ་
སྐྱེས་པའོ། །གཟུགས་ཅན་མ་ཡིན་པའི་ཕྱིར་དཔའ་བོ་མ་ཡིན་པའོ། །གཏི་མུག་དང་ཡང་དག་པར་སྦྱོར་བའི་ཕྱིར་མཁས་པ་མ་ཡིན་པའོ། །བྲན་བཞིན་དུ་བྱས་པ་ནི་དབང་དུ་བྱས་པའོ། །དེ་བཞིན་དུ་འདི་ཡང་ངོ་མཚར་དུ་གྱུར་པ་བསྟན་པའི་ཕྱིར། བདག་གི་ཞེས་སྨོས་ཏེ།
Vol. 106 · folio 108a
དགའ་མགུར་ཞེས་པ་ནི་དགོས་པ་མེད་པར་རོ། །གནས་མ་ཡིན་པ་ནི་ཡུལ་མ་ཡིན་པའོ། །བཟོད་པ་ནི་སྲོན་པའོ། །གལ་ཏེ་ཁྱོད་ཀྱིས་དེ་དག་དེ་ཙམ་དུ་མི་བཟོད་དུ་ཅི་ཡོང་སྙམ་པ་ལ། གལ་ཏེ་ལྷ་དང་ཞེས་སྨོས་ཏེ། མནར་མེད་པ་ནི་དམྱལ་བའོ། །
འཇུག་པ་ནི་དེར་འཇུག་པའོ། །མེ་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ། ཉོན་མོངས་སྟོབས་ཞེས་བྱ་བ་སྨོས་ཏེ། ཕྲད་ན་སྟེ་རེག་ནའོ། །རི་རབ་ནི་རིའི་རྒྱལ་པོ་རི་རབ་པོ། །དེར་ཞེས་པ་ནི་མེའི་ནང་དུའོ། །འདི་བས་གནང་བའི་དགྲ་གཞན་ན་མེད་དམ་དེ་ཙམ་དུ་ཞེད་ཅི་དགོས་སྙམ་པ་ལ། བདག་
གི་ཉོན་མོངས་ཞེས་སྨོས་ཏེ། སྟོབས་འབའ་ཞིག་ཆེ་བར་མ་ཟད་དེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཚེ་རིང་བའོ། །དེ་ལྟར་ན་མཐུན་པའི་རིམ་གྲོས་བསྟེན་པར་བྱའོ་སྙམ་པ་ལ། མཐུན་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུན་པའི་རིམ་གྲོས་ནི་བསམ་པ་དང་མཐུན་པར་རོ། །
ཕན་པ་དང་བདེ་བར་བྱེད་པ་ནི་ནུས་པ་ཡོད་ཚད་ཀྱིས་སོ། །ཡང་ན་སེམས་པར་བྱེད་པའོ། །དེ་ལྟར་ཏེ་དེ་ལྟ་བུར་རོ། །ཡུན་རིང་ནི་དུས་རིང་དུའོ། །རྒྱུན་ཆགས་ནི་བར་ཆད་མེད་པའོ། །དགྲར་གྱུར་པ་ནི་སྡང་བར་བྱེད་ཅིང་ཡོད་པའོ། །གནོད་པ་ནི་ཤིན་ཏུ་གནོད་པའོ། །ཚོགས་ནི་བསྡུས་
པས་སོ། །དགའ་བ་ནི་ཡིད་བདེ་བའོ། །བདེ་བ་རང་ཡང་མེད་དོ་ཞེས་བསྟན་པའི་ཕྱིར། འདི་ན་འཁོར་བའི་ཞེས་སྨོས་ཏེ། འཁོར་བ་ཉིད་བཙོན་ར་སྟེ་འཆིང་བར་བྱེད་པའི་གནས་ཡིན་པས་སོ། །སྲུང་བར་བྱེད་པས་ན་སྲུང་མ་སྟེ། ཉོན་མོངས་པས་མི་ཐར་བར་འཆིང་བར་
བྱེད་པའི་ཕྱིར་རོ། །དམྱལ་བའི་ནང་དེར་གནོད་པར་བྱར་བཏུབ་ཚད་ཀྱིས་གནོད་པ་བྱེད་པའོ། །གསོད་པར་བྱེད་པས་ན་གཤེད་མ་ནི་གཤིན་རྗེའི་སྐྱེས་བུ་སྟེ། ཉོན་མོངས་པའི་དབང་གིས་གཤིན་རྗེའི་སྐྱེས་བུ་ལ་སོགས་པར་སྣང་བའི་ཕྱིར་རོ། །བློ་ནི་སེམས་སོ། །གནས་ནི་ཁྱིམ་དང་
འདྲ་བས་ནའོ། །ཆགས་པ་ཉིད་ལྕགས་གཟེབ་སྟེ་དེ་ནའོ། །གལ་ཏེ་གནས་པར་གྱུར་ན་ཞེས་པ་ནི་གལ་ཏེ་གནས་ཤིང་སྡོད་ནའོ། །འདིར་འདི་ཉིད་རིགས་པར་བསྟན་པར་བྱ་བའི་ཕྱིར། དེ་ལྟས་ཞེས་སྨོས་ཏེ། མངོན་སུམ་དུ་ཞེས་པ་ནི་མངོན་སུམ་དུའོ། །འདིར་ཞེས་པ་ནི་ཉོན་མོངས་
Vol. 106 · folio 108b
པའི་གཡུལ་ངོར་རོ། །བཙོན་ཞེས་པ་ནི་སེམས་ཁྲལ་གྱི་ཁུར་བུར་རོ། །མི་འདོར་བ་ནི་མི་གཏོང་བའོ། །དེ་ཞེས་པ་ནི་གནོད་པར་བྱེད་མཁན་ནོ། །དཔེའི་སྒོ་ནས་བསྟན་པའི་ཕྱིར། རང་བཞིན་ཞེས་སྨོས་ཏེ། འཇིག་པ་ལ་རྒྱུ་མེད་པའི་ཕྱིར་རང་བཞིན་གྱིས་ཏེ་རང་གི་ངང་གིས་གང་
འཆི་བ་དེས་སྡུག་བསྔལ་བར་གྱུར་པ་ནི་ཉོན་མོངས་ཏེ་ལྟ་ངན་ནོ། །གཡུལ་ངོ་ནི་གཡུལ་བྲིས་པའོ། །དངར་བ་ནི་བཙན་ཐབས་སུ་ཆས་པའོ། །ནན་གྱིས་ཏེ་དྲག་གཏུམ་གྱིས་སོ། །མདའ་ལ་སོགས་པ་གྲངས་མེད་ཅིང་བརྩིས་མི་ལང་བའི་སྡུག་བསྔལ་ཁྱད་དུ་བསད་ནས་དེ་ཕྱིར་
ལྡོག་པའི་སྐབས་མི་འབྱེད་པའོ། །དཔེ་བཤད་ནས་དོན་བསྟན་པའི་ཕྱིར། རྟག་ཏུ་ཞེས་སྨོས་ཏེ། རང་བཞིན་གྱི་དགྲ་ནི་ཉོན་མོངས་པའོ། །རྒྱུ་ནི་བྱེད་པའི་རྒྱུའོ། །གྱུར་ཞེས་པ་ནི་ཚིག་ཁ་སྐོང་བའོ། །ཡི་ཆད་པ་ནི་ཡིད་ཞུམ་པའོ། །སྡུག་བསྔལ་བར་མི་འགྱུར་བ་ནི་མི་སྤྲོ་བར་
མི་འགྱུར་བའོ། །ཇི་ལྟར་ན་མི་རིགས་སྙམ་པ་ལ། དོན་མེད་ཅེས་སྨོས་ཏེ། འཇིག་རྟེན་ཕ་རོལ་གྱི་འབྲས་བུར་གྱུར་པ་མེད་པའོ། །རྨ་ཞེས་པ་ནི་མཚོན་གྱི་རྨའོ། །དོན་ཆེན་ནི་སེམས་ཅན་གྱི་དོན་ནོ། །ཡང་དཔེ་གཞན་གྱི་སྒོ་ནས་བསྟན་པའི་ཕྱིར། ཉ་བ་ཞེས་སྨོས་ཏེ། འཚོ་
བ་ནི་འཚོ་བ་སྟེ་ཟས་སྐོམ་ལ་སོགས་པའོ། །ཙམ་ཞེས་པ་ནི་དེ་ཙམ་མོ། །བཟོད་ཅེས་པ་ནི་སྲན་འཛུགས་པའི་ཚིག་གོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་མ་ཡིན་ན་ཕྱོགས་བཅུའོ། །དགྲོལ་བར་ཞེས་པ་ནི་རྣམ་པར་གྲོལ་བར་བྱེད་པའོ། །དམ་བཅས་པ་ནི་དམ་བཅས་
པར་གྱུར་པའོ། །གཞན་ལྟ་ཞོག་དང་ད་རུང་དུ་བདག་ཉིད་ཀྱང་མ་གྲོལ་བས་ན་ཚོད་དེ་རང་གི་ནུས་སྦུངས་མི་ཤེས་པར་རང་དགར་སྨྲ་བ་ནི་སྨྱོན་པའོ། །དེ་ཕྱིར་ཉོན་མོངས་པ་རྣམས་འཇོམས་པ་སྟེ་ཉམས་པར་བྱེད་པ་ལ་ཕྱིར་མི་ལྡོག་པ་ནི་སླར་མི་ལྡོག་པའི་ཚུལ་ཅན་ནོ། །ཀུན་ནས་ཞེན་པར་བྱས་པ་ནི་
གདུག་པ་དྲག་པོས་སོ། །ཁོན་དུ་བཟུང་བ་ནི་གནོད་པར་བྱེད་པའི་བསམ་པ་མི་འདོར་བའོ། །གཡུལ་སྤྲད་པ་ནི་འཐབ་པ་ལ་བརྩོན་པའོ། །ཅི་ཉོན་མོངས་པ་ཐམས་ཅད་སྤོང་བའམ་སྙམ་པ་ལ། གཞན་དུ་ཞེས་སྨོས་ཏེ། ཉོན་མོངས་པའི་གནོད་པ་འཇོམས་པར་བྱེད་པའི་ཉོན་མོངས་པ་
Vol. 106 · folio 109a
གང་ཡིན་པ་དེ་གཞག་པར་བྱའོ། །དེའི་ཕྱིར་གཞན་དུ་སྟེ། ཉོན་མོངས་པ་མཐའ་དག་རྒྱུན་གཅོད་པ་ནི་མ་ཡིན་ནོ་ཞེས་བརྗོད་དོ། །བདག་ནི་བསྲེགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འདི་ལྟར་རྣམ་པ་ཐམས་ཅད་དུ་གཏན་འདུད་པར་མི་བྱ་བ་ཉིད་དུ་བསྟན་ཏེ། ཉོན་
མོངས་པའི་དགྲ་དང་དགྲ་གཞན་མི་འདྲ་བ་ཉིད་དུ་བསྟན་པའི་ཕྱིར། ཐ་མལ་དགྲ་བོ་ཞེས་སྨོས་ཏེ། ཡུལ་གཞན་ནི་ལྗོངས་བཙན་སའོ། །གང་ཡུལ་དེ་ནས་ནུས་པ་སྟེ། །ཚོགས་པ་འཕེལ་ཙམ་ན་ཕྱིར་ལྡོག་པ་ནི་སླར་ཡང་རྒོལ་དུ་འོང་བའོ། །དེ་བཞིན་དུ་ཉོན་མོངས་ཞེས་བྱ་བ་ལ་སོགས་
པ་ལ། ཤེས་རབ་སྟེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་པའི་མིག་གིས་གཏན་ནས་སོ། །བདག་ཉིད་ནི་བདག་གི་ཡིད་ལས་ཞེས་བྱ་བའི་དོན་ཏོ། །བསལ་བ་ནི་བཏོན་ནས་བཏང་བའོ། །གང་དུ་འགྲོ་ཞེས་པ་ནི་འགྲོ་ས་མེད་པའོ། །དེ་ཉིད་བསྟན་པའི་ཕྱིར། ཉོན་མོངས་རྣམས་
ནི་ཞེས་སྨོས་ཏེ། ཡུལ་ནི་གཟུགས་ལ་སོགས་པའོ། །དབང་པོ་ནི་མིག་ལ་སོགས་པ་སྟེ་དེ་དག་གོ། །དབང་པོ་བཏུལ་ན་ཉོན་མོངས་པ་མི་སྐྱེའོ། །བར་ནི་དེ་ཉིད་ཀྱི་བར་རོ། །དེ་ལས་གཞན་ན་ཞེས་བྱ་བ་ནི་དེ་དག་རྣམས་ལས་གཞན་ནའོ། །གར་གནས་ཞེས་པ་ནི་གང་
དུ་གནས་ནས་ཞེས་བྱ་བའོ། །གནོད་པར་བྱེད་པ་ནི་འཚེ་བར་བྱེད་པའོ། །འདི་ནི་རྒྱུ་འདྲ་ཞེས་པ་ནི་བརྫུན་པ་སྟེ། འདི་མི་ཤེས་པས་གནོད་པའི་ཕྱིར་རོ། །ཤེས་ཕྱིར་ནི་ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར་རོ། །བསྟོད་པ་ནི་འབད་རྩོལ་ལོ། །དོན་མེད་ཉིད་དུ་སྟེ་སྐབས་སུ་མ་བབ་
བཞིན་དུའོ། །ད་ནི་མཇུག་བསྡུ་བར་བྱ་བའི་ཕྱིར། དེ་ལྟར་ཞེས་སྨོས་ཏེ། བསླབ་པ་རྣམས་རྟོགས་པར་བྱས་ནས་དེ་བསྒྲུབ་པར་བྱ་བའི་དོན་དུ་སྟེ་དེའི་དོན་དུའོ། །སྨན་དག་གིས་ཏེ་ནད་པས་སྨན་བསྟེན་པ་ཙམ་གྱིས་སོ། །སོས་གྱུར་ག་ལ་ཡོད་དེ་ནད་མེད་ཅིང་བྱང་བར་ག་ལ་
འགྱུར་ཞེས་བྱ་བའོ། །བསྟན་པའི་དོན་རྗེས་སུ་སྒྲུབ་པ་ནི་བག་ཡོད་ཅེས་བྱ་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་བཞི་པའི་དཀའ་འགྲེལ་ལོ།། །།ད་ནི་ཉོན་མོངས་པ་ཐམས་ཅད་འཇིལ་བར་བྱེད་པའི་རྒྱུར་གྱུར་པ་བསླབ་པ་བསྲུང་བར་བྱ་བའི་
Vol. 106 · folio 109b
ཐབས་བསྟན་པའི་ཕྱིར། བསླབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྲུང་བ་ནི་དྲན་པ་དང་ཤེས་བཞིན་དག་གིས་སོ། །གཡོ་བ་ནི་མི་བརྟན་པའོ། །འདིའི་ཕྱིར་ན་ཡང་སེམས་ཁོ་ན་བསྲུང་བར་བྱའོ་ཞེས་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ་སྨོས་ཏེ། ཡན་བཏང་ཞེས་
པ་ནི་གླང་པོ་ཆེ་སྨྱོན་པ་ལྟ་བུར་རང་དགར་ཡན་པར་བཏང་བའོ། །མ་དུལ་བ་ནི་མ་བསླབས་པའོ། །མྱོས་པ་ནི་གླང་སྨྱོན་ནོ། །འདི་ན་ཞེས་པ་ནི་ཚེ་འདི་ནའོ། །དེ་དམ་དུ་བཏགས་པའི་ཡོན་ཏན་བསྟན་པའི་ཕྱིར། ཀུན་ནས་ཞེས་སྨོས་ཏེ། དྲན་པ་ཉིད་ནི་ཐག་པ་སྟེ་དེས་དམ་བཏགས་
ནའོ། །འཇིགས་པ་ནི་སྐྲག་པའོ། །དགེ་བ་ནི་མངོན་པར་མཐོ་བའོ། །སྟག་ལ་སོགས་པའི་གཅན་གཟན་ཡོད་པ་མ་ཡིན་ནམ་ད་ཇི་ལྟར་ན་འཇིགས་པ་ཐམས་ཅད་མེད་པར་འགྱུར་སྙམ་པ་ལ། སྟག་དང་ཞེས་བྱ་བ་ལ་སོགས་པ་སྟེ། བཏགས་པར་འགྱུར་བ་ནི་དྲན་པས་སོ། །
བཏུལ་བ་ནི་ཤེས་བཞིན་གྱིས་སོ། །ཐུལ་བར་འགྱུར་བ་ནི་རྣམ་པར་དུལ་བར་གྱུར་པའོ། །དེ་གང་གི་ཕྱིར་སྙམ་པ་ལ། འདི་ལྟར་ཞེས་སྨོས་ཏེ། ཡང་དག་པའི་དོན་གསུང་བའི་སངས་རྒྱས་ཀྱིས་འཕགས་པ་དཀོན་མཆོག་སྤྲིན་དུ། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སེམས་སྔོན་དུ་འགྲོ་
བ་ཅན་ཏེ། གང་གི་ཚེ་སེམས་འབའ་ཞིག་དབང་དུ་གྱུར་པ་དེའི་ཚེ་ཆོས་ཐམས་ཅད་དབང་དུ་གྱུར་པ་ཡིན་ཞེས་གསུངས་སོ། །ས་བཅུ་པ་ལས་ཀྱང་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་སོ། །འདིའི་ཕྱིར་ན་ཡང་དེ་ཁོ་ན་ལྟར་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བསྟན་
པའི་ཕྱིར། སེམས་ཅན་དམྱལ་བ་ཞེས་སྨོས་ཏེ། ཤལ་མ་རིའི་ནགས་ལ་སོགས་པའི་མཚོན་ཆ་རྣམས་སུས་མངོན་པར་སྤྲུལ། དབང་ཕྱུག་ལ་སོགས་པས་མ་ཡིན་ཏེ། འོག་ནས་འགེགས་པར་འགྱུར་བའི་ཕྱིར་རོ། །ལྕགས་བསྲེགས་ལས་བྱས་པའི་ས་གཞི་དང་། གཞན་གྱི་བུད་
མེད་ཀྱིས་ཤལ་མ་ལིའི་སྟེང་ནས་ལྟ་བ་རྣམས་ཀྱང་སུས་བྱས་ཞེས་པའོ། །དེ་ལྟ་ན་དེ་ཇི་ལྟ་ཡིན་སྙམ་པ་ལ། དེ་འདྲ་དེ་དག་ཅེས་བྱ་བ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་མཚོན་ཆ་ལ་སོགས་པའོ། །སྡིག་སེམས་ཞེས་པ་ནི་མི་དགེ་བའི་སེམས་སོ། །ལུས་ངག་ཡིད་གསུམ་ཐུབ་པ་དང་ལྡན་པས་ན་ཐུབ་
Vol. 106 · folio 110a
པ་སྟེ་རྒྱལ་བས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་སེམས་གཙོ་བོར་གྱུར་པ་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་འགྲོ་བ་ཞེས་སྨོས་ཏེ། དབུལ་བ་ནི་ཟག་པ་དང་བཅས་པའི་བདེ་བ་སྲེད་པ་དང་བཅས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་
ཏེ། མཐར་ཕྱིན་པས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཡང་ན་སྦྱིན་པའི་ཕ་རོལ་ཏུ་འགྲོ་བས་ཏེ་ཕ་རོལ་ཏུ་ཕྱིན་པར་བྱེད་པའོ། །ཇི་ལྟར་ན་དེ་དེ་ལྟར་ཡིན་སྙམ་པ་ལ། བདོག་པ་ཐམས་ཅད་ཅེས་སྨོས་ཏེ། འབྲས་བུ་ནི་རྣམ་པར་སྨིན་པའོ། །ཐམས་ཅད་ནི་ཕྱི་དང་ནང་གི་
བདག་ཉིད་དོ། །གསུངས་ཞེས་པ་ནི་ལུང་ལས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་སེམས་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉ་ལ་སོགས་པ་ཞེས་སྨོས་ཏེ། སྲོག་ཆགས་ཉེ་བར་མཚོན་པའོ། །གསོད་པར་མི་འགྱུར་བ་ནི་སྲོག་གཅོད་པ་སྤོང་བའོ། །ཚུལ་
ཁྲིམས་ནི་གཞན་ལ་ཕན་པའི་བྱ་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ཉིད་དོ་ཞེས་བསྟན་པའི་ཕྱིར། སེམས་ཅན་མི་སྲུན་ཞེས་སྨོས་ཏེ། བཅོམ་ན་ཞེས་པ་ནི་དྲན་པ་དང་ཤེས་བཞིན་གྱི་རལ་གྲིས་བཅོམ་ནའོ། །ཆོམས་ཞེས་པ་ནི་ཟློག་པའོ། །འདིའི་དཔེ་བསྟན་
པའི་ཕྱིར། ས་སྟེང་ཞེས་སྨོས་ཏེ། གཡོགས་པ་ནི་འགེབས་པའོ། །ལྷམ་མཐིལ་ནི་བཅག་ལྷམ་མོ། །དེ་བཞིན་ཕྱི་རོལ་ཞེས་པ་ལ་སོགས་པ་ལ། དེ་བཞིན་ཏེ་ས་སྟེང་བཞིན་ནོ། །ཕྱི་རོལ་ནི་གཟུགས་ལ་སོགས་པའོ། །ཡང་ཞེས་པ་ནི་གང་གི་ཕྱིར་གྱི་དོན་ནོ། །གཞན་
རྣམས་ནི་དངོས་པོ་གཞན་རྣམས་སོ། །དགེ་བ་ལ་མངོན་པར་སྤྲོ་བའི་བདག་ཉིད་ཅན་གྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ཉིད་དོ་ཞེས་བསྟན་པའི་ཕྱིར། སེམས་གསལ་ཞེས་སྨོས་ཏེ། སེམས་ནི་ལུས་དང་ངག་དང་བཅས་པའི་སེམས་གཅིག་གོ། །གསལ་བ་ནི་
བརྩོན་འགྲུས་མེ་འབར་བ་ལྟ་བུ་གང་ཡིན་པའོ། །དེས་ཚངས་པ་ལ་སོགས་པའི་འཇིག་རྟེན་དུ་སྐྱེ་བའོ། །ལུས་ངག་བཅས་པ་ནི་ལུས་དང་ངག་དང་བཅས་པའི་སེམས་སོ། །སྤྱོད་པ་ཞན་པ་ནི་དགེ་བའི་ཕྱོགས་སུ་གསལ་བར་མ་གྱུར་པའི་སྤྱོད་པའོ། །དེ་ལྟར་མ་ཡིན་པ་ནི་འབྲས་
Vol. 106 · folio 110b
བུ་མི་མཚུངས་པའོ། །དགེ་བ་ལ་སེམས་རྩེ་གཅིག་པ་ཅན་གྱི་བསམ་གཏན་ཡང་སེམས་ཉིད་དོ་ཞེས་བསྟན་པའི་ཕྱིར། བཟླས་བརྗོད་ཅེས་གསུངས་ཏེ། སྔགས་བརྗོད་པ་ནི་བཟླས་བརྗོད་དོ། །དཀའ་ཐུབ་ནི་དབང་པོ་བསྡམས་པའོ། །སེམས་གཞན་ཏེ་གཞན་དུ་ཞེན་ཅིང་འཕྲོ་
བ་དང་ཡེངས་པ་སྟེ་གཉིད་ལ་སོགས་པས་ཉེན་པར་བྱས་པའོ། །དོན་མེད་པ་ནི་འབྲས་བུ་ཤིན་ཏུ་ངན་པར་བྱས་པའི་ཕྱིར་རམ། ཡང་ན་མངོན་པར་འདོད་པ་ལས་གཞན་དུ་གྱུར་པའི་འབྲས་བུ་ཀུན་ཏུ་སྒྲུབ་པའི་ཕྱིར་ཏེ། བུ་ཡོད་དུ་ཟིན་ཀྱང་བུའི་བྱ་བ་མི་བྱེད་པའི་ཕྱིར། བུ་མེད་
ཅེས་ཟེར་བ་བཞིན་ནོ། །ཤེས་རབ་ལ་ནི་རྩོད་པ་མེད་པར་སེམས་ཉིད་དོ་ཞེས་བསྟན་པའི་ཕྱིར། གང་གིས་ཆོས་ཀྱི་ཞེས་སྨོས་ཏེ། ཆོས་ནི་ཐམས་ཅད་དོ། །དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་དོན་པོ་མཆོག་གོ། །གསང་བ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་
པའི་ཕྱིར་བྱིས་པ་རྣམས་ལ་གསང་བའོ། །མ་ཤེས་ན་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མནོ་བསམ་བརྟན་པར་མ་བྱས་ན་སྟེ། ཆོས་ཐམས་ཅད་དམིགས་སུ་བྱར་མེད་པར་ཤེས་རབ་ཀྱིས་ཤེས་པ་ཡིན་པའི་ཕྱིར་རོ། །བདེ་བ་ནི་མྱ་ངན་ལས་འདས་པའོ། །སྡུག་བསྔལ་ནི་སྡུག་བསྔལ་གྱི་
བདེན་པ་ལ་སོགས་པའོ། །གྱི་ན་འཁྱམ་པ་ནམ་མཁའ་ལ་ཀུ་ཤའི་མེ་ཏོག་བཞིན་དུ་འཁྱམ་པས་དོན་མེད་པར་འཁྱམ་པའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར་ལོགས་སུ་མ་གསུངས་སོ། །མཇུག་བསྡུ་བའི་
ཕྱིར། དེ་ལྟས་ཞེས་སྨོས་ཏེ། ལེགས་པར་བསྲུང་བ་ནི་དྲན་པ་དང་ཤེས་བཞིན་གྱིས་སོ། །འདིའི་དཔེ་བསྟན་པའི་ཕྱིར། མ་གྲངས་ཞེས་སྨོས་ཏེ། མ་གྲངས་འགྲོ་བ་ནི་རྣམ་པར་གཡེངས་པ་རྣམས་སོ། །རྨ་ནི་མཚོན་ལ་སོགས་པས་སོ། །སྐྱེ་བོ་ངན་པ་ནི་སོ་སོའི་སྐྱེ་བོའོ། །
སྡུག་ཅིང་གདུངས་པ་སྟེར་བའི་ཕྱིར་ན་སེམས་ཉིད་རྨའོ། །གཞན་ཡང་རྨའི་སྡུག་བསྔལ་ཉིད་ཆུང་བ་སྟེ་ཡང་བ་ཡིན་པའི་ཕྱིར་རོ། །ཤིག་ལ་སོགས་པ་སེན་མོའི་ནང་དུ་བཅིར་བ་ལ་སོགས་པའི་རྣམ་པར་སྨིན་པས་དམྱལ་བའི་གནས་སུ་ལྕགས་ཀྱི་རི་བོ་གཉིས་ཀྱི་བར་དུ་འཇོམས་པ་
Vol. 106 · folio 111a
ནི་རི་བོ་ཆེས་འཇོམས་སོ། །ཅི་ཡང་དེ་ལྟ་བུར་གནས་པ་ལ་ཡོན་ཏན་ཅི་ཡོད་སྙམ་པ་ལ། སྤྱོད་པ་འདི་འདྲས་ཞེས་སྨོས་ཏེ། སེམས་བསྲུངས་པའི་བདག་ཉིད་ཀྱིས་གནས་པར་བྱེད་ནའོ། །སྐྱེ་བོ་ངན་པའི་ཁྲོད་ནི་ཡུལ་ངན་པའི་ཁྲོད་ནའོ། །བརྟན་པ་ནི་བག་ཡོད་པའོ། །
ཉམས་པ་ནི་ཞིག་ཅིང་ཉམས་པའོ། །གལ་ཏེ་དེ་ལྟ་བུར་གནས་པ་ན། སྤྲོ་ཞིང་འདུད་པ་ལ་སོགས་པའི་རྙེད་པས་ཉམས་པར་འགྱུར་སྙམ་པ་ལ། བདག་གི་ཞེས་སྨོས་ཏེ། བདག་ཇི་ལྟ་བ་འདོད་པ་བཞིན་དུ་རྙེད་པ་ནི་རྙེད་པའོ། །བཀུར་སྟི་ནི་རིམ་གྲོའོ། །ལུས་དང་འཚོ་བ་དང་དགེ་བ་
གཞན་ཞེས་པ་ནི་རང་གི་དོན་དུ་བྱེད་པའི་དགེ་བའོ། །འདི་ལ་གུས་པ་ནན་ཏན་དུ་བསྐྱེད་པར་བྱའོ་ཞེས་གདམས་པའི་ཕྱིར་བསྟན་བཅོས་མཁན་པོས་སེམས་བསྲུང་ཞེས་སྨོས་ཏེ། དམིགས་པའི་དོན་མ་བརྗེད་པ་ནི་དྲན་པའོ། །ཡང་དག་པའི་ཤེས་རབ་ཀྱི་སྒྲ་ལས་གྲུབ་པ་ནི་ཤེས་བཞིན་ཏེ་ཤེས་
རབ་པོ། །དེས་བདག་གི་གནས་སྐབས་གང་ཅུག་འདུག་པ་ཤེས་པར་བྱེད་དོ། །ཅིའི་ཕྱིར་ན་དེ་དག་བསྲུང་བར་བྱ་སྙམ་དུ་དོགས་པ་ལ། ནད་ཀྱིས་ཞེས་སྨོས་ཏེ། རྨོངས་པ་ནི་དྲན་པ་དང་ཤེས་བཞིན་འདི་དག་གཉིས་མ་ཚང་བས་སོ། །ལས་རྣམས་ཀུན་ནི་བསམ་གཏན་ལ་སོགས་པའོ། །
དེ་ལྟ་བས་ན་ཤེས་བཞིན་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྙོག་པ་ནི་དྲི་མའོ། །ཤེས་བཞིན་མེད་པ་ཉིད་རྐུན་པོ་སྟེ་དགེ་བའི་ནོར་འཕྲོག་པའི་ཕྱིར་རོ། །དྲན་པ་ཉམས་པ་སྟེ་ཞིག་པའི་ཚུལ་དང་གང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉེ་བར་བསགས་པ་ནི་ཕུང་པོར་བྱས་པའོ། །འདི་ལྟར་
ཉོན་མོངས་པ་ཉིད་ཆོམ་རྐུན་ཏེ་གནོད་པའི་ཚོགས་དེ་དག་གོ། །གླགས་སྐབས་ནི་གླགས་སྐབས་ཉིད་དོ། །དེ་བཞིན་དུ་རྙེད་དམ་ལྟ་བ་ནི་ཚོལ་བའོ། །བདེ་འགྲོའི་སྲོག་འཇོམས་པ་ནི་རྐུ་བའོ། །དྲན་པའི་ཡིད་སྒོ་ནས་ནི་ཡིད་ཁོང་པར་བཅུག་ལ་གཞག་པའོ། །ཡུལ་གྱི་སྟེང་དུ་སོང་ཡང་སླར་
བཀུག་སྟེ་འཇོག་པ་ནི་ཉེ་བར་གཞག་པའོ། །ཐབས་ནི་ཇི་ལྟར་ཉེ་བར་གཞག་སྙམ་པ་ལ། བླ་མ་ཞེས་སྨོས་ཏེ་རྗེས་སུ་བསྟན་པ་ནི་བསླབ་པའི་ཚོགས་རྣམས་སོ། །འཇིགས་པ་ནི་མཁན་པོ་ལ་སོགས་པས་འཇིགས་པའོ། །གཞན་ཡང་སངས་རྒྱས་ལ་སོགས་པ་ཀུན་ཏུ་སྟེ། ཤེས་བྱ་མཐའ་དག་
Vol. 106 · folio 111b
ལ་ཐོགས་པ་མེད་ཅིང་བར་དུ་གཅོད་པ་མེད་པའི་གཟིགས་པ་དང་ལྡན་པ་རྣམས་བསམས་ནས་ཏེ། རྣམ་པར་བལྟས་པ་ལའོ། །གུས་པ་ནི་བསླབ་པ་ལ་སྟེ། སངས་རྒྱས་དང་ཆོས་ལ་དམིགས་པའི་སེམས་ནི་དྲན་པས་དེ་ལས་མི་འདའ་བའོ། །ཚུལ་དང་མི་མཐུན་པའི་ལས་ལ་
འཇིགས་པ་དང་བཅས་པ་ངོ་ཚ་ཤེས་པའོ། །ཤེས་བཞིན་སྐྱེ་བ་དང་གནས་པ་དག་གི་རྒྱུ་ཡང་དྲན་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཚེ་དྲན་པ་ཞེས་སྨོས་ཏེ། དེའི་ཚེ་ཞེས་སྨོས་པ་ནི་དྲན་པ་ཡོད་པའི་ཚེའོ། །བྱ་བར་འོས་པ་རྣམས་འདི་ལྟར་བསླབ་པར་བྱའོ་ཞེས་བསྟན་པའི་
ཕྱིར། རེ་ཞིག་དང་པོར་ཞེས་བྱ་བ་སྨོས་ཏེ། དང་པོར་ཞེས་པ་ནི་ཐོག་མར་རོ། །འདི་འདྲ་ནི་འདི་འདྲ་བའི་རྣམ་པར་རོ། །གཞག་པ་ནི་མངོན་དུ་བྱ་བའོ། །དེ་ཉིད་བསྟན་པའི་ཕྱིར། དབང་པོ་དང་བྲལ་བས་ཞེས་སྨོས་ཏེ་དབང་པོ་ལ་མ་ལྟོས་པར་རོ། །མིག་གཞན་དུ་ཡེངས་
པ་ནི་དོན་མེད་པར་ཡེངས་པར་ལྟ་བའོ། །ངེས་པར་སེམས་པ་ནི་བསམ་གཏན་བྱེད་པ་ཁོ་ནས་སོ། །ངལ་སོ་བ་ནི་མིག་ཡེངས་པ་སྙམ་བྱེད་པ་མེད་པར་བྱེད་པའོ། །མིག་ལམ་ན་སྟེ་སྣང་བ་ནི་འགའ་ཞིག་འོངས་པའི་གྲིབ་མ་ཙམ་མཐོང་མ་ཐག་ཏུའོ། །འཇིགས་པར་བྱེད་པས་འཇིགས་
པ་སྟེ་རྐུན་པོ་ཆུང་ངུ་ལ་སོགས་པའོ། །ཕྱོགས་བཞི་ཞེས་པ་ནི་བཞི་པར་མཚུངས་པར་བསྡུས་པའོ། །ཕྱིར་བལྟས་པ་ནི་རྒྱབ་ངོས་ལ་སོགས་སུ་ལོག་ནས་སོ། །མདུན་དང་རྒྱབ་ཏུ་བརྟགས་ནས་འགྲོ་བར་བྱའོ། །གནས་སྐབས་ཞེས་པ་ནི་སྤྱོད་ལམ་རྣམ་པ་བཞི་ཆར་གྱི་སྐབས་སུའོ། །
ད་ནི་ཤེས་བཞིན་བསྲུང་བར་འདོད་པ་རྣམས་ལ་བསྟན་པའི་ཕྱིར། ལུས་ཀྱིས་ཞེས་སྨོས་ཏེ་ཕུང་པོས་སོ། །འདི་ལྟ་སྟེ་སྤྱོད་པ་རྣམ་པ་བཞི་པོ་འདི་ལྟར་རོ། །གནས་པར་བྱ་བ་ནི་བསྡད་པར་བྱ་བའོ། །བྱ་བ་བསྡོགས་ནས་བསམ་གཏན་ལ་སོགས་པའི་བྱ་བ་བརྩམ་ཞིང་སྐབས་སུ་
སྟེ་བར་བར་དུ་བལྟ་བར་བྱ་སྟེ་བརྟག་པར་བྱ་བའོ། །སེམས་ལ་བརྟག་པ་བསྟན་པའི་ཕྱིར། འབད་པ་ཞེས་སྨོས་ཏེ། འཆོར་བར་མི་འགྱུར་བར་འདོགས་པར་ནི་རིགས་པས་སོ། །ཇི་ལྟར་བརྟག་པར་བྱ་སྙམ་པ་ལ། ཅི་ནས་ཞེས་སྨོས་ཏེ། ཡང་དག་པ་ཇི་ལྟ་བས་ཇི་བཞིན་དུ་བླངས་
Vol. 106 · folio 112a
པའི་གཙོ་བོའི་ཆེད་དུ་བསམ་པར་བྱའི་གཏང་བར་མི་བྱའོ། །དེ་ལྟར་སོ་སོར་རྟོག་པ་ནི་ཅི་དགེ་བ་བྱེད་དམ་འོན་ཏེ་མི་དགེ་བ་བྱེད་ཅེས་རྟོག་པའོ། །ཡང་དག་པར་བླངས་པ་དེ་གཏང་བར་བྱ་བའི་སྐབས་བསྟན་པའི་ཕྱིར། འཇིགས་དང་ཞེས་སྨོས་ཏེ། སྦྲུལ་ལ་སོགས་
པའོ། །དགའ་སྟོན་ནི་སངས་རྒྱས་མཆོད་པ་ལ་སོགས་པའོ། །དེའི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བླངས་པ་ལྟར་མ་ནུས་ན། ཇི་ལྟར་བདེ་བའི་སྤྱོད་པས་གནས་ཀྱང་ལྟུང་བར་མི་འགྱུར་རོ། །སྦྱིན་པའི་དུས་དག་ཏུ་ཞེས་བྱ་བ་ནི་མི་ནུས་པའི་རིགས་མཚོན་པ་ཙམ་མོ། །ཚུལ་ཁྲིམས་ནི་ལུས་ལ་
སོགས་པ་དག་པར་བསྡམས་པའོ། །གསུངས་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་སོ། །བསམས་ཏེ་ཞེས་པ་ནི་ནང་གི་བདག་ཉིད་སེམས་ཀྱིས་བརྟག་པར་བྱས་པའོ། །ཀུན་ལེགས་པར་བྱས་པས་ནི་མཛེས་པར་བྱས་པའོ། །གཉི་གར་མི་འགྱུར་བ་ནི་བརྩམ་པར་བྱ་བ་དང་རྩོམ་པར་བྱེད་པ་
གཉི་གར་མི་འགྱུར་བའོ། །ཤེས་བཞིན་མ་ཡིན་པ་ནི་གཏི་མུག་གོ། །གཞན་ཡང་གཏམ་ནི་རྒྱལ་པོའི་གླེང་ལངས་ལ་སོགས་པའོ། །སྣ་ཚོགས་ནི་རྣམ་པ་དུ་མའོ། །ངོ་མཚར་ནི་ཟློས་གར་ལ་སོགས་པའོ། །ཆགས་པ་ནི་མངོན་པར་འདོད་པའོ། །དེ་བཞིན་དུ་ས་བརྐོ་བ་དང་། སེན་མོ་
གཅོད་པ་དང་། ས་རིས་བྱེད་པ་ལ་སོགས་པ་ནི་དོན་མེད་པ་སྟེ་འབྲས་བུ་མེད་པའོ། །བྱེད་པར་འགྱུར་ན་ཞེས་པ་ནི་དེ་དག་ལ་འཇུག་པར་འགྱུར་ནའོ། །བསླབ་པ་ནི་དེས་འགེགས་པའོ། །རང་གི་སེམས་ལ་སྟེ་ཆགས་སེམས་སུ་འདུག་གམ་འོན་ཏེ་སྡང་སེམས་སུ་འདུག་མི་འདུག་ཅེས་
བརྟག་པའོ། །བརྟན་པ་ནི་སེམས་བརྟན་པོས་བྱས་པའོ། །རིགས་པར་ལྡན་པ་ནི་ཚིག་ལ་སོགས་པ་འོས་ཤིང་འཐད་པའོ། །ཆགས་པ་ནི་ཞེན་པའོ། །ཁྲོ་བ་ནི་གདུག་སེམས་ཀྱིས་སོ། །མི་བྱ་བ་ནི་ལུས་ཀྱིས་ལས་ལ་སོགས་པ་མི་བྱའོ། །རྒོད་པ་ནི་རྣམ་པར་གཡེངས་པའོ། །ག་ཞ་
ནི་ངག་གིས་ཐོ་འཚམས་པའོ། །ང་རྒྱལ་ནི་ཁེངས་པའོ། །རྒྱགས་པ་ནི་ཁོང་རྒྱགས་སོ། །མཚང་འབྲུ་བ་ནི་ལུས་སུན་འདོན་པ་སྟེ། དེ་ཤིན་ཏུ་གལ་ཆེ་བར་བྱེད་ཅིང་དེ་དང་ལྷན་ཅིག་འགྲོགས་པའོ། །སྐྱོར་འབྱིན་པ་ནི་ལོགས་སུ་འཁྱོག་པའོ། །སླུ་བ་ནི་སླུས་བྱེད་པའོ། །བདག་ལ་བསྟོད་
Vol. 106 · folio 112b
པ་ནི་བདག་གི་ཡོན་ཏན་ཆེད་དུ་བརྗོད་པ་སྟེ། དེའི་རང་བཞིན་དེ་ལྟར་སྣང་བའོ། །གཤེ་བ་ནི་ཨག་ཙར་རོ། །འགྱེད་པ་ནི་ཁྲོ་འདོད་ཅིང་འཁྲུག་པའོ། །གཡོག་འཁོར་ནི་བྲན་འཁོར་རོ། །རིམ་གྲོ་ནི་གཞན་གྱིས་ཞབས་ཏོག་བྱེད་པའོ། །ཡལ་བར་འདོར་བ་ནི་རྒྱབ་ཀྱིས་ཕྱོགས་པའོ། །
འཁོར་དུ་འདོད་པ་ནི་སློབ་པར་འདོད་པའོ། །སྨྲ་བར་འདོད་པ་ནི་འབྲེལ་མེད་སྨྲ་བར་འདོད་པའོ། །མི་བཟོད་པ་ནི་བསྲན་པར་མི་ནུས་པའི་ཚུལ་དང་གང་ལྡན་པའོ། །ལེ་ལོ་ནི་སྒྱིད་སྙམ་མོ། །འཇིགས་པ་ནི་དངངས་པ་ལ་སོགས་པའོ། །སྤྱི་བརྟོལ་ནི་ཐོ་ཆོའོ། །མུ་ཅོར་ནི་ཚིག་ངན་པའི་རུང་རུང་
ངོ་། །དེ་ལྟར་ཞེས་པ་ནི་བརྗོད་པའི་རིམ་པ་ལྟར་རོ། །ཀུན་ནས་ཉོན་མོངས་པ་ནི་རྣམ་པར་འཁྲུགས་པའོ། །དོན་མེད་བརྩོན་པ་ནི་འབྲས་བུ་མེད་པའི་བྱ་བ་བྱེད་པའོ། །གཉེན་པོ་ནི་ཤེས་བཞིན་ནོ། །ངེས་དོན་བརྟན་པོར་གཟུང་བར་བྱའོ། །གཉེན་པོ་དེ་ཉིད་བསྟན་པའི་ཕྱིར། ཤིན་ཏུ་ངེས་དང་ཞེས་བྱ་
བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། ཤིན་ཏུ་ངེས་པ་ནི་དམ་བཅའ་བ་བརྟན་པའོ། །རབ་དད་ནི་དད་པའོ། །བརྟན་པ་ནི་མི་སྔར་བའོ། །གུས་པ་ནི་སེམས་འདུད་པའོ། །ཞེ་ས་ནི་ལུས་ལ་སོགས་པ་འདུད་པའོ། །འཇིགས་པ་ནི་བག་ཚ་བའོ། །ཞི་བ་ནི་དབང་པོ་བསྡམས་
པའོ། །གཞན་དགའ་བར་བྱེད་པ་ནི་སྦྱིན་པ་ལ་སོགས་པས་སོ། །འདོད་པས་མི་སྐྱོ་བ་ནི་བྱིས་པ་རྣམས་ཀྱི་འདོད་པས་སོ། །ཕན་ཚུན་མི་མཐུན་པས་མི་སྐྱོ་སྟེ་བཟོད་པའི་ཚུལ་དང་ལྡན་པའི་ཕྱིར་རོ། །ཉོན་མོངས་པའི་དབང་གིས་ཤེས་པ་བརྩེ་བ་དང་ལྡན་པའོ། །བདག་དང་སེམས་
ཅན་དབང་བྱས་ཞེས་པ་ནི་རང་བཞིན་གྱི་དབང་དུ་བྱས་པའོ། །ཅི་ཐམས་ཅད་དུའམ་སྙམ་པ་ལ། ཁ་ན་མ་ཐོ་བ་མེད་ཅེས་གསུངས་ཏེ། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བས་སྟོང་པ་ལའོ། །སྤྲུལ་པ་བཞིན་དུ་ཞེས་བྱ་བ་ནི་སྤྲུལ་པ་དང་འདྲ་སྟེ། སྤྲུལ་པ་ལྟར་ང་རྒྱལ་དང་བྲལ་བའོ། །འདི་
ཞེས་བྱ་བ་ནི་ཡིད་ངེས་པར་གཟུང་བའོ། །གཞན་ཡང་འདིའི་ཕྱིར་ཡང་གཟུང་བར་བྱའོ་ཞེས་བསྟན་པའི་ཕྱིར། རིང་ཞིག་ལོན་ནས་ཞེས་སྨོས་ཏེ། གྲངས་མེད་པ་ནས་སོ། །གོང་དུ་བརྗོད་པའི་རང་བཞིན་གྱིས་སེམས་པ་ལྟ་བུ་ཡུན་རིང་མོ་ཞིག་ནས་ཞེས་བྱ་བ་ཡིན་གྱི་ལུས་ནི་མ་ཡིན་ཏེ།
Vol. 106 · folio 113a
དེས་རང་གི་དོན་ཡང་མི་ནུས་པའི་ཕྱིར་རོ། །རབ་ཏུ་མི་གཡོ་བ་ནི་མི་འགུལ་བར་རོ། །གཞན་ཡང་ལུས་ཀྱི་ཁང་བསྲུང་བ་ཅིའི་ཕྱིར་བྱེད་ཅེས་བསྟན་པའི་ཕྱིར། བྱ་རྒོད་ཅེས་སྨོས་ཏེ། བྱ་རྒོད་བཟའ་བར་བྱ་རྒྱུ་ཤ་ལ་ཆགས་པ་ཡིས། །བཤལ་ཁྲིད་དེ་དྲུད་
ཅིང་ཁྱེར་བའོ། །མཁོ་རྒྱུ་མེད་པའི་ལུས་འདི་སེམས་ཀྱིས་ཀྱང་བསྲུང་བར་མི་རིགས་སོ་ཞེས་བསྟན་པའི་ཕྱིར། ལུས་འདི་ཞེས་སྨོས་ཏེ། ཀྱེ་ཡིད་ཚོགས་པའི་ལུས་འདི་ལ་བདག་ཉིད་དུ་བྱས་ནས་བསྲུང་ངམ་ཞེས་པའོ། །ཁྱོད་དང་སྟེ་ཡིད་ཁྱོད་དང་འདི་གཉིས་ཐ་དད་ཉིད་དོ། །
ཅི་ཞིག་བྱ་ཞེས་པ་ནི་ཅི་གལ་ཆེ་ཞེས་བྱ་བའོ། །གཞན་ཡང་ཐ་དད་ཀྱང་འཛིན་ན་ཤིང་གི་གཟུགས་ཀྱང་ཟུང་ཤིག་ཅེས་བསྟན་པའི་ཕྱིར། རྨོངས་པའི་ཞེས་སྨོས་ཏེ། ཅི་སྟེ་གཟུང་བར་མི་བྱེད་ཅེས་བྱ་བའོ། །དེ་མི་འཛིན་ན་མི་གཙང་བ་ནི་རྣག་ལ་སོགས་པའོ། །ཚོགས་ནི་དེས་བརྩམས་
པའོ། །འཁྲུལ་འཁོར་ནི་ལུས་སོ། །རུལ་བ་ནི་འདྲུལ་བའི་ཆོས་ཅན་ནོ། །འདི་ལ་སྙིང་པོ་ཅུང་ཟད་ཙམ་ཞིག་ཡོད་པས་བསྲུང་བར་རིགས་སོ་སྙམ་པ་ལ། ཐོག་མར་ཞེས་སྨོས་ཏེ། པགས་པ་ནི་པགས་པའམ་ཡང་ན་གཡོགས་མའོ། །ཐ་དད་པར་ནི་ལུས་སམ་ཡང་ན་སོ་སོར་རོ། །
རུས་པ་ལས་བརྩམས་པའི་དྲ་བ་ལས་ཤ་ཡང་ཕྱེ་ཞིང་ཤིག་ལ་འདི་ཙམ་བལྟ་བར་བཤའོ་ཞེས་བསྟན་ཏེ་བསྙིལ་ཅིག་པའོ། །རྐང་མར་ནི་རུས་པའི་དཀྱིལ་གྱི་བཅུད་དོ། །བར་དུ་ཞེས་པ་ནི་མཐར་ཐུག་པའོ། །ཁྱོད་ཀྱིས་ཏེ་ཁྱོད་རང་གིས་ཀྱང་ངོ་། །དེ་བཞིན་དུ་ཁྱོད་ཀྱིས་མི་གཙང་བཟར་
མི་རུང་ངོ་ཞེས་བྱ་བ་ལ་སོགས་པ་ཡང་ངོ་། །དགོས་པ་གཞན་མེད་པའི་ཕྱིར་དགོས་པ་འདི་ཙམ་ཞིག་བལྟ་བར་བཤའོ་ཞེས་བསྟན་པའི་ཕྱིར། ཉིས་ན་ཞེས་སྨོས་ཏེ། རིགས་ནའོ། །ལུས་ནི་ལུས་པོ་ཉིད་དོ། །བཀོལ་བར་བྱ་བ་ནི་བསོད་ནམས་བྱེད་དུ་བཅུག་པའོ། །འདི་ལྟར་ཞེས་པ་ནི་
དེ་བཞིན་དུ་ནམ་ཡང་བསོད་ནམས་བྱེད་དུ་མ་བཅུག་པར་རྩེ་གཅིག་ཏུ་བསྲུངས་ཀྱང་། འཆི་བདག་གིས་གཞན་ལ་བྱིན་པ་དེའི་ཚེ་ཁྱོད་ཀྱིས་ཅི་ཡང་བྱར་མེད་པའོ། །དེ་ལྟར་ན་ཡང་ཟན་ལ་སོགས་པས་ཡོངས་སུ་སྐྱོང་བར་རིགས་སོ་སྙམ་པ་ལ། བྲན་གཡོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་
Vol. 106 · folio 113b
ཅི་རྣམ་པ་ཐམས་ཅད་དུ་མི་སྦྱིན་ནམ་སྙམ་པ་ལ། འདི་ལ་གླ་རྔན་ཞེས་བྱ་བ་སྨོས་ཏེ། ལས་ཀྱི་རིན་ནོ། །ཡང་ན་གླ་རྔན་ཙམ་མོ་ཞེས་བྱ་བའི་ཚིག་གོ། །འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འགྲོ་དང་འོང་བ་ནི་མངོན་པར་འདོད་པའི་བྱ་བ་དང་ལྡན་པའོ། །དེ་ལྟར་ན་ཞེས་པ་ནི་བརྗོད་
པའི་རིམ་པ་ལྟར་རོ། །རང་དབང་ནི་རང་གི་སེམས་ལའོ། །གང་ནས་ཀྱང་དུས་རྟག་ཏུ་འཛུམ་ཞིང་མདངས་ཡོད་པར་གྱིས་ཤིག་པའོ། །ཁྲོ་གཉེར་ནི་སྨིན་མ་འཁྱོག་པར་བསྡུས་པའོ། །དེ་ཉིད་ནི་ངོ་འཛུམ་མོ། །བཤེས་ནི་འགྲོགས་པའོ། །གསོང་པོར་སྨྲ་བ་ནི་གཞན་གྱིས་མ་སྨྲས་པའི་
གོང་རོལ་དུ་བསྙུར་ནས་གླེང་མོ་བརྗོད་པའི་ཚུལ་དང་ལྡན་པའོ། །སྒྲ་དང་བཅས་ཞེས་པ་ནི་བྱ་བའི་ཁྱད་པར་དུ་བྱེད་པའོ། །མི་དོར་བ་ནི་མི་བསྐྱུར་བའོ། །དྲག་ཏུ་མི་དབྱེ་བ་ནི་བཙན་ཐབས་སུ་མི་འཕུལ་ལོ། །དེ་ལྟར་དུ་བྱས་པ་ལ་ཡོན་ཏན་ཅི་ཡོད་སྙམ་པ་ལ། ཆུ་སྐྱར་ཞེས་སྨོས་ཏེ། འཇབ་
ཅིང་ཞེས་པ་བརྟན་པའམ་ཡང་ན་མ་ཚོར་བར་འཇབ་པའོ། །དེ་བཞིན་བསྐུལ་འདེབས་པ་ནི་འགྱོད་པ་སྤོང་ཞིང་བསྐུལ་བའོ། །མཁས་པ་ནི་དེ་ལ་གདམས་པའི་ནུས་པ་དང་ལྡན་པའོ། །མ་བཅོལ་བར་ཕན་པར་བྱེད་པ་དེ་དག་གི་གདམས་ངག་དེ་རྣམས་འཇེབས་པར་ཚོར་ནས་རྟག་ཏུ་ཐམས་
ཅད་ཀྱི་སློབ་མར་འགྱུར་བའོ། །ཕྲག་དོག་གི་དྲི་མ་བཀྲུ་བའི་ཕྱིར་ལེགས་པར་སྨྲས་པ་ཞེས་སྨོས་ཏེ། ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཕྱོགས་ཀྱི་དོན་སྨྲ་བ་ནི་ལེགས་པར་སྨྲ་བའོ། །རྗེས་སུ་བརྗོད་པ་ནི་གཞན་གྱིས་ཡོན་ཏན་བརྗོད་པའི་རྗེས་སུ་བཟླས་པར་བྱ་བའོ། །གཞན་གྱིས་བདག་
གི་ཡོན་ཏན་བསྔགས་པ་བརྗོད་ན། དེ་དག་གི་ཡོན་ཏན་ཤེས་ཤིང་ཡོན་ཏན་ལ་རྗེས་སུ་ཆགས་པ་ཅན་ཅིག་གོ་སྙམ་དུ་ཡིད་ཀྱིས་རིགས་པར་བྱའི་རང་ཁེངས་ཤིང་རང་ཐང་མི་བྱའོ། །རྩོལ་བ་ནི་གང་དུ་ཡང་རུང་བའོ། །དེ་ཞེས་པ་ནི་དགའ་བའོ། །གཞན་གྱིས་བྱས་པ་ནི་གཞན་གྱིས་
འབད་པས་བསྒྲུབས་པའོ། །འདིར་ཞེས་པ་ནི་དགའ་བའི་བདེ་བ་འདི་ལའོ། །གཞན་གྱི་ཡོན་ཏན་ལ་ཞེ་སྡང་ཞིང་མི་དགའ་བ་ཉིད་ཀྱིས་ན་འདིར་སྡུག་བསྔལ་བའོ། །སྡུག་བསྔལ་ཆེ་བ་ནི་དམྱལ་བ་ལ་སོགས་པའོ། །འདི་ལྟར་བྱ་ཞིང་འདི་ལྟར་བསླབ་པའི་དངོས་པོ་ཞེས་བསྟན་པའི་ཕྱིར། སྨྲ་
Vol. 106 · folio 114a
ན་ཞེས་སྨོས་ཏེ། ཡིད་ཕེབས་པ་ནི་ཡིད་ཆེས་པའི་འོས་སུ་འགྱུར་བའོ། །འབྲེལ་བ་ནི་རིམ་པར་འཚམ་པའི་རྣམ་གཞག་དང་ལྡན་པའོ། །ཡིད་དུ་འོང་བ་ནི་ཡིད་དང་མཐུན་ཞིང་འཐད་པ་སྟེ། སྙིང་ལ་འབབ་པའོ། །འཇམ་པ་ནི་མཉེན་པའོ། །རན་ཞེས་པ་ནི་དེ་
བཞིན་དུ་གང་ཞིག་སྐད་མི་ཆེ་ཙམ་གྱིས་གཏམ་སྨྲ་བའོ། །འདི་ལྟར་བལྟ་བར་འོས་སོ་ཞེས་བསྟན་པའི་ཕྱིར། མིག་གིས་ཞེས་སྨོས་ཏེ། དྲང་ཞིང་ཞེས་བྱ་བ་ནི་འཁྱོག་པ་མ་ཡིན་པ་སྟེ། མིའི་སྐྱོན་ནས་མི་ལྟ་བའོ། །ཕན་འདོགས་པའི་ཞིང་ལ་སོགས་པ་ཡང་བསོད་ནམས་ཀྱི་རྒྱུ་ཡིན་ནོ་ཞེས་བསྟན་
པའི་ཕྱིར། རྟག་ཏུ་ཞེས་སྨོས་ཏེ། རྟག་ཏུ་སྦྱིན་པ་ལ་སོགས་པའི་བསོད་ནམས་ཆེན་པོ་ཕུལ་དུ་བྱུང་བ་ཞེས་སྦྱར་རོ། །རྟག་ཏུ་མངོན་ཞེན་ལས་བྱུང་བ་ནི་རྟག་ཏུ་གོམས་པས་བསྐྱེད་པའོ། །ཡང་ཇི་ལྟ་བུར་འགྱུར་བ་ཞིག་སྙམ་པ་ལ། ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི་གཉེན་པོའི་
ཕྱོགས་བྱམས་པ་ལ་སོགས་པ་གོམས་པའི་དོན་གཉིས་ཀྱི་མཚན་མ་དང་གང་ལྡན་པའོ། །གང་ཡོན་ཏན་གྱི་ཞིང་སངས་རྒྱས་ལ་སོགས་པའོ། །ཕན་འདོགས་པའི་ཞིང་ཕ་མ་ལ་སོགས་པའོ། །སྙིང་རྗེའི་ཞིང་ནི་སྡུག་བསྔལ་གྱིས་མནར་བ་རྣམས་ལའོ། །འདི་ཡང་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་
ཕྱིར། མཁས་ཤིང་ཞེས་སྨོས་ཏེ། མཁས་ཤིང་ནི་སྒྲིན་པའི་སྤྱོད་པ་དང་ལྡན་པའོ། །དགའ་བ་དང་ལྡན་པ་ནི་བརྩོན་འགྲུས་དང་ལྡན་པའོ། །བདག་གིས་བྱེད་པ་ནི་རང་དང་གཞན་གཉིས་ཀའི་དོན་བྱེད་པའི་ཚུལ་གང་དང་ལྡན་པའོ། །ལྟོས་པར་མི་བྱ་བ་ནི་གཞན་ལ་སྐབས་མི་བྱེད་པར་རྒྱུན་ཏུ་བརྩོན་
པ་ཕུན་སུམ་ཚོགས་པ་དང་ལྡན་པར་རོ། །དེ་ནི་ཚུལ་ཁྲིམས་འཇིག་པ་ཡིན་པའི་ཕྱིར་དགག་པ་ཡིན་ནོ་སྙམ་པ་ལ། སྦྱིན་པའི་ཞེས་སྨོས་ཏེ། གོང་ནས་ནི་ཚུལ་ཁྲིམས་སོ། །ཁྱད་ཞུགས་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འོ་ན་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བཏང་སྙོམས་སུ་གཞག་
གོ་ཞེས་ཇི་ལྟར་གསུངས་སྙམ་པ་ལ་ཆུང་ངུའི་ཞེས་སྨོས་ཏེ། ཀུན་སྤྱོད་ནི་བསླབ་པ་ལྕི་ཤོས་རྣམས་སོ། །དེ་ཉིད་དགེ་བའི་འབབ་ཆུ་སྲུང་བར་བྱེད་པའི་ཆུ་ལོན་ཏེ། དེ་བསྒྲུབ་པ་ལ་ཁྱད་པར་གཞན་རྣམས་བཏང་སྙོམས་སུ་གཞག་སྟེ་དོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་བསམ་གཏན་བཏང་ལ་ཆོས་དོན་
Vol. 106 · folio 114b
དུ་གཉེར་དུ་འོངས་པའི་འགྲོ་བ་ལ་ཆོས་ཀྱི་སྦྱིན་པ་དམ་པར་བྱ་བ་ཡིན་ལ། དོན་དུ་གཉེར་བའི་མི་ལ་ཆོས་མ་བྱིན་ན་ནི་བྱང་ཆུབ་སེམས་དཔའི་ལྟུང་བའི་གནས་སུ་འགྱུར་བ་བཞིན་ནོ། །བརྩོན་པར་གནས་པ་ནི་བརྩོན་འགྲུས་དང་ལྡན་པའོ། །ཅི་སྟེ་ཁྱད་པར་དེ་ལ་ཇི་ལྟར་སྙམ་པ་ལ། བཀག་པ་
རྣམས་ཀྱང་དེ་ལ་གནང་ཞེས་གསུངས་སོ། །གཞན་གྱི་དོན་ལ་འཇུག་པར་གསུངས་སུ་ཟིན་མོད་དེ་ལྟ་ན་ཡང་དག་ཉིད་ནི་བསྲུང་བར་འོས་པ་ཡིན་ནོ་སྙམ་པ་ལ། ལོག་པར་ལྟུང་དང་ཞེས་སྨོས་ཏེ། དེ་ནི་རྐང་རྡུམ་ལ་སོགས་པའོ། །མགོན་མེད་པ་ནི་སྐྱབས་ཀྱིས་སྟོང་པའོ། །བརྟུལ་ཞུགས་
ནི་དཀའ་ཐུབ་པའོ། །བགོ་བར་བྱ་བ་ནི་བགོས་པའི་ཆ་ཙམ་རྣལ་འབྱོར་པས་བཟའ་བའོ། །རན་པ་ཙམ་དུ་བཟའ་བར་བྱ་བ་ནི་ཇི་ཙམ་དུ་ལུས་ལས་སུ་རུང་བ་ཙམ་དུ་བཟའ་བའོ། །ཆོས་གོས་གསུམ་སྟེ་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་གསུམ་ལས་ལྷག་པ་རྣམས་སྦྱིན་པར་གཏང་
བའོ། །ཆོས་གོས་གསུམ་པོ་ཡང་སྦྱིན་པར་གཏང་བར་རིགས་སོ་སྙམ་པ་ལ། དམ་པའི་ཞེས་སྨོས་ཏེ། དམ་པ་དང་ལྡན་པས་ན་དམ་པའི་ཆོས་སོ། །དེ་འཛིན་པ་ནི་སྤྱོད་པའོ། །ཕྲན་ཚེགས་ནི་སྦྱིན་པའི་དོན་ཆ་ཆུང་བའོ། །དེ་བཞིན་དུ་ལུས་ཉོན་མོངས་པར་མི་བྱ་བ་ཡང་ངོ་། །དེའི་ཕྱིར་
སྲོག་ནི་ཤིན་ཏུ་མི་གཏང་བའོ། །བསམ་པ་མ་དག་པ་སྟེ་རྗེས་སུ་གཟུང་བ་དང་འཛིན་པ་ལ་འཇུག་པའི་ལས་དང་པོ་དེའི་ཚེ་མགོ་བོ་ལ་སོགས་པ་སྦྱིན་པར་མི་གཏང་ངོ་ཞེས་བྱ་བའི་དོན་ཏོ། །བསམ་པ་མཉམ་པ་སྟེ། སེམས་མཚུངས་པར་འགྱུར་ན་ནི་ཡོངས་སུ་ཉམས་པར་མི་འགྱུར་ལ།
བྱང་ཆུབ་ཀྱང་ཉམས་པར་མི་འགྱུར་རོ། །ད་ནི་ཆོས་ཀྱི་སྦྱིན་པ་གཏང་བར་བྱ་བའི་ཚད་བསྟན་པའི་ཕྱིར་མི་ན་བཞིན་དུ་ཞེས་སྨོས་ཏེ། ཀུན་ལ་སྦྱོར་བར་བྱའོ། །མགོ་གཡོགས་པ་ནི་མགོ་བོ་རས་ཀྱིས་གཏུམས་པའོ། །ཆོས་ནི་གསུང་རབ་ཡན་ལག་དགུའོ། །གདུགས་དང་ཁར་བ་དང་
མཚོན་ཐོགས་པ་ནི་དེ་དག་དང་ལྡན་པའོ། །དཀྲིས་པ་ནི་ཐོད་བྱས་པའོ། །དམན་པ་ནི་དམན་པ་ལ་མོས་པའོ། །ཟབ་པ་ནི་ཡིད་མ་གཞུངས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྒྱ་ཆེན་པོ་ནི་ཐེག་པ་ཆེན་པོའོ། །དམན་པ་ནི་ཉན་ཐོས་ཀྱི་ཐེག་པའོ། །འདྲིད་པ་ནི་མདོ་སྡེའི་
Vol. 106 · folio 115a
ཚིག་དང་སྔགས་ཀྱི་ཚིག་འབའ་ཞིག་གིས་ཐར་པ་ཐོབ་པར་འགྱུར་བ་ལ། སྡོམ་པ་ལ་སོགས་པས་ཅི་བྱ་ཞེས་འདེབས་པ་སྟེ་དེ་སྐད་དུ་མ་འདྲིད་པའོ། །སྤྱོད་པ་ནི་བསླབ་པའི་སྡོམ་པའོ། །འདི་དག་བྱ་བར་མི་འོས་སོ་ཞེས་བསྟན་པའི་ཕྱིར། སོ་ཤིང་ཞེས་སྨོས་ཏེ།
མཆིལ་མ་དང་ལུད་པ་ལ་སོགས་པ་དོར་བ་ནི་དགབ་པ་སྟེ་གཞན་གྱིས་མ་མཐོང་བར་དོར་ཞིང་དགབ་པའོ། །དེ་བཞིན་དུ་གཅི་བ་ལ་སོགས་པ་ལོངས་སྤྱོད་པར་བྱེད་པའི་ཆུ་དང་ཐང་ལ་དོར་བ་སྨད་པ་ནི་བཀག་པའོ། །ཁ་བཀང་བ་ནི་ཇི་ལྟར་ཤོང་ཤོང་བཙངས་པའོ། །ཁ་གདངས་པ་ནི་བགྲད་པའོ། །
རྐང་པ་བརྐྱང་བ་ནི་རྐང་པ་བརྐྱང་སྟེ་བསྡད་པའོ། །མཉམ་པ་ནི་གཉི་ག་དུས་གཅིག་ཏུའོ། །ལམ་དང་ཞེས་པ་ནི་ལམ་ནས་འགྲོ་ཙམ་ནའོ། །མལ་སྟན་དང་གནས་ཁང་ཡང་གཅིག་པར་མི་བྱའོ། །གཞན་ཡང་འཇིག་རྟེན་པ་མ་མོས་པར་འགྱུར་བའི་རྒྱུ་གང་ཡིན་པ་སྤང་བར་བྱའོ། །གཞན་
གང་ལ་ཡང་རྔན་ཆད་མི་བྱའོ་ཞེས་བསྟན་པའི་ཕྱིར། སོར་མོས་ཞེས་སྨོས་ཏེ། མི་གང་ལ་ཡང་སོར་མོ་གཅིག་གིས་བརྡ་མི་བྱ་བ་སྟེ། བརྡ་སྤྲད་པར་མི་བྱའི། འོན་ཀྱང་ལག་པ་གཡས་པ་ཀུན་གྱིས་འདི་ལྟར་ལགས་སོ་ཞེས་ཐམས་ཅད་ལ་བྱའོ། །ལག་པ་ཤས་ཆེར་བསྐྱོད་པ་ནི་དཔུང་པ་
དྲག་ཏུ་བསྒུལ་ཞིང་ངོ་། །ཅུང་ཟད་དེ་དགོས་པ་ཕྲན་ཚེགས་ལ་ཐུག་པ་སྐད་མི་བྱའོ། །དགོས་པ་ཆེན་པོ་ལ་ནི་ཉེས་པ་མེད་དོ། །སེ་གོལ་གྱི་སྒྲ་ལ་སོགས་པ་ལག་པ་གཡས་པས་བརྡ་བྱ་བར་གཟུང་ངོ་། །མ་བསྡམས་པ་ནི་མཉམ་པར་མ་བཞག་པའོ། །མགོན་པོ་མྱ་ངན་ལས་འདས་པའི་
གཟིམས་པ་བཞིན་དུ་སྟེ་འོན་ཀྱང་འབྱུང་བ་རྣམས་དགག་པའི་ཚུལ་དུའོ། །མྱུར་དུ་ལྡང་བ་ནི་དབྱལ་བ་དང་ལུས་བསྙང་བ་ལ་སོགས་པ་དང་བྲལ་ཞིང་མྱུར་བ་ཉིད་དུ་ཙོག་ཙོག་འདུག་པའོ། །ཐོག་མ་སྟེ་དང་པོ་ཉལ་བའི་དུས་སུ་ངེས་པ་ཁོ་ནར་གདོན་མི་ཟ་བ་ཉིད་དུ་འདི་ལྟ་བུའི་ཚུལ་གྱིས་མྱུར་དུ་ལྡང་
བར་བྱའོ་ཞེས་བསམ་པས་ཉལ་བར་བྱའོ། །འདིར་གཞན་ཡང་མདོར་བསྡུས་ཏེ་བསྟན་པའི་ཕྱིར། བྱང་ཆུབ་ཅེས་སྨོས་ཏེ། སྤྱོད་པ་ཞེས་པ་ནི་བསླབ་པར་བྱ་བའོ། །སྦྱང་བ་ནི་ཉེས་པ་སེལ་བའོ། །དེ་དག་གིས་ནི་ལྟུང་བ་བཤགས་པར་མཚོན་པ་ཡིན་ནོ། །དེའི་རྗེས་ལ་ཕུང་པོ་གསུམ་པ་
Vol. 106 · folio 115b
གདོན་པར་བྱ་བའི་ཕྱིར། ཉིན་དང་མཚན་མོ་ཞེས་བྱ་བ་སྨོས་ཏེ། དུས་གསུམ་པོ་རྣམས་མཉམ་པར་ཚང་བ་ནི་དུས་གསུམ་མོ། །ཉིན་མོ་དང་མཚན་མོ་ལན་གསུམ་གསུམ་དུ་བྱས་ཏེ་ལན་དྲུག་ཏུའོ། །ཕུང་པོ་གསུམ་ནི་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་
དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་མཚན་ཉིད་རྣམས་མཉམ་པར་ཚང་བའོ། །ལྷག་མ་ནི་བཤགས་པ་ལས་གཞན་ནོ། །དེས་ཞེས་པ་ནི་ཕུང་པོ་གསུམ་པའི་ཚིགས་སུ་བཅད་པ་སྟོན་པ་དེས་བྱང་ཆུབ་ཀྱི་སེམས་དང་རྒྱལ་བ་ལ་བརྟེན་པ་བྱས་པའོ། །ཞི་བ་ནི་རབ་ཏུ་ཞི་བའོ། །གཞན་
ཡང་བསླབ་པར་བྱ་བ་མ་ངེས་པ་རྣམས་བསྟན་པའི་ཕྱིར། རང་ངམ་ཞེས་སྨོས་ཏེ། གཞན་གྱི་དབང་ནི་སེམས་ཅན་གྱི་དབང་ངོ་། །གནས་སྐབས་ནི་གོ་མི་ལ་སོགས་པ་གང་ཡང་རུང་བའོ། །བསླབ་པ་ནི་བསླབ་པར་བྱའོ། །ཅི་ཡང་དེ་ལྟར་མ་ངེས་པས་སྟོན་པར་བྱེད་སྙམ་པ་ལ། རྒྱལ་སྲས་
ཞེས་སྨོས་ཏེ། གཞན་ཡང་དངོས་སམ་བརྒྱུད་ཀྱང་རུང་ཞེས་བྱ་བ་ལ་སོགས་པས་ནི་དགེ་བ་ཐམས་ཅད་བྱང་ཆུབ་ཀྱི་ཕྱིར་ཏེ། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ་ཞེས་བསྟན་ཏོ། །དགེ་བའི་བཤེས་གཉེན་ནི་དགེ་བ་ལ་ངེས་པར་སྦྱོར་བར་བྱེད་པའོ། །མཁས་པ་
ནི་ཚུལ་བཞིན་ཤེས་པའོ། །བརྟུལ་ཞུགས་ནི་བསླབ་པའོ། །དགེ་བའི་བཤེས་གཉེན་བསྟེན་པར་བྱ་བའི་དོན་དུ། དཔལ་འབྱུང་ཞེས་སྨོས་ཏེ། དཔལ་འབྱུང་བའི་རྣམ་ཐར་ནི་སྡོང་པོ་བཀོད་པའི་ལེའུ་གཅིག་གོ། །དང་གི་སྒྲས་གཞན་ཡང་བསྡུ་བའོ། །འདི་དང་ཞེས་པ་ནི་བརྗོད་པ་
རྣམས་སོ། །གཞན་ཞེས་པ་ནི་མ་བརྗོད་པ་རྣམས་སོ། །རྩ་བའི་ལྟུང་བ་ནི་གང་སྡོམ་པ་འཇིག་པར་བྱེད་པའོ། །རྟག་ཏུ་སྤྱད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །བསླབ་པ་ཀུན་ལས་བཏུས་པ་དང་། འདི་ཉིད་ཀྱི་མཛད་པ་པོས་མདོ་ཀུན་ལས་བཏུས་པ་ཡང་མཛད་པའོ། །
གཉིས་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པའོ། །བརྗོད་པ་གཉིས་པ་ལ་ལྟོས་ནས་གཉིས་པ་ཡང་གཉིས་སུ་ཤེས་པར་བྱའོ། །ཡང་འཇིག་རྟེན་པའི་བསམ་པའི་རྗེས་སུ་འབྲངས་པའི་ཕྱིར་ཡང་བསླབ་པ་བསྲུང་བྱའོ་ཞེས་བསྟན་པའི་ཕྱིར། གང་ལས་ཞེས་
Vol. 106 · folio 116a
སྨོས་ཏེ། གང་དུ་བཀག་པ་མེད་པའི་བྱ་བ་གང་ཡིན་པ་དེ་ཉིད་སྤྱད་པར་བྱ་སྟེ། ངེས་པར་སྦྱར་བར་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་སེམས་བསྲུང་བའི་དོན་དུ་ཡིན་པས་ན། བསླབ་པ་མཐོང་ནས་བསླབ་པ་དེ་དང་མི་འགལ་བར་ཡང་དག་པར་སྤྱད་པར་བྱ་སྟེ། དེ་ལྟར་
ན་འཇིག་རྟེན་པ་མོས་པར་འགྱུར་བའི་ཕྱིར་རོ། །དྲན་པའི་རང་གི་ངོ་བོ་ནི་མིང་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་སྔར་བརྗོད་དོ། །ཤེས་བཞིན་གྱི་མ་བརྗེད་པས་དེ་ངེས་པར་བསྟན་པར་བྱ་བའི་ཕྱིར། ལུས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ནི་ཡིད་སྔོན་དུ་འགྲོ་བ་ཅན་ཡིན་པས་ལུས་ཀྱི་
བྱ་བར་ཐམས་ཅད་འདུས་པ་ཡིན་ནོ། །སྤྱད་པར་ཞེས་བྱ་བ་ནི་ཡང་དག་པར་སྤྱད་པར་བྱ་སྟེ། སྒྲ་ཙམ་གྱིས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྨན་དཔྱད་ཅེས་བྱ་བ་ནི་ནད་གསོ་བའི་བསྟན་བཅོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་ལྔ་པའི་དཀའ་འགྲེལ་ལོ།། །།
གོང་དུ་སྦྱིན་པ་གོ་རིམས་མ་ངེས་པར་བཤད་པའི་རྗེས་ལ་ཚུལ་ཁྲིམས་བསྟན་ནས་བཟོད་པ་བསྟན་པའི་ཕྱིར། བསྐལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་ནི་སྔར་བརྗོད་པའོ། །མཆོད་པ་ནི་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བ་ཅན་གྱིས་བདེ་བར་གཤེགས་པ་ལ་སོགས་པ་མཆོད་པའོ། །
ལེགས་པར་སྤྱད་པ་ནི་ཚུལ་ཁྲིམས་སོ། །དེ་ཀུན་ཞེས་པ་ནི་འདས་མ་ཐག་ཏུ་བརྗོད་པ་རྣམས་སོ། །ཁོང་ཁྲོ་བ་ནི་སེམས་ཅན་ལ་ཞེ་སྡང་བའོ། །རང་གི་རྟེན་བཅོམ་ནས་གཞན་ཡང་འཇོམས་པར་བྱེད་པས་ན་ཞེ་སྡང་ངོ་། །དེ་སྐད་དུ་ཡང་། འཇམ་དཔལ་ཁོང་ཁྲོ་བ་ཞེས་བྱ་བས་ནི་བསྐལ་པ་བརྒྱ་དང་
སྟོང་དུ་བསགས་པའི་བསོད་ནམས་འཇོམས་པར་བྱེད་འབྲས་བུ་མེད་པར་བྱེད་དོ་ཞེས་གསུངས་སོ། །དེ་ལྟར་ན་ཞེ་སྡང་དང་སྡིག་པ་ཆེན་པོའི་རྒྱུ་ཡིན་པས་ན། དེ་སྤངས་ལ་བཟོད་པ་བསྒོམ་པར་བྱ་བ་ཉིད་དོ་ཞེས་བསྟན་པའི་ཕྱིར། །ཞེ་སྡང་ལྟ་བུའི་ཞེས་སྨོས་ཏེ། ཞེ་སྡང་ནི་ཉེ་བར་མཚོན་པ་ཙམ་ཡིན་
པས་ཁྲོ་བ་ལ་སོགས་པ་ཡང་གཟུང་བར་བྱའོ། །བསྒོམ་པར་བྱ་ཞེས་པ་ནི་ཐབས་སོ། །ཞེ་སྡང་གི་ཉེས་པ་མཐོང་བའི་ཆོས་ཉིད་ལ་མྱོང་བར་བསྟན་པའི་ཕྱིར། ཞེ་སྡང་ཟུག་རྔུ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། ཞི་བའི་ཡིད་ཅེས་པ་ནི་ཡིད་རབ་ཏུ་ཞི་བའོ། །དགའ་
Vol. 106 · folio 116b
བ་ཉིད་བདེ་བའོ། །མི་འཐོབ་པ་ནི་ཞེ་སྡང་གི་མེ་འབར་བའི་ཕྱིར་རོ། །བརྟན་མེད་ནི་མི་བརྟན་པར་འགྱུར་བའོ། །གཞན་ཡང་ནོར་དང་བཀུར་སྟི་ནི་ནོར་དང་བཀུར་སྟི་ཉིད་དོ། །སྡང་བ་དང་ལྡན་པ་ནི་མི་དགའ་བར་བྱེད་པའོ། །དེ་ཡིས་མཛའ་བཤེས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །
གང་གི་ཕྱིར་དེ་ལ་སོགས་པ་སྟེ། སྡུག་བསྔལ་རྣམས་བསྐྱེད་པ་དེའི་ཕྱིར་དགྲས་བརྟགས་པའོ། །གང་ཁྲོ་བ་འཇོམས་པ་དེ་རྣམ་པ་ཐམས་ཅད་དུ་བདེ་བ་ལས་གཞན་དུ་མ་ཡིན་ནོ། །ཞེ་སྡང་གཞོམ་པར་བྱ་བའི་ཕྱིར་དེའི་རྒྱུ་བརྟག་པར་བཞེད་ནས་མི་འདོད་ཅེས་སྨོས་ཏེ། མི་འདོད་པ་ནི་
མངོན་པར་འདོད་པ་མ་ཡིན་ནོ། །ཡིད་མི་བདེ་བ་ནི་འཁྲུགས་པ་སྟེ། དེ་ཉིད་རེངས་པར་བྱེད་པའི་ཟས་ཡིན་ལ་དེ་ཐོབ་ནས་བརྟས་པར་བྱེད་རྒྱགས་པར་བྱེད་པས་ན་ཡང་ཟས་སོ། །གཞོམ་བྱ་ནི་བསལ་བར་བྱའོ། །གནོད་པ་ནི་དགེ་བའི་ཕྱོགས་འཇོམས་པའོ། །ཇི་ལྟར་དེའི་ཟས་
འཇོམས་པར་བྱེད་སྙམ་པ་ལ་ཅི་ལ་བབ་ཀྱང་ཞེས་སྨོས་ཏེ། དགའ་བ་ནི་ཡིད་བདེ་བའོ། །དཀྲུག་པར་མི་བྱ་བ་ནི་གཏང་བར་མི་བྱའོ། །གལ་ཏེ་བཅོས་སུ་མེད་པ་ལ་སོགས་པ་ནི་འདི་ལྟར་དེའི་ཕྱིར་སྡུག་བསྔལ་འབད་པས་གོམས་པར་བྱའོ་ཞེས་བསྟན་པའོ། །གང་གི་ཕྱིར་འབད་པས་
གོམས་པར་བྱ་བ་ཡིན་སྙམ་པ་ལ། བདག་གམ་ཞེས་སྨོས་ཏེ། བདག་དང་བདག་གི་བཤེས་རྣམས་ལ་གང་སྡུག་བསྔལ་ཏེ་ལུས་དང་ངག་ལས་བྱུང་བ་དང་། བརྙས་པ་སྟེ་ངན་པ་འདི་ཞེས་བྱ་བ་དང་། ཚིག་རྩུབ་སྟེ་གནད་དུ་ཕོག་པའི་ཚིག་དང་། མི་སྙན་པ་སྟེ་གྲགས་པ་མ་ཡིན་པ་བརྗོད་པ་
མ་ཡིན་པ་རྣམས་མི་འདོད་པ་སྟེ། མངོན་པར་མི་འདོད་པའོ། །དགྲ་རྣམས་ལ་ནི་དེ་ལས་བཟློག་པ་སྟེ། དེ་ཐམས་ཅད་འདོད་པའོ། །གལ་ཏེ་ནམས་ཀྱང་མ་གོམས་པ་གོམས་པར་བྱེད་པར་མཚུངས་པ་ལ་བདེ་བ་ཉིད་ཅིའི་ཕྱིར་གོམས་པར་མི་བྱ་སྙམ་པ་ལ། བདེ་བའི་རྒྱུ་ནི་ཞེས་སྨོས་ཏེ། གང་གི་
ཕྱིར་བདེ་བའི་རྒྱུ་ནི་རེས་འགའ་བ་ཡིན་པའི་ཕྱིར། དཀོན་པས་ན་གོམས་པར་བྱ་བར་མི་ནུས་ལ། སྡུག་བསྔལ་གྱི་རྒྱུ་ནི་ཤིན་ཏུ་མང་བའི་ཕྱིར་དེ་བསལ་བར་བྱ་བར་མི་ནུས་སོ། །ཅི་སྟེ་དཀོན་དུ་ཟིན་ཀྱང་འདོད་པར་བྱ་བ་ཡིན་པའི་ཕྱིར་བདེ་བའི་རྒྱུ་ཁོ་ན་གོམས་པར་བྱ་བའི་རིགས་སོ་སྙམ་པ་ལ། སྡུག་
Vol. 106 · folio 117a
བསྔལ་མེད་པར་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་མེད་པར་ངེས་འབྱུང་སྟེ། འཁོར་བ་ནས་ངེས་པར་འབྱུང་བར་མི་འགྱུར་གྱི། དེའི་ཕྱིར་སེམས་ཁྱོད་སྡུག་བསྔལ་གོམས་པ་ལ་བརྟན་པར་གྱིས་ལ་སྔར་མའི་ཚུལ་ལ་གོམས་པར་མ་བྱེད་ཅིག་པའོ། །གཞན་ཡང་
སྡུག་བསྔལ་འདི་དོན་ཆེན་པོ་བསྒྲུབ་པ་ཡིན་པའི་ཕྱིར་བསྲན་པར་བྱ་བའི་འོས་ཁོ་ནའོ་ཞེས་དཔེ་དང་བཅས་པར་དཀའ་ཟློག་ཅེས་ཏེ། འདི་ལྟར་ཀར་ན་དའི་ཡུལ་ན་ཙན་དྷི་ལ་མོས་པའི་མི་རྣམས་ཀྱིས་ཆོས་རྒྱུ་ཆེན་པོའི་དུས་སུ་སྨྱུང་བ་ཞག་གསུམ་མམ་ཞག་གཅིག་བྱས་ཀྱི་རྗེས་ལ། ཆེད་དུ་
གཏད་ནས་རང་གི་ཡན་ལག་གཅོད་པར་བྱེད་པ་ལ་སོགས་པ་བྱེད་དོ། །དེ་བཞིན་འགྲན་པ་ཙམ་གྱི་ཕྱིར་ཡང་གཅིག་ལ་གཅིག་སྲོག་འདོར་བར་བྱེད་དོ། །དེའི་ཕྱིར་སྡུག་བསྔལ་ཆེན་པོ་ཡང་བསྲན་པར་བྱ་བ་ཉིད་དོ། །སྡུག་བསྔལ་ཆུང་བ་གང་དག་ཡིན་སྙམ་པ་ལ། སྦྲུལ་དང་ཞེས་སྨོས་
ཏེ། དོན་མེད་པ་ནི་སྔར་བརྗོད་པའི་མཚན་ཉིད་དོ། །དེ་བཞིན་དུ་འདི་རྣམས་ཀྱང་གོམས་པར་བྱའོ་ཞེས་བསྟན་པའི་ཕྱིར། ཚ་གྲང་ཞེས་སྨོས་ཏེ། སོགས་པའི་སྒྲས་ལམ་དུ་ཉོན་མོངས་པ་ཡང་གཟུང་ངོ་། །དེ་དག་གིས་ཉེ་བར་གནས་པར་བྱ་ཞིང་བཟེ་རེ་སྲན་ཆུང་བར་མི་བྱ་བ་ནི་བསླབ་ཅིང་
གོམས་པར་བྱ་བའི་འོས་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གོམས་པ་བརྟན་པར་བྱ་བའི་ཕྱིར། ལ་ལ་ཞེས་སྨོས་ཏེ། གཡུལ་ངོར་རང་གི་ཁྲག་མཐོང་ན་ཕྱིར་ཞིང་ཁོང་དགའ་སྟེ། གཡུལ་ཟློག་པར་བྱེད་པའི་བརྒྱལ་བ་ནི་འཐོམས་པའོ། །དེ་ཞེས་བྱ་བ་ནི་ཕྱིར་ཞིང་ཁོང་དགའ་བ་ལ་སོགས་
པའོ། །སྡུག་བསྔལ་དང་སྡུག་བསྔལ་བ་འཐོབ་པར་བྱེད་ཅིང་ཕམ་དུ་མི་ཉན་པས་ན་ཁྱད་དུ་གསོད་པ་སྟེ། སྡུག་བསྔལ་ཁྱད་དུ་བསད་ནས་སྡུག་བསྔལ་གྱིས་བགྲོད་པར་བྱེད་པའོ། །སྡུག་བསྔལ་ནི་ཟུག་གཟེར་རོ། །མི་ཚུགས་པ་ནི་ཉམ་མི་ང་བའོ། །དེའི་ཕྱིར་སྡུག་བསྔལ་བྱུང་
ཡང་རབ་དང་སྟེ་དགའ་བ་ཉིད་དང་། རྙོག་སྟེ་ཡིད་བསད་པ་ཉིད་དུ་མི་བྱའོ། །ཉོན་མོངས་པ་གཟེངས་བསྟོད་པ་ཉིད་བསྟན་པའི་ཕྱིར། སྡུག་བསྔལ་ཐམས་ཅད་ཅེས་སྨོས་ཏེ། བྲང་གིས་ཕུལ་ནས་ཁྱད་དུ་གསོད་པ་ནི་དཔའ་བའོ། །ལྷག་མ་ནི་གཡུལ་ངོར་མི་གསོད་པའོ། །དེ་ནི་རོ་ལ་ཚབས་
Vol. 106 · folio 117b
བྱེད་པ་སྟེ། མི་རྣམས་རང་བཞིན་གྱིས་མི་རྟག་པས་ན་རོའོ། །སྡུག་བསྔལ་ལ་སྲན་ཚུགས་པའི་ཡོན་ཏན་བསྟན་པའི་ཕྱིར། གཞན་ཡང་ཞེས་སྨོས་ཏེ། སྐྱོ་བ་ལ་སོགས་པ་ཉིད་ཡོན་ཏན་ནོ། །སེལ་བར་བྱེད་པ་ནི་ཟད་པར་བྱེད་པའོ། །སྤྲོ་བ་ནི་ཡོན་ཏན་མངོན་པར་འདོད་པའོ། །རྐྱེན་གཞན་
གྱིས་བསྐྱེད་པའི་སྡུག་བསྔལ་ལ་ཁྲོ་བར་མི་རིགས་པ་ཉིད་དུ་བསྟན་པའི་ཕྱིར། མཁྲིས་པ་ཞེས་སྨོས་ཏེ། སེམས་མེད་པའི་ཕྱིར་དང་། རྐྱེན་འདུས་པའི་སྟོབས་ཀྱིས་བསྐྱེད་པ་ཡིན་པའི་ཕྱིར་མཁྲིས་པ་ལ་སོགས་པའི་ཉེས་པ་བདོ་བ་ལ་ནི་ཁོ་བོས་ཁྲོ་བ་མ་ཡིན་ན། སེམས་ཡོད་པ་རྣམས་ལ་
ཅིའི་ཕྱིར་ཁྲོ་བར་བྱེད། རྐྱེན་གྱི་སྟོབས་ཀྱིས་བསྐུལ་བ་ནི་ཁྲོ་བར་བྱེད་པའོ་ཞེས་ནི་སྦྱར་བར་མི་བྱའོ་ཞེས་བྱ་བའི་དོན་ཏེ། རྐྱེན་འདུས་པའི་སྟོབས་ཀྱིས་ཁྲོ་བ་འབྱུང་བ་ཡིན་ནོ། །རྐྱེན་གྱིས་ཁྲོ་བ་བསྐུལ་བ་ཉིད་བསྟན་པའི་ཕྱིར། དཔེར་ན་མི་འདོད་ཅེས་སྨོས་ཏེ། མི་འདོད་པ་ནི་
མངོན་པར་མི་འདོད་པའོ། །ཉེས་པ་ནི་གཞན་ལ་གནོད་པར་བྱེད་པའོ། །རང་དབང་ནི་རང་གི་འདོད་པས་བྱེད་པའོ། །ཅི་སྟེ་འདི་ལྟར་གྲངས་ཅན་རྣམས་ཀྱི་གཙོ་བོ་དང་རིགས་པ་ཅན་ལ་སོགས་པའི་འདིར་བདག་ཉིད་རང་དབང་ཡོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་རང་དབང་ཡོད་པ་མ་
ཡིན་ནོ་ཞེས་བརྗོད་སྙམ་པ་ལ། གཙོ་བོ་ཞེས་སྨོས་ཏོ། གང་རྡུལ་དང་མུན་པ་སྙིང་སྟོབས་ཆ་མཉམ་པའི་གནས་སྐབས་ཀྱི་རང་བཞིན་ལ་གཙོ་བོ་ཞེས་འདོད་པ་དང་། བདག་ཅེས་བརྟགས་པ་དེ་དག་གོ་ཞེས་བྱ་བ་དེ་ཉིད་ནི་མི་འདོད་པའོ། །དེ་དག་ཉིད་འདི་ལྟར་འབྱུང་ངོ་ཞེས་
ཆེད་དུ་བསམས་ཤིང་འབྱུང་བ་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་དག་གཉིས་ཀ་ལ་སྐྱེད་པར་བྱེད་པའི་རྒྱུ་མེད་པས་ན་སྐྱེ་བ་མེད་པའི་ཕྱིར་རོ། །གང་ཞིག་རྒྱུ་དང་བྲལ་བ་དེ་མོ་གཤམ་གྱི་བུ་བཞིན་དུ་ཡོད་པ་མ་ཡིན་ན། དེ་ཇི་ལྟར་རང་བྱུང་དུ་འདོད་པར་བྱེད། གཞན་ཡང་བདག་ཡོད་ལ་
ནི་རག་ན་སྔར་ལོངས་སྤྱོད་པའི་རང་བཞིན་མ་ཡིན་པའི་ཕྱིར་ལོངས་སྤྱོད་པར་བྱེད་པའི་རང་བཞིན་དུ་སྦྱོར་བར་མི་བྱའོ། །ཡང་ན་ཡུལ་གཙོ་བོས་ཉེ་བར་གཏད་ནས། ལོངས་སྤྱོད་པར་བྱེད་པའི་བྱ་བ་ཡོད་དུ་བཅུག་ན་ཡང་འགག་པ་སྟེ། ཡུལ་དེ་ལས་ལོག་པའི་བདག་ནི་ཡོད་པར་འདོད་པ་མ་
Vol. 106 · folio 118a
ཡིན་ཏེ། བདག་དེ་རྟག་པ་ཡིན་པའི་ཕྱིར་རོ། །རིགས་པ་ཅན་རྣམས་ཀྱིས་མངོན་པར་འདོད་པའི་བདག་ལ་ཡང་ཉེས་པ་དེ་ཉིད་དེ་རྟག་པ་ཡིན་པའི་ཕྱིར་རོ། །དེ་ལ་ཉེས་པ་བྱེ་བྲག་ཏུ་ཡང་བརྗོད་པའི་ཕྱིར་རོ། །ཇི་སྟེ་བདག་དེ་ཞེས་སྨོས་ཏེ། དང་གི་སྒྲས་ནི་སེམས་དང་བཅས་
པ་ཡང་གཟུང་ངོ་། །བྱེད་པ་མེད་པ་ནི་བྱེད་པ་དང་བྲལ་བའོ། །རྐྱེན་རྣམས་གཞན་ཞེས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ནོ། །འགྱུར་བ་མེད་པ་ནི་གཞན་དུ་མི་འགྱུར་བའོ། །སྔོན་བཞིན་ཞེས་པ་ནི་བྱེད་པ་མེད་པའི་རང་བཞིན་ནོ། །གཞན་ཡང་འདིར་འདིས་བྱོས་ཞེས་བྱེད་པ་པོ་མ་ཡིན་ཏེ་འབྲེལ་པ་མེད་
པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་སྟེ། ཐམས་ཅད་ཅེས་པ་ནི་དབང་ཐམས་ཅད་དོ། །དེ་དབང་མེད་པ་ནི་རྣམ་པ་ཀུན་ནས་སོ། །མྱ་ངན་ལས་འདས་པ་སྟེ་སྤྲོས་པ་མཐའ་དག་དང་བྲལ་བ་འམ། ཡང་ན་སྤྲུལ་པ་ལྟ་བུ་ཞེས་པའི་ཚིག་སྦྱར་རོ། །མི་གཡོ་བ་ནི་མི་འགུལ་བའོ། །
དངོས་པོ་རྣམས་དེ་ལྟ་བུར་ཤེས་ན་གང་ལ་ཁྲོ་བར་འགྱུར་ཏེ་ཁྲོ་ས་མེད་པའོ། །གལ་ཏེ་ཆོས་ཐམས་ཅད་བྱ་བ་དང་བྲལ་བ་ཡིན་ན་དེའི་ཚེ་ཁྲོ་བ་ལ་སོགས་པ་ཡང་བཟློག་པར་མི་རིགས་སོ་ཞེས་རྩོད་པ་བླང་བའི་ཕྱིར། གང་གིས་ཞེས་སྨོས་ཏེ། དེ་ལྟར་བྱ་བ་དང་བྲལ་བ་ཉིད་ཡིན་ན་མི་དགེ་བ་ལ་སོགས་པ་བཟློག་
པ་མི་རིགས་སོ་ཞེ་ན་ཞེས་བྱ་བ་ཡན་ཆད་ཕྱོགས་སྔ་མའོ། །ལན་བརྗོད་པའི་ཕྱིར་དེ་ལ་ཞེས་སྨོས་ཏེ། བཟློག་པར་རིགས་པ་ཉིད་དོ། །གང་གི་ཕྱིར་ཞེས་བསྟན་ནས་དེའི་ལས་ལ་བརྟེན་ནས་དེ་སྐྱེའོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་དངོས་པོ་ལ་བྱ་བ་དང་བྲལ་བ་ཡིན་དུ་ཟིན་ཀྱང་དེ་ལས་འཁོར་བར་སྡུག་
བསྔལ་བར་བྱ་བར་འགྲོ་བ་ལ་སོགས་པ་རྒྱུན་ཆད་པར་འདོད་པ་སྟེ་ལྡོག་པར་འདོད་པའོ་ཞེས་དགོངས་པའོ། །དགྲ་ནི་མི་ཕན་པར་བྱེད་པའོ། །མི་རིགས་པ་བྱེད་པ་ནི་གནོད་པ་སྐྱེལ་བར་བྱེད་པའོ། །འདི་འདྲ་ཞེས་པ་ནི་གནོད་པ་བྱེད་པའི་རང་བཞིན་གྱིས་རྐྱེན་འདི་འདྲ་བའི་རྒྱུར་སྔར་བསམས་པ་ལས་འགྱུར་བའོ་
ཞེས་ངེས་པར་བྱས་པ་ལ་ཡིད་མི་བདེ་བར་མི་བྱའོ། །གཞན་ཡང་འགྲུབ་འགྱུར་ན་སྟེ། འབྲས་བུ་སྨིན་པར་འགྱུར་ནའོ། །སྡུག་བསྔལ་ནི་གཞན་གྱིས་གནོད་པ་སྐྱེལ་བའོ། །བག་མེད་པ་ནི་རང་ལ་གནོད་པའོ། །གཞན་ཡང་བདག་ཉིད་ཀྱིས་ཀྱང་བདག་ཉིད་ལ་གནོད་པ་བྱེད་ན་དེ་དག་གཞན་གྱི་
Vol. 106 · folio 118b
ལུས་ལ་གནོད་པ་མི་བྱེད་པར་ཇི་ལྟར་འགྱུར་ཞེས་འབྲེལ་ཏོ། །ཚེར་མ་ལ་སོགས་ཞེས་པ་ནི་ཚེར་མ་སྟན་དུ་འདིང་བ་ལ་སོགས་པའོ། །ནད་མེད་པ་ལ་སོགས་པ་འདོད་པ་མ་རྙེད་པའོ། །གནོད་པར་བྱེད་པ་ནི་སྡུག་བསྔལ་བར་བྱེད་པའོ། །ཟས་གཅོད་པ་ནི་བཟའ་རྒྱུ་མི་ཟ་བར་སྡོད་པའོ། །
འགེག་པ་ནི་སྐེ་ཐག་པས་བཏགས་ནས་དཔྱང་ལ་མཆོང་བའོ། །གཡང་ས་ནི་འོབས་ལ་སོགས་པའོ། །མཆོང་བ་ནི་ཆུ་ལ་སོགས་པར་མཆོང་བའོ། །བསོད་ནམས་མ་ཡིན་པ་ནི་མི་གཞན་ལ་སླུས་བྱེད་པའོ། །གནོད་པར་བྱེད་པ་ནི་གསོད་པར་བྱེད་པའོ། །གང་ཚེ་སྟེ་དུས་གང་གི་ཚེའོ། །དེ་
ལྟར་ན་དེ་དག་ལ་ཁྲོ་བའི་རིགས་སོ། སྙམ་པ་ལ། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡང་གཞན་ལ་རྣམ་པར་འཚེ་བར་བྱེད་པ་བྱིས་པ་རྣམས་ཀྱི་རང་བཞིན་ནམ་འོན་ཏེ་གློ་བུར་ཡིན་ཞེས་བརྟགས་ཏེ། ཕྱོགས་དང་པོ་ལ་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ལ་འོན་ཏེ་
ཞེས་སྨོས་ཏེ། གློ་བུར་ནི་རྐྱེན་གློ་བུར་བའོ། །ངེས་པ་ནི་མ་བཅོས་པའོ། །ནམ་མཁའ་ཡོངས་སུ་དག་པ་ལ་གློ་བུར་བའི་དུད་པས་གནོད་པ་བསྐྱལ་ན་ནམ་མཁའ་ལ་ཁྲོ་བ་མི་རིགས་པ་བཞིན་ནོ། །གལ་ཏེ་དབྱུག་པ་ལ་སོགས་པ་འཕེན་མཁན་ནི་ཡོད་པ་ཁོ་ན་ཡིན་ལ། དེ་སེམས་ཅན་གྱི་ཉེས་
པ་ཡིན་ནོ་སྙམ་དུ་དོགས་པ་ལ། དབྱུག་པ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གཞན་ཡང་བདག་གིས་སྔོན་ཆད་ཅེས་བྱ་བ་ལ་སོགས་པར་སྦྱར་རོ། །གལ་ཏེ་གཞན་གྱིས་མཚོན་ཕྱུང་བས་སྡུག་བསྔལ་གྱི་རྒྱུ་ཡིན་པས་ཁྲོ་བ་བྱེད་ན་དེའི་ཚེ་བདག་ཉིད་ལ་ཁྲོ་བའི་རིགས་ཏེ། བདག་གིས་ཀྱང་སྡུག་
བསྔལ་གྱི་རྒྱུ་ལུས་ཕྱུང་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། དེའི་མཚོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བསྟན་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར་ཤུ་བ་ཞེས་སྨོས་ཏེ། རེག་ཏུ་མི་བཟོད་པ་སྟེ་ན་ཚ་ཆེ་བ་འམ་བསྲན་པར་དཀའ་བའོ། །སྲེད་པའི་མུན་པས་ནོན་པས་རིག་པས་མཐོང་དུ་མ་སྟེར་བ་ནི་སྲེད་
ལྡོངས་སོ། །བཟུང་བར་གྱུར་པ་ནི་ཁས་བླངས་པ་བྱས་པའོ། །དེ་ལ་སྟེ་ལུས་ལའོ། །སུ་ལ་སྟེ་གང་ལ་ཁྲོ་བར་བྱ་བའོ། །ཇི་ལྟར་ན་སྲེད་པའི་མུན་པས་ནོན་པར་འགྱུར་སྙམ་པ་ལ། བྱིས་པ་ཞེས་སྨོས་ཏེ། བྱིས་པ་ནི་རྨོངས་པའོ། །སྡུག་བསྔལ་ན་ནི་ཚའོ། །རྒྱུ་ཞེས་པ་ནི་ལུས་པ་ཉིད་དོ། །རང་གི་ཉེས་
Vol. 106 · folio 119a
པས་གནོད་ཅེས་པའི་རྣམ་སྨིན་དཔེ་དང་བཅས་པར་བསྟན་པའི་ཕྱིར། དཔེར་ན་ཞེས་སྨོས་ཏེ། འདི་ཞེས་པ་ནི་ད་ལྟར་གྱི་སྡུག་བསྔལ་འདིའོ། །གང་བདག་གིས་བྱས་པའི་ལས་ཀྱིས་བསྐུལ་ནས་སེམས་ཅན་དམྱལ་བར་བཏང་བས་ན་དེ་དག་བརླག་པ་སྟེ་ཕུང་བར་བྱས་པའོ། །མ་བརླག་གམ་
ཞེས་བྱ་བ་ནི་རང་གི་སེམས་ལ་བོས་ཏེ། གདམས་པའི་ཚིག་གོ། །དེ་ལྟ་ན་གནོད་པ་བྱེད་མཁན་དམྱལ་བར་འགྲོ་བར་རིགས་སོ་སྙམ་པ་ལ། བདག་ལ་བསམ་པའི་ཞེས་ཏེ། གལ་ཏེ་ཐབས་ལ་མཁས་པ་གང་ཡང་རུང་བ་ཅིག་གིས་བདག་དམྱལ་བར་མ་སོང་ན་དེའི་དེ་དག་ལ་གནོད་པ་བྱས་པར་འགྱུར་བར་
ནི་ཅུང་ཟད་ཀྱང་མེད་ཀྱི། བདག་ཉིད་ཀྱི་བསམ་པའི་ཡོན་ཏན་བདག་ཉིད་བསྲུང་བར་འགྱུར་བ་འབའ་ཞིག་ཏུ་ཟད་དོ། །ལན་དུ་གནོད་པར་བྱས་པ་ནི་དེ་དག་ལ་གནོད་པའོ། །སྤྱོད་པ་ནི་གཞན་རྗེས་སུ་བསྐྱང་བའོ། །ཉམས་པ་ནི་ཞིག་པའོ། །ཞིག་པར་འགྱུར་བ་ནི་དམྱལ་བ་ལ་སོགས་པར་འགྲོ་བའོ། །
དཀའ་ཐུབ་ཅེས་བྱ་བ་ནི་རྗེས་སུ་བརྩེ་བའི་ཚིག་སྟེ། ཕྱིས་དེ་དག་གདོན་པའི་ཐབས་བསམ་པར་བྱའོ་ཞེས་དགོངས་པའོ། །གཞན་ཡང་དབྱུག་པ་ལ་སོགས་པ་བསྣུན་པས་ཡིད་དམ་ཡང་ན་ལུས་ལ་གནོད་གྲང་ན། དེ་ལ་རེ་ཞིག་ཡིད་ལ་ནི་གནོད་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་
རོ། །དེ་ཉིད་རྟོག་པས་བྱས་པར་རིག་པར་བྱའོ་ཞེས་བསྟན་པའི་ཕྱིར། ལུས་ལ་ཞེས་སྨོས་ཏེ། ལུས་ལ་མངོན་པར་ཞེན་པའི་ཕྱིར་ལུས་སྡུག་བསྔལ་བས་ཡིད་ལ་གནོད་པར་འགྱུར་བ་འམ་ཡང་ན་ལུས་སུ་མངོན་པར་ཞེན་པའི་ཕྱིར་ལུས་ཉིད་ཡིན་པས་ན་ལུས་ལ་གཅེས་པས་གནོད་
པར་འགྱུར་གྱི་བརྡེག་པར་མི་ནུས་སོ། །ལུས་བེམས་པོ་ཡིན་པའི་ཕྱིར་བརྙས་པ་ལ་སོགས་པས་གནོད་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། བརྙས་དང་ཞེས་སྨོས་ཏེ། དེ་ཡིས་ཞེས་པ་ནི་བརྙས་པ་ལ་སོགས་པའི་ཚོགས་འདུས་པ་དེས་ལུས་ལ་གནོད་པར་མི་འགྱུར་བའོ། །ཡང་ན་དེ་
དག་ཉིད་རྒྱུ་ཡིན་པས་ན་ཚོགས་སོ། །བརྙས་པ་ལ་སོགས་པ་བྱས་པས་བདག་ལ་མ་དད་པར་འགྱུར་བས་དེ་ལ་ཁྲོ་བའི་རིགས་སོ་སྙམ་པ་ལ། གཞན་དག་ཅེས་སྨོས་ཏེ། མི་དགའ་བ་ནི་མ་དད་པའོ། །འདིར་ཞེས་པ་ནི་ཚེ་འདི་རུའོ། །འདིར་ཞེས་པ་ནི་ཉམས་པར་འགྱུར་བའོ། །སྡིག་པ་ནི་
Vol. 106 · folio 119b
བརྙས་པ་ལ་སོགས་པ་བྱས་པས་ཁྲོ་བའི་སྡིག་པ་གང་ཡིན་པ་དེ་འབའ་ཞིག་གོ། །བརྟན་པ་ནི་ལོངས་མ་སྤྱད་པའི་འབྲས་བུ་དེ་མ་ཉམས་པའི་ཕྱིར་རོ། །གནས་པ་ནི་དེ་འབའ་ཞིག་བརྟན་པར་གནས་པའོ། །འདིར་འདི་ཡང་བསམ་པར་བྱའོ་ཞེས་བསྟན་པའི་ཕྱིར། བདག་ཉིད་ཅེས་སྨོས་ཏེ། བླའི་
ཞེས་པ་ནི་ཚོད་ཡོད་ཀྱི་ཞེས་བྱ་བའོ། །ལོག་འཚོ་ཞེས་པ་ནི་འདོད་པ་ཅན་དུ་གྱུར་པའི་ནོར་བཙལ་བའོ། །དེ་བཞིན་དུ་རྨི་ལམ་མོ་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཞེས་པ་ནི་རྨི་ལམ་ཉིད་ཀྱིའོ། །དེའི་ཕྱིར་ལོག་འཚོས་ཡུན་རིང་དུ་གནས་ཀྱང་ངན་འགྲོར་སྐྱེ་བ་འབའ་ཞིག་ལས་གཞན་ནི་ཁྱད་པར་ཅུང་
ཟད་ཀྱང་མེད་དོ། །འདི་ལྟར་རྙེད་པ་མང་པོ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་སྟོང་པ་ཞེས་བྱ་བ་ནི་ནོར་མེད་པའོ། །འགྲོ་ཞེས་པ་ནི་འཇིག་རྟེན་ཕ་རོལ་དུའོ། །གལ་ཏེ་རྙེད་པ་དང་ལྡན་ན་བསོད་ནམས་བྱས་ལ་སྡིག་པ་ཟད་པར་བྱའོ་ཞེས་རྩོད་པ་བསླང་བའི་དོན་དུ། གལ་ཏེ་རྙེད་པས་ཞེས་གསུངས་
སོ། །རྙེད་པའི་དོན་དུ་ཞེས་པས་ནི་ལན་གསུངས་ཏེ། ཁྱོད་ནི་རྙེད་པའི་དོན་དུ་ཁྲོས་པར་གྱུར་ན་ཕྱིན་ཅི་ལོག་ཉིད་དུ་ཅིའི་ཕྱིར་མི་འགྱུར། གལ་ཏེ་བསོད་ནམས་ཀྱིས་ཅི་དགོས། རེ་ཞིག་རྙེད་པས་ནི་ཡུན་རིང་དུ་བདེ་བར་འཚོའོ་སྙམ་པ་ལ། གང་གི་དོན་དུ་ཞེས་སྨོས་ཏེ། གང་གི་དོན་ཏེ་དགེ་བའི་དོན་དུའོ། །
སྡིག་པ་ཞེས་བྱ་བ་ནི་མི་དགེ་བའོ། །གལ་ཏེ་གཞན་ཡང་མི་སྙན་པར་སྒྲོགས་པ་ཡིན་པས་དེ་ལ་ཞེ་སྡང་བྱེད་པའི་ལྟ་ན་གཞན་ལ་མི་སྙན་པར་སྒྲོགས་པ་ལ་ཡང་ཁྱོད་ཅིའི་ཕྱིར་ཁྲོ་བར་མི་བྱེད། བདག་ལ་མི་སྙན་པར་སྒྲོགས་པ་མི་སྙན་པ་ཡིན་པ་བཞིན་དུ་གཞན་ལ་མི་སྙན་པར་སྒྲོགས་པ་ཡང་མི་སྙན་པ་
ཡིན་པས། དེའི་ཕྱིར་དེ་ལ་ཡང་ཁྲོ་བར་རིགས་སོ། །གལ་ཏེ་འདི་སྙམ་དུ་དེ་ལ་བརྟེན་པའི་མ་དད་པ་དང་མི་སྙན་པར་སྨྲས་པ་ལ་སོགས་པ་གཞན་ལ་རག་ལས་པ་ཡིན་པ་དེ་དག་ལ་ནི་བཟོད་པ་ཉིད་དོ་སྙམ་དུ་སེམས་ན། ཉོན་མོངས་པའི་མཚན་ཉིད་གཞན་ལ་རག་ལས་པ་ཡིན་པའི་ཕྱིར་རང་ལ་མི་སྙན་པར་སྨྲ་
བ་ལ་ཡང་ཁྱོད་ཀྱིས་བཟོད་པར་རིགས་པ་ཉིད་དེ། བཟོད་པའི་རྒྱུ་མ་དད་པ་གཞན་ལ་རག་ལས་པ་གཉིས་ཀ་ལ་ཡང་མཚུངས་པའི་ཕྱིར་རོ། །དེ་ལྟ་ན་སྐུ་གཟུགས་ལ་སོགས་པ་ལ་གནོད་པ་བྱེད་པ་རྣམས་ལ་ཁྲོ་བར་རིགས་སོ་སྙམ་པ་ལ། སྐུ་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་རྟེན་
Vol. 106 · folio 120a
ནི་མཆོད་རྟེན་ཉིད་དོ། །འཁྱལ་པ་ནི་ཚུལ་དང་མི་མཐུན་པ་རྗེས་སུ་བརྗོད་པའོ། །འཇིག་པར་བྱེད་པ་ནི་ཉམས་པར་བྱེད་པའོ། །གཉེན་ནི་འབྲེལ་པའོ། །རྐྱེན་དག་ལ་འགྱུར་བ་ཞེས་པ་ནི་འདི་ལྟ་བུའི་རྐྱེན་ལས་འབྱུང་བའོ་ཞེས་རྣམ་པར་དཔྱད་པའོ། །འདི་ལྟར་བསམས་
ལ་ཡང་སེམས་ཅན་རྣམས་ལ་ཞེ་སྡང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། ལུས་ཅན་རྣམས་ལ་ཞེས་སྨོས་ཏེ་སེམས་ཡོད་པ་ནི་སེམས་ཅན་ནོ། །སེམས་མེད་པ་ནི་དབྱུག་པ་ལ་སོགས་པའོ། །གནོད་པ་བྱས་པ་ནི་གནོད་པ་དེ་སྐྱེད་པའོ། །ཅི་སྟེ་ཞེས་པ་ནི་གནོད་པར་བྱེད་པ་དེ་དག་གཉིས་ལས་སེམས་
ཡོད་ཁོ་ན་བཀར་ཏེ་མ་ཁྲོ་ཅིག་ཅེས་བྱ་བའོ། །ད་ནི་དེ་དག་གཉིས་ཀའི་ཉེས་པ་ཐུན་མོང་དུ་སུན་དབྱུང་བའི་ཕྱིར། ལ་ལ་རྨོངས་པ་ཞེས་སྨོས་ཏེ། རྨོངས་པ་སྟེ་མ་ཤེས་པས་ཉེས་པ་བྱེད་པ་ནི་བདག་ཉིད་སྐྱོན་ཅན་བྱེད་པའོ། །གཞན་ཡང་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཞེས་པ་ནི་དེ་ལྟ་བུའི་
ལས་དེ་བྱས་པའོ། །དེ་ལྟ་མ་ཡིན་ན་ལས་བྱས་པའི་འབྲས་བུ་བདག་གིས་བསལ་བར་ག་ལ་ནུས་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཇི་ལྟ་བུར་འབད་པར་བྱ་སྙམ་པ་ལ། དཔེར་ན་ཁྱིམ་ཚིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆེད་པ་ཞེས་པ་ནི་ཁྱད་པར་དུ་འགྱུར་
བའི་ལས་སུ་བྱེད་པའོ། །དེ་ནི་ཞེས་པ་ནི་རྩྭ་ལ་སོགས་པའོ། །གང་ལ་སེམས་ཆགས་པ་ནི་ཀུན་དུ་ཞེན་པར་གྱུར་པའོ། །མེ་མཆེད་པ་ནི་གདུང་བར་བྱེད་པའོ། །བསོད་ནམས་ནི་རང་གི་ལུས་སོ། །ཚིག་པ་ནི་དེ་ཡོངས་སུ་ཉམས་པར་བྱེད་པའོ། །དོར་ཞེས་པ་ནི་ལས་སུ་བྱས་པའོ། །གཞན་ཡང་འདི་ལྟར་
མིའི་སྡུག་བསྔལ་བག་ཙམ་གྱིས་དམྱལ་བའི་ལས་ཀྱི་འབྲས་བུ་བྲལ་བར་བྱེད་པ་འདི་ནི་རྙེད་པ་དམ་པའོ་ཞེས་བསྟན་པའི་ཕྱིར། གསད་བྱའི་བཏགས་མི་ཞིག་ཅེས་སྨོས་སོ། །ཁོ་བོས་ནི་སྡུག་བསྔལ་བག་ཙམ་ཡང་བསྲན་པར་མི་ནུས་སོ་སྙམ་པ་ལ། ད་ལྟའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་
ཙམ་ཞེས་པ་ནི་ཆུང་ངུ་འདི་ཙམ་མོ། །ཁྲོ་བ་ཅི་སྟེ་ཞེས་པ་ནི་དམྱལ་བའི་རྒྱུ་ཁོང་ཁྲོ་བ་ཅི་སྟེ་མི་བཟློག་ཅེས་པའོ། །འདི་ལྟ་བུར་ཞེས་པ་ནི་འབྲས་བུ་མེད་པ་ཉིད་དུའོ། །མྱོང་བར་གྱུར་ཡང་ཞེས་པ་ནི་བསྲེག་པ་དང་བཅད་པ་ལ་སོགས་པའི་རྒྱུས་མནར་བར་གྱུར་པའོ། །འདི་ནི་ཞེས་བྱ་བ་ནི་སྤྱོད་པ་ལ་སོགས་པའོ། །དེ་
Vol. 106 · folio 120b
ཙམ་ཞེས་པ་ནི་དམྱལ་བ་ལ་སོགས་པ་ཙམ་མོ། །དོན་ཆེན་ནི་སངས་རྒྱས་ཉིད་དུའོ། །དེའི་ཕྱིར་སྤྱོད་པ་ལ་སོགས་པའི་སྡུག་བསྔལ་ལ་དགའ་བ་ཁོ་ནར་རིགས་སོ། །གཞན་གྱི་ཡོན་ཏན་བརྗོད་པ་ཐོས་པ་ལ་ཕྲག་དོག་གི་དྲི་མ་བཀྲུ་བ་བསྟན་པའི་ཕྱིར། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཀྱེ་ཡིད་
ཁྱོད་ཀྱིས་ཀྱང་ཡོན་ཏན་ལྷག་ཏུ་བསྟོད་ནས་དགའ་བ་ཉམས་སུ་མྱོང་བ་ཅིའི་ཕྱིར་མི་བྱེད། འདི་ཞེས་པ་ནི་སྐྱེས་པ་འདིའི་བདེ་བ་དང་དགའ་བའོ། །བདེ་བ་འབྱུང་བ་ནི་འདི་ལས་གཞན་གྱི་བདེ་བ་འབྱུང་བའོ། །ཁ་ན་མ་ཐོ་བ་མེད་པ་ནི་ཚེ་འདིར་རོ། །ཡོན་ཏན་དང་ལྡན་པ་ནི་སངས་རྒྱས་ལ་སོགས་པའོ། །དེ་ཁོ་
ན་ཉིད་ལ་བསྟོད་པས་བདག་ལ་བདེ་བ་སྐྱེ་བའོ། །གཞན་གྱི་ཡོན་ཏན་ལ་ཞེ་སྡང་བས་བདག་བདེ་བ་མི་འདོད་པ་ནི་དགའ་བ་མི་འདོད་པའོ། །དེ་ལྟ་ན་དེའི་ཚེ་གླ་རྔན་ལ་སོགས་པ་བྱིན་པས་ཀྱང་དེ་ཁོ་ན་དགའ་བར་འགྱུར་བས་ན། འདིར་དེ་ལས་ཀྱང་ཁྱོད་ལྡོག་པར་འགྱུར་རོ། །ལས་བྱེད་པ་མེད་
པ་ལས་ནི་མཐོང་བ་ཉམས་པར་འགྱུར་རོ། །ལས་བྱེད་པ་ལ་གླ་རྔན་མ་བྱིན་པའི་སྡིག་པས་ནི་མ་མཐོང་བ་ཡང་ཉམས་པར་འགྱུར་རོ། །གཞན་ཡང་ཁྱོད་ཀྱི་ཡོན་ཏན་གཞན་གྱིས་བསྒྲགས་པ་དེའི་ཚེ་གཞན་གྱི་ཡོན་ཏན་སྒྲོགས་མཁས་པ་ལ་བདེ་བ་འདོད་པར་བྱེད་དམ་པའོ། །གཞན་གྱི་ཡོན་ཏན་
ནི་དགྲའི་ཡོན་ཏན་ནོ། །གཞན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་བཟློག་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སངས་རྒྱས་ཉིད་དུ་དམ་བཅས་ཀྱི་དེ་ལས་གཞན་གྱི་བདེ་བ་སྦྱིན་པར་བྱེད་པར་ཁས་བླངས་པ་མེད་པས་མི་བཟོད་པ་བྱས་ཀྱང་མི་འགལ་
ཞེས་གལ་ཏེ་རྒོལ་བ་ལ། བསྙེན་བཀུར་ཞེས་སྨོས་ཏེ། ངན་ངོན་ཙམ་ལ་ཡང་མི་བཟོད་ཅིང་ཁྲོ་བར་བྱེད་ན་དེ་ལ་བྱང་ཆུབ་ཀྱི་སེམས་ལྟ་ག་ལ་སྲིད་ཅེས་པའོ། །རྣམ་གྲངས་གཞན་གྱི་སྒོ་ནས་གདམས་པར་བཞེད་ནས་གལ་ཏེ་ཞེས་སྨོས་ཏེ། དེས་ཞེས་པ་ནི་གཞན་གྱིས་སོ། །དེ་ཞེས་པ་ནི་རྫས་
སོ། །མེད་ཅེས་པ་ནི་ཁྱོད་ཀྱིས་མི་ཐོབ་པའོ། །ཅི་བྱ་ཞེས་པ་ནི་བྱིན་པ་འམ་མ་བྱིན་ཡང་རུང་གལ་ཅི་ཆེ་བའོ། །དད་པ་ནི་སྟེར་མཁན་གྱི་དད་པའོ། །རང་གི་ཡོན་ཏན་ཡང་ངོ་། །ཅིའི་ཕྱིར་འདོར་ཞེས་པ་ནི་འབྲས་བུ་ཅུང་ཟད་ཀྱང་མ་བྱིན་ཅིག་ཅེས་ཅི་ནས་འགེགས་པར་བྱེད་ཅེས་པའོ། །གཞན་གྱི་
Vol. 106 · folio 121a
རྙེད་པ་ལས་བྱུང་བའི་བར་མི་འདོད་པ་བཀག་ནས། ད་ནི་མི་འདོད་པ་ལས་བྱུང་བའི་དགའ་བ་དགག་པའི་ཕྱིར། གལ་ཏེ་དགྲ་ཞིག་ཅེས་སྨོས་ཏེ། ཅི་ཞིག་ཡོད་ཅེས་པ་ནི་དེ་ལ་ཅུང་ཟད་ཅིག་ཀྱང་གནོད་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདག་གིས་བསྔགས་པར་
མ་བྱས་པ་ཉིད་ཀྱིས་དེ་ལ་མི་འདོད་པ་སྐྱེ་བར་འགྱུར་རོ་སྙམ་པ་ལ། ཁྱོད་ཀྱིས་ཞེས་སྨོས་ཏེ། རྒྱུར་མི་འགྱུར་ཞེས་པ་ནི་སྔོན་གྱི་ལས་མེད་པར་ཞེས་བྱའོ། །ཅི་སྟེ་ཁྱོད་ཀྱི་འདོད་པ་ཁོ་ནས་གཞན་གྱི་སྡུག་བསྔལ་དེའི་རྒྱུར་གྲུབ་པ་དེ་ལྟ་ནའང་གཞན་གྱི་སྡུག་བསྔལ་དེ་ལ་ཁྱོད་དགར་ཅི་ཡོད་དེ། འབྲས་བུ་
མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འཚེང་བ་ནི་དགོས་པའོ། །དེ་ལས་མ་གཏོགས་པའི་ཕུང་བ་མེད་པ་ནི་འདི་ཉིད་འབྲས་བུ་མེད་པར་ཕུང་བ་ཉིད་དོ་ཞེས་བྱ་བའོ། །ཅིའི་ཕྱིར་ན་འདི་ཕུང་བ་ཡིན་སྙམ་པ་ལ། ཉོན་མོངས་ཞེས་སྨོས་ཏེ། ཉོན་མོངས་པ་ཉིད་མཆིལ་བ་འདེབས་པར་བྱེད་པས་ཉ་པའོ། །མཆིལ་
བ་དང་འདྲ་བས་ན་མཆིལ་བ་སྟེ། ཉ་གཟུང་བར་བྱ་བའི་དོན་དུ་ཤ་དང་བཅས་པའི་ལྕགས་ཀྱུའོ། །མི་བཟད་ཅེས་པ་ནི་ཤིན་ཏུ་གཟེར་བའོ། །གང་ཉ་པ་དང་འདྲ་བའི་ཉོན་མོངས་པ་དེས་བསོད་ནམས་ཀྱི་ཆུ་བོ་ནས་ཉ་དང་འདྲ་བ་ཁྱོད་བཟུང་ནས་ཁ་ཆུང་ལ་གསུས་པ་ཆེ་བའི་བུམ་པར་བཅུག་ཅིང་འཚེད་
པར་འགྱུར་བའོ། །བསྟོད་པ་ལ་སོགས་པ་ལ་ཡང་ཁེངས་པར་མི་བྱའོ་ཞེས་གདམས་པའི་ཕྱིར། བསྟོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་རྣམས་ཀྱི་དོན་དུ་གཉེར་བར་འདོད་པའི་རྣམ་པ་ནི་ལྔ་སྟེ། བསོད་ནམས་དང་། ཚེ་དང་། སྟོབས་དང་། ནད་མེད་པ་དང་། ལུས་བདེ་བ་
རྣམས་སོ། །བསྟོད་པ་ནི་ཡོན་ཏན་བརྗོད་པའོ། །སྟོབས་ནི་ལུས་ལས་བྱུང་བའོ། །ཤེས་གྱུར་ནི་མཁས་པར་གྱུར་ནའོ། །དེ་ལ་ཞེས་པ་ནི་རྣམ་པ་ལྔར་བརྗོད་པ་ལའོ། །ཅི་སྟེ་ཡིད་ཀྱང་བདེ་བར་བྱ་རུ་ཡོད་པ་མ་ཡིན་ནམ་དེ་ཇི་ལྟར་ངེས་པར་གཟུང་བར་བྱ་སྙམ་དུ་དོགས་པ་ལ། ཡིད་བདེ་
ཞེས་སྨོས་ཏེ། གཞན་ཡང་བསྟོད་པ་ལ་སོགས་པ་ནི་སླུ་བྱེད་ཉིད་དོ་ཞེས་བསྟན་པའི་ཕྱིར། གྲགས་པའི་ཞེས་སྨོས་ཏེ། ཚིག་འབྲུ་ནི་བསྟོད་པའི་ཚིག་རྣམས་སོ། །བདེ་བ་ནི་གྲགས་པ་ལ་སོགས་པའི་བདེ་བའོ། །ཡང་བརྟག་པ་གཞན་གྱི་སྒོ་ནས་འདི་དག་རྣམས་ནི་བྱིས་པའི་ཆོས་ཉིད་དུ་བསྟན་པའི་
Vol. 106 · folio 121b
ཕྱིར། བྱེ་མའི་ཁང་བུ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་གསུངས་ཏེ་ཞེས་གྲགས་པ་ཞེས་བྱ་བ་ནི་རང་མི་འདོད་པའོ། །དེ་ནི་ཞེས་པ་ནི་གཞན་གྱི་དགའ་བའོ། །གྲང་ཞེས་པ་ནི་དགའ་བའི་རྒྱུ་ཡིན་ལ་རག་ན་ཞེས་པའོ། །བདེ་བ་དེ་ཡང་གཞན་གྱི་ཡིན་ན་བདག་ལ་ཅི་ཡང་མི་ཕན་པ་སྟེ།
དེ་ཉིད་ཀྱི་ཡིན་པས་ན་འབྲེལ་པ་མེད་པའི་ཕྱིར་རོ། །དེ་བདེ་བ་ཞེས་པ་ནི་དེའི་དགའ་བ་དང་བདེ་བའོ། །ཅི་སྟེ་བསྟོད་པའི་བདེ་བ་ལས་བདེ་བ་ཉིད་འདོད་པ་ལྟ་ན་དེའི་ཚེ་ཐམས་ཅད་ལ་འདོད་པར་རག་མོད། སོ་སོར་ངེས་པ་འདིས་ཅི་ཞིག་བྱ། བདག་ལས་གཞན་ལ་དགའ་བ་སྐྱེས་ནས། དེས་དེ་
ལ་བདེ་བའི་རིགས་ན་བདག་ཅིས་མི་བདེ། དེའི་ཕྱིར་བདག་བསྟོད་ཅེས་པ་ནི་ཕྱིན་ཅི་ལོག་གིས་བརྟགས་པ་ཉིད་ཀྱི་བདག་གི་བདེ་བའོ། །དེ་ལ་གཞན་གང་བདེ་བ་དང་ལྷན་ཅིག་འབྲེལ་པ་ཡོད་པ་མ་ཡིན་པའི་ཕྱིར་བྱིས་པའི་སྤྱོད་པ་ཁོ་ནར་ཟད་དོ། །དེའི་ཕྱིར་ཡང་བདེ་བ་ལ་སོགས་པ་
གནོད་པ་བྱེད་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསྟོད་པ་ལ་སོགས་པ་ཞེས་སྨོས་ཏེ། དགེ་བའི་ཕྱོགས་ཡོངས་སུ་སྐྱོང་བ་ལས་གཡེང་བ་ནི་གཡེངས་པའོ། །གཞན་གྱི་ཡོན་ཏན་དག་ཡོན་ཏན་མ་ཡིན་པར་སྒྲུབ་པར་བྱེད་པ་ནི་ཕྲག་དོག་གོ། །གཞན་གྱི་ཡོན་ཏན་གྱིས་བསགས་པའི་ཕུན་སུམ་ཚོགས་པ་
ལ་ཞེ་སྡང་གིས་འཇིག་པ་ནི་འཇིག་པར་བྱེད་པའོ། །གཞོམ་ཕྱིར་ཞེས་པ་ནི་བཟློག་པར་བྱ་བའི་ཕྱིར་རོ། །ངན་སོང་ནི་དམྱལ་བ་ལ་སོགས་པའོ། །གཞན་ཡང་བདག་ནི་གྲོལ་བ་དོན་དུ་གཉེར་ཞེས་བྱ་བ་ལ་སོགས་པ་ལ། འཆིང་བ་ནི་འཆིང་བར་བྱེད་པའོ། །སྒོ་འཕར་ཉིད་ནི་འགེགས་
པར་བྱེད་པ་ཉིད་དོ། །བསོད་ནམས་ཀྱི་གེགས་བྱེད་པ་ལ་ཡང་ཞེ་སྡང་སྐྱེ་བ་བཟློག་པར་བྱ་བའི་ཕྱིར། འདི་ནི་བསོད་ནམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟོད་པ་དང་མཚུངས་པ་ནི་མཉམ་པའོ། །དཀའ་ཐུབ་ནི་བསོད་ནམས་སོ། །རང་གི་སྐྱོན་གྱིས་མ་ཤེས་ནས་སོ། །བསོད་
ནམས་ཀྱི་རྒྱུ་ནི་དགྲའོ། །དེ་ལྟར་ན་ཇི་ལྟར་གེགས་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་སྨོས་ཏེ། དཔེ་བསྟན་པའི་ཕྱིར། དུས་སུ་ཕྱིན་པའི་ཞེས་སྨོས་ཏེ། དུས་སུ་འོངས་པའོ། །དེའི་ཕྱིར་བཟོད་པ་ཉིད་ལ་ནན་ཏན་བྱའོ་ཞེས་བསྟན་པའི་ཕྱིར། འཇིག་རྟེན་ན་ནི་ཞེས་བྱ་བ་ལ་སོགས་
Vol. 106 · folio 122a
པ་སྨོས་ཏེ། གནོད་པ་ནི་ཉེས་པར་བྱེད་པའོ། །ངལ་བས་མ་བསྒྲུབས་པ་ནི་དཀའ་སྤྱད་ཀྱིས་མ་བསྒྲུབས་པའོ། །གཏེར་ཞེས་པ་ནི་མི་ཟད་པའི་མཛོད་དོ། །གཞན་ཡང་འདི་དང་ཞེས་བྱ་བ་ལ་སོགས་པ་ལ་ནི་དགྲ་དང་ངོ་། །བསྒྲུབས་པ་ནི་བྱས་པའོ། །བཟོད་པའི་འབྲས་
བུ་ནི་ཆོས་ཁོང་དུ་ཆུད་པའི་མཚན་ཉིད་དོ། །འདི་ལ་སྟེ་གནོད་པ་བྱེད་མཁན་ལ་ཐོག་མ་ཉིད་དུ་བདར་བར་བྱ་བའོ། །འདི་སྙམ་དུ་སྒྲ་འདི་ལ་བཟོད་པ་འདི་བསྒྲུབ་པར་བྱའོ་སྙམ་པའི་བསམ་པ་མེད་པས་མཆོད་པའི་འོས་མ་ཡིན་ནོ་སྙམ་དུ་རྟོག་པའོ། །གྲུབ་པའི་རྒྱུ་ནི་སངས་རྒྱས་གྲུབ་པའི་རྒྱུའོ། །གལ་
ཏེ་ཞེས་བྱ་བ་ནི་གལ་ཏེ་གནོད་པ་བྱེད་པའི་བསམ་པ་མེད་པར་གྱུར་ན་དེའི་ཚེ་བཟོད་པ་ཇི་ལྟར་འགྲུབ་ཅེས་པའོ། །སྨན་པ་བཞིན་དུ་ཕན་པ་ལ་བརྩོན་པ་ནི་ཕྱོགས་པའོ། །གང་གི་ཕྱིར་ཕན་པ་ལ་ཕྱོགས་པ་ལས་བཟོད་པ་མེད་པ་དེའི་ཕྱིར་དགྲ་བོའི་གནོད་པ་བསམ་པ་ལ་བརྟེན་ན་བཟོད་པ་འགྲུབ་པ་ཡིན་
པས་ན་དགྲ་བོ་དེ་མཆོད་པར་འོས་པའོ། །དེའི་ཕྱིར་སེམས་ཅན་ལ་ཡང་བསོད་ནམས་ཀྱི་སྒྲས་བརྗོད་དེ། དེ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཕུན་སུམ་ཚོགས་པའི་ཕ་རོལ་ནི་སངས་རྒྱས་ཉིད་དོ། །གཞན་ཡང་སེམས་ཅན་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་
ཆོས་ནི་མི་འཇིགས་པ་ལ་སོགས་པའོ། །སྒྲུབ་པ་ནི་དེ་སྒྲུབ་པར་བྱེད་པའོ། །ཚུལ་ནི་རིམ་པའོ། །ཅི་སྟེ་བསམ་པའི་ཡོན་ཏན་གྱིས་བཅོམ་ལྡན་འདས་ཆེ་བ་མ་ཡིན་ནམ་ཞེས་དོགས་པ་ལ། བསམ་པའི་ཞེས་སྨོས་ཏེ། རང་ལས་ཞེས་པ་ནི་རང་ཡོད་པ་ཙམ་ལས་སོ། །དེས་ཞེས་པ་ནི་འབྲས་བུ་སྟེ། སངས་
རྒྱས་ཀྱི་ཆོས་སྒྲུབ་པར་མཚུངས་པའི་རྒྱུ་དེས་ན་སེམས་ཅན་དེ་དག་རྒྱལ་བ་དང་མཉམ་པ་ཉིད་ཡིན་ནོ། །འདིའི་ཕྱིར་ཡང་སེམས་ཅན་དང་སངས་རྒྱས་དག་ཆེ་བ་མཉམ་པའོ་ཞེས་བསྟན་པའི་ཕྱིར། བྱམས་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་མེད་པར་བྱམས་པ་གང་ལ་སྲིད། །དེའི་
ཕྱིར་མཆོད་པ་བྱ་བར་རིགས་པ་ཉིད་དོ། །དེའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐོབ་པར་བྱེད་པའི་ཆ་ནས་སེམས་ཅན་དང་། རྒྱལ་བ་མཉམ་པ་ཉིད་དོ། །ཡོན་ཏན་རྒྱ་མཚོ་ནི་སྟོབས་ལ་སོགས་པའོ། །ཡོན་ཏན་གྱི་ཕུང་པོ་དེ་དག་མཚོན་པའོ། །མཐའ་ཡས་པ་ནི་མུ་མེད་པའོ། །དེ་ལྟར་རྒྱུ་
Vol. 106 · folio 122b
དེའི་སྒོ་ནས་འགའ་སྟེ་སེམས་ཅན་རྣམས་དང་མི་མཉམ་མོ། །ཡོན་ཏན་གྱི་ཆེ་བ་ཉིད་བསྟན་པའི་ཕྱིར། ཡོན་ཏན་ཞེས་སྨོས་ཏེ། གང་སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་མཆོག་གི་ཚོགས་ཕུང་པོ་གཅིག་ཏུ་བྱས་པའོ། །ཤས་ཙམ་ནི་ཕྱོགས་གཅིག་གོ། །འགའ་ཞིག་ལ་སྟེ་སེམས་ཅན་
འགའ་ཞིག་ལའོ། །དེ་ལ་ཞེས་པ་ནི་ཡོན་ཏན་ཕྲ་མོའི་གཞིར་གྱུར་པའི་སེམས་ཅན་ལའོ། །ཁམས་གསུམ་སྟེ་ཁམས་གསུམ་དུ་སྐྱེས་པའི་རིན་པོ་ཆེ་ལ་སོགས་པ་རྣམས་ཕུལ་ཡང་ཆུང་བའོ། །ཇི་ལྟར་ན་སེམས་ཅན་རྣམས་བསྟེན་པས་ན་སངས་རྒྱས་རྣམས་ལ་མཆོད་པ་བྱས་པ་ཡིན་སྙམ་པ་ལ། སངས་
རྒྱས་ཞེས་སྨོས་ཏེ། འདི་ཙམ་ཆ་ཞེས་པ་ནི་སངས་རྒྱས་ཀྱི་ཆོས་སྒྲུབ་པའི་ཆའོ། །ཆ་བསྟུན་ནས་ཏེ། དེ་འདྲ་བར་བྱས་ནས་སོ། །དེས་ན་སངས་རྒྱས་ལ་མཆོད་པ་བྱས་པར་འགྱུར་རོ། །ཡང་ན་རྒྱལ་ལ་ནི་གུས་བྱ། དེ་བཞིན་དུ་སེམས་ཅན་ལ་མིན་ཞེས་པས་སེམས་ཅན་ལ་མཆོད་པ་བྱ་བར་བརྗོད་
པ་འདི་དག་ཙམ་དང་ཆ་བསྟུན་ནས་མཆོད་པར་བྱ་བའི་རིགས་པར་འགྱུར་རོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་གཡོ་ནི་སླུ་བའོ། །གང་དག་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པར་མཛད་པ་རྣམས་སོ། །ལན་ལྡོན་ཞེས་པ་ནི་བྱས་པ་ལ་དྲིན་ལན་ལྡོན་པའོ། །དེ་ལ་སྟེ་སེམས་ཅན་རྣམས་
ལའོ། །ཕན་པ་ནི་ཟད་པར་བྱེད་པའི་དོན་རྣམས་སོ། །ལན་ནི་སླར་གྱི་ལན་ནོ། །ལྡོན་པར་འགྱུར་བ་ནི་ཕྱིར་ཕན་པར་བྱེད་པའོ། །ཐམས་ཅད་བཟང་དགུ་ནི་དགེ་བ་རྣམ་པ་སྣ་ཚོགས་སོ། །རྗེར་གྱུར་ནི་སངས་རྒྱས་ལ་སོགས་པའོ། །གང་གི་ཕྱིར་ཏེ་སེམས་ཅན་གྱི་ཕྱིར་རོ། །དེ་ལ་སྟེ།
རྗེར་གྱུར་པའི་སངས་རྒྱས་ཀྱི་སྲས་པོ་དེ་རྣམས་ལའོ། །ང་རྒྱལ་ཇི་ལྟར་བྱ་སྟེ། བྲན་དུ་བྱ་བའོ། །གང་དག་སྟེ། སེམས་ཅན་རྣམས་སོ། །དགྱེས་པ་ནི་མཉེས་པའོ། །མི་དགྱེས་པ་ནི་སྐྱོ་བར་འགྱུར་བའོ། །དེ་དག་སྟེ་སེམས་ཅན་དེ་དག་དགའ་བས་སོ། །དེ་ལ་སྟེ་སེམས་ཅན་རྣམས་ལའོ། །
གནོད་པ་ནི་རྣམ་པར་གཙེས་པའོ། །རབ་ཏུ་སྐྱོ་བ་ཉིད་དཔེ་དང་བཅས་ཏེ་བསྟན་པའི་ཕྱིར། ཇི་ལྟར་ལུས་ལ་ཞེས་སྨོས་ཏེ། མེ་རབ་ཏུ་འབར་བས་ས་ཕྱོགས་ཀུན་མ་ལུས་པ་བསྲེག་པར་འགྱུར་བའོ། །གནོད་པ་ནི་གནོད་པར་འགྱུར་བ་སྟེ། སྨད་པ་ལ་སོགས་པས་གནོད་པར་འགྱུར་བའོ། །བྱས་
Vol. 106 · folio 123a
པ་ཞེས་ནི་བསྐྱེད་པའོ། །མི་དགྱེས་པ་ནི་ཐུགས་སྐྱོ་བར་འགྱུར་བའོ། །བཟོད་པར་གསོལ་བ་ནི་གང་སེམས་ཅན་རྣམས་ལ་གནོད་པར་འགྱུར་བས་གནོད་པར་བྱས་པ་རྣམས་སོ། །བྲན་ནི་བྲན་གྱི་དངོས་པོར་རོ། །མཆི་ཞེས་པ་ནི་བགྱིའོ་ཞེས་པའོ། །འགྲོ་བ་ནི་འཇིག་རྟེན་པའི་འོ། །
བདག་གིས་ཞེས་པ་ནི་ཚིག་གི་ལྷག་མའོ། །གཞན་ཡང་སེམས་ཅན་རྣམས་ལ་མི་གུས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། ཐུགས་རྗེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་གཞན་དུ་མཉམ་པ་ལ་སོགས་པས་འགྲོ་བ་རྣམས་བདག་ཏུ་མཛད་པས་ན་སངས་རྒྱས་ཉིད་སེམས་ཅན་གྱི་
གཟུགས་སུ་སྣང་བ་ཡིན་ན། གང་གི་ཕྱིར་གུས་པར་མི་བྱེད་པ་འདི་ཉིད་དོ། །སེམས་ཅན་རྗེས་སུ་བསྟན་པའོ། །མཉེས་པར་བྱེད། རངས་པར་བྱེད་པའོ། །རང་དོན་ནི་སངས་རྒྱས་སོ། །སྡུག་བསྔལ་ནི་ཉོན་མོངས་པའོ། །རྟག་ཏུ་ནི་ངེས་པར་རོ། །མ་འོངས་པས་འཇིགས་པའི་སྒོ་ནས་ཀྱང་
གཞན་ལ་གནོད་པར་བྱེད་པ་ལ་རྒྱབ་ཀྱིས་ཕྱོགས་པར་བྱའོ་ཞེས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་པར་བྱེད་པ་ནི་འཚེ་བར་བྱེད་པའོ། །མིག་རྒྱང་རིང་བ་ནི་མ་འོངས་པའི་དུས་ལ་བལྟ་བའོ། །ནུས་ཀྱང་སྟེ་སྟོབས་ཀྱིས་ཐུབ་ཀྱང་ངོ་། །ཕྱིར་གནོད་མི་བྱེད་པ་ནི་
ཚིག་ཙམ་གྱིས་ཀྱང་མི་དགའ་བའི་ཚུལ་སྟོན་པར་མི་ནུས་པའོ། །ཉམ་ཆུང་བ་ནི་ནུས་པ་དང་བྲལ་བའོ། །ཁྱད་དུ་མི་གསོད་པ་ནི་སྔན་ཆན་མི་བྱ་བའོ། །ཐུགས་རྗེ་དང་ལྡན་པ་ནི་སངས་རྒྱས་ལ་སོགས་པའོ། །རྒྱལ་པོ་གཏུམ་པོ་ལ་སོགས་པས་ལྷག་པར་ཆད་པའི་ལས་དང་རྗེས་སུ་གནང་བ་
ཐོབ་པ་བསྟན་པའི་ཕྱིར། ཇི་ལྟར་དམངས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སེམས་ཅན་མཉེས་པར་བྱས་པའི་འབྲས་བུ་བསྟན་པའི་ཕྱིར། སེམས་ཅན་མགུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་མཉེས་པར་བྱ་བ་འདི་ཉིད་འདི་དག་འབྱུང་བའི་གནས་སོ། །དཔལ་ཆེ་བ་ནི་
ཕུན་སུམ་ཚོགས་པའོ། །སྐྱིད་པ་ནི་སེམས་སྐྱིད་པའོ། །འཁོར་ཚེ་ཞེས་བྱ་བས་ནི་སྐྱེ་བ་གཞན་དང་གཞན་དུ་ཡང་དཔལ་ལ་སོགས་པ་ཐོབ་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ལེའུ་དྲུག་པའི་དཀའ་འགྲེལ་ལོ།། །།དེ་ལྟར་བཟོད་
Vol. 106 · folio 123b
པ་བསྟན་ནས། བརྩོན་འགྲུས་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་བཟོད་པ་ཡོད་པས་ན་བཟོད་པ་ཞེས་བྱའོ། །བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་བསྟན་པའི་ཕྱིར། ལེ་ལོ་ཞེས་སྨོས་ཏེ། ལེ་ལོ་ནི་ཕྱི་ཤོལ་ལོ། །ངན་ལ་ཞེན་པ་ནི་རྒོད་པ་ལ་སོགས་
པ་ལ་ཞེན་པའོ། །སྒྱིད་ལུག་པ་ནི་ཡི་བསད་པའོ། །བསྡུས་པ་ནི་དེ་དག་རྣམས་ཀྱིས་བདག་ཉིད་བརྙས་པའོ། །ལེ་ལོའི་རྒྱུ་བསྟན་པའི་ཕྱིར། མི་རྩོལ་བ་དང་ཞེས་སྨོས་ཏེ། མི་རྩོལ་བ་ཉིད་བདེ་བ་སྟེ། དེའི་རོ་ཉམས་སུ་ལེན་པའོ། །དེ་ལ་ནི་གཉིད་དང་བློ་བརྟེན་པའི་སྲེད་པ་ནི་སྙེས་པའོ། །
ལེ་ལོ་གཏོང་བའི་ཐབས་བསྟན་པའི་ཕྱིར། ཉོན་མོངས་པ་ཞེས་སྨོས་ཏེ། ཉོན་མོངས་པ་ཉིད་རྒྱ་སྟེ་ཉ་བ་ལ་སོགས་པའོ། །རྒྱ་ནི་འདྲའོ། །དེས་བཤོར་ཏེ་མི་བཟུང་ནས་མི་གཏོང་ངོ་། །སྐྱེ་བ་ཉིད་སྐྱེ་བའི་རྒྱའོ། །རང་སྡེ་ནི་རང་དང་རིགས་མཐུན་པའི་སྲིད་པ་རྣམས་སོ། །རང་གི་སྡེ་ཚན་དེ་
རྣམས་རིམ་གྱིས་བསད་ཅིང་ཁ་བཏགས་ན་ཡང་ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ། གང་དུ་ཅི་ཞིག་ལྟ་ཞིང་བསྡད་ཅེས་བྱ་བའོ། །གདོལ་པས་ཁྲིད་པའི་མ་ཧེ་བཞིན། །རང་གི་སྡེ་ཚན་གསོད་པ་མཐོང་བ་བཞིན་དུ་ཡང་ཁྱོད་གཉིད་ལོག་པར་བྱེད་དམ་ཞེས་པའོ། །དགའ་བ་ནི་ཞེན་པའོ། །འཆི་བདག་ཉེ་
བར་གྱུར་པས་ལེ་ལོ་སྤང་བར་བྱའོ་ཞེས་སྨོས་ཏེ། གང་གི་ཚེ་གང་ཞིག་ཚགས་སུ་བཅུག་པ་ནི་ནད་ལ་སོགས་པའི་མཚན་ཉིད་དོ། །ཆས་པ་ནི་བསྡོགས་སུ་བཅུག་པའོ། །དུས་མ་ཡིན་པའི་དེ་ཉིད་བསྟན་པའི་ཕྱིར། འདི་ནི་མ་བྱས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་ཏེ། མ་
བྱས་པ་ནི་མ་བརྩམས་པའོ། །ཀྱི་ཧུད་ཅེས་པ་ནི་ཨེ་མའོ། །དེ་རིང་འདིར་བཅོམ་པར་གྱུར་ཏོ་ཞེས་སེམས་ཏེ། ཅི་ཞིག་བྱ་ཞེས་འོག་ནས་འབྱུང་བ་དང་འབྲེལ་ཏོ། །མྱ་ངན་ནི་འབྲལ་བར་འགྱུར་བའི་སེམས་ཁྲལ་ལོ། །ཤུགས་ནི་དེའི་རྒྱུན་འཇུག་པའོ། །སྐྲངས་པ་ནི་དེས་སྦོས་པའོ། །དེའི་མིག་
དམར་པོར་གྱུར་ནས་མཆི་མ་འཛག་པ་ནི་འབབ་པའོ། །དེ་ལྟ་བུར་གྱུར་པའི་གདོང་པ་ནི་གདོང་ངོ་། །ཉེ་དུ་སྟེ་གཉེན་འབྲེལ་རྣམས་ཀྱི་གདོང་དུ་ཡང་ལྟའོ། །དེ་ནས་ལས་ཀྱི་སྟོབས་ཀྱིས་སྣང་བའི་གཤིན་རྗེའི་ཕོ་ཉའི་བཞིན་ལ་ཡང་ལྟ་བར་བྱེད་དོ། །གདུང་བ་ནི་ཕྱིས་འགྱོད་པས་ཟིན་པའོ། །སྐྲག་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words